Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་ཁྲིད་རྡོ་རྗེ་ཐེག་པའི་སར་བགྲོད་པའི་ཤིང་རྟ་ཆེན་པོ།
   
   
   
   
   
   
   
   


 
no previousཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་ཁྲིད་རྡོ་རྗེ་ཐེག་པའི་སར་བགྲོད་པའི་ཤིང་རྟ་ཆེན་པོ།next

ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་ཁྲིད་རྡོ་རྗེ་ཐེག་པའི་སར་བགྲོད་པའི་ཤིང་རྟ་ཆེན་པོ།

ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་ཁྲིད་རྡོ་རྗེ་ཐེག་པའི་སར་བགྲོད་པའི་ཤིང་རྟ་ཆེན་པོ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་བ་ཐམས་ཅད་ཀྱི་བླ་མའོ་ཞེས་སངས་རྒྱས་ཀྱི་ཞིང་མ་ལུས་པའི་ངག་གི་མཆོད་སྦྱིན་གྱི་དབང་ཕྱུག་ཆེན་པོའི་རྩེ་མོར་འཐོན་པ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་ཀྱི་བདག་པོ་ཁམས་གསུམ་པ་ཐམས་ཅད་ཀྱིས་ཕྱག་བྱས་པ་རྣམ་པ་ཐམས་ཅད་པའི་ཆོ་འཕྲུལ་ངོ་མཚར་བའི་བཀོད་པ་ཟད་མི་ཤེས་པར་འཆར་བ་དེའི་ཞབས་ཀྱི་པདྨོ་དྲི་མེད་པ་ལ་གཏུགས་ཏེ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདེན་དོན་ཉི་མའི་ཆ་ཤས་བསྐྱེད་པས་དཔག་ཡས་ནམ་མཁའི་ཡངས་པ་འགེངས། དེ་ཉིད་བཅུ་དྲུག་གང་བའི་ཟླ་བ་རྒྱལ་བའི་རྒྱ་མཚོ་ཀུན་ཏུ་བསྟན། །སྒྲ་གཅན་དྭངས་མའི་ཁ་སྦྱོར་བདུན་ལྡན་གར་གྱིས་བདུད་བཞིའི་སྙིང་བརྫིས་པ། །རྗེ་བཙུན་འབྲུག་པ་དཀྱིལ་འཁོར་ཀུན་ཏུ་མགོན་པོ་མཛད་དེས་བདེ་ལེགས་མཛོད། །ཤིན་ཏུ་རྨད་བྱུང་རྒྱུད་ཀྱི་ཉི། །གདུལ་བྱའི་ཡིད་མཁར་འགོད་པ་ལ། །གསང་བདག་དྲི་ལེན་བྱེད་པའི་ཤུགས། །དུས་ཀྱིས་ཡོལ་བ་མེད་པ་བྱུང་། །འོན་ཀྱང་ཨོ་ཌི་ཡ་ན་པའི། །དཔའ་བོ་བཙུན་མོར་བཅས་སྤྲིན་གྱི། །བགོ་སྐལ་ཉིད་བཞིན་གཙིགས་ཀྱི་རྒྱས། །བཅིངས་ནས་ཐུན་མོང་སྤྱད་མ་ཉན། །རིང་ནས་བཀའ་བཞི་གྲུབ་པའི་གེ་སར་ནི། །མོས་པའི་པདྨ་རྒྱས་པ་དེར་མཛེས་པའི། །ཕྱོགས་སུ་ལྷུང་འདྲ་ཆ་ཙམ་བྱེ་བས་ཀྱང་། །ཡུལ་དབུས་ཉིན་མོ་ལས་ཀྱང་ཉིན་མོར་བཏང་། །སླད་ནས་འོག་མིན་གནས་པའི་རྒྱུན། །ཡོངས་རྫོགས་དཔའ་བོ་ཏིལླི་པས། །རབ་འབྱམས་རྒྱལ་བའི་འཕྲིན་ལས་ནི། །སྐྱེ་དགུའི་མདུན་ངོར་བྱེད་པར་ཕབ། །དེ་ཡི་ཚིག་དོན་གངྒའི་འབབ་སྟེགས་ནས། །ངོ་མཚར་ལྦུ་འཕྲེང་རྒྱས་པའི་ཁྲིད་ལུགས་ཆུ། །ཅི་ཡང་པཎ་གྲུབ་ཞིང་སར་དྲངས་ནས་སུ། །ཀུན་ཕན་ལོ་ཏོག་འཕེལ་མཛད་ནཱ་རོ་ཞབས། །ཡང་དེས་གངས་རིའི་འདུལ་བྱ་ཡི། །ཡིད་ཀྱི་ཤིང་རྟ་འགེངས་བྱེད་དུ། །ཀུན་ཏུ་བཟང་པོའི་རྒྱལ་སྲིད་ཀྱི། །མངའ་བདག་མར་པ་ལོ་ཙཱ་འོངས། །དེ་ནས་རས་ཆེན་ཀླུ་དབང་སྲས་བཅས་ཀྱི། །འཕྲིན་ལས་ནམ་མཁའ་མཉམ་པས་བཟུང་བའི་མཐུས། །ལུས་ཅན་མོས་དགའི་གསེར་གཞི་ལ་འཁྱུད་ནས། །བསྟན་པའི་རྒྱ་མཚོ་ཕ་མཐའ་མེད་པར་སོང་། །འདིར་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད། །བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག ལུང་ཚད་མ་ཐམས་ཅད་ཀྱི་འབབ་ས། རིགས་པ་རྣོན་པོའི་དཔྱད་པ་ཀུན་གྱི་དག་པ། །སྙན་རྒྱུད་ཀྱི་ཆུ་བོ་མ་ལུས་པའི་འདྲིལ་ས། རྒྱུད་སྡེ་བཞིའི་ཁོང་སྙིང་། འཚང་མི་རྒྱ་བའི་རང་དབང་མེད་པའི་གདམས་ངག བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། ཇོ་བོ་ནཱ་རོ་པའི་ཁྱད་པར་གྱི་ཆོས་འདི་བཤད་པ་ལ་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང་བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་གཉིས་ལས། དང་པོ་ནི། རིགས་དྲུག་པ་རྡོ་རྗེ་འཆང་། གསང་བའི་བདག་པོ། བྲམ་ཟེ་ཆེན་པོ་ས་ར་ཧ། སློབ་དཔོན་ལཱུ་ཨི་པ། དེས་རྒྱལ་པོ་དཱ་རི་ཀ་པ་དང་། བློན་པོ་ཌིངྒ་པ་གཉིས་ཀ་ལ། དེ་གཉིས་ཆར་གྱིས་ཏིལླི་པ་ལ་གདམས་པ་ནི་ཕྱག་རྒྱ་ཆེན་པོའི་བཀའ་བབས། མདོ་རྒྱུད་ཐམས་ཅད་གཞུང་། དོ་ཧ་མཛོད་མན་ངག ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་དུ་གཏན་ལ་ཕབ་པ། འདི་ལྭ་ཝ་པའི་ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་གྱི་མན་ངག་ཀྱང་ཡིན་པས། བརྒྱུད་པ། ཕྱག་རྡོར་གྱི་སྤྲུལ་པ་དྲང་སྲོང་འགྲོ་བ་དབུགས་འབྱིན། རྒྱལ་པོའི་བུ་མོ་རོལ་པ་མོ་ནས། ལྭ་ཝའི་ན་བཟའ་ཅན་གྱི་བར། དེ་ནས་ཏིལླི་པའམ། ཡང་ན་ལྭ་ཝ་པ། རཀྵི་ཏ། མར་པ་ཞེས་ཕག་གྲུས་གསུངས་སོ། །བཀའ་བབས་གཉིས་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། བྱང་སེམས་བློ་གྲོས་རིན་ཆེན། མགོན་པོ་ཀླུ་སྒྲུབ། མཱ་ཏངྒི། དེས་ཏིལླི་པ་ལ་གདམས་པ་ནི་ཕ་རྒྱུད་ཀྱི་བཀའ་བབས། གསང་བ་འདུས་པ་གཞུང་། རིམ་པ་ལྔ་མན་ངག་ཏུ་བྱས་པ་འདིའོ། །བཀའ་བབས་གསུམ་པ་རྡོ་རྗེ་འཆང་། ཕྱག་རྡོར། ཡུམ་སུ་མ་ཏི། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ། དེས་ཏིལླི་པ་ལ་གདམས་པ་ནི་མ་རྒྱུད་ཀྱི་བཀའ་བབས། བདེ་མཆོག་སོགས་གཞུང་ཕྱག་རྒྱ་བཞི་དང་སྦྱོར་བ་དྲུག་མན་ངག་ཏུ་བྱས་པའོ། །བཀའ་བབས་བཞི་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། ཌོམྦི་ཧེ་རུ་ཀ རྣལ་འབྱོར་མ་བི་ན་ས་བཛྭ། དེས་ལྭ་ཝ་པ་དང་ཨིནྡྲ་བྷཱུ་ཏི་ཆུང་ངུ་གཉིས། དེ་གཉིས་ཀས་ཏིལླི་པ་ལ་གདམས་པ་ནི་འོད་གསལ་གྱི་བཀའ་བབས། དགྱེས་རྡོར་སོགས་གཞུང་ཌོམྦི་པའི་ལྷན་ཅིག་སྐྱེས་གྲུབ་སོགས་མན་ངག་ཏུ་བྱས་པ། འདི་ལ་བི་པ། དེས་ཌོམྦི་པ་ཞེས་མར་ལུགས་ཀྱི་བཤད་རྒྱུན་པ་འགའ་ཞིག་གིས་དྲངས་སོ། ཡང་། བརཏལ་ཞུགས་སྤྱོད་པ་ནག་པོ་ཞབས། ཀླུ་སྒྲུབ་སྙིང་པོ། ལྭ་ཝ་པ། སུ་མ་ཏི་ཞེས་པ་མ་སྐལ་བ་བཟང་མོ་བཞི་ཉིད་ལ་ཏིལླི་པས་གསན་པ་བཀའ་བཞི་འདྲེན་ཚུལ་གཉིས་པའོ། །དེ་དག་ལམ་འདིའི་ཆ་ཤས་རེ་རེ་ཙམ་གྱི་བརྒྱུད་པ་ཡིན་ལ། ཡོངས་སུ་རྫོགས་པར་སྟོན་པའི་གཞུང་འདི་ཉིད་ཀྱི་བརྒྱུད་པ་ནི། རྗེ་བཙུན་ཏིལླི་པས་འོག་མིན་གྱི་ཞིང་དུ་དངོས་སུ་བྱོན། །རྡོ་རྗེ་འཆང་ཆེན་པོ་དང་མཇལ་ནས་གསན། ཕྱག་ན་རྡོ་རྗེ་དང་ཕན་ཚུན་བགྲོ་བ་མཛད་ནས་བསྣམས་བྱོན་པས་ན། རྡོ་རྗེ་འཆང་། ཕྱག་རྡོར། ཏིལླི་པ། ནཱ་རོ་པ། མར་པ། མི་ལ། སྒམ་པོ་པ། ཕག་མོ་གྲུ་པ། རྣལ་འབྱོར་དབང་ཕྱུག་གླིང་། ཆོས་རྗེ་གཙང་པ་རྒྱ་རས་སམ། མི་ལ། རས་ཆུང་པ། དེས་ལོ་དང་སུམ་པ་གཉིས་ལ། དེ་གཉིས་ཀྱིས་གླིང་ངམ། ཡང་ནཱ་རོ་པ་ནས། ཏི་པུ། རས་ཆུང་པའམ། ཡང་མར་པ་ནས། རྔོག་སྟོན། མི་ལའམ། རྔོག་ཡབ་སྲས། རྡོ་རྗེ་སེང་གེ ཆོས་རྗེ་གཙང་པ་རྒྱ་རས་སམ། མི་ལ། འབྲི་སྒོམ་རས་པ། མལ་ཡེར་པ་བ། བླ་མ་ཞང་། ཆོས་རྗེ་གཙང་པ་རྒྱ་རས། ཆོས་རྗེ་ནས། སངས་རྒྱས་དབོན། གཞོན་ནུ་སེང་གེ དེས་ཉི་མ་སེང་གེ་དང་། རྡོར་གླིང་པ་གཉིས་ལ། དེ་གཉིས་ཀྱིས་སྤོས་སྐྱ་པ། བཅུ་གསུམ་པ། ཀུན་དགའ་སེང་གེ མཁན་ཆེན་རྡོར་རིན། བློ་གྲོས་སེང་གེ ཤེས་རབ་སེང་གེ ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། ཤེས་རབ་བཟང་པོ། རྒྱལ་བའི་དབང་པོ། དཔལ་ལྡན་བླ་མ་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོ། དེ་ལ་ཁོ་བོས་ཐོས་སོ། །ཡང་ན། རྗེ་ངག་དབང་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་ཆོས་ཀྱི་གྲགས་པ། ཨ་བ་དྷཱུ་ཏཱི་པ་བཙུན་མོ་ཅན། དེ་ལ་ཁོ་བོས་སོ། །ཡང་མར་པ། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྔོག་ཀུན་དགའ། རྔོག་གཟི་བརྗིད་གྲགས་པ། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་རྒྱལ་བ། རྔོག་རིན་པོ་ཆེ་བྱང་ཆུབ་དཔལ། དེས་རྒྱལ་བའི་དབང་པོ་ལའོ། ལམ་སྐོར་གྱི་བསམ་མི་ཁྱབ་ནི། ཕྱག་རྡོར། ཆོས་ཀྱི་པ། བཟང་པོ་པ། རྟོག་རྩེ་པ། ལྭ་བ་པ། ཏིལླི་པའོ། གཞན་འདི་ནས་བཤད་པའི་ཁྲིད་ཚུལ་ཕལ་མོ་ཆེ་ཡོངས་རྫོགས་ཉིད་ཀྱི་བརྒྱུད་པ་ལས་གཞན་པའི་གཉིས་པ་འདྲེན་ཚུལ་མེད་དོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་ལ། ཤེས་བྱ་གཏན་ལ་དབབ་པ་དང་། བསྒོམ་བྱ་སྨར་ཁྲིད་དུ་བསྟན་པ་གཉིས་ལས། དང་པོ་ནི། གཞུང་འགྲེལ་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་ཞེས་པའོ། །གཉིས་པ་ལ། གང་ཁྲིད་པ་གདུལ་བྱའི་རྣམ་གཞག་དང་། གང་གིས་ཁྲིད་པ་ལམ་རྣམ་པར་གཞག་པ་གཉིས་ལས། དང་པོ་ནི། གང་ཟག་བློ་ཡི་ཁྱད་པར་གྱིས། རིམ་གྱིས་པ་དང་ཅིག་ཅར་བ། རིམ་གྱིས་པ་ཡི་སྨན་ཆེན་འདི། །ཅིག་ཅར་བ་ཡི་དུག་ཏུ་འགྱུར། ཅིག་ཅར་བ་ཡི་སྨན་ཆེན་འདི། རིམ་གྱིས་པ་ཡི་དུག་ཏུ་འགྱུར། དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་བསྟན་པར་བྱ། ཞེས་བསྟན་པའི་དོན། གདུལ་བྱའི་ཁམས་དང་བག་ལ་ཉལ་ཤེས་པས་དེ་དང་མཐུན་པར་འདུལ་བར་བྱེད་པའི་ཐབས་ལ་དཀྲིས་ན་དེ་ལ་དེ་ཡང་དག་པའི་ལམ་དུ་འགྱུར་ལ། བཟློག་ན་མ་ཡིན་པ། ནད་ངོས་ཟིན་ནས་སྨན་བཏང་བ་དང་། མ་ཟིན་པར་བཏང་བ་ལྟ་བུའོ། །གདུལ་བྱ་ངོས་འཛིན་པའང་བརྟག་གཉིས་པས་རིམ་འཇུག་པ་དང་ཅིག་ཅར་བ་གཉིས་སུ་བཞག་པའི་དང་པོ་ནི། ཉན་ཐོས་ཀྱི་ཐེག་པ་དང་། མཚན་ཉིད་དང་། རྒྱུད་སྡེ་འོག་མ་རྣམས་ལ་རིམ་གྱིས་མ་སྦྱངས་པར་སྔགས་བླ་མེད་ལ་དཀྲིར་མི་རུང་བས་རེ་ཞིག་སྐལ་བ་མེད་པ་དང་། ཕྱི་མ་ནི་དང་པོ་ཉིད་ནས་དེས་ཁྲིད་ཆོག་པས་སྐལ་ལྡན་ཞེས་བྱ་ལ། དེའི་སྐལ་ལྡན་ལ་དུས་འཁོར་བས་འཇིག་རྟེན་པའི་དངོས་གྲུབ་དོན་དུ་གཉེར་བ་དང་། མཆོག་དོན་དུ་གཉེར་བ་གཉིས་སུ་ཕྱེ་བ་ཡིན་ལ། མཆོག་དོན་གཉེར་དེ་ལའང་གསང་འདུས་དང་འདི་གཉིས་ཀྱི་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་སུ་ཕྱེ་བའི་དང་པོ་ལ། ཨུཏྤ་ལ། པདྨ་དཀར་དམར། ཙན་དན་ལྟ་བུ་བཞི། བསྡུ་ན་ཐོད་བརྒལ་བ་དང་ལས་དང་པོ་པའོ། །ཅིག་ཅར་བ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་སྟེ་རིགས་ཡོངས་སུ་སད་པའི་ཕྱིར་སྦྱངས་པ་ཅན་ཞེས་བྱའོ། །གང་ཟག་འདིས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་ནས་ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་པ་རྣམ་པར་དག་པར་བྱེད་ནུས་ཀྱི། སྔ་མའི་གང་ཟག་བཞི་པོ་དེས་མི་ནུས་པས་སྤོང་བསྒྱུར་གང་རུང་ལ་ཁ་དྲངས་ནས་གཟོད་འདི་ལ་བཀྲི་དགོས་སོ། དེའི་ཕྱིར་རིམ་འཇུག་པའི་ལམ་ལ་ཅིག་ཅར་བ་ཁྲིད་པ་དང་། ཅིག་ཅར་བའི་ལམ་ལ་རིམ་འཇུག་པ་ཁྲིད་པ་བློ་ངོར་སོང་ནས་ཕན་མི་ཐོགས་པས་རིན་པོ་ཆེ་ལྟ་བུ་ལ་ཅིག་ཅར་བ་སྟོན་ནོ། །གཉིས་པ་གང་གིས་ཁྲིད་པའི་ལམ་རྣམ་པར་གཞག་པ་ལ། ཅིག་ཅར་བའི་ལམ་དང་། རིམ་གྱིས་པའི་ལམ་གཉིས་ལས། །དང་པོ་ལ། དངོས་པོའི་གནས་ལུགས། ལམ། འབྲས་བུ་སྐྱེ་བའི་རིམ་པ་དང་གསུམ་ལས། དང་པོ་ལ། ལུས་དངོས་པོའི་གནས་ཚུལ་དང་། སེམས་དངོས་པོའི་གནས་ལུགས་གཉིས་ལས། དང་པོ་ལ། ལུས་ཇི་ལྟར་གྲུབ་པའི་ཚུལ། རྩ་དངོས་པོའི་གནས་ལུགས། རླུང་དངོས་པོའི་གནས་ལུགས། བྱང་ཆུབ་ཀྱི་སེམས་དངོས་པོའི་གནས་ལུགས་དང་བཞི་ལས། དང་པོ་ནི། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། ཞེས་པས་བསྟན་པའི་དོན། ཆོས་ཐམས་ཅད་སངས་རྒྱས་ཀྱིས་གཟིགས་པ་ཇི་ལྟ་བ་དང་མཐུན་པར་གདོད་མ་ནས་གནས་པ་ནི་དངོས་པོའི་གནས་ལུགས་ཞེས་སམ། རང་བཞིན་གྱི་རྒྱུད་ཅེས་བྱའོ། །དེ་མ་རྟོགས་པ་རྟོགས་པར་བྱེད་པ་དང་། རྟོགས་ཟིན་གོམས་པར་བྱེད་པའི་ཐབས་ནི་ལམ་མམ་གཞིའི་རྒྱུད་དོ། རྟོགས་པ་མཐར་ཐུག་པ་ནི་འབྲས་བུ་སྐྱེ་བའི་རིམ་པའམ་མི་འཕྲོག་པའི་རྒྱུད་དེ། སངས་རྒྱས་པའི་ཆོས་བསྡོམས་འདི་གསུམ་གྱིས་མ་བསྡུས་པ་ནི་གཅིག་ཀྱང་མེད་དོ། །འདིའི་དོན་གཏན་ལ་འབེབས་པ་ལའང་། ལམ་བསྡུས་པར་ཁྲིད་པ། འབྲིང་དུ་ཁྲིད་པ། རྒྱས་པར་ཁྲིད་པའི་ཚུལ་གསུམ་ལས། དང་པོ་ནི་དངོས་པོའི་གནས་ལུགས་དང་། འབྲས་བུ་སྐྱེ་བའི་རིམ་པ་ཞར་གྱིས་ཤེས་པའི་དབང་དུ་མཛད་ནས་བཞག ལམ་ལ་སྨིན་བྱེད་དང་གྲོལ་བྱེད། གྲོལ་བྱེད་ལ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་དང་། འོག་སྒོ་བདེ་བ་ཆེན་པོའི་ལམ་གཉིས། དང་པོ་ནི། ཆོས་དྲུག་ཏུ་རྣམ་པར་ཕྱེ་ནས་བཤད་པ་དེའོ། །ལམ་འབྲིང་དུ་ཁྲིད་པའི་ཚུལ་ནི། དངོས་པོའི་གནས་ལུགས་གཏན་ལ་དབབ་བྱ། ལམ་གྱི་རིམ་པ་གཏན་ལ་འབེབས་བྱེད། འབྲས་བུ་སྐྱེ་བའི་རིམ་པ་གཏན་ལ་ཕབ་པའི་དགོས་པར་སྟོན་པ་འདིའོ། །ལམ་རྒྱས་པར་ཁྲིད་པའི་ཚུལ་ནི། འདི་ལ་ཟུར་དུ་ཁ་འཕངས་པ་ཀུན་བསྣན་ནས་ཞིབ་མོར་བཤད་པ་སྟེ། ཁོ་བོའི་རྗེ་བཙུན་ཨ་བ་དྷུ་ཏཱི་པས། བར་མ་ལ་བསྲེ་བ་འབུམ་དཀར་དང་། ཕྱི་མ་ལ་བསྲེ་བ་འབུམ་ནག་ཅེས་གསུངས་ལ། གསུངས་པ་ལྟར། རས་ཆུང་ཞབས་ཀྱི་དངོས་སློབ་འགའི་ཟིན་བྲིས་ཀྱི་ཡི་གེ་ལས་ཀྱང་བྱུང་བས་གྲུབ་པ་བརྒྱུད་པའི་སྙིང་གཏམ་ཚད་མར་ངེས་སོ། །དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། ལུས་དང་སེམས་ཀྱི་གནས་ལུགས་སོ། །ཞེས་པས་བསྟན་པའི་དོན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་བྱེད་པའི་དབང་གིས་དངོས་པོའི་གནས་ལུགས་དེའང་ལུས་དངོས་པོའི་གནས་ལུགས་དང་སེམས་དངོས་པོའི་གནས་ལུགས་གཉིས་སུ་འགྱུར་ལ། དང་པོ་ནི་ཐབས་སམ་རྟེན། ཕྱི་མ་ནི་ཐབས་བྱུང་ངམ་བརྟེན་པ། རྟེན་ལུས་ཤེས་པས་བརྟེན་པ་སེམས་ཀྱི་གནས་སུ་ཤེས་ལ། དེར་གནད་དུ་བསྣུན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་འཕྲལ་ལ་སྐྱེ་བ་ནི་བ་བཞོན་མའི་ནུ་མ་འཐེན་པས་འོ་མ་འབྱུང་བ་བཞིན་ནོ། །རྒྱུ་མཚན་དེས་ཐོག་མར་ཀུན་རྫོབ་པའི་གནས་ལུགས་ལུས་དང་། ཕྱིས་ནས་དོན་དམ་པའི་གནས་ལུགས་སེམས་གཏན་ལ་དབབ་པར་མཛད་དོ། །ལུས་ཀྱི་གནས་ལུགས་བསྟན་པ་ནི། །རགས་དང་ཕྲ་དང་ཤིན་ཏུ་ཕྲ། ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་བསྟན་པའི་དོན། ལུས་ཞེས་བྱ་བའང་ཁམས་བཞིས་མངོན་པར་བསྐྱེད་པ་ལས་གྲུབ་པ་ཕུང་པོ་ཁམས་སྐྱེ་མཆེད་དམ། མི་གཙང་བའི་རྫས་སོ་དྲུག་གམ། ལུས་ཀྱི་ཡན་ལག་དང་ཉིང་ལག་ཏུ་གཏོགས་པ་ཚོགས་པས་ན་སྤུང་པ་བཞིན་དུ་གནས་པ་དེའི་གཙོ་བོ་འམ། བདག་པོ་ནི་རྩ་སྟེ། དེ་དག་ལ་རགས་པ་ཞེས་བྱའོ། །ཉིན་ཞག་གཅིག་ལ་སྣ་སྒོར་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབབ་པ་ནི་རླུང་སྟེ། དེའི་གཙོ་བོའམ། བདག་པོ་ནི་རླུང་བཅུའོ། དེ་དག་ནི་ཕྲ་བའོ། །རླུང་ལ་ཞོན་ནས་རྩ་ལ་ཀུན་ཏུ་སྦྱོར་བའི་ཁམས་སུམ་ཅུ་རྩ་དྲུག་ནི་ཐིག་ལེ་སྟེ། དེའི་གཙོ་བོའམ་བདག་པོ་ནི་ཁུ་རྔུལ་སྒྲ་གཅན་གསུམ་མོ། །དེ་ནི་ཤིན་ཏུ་ཕྲ་བའོ། དེ་གསུམ་ལ་རིམ་པ་བཞིན་སོ་སོ་སྐྱེ་བོའི་ལུས་ངག་ཡིད་ཟེར་ལ། དབུ་མའི་ནང་གི་མི་ཤིགས་བའི་ཐིག་ལེ། བཟུང་བའི་ཆ་ནས་ཐིག་ལེ་སྟོང་པ་དྲུག འཛིན་པའི་ཆ་ནས་ནམ་མཁའ་དང་ཡེ་ཤེས་གཅིག་ཏུ་བསྡམས་ནས་སྟོང་ཆེན་ཡི་གེ་ལྔར་བཞག་པ་དེ་ལ། རྟེན་བྱེད་པའི་ཆ་ནས་རྩ། གཡོ་བའི་ཆ་ནས་རླུང་། བརྟེན་པའམ། ཡོན་ཏན་ངོས་ནས་ཐིག་ལེར་བརྟགས་པ་འཕགས་པ་ཡིད་ལུས་པ་རྣམས་ཀྱི་ལུས་ངག་ཡིད་གསུམ། སོ་སྐྱེ་ལ་བག་ཆགས་སོ། །དེ་དག་ཀྱང་རྣམ་པ་དང་། བྱེད་ལས་དང་། ངོ་བོའི་ཆ་ནས་ཕྱེ་བ་ཡིན་ལ། མི་ཤིགས་པ་དེ་རང་བཞིན་མེད་པའི་རང་བཞིན་ཅན་དུ་གྱུར་ནས་སད་རྨི་གཉིད་སྟུག་བཞི་པའི་གནས་སྐབས་བསྐྱེད་པས་ལེན་པའི་རྣམ་ཤེས་ཏེ་རང་བཞིན་གྱི་ཆ་ནས་ཕྱེ་བའོ། །འདི་ནི་གསང་བ་འདུས་པ་བས་ཆོས་ཅན་སེམས་ཀྱི་གནས་ལུགས་ཞེས་བཏགས་ནས་གསུམ་པ་ཡིད་ཀྱི་ཁོངས་སུ་བསྡུས། དུས་འཁོར་སོགས་ནས་ཡིད་ལས་ལོགས་སུ་ཕྱེ་ནས་ཡེ་ཤེས་སུ་བཞག་གོ །དེ་དག་ནི་ཐུན་མོང་ཞེས་བསྟན་པའི་དོན་ནོ། །དེ་ལྟར་རགས་པ་ནས་ཐུན་མོང་བའི་བར་མ་ལུས་པ་ཐམས་ཅད་སྟོང་པ་འོད་གསལ་ལས་གཞན་དུ་དབྱེ་མི་ཤེས་པའི་ཕྱིར་དབྱེར་མེད་ཅེས་བསྟན་པ་ཡིན་ནོ། །འདིས་འཁོར་བ་བཟློག་པ། རགས་པ་ཕྲ་བ། དེ་ཤིན་ཏུ་ཕྲ་བ། དེ་ཐུན་མོང་བ་མི་ཤིགས་པའི་ཐིག་ལེར། དེ་འོད་གསལ་ལ་ཐིམ་པར་བཤད་དོ། །དེ་ནི་འཁོར་བར་འཇུག་པ། འོད་གསལ་བ་ལས་སྟོང་པ་ཆེ། །དེ་ལས་ཐབས་ཤེས་སྣ་ཚོགས་འབྱུང་། །མངོན་པར་བྱང་ཆུབ་རྣམ་ལྔ་དང་། ཞེས་པས་བསྟན་པའི་དོན། འཆི་དུས་སུ་འཆར་བའི་ཐམས་ཅད་སྟོང་པ་འོད་གསལ་དེ། འཆི་ཀ་མའི་བཞི་པ་འཕོ་བས་བཞག་པའི་བག་ཆགས་ཀྱིས་མནན་ནས་ངོ་མ་ཤེས་པ་ལམ་རིག་པ་སྟོང་པ་ཆེན་པོའི་རང་བཞིན་དུ་ལངས་པ་ཟེར་ལ། དེ་ཀ་རྣམ་པར་ཤེས་པ་གྲུབ་པའི་དུས་སོ། །རྣམ་ཤེས་ཀྱི་ངོ་བོ་ནི་ཐམས་ཅད་སྟོང་པ་འོད་གསལ་བག་ཆགས་ཀྱིས་བསྒོས་པ་ལ་བྱའོ། །དེ་ལས་ཐབས་ཤིན་ཏུ་སྟོང་པ་མཆེད་པ་དང་། ཤེས་རབ་སྟོང་པའི་མིང་ཅན་སྣང་བར་གྱུར་པ་ནི་རྣམ་པར་ཤེས་པའི་རྒྱུན་ཅེས་བྱ། སྣ་ཚོགས་འབྱུང་བ་ཞེས་པའི་དོན་རྣམ་པར་ཤེས་པའི་རྒྱུན་དེས་འབྱུང་བ་བཞི་བླངས་པས་ཉོན་མོངས་པའི་ཡིད་ཅེས་བྱ་བའི་མིང་ཐོབ་ལ། དེ་ཕུང་པོ་ལྔ་དང་བཅས་ནས་བར་དོའི་སྲིད་པར་གྲུབ་ཅིང་། བར་དོར་སྐྱེས་མ་ཐག་པ་ནི་ལུགས་བཟློག་ཏུ་སྐྱེས་པའི་སྣང་བ། དེ་མཆེད་པ་ལ་ཐིམ་པ་བར་དོའི་གནས་སྐབས་ཀྱི་སྒང་། དེ་ཐོབ་པ་ལ་ཐིམ་པས་སྐྱེ་སྲིད་ལ་གཞོལ་བའི་སེམས་བར་དོ་འགག་པ་ལ་ཕྱོགས་པ། དེ་འོད་གསལ་དུ་ཐིམ་པའི་ཚུལ་གྱིས་ཤི་ལ། བར་དོ་འགག་ཁ་མ་རང་གི་གནས་དང་། དྲི་དང་། རོ་དང་། རེག་བྱ་གང་རུང་ལ་ཆགས་པའི་བཞི་པ་འཕོ་བས་བཞག་པའི་བག་ཆགས་ཀྱིས་དེའི་ཤི་བའི་འོད་གསལ་མནན་པའི་དབང་གིས་རྫུས་སྐྱེས། དྲོད་གཤེར་སྐྱེས། སྒོང་སྐྱེས། མངལ་སྐྱེས། གང་རུང་དུ་སྐྱེ་བ་ལེན་ཅིང་། མངལ་སྐྱེས་པ་དེ་སྤྱི་བོ་ཁ་སྐྱེ་གནས། ཅི་རིགས་པ་ནས་འཇུག་ལ། སྐྱེ་གནས་ཀྱི་གཡོན་དུ་ཕའི་ཁུ་བ་ལྷུང་བ་དེ་ལ་གཟུང་ནས་ཕྱིས་དེ་མ་ཐག་མའི་རྔུལ་གཡས་སུ་ལྷུང་བའང་གཟུང་སྟེ་གཅིག་ཏུ་འདྲེས་པས་གནས་ལ། རྣམ་པར་ཤེས་པ་རང་གི་བཞོན་པའི་རླུང་དང་བཅས་པ་བདག་པོའི་རྐྱེན། ཕ་མའི་ཁུ་ཁྲག་ཉེ་བར་ལེན་པའི་རྐྱེན། མའི་འབྱུང་བ་རྣམས་ལྷན་ཅིག་བྱེད་པའི་རྐྱེན་ཏེ། རྐྱེན་དེ་གསུམ་འཛོམ་པས་ཟླ་བ་བཅུ་ན་ལུས་རྫོགས་པར་འགྱུར་རོ། །ཕ་ཡི་ཁུ་བ་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས། མའི་རྡུལ་ཉི་མ་མཉམ་ཉིད། རྣམ་ཤེས་ས་བོན། ཕོར་སྐྱེ་ན་རྡོ་རྗེ་ལྟར་རྐེད་ཉག མོར་སྐྱེ་ན་དྲིལ་བུ་ལྟར་ཁོང་སྟོང་དུ་ཆགས་པ་ཕྱག་མཚན་སོར་རྟོག ཁུ་ཁྲག་རྣམ་ཤེས་གསུམ་གཅིག་ཏུ་འདྲེས་པའི་གོང་བུ་བྱ་གྲུབ། ལུས་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པ་ཡིན་ནོ། ཇི་ལྟར་སྐྱེ་བ་མངོན་བྱང་ལྔ་ཡིན་པ་བཞིན་དུ། གནས་པའང་རིགས་ལྔའི་བདག་ཉིད་དུ་གནས་པས་དང་། འཆི་བའང་རྣལ་འབྱོར་གྱི་རིགས་ལྔ་ཡེ་ཤེས་ལྔར་ཐིམ་པའི་ངེས་པས་བྱང་ཆུབ་པ་ལྔར་བཤད་དོ། །ཡང་ལུས་ཕ་མའི་ཁུ་ཁྲག་གི་ཐབས་ཤེས་གཉིས་ལ་བརྟེན་ནས་སྐྱེ་བ་བཞིན་དུ་གནས་པའང་ཐབས་ཤེས་ཀྱི་ཐེག་ལེ་དཀར་དམར་གོ་བཟློག་ཏུ་འཆིང་བས་ཡིན་ལ། འཆི་བ་ལུགས་འབྱུང་གི་དབང་གིས་སམ། ཡང་ན་སྐྱེ་བ་ཐབས། འཆི་བ་ཤེས་རབ་ཏུ་ཤེས་པར་བྱའོ། །ཡང་ཟླ་བ་བཅུ་ས་བཅུ། སྐྱེ་བ་རྫོགས་པའི་སངས་རྒྱས་དང་ཆོས་མཐུན་བཞིན་དུ་གནས་པའང་རྩ་རླུང་ཁམས་བཅུ་གཉིས་སུ་བཞག་པ་དང་། འཆི་བའང་སྣང་བ་ཐིམ་པ། རགས་པ་བཞི་ཐིམ། སྣང་མཆེད་ཐོབ་པ་གསུམ་ཐིམ། ཕྲ་བ་ཐིམ་འོད་གསལ་ཤར་བ་སྟེ་ས་བཅུ། དེ་ལས་ལུགས་འབྱུང་དུ་སྐྱེ་བ་སངས་རྒྱས་དང་མཐུན་པར་ཡང་ཤེས་པར་བྱའོ། །གཞུང་འདི་ལམ་དུ་སློང་བ་འཁོར་བ་འཇུག་ལྡོག་གི་གདམ་ངག་ཏུ་ཤེས་པར་བྱའོ། །གཉིས་པ་རྩ་དངོས་པོའི་གནས་ལུགས་ནི། རྩ་དང་ཞེས་པས་བསྟན་པའི་དོན། མངལ་དུ་ཆགས་ནས་ཟླ་བ་གཅིག་རྫོགས་པའི་ཕྱི་ཉིན་ལུས་ཀྱི་ལྟེ་བ་ན་སྐྱེ་བ་མེད་པ་མཚོན་པའི་ཡེ་གེ་ཨ་གནས་པ་དེ་ལས། སྐྱེ་བ་མེད་པ་མཚོན་པའི་རྩ་ཨ་བ་དྷུ་ཏཱི་ཆགས་ཤིང་། །རྣམ་པར་ཤེས་པ་མུན་ཅན་གྱི་ཁམས་བདག་པོར་གྱུར་པ་དུས་དེའི་ཚེ་ལུས་ཀྱང་ཉ་ལྟར་ནར་སྟབས་སུ་འགྱུར་རོ། །རྩ་དེ་ལས་གཟུང་བ་མཚོན་པའི་རྩ་རོ་མ་རྡུལ་བདག་པོར་གྱུར་པ་གཡས་སུ། འཛིན་པ་མཚོན་པའི་རྩ་རྐྱང་མ་ཁུ་བ་བདག་པོར་གྱུར་པ་གཡོན་དུ། རྩ་གསུམ་ལུ་གུ་རྒྱུད་དུ་འབྲེལ་བའི་མཚམས་ལས་ཐོག་མར་སྙིང་ག དེ་ནས་ལྟེ་མགྲིན། ཕྱིས་ནས་སྤྱི་བོ་གསང་གནས་གཙུག་ཏོར་ཡང་རིམ་གྱིས་ཆགས་པས་འཁོར་ལོ་དྲུག ཞག་རེ་ལ་རྩ་ཉིས་བརྒྱ་རེ་སྐྱེ་བས་རྩ་ཆགས་པ་ནས་ཟླ་བ་བཅུ་གཉིས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སམ། བསམ་གྱིས་མི་ཁྱབ་པའི་རྩར་གྲུབ་བོ། དེ་དག་ནི་གནས་པའི་རྩ། དབུ་མ་འདི་ནི་སྲོག་པའི་རྩ་ལ་བྱེད་དོ། །དེའི་ནང་དུ་མི་ཤིགས་པའི་ཐིག་ལེ་འོད་ཀྱིས་སྐུད་པ་ལྟ་བུ་འཁོར་ལོ་དྲུག་གི་ངེས་པས་རྩ་དྲུག་ཏུ་བཞག་པ་འདི་ནི་ཕྲ་བ་ཆོས་ཉིད་ཀྱི་དབུ་མའོ། །སེམས་ཀྱི་གནས་ལུགས་ཐམས་ཅད་སྟོང་པ་འོད་གསལ་བ་ཉིད་ནི་གཉུག་མ་དོན་གྱི་དབུ་མའོ། གནས་པའི་རྩ་དབུ་མ་དེ་ལྟེ་བ་ཡན་དུ་སྒྲ་གཅན། མན་དུ་དུས་མེ། གསང་གནས་ནས་གཡས་སུ་གནས་སྐབས་བཞིར་ཁུ་བ་འབབ་པ་ནོར་བུའི་བར་དུ་སྐྱེས་པ་ལ་དཀར་ཆས་གང་བས་དུང་ཅན། བུད་མེད་ལ་དམར་ཆས་གང་ཞིང་རིགས་ཅན་བཞི་གང་རུང་དུ་གནས་པས་ཀུན་འདར་རམ། གཡུང་མོའམ། མཁའ་འགྲོ་གདོང་མ་ཞེས་བྱའོ། །རོ་མ་གསང་གནས་ནས་གཡོན་དུ་གཉིས་སུ་གྱེས་ཏེ་གཅི་བ་འབབ་པ་རྒྱབ་དང་། ཁྲག་འབབ་པ་མདུན་དུ། རྐྱང་མ་གསང་གནས་ནས་དབུས་སུ་གཉིས་སུ་གྱེས་ཏེ་བཤང་བ་དང་ཁུ་བ་འབབ་པ། རྩ་མདུན་དུ་ཟུག་པ་རྣམས་རྡོ་རྗེའི་ནོར་བུ་ཐུགས་ཡིན་ལ། དབུ་མ་ནི་ཅུང་ཟད་གྱེན་དུ་ཕྱོགས་པ་མེ་ཏོག་འདབ་མ་བཞི་པ་ཟུམ་པའི་ཚུལ་བཞིན་དུ་གནས་སོ། །སྐྱེས་པའི་རོ་མ་ཁྲག་འབབ་པ་གྱེན་དུ་བལྟབ་ཅིང་། བུད་མེད་ལ་འཕྱང་ངོ་། །ཡས་སྣ་དབུ་མ་ནི་མཛོད་སྤུར་འདབ་མ་བཞི་ཟུམ་པའི་ཚུལ་གྱིས་རྫོགས་ལ། རོ་རྐྱང་གཉིས་སྣའི་སྒོར་ཟུག་གོ །སྟེང་ལྟེ་བ་ཡན་ཟླ་ཉི་སྒྲ་གཅན་གྱི་རྩ། འོག་ཏུ་བཤང་གཅི་ཁུ་བ་འབབ་པའི་རྩ་སྟེ་རིགས་དྲུག་ཅེས་བྱའོ། །རིགས་དྲུག་ལས་གྱེས་པའི་རྩ་ཡུལ་ཉི་ཤུ་རྩ་བཞི་འམ། གནས་སོ་བདུན་དུ་ཟུག་ནས་བྱེད་པའི་ལས་རྩོམ་པ་རྣམས་ལ་མི་ཕྱེད་མ་ལ་སོགས་པའི་མིང་གཙོ་བོར་བསྟན་པ་ལྷ་མོ་སོ་བདུན་ནམ། བྱང་ཕྱོགས་སོ་བདུན་དུ་བཞག་པ་སྟེ། ལམ་དུ་སློང་བ་གནས་པ་རྩའི་དེ་ཉིད་དུ་ཤེས་པར་བྱའོ། །གསུམ་པ་རླུང་དངོས་པོའི་གནས་ལུགས་ནི། རླུང་དང་ཞེས་པས་བསྟན་པའི་དོན། རྡོར་འཕྲེང་དུ་འཕོ་བ་བཅུའི་རིམ་པས་སྲོག་རྩོལ་གྱེན་རྒྱུ་མཉམ་གནས་སྔ་མ་སྔ་མ་ལས་ཕྱི་མ་སྐྱེ་བར་བཤད་ལ། དེའི་འགྲེལ་བར། མངལ་དུ་ཆགས་ནས་ཟླ་བ་གཅིག་ཡན་སྲོག་རླུང་གཅིག་པུ། དེ་ནས་སྟེང་འོག་གི་དབྱེ་བས་སྲོག་ཐུར། ཐུར་སེལ་ལས་མཉམ་གནས། དེ་ལས་གྱེན་རྒྱུ། དེ་ལས་ཁྱབ་བྱེད། དེ་ལས་རྒྱུ་བའམ། ཀླུ། དེ་ལས་རྣམ་པར་རྒྱུ་བའམ། རུས་སྦལ། དེ་ལས་ཡང་དག་པར་རྒྱུ་བའམ། རྩངས་པ། དེ་ལས་ངེས་པར་རྒྱུ་བའམ། ལྷས་བྱིན། དེ་ལས་རབ་ཏུ་རྒྱུ་བའམ། གཞུ་རྒྱལ་སྐྱེ་བར་བཤད་ལ། དུས་འཁོར་ནས་འོག་ཐུར་སེལ་ལས་བཤང་གཅི་ཁུ་བ་འཕེན་པ་གསུམ། སྟེང་སྲོག་ལས་ཟླ་ཉི་སྒྲ་གཅན་གསུམ། རླུང་གི་ཁམས་ལས་མཉམ་གནས། མེ་ཁམས་ལས་གྱེན་རྒྱུ། ཆུ་ཁམས་ལས་ཁྱབ་བྱེད། ས་ཁམས་ལས་ཀླུ། རླུང་ལས་རུས་སྦལ། མེ་ལས་རྩངས་པ། ཆུ་ལས་ལྷས་བྱིན། ནོར་ལས་རྒྱལ་ཐམས་ཅད་ཀྱིས་བསྐྱེད་པར་བཤད། དོན་ཡན་ལག་གི་རླུང་ལྔ་ནི་འབྱུང་བ་གཉིས་འདྲེས་སུ་གནས་སོ། མངལ་དུ་ཞུགས་པའི་ཟླ་བ་བདུན་པ་ལ་སྲོག་གི་ནུས་པ་སྐྱེ། སྲོག་སྐྱེས་ནས་མ་བཙས་བར་དེ་སྲིད་དུ་རླུང་འཕེལ། བཙས་པ་ན་ཐོག་མར་མཉམ་རྒྱུ་ང་དྲུག་རྐང་བཅས་སུ་འབབ། དེ་ནས་སྣ་གཡས་གཡོན་གང་རུང་གི་ལམ་ནས་ཡོན་པོར་འཕོ་བའི་ཕྱིར་འཕེལ་བ་སྟོངས་པའོ། ཐམས་ཅད་སྟོང་པ་འོད་གསལ་བ་ཉིད་ནི་གཉུག་མ་དོན་གྱི་རླུང་། མི་ཤིགས་པའི་ཐིག་ལེ་དྲུག་ནི་རྣམ་པར་མི་རྟོག་པའི་རླུང་ངམ། བྱང་ཆུབ་ཀྱི་སེམས་ཀྱི་རླུང་། དེས་ནི་སྣང་བ་གསུམ་གྱི་བཞོན་པ་བྱེད། དེ་རྣམ་པར་རྟོག་པ་དང་བཅས་པའི་རླུང་དུ་ལངས་པ་རང་བཞིན་གྱི་སྣང་བའི་བཞོན་པ་འདི་ལས་ཕྱེ་བ་གཡས་གཡོན་དུ་ཡོན་པོར་འཕོ་བ་ལ་ལས་རླུང་། དབུ་མ་ལས་འབབ་པ་མཉམ་རྒྱུ་ལ་ཡེ་ཤེས་ཀྱི་རླུང་ཞེས་དུས་འཁོར་ལས་གསུངས་སོ། བདག་པོར་བྱས་པ་རྡོར་འཕྲེང་བཞིན་འཆི་བའི་སྔོན་རོལ་དུ་མགོན་པོ་བཞི་འཆི་དུས་སུ་རྣམ་སྣང་། མགོན་པོ་རེ་ལ་དབུགས་དགུ་བརྒྱ་པ་རེ། དུས་སྦྱོར་གྱི་ཕྱེད། རེ་རེའང་ལྷ་མོ་བཞིར་བསིལ་བས་རེ་རེ་ལ་ཉིས་བརྒྱ་ཉི་ཤུ་རྩ་ལྔ། གཙོ་བོའི་ཚུལ་དུ་འབྱུང་བ་ལྔ་དུས་འཁོར་ནས་གསུངས་པ་ལྟར་དུ། དེའི་འབྱུང་བ་རེ་ལ་སུམ་བརྒྱ་དྲུག་ཅུར་བརྩིས་པས་དུས་སྦྱོར་གཅིག་ལ་སྟོང་བརྒྱད་བརྒྱ། ཕལ་པའི་ཚུལ་གྱིས་རེ་རེའང་འབྱུང་བ་ལྔ་ཀའི་བདག་ཉིད་ཡིན་པས་འབྱེད་མི་ཤེས་པས་སྤྱོད་བསྡུས་ལས་གསུངས་པ་ལྟར་དུ་འབབ་བོ། དེ་ལྟར་འབབ་པ་དེའང་འབྱུང་འཇུག་གནས་པ་གསུམ་གཅིག་ཏུ་བྱས་པ་དབུགས། དེ་འདྲ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། དེ་དྲུག་ཅུ་རྩ་བཞིར་བསིལ་པའི་ཆ་གཅིག་ནི་དབྱུག་གུ །དེ་འདྲ་བ་གཉིས་བསྡོམས་པ་ཆུ་ཚོད། དེ་གཉིས་བསྡོམས་པ་འཕོ་བ། དེ་གཉིས་བསྡོམས་པ་ཐུན་ཚོད་དུ་བདེ་དགྱེས་གསང་གསུམ་ལས་གཙོ་བོར་གསུངས་སོ། དེ་ལམ་དུ་སློང་བར་གཡོ་བ་རླུང་གི་དེ་ཉིད་དུ་ཤེས་པར་བྱའོ། །བཞི་པ་བྱང་ཆུབ་ཀྱི་སེམས་དངོས་པོའི་གནས་ལུགས་ནི། བྱང་ཆུབ་སེམས་ཞེས་པས་བསྟན་པའི་དོན། །མངལ་དུ་ཟླ་བ་གཅིག་ཡན་གོང་བུར་གནས་པས་ཐིག་ལེ་སོ་སོར་རྣམ་པར་འགྱུར་བ་མེད་ལ། ཟླ་བ་གཅིག་ནས་རང་གི་རྣམ་ཤེས་བདག་པོར་གྱུར་པའི་སྒྲ་གཅན་དང་དུས་ཀྱི་མེ། ཕའི་ཁུ་བ་བདག་པོར་གྱུར་པའི་དཀར་ཆ། མའི་རྡུལ་བདག་པོར་གྱུར་པའི་དམར་ཆ། ཁུ་བ་ལས་རྐང་དང་རུས་པ་ཆུ་རྒྱུས། རྡུལ་ལས་ཤ་ཁྲག་པགས་པ། དེ་དྲུག་ལ་མཛོད་དྲུག་ཅེས་བྱ་སྟེ་རིགས་དྲུག་གི་བདག་ཉིད། ཡང་ཁུ་བས་ཆུ་རླུང་ནམ་མཁའི་ཁམས་གཙོ་བོ། ས་སོགས་གསུམ་ཕལ་པའི་ཚུལ་གྱིས་བསྐྱེད། རྡུལ་གྱིས་ས་མེ་ཡེ་ཤེས་ཀྱི་ཁམས་གསུམ་ཕལ་པའི་ཚུལ་གྱིས་བསྐྱེད། རྡུལ་གྱིས་ས་ཡེ་ཤེས་ཀྱི་ཁམས་གསུམ་གཙོ་བོ། ཆུ་སོགས་གསུམ་ཕལ་པའི་ཚུལ་གྱིས་བསྐྱེད་དོ། ཟླ་བའི་ཁམས་གསུམ་ནི་སྐྱེས་པ་རྣམས་ཀྱི་ལུས་ངག་ཡིད། ཉི་མའི་གསུམ་ནི་བུད་མེད། ཆ་མཉམ་པ་ནི་མ་ནིང་གིར་ཤེས་པར་བྱའོ། །ཁམས་དྲུག་པོ་དེའི་རྣམ་པར་འགྱུར་བ་ནི་སོ་སེན་སོགས་སོ་དྲུག་དང་། བདུན་ཅུ་རྩ་གཉིས། བརྒྱ་ལ་སོགས་པར་ཕྱེ་བ་རྣམས་སོ། །ཡང་ཁམས་དྲུག་ལས་རིམ་པ་བཞིན་དུ་བྱུང་བ་རྣམས་ནི། བསྐ་ཁ་ཚ་མངར་ལན་ཚྭ་སྐྱུར་བ་སྟེ་རོ་དྲུག དེ་ཟོས་ཤིང་འཐུངས་པས་སླར་ཁམས་དྲུག ཡུལ་དྲུག དབང་པོ་དྲུག ལས་དབང་དྲུག་བྱ་བ་དྲུག་གམ། ཡང་ན་བཤང་གཅི་ཁུ་ཁྲག་ཤ་ཆེན་ཏེ་བདུད་རྩི་ལྔ། དེ་དག་རྣམ་པར་འགྱུར་བས་ནི་མདངས་དང་། བཀྲག་དང་སྟོབས་སུ་འགྱུར་རོ། སྐྱེས་པ་ལ་ལོ་བཅུ་དྲུག་དང་བུད་མེད་ལ་ལོ་བཅུ་གཉིས་ཚུན་ཁམས་ཕྱིར་འཕོ་བ་མེད་པས་འཕེལ་ལ། དེ་ལས་ཁུ་རྡུལ་ཕྱིར་འཕོ་བས་འཕེལ་བ་ཆད་དོ། ནང་གི་རྡུལ་རྩ་ལ་ཀུན་ཏུ་སྤྱོད་པའི་འཕེལ་འགྲིབ་ཀྱིས་ཕྱིའི་ཉི་མ་དང་ལོ། ཁུ་བའི་འཕེལ་འགྲིབ་ཀྱིས་ཟླ་བ་དང་ཟླ་བའི་དུས། རིགས་ལྡན་མ་དང་པོ་ཉི་མའི་ཀུན་ཏུ་སྤྱོད་པ་རྣམས་འཆར་ལ། ཟླ་བའི་འཕེལ་བ་ནི་སྙིང་རྗེ་བཅུ་དྲུག འགྲིབ་པ་ནི་སྟོང་པ་བཅུ་དྲུག ཐུན་མོང་གི་ཆོས་མ་དག་པའི་ཆ་ལས་འཕོ་བ་བཅུ་དྲུག དག་པའི་ཆ་ལས་དེ་ཉིད་བཅུ་དྲུག ཉི་མའི་འཕེལ་འགྲིབ་ལས་མཉམ་མི་མཉམ་གྱི་དུས་སྦྱོར་གྱི་ངེས་པས་བགྲོད་པ་གཉིས་ཀྱི་བདག་ཉིད། མ་དག་པའི་ཆ་ནས་དུས་སྦྱོར་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས། དག་པའི་ཆ་ནས་བདེན་དོན་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །འདི་ལམ་དུ་སློང་བ་བཀོད་པ་བྱང་ཆུབ་སེམས་ཀྱི་དེ་ཉིད་དུ་ཤེས་པར་བྱའོ།། །། གཉིས་པ་སེམས་དངོས་པོའི་གནས་ལུགས་ལ། གཞི་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ། ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་། འབྲས་བུ་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པའི་ཚུལ་གསུམ་ལས། དང་པོ་ནི། སེམས་ཀྱི་གནས་ལུགས་བསྟན་པ་ནི། ཐབས་དང་ཤེས་རབ་བདག་ཉིད་ཅན། །ཨེ་ཝཾ་ལུས་ཀྱི་ལྟེ་བར་གནས། །དེ་ཉིད་ལུས་གནས་ཡེ་ཤེས་ཆེ། རྣམ་རྟོག་ཀུན་སྤངས་དེ་ཉིད་གྲུབ། །ཅེས་བསྟན་པའི་དོན། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དམ། དམིགས་པ་དང་བཅས་པའི་ཕྱིར་རམ། གསལ་བས་ཀུན་རྫོབ་ཀྱི་བདེན་པ་ཞེས་བཞག་པའི་ཤེས་རབ་མ་བདེན་དོན་རྣམ་པ་བཅུ་གཉིས་སུ་ངོ་བོ་ཉིད་ཀྱིས་གནས་པ་དེ་དང་། འགྱུར་བ་ཐམས་ཅད་ཟད་པ་ལ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་བཏགས་པའམ། ཟབ་པས་སམ། རྣམ་པར་མི་རྟོག་པས་དོན་དམ་པའི་བདེན་པ་ཞེས་བཞག་པའི་ཐབས་སྙིང་རྗེའི་ཕུང་པོ་བཅུ་དྲུག་ངོ་བོ་ཉིད་ཀྱིས་རྫོགས་པ་དེ་གཉིས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས་ཟུང་འཇུག་གམ། ཁ་སྦྱོར་ཡན་ལག་བདུན་དང་ལྡན་པར་ངོ་བོ་ཉིད་ནས་བཞུགས་པའི་ཨེ་ཝཾ། དེ་འཁོར་ལོ་དྲུག་གི་ལྟེ་བའི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ཏེ་གནས་པས་ལུས་ལ་གནས་པས་དང་། རྟེན་བརྟེན་པ་གཉིས་ཀའང་རྣམ་པར་རྟོག་པ་དང་བྲལ་བ་ཞིག་ལ་འདོད་པས་ལུས་ལས་མ་སྐྱེས་ཤིང་། ལུས་ཞིག་པས་འཇིག་པར་ཡང་མི་འགྱུར་རོ། དེའི་ཕྱིར་འདི་ལ་རང་བཞིན་ལྷན་ཅིག་སྐྱེས་པ་ཞེས་བཞག་གོ །གཉིས་པ་ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བ་ནི། དཀྱིལ་འཁོར་འཁོར་ལོ་ལས་དང་ནི། ཡེ་ཤེས་ཕྱག་རྒྱའི་རྣམ་རྟོག་བྲལ། ཞེས་བསྟན་པའི་དོན། དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་དེ་བླ་མ་དམ་པའི་བྱིན་རླབས་སྙིང་ལ་ཞུགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མིག་ཕྱེ་བ་ཁོ་ནའི་སྤྱོད་ཡུལ་ཡིན་གྱི། གཞན་དཀྱིལ་འཁོར་གྱི་འཁོར་ལོའི་སྒོམ་པ་གོམས་པར་བྱེད་པ་དང་། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཡང་དག་པར་སྦྱོར་བ་དག་གིས་ཀྱང་གཏན་ལ་མི་ཕེབས་ན། ཚིག་གི་བརྗོད་པ་དང་། བློ་དངོས་པོའམ། དངོས་པོ་མེད་པར་འཛིན་པ་དག་གི་སྤྱོད་ཡུལ་དུ་ག་ལ་འགྱུར། འོ་ན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མིག་ཇི་ལྟར་འབྱེད་པ་ཡིན་ཞེ་ན། མི་མནོ་མི་བསམ་མི་དཔྱད་ཅིང་། མི་བསྒོམ་མི་སེམས་རང་བབས་བཞག །ཅེས་བསྟན་པའི་དོན། གང་ཟག་ཅིག་ཅར་བ་ཞིག་ཕྱག་རྒྱ་ཆེན་པོ་ལ་ཆིག་ཆོད་དུ་ཁྲིད་པ་དང་། ཐོད་བརྒལ་བ་རྣལ་འབྱོར་བཞིས་ཁྲིད་པ་དང་། རིམ་གྱིས་པ་རྣམ་འབྱོར་བཞི་གསུམ་བཅུ་གཉིས་ཀྱིས་ཁྲིད་པའི་ཚུལ་ཤེས་དགོས་པའི་ཕྱིར་སྒོམ་རིམ་བསྡུས་འབྲིང་། རྒྱས་པ་གསུམ་ལ་བལྟ་བར་བྱའོ། གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པའི་ཚུལ་ནི། ཇི་ལྟར་ས་བོན་དེ་བཞིན་ཤིང་། ཤིང་ཇི་ལྟ་བ་དེ་བཞིན་འབྲས། །འཇིག་རྟེན་ཀུན་ལ་འདི་མཐོང་བས། །འདི་ཉིད་རྟེན་ཅིང་འབྲེལ་འབྱུང་ངོ་། །ཞེས་པས་བསྟན་པའི་དོན། གཞི་ཕྱག་རྒྱ་ཆེན་པོ་ཐབས་དང་ཤེས་རབ་གཉིས་སུ་མི་ཕྱེད་པའི་ས་བོན་ལས། ཤེས་རབ་ཀྱི་སྡོང་པོས་འཁོར་བ་ཡོངས་སུ་སྦྱོང་བ་དང་། སྙིང་རྗེའི་སྡོང་པོས་ཞི་བ་སྦྱངས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་བྱེད་ལ། དེའང་བྱེད་པའི་ལས་ཀྱི་སྡོང་པོ་གཉིས་སུ་ཕྱེའང་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་སྐྱེས་པ་ཞིག་ཡིན་པས་གཉིས་སུ་བྱར་མེད་པ་ས་བོན་དང་མཐུན་པས་དེ་བཞིན་ཞེས་གསུངས་སོ། རྒྱུ་མཚན་དེ་གཉིས་བཞིན་དུ་འབྲས་བུ་རང་དོན་གྱི་ཆ་ནས་དོན་དམ་པའི་སྐུ་དང་། གཞན་དོན་གྱི་ཆ་ནས་ཀུན་རྫོབ་པའི་སྐུ་ཞེས་གཞོག་ཏུ་རུང་ལ། གཉིས་སྣང་གིས་ཐ་དད་དུ་ཕྱེའང་ཡ་རེ་བར་འབྲལ་མི་ཤེས་པ་ཞིག་ཏུ་གྲུབ་པས་གཞི་ལམ་འབྲས་བུ་གསུམ་གྱི་རྣམ་གཞག་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ། སྒྱུ་མ་མཁན་ཉིད་ཀྱིས་ཉིད་ལ་སྒྱུ་མ་རྣམ་པར་ཕྱེ་བ་བཞིན་ནོ། །གཉིས་པ་ལམ་ལ། སྨིན་པར་བྱེད་པའི་ལམ་དང་། གྲོལ་བར་བྱེད་པའི་ལམ་གཉིས་ལས། དང་པོ་ནི། ལམ་ནི་སྨིན་གྲོལ་གཉིས་སུ་བཤད། ཅེས་པས་བསྟན་པའི་དོན། མ་སྨིན་པ་སྨིན་པར་བྱེད་པའི་ཆ་ནས་གཙོ་བོར་སྨིན་ལམ་དང་། སྨིན་ཟིན་གྲོལ་བར་བྱེད་པའི་ཆ་ནས་གཙོ་བོར་གྲོལ་བྱེད་ཀྱི་ལམ་སྟེ་གཉིས་སུ་བཤད་པས་སོ། དང་པོ་ནི། བླ་མས་བསྟན་པའི་ལམ་གྱིས་ནི། སློབ་མ་ཡོངས་སུ་སྨིན་པར་བྱ། ཞེས་པས་བསྟན་པའི་དོན། དབང་བསྐུར་བ་པོ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་དེས། རྡོ་རྗེ་འཆང་གིས་རང་རང་གི་སྐལ་བ་དང་འཚམས་པར་བསྟན་པའི་ཆོ་ག་དེ་དང་དེས་སློབ་མ་ཡོངས་སུ་སྨིན་པར་བྱེད་པ་སྟེ། ཇི་ལྟར་ཞེ་ན། དབང་རྣོན་རྒྱུད་རིམ་གྱིས་སྦྱང་དགོས་པ་དེ་ལ་བུམ་པའི་དབང་བསྐུར་ནས་བསྐྱེད་རིམ་ལ་སློབ་ཏུ་འཇུག དེ་ལོབས་ནས་གསང་བའི་དབང་བསྐུར་ཏེ་མཚན་མ་དང་བཅས་པའི་རྫོགས་རིམ་ལ་སློབ་ཏུ་འཇུག དེ་ལོབས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་ཕྱག་རྒྱ་གསུམ་ལ་ཡང་དག་པར་སྦྱོར་དུ་འཇུག དེ་ལོབས་ནས་དབང་བཞི་པ་བསྐུར་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་སྟོན་ཏོ། །ཡང་རྒྱུད་ཐོད་བརྒལ་དུ་སྦྱངས་པས་ཆོག་པ་ཞིག་ན། བུམ་དབང་སྲོད། གསང་དབང་ནམ་ཕྱེད། གསུམ་པ་ཐོ་རངས། བཞི་པ་ཉི་ཤར་ལའོ། །འདི་གཉིས་ཀྱི་ཆོ་གའང་རང་གང་མོས་པ་དེ་དང་དེའི་བླ་མེད་ཀྱི་ཆོ་གས་སྦྱིན་པས་རུང་ལ། འོན་ཀྱང་རྗེ་མར་པས་ནི། བདེ་དགྱེས་གསང་གསུམ་ཅི་རིགས་པ་མཛད། རྗེ་བཙུན་མན་ནས། ཁོ་བོའི་ཡོངས་སུ་འཛིན་པ་དག་གི་བར་ནི། རྒྱུད་སྡེ་ཐམས་ཅད་ཀྱི་ཡང་སྙིང་འཁོར་ལོ་སྡོམ་པ་བཅུ་གསུམ་མ། རྔོག་རིན་པོ་ཆེ་བདུན་བརྒྱུད་ཀྱི་ཕྱག་སྲོལ་ལས་ནི། དགྱེས་པའི་རྡོ་རྗེའི་དབང་བསྐུར་ནས། དེའི་བསྐྱེད་རིམ་དང་། རྫོགས་རིམ་ལ་འདི་སྟོན་པར་མཛད་དོ། ཅིག་ཅར་དུ་སྦྱངས་པས་ཆོག་པ་ཞིག་ན། གསང་བ་འདུས་པ་ལས་གསུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་གསང་བའི་མངོན་པར་རྟོགས་པའི་དབང་བསྐུར་བ་ཞེས་བྱ་བ། འདི་ཆོ་གའི་བྱེད་ལས་ལ་མ་ལྟོས་པར་དཔོན་སློབ་ཀྱི་རྟེན་འབྲེལ་འགྲིག་པ་ཙམ་དང་། འོད་ཟེར་སྤྲོ་བསྡུ་ལ་སོགས་པ་བྱིན་རླབས་འཕོ་བའི་ཆོ་ག་ཉུང་ངུ་ལ་ལྟོས་དགོས་པའང་ཡོད་པས་གང་འོས་པ་བཞིན་དུ་སྦྱིན་ནོ། དེ་ལ་ཨིནྡྲ་བྷཱུ་ཏིས་རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་གསུངས་ཤིང་། རྟོགས་པ་དོན་གྱི་དབང་ངམ། ཕྱག་རྒྱ་ཆེན་པོའི་དབང་ཞེས་ཀྱང་བྱའོ། །དེ་ལྟ་བུའི་ཐབས་དེ་དག་གིས་སྔར་ལུས་ངག་ཡིད་དང་ཡེ་ཤེས་རྡོ་རྗེ་གཞིར་གནས་པ་དེ་མ་རིག་པ། ད་དེ་ལས་བཟློག་སྟེ་རིག་པར་བྱས་པས་དབང་ངམ། སྨིན་ལམ་ཞེས་བཞག་གོ །དེ་ལྟ་བུའི་རིག་ཚུལ་དེ་ལའང་། ཚོགས་ལམ་དུ་ཐོས་བསམ་གྱི་ཤེས་རབ་ཀྱིས་མཐར་ཐུག་པས་རིག་པ་ཙམ་སྟེ། དེ་ལ་རྒྱུ་རྐྱེན་ཚོགས་པས་སྨིན་པ་ཞེས་བྱ། སྦྱོར་ལམ་དུ་འཇིག་རྟེན་པའི་སྒོམ་བྱུང་ཤེས་རབ་ཀྱི་མཐར་ཐུག་པས་རིག་པ་མོས་པས་སྨིན་པ་ཞེས་བྱ། མཐོང་ལམ་ནས་མ་རིག་པ་ལས་ལོག་པ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་རིག་པས་སྨིན་པ་མཚན་ཉིད་པར་བཞག་ཅིང་། སྔ་མ་གཉིས་ནི་རྗེས་མཐུན་པའོ། །ཕྱི་མའི་རིག་པའི་ཡེ་ཤེས་དེ་རྫོགས་པའི་སངས་རྒྱས་ཀྱི་ཉེ་རྒྱུར་རྒྱུད་སྡེ་རྣམས་ནས་བཤད་པས་རྒྱུའི་དབང་དང་། དེ་མཐོང་ཟིན་གོམས་པར་བྱེད་པའི་སྒོམ་པའི་ལམ་ནི་ལམ་དབང་དང་། མཐོང་བ་མཐར་ཐུག་པ་མི་སློབ་པའི་ལམ་ནི་འབྲས་བུའི་དབང་སྟེ། དབང་བཞི་ལམ་དུ་སློང་བ་ལས་རྒྱས་པར་བསྟན་ཏོ། །གཉིས་པ་གྲོལ་པར་བྱེད་པའི་ལམ་ལ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ལས། །དང་པོ་ནི། རྡོ་རྗེ་འཆང་གིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། ཞེས་བསྟན་པའི་དོན། སྨིན་པ་གསུམ་གྱི་སྔ་མ་དེ་ལ་བསྐྱེད་པའི་རིམ་པ་ནི་ཐབས། རྫོགས་པའི་རིམ་པ་ནི་ཐབས་བྱུང་ཡིན་པས། ཐབས་ལ་མ་བརྟེན་པར་ཐབས་བྱུང་གི་ཡེ་ཤེས་མི་འབྱུང་བས་བསྐྱེད་རྫོགས་གཉིས་སྐས་ཀྱི་རིམ་པ་ལྟ་བུར་ཤེས་པར་བྱའོ། །སྨིན་པ་གཉིས་པ་དེ་ལ་བསྐྱེད་རྫོགས་ཟུང་འབྲེལ་དང་། སྨིན་པ་གསུམ་པ་དེ་ལ་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཉིད་གཙོ་བོར་སྟོན་པར་བཤད་པ་ཡིན་ནོ། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་བསྟན་པའི་དོན། བསྐྱེད་རིམ་ནི་བསྐྱེད་རྒྱུའི་ལྷ་བསྐྱེད་ཚུལ་ཅི་རིགས་པ་ཞིག་གིས་བསྐྱེད་པ་དེ་ཡིན་ལ། དེས་ཡེ་ཤེས་རྒྱུད་ནས་སྐྱེ་བས་བསྐྱེད་རིམ་ཞེས་བྱའོ། བདེ་བ་ལ་བརྟེན་ནས་བདེ་བ་ཆེན་པོ་བསྐྱེད་པ་ནི་རྫོགས་རིམ་ཡིན་ལ། དེས་ཡེ་ཤེས་དངོས་སུ་བསྐྱེད་པ་ནི་རྫོགས་རིམ། བསྐྱེད་རྫོགས་གཉིས་ལྟོས་པས་གྲུབ་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་རྣམ་པར་དབྱེར་ཡོད་ལ། ཡང་དག་པ་ན་གཉིས་སུ་བྱར་མེད་ཅིང་གཉིས་སུ་མེད་པས་མཉམ་པ་ཉིད་དུ་བཞག་ཅེས་བྱའོ། །དེ་ལྟ་བུའི་ཟུང་འཇུག་ཤེས་པས་རྡོ་རྗེ་ཅན་གྱིས་བསྟན་པའི་ཆོས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པ་མཚན་མ་དང་བཅས་པ་ཐམས་ཅད་མཚན་མ་མེད་པའི་ངང་དུ་སྦྱར་བས་ཐབས་ཀྱི་མཆོག་ཏུ་འགྱུར་ལ། གཞན་དུ་དེ་དག་ལ་ཞེན་ནས་འཇིག་རྟེན་པའི་དངོས་གྲུབ་ཐོབ་མོད་ཀྱི་མཆོག་རྒྱང་རིང་དུ་འགྱུར་རོ། །དེ་ལས་བསྐྱེད་རིམ་གྱི་དབང་དུ་མཛད་ནས། དང་པོ་བཞི་སྟེ་ཡང་ན་དྲུག །མངོན་བྱང་ལྔ་སྟེ་བསྡུས་པའི་དོན། །ཞེས་བསྟན་པའི་དོན། བཞིས་ནི་ཆོ་གའི་ཆིངས་རྡོ་རྗེ་རྣམ་པ་བཞིའམ། ཡན་ལག་བཞིའམ་རྣམ་འབྱོར་བཞིར་བཤད་པ་ལ་སོགས་པ་རྣམས། དྲུག་གིས་ཡན་ལག་དྲུག་བཤད་པ་རྣམས་བསྡུས། མངོན་བྱང་ལྔས་མཚོན་ནས་སྐད་ཅིག་གིས་བསྐྱེད་པའི་བར་ཡང་བསྡུས་པ་ཡིན་ལ། འདི་ལ་མི་ཟབ་པ་དང་ཟབ་པའི་དབྱེ་བས་རྣམ་པ་གཉིས་སུ་འབྱེད་ལ། གཉིས་ཀ་ལའང་དེ་ལྟ་བུའི་བསྐྱེད་རིམ་པའི་ལུས་ལ་རྫོགས་རིམ་པའི་བསམ་པ་བཅུག་ནས། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པ་བསྲེ་བ་ལམ་སློང་ལས་ཤེས་པར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ལ། རྒྱུད་སྡེ་སྤྱིའི་ལམ་གྱི་ཆིངས་དང་། འདི་ཉིད་དུ་གཙོ་བོར་བསྟན་པའི་ལམ་རྣམ་པར་གཞག་པ་གཉིས་ལས། །དང་པོ་ནི། ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། ཞེས་པས། ཕ་རྒྱུད་གསང་བ་འདུས་པ་སོགས་ནས་རྫོགས་པའི་རིམ་པ་ཐམས་ཅད་རིམ་པ་ལྔ་པོ་བསྡུས་པར་བསྟན་ཏེ། དེ་ལམ་དུ་སློང་བ་ནི་རིམ་པ་ལྔར་ཁྲིད་ལས་ཤེས་པར་བྱའོ། །ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་ཉིད། །རྒྱུ་དང་བསྒོམ་པ་ཐོབ་བྱ་དང་། །དེ་བཞིན་བཞི་པ་ལྷུན་གྱིས་གྲུབ། །ཅེས་པས། བདེ་དགྱེས་ལ་སོགས་པའི་མ་རྒྱུད་ལས་རྫོགས་པའི་རིམ་པ་ཐམས་ཅད་ཕྱག་རྒྱ་བཞིར་བསྡུས་ནས་གཙོ་བོར་སྟོན་པ་སྟེ། འདི་ལམ་དུ་སློང་བ་ཕྱག་རྒྱ་བཞིར་ཁྲིད་ལས་ཤེས་པར་བྱའོ། །བསྙེན་པ་ཉེར་སྒྲུབ་སྒྲུབ་པ་དང་། །སྒྲུབ་ཆེན་ངོ་བོ་ཁྱད་པར་དུ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །ཞེས་པས། དུས་གྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་ཕལ་མོ་ཆེ་ནས་རྫོགས་རིམ་ཐམས་ཅད་བསྙེན་སྒྲུབ་ཡན་ལག་བཞིའམ། སྦྱོར་བ་ཡན་ལག་དྲུག་གིས་བསྡུས་པར་བསྟན་པ་སྟེ། འདི་ལམ་དུ་སློང་བ་སྦྱོར་བ་ཡན་ལག་དྲུག་གིས་ཁྲིད་པར་ཤེས་པར་བྱའོ། །རིམ་གཉིས། ཞེས་པས། ཅིག་ཅར་བ་དང་རིམ་གྱིས་པའི་ཁྲིད་ཚུལ་གཉིས་ལའང་སྙགས་མོད། དངོས་བསྟན་གྱི་དོན། ལམ་ཁྲིགས་ཆགས་སུ་བཤད་པ་དང་། །དུམ་བུ་དུམ་བུར་བགོས་ཏེ་བཤད་པ་གཉིས་ཏེ། དང་པོ་ལ་ནི་རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་དབང་དུ་བྱས་པ་དང་། ཕྱི་མ་ལ་ནི་བྱིན་རླབས་དང་འབྲེལ་བ་སྙན་རྒྱུད་ཀྱི་དབང་དུ་བྱས་ཏེ་བཤད་པ་ཞེས་གསུངས་སོ། །སྔ་མའི་དབང་དུ་བྱས་ནས། བརྒྱད་དུ་བསྟན་པ་སྟེ། གཏུམ་མོ་ལས་ཀྱི་ཕྱག་རྒྱ་དང་། །སྒྱུ་མ་རྨི་ལམ་འོད་གསལ་དང་། །བར་དོ་འཕོ་བ་གྲོང་འཇུག་གོ །གཉིས་པའི་དབང་དུ་མཛད་ནས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་རྣམ་པ་གསུམ་དུ་གྱུར། །ཞེས་ཅིག་ཅར་ཐོད་བརྒལ་རིམ་གྱིས་པའི་བསྲེ་བ་དང་། འཕོ་བ་དང་། གྲོང་འཇུག་གི་རྗེས་འབྲང་ཅན་གསུམ་བསྟན་ཏོ། །ཡང་གཞུང་ཕྱི་མ་འདིས་སྒྱུ་མ་གསུམ་གྱིས་འཁྱུད་པའི། དམན་པ་དབྱིབས། ཟབ་པ་སྔགས། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་གསུམ་ལམ་དུ་བྱེད་པའང་མར་པའི་གསུང་གི་གསང་བ་ལས་བྱུང་ངོ་། །གཉིས་པ་འདི་ཉིད་དུ་གཙོ་བོར་བསྟན་པའི་ལམ་རྣམ་པར་བཞག་པ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། །དང་པོ་ནི་སྤྱི་དང་མཐུན། གཉིས་པ་ལ། གཏུམ་མོ་ལམ་གྱི་གཞི་མ། ལས་རྒྱ་ལམ་གྱི་བོགས་འདོན། སྒྱུ་ལུས་ལམ་གྱི་སྲོག་ཤིང་། རྨི་ལམ་ལམ་གྱི་དྲོད་ཚད། འོད་གསལ་ལམ་གྱི་སྙིང་པོ། བར་དོ་ལམ་གྱི་བློ་ཆོད། འཕོ་བ་ལམ་གྱི་བསུན་མ། གྲོང་འཇུག་ལམ་གྱི་འཐུད་མ་དང་བརྒྱད་ལས། །དང་པོ་ལ། སྔོན་འགྲོ་དངོས་གཞི་གཉིས། །དང་པོ་ལ། ཕྱི་ལུས་ཀྱི་སྟོང་ར། ནང་རྩའི་སྟོང་ར། བསྲུང་བའི་འཁོར་ལོ། རྩ་ལམ་སྦྱང་བ། རྩ་གནས་བྱིན་གྱིས་བརླབ་པ་དང་ལྔ་ལས། །དང་པོ་རང་ཉིད་རྗེ་བཙུན་ལྷན་ཅིག་སྐྱེས་མ་ལ་སོགས་པ་གང་ཡང་རུང་བའི་ལྷག་པའི་ལྷའི་སྐུ་སྒྱུ་མ་ལྟ་བུ་དྭངས་ཤིང་གསལ་ལ་སྒྲིབ་པ་མེད་པ་ནང་སོར་མོའི་སྦུབས་ཚུན་ཆད་སྟོང་སང་ངེ་བ། དང་པོ་རང་གི་ལུས་ཚད་ཙམ། དེ་གསལ་ནས་བོགས་འབྱིན་པའི་ཕྱིར་ནམ་མཁའི་ཁམས་ཁྱབ་པར་སྤྲོ་བ་དང་། ཡུངས་འབྲུ་ཙམ་དུ་བསྡུ་བ་ལ་བསླབ། གཉིས་པ་ནི། ལུས་ལྷར་གསལ་བའི་ནང་གི་དབུས་དྲང་པོར་རྩ་དབུ་མ་དམར་བ་རྒྱ་སྐྱེགས་ཀྱི་ཁུ་བ། གསལ་བ་ཏིལ་གྱི་མར་མེ། དྲང་བ་ཆུ་ཤིང་གི་སྙིང་པོ། སྟོང་པ་ཤོག་གུ་ཁོག་སྟོང་ལྟ་བུ་མཚན་ཉིད་བཞི་ལྡན། མདའ་སྨྱུག་འབྲིང་པོ་ཙམ་གསལ་བཏབ། གསལ་བ་དང་བོགས་འབྱིན་དུ། སྤྲོ་བ་ལུས་ཀྱི་སོར་མོ་དང་བ་སྤུའི་བུ་གའི་མཐའ་ཚུན་དབུ་མས་ཁྱབ། བསྡུ་བ་སྐྲ་རྩེ་བརྒྱར་བཤགས་པའི་ཚད་ཙམ་དུ་ཕྲ་བ་སྦུ་གུ་ཅན་དུ་བསྒོམ། འདི་འབྱོངས་ན་རྩ་གང་དུ་རླུང་སེམས་ཟིན་ཀྱང་དབུ་མར་ཟིན་པའི་ཡོན་ཏན་སྐྱེ་སྟེ། ལུས་ཐམས་ཅད་དབུ་མར་འབྱོངས་པའི་ཕྱིར་རོ། །ལྷའི་དམིགས་པ་མི་གསལ་བ་དང་། རླུང་མ་ཟིན་པ་དང་། ལུས་ལ་ཐིག་ལེ་དང་སེམས་མི་གནས་པ་ཐམས་ཅད་སྟོང་ར་གཉིས་པོ་འདིས་གསལ་ཟིན་གནས་པར་བྱེད་དོ། །གསུམ་པ་ནི། ལུས་གནད་བསམ་གཏན་གྱི་ཆོས་ལྔ། རླུང་གནད་རླུང་རོ་ལན་གསུམ་བསལ་ནས་ཁ་སྦྱོར་བུམ་པ་ཅན་འཛིན། དམིགས་པའི་གནད་ནི། རླུང་ཕྱིར་འགྲོ་བའི་ཚེ་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ལྔ་པ་དཔག་ཏུ་མེད་པ་ཐོན། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་སྣ་ལྔ་པའི་རང་བཞིན་གྱིས་གང་། ནང་དུ་བརྔུབ་པའི་ཚེ་བུ་ག་ཐམས་ཅད་ནས་ཞུགས། ལུས་ཐམས་ཅད་གང་བར་བསྒོམ་པ་ཐེངས་བདུན། དེ་ནས་ཧཱུྃ་ཡིག་ཁ་དོག་སྣ་ཚོགས་པ་ལ་བདུན། དེ་ནས་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ནམ་མཁར་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཤིན་ཏུ་ཁྲོ་ཞིང་གཏུམ་པ། ཁ་དོག་སྣ་ལྔ་པ་ཡུངས་འབྲུ་ཙམ་བའི་སྤྲོ་བསྡུ་ལ་བདུན། ཐུན་བཤོལ་བའི་ཚེ་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་བོ་ཞལ་ཕྱི་ལ་གཟིགས་པས་གཏམས་པ་གོ་གྱོན་པ་ལྟ་བུར་བསྒོམ་མོ། བཞི་པ་ནི། དབུ་མའི་གཡས་གཡོན་དུ་རོ་རྐྱང་གཉིས་ཀླད་རྒྱའི་སྟེང་ནས་སྣའི་སྒོར་ཟུག་པ། མར་སྣེ་སྣ་རྩེར་ཟུག་པའི་བུག་པ་ཧ་རེ་བའི་གཡོན་པའི་ནང་དུ་དབྱངས་ཡིག གཡས་པའི་ནང་དུ་གསལ་བྱེད་རྣམས་པདྨའི་སྐུད་པ་ལྟ་བུར་ཕྲ་ཞིང་ཕྲ་བ་ཁ་དོག་དམར་པོ་བརྩེགས་མར་བསྒོམ། རླུང་ཕྱིར་འགྲོ་བའི་ཚེ་ཡིག་འབྲུ་རེ་རེ་ནས་ཕྱིར་རྒྱང་རྒྱང་ཐོན། ནང་དུ་འཇུག་པའི་ཚེ་གསང་བའི་སྣ་རྩེ་ནས་ཞུགས་པ་མགལ་མེ་འཁོར་བ་ལྟ་བུ་ལ་སེམས་འཛིན་ཅིང་རླུང་ཁ་སྦྱོར་དུ་བསྒོམ་མོ། །ཡང་ན། རྡོ་རྗེ་རྩེ་མོ་གསུམ་རླུང་འབུད་པའི་ཚེ་སྤྱི་བོར་རྒྱང་གིས་ཐོན། བརྔུབ་པའི་ཚེ་རྩ་གསུམ་འདུས་པའི་མདོར་བྱུང་། གནས་པའི་ཚེ་དབུ་མའི་ནང་དུ་སླར་ཞུགས་ཏེ་སྤྱི་བོ་ནས་རིམ་པ་བཞིན་འཁོར་ལོ་བཞིར་ཆོས་འཁོར་དུ་འཁོར་བས་རྩ་མདུད་ཐམས་ཅད་ཤིག་ཤིག་སོང་བར་བསྒོམ་མོ། འདི་ནི་ཆུ་འདྲེན་པའི་སྔོན་དུ་ཡུར་བ་གད་བྱེད་པ་དང་འདྲ་སྟེ་ཤིན་ཏུ་གནད་ཆེའོ། །ལྔ་པ་ནི། ལུས་ཀྱི་རྩ་དབུ་མ་གྲོ་སོག་འབྲིང་པོའི་སྦུབ་ཙམ་པའི་སྙིང་གའི་ནང་དུ་རྩ་བའི་བླ་མ། དེའི་དབུ་ཐོག་ཏུ་ཆོས་དྲུག་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པ་མུ་ཏིག་གི་འཕྲེང་བ་བསྒྲིགས་པ་ལྟ་བུར་ཤིན་ཏུ་ཕྲ་བ་བསྒོམས་ཏེ་ཆོས་དྲུག་གསོལ་འདེབས་བྱས། རྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་ཟག་པ་མེད་པའི་བདེ་བའི་རང་བཞིན་དུ་ཞུ་ནས་ལུས་ཐམས་ཅད་གང་བར་བསྒོམ་མོ། །གཉིས་པ་དངོས་གཞི་ལ། ལས་ཀྱི་གཏུམ་མོ། ཉམས་སམ་འབར་བའི་གཏུམ་མོ། མཆོག་གི་གཏུམ་མོ་དང་གསུམ་ལས། དང་པོ་ལ། ཙཎྜྻཱ་ལི་ཞིབ་མོར་གཏན་ལ་ཕབ་པ་དང་། རྒྱུད་སོ་སོར་བཤད་པ་མདོར་བསྟན་པས་གསུངས་པ་གཉིས། །དང་པོ་ལ། སྤྱིའི་གཏུམ་མོ་དང་། བྱེ་བྲག་གི་གཏུམ་མོ་གཉིས། །དང་པོ་ལ། བཅའ་བ་ལུས་ཀྱི་གནད། ཞི་དྲག་རླུང་གི་གནད། གཅུན་པ་རྩའི་གནད། གནས་སྐབས་དུས་ཀྱི་གནད། དམིགས་པ་ཡུལ་གྱི་གནད་རྣམ་པ་ལྔ་ལས། །དང་པོ་ནི། གཏུམ་མོའི་རྣམ་འབྱོར་རྒྱུད་ཡིན་ཏེ། །འདི་ལ་གནད་ནི་རྣམ་པ་ལྔ། །ལུས་རླུང་རྩ་དུས་ཡུལ་ལྔའོ། །ཞེས་བསྟན་པའི་དོན། གཏུམ་མོའི་རྣལ་འབྱོར་འདི་ནི་རྩ་རླུང་ཐིག་ལེ་གསུམ་དངོས་པོར་གནས་པ་དང་མཐུན་པར་རྣམ་པ་ལྔས་གནད་དུ་བསྣུན་པའི་སྒོམ་པ་ཡིན་པས་རྒྱུད་ཅེས་བྱ་ལ། དེའི་དང་པོ་བཤད་པའི་ཕྱིར། ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་། །སྒལ་ཚིགས་རིན་ཆེན་སྟར་ལ་བརྒྱུས། །མཐོངས་ཁ་རྒྱུན་དུ་ཡངས་པ་དང་། །སྟོང་སྒོ་ཤིན་ཏུ་སྦ་བར་བྱ། །ལྕེ་ནི་ཡ་རྐན་ཉིད་དུ་གཏད། །མཉམ་བཞག་ཕྱག་རྒྱ་ལྟེ་འོག་བཙིར། །ཞེས་པས་བསྟན་པའི་དོན། །རྐང་པ་གཡས་སྟེང་དུ་བཏོན་པའི་རྡོ་རྗེ་སྐྱིལ་ཀྲུང་བཅས། །སྒལ་ཚིགས་རིན་པོ་ཆེའི་དོང་ཙེ་སྟར་ལ་བརྒྱུས་པ་ལྟར་བསྲང་། མཐོངས་ཁ་རྒྱུན་དུ་ཡངས་པར་བྱ་བ་ནི་ཐལ་གོང་ཕྱིར་དགྱེ་བ་ཡིན་ལ། སྟོང་སྒོ་སྦ་བ་ནི་ཨོག་སྐོས་མདུད་ནོན་ཙམ་དུ་མགྲིན་པ་གུག་པའོ། །ལྕེ་རྩེ་བཟློག་སྟེ་ཡ་རྐན་ལ་གཏད་ཅིང་མཆུ་ལ་ཡིད་ཙམ་བར་ཡོད་པར་བྱ། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ཏེ་བརྩེགས་པ་གཡོན་འོག་ཏུ་འོང་བའི་མཉམ་བཞག་སྟེ་བྱེད་ཆིངས་དྲུག་གོ །མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་བཅུན། །ཞེས་པས་ལྟ་སྟངས་བསྟན་ཏེ། མིག་འབྲས་གཉིས་སྣ་རྩེར་ཧུར་རེ་ལྟ་བ་ལས་གཞན་དུ་མ་འགྱུར་བའོ། །འདི་ནི་ཐུབ་པ་གངས་ཅན་མཚོའི་བཞུགས་སྟངས་འདྲ་བས་དང་། རྣམ་པར་དབྱེ་བ་བདུན་ཡོད་པས་རྣམ་སྣང་ཆོས་བདུན། དགོས་བྱེད་ཀྱི་སྒོ་ནས་བསམ་གཏན་གྱི་ཆོས་ལྔ་ཞེས་བྱའོ། །དེ་ལྟ་བུའི་ལུས་གནད་ཀྱང་། གཡས་སུ་ཡོ་ན་དང་པོར་གསལ། དེ་ནས་གཟུང་རྟོག་ལངས། ཕོ་གདོན་གནོད། གཡོན་དུ་དང་པོར་བདེ། དེ་ནས་འཛིན་རྟོག མོ་གདོན་གནོད། རྒུར་ན་ལུས་སྟོད་དུ་རླུང་འཐུམས་པས་ལུས་ལྕི། ཚིག་པ་ཟ། རྒྱལ་པོ་གནོད། མཐར་སྨྱོ་འབོག་ཏུ་འགྲོ། དགྱེད་ན་རླུང་ནང་དུ་མི་གནས་པས་ཤ་པགས་མཚམས་སུ་འཆོར། ཤ་བཀྲ་དང་སྐྱ་རྦབ། ཡུན་རིང་ན་དམུ་རྫིང་ངམ་མཛེར་འགྲོ །རྐེད་པ་ཉག་ན་ཐིག་ལེ་འཛག གྲང་བ་སྐྱེད། མགྲིན་པ་གུག་དྲགས་ན། དང་པོ་སཾ་ཀྲི་ཏ་ལ་སོགས་པའི་སྐད་དུ་སྨྲ། མཐར་ལྕེ་ལ་འབྲུམ་པ་མང་པོ་དང་། སྐད་འགག ཟས་དང་ཁར་མི་འོང་། ངག་དིག སྤྱི་བོ་གཏུམས་ན་གཉིད་ཆེ། མགོ་ལྕི། ཀླད་པའི་སྟེང་གི་ཁྲག་རྩ་སྦྲུལ་འཁྱིལ་བ་འདྲ་བར་རླུང་ཤོར་བས་མགོ་བོར་སྦྲུལ་གྱི་སྣང་བ་དང་། དེ་ནས་ཇེ་འཁྲུལ་ཏེ་ཀླུ་ནད་དུ་འགྱུར་ཉེན་ཡོད་པས་ལུས་གནད་ཀྱི་སྐྱོན་ལེགས་པར་སེལ་བ་ནི་གེགས་མི་འབྱུང་བའི་གནད་དུ་ཆེའོ། །དེ་ལྟར་ལུས་གནད་སྐྱོན་མེད་དུ་བཅས་ན། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། ཞེས་པས་བསྟན་པའི་དོན། དབང་པོ་ཆེས་རྣོ་བ་ཞིག་བྱེད་པ་དེས་རླུང་བཅུ་རང་མལ་དུ་འཆིང་ནས་རིམ་གྱིས་དབུ་མར་འབབ་ལ། དེའི་སྟོབས་ཀྱིས་དུང་ཅན་མའི་རྩ་ཁ་བྱེ། ལྟེ་བར་སྲོག་ཐུར་ཕྲད་པས་གཏུམ་མོ་ངང་གིས་འབར། དེས་སྤྱི་བོའི་ཐིག་ལེ་བཞུ་ནས་གསང་གནས་སུ་འབབ། དེར་འཛག་པ་མེད་པར་བསྐྱིལ་བས་རྩ་རླུང་ཐིག་ལེ་ཐམས་ཅད་བདེ་བར་དྭངས་ནས་རྣམ་པ་ཐམས་ཅད་པའི་སྟོང་པར་སོང་། དེ་ལས་སླར་རྣམ་པ་མེད་པའི་བདེ་བར་གྱུར་ནས་ཁམས་རང་བྱུང་གིས་གྱེན་དུ་ལོག་སྟེ་གཙུག་ཏོར་གྱི་རྩེའི་བར་གང་བས་སངས་རྒྱ་བར་འགྱུར་རོ། །ཡང་ན་ལུས་ནི་ཙོག་པུར་བསྡད། །རེ་འུ་མིག་བཞིན་བསྣོལ་བར་བྱ། ཞེས་པས་བསྟན་པའི་དོན། སོར་བཞིའི་དཔངས་ཡོད་པའི་སྟན་ནང་ཚངས་ཅན་ལ་ཚང་ར་གཞག རྐང་པ་རེའུ་མིག་བཞིན་བསྣོལ་བའི་མཐིལ་ས་ལ་ཕབ། ཉིས་ཁུག་གིས་མགོ་འཁོར་བ་བྱིན་གྱིས་རླབས་པའི་པུས་འཁྱུད་ཀྱིས་བསྡམ། གཞན་འདྲའོ། །དེ་ནི་གཏུམ་མོའི་མེ་སྦར་བའི་ཐབ་དང་འདྲ་བས་མེ་ཐབ་དྲུག་ཆིངས་ཞེས་བྱའོ། །དྲོད་ཆུང་ན་འདི་ལ་དང་། དུས་རྒྱུན་དུ་སྒོམ་པ་ལ་སྔ་མ་ཉིད་མཆོག་གོ །གཉིས་པ་ཞི་དྲག་རླུང་གི་གནད་ལ། དངོས། འབྲས་བུ། ཡོན་པོ་བསྲང་བ། རླུང་གི་མན་ངག རྡོ་རྗེ་བཟླས་པ་རྣམ་པར་ཕྱེ་བ་དང་ལྔ་ལས། དང་པོ་ནི། དགུ་ཕྲུགས་ཀྱིས་རླུང་རོ་མ་ལུས་པ་བསལ་ནས་སྦྱོར་བ་བཞི་བསྒོམ་པ་སྟེ། གང་ཞེ་ན། རླུང་ལ་སྦྱོར་བ་བཞི་ལྡན་ཏེ། །རྔུབ་དང་དགང་དང་གཞིལ་བ་དང་། །འཕང་བར་བྱ་དང་རྣམ་པ་བཞི། །ཞེས་བསྟན་པའི་དོན། རྔུབ་པ་དང་། དགང་བ་དང་། གཞིལ་བ་དང་། དབྱུང་བ་བཞིའོ། ཇི་ལྟར་བསྒོམ་པ་ཞེ་ན། ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །བུམ་པ་བཞིན་དུ་དགང་བ་དང་། རྒྱ་མདུད་བཞིན་དུ་བསྡམས་ནས་སུ། མདའ་ལྟར་གྱེན་དུ་འཕང་བར་བྱ། །ཞེས་དཔེ་དང་བཅས་ཏེ་བསྟན་པའི་དོན། ཕྱིའི་སོར་བཅུ་དྲུག་ཙམ་གྱི་ཐད་ཀྱི་རླུང་སྒྲ་མེད་དུ་སྣ་གཉིས་ནས་ནང་དུ་གཞུག་པ་དང་བསྟུན་ལྟེ་བའི་རྒྱབ་ཐད་ནས་འོག་ཏུ་འཕུལ་བ་རྔུབ་པ། སྟེང་རླུང་ཆ་གཉིས་མནན། འོག་རླུང་རྒྱབ་ནས་ཆ་གཅིག་འཐེན་ནས་ཁ་སྦྱོར་བ་དགང་བའམ་བུམ་པ་ཅན། མི་ཐུབ་ལ་ཁད་ན་རླུང་ལྟེ་འོག་ཏུ་ནེམ་མནན་ནས་སླར་རྔུབ་ཆུང་བྱས་ལ་གཡས་བཅག་གཡོན་བཅག་ཆ་མཉམ་དུ་བཅག་པ་གཞིལ་བའམ་ཞི་བ་ཅན། དེ་ནས་མི་ཐུབ་པ་གཏོང་བའི་ཚེ་ན་སྣ་སྒོ་གཉིས་ནས་དང་པོ་དང་མཇུག་ཏུ་ཤེད་ཆུང་། བར་དུ་ཤུགས་ཆེ་བར་ཕྱིར་འཕང་བ་ནི་དབྱུང་བའོ། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །ཞེས་བསྟན་པའི་དོན་ནི། སྦྱོར་བ་བཞི་ལྡན་མ་ཤེས་པར་བུམ་པ་ཅན་ཡུན་རིང་དུ་འཆིང་ཐུབ་པ་ལ་འོག་ཏུ་རླུང་གཟུང་བས་དེ་ཧ་ལས་པའི་ཚུལ་གྱིས་གྱེན་དུ་འཕྱུགས་འཕོ་བར་འགྱུར་བ་ཞིག་ཡོད་པ་ལ་དགོངས་སོ། །འདི་ལ་སྟེང་རླུང་གནོན་དུས་ཐུར་དང་མདུན་དུ་ཕུལ་དྲགས་ན་ཆད་པའི་སྐྱོན་ཞེས་བྱ་བ་སྲོག་ཐུར་དུ་ཞུགས་པའི་ནད་གྲང་བ་སྐྱེད་དོ། །འོག་རླུང་འཐེན་དྲགས་ན་ལྷགས་པའི་སྐྱོན་ཞེས་བྱ་བ་ཐུར་སེལ་སྟེང་དུ་ལྷག་ནས་སྟོད་འཚངས་ལ་སོགས་པར་འགྱུར་རོ། གཞིལ་དུས་ཀྱི་རྔུབ་ཆུང་བྱེད་ཁར་བུམ་པ་ཅན་དེ་ནེམ་པ་ཞིག་མ་མནན་པར་བརྔུབས་ན། མདའ་མེར་གྱིས་བཀང་བའི་གྲུ་མོ་ལ་ཐོ་ཕོག་པས་མདའ་དབང་མེད་དུ་འཆོར་བ་བཞིན། རླུང་སྟོད་དུ་ཤོར་ནས་ཤ་སྐྱི་པགས་ལ་བྱེར་ནས་ཤ་བཀྲ་ལ་སོགས་པ་འབྱུང་། དབྱུང་དུས་ལྷག་མ་ལུས་པར་མ་གཏང་ན་སྨིན་མཚམས་སོགས་གདོང་འབྲུམ་པས་གང་བ་དང་སྨིན་མ་བྱི་བ་ལ་སོགས་པར་འགྱུར་བས་སྐྱོན་ལེགས་པར་བརྟགས་ཀྱིན་འདོན་པར་བྱའོ། །དེ་ནི་འཇམ་རླུང་ངོ་། །དྲག་རླུང་དུ་བསྒོམ་ན། རླུག་ལོག་མི་འབྱུང་བ་འབུད་པའི་གནད། རླུང་རང་གནས་སུ་གཞུག་པ་རྔུབ་པའི་གནད། རླུང་དབང་དུ་འདུ་བ་དགང་བའི་གནད། རླུང་རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། རླུང་ཕྱི་ནང་བསྲེ་བ་གཏོང་བའི་གནད་ཅེས་བྱ་བ་ལྔ་ཡིན་ལ། སྔ་མ་ནི་སྦྱོར་བ་འཇམ། ཕྱི་མ་ནི་སྦྱོར་བ་རྩུབ་པས་ཞི་དྲག་ཏུ་བཞག་གོ །དང་པོ་ནི། སྔར་བཤད་པའི་དགུ་ཕྲུགས་ཉིད་དོ། །གཉིས་པ་ནི་སྒྲ་དང་བཅས་ཏེ་དྲག་པོར་རྔུབ་པ། གསུམ་པ་ནི་སྟེང་དྲག་པོར་མནན། འོག་རླུང་ཤུགས་བསྐྱེད་ནས་འཐེན་པའི་ཁ་སྦྱོར་ནན་གྱིས་མནན་པ། བཞི་པ་རྔུབ་ཆུང་ཙམ་བརྩེག་ཐུབ་ཐུབ་བྱེད་པ། ལྔ་པ་ཤུགས་ཕྱུང་ནས་སིང་སྒྲ་དང་བཅས་ཏེ་ཕྱིར་འབུད་པའོ། །གཉིས་པ་འབྲས་བུ་ནི། རླུང་སྦྱོར་བཞི་པོ་དེས་ནུས་པ་གང་འགྲུབ་ཅེ་ན། ཕྱི་ནང་གཞན་གཞན་མཆོག་བཞིའི་ལྟ་སྟངས་འགྲུབ་པར་སྟོན་པ་སྟེ། རེ་ཙ་ཀ་ཡིས་ལྟུང་བར་བྱེད། །ཀུམྦྷ་ཀ་ཡིས་དབང་དུ་བྱེད། །པཱུ་ར་ཀ་ཡིས་ཀུན་ནས་འགུགས། །ཞི་བ་ཡིས་ནས་རེངས་པར་བྱེད། ཅེས་པས་བསྟན་པའི་དོན། ཁྲོ་བོའི་སེམས་ཀྱིས་མིག་འབྲས་གཉིས་རང་གི་དབུས་ནས་གྱེན་དུ་ལྡོག་སྟེ་དཔྲལ་བའི་ཐད་དུ་བཅིངས། རླུང་ཕྱིར་དབྱུང་བས་ལྟུང་བར་བྱེད་པ་འགྲུབ་སྟེ། །གྲུབ་པའི་ཚད་ནི་འབྲས་བུ་ཅན་གྱི་ཤིང་ལ་དེ་ལྟར་བྱས་པས་འབྲས་བུ་འོག་ཏུ་ལྟུང་ནའོ། །མིག་གཉིས་གཡོན་དུ་ཕྱོགས་པའི་ལྟ་སྟངས་དང་ཁ་སྦྱོར་བུམ་པ་ཅན་གཟུང་བས་དབང་དུ་བྱེད་པ་འགྲུབ་སྟེ། མེ་ཏོག་ལ་དེ་ལྟར་བྱས་པས་ཚུར་འདུད་པ་ནའོ། མིག་གཉིས་གཡས་སུ་ཕྱོགས་པའི་ལྟ་སྟངས་དང་། སླར་རྔུབ་ཆུང་བྱས་པའི་དགང་བས་དགུག་པ་འགྲུབ་སྟེ། ཤྲཱི་ཁནྜའི་ཤིང་ལ་དེ་ལྟར་བྱས་པས་འདུད་ནའོ། །མིག་གཉིས་ཐད་ཀར་བཅིངས་པའི་ལྟ་སྟངས་དང་། རླུང་གཡོ་མེད་དུ་དགག་པ་ཞི་བ་ཅན་གྱིས་རེངས་པ་འགྲུབ་སྟེ། རླུང་གིས་བསྐྱོད་པའི་རྩྭ་ལ་དེ་ལྟར་བྱས་པས་མི་འགུལ་ནའོ། །འདི་ནི་ཕྱིའི་ལྟ་སྟངས་ཞེས་བྱ་སྟེ་ཚོགས་ཀྱི་ས་ནས་སོ། །གཙུག་ཏོར་ལས་ནི་ཐིག་ལེ་ཉིད། །མེ་ཡིས་ཞུ་བ་ཉིད་ཀྱིས་ལྟུང་། །བདེ་བ་ཆེན་པོའི་ཏིང་འཛིན་གནས། སྟོང་ཉིད་ལྟ་སྟངས་ལྟུང་བར་བྱ། །བུམ་པ་ཅན་གྱིས་འཁོར་ལོར་སོན། །དཔྲལ་བ་ཞེས་བྱར་རབ་ཏུ་བསྒྲགས། །རྡོ་རྗེ་པདྨར་ཏིང་འཛིན་བརྟན། །ཁམས་གསུམ་པོ་ནི་དབང་དུ་བྱེད། །སྙིང་ག་ཕྱོགས་སུ་དག་པས་འགུགས། །མ་རུངས་ལས་ཅན་དེ་རྣམས་ཀུན། །ཧེ་རུ་ཀ་དཔལ་རང་བཞིན་ཕྱིར། །རྟག་ཏུ་ལྟ་ངན་གཞོམ་པར་བྱ། །ཞི་བས་རེངས་པ་ནོར་བུའི་ཐ། །རྒྱལ་བའི་གཟུགས་བརྙན་རྣམ་པར་བསྒོམ། །མཆོག་ཏུ་མི་འགྱུར་རྟོགས་གྱུར་པ། །དེ་ནི་མཉམ་ཉིད་མི་གཡོར་གསུངས། །ཞེས་བསྟན་པའི་དོན། སྲོག་རྩོལ་གྱི་སྦྱོར་བ་དེས་ཉི་ཟླའི་ལམ་འགྱེལ་ནས་དབུ་མར་རབ་ཏུ་ཞུགས་པས་གཏུམ་མོ་རང་བྱུང་དུ་འབར། དེས་གཙུག་ཏོར་གྱི་ཐིག་ལེ་ཞུ། མཉམ་རྒྱུའི་དབྱུང་བས་དེ་འོག་གསང་གནས་སུ་ལྟུང་། རྒྱུ་འདིས་ཞུ་བའི་བདེ་བ་རྒྱ་ཆེན་པོ་ཐོབ། དེ་སྟོང་པ་ཉིད་དུ་གཞོལ་དུ་འཇུག་པས་ལྟུང་བྱེད་ཀྱི་ལྟ་སྟངས། བུམ་པ་ཅན་བཞིས་དབུ་མའི་མི་ཤིགས་པ་རྣམས་དང་། ཁྱད་པར་དཔྲལ་བའི་ཐིག་ལེར་གཟུང་བ་དང་འཛིན་པའམ། ཐབས་དང་ཤེས་རབ་དབྱེར་མེད་དུ་བརྟན་པས། དེའི་བདུད་རྩི་འཕེལ་བ་དང་བཅས་པའི་ལྕེའུ་ཆུང་འཛག་པ། དེས་རྡོ་རྗེའི་ལུས་ཀྱི་ཁམས་གསུམ་པོ་ཐམས་ཅད་དབང་དུ་བྱེད་པས་དབང་གི་ལྟ་སྟངས། ཕུང་པོ་ཁམས་སྐྱེ་མཆེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཞུ་བའི་ཐིག་ལེ། སྙིང་ག་ཞེས་པ་འདིར་གསང་གནས་ལ་བྱེད་དེ། དེར་འགུགས་པ་སླར་རྔུབ་ཅིང་དགང་བས་འཛག་པའི་གནས་སྐབས་བཅོམ། ཟག་པ་དང་བཅས་པའི་བདེ་བ་ཆེན་པོའི་ཧེ་རུ་ཀར་བྱེད་པས་དགུག་པའི་ལྟ་སྟངས། ནོར་བུའི་ཁྱིམ་དུ་ཞི་བ་ཅན་གྱི་རེངས་པར་བྱས་པའི་ཁུ་བ་རྒྱལ་བའི་གཟུགས་བརྙན་ཐམས་ཅད་པར་འཆར་དུ་བཅུག་པས་གནས་སྐབས་ཀྱི་མཆོག་ཏུ་མི་འགྱུར་བ་ཞུ་བའི་བདེ་བ་སྟོང་པ་ཉིད་ཀྱིས་འཁྱུད་པའི་མཉམ་པ་ཉིད་ཐོབ་པ་དེས་ནི་གནས་པ་རྩའི་འཁྱོག་མདུད་ཐམས་ཅད་རེངས་ཏེ་མདུད་པ་མེད་པར་བྱེད་པས་རེངས་བྱེད་ཀྱི་ལྟ་སྟངས། འདི་ནི་ཡས་རིམ་གྱིས་གང་བ་ནོར་བུའི་མཐར་ཐུག་པར་འཛིན་ནུས་པ་ཐོབ་པ་ནང་གི་ལྟ་སྟངས་ཏེ་མོས་སྤྱོད་ཀྱི་ས་ནས་སོ། རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་རེངས་པ་དང་། །གཞིལ་བ་ཡིས་ནི་ཞི་བར་འགྱུར། །མཉམ་པར་མ་རུངས་དཔྲལ་བ་ཅན། །དྷཱུ་ཏཱིར་ཚུད་ན་རྒྱུན་མི་འབབ། །ཅེས་བསྟན་པའི་དོན། ཞུ་བའི་དེ་ཉིད་བཅུ་དྲུག་རིག་པའི་མྱོང་བ་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་དུ་སོང་བ་དེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྣམ་པ་མེད་པར་སྦྱངས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཡིན་ལ། དེས་ཁམས་ཐམས་ཅད་རང་བྱུང་གིས་གྱེན་དུ་བརྔུབས་པས། རྩ་རླུང་ཐིག་ལེ་ཐམས་ཅད་དྭངས་མ་མི་ཤིགས་པའི་དབང་དུ་བྱེད་པས་དབང་གི་ལྟ་སྟངས། དེ་ནས་རྐང་མཐིལ་ནས་དཔྲལ་བའི་འཁོར་ལོ་ཚུན་གང་བས་རྩ་ཐམས་ཅད་ཕྲ་བ་ཆོས་ཉིད་ཀྱི་དབུ་མར་རེངས་པར་བྱེད་པས་རེངས་པའི་ལྟ་སྟངས། དེ་ཡིན་པ་ལ་ཡིན་པར་སྔར་མ་རྟོགས་པ་རྩ་མདུད་དང་། དེ་ཡིན་པ་ལ་ཡིན་པར་རྟོགས་པ་རྩ་མདུད་གྲོལ་བ་ཞེས་བྱའོ། །དེ་ནས་ཞི་བ་ཅན་གྱིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དམ་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་གནས་སྐབས་བཞིའི་སྒྲིབ་པ་དང་བྲལ་བས་ལྟུང་བྱེད་ཀྱི་ལྟ་སྟངས། ལུས་ཐམས་ཅད་རླུང་སེམས་ཀྱི་དྭངས་མས་མཉམ་པ་ཉིད་དུ་ཁེངས། རྒྱུ་དེས་དཔྲལ་བར་ཟུག་པའི་གཙུག་ཏོར་གྱི་འཁོར་ལོ་དེ་ཉིད་རེངས་པས་ཚངས་པའི་བུ་ག་ནས་གྱེན་དུ་ཐོན། གཙུག་ཏོར་བལྟར་མི་མངོན་པར་གྲུབ། བྱང་སེམས་ཀྱི་གང་བ་གྱེན་དུ་ལྟ་བ་ནས་མདོམས་ཀྱི་སྦ་བ་སྦུབས་སུའང་ནུབ། ཡོན་ཏན་འགུགས་པས་དགུག་པའི་ལྟ་སྟངས། རྣལ་འབྱོར་པ་འདི་རྩ་རླུང་སེམས་ཐམས་ཅད་ལ་དབང་ཐོབ་པས་རང་གང་འདོད་དུ་འབྱིན་འཇུག་སྤྲོ་བསྡུ་ནུས་ཏེ། འདི་ནི་གཞན་གྱི་ལྟ་སྟངས་ཏེ་བྱང་སེམས་ཀྱི་འཕགས་ས་ནས་སོ། དགང་བ་ཡིས་ནི་ལུས་བཀང་ན། དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་བུ་ག་དག་པར་འགྱུར། །འཐོར་བ་སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། །ཞེས་པས་བསྟན་པའི་དོན། །སྦྱོར་བཞི་གནས་གཅིག་ཏུ་ཞུགས་པའི་གང་བས་དུག་སྟེ་ཉོན་སྒྲིབ། རིམས་ཀྱི་ཚ་བ་སྟེ་ཤེས་སྒྲིབ། ཆོས་ཐམས་ཅད་ལས་དེ་གཉིས་ལྟུང་བས་ལྟུང་བའི་ལྟ་སྟངས་སོ། །དེ་ལྟར་མི་ཕྱེད་པའི་བུམ་པ་གང་བ་ལྟ་བུས་སྒོའི་བུ་ག་ནས་རྒྱུ་བ་རྣམས་སྦྱངས་ནས་ཐམས་ཅད་མཁྱེན་པའི་སྐད་ཀྱིས་དབང་དུ་བྱེད་པས་དབང་གི་ལྟ་སྟངས། འཐོར་བ་ཐམས་ཅད་པར་ཀུན་ཏུ་འགྲོ་བའི་ཆ་གཞིལ་བས་སྣ་ཚོགས་པའི་རྡུལ་རྡུལ་མེད་ཅིང་དྲི་མ་མེད་པའི་གཟུགས་སུ་བྱ་བ་དགུག་པ། རབ་ཏུ་ཞི་བ་ནི་རྣམ་པར་ཤེས་པའི་ཆོས་ལས་འདས་པ་གཉིས་སུ་མེད་པའི་ཡེ་ཤེས་འཆར་བའི་རླུང་གིས་ཆོས་ཐམས་ཅད་སངས་རྒྱས་ཉིད་དུ་རེངས་པར་བྱེད་པའི་རེངས་པའི་ལྟ་སྟངས། འདི་ནི་གཞན་མཆོག་གི་ལྟ་སྟངས་ཏེ་སངས་རྒྱས་ཀྱི་ས་ཐོབ་པ་ནས་སོ། །གསུམ་པ་ཡོན་པོ་བསྲང་བ་ནི། །ཞི་དྲག་གི་རླུང་སྦྱོར་དེས་ཟླ་ཉིའི་ལམ་ཁེགས་པར་དཀའ་ན། ཡང་ན་ཨོག་སྐོས་ཨོག་མདུད་མནན། ཡང་ན་མཇིང་པ་ལྟག་པ་མནན། །ཞེས་པས་བསྟན་པའི་དོན་ནི་ར་སཱ་ཡ་ནས་ཤེས་པར་བྱའོ། །གཡས་ནས་རྒྱུ་ན་གཡས་རྩ་མནན། །གཡོན་ནས་རྒྱུ་ན་གཡོན་རྩ་མནན། །དོན་ལ་ནུ་མ་གཅུད་ལ་བོར། །ཞེས་པས་བསྟན་པའི་དོན། །རླུང་གཡོན་དུ་མི་རྒྱུ་བར་གཡས་འབའ་ཞིག་ནས་རྒྱུ་ན་ལག་པ་གཡོན་པ་རྡོ་རྗེའི་ཁུ་ཚུར་བཅིངས་ཏེ་གཡས་པའི་མཆན་གྱི་འཕར་རྩ་མནན་ནས་ནུ་མ་གཅུད་ལ་བོར་བས་གཡོན་དུའང་འཕོ་བར་འགྱུར་ལ། གཡོན་ནས་རྒྱུ་བ་ལ་ལུས་གནད་དེ་ཉིད་བཟློག་སྟེ་སྦྱར་རོ། །སེང་གེ་རྣམ་རོལ་ཕྱག་རྒྱ་ནི། །རྣལ་འབྱོར་པ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་བྱ། །ཞེས་བསྟན་པའི་དོན། །རླུང་མཉམ་རྒྱུར་འབབ་པ་ནི་རྩ་དུལ་བ་ལས་ཡིན་ལ། །རྩ་དུལ་བ་ནི་ལུས་སྦྱོང་ལའང་བལྟོས་པ་ཞིག་སྟེ། དེའི་ཕྱིར་རྩ་བའི་འཁྲུལ་འཁོར་ནཱ་རོ་དྲུག་སྐོར་དང་། ཡན་ལག་གི་འཁྲུལ་འཁོར་ཉི་ཤུ་པ་དང་། ལྔ་བཅུ་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རྣམ་པར་རྩེ་བ་བཞིན་དུ་བྱའོ། །བཞི་པ་རླུང་གི་མན་ངག་ལ། ཕོ་རླུང་བཙན་ཐབས་ཀྱི་བསྒོམ་ཐབས། མོ་རླུང་འཇམ་རླུང་གི་བསྒོམ་ཐབས། མ་ནིང་རླུང་གི་བསྒོམ་ཐབས་གསུམ་ལས། དང་པོ་ལ། སྤྱིར་བསྒོམ་པ་དང་། བྱེ་བྲག་ཏུ་བསྒོམ་པ་གཉིས་ལས། དང་པོ་ནི། ཡོན་པོ་བསྲང་བས་ཀྱང་འགྲུབ་པར་དཀའ་ན། ཕོ་རླུང་འདུལ་ཞིང་། ཞེས་བསྟན་པའི་དོན། འདིར་རླུང་མ་དུལ་བའི་གནས་སྐབས་ལ་ཕོ་རླུང་། དུལ་བ་ལ་མོ་རླུང་། དབུ་མར་ཆུད་པ་ནས་མ་ནིང་གི་རླུང་ཞེས་བཞག་པའི། སྔ་མ་སྟན་བདེ་བར་ལུས་གནད་སྔར་བཞིན། ལྷའི་སྟོང་ར་འོད་ཀྱི་ཕུང་པོར་བལྟས་ལ། སྟེང་རླུང་ཤུགས་དང་བཅས་ཏེ་འོག་ཏུ་མནན། འོག་རླུང་རྒྱབ་ནས་གྱེན་དུ་དྲག་པོར་འཐེན་ནས་མི་ཐུབ་མན་དགག ཤོར་ལ་ཁད་ཙ་ན་དམིགས་པ་ཧཱུྃ་སྟོང་རའི་ནང་དུ་ཡར་སོང་མར་སོང་བྱེད་པ་ལ་དམིགས། ཡིད་ཀྱི་ཧཱུྃ་རིང་པོར་བགྲངས། ལུས་འདྲེན་དྲག་པོ་ཇི་ལྟ་བར་གཡས་གཡོན་དུ་གཅུད། གཏོང་ཙ་ན་ཧཱུྃ་ཐུང་ཡར་བསྟུངས་བསྟུངས་འཐེན་དེ་ནས་སོས་དལ་དུ་སིང་སྒྲ་དང་བཅས་ཤུགས་བསྐྱེད་ལ་གཏང་ངོ་། །གཉིས་པ་ལ། ཀ་བ་ལ་བརྟེན་ནས་བསྒོམ་པ་དང་། ཀ་མེད་ལྡིང་ཁང་གི་བསྒོམ་ལུགས་གཉིས་ལས། །དང་པོ་ནི། །སྟོང་རའི་ནང་དུ་དབུ་མ་སྦ་ལྕག་ཙམ་ནང་དཀར་ཕྱི་འཇའ་ལྟ་བུ་ལྟེ་འོག་སོར་བཞི་ནས་སྤྱི་བོའི་བར་ཏ་ལེར་ཟུག་པ་བསམ། གཞན་རྣམས་སྔར་དང་འདྲ་བ་ལ་ཧཱུྃ་དེ་ཉིད་དྷཱུ་ཏཱིའི་ནང་དུ་འགྲོ་འོང་བྱེད་པ་དེ་ནི་ཀ་བ་གཅིག་ལ་བརྟེན་པ། དེ་བཞིན་དུ། དབུ་མའི་ཡས་སྣ་གཉིས་མིག་གཉིས་སོ་སོར་ཟུག་པ་ལ་ཧཱུྃ་ཡང་གྱེས་མཚམས་ནས་གཉིས་སུ་གྱེས་ཡར་སོང་མར་གྱེས་པ་ནས་གཅིག་ཏུ་འདྲིལ་བ་དེ་ནི་ཀ་བ་གཉིས་ལ་བརྟེན་པའོ། །དེ་བཞིན་དུ། སྒོ་དགུ་ཁར་ཟུག་པ་དགུ་ལ་བརྟེན་པ། དེ་བཞིན་དུ་དབུ་མ་རྩ་བ་བསམ་གྱིས་མི་ཁྱབ་པར་གྱེས་པ་དབང་པོའི་སྒོ་བ་སྤུའི་བུ་ག་ཐམས་ཅད་པར་ཟུག་པར་བསྒོམ་ནས་སྦྱངས་པས། ལྷའི་མིག་རྣ་བ་སྣ་ལྕེ་ལུས་སུ་གྱུར་ནས་གཟུགས་སྒྲ་དྲི་རོ་རེག་བྱའི་མཆོག་ཐམས་ཅད་ལ་ལོངས་སྤྱོད་ནུས་པར་འགྱུར་རོ། །གཉིས་པ་ཀ་མེད་ལྡིང་ཁང་གི་བསྒོམ་ཚུལ་ལ་རེའུ་མིག་ལྟར་བསྣོལ་བ། ནམ་མཁའ་ལྟར་རྒྱ་བསྐྱེད་པ། འཁོར་ལོ་ལྟར་བསྐོར་བ། མདའ་ལྟར་འཕེན་པ། ལྕགས་ཀྱུ་ལྟར་དགུག་པ་ལྔ་ལས། །དང་པོ་ནི་ལུས་སྟོང་ར་འོད་ཕུང་དབུ་མ་དང་བཅས་པ་སྔར་བཞིན་ལ། གཡས་གཡོན་དུ་རོ་རྐྱང་ཡས་སྣ་སྒོ། མས་དབུ་མར་ཆུད་པར་བསམས་ཏེ། སྟེང་རླུང་ཤུགས་བཅས་སུ་བརྔུབས་ནས་མར་མནན། ལུས་འདྲེན་དང་བསྟུན་འོག་རླུང་རྒྱབ་ནས་དྲག་པོར་ཡར་འཐེན། ཡིད་ཀྱིས་སྟེང་རོ་མའི་རླུང་ལྟེ་བའི་འོག་ཏུ་སླེབ། འོག་རྐྱང་མའི་རླུང་ལྟེ་བའི་སྟེང་དུ་སླེབ་པ་རེ་མིག་བསྣོལ་བ་བཞིན་བསམས་ནས་བུམ་པ་ཅན་བཅིངས། དེ་གོམས་ནས་སྙིང་མགྲིན་སྤྱི་བོ་གསུམ་དུ་རིམ་པ་བཞིན་ནོ། །གཉིས་པ་ནི། གཞན་སྔར་བཞིན་ལ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སོགས་པ་འཁོར་ལོ་བཞི་བསྒོམ། དེའི་ལྟེ་བའི་ནང་དུ་ཨ་ཆུ་གཉེར་བཞིན་འོད་ཇེ་ཆེ་ལ་ནམ་མཁའི་མཐའ་དང་མཉམ་པར་སོང་བར་དམིགས་པ་དང་བསྟུན། སྟེང་ཤུགས་བཅས་སུ་རྔུབ་ཅིང་དེར་མནན། འོག་རྒྱབ་ནས་དྲག་པོར་དེར་འཐེན་པ་བསྲེས་པའི་ཁ་སྦྱོར་དེ་ཁ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་ཆ་མཉམ་པར་རིམ་རིམ་འཕུལ་བས་མཐར་ལུས་ཐམས་ཅད་ཐེར་བརྒྱངས་སུ་དགང་ངོ་། །དེ་ལ་གོམས་ནས་སྙིང་མགྲིན་སྤྱི་བོར་ཡང་ངོ་། །གསུམ་པ་ནི། སྔ་མ་བཞིན་དུ་ཁ་སྦྱོར་ལྟེ་བར་བཅིངས་ནས་ལུས་ཆེད་དུ་མི་བསྒུལ་བར་ནང་གི་རླུང་གཡས་གཡོན་དུ་གྲངས་མཉམ་པ་བསྐོར་བ་དང་བསྟུན་ལྟེ་བའི་འཁོར་ལོ་འཁྱིར་རི་རི་འཁོར་བ་ལ་དམིགས་སོ། །དེ་ལ་གོམས་ནས་སྙིང་མགྲིན་སྤྱི་བོར་ཡང་ངོ་། །བཞི་པ་ནི་གཉིས་ཏེ། སྟེང་དུ་མདའ་ལྟར་འཕེན་པ་དང་། འོག་ཏུ་འཕེན་པའོ། །སྔ་མ་ནི་སྟེང་རང་བབས་སུ་བཞག་ནས་ལུས་འདྲེན་གྱིས་འོག་རླུང་སེམས་དང་བཅས་པ་དབུ་མ་བརྒྱུད་ཚངས་པའི་བུ་ག་ནས་ཐོན་སྟེང་གི་འཇིག་རྟེན་དུ་ཤིར་རྒྱངས་དང་བཅས་ཏེ་སོང་བར་བསམས་ལ་ཤུགས་ཕྱུང་ལ་བུས་ཕྱིར་ཙམ་ཐུབ་གཟུང་བས་ཐང་ཤ་བཅད། ཕྱི་མ་ནི་འོག་རང་བབས། སྟེང་ཤུགས་དྲག་པོར་བརྔུབས་ནས་འོག་ཏུ་མནན་པས་དབུ་མའི་མས་སྣ་རྒྱུད་རླུང་སེམས་འོག་གི་འཇིག་རྟེན་ན་མར་ཤིར་རྒྱངས་དང་བཅས་པས་ཐོན། འོག་གི་སྒོར་ཙམ་ཐུབ་འབྱིན། དེ་ལ་གོམས་ནས་སྔ་མ་ལན་གསུམ་དང་དེ་ནས་ཕྱི་མ་གསུམ་གསུམ་སྤེལ་མར་བསྒོམ་མོ། །ལྔ་པ་ནི། སྟེང་རང་ཐད་དུ་བཞག འོག་རླུང་དྲག་པོར་འབྱེད་ཅིང་འཛུམ་པས་རླུང་གིས་ཕོ་བ་བཀང་། དེ་ཁེངས་པ་དང་ཁ་ནས་སྒྲ་བཅས་སུ་འབྱིན། ལྷག་མ་མེད་པ་དང་སླར་ཁ་ནས་ཟས་མིད་པ་བཞིན་དུ་བརྔུབས་པས་ཕོ་བའི་ནང་བཀང་། སྟེང་དུ་མ་འཕྱུགས་པར་བྱས་པས་ལྟེ་འོག་ཏུ་འགྲོ །དེ་ཕྱིར་འབྱིན། ལྷག་མ་མེད་པ་དང་སྔ་མ་བཞིན་དུ་བྱའོ། གཉིས་པ་མོ་རླུང་འཇམ་རླུང་གི་བསྒོམ་ཐབས་ལའང་སྤྱི་དང་བྱེ་བྲག་གཉིས་ལས། །དང་པོ་ནི། མོ་རླུང་སྦྱང་། ཞེས་པས་བསྟན་པའི་དོན། སྔ་མ་གོམས་པས་འདི་ལ་སྦྱོང་བ་སྟེ། རྔུབ་པ་མིས་མ་ཚོར་བ། སྟེང་མནན་པ་སུམ་གཉིས། འོག་འཐེན་པ་སུམ་གཅིག ཧཱུྃ་རིང་ཧཱུྃ་ཐུང་ཡང་རན་ཚད་བྱེད་པ་ཡིན་ལ། ལྷག་མ་བྱེ་བྲག་གི་བསྒོམ་པ་རྣམས་ཀྱང་སྦྱར་ཏེ་ཤེས་པར་བྱའོ། །གསུམ་པ་མ་ནིང་རླུང་གི་བསྒོམ་ཚུལ་ནི། མ་ནིང་རླུང་ལ་རྒྱུན་དུ་བཟླ། ཞེས་པས་བསྟན་པའི་དོན། སྔ་མ་གཉིས་འབྱོངས་ནས་རླུང་དབུ་མར་ཚུད་པའི་རྟགས་ལུས་ངག་ཡིད་བྱིན་གྱིས་རློབས་ཏེ། ལུས་བྱིན་གྱིས་རློབས་པ་ནི། འདར་བ་དང་། གར་བྱེད་པ་དང་། མཆོང་བ་ལ་སོགས་པ་འོང་ངོ་། །ངག་བྱིན་གྱིས་རློབས་པ་ནི། རྒྱ་སྐད་དང་ཆོས་སྐད་ལ་སོགས་པ་མང་པོ་སྨྲ། ཡིད་བྱིན་གྱིས་རློབས་པ་ནི། ཞེན་པ་ནང་ལོག་སྟེ་མི་རྟོག་པ་སྐྱེས་ནས་རྟོག་པ་མེད་པའི་སྤྱོད་པ་འབྱུང་བའོ། །དེ་ཙམ་ན་ལུས་སྟོང་ར་དྷཱུ་ཏཱི་དང་བཅས་པ་གསལ་བཏབ། སྟེང་འོག་བསྡམས་ནས་མི་རྟོག་པ་ལ་གནས་སུ་བཅུག་པས་རླུང་དང་རྟོག་པའི་རྒྱུ་བ་རྒྱུན་འཆད་པར་འགྱུར་རོ། །ལྔ་པ་རྡོ་རྗེའི་བཟླས་པ་རྣམ་པར་ཕྱེ་བ་ལ། བརྗོད་པ་རྡོ་རྗེའི་བཟླས་པ། དམིགས་པ་རྡོ་རྗེའི་བཟླས་པ། བརྡར་གྱུར་རྡོ་རྗེའི་བཟླས་པ། དོན་དམ་རྡོ་རྗེའི་བཟླས་པ་བཞི་ལས། དང་པོ་ནི། རླུང་གི་མན་ངག་གིས་ཀྱང་སྲོག་དབུ་མར་ཞུགས་དཀའ་ན་རྡོ་རྗེའི་བཟླས་པ་ལ་སློབ་སྟེ། བརྗོད་དང་དམིགས་པར་བཅས་པ་དང་། བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་པས་བསྟན་པའི་དོན། དྲང་ངེས་ཀྱི་དབང་གིས་ལྷའི་རྣལ་འབྱོར་རྣམ་པ་གཉིས་གསུངས་པ་དེ་ལ་སྦྱར་ཏེ་རྡོ་རྗེའི་བཟླས་པའང་རྣམ་པ་བཞིར་བཤད་པ་ཡིན་ལ། དང་པོ་ནི་རགས་པའི་རྣལ་འབྱོར། གཉིས་པ་ནི་ཕྲ་མོའི་རྣལ་འབྱོར། གསུམ་པ་ནི་མཚོན་བྱེད་དཔེའི་ཕྲ་མོའི་རྣལ་འབྱོར། བཞི་པ་ནི་མཚོན་བྱ་དོན་གྱི་ཕྲ་མོའི་རྣལ་འབྱོར་དུ་བཞག་པས། སྔ་མ་གཉིས་བསྐྱེད་རིམ། ཕྱི་མ་གཉིས་རྫོགས་རིམ་པའི་གཙོ་བོར་བསྒོམ་བྱར་ཤེས་པར་བྱའོ། །དེ་ལྟར་བཞིའི་དང་པོ་དེ། ཚིག་གི་བརྗོད་པ་ཐུན་མོང་སྟེ། ཞེས་བསྟན་པའི་དོན། བདེ་བའི་སྟན་ལ་ལུས་སེམས་རྣལ་དུ་ཕབ་ནས་འབྱུང་འཇུག་གནས་པ་གསུམ་གཅིག་ཏུ་བྱས་པ་དབུགས་ཏེ། དེ་བགྲངས་པས་ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབབ་པ་རིགས་པར་འགྱུར་རོ། །དེ་ནས་དབུགས་ཉིད་ལ་ཤེས་པ་གཏད་པས་རིང་ཐུང་དང་ཁ་དོག་ཤེས་པར་འགྱུར་ལ། དེ་ནས་འབྱུང་བ་གང་གི་ཁ་དོག་དེ་དང་དེའི་རིགས་ཀྱི་བདག་པོ་ལྡང་བ་ཨོཾ་ཡིག་ཟླ་བའི་བདག་ཉིད་ཀྱིས། ཡུམ་འཇུག་པ་ཨཱཿཡིག་ཉི་མའི་རང་བཞིན། མཉམ་པར་སྦྱོར་བ་གནས་པ་ཧཱུྃ་ཡིག་སྒྲ་གཅན་གྱིས་རང་བཞིན་གྱིས་བསྐྱེད་དེ་ལ་དམིགས་པ་གསལ་ཞིང་བརྟན་པ་ན་ལྷ་རང་རང་གི་ཐུགས་ཀར་ས་བོན་སྔགས་ཀྱིས་བསྐོར་བ། དེའི་སྔགས་ལས་རླུང་ལྡང་བ་ན་འོད་ཟེར་སྤྲོ། འཇུག་པ་ན་སྡུད་པར་བྱ་ཞིང་སྔགས་སྒྲའི་རྣམ་པར་བསམས་ནས་ངག་ཏུ་བཟླ་བ་ནི་དམ་ཚིག་གི་བཟླས་པ། ཡང་ན། སྔགས་འཕྲེང་ལྡང་བ་ན་རང་གི་ཁ་ནས་རྡོ་རྗེའི་ལམ། དེ་ནས་ལྷ་མོའི་པདྨ། དེའི་ཨ་བ་དྷཱུ་ཏཱི་ནས་ལྷ་མོའི་ཞལ། འཇུག་པ་དེ་ནས་སླར་རང་གི་ཞལ་དུ་འཁོར་བ་ཡི་གེ་ལྷོད་པ་འཁྱོགས་ཀྱི་བཟླས་པ་སྟེ་ཞི་རྒྱས། རང་གི་ཁ་ནས་ལྷ་མོའི་ཁར་སོང་། པདྨ་ནས་རྡོ་རྗེར་འཁོར་བ་གདུག་ཅིང་རྩུབ་པའི་ཡི་གེ་ཁྲོ་བོའི་བཟླས་པ་སྟེ་དྲག་ཤུལ་གྱི་ལས་ལའོ། །བཟླ་བྱའི་སྔགས་ནི་ཨོཾ་ཨཱཿཧཱུྃ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཡིན་པས་སམ། དབྱངས་དང་གསལ་བྱེད་ཀྱི་ཡི་གེའི་འབྱུང་བ་རང་རང་གི་ས་བོན་ནམ། ཡིད་དམ་གང་ལ་བྱེད་པ་དེའི་རང་གཞུང་གི་སྔགས་གང་ལ་མོས་པའོ། །ཏིང་ངེ་འཛིན་ནི། ཞི་བ་ལ་འོད་ཟེར་དཀར་པོ་བདུད་རྩི་ལྟ་བུའམ་སྨན་གྱི་བུ་མོ། རྒྱས་པ་ལ་འོད་སེར་པོ་ཡིད་བཞིན་གྱིས་ནོར་བུའམ་དཔག་བསམ་གྱི་ཤིང་ལྟ་བུ། དབང་ལ་དམར་པོ་ལྕགས་ཀྱུ་ཞགས་པ་ལྟ་བུ། དྲག་པོ་ལ་མཚོན་གྱི་སྤུ་གྲི་ལྟ་བུའི་སྤྲོ་བསྡུའམ། ཕོ་ཉ་དང་མོ་ཉའི་སྤྲོ་བསྡུ་ལ་དམིགས་པས་ཞི་སོགས་ཀྱི་ལས་རྣམས་བྱེད་པར་འགྱུར་རོ། །གཉིས་པ་དམིགས་པ་རྡོ་རྗེའི་བཟླས་པ་ལ། རླུང་དང་རྣམ་ཤེས་སུ་ལྡན་པའི་ཕྲ་མོའི་རྣལ་འབྱོར་དང་། མི་ལྡན་པའི་ཕྲ་མོའི་རྣལ་འབྱོར་གཉིས་ལས། །དང་པོ་ནི། དམིགས་པར་བཅས་པ་སངས་རྒྱས་དངོས། ཞེས་པས་ཕྲ་མོའི་རྣལ་འབྱོར་རིལ་གྱིས་བསྟན་པ་ཡིན་ལ། དེ་ལས་དང་པོ་འདིར། རང་ཉིད་ལྷག་པའི་ལྷ་ཡབ་ཡུམ་རྩ་གསུམ་དང་བཅས་པའི་ཡུམ་གྱི་རྟགས་པད་འདབ་བརྒྱད་ཟེའུ་འབྲུར་ཁ་ཁ་མུ་ཁ་ཐོན་པ་ལ། ཡབ་ཀྱི་རྟགས་རྡོ་རྗེ་རྩེ་མོ་ལྔ་པའི་དབུས་རྭ་ནས་དུང་ཅན་གྱི་རྩེ་ཐོན་པ་འབྱར་བར་བསྒོམ་སྟེ། རྩ་གཉིས་ཕྲད་པའི་རྩེ་མོ་དེར་ཡབ་ཡུམ་གྱི་རླུང་གཅིག་ཏུ་འདྲེས་པའི་ཐིག་ལེ་ཕྲ་མོ་ཡུངས་ཀར་ཙམ་པ་དེའི་དབུས་སུ་རྟེན་པ་ལྷ་བརྟེན་གཞལ་ཡས་ཁང་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་སྟེ། སྟེང་རླུང་རང་སར་བཞག སྲིན་པོའི་ཞལ་བསྡམས་ནས་ཐུར་སེལ་དབང་དུ་བྱའོ། །འདི་ནི་བསྐྱེད་རིམ་པའི་གཙོ་བོར་བསྒོམ་བྱ། ཐུར་སེལ་ཅུང་ཟད་བརྟན་ནས་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་སྙིང་ཀར་བསྣོལ། གསང་བར་ས། སྙིང་གར་ཆུ། ལྐོག་མར་མེ། ལྟེ་བར་རླུང་། ལུས་ཐམས་ཅད་ལ་ནམ་མཁའི་རླུང་ཡེ་ཤེས་ལྔའི་ངོ་བོ་འོད་ཟེར་ལྔའི་རྣམ་པ་ཅན། སྲོག་རྩོལ་དུ་གྱུར་ནས་སྣའི་བུ་ག་ལས་དཀྱིལ་འཁོར་བཞིའི་ཁ་དོག་གི་རིམ་བཞིན་དུ་འབབ་ཨོཾ་ཡིག་ཟླ་བའི་གཟུགས། འཇུག་པ་ཨཱཿཡིག་ཉི་མའི་གཟུགས། གནས་པ་ཧཱུྃ་ཡིག་སྒྲ་གཅན་གྱི་དབྱིབས་སུ། འཇུག་པ་དྲག་པོར་རྔུབ་པ་དང་། གནས་པ་ལ་སྟེང་རླུང་ཤུགས་རྫོགས་པར་ལྟེ་འོག་ཏུ་འཕུལ། འོག་གློད་ལྡང་བ་ན་དལ་བུས་ཕྱིར་འབྱིན་པའོ། གཉིས་པ་ལ་སྟེང་སྒོ་ལ་བརྟེན་པ་མཚན་མ་ཕྲ་མོ། འོག་སྒོ་ལ་བརྟེན་པ་ཐིག་ལེ་ཕྲ་མོ། སྙིང་ག་ལ་བརྟེན་པ་མི་ཤིགས་པའི་ཕྲ་མོ་བསྒོམ་པ་གསུམ་ལས། །དང་པོ་ནི། རང་གི་ཀུན་རྫོབ་པའི་སྣའི་རྩེ་མོར་འཁོར་ལོ་དཀར་པོ་ཡུངས་འབྲུའི་ཚད་ཙམ་རླུང་སེམས་གཅིག་ཏུ་བསྒྲིལ་ནས་རྟག་ཏུ་བསྒོམ་པར་བྱའོ། །ལག་པ་རེག་ཏུ་རུང་བའམ། མིག་གི་མངོན་སུམ་དུ་མཐོང་བ་ལྟ་བུའི་མཚན་མ་སྐྱེས་པ་དེའི་ཚེ་བརྟན་པ་ཡིན་ལ། དེ་ནས་བསྒོམ་པ་ལ་དབང་དུ་གྱུར་པ་བསྐྱེད་པའི་ཕྱིར་འཁོར་ལོ་དེ་གཉིས་དང་གསུམ་ལ་སོགས་པ་ནས་ནམ་མཁའ་ཁྱབ་པའི་བར་དུ་སྤྲོ་ཞིང་སླར་བསྡུ་བར་བྱའོ། །དེ་ལྟར་ལོབས་ནས་ཕྱག་མཚན་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་སྐུ་ནམ་མཁའ་ཁྱབ་པར་སྤྲོ་ཞིང་བསྡུ་བར་བྱའོ། དེ་ལ་བརྟེན་ནས་དེ་དང་འབྲེལ་བའི་ལྷ་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྤྲོ་བསྡུ་བྱའོ། །དེ་བཞིན་དུ་རིགས་གཞན་རྣམས་ལའང་བགྲེས་ཏེ་ཤེས་པར་བྱའོ། །གཉིས་པ་ནི། རང་དང་ཕྱག་རྒྱ་ཡང་དག་པར་སྦྱར་བའི་རྡོ་རྗེའི་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བྱས་ལ་རྟག་ཏུ་བསྒོམ་པར་བྱའོ། །དེ་ལ་བརྟེན་ནས་སྙོམས་པར་འཇུག་པས་ཐིག་ལེ་དེ་ཕྱུང་ནས་ཡུམ་གྱི་པདྨར་སྤྲོས་པས་དེར་རྣམ་སྣང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་ནས་ཕྱིར་སྤྲོ་བ་ནི་བུའི་ཚུལ་དང་། དེས་ཀྱང་སྙོམས་པར་འཇུག་པས་སྔར་ལྟར་དུ་ཕྱུང་ནས་ནམ་མཁའ་ཁྱབ་པར་སྤྲོ་བ་ཚ་བོའི་ཚུལ་ལོ། དེ་བཞིན་དུ་རིགས་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །གསུམ་པ་ནི། སྙིང་གའི་པདྨའི་ལྟེ་བར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་མི་ཤིགས་པའི་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་སེམས་འཇུག་གནས་ལྡང་བའི་རླུང་གི་བཞོན་པ་ཅན་ཞོན་དུ་བཅུག་པས། སྣང་བ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས་པའི་མཐར་མི་ཤིགས་པ་མཐོང་བར་འགྱུར་ལ། དེ་བརྟན་པ་དང་དཀྱིལ་འཁོར་ལྔའི་རླུང་རེ་རེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་རེ་རེའི་ཚུལ་གྱིས་སངས་རྒྱས་ཀྱི་སྤྲིན་ནམ་མཁའི་ཁམས་གང་བར་སྤྲོའོ། །སྔ་མ་གཉིས་སྤྱི་དང་སྦས་པ་བསྐྱེད་རིམ་པའི་གཙོ་བོར་བསྒོམ་བྱ། ཕྱི་མ་འདི་མཐར་ཐུག་རྫོགས་རིམ་པའི་གཙོ་བོར་བསྒོམ་བྱར་བཤད་དོ། །གསུམ་པ་བརྡར་གྱུར་རྡོ་རྗེའི་བཟླས་པ་ལ། མཚོན་བྱེད་བརྡའི་བཟླས་པ་དང་མཚོན་བྱ་བརྡ་ཅན་གྱི་བཟླས་པ་གཉིས་ལས། །དང་པོ་ལ། རགས་པའི་རླུང་ལ་བསླབ་པ། ཕྲ་བའི་རླུང་ལ་བསླབ་པ། གསལ་བའི་རླུང་རྣམ་པར་ཤེས་པ་དང་བསྲེ་བ་ལ་བསླབ་པ་གསུམ་ལས། །དང་པོ་ནི། སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །ཅེས་པས། རགས་པའི་རླུང་ལ་བསླབ་པ་ལ་སོགས་ཐམས་ཅད་བསྟན་པ་ཡིན་ཏེ། རླུང་ནང་དུ་འཇུག་པ། ཨོཾ་གྱི་རང་བཞིན་ཙ་ན་ལུས་ཀྱི་བ་སྤུའི་བུ་ག་ཚུན་དུ་སླེབ་པ། གནས་པ་ཧཱུྃ་གི་རང་བཞིན་ཙ་ན་ལུས་ཁྲིག་གེ་གང་བ། ལྡང་བ་ཨཱཿའི་རང་བཞིན་ཙ་ན་རླུང་ཕྱིར་བརྒྱུས་པས་ལུས་སྟོང་ལྟེབ་སྟེ་སོང་བར་བསམ་མོ། གཉིས་པ་ནི། རླུང་ལྔ་རས་བལ་གྱི་སྐུད་པ་གཞིབས་པ་ལྟ་བུ་གསང་གནས་ནས་ལྟེ་བའི་བར་དུ་རྟ་རྔ་ཙམ་བྲང་ངེ་གནས་པ། ཕྱིར་འབྱུང་བ་གང་འགྲོ་བ་དེ་སྐུད་པའི་སྣ་ནས་འཐེན་པ་ལྟ་བུར་སྣའི་སྒོ་ནས་སོར་ཚད་ཇི་ཙམ་རྒྱུ་བ་ཐུག་ཐོན། འཇུག་དུས་ཚུལ་དེ་ཉིད་ཀྱིས་སྔར་གྱི་རང་མལ་དུ་སླེབ། གནས་དུས་དེ་ཁར་ཁད་དེ་བསྡད་པར་བསམ་མོ། གསུམ་པ་ནི། མིག་གི་ལམ་ནས་ལྡང་བའི་ཚེ་གཟུགས་སོགས་སུ་གསལ་བ། འཇུག་པའི་གཟུགས་ཀྱི་སྣང་བ་ནུབ་པ། གནས་པའི་ཚེ་ཡིད་ཀྱི་རྣམ་ཤེས་རང་མལ་དུ་མི་གཡོ་བ། ཚུལ་དེ་ལྟ་བུས། རྣ་བར་སྒྲ་གང་དང་གང་ཐོས་པ་ལ་སྦྱར་བས་སྒྲ་རྣམས་བྱུང་མ་ཐག་འགགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་པར་འགྱུར་ལ། དེ་ལ་སྒྲ་མཐའི་ཏིང་ངེ་འཛིན་ཞེས་ཟེར་ཞིང་། དེ་བཞིན་སྣ་ལྕེ་ལུས་ཀྱི་བྱ་བ་འགོག་པའང་ཤེས་པར་བྱའོ། གཉིས་པ་མཚོན་བྱ་བརྡ་ཅན་གྱི་བཟླས་པ་ནི། དེ་ལྟར་རྡོ་རྗེའི་བཟླས་པའི་རིམ་གྱིས་རྣམ་པར་མི་རྟོག་པ་བརྟན་པས་རང་བཞིན་གྱི་བཞོན་པའི་རླུང་རྣམས་རང་སར་ཞི་ནས་དབུ་མར་འབབ་ཅིང་། དེར་སྣང་བ་གསུམ་གྱི་རིམ་པས་མི་ཤིགས་པའི་ཐིག་ལེ་མཐོང་བ་ལ་འཇུག་པ་དང་། གནས་པ་དང་ཡང་སྣང་བ་གསུམ་གྱི་རིམ་པས་ལྡང་ངོ་། །ཚུལ་དེ་ལྟ་བུས་རླུང་གི་རྒྱུ་བ་འགགས་ཏེ་འོད་གསལ་ལ་ཡུན་རིང་པོར་གནས་པ་དེ་ལ་འགོག་པ་ཡང་དག་པའི་མཐར་བཏགས། དེ་ལ་སྙོམས་པར་འཇུག་ནུས་པས་རྒྱུ་མཚན་གྱིས་རྣལ་འབྱོར་པ་འདི་ས་བརྒྱད་པ་ཐོབ་པར་བཞག མཚན་ཉིད་ཀྱི་ཐེག་པར་ས་བརྒྱད་པ་བ་དེ་འགོག་པ་ཡང་དག་པའི་མཐའ་ལས་སངས་རྒྱས་རྣམས་ཀྱིས་སློང་བར་བཤད་པ་བཞིན་དུ། འདིའང་མི་ཤིགས་པའི་ཁམས་ཀྱི་ཡུམ་ལྔའི་གླུས་བསྐུལ་ནས་དག་པའི་སྒྱུ་ལུས་པར་ལངས་ནས། ཕྱག་རྒྱ་གསུམ་ཀའམ། ཕྱི་མ་གཉིས་སམ། ཕྱག་རྒྱ་ཆེན་མོ་འབའ་ཞིག་དང་འགྲོགས་པའི་སྤྱོད་པ་གསུམ་མམ་བཞིའི་རིམ་པས་སེམས་ཅན་གྱི་དོན་མཐའ་ཡས་པ་བསྒྲུབ་པ་ལ་འཇུག་པ་ཡིན་ནོ། དེའི་ཕྱིར་ས་བརྒྱད་པ་ལ་མོས་སྤྱོད་ཀྱི་དབང་དུ་བྱས་པ་དང་། འཕགས་པའི་ས་གཉིས་སུ་བཤད་པའི་འདི་ནི་སྔ་མའོ། །བཞི་པ་དོན་དམ་རྡོ་རྗེའི་བཟླས་པ་ནི། དོན་དམ་དེ་བཞིན་ཉིད་ཡིན་ནོ། །སྲོག་ནི་རྒྱུན་མི་འཆད་གྱུར་སྤྲོ། །ཨ་ཝ་དྷཱུ་ཏཱིའི་གནས་སོན་བཟླས། །ཞེས་བསྟན་པའི་དོན། རྡོ་རྗེའི་བཟླས་པ་བཞིའི་དང་པོ་རླུང་མ་ཟིན་པར་ཟིན་པར་བྱེད་པ། གཉིས་པ་ཟིན་པ་བརྟན་པར་བྱས་ཏེ་དབུ་མར་འཇུག་པ། གསུམ་པ་དབུ་མར་ཟིན་པ་དེ་གནས་ཤིང་མཆེད་པར་བྱེད་པ། བཞི་པ་གནས་ཤིང་མཆེད་པར་བྱས་པ་དེ་ཐིམ་པར་བྱེད་པ་ལ་བཞག འོན་ཀྱང་གསུམ་པས་ནི་ཡོན་པོར་འཕོ་བའི་ལས་རླུང་ཐམས་ཅད་དག་པར་བྱས་པས་མཉམ་རྒྱུའི་ཡེ་ཤེས་ཀྱི་རླུང་དུ་བཏང་། འདིས་དེའང་རིམ་གྱིས་དག་པར་བྱེད་པས་འཕོ་བ་མེད་པ་ཉིད་ལ་འགོད་པ་ཡིན་ནོ། །བསྒོམ་པའི་ཚུལ་ནི། སྔར་གྱི་འོད་གསལ་བ་དེའང་སེམས་རྣམ་པར་དབེན་པ་ཙམ་ཡིན་པས་སྣང་བ་གསུམ་པ་ཉིད་དུ་ཟད་ལ། དེ་སོ་སོ་རང་རིག་དང་དབྱེར་མི་ཕྱེད་པའི་བུམ་པ་ཅན་གྱིས་སྦྱངས་པས་ཕྲ་བ་དག་ནས་དེ་བཞིན་ཉིད་ཀྱི་མིང་ཅན་ཐམས་ཅད་སྟོང་པ་འོད་གསལ་བ་མངོན་དུ་བྱེད་ལ། དེའི་ཚེ་མཉམ་རྒྱུ་སྟོང་བརྒྱད་བརྒྱ་པ་གཅིག་ཟད། དེ་ནས་རིམ་གྱིས་སྲོག་རྟག་ཏུ་འཕོ་བ་མེད་པས་རྒྱུན་མི་འཆད་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྤྲོ་བ་གཉུག་མའི་རླུང་དབུ་མར་སོན་པར་བྱ་སྟེ་འདི་ནི་རྡོ་རྗེའི་བཟླས་པ་ཐམས་ཅད་ཀྱི་ཐ་མའོ། །གསུམ་པ་བཅུན་པ་རྩའི་གནད་ནི། རྩ་ཡི་གནད་ནི་འདི་ལྟ་སྟེ། །སྐད་ཅིག་ཙམ་གྱིས་ཡི་དམ་ལྷ། སྒྱུ་མ་ལྟ་བུའི་ལུས་བསྒོམས་ཏེ། །དུས་མེ་སྒྲ་གཅན་དེ་ནས་ཉི། །རི་བོང་མཚན་མས་མཚན་པའི་དབུས། །ཕུག་ནས་གཙུག་ཏོར་དུ་སོན་པ། །དེ་ནི་ཨ་ཝ་དྷཱུ་ཏཱིའི་རྩ། །རྐྱང་མ་རོ་མ་དང་སྦྱར་བ། །གདུགས་དང་ཤིང་རྟ་ལྟར་གནས་པའི། །འཁོར་ལོ་བཞི་དང་བཅས་པ་བསྒོམ། ཞེས་བསྟན་པའི་དོན། མཚོན་བྱེད་སྒྱུ་མས་མཚོན་བྱ་ལྷའི་སྐུ་སྟོང་ར་ལུས་ཚད་ཙམ་དུ་བསྒོམས་པའི་ལུས་ཀྱི་ནང་གི་དབུས་སུ་རྩ་དབུ་མ་ངོ་བོ་ཆོས་ཉིད་མཚོན་པས་སྦུབས་སྟོང་པ། ཁ་དོག་བདེ་བ་མཚོན་པས་དམར་བ། བྱེད་ལས་སྒྲིབ་པ་དག་པས་གསལ་བ། མཚན་ཉིད་སྲོག་ཤིང་མཚོན་པས་དྲང་བ། ལྟེ་འོག་སོར་བཞི་ནས་བཅད་ཁ་གྱེན་དུས་ཀྱི་མེས་མཚན་པའི་ལྟེ་བ་དང་། སྒྲ་གཅན་གྱིས་མཚན་པའི་སྙིང་ག་དང་། ཉི་མས་མཚན་པའི་མགྲིན་པ་དང་། ཟླ་བས་མཚན་པའི་སྤྱི་བོའི་འཁོར་ལོའི་དབུས་ཕུག་ནས་གཙུག་ཏོར་དུ་ཟུག་པ། གཡས་སུ་རོ་མ། གཡོན་དུ་རྐྱང་མ་ལུག་རྗུད་ཀྱི་རྒྱུ་མ་ལྟ་བུ་འོག་གི་སྣ་དབུ་མར་ཚུད་པ། སྟེང་དུ་འཁོར་ལོ་བཞི་དང་གཙུག་ཏོར་ལ་ལུ་གུ་རྒྱུད་ལྟར་འཁྱུད་ནས་སྣའི་སྒོར་ཟུག་པ། དེ་གཉིས་ལ་སྦུབས་ཟུག་པའི་ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་ཡར་བསྟན། སྙིང་གར་བརྒྱད་མར་བསྟན། མགྲིན་པར་བཅུ་དྲུག་ཡར་བསྟན། སྤྱི་བོར་སོ་གཉིས་མར་བསྟན་པས་གདུགས་ཀྱི་སྲོག་ཤིང་དང་རྩིབ་མའམ། ཤིང་རྟའི་འཁོར་ལོ་རྒྱུད་དང་བཅས་པ་ལྟ་བུར་བསྒོམ་མོ། ཇི་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་འཁོར་ལོ་བཞིར་བསྡོམ། དེ་རོ་རྐྱང་གཉིས་སུ། དེ་དབུ་མར་བསྡོམ་པས་དབུ་མ་ཉིད་མ་དག་པའི་རྣམ་འགྱུར་ལས་འཁོར་བ། དག་ནས་གཤིས་ཐོག་ཏུ་བབས་པས་མྱ་ངན་ལས་འདས་པར་མཚོན་པར་བྱེད་པའི་བརྡའོ། །བརྡ་དེས་མཚོན་བྱ་རྟོགས་ན་རྣལ་འབྱོར་པ་དེ་དེ་ཉིད་དུ་གྲོལ་བར་འགྱུར་ཏེ། དེའི་ཕྱིར་ཇོ་བོ་ནཱ་རོ་པ་རྫོགས་རིམ་རྩ་དབུ་མ་ཞེས་བཞེད་པའང་འདི་ཡིན་ནོ། །བཞི་པ་གནས་སྐབས་དུས་ཀྱི་གནད་ནི། དེ་ལ་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམ་འཇུག་པ། །ཐ་མལ་དུས་དང་རྣམ་པ་བཞིར། སེམས་ནི་འཁོར་ལོས་སྒྱུར་རྒྱལ་འདྲ། །ཞེས་བསྟན་པའི་དོན། གཉིད་སྟུག་གི་གནས་སྐབས་ན་སེམས་རླུང་གི་བཞོན་པ་ཅན་སྙིང་གའི་མི་ཤིགས་པ་དང་རོ་གཅིག་ཏུ་འདྲེས་ནས་གནས་པ་དེའི་དབང་གིས་འོད་གསལ་ཆོས་སྐུ་འཆར། དེའི་ཕྱིར་འདི་ལ་ཆོས་འཁོར། འོད་གསལ་ལམ་དུ་བྱེད་དུས་དེར་གཏོད། དེ་མ་རྟོགས་པ་གཉིད་སྟུག་གི་སྒྲིབ་པར་ཤར། རྨི་ལམ་གྱི་གནས་སྐབས་ན་མགྲིན་པར། དེའི་དབང་གིས་ཆོས་ཐམས་ཅད་བདུད་རྩི་ལྔར་བཞག་པའི་བཟའ་བ་དེ་སྒྱུ་མ་ལྟ་བུར་ལོངས་སྤྱོད་པས་ལོངས་སྤྱོད་འཁོར་ལོ། རྨི་ལམ་ལམ་དུ་བྱེད་དུས་དེར་གཏོད། དེ་མ་རྟོགས་ན་རྨི་ལམ་གྱི་སྒྲིབ་པར་ཤར། སྙོམས་འཇུག་གི་གནས་སྐབས་ན་སྤྱི་བོར། དེའི་དབང་གིས་བདེ་བ་ཆེན་པོ་འབྱུང་བས་འདི་ལ་བདེ་ཆེན། ལས་རྒྱ་ལམ་དུ་བྱེད་དུས་དེར་གཏོད། དེ་མ་རྟོགས་པ་སྙོམས་འཇུག་གིས་སྒྲིབ་པར་ཤར། འདིའི་སྙོམས་འཇུག་འཁྲིག་པ་ལ་བྱེད། ཐ་མལ་པའི་གནས་སྐབས་ན་ལྟེ་བར། དེའི་དབང་གིས་ཆོས་ཐམས་ཅད་སྐྱེད་པ་དང་སྡུད་པར་བྱེད་པས་འདི་ལ་སྤྲུལ་པའི་འཁོར་ལོ། གཏུམ་མོ་ལམ་དུ་བྱེད་དུས་དེར་བཏོད། དེ་མ་རྟོགས་པ་སད་པའི་སྒྲིབ་པར་ཤར། དུས་དེ་དང་དེར་ཐབས་དེ་དང་དེའི་གནད་ཀྱི་རྟེན་འབྲེལ་བསྒྲིག་ཤེས་ན་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་མངོན་དུ་འགྱུར་ཏེ། ཁྲག་རྩར་མཚོན་ཕོག་པས་ཁྲག་བརྡོལ་བ་བཞིན་ནོ། འདིར་མ་རིག་པ་གློ་བུར་བ་ཡིན་པས་དོན་ལ་མ་གྲུབ་པར་ཤེས་ན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སེམས་རང་བྱུང་དུ་ཤར་ནས་རྩ་རླུང་ཐིག་ལེ་ལེན་པའི་རྣམ་ཤེས་དང་བཅས་པའི་ཡུལ་ཐམས་ཅད་དུ་དྭངས་མ་ཡེ་ཤེས་ཀྱི་འཁོར་ལོ་སྒྱུར་བ་འཁོར་ལོས་སྒྱུར་བ་བཞིན་ནོ། །ལྔ་པ་དམིགས་པ་ཡུལ་གྱི་གནད་ལ། ཕྱིའི་གཏུམ་མོ། ནང་གི་གཏུམ་མོ། གསང་བའི་གཏུམ་མོ་གསུམ་ལས། །དང་པོ་ནི། ཡུལ་གྱི་གནད་ནི་གསུམ་ཡིན་ཏེ། །ཞེས་བསྟན་པའི་དོན། ངོ་བོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། རྣམ་པ་ནི་རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་བདག་ཉིད། བྱེད་པའི་ལས་ནི་མ་དག་པ་ཐམས་ཅད་འཇོམས་པ་དེའི་ཕྱིར་གཏུམ་མོ་དེ་ལམ་དུ་བྱེད་པ་དམིགས་པའི་ཡུལ་ལ་བལྟོས་ནས་ཕྱི་ནང་གསང་གསུམ་དུ་བཞག་གི ཕྱི་མི་ཟབ་པ་ལྟ་བུ་ལ་སོགས་པའི་སྒོ་ནས་བཞག་པ་ནི་མ་ཡིན་ནོ། །དེ་ལས་དང་པོ། ཕྱི་རོལ་དཀར་དམར་རྣམ་པ་ཅན། ཞེས་པས་བསྟན་པའི་དོན། ཚོགས་དྲུག་གི་གཟུང་བའི་ཆ་ནས་དམར་ཆ། འཛིན་པའི་ཆ་ནས་དཀར་ཆ། དོན་ཤེས་པ་གཅིག་ཉིད་ཡུལ་ཕྱིར་ཆད་ཀྱི་རྣམ་པར་ཤར་བ་དང་། དེ་ཉིད་ཀྱི་མྱོང་བ་ལ་བཞག་པ། དེ་ལྟ་བུས་དཀར་དམར་གྱི་སྣང་བ་གང་སྣང་གི་སྟེང་དུ་དེ་དང་དེར་འཛིན་པའམ། དེ་ལས་གཞན་པའི་ཅང་མེད་པར་ཡང་མི་བལྟ་བར་སེམས་ཀྱི་ངང་བསམ་དུ་མེད་པ་ཉིད་རྩེ་གཅིག་ཏུ་བཞག་པས། ཚོགས་དྲུག་གི་སྣང་བ་རང་དག་ནས་ཐ་མལ་གྱི་ཤེས་པ་སྙིང་གི་དབུས་སུ་སད་པར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོའི་ཙཎྜྻཱ་ལི་ཞེས་བྱ་ལ། དེས་བག་ཆགས་ཀྱི་བུད་ཤིང་མ་ལུས་པ་བསྲེགས་ནས་ཇི་སྙེད་པའི་ཆོས་ཐམས་ཅད་ཉེ་བར་ཞི་བའི་དབྱིངས་སུ་ཆུ་ལ་ཆུ་བཞག་པ་ལྟར་རྣམ་པར་དབྱེ་རྒྱུ་མེད་པ་བྱེད་དེ་ཤིན་ཏུ་སངས་རྒྱས་པས་སོ། །འདི་ནི་འོག་ནས་འཆད་པའི་མཆོག་གི་གཏུམ་མོ་དང་གནད་གཅིག དབང་པོ་རྣོན་པོ་འགའ་དང་པོ་ནས་འདིར་ཁྲིད་རུང་ལ་དགོངས་ནས་འདིར་བསྟན་པ་ཡིན་ནོ། །གཉིས་པ་ནི། རིག་མ་མཚན་ལྡན་གྲོགས་སུ་གཅེས། །ཞེས་བསྟན་པའི་དོན། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས་ཡིད་ཀྱིས་སྤྲུལ་པའི་རིག་མ་ལ་དངོས་སུ་འཁྱུད་ཅིང་རྡོ་རྗེ་དང་པདྨ་མངོན་པར་འདུ་བྱས་ནས་རྗེས་སུ་ཆགས་པའི་གཏུམ་མོའི་མེ་སྦར་ཏེ་བྱང་ཆུབ་ཀྱི་སེམས་ཞུ་བ་གསང་བའི་སྣ་རྩེར་ལྷུང་བའི་དགའ་བ་ནི་སྣང་བ། དེའི་ཕྱི་ལོགས་ཀྱི་མཆོག་ཏུ་དགའ་བ་ནི་མཆེད་པ། དེའི་ཕྱི་ལོགས་ཆགས་པའི་ཕྱོགས་ལས་ནི་བརྒལ། ཆགས་བྲལ་ནི་མ་བྱུང་བའི་བར་ཐོབ་པ་སྟེ། དེ་དུས་ཀྱི་བདེ་བ་སོ་སོ་རང་རིག་པའི་སྔགས་དང་། རླུང་སེམས་དྭངས་མའི་རྗེས་ལས་སྒྱུ་མ་ཆེན་པོར་སྤྲུལ་ཏེ་དེ་ལ་འཁྱུད་ནས་ཡུལ་རབ་འབྲིང་ཐ་མའི་སྣང་བ་ཐམས་ཅད་དེས་སྦྱར་བར་བྱའོ། །དེ་ནི་འོག་གི་འབར་བའི་གཏུམ་མོ་དང་གནད་གཅིག འོན་ཀྱང་ཐོད་བརྒལ་བ་འགའ་དང་པོ་ནས་འདིས་ཁྲིད་རུང་ལ་དགོངས་ནས་བསྟན་ཏོ། །གསུམ་པ་ལ། འབར་བའི་རྣལ་འབྱོར། འཛག་པའི་རྣལ་འབྱོར། སྙོམས་པར་འཇུག་པའི་རྣལ་འབྱོར་གསུམ་ལས། །དང་པོ་ནི། གཏུམ་མོ་ཨ་ཐུང་ཡུལ་གྱི་གནད། །ནང་གི་འཁོར་ལོ་བཞིར་གཏད་དེ། །སྲོག་རྩོལ་སྦྱར་བའི་སྦྱོར་བ་ཡིས། །ལྟེ་བའི་ཨ་ལས་མེ་སྦར་ཏེ། །འཁོར་ལོ་བཞི་བསྲེག་རྩ་ཁ་འབྱེད། །ཅེས་བསྟན་པའི་དོན། ངོ་བོ་ནི་རྫས་ཀྱི་ཐིག་ལེ་མ་ལས་གཙོ་བོར་ཐོབ་པའི་དྭངས་མ། མཚོན་བྱ་མཚོན་བྱེད་གཉིས་ཀའི་སྒོ་ནས་ཡི་གེ་ཨར་བཞག་པ། དབྱིབས་ནི་ལྟེ་འོག་སོར་བཞིའི་དབུ་མའི་མདུད་པ་ལུ་ཏའི་ཡིག་གཟུགས་ཀྱི་ནང་གི་གང་བ་ཡིན་པས་རྣམ་པ་དེ་དང་མཐུན་པར་བཤད། མིང་གཞི་མཐུན་སྡུད་ནས་ཨ་ཤད་ཅེས་བཏགས་པས་སོར་ཕྱེད་པ། ཁ་དོག་དམར་སེར། རེག་བྱ་ཚ་བ། སྤུ་རྩེ་རླུང་གིས་བསྐྱོད་པ་ལྟ་བུར་བསྐྱེད་པ་མྱུར་བ་ཕེཾ་ཕེཾ་གྱི་སྒྲ་སྒྲོག་པ། བསྒོམ་པའི་དུས་འདིར་དབུ་མའི་མས་ཀྱི་ཁ་ནང་། རོ་རྐྱང་གི་མས་ཀྱི་སྣ་འཛོམ་པའི་རྩེར་བསྒོམ། ལུས་གནད་ཞི་དྲག་གང་རུང་གི་རླུང་སྦྱོར། གཏུམ་མོ་བསྒོམ་པའི་དུས་གནད་སྔར་བཤད་པ་བཞིན་སྦྱར་ནས། རླུང་རྔུབ་པ་རོ་རྐྱང་གི་ལམ་དུ་སོང་། དེ་གཉིས་ཕུས་བཏབ་པ་ལྟར་གང་ནས་དབུ་མའི་ནང་དུ་ཞུགས། ཨ་ཤད་ལ་ཕོག་པས་དམར་ལྟེམ་གྱིས་སོང་། །དགང་བ་དང་གཞིལ་བའི་ཚེ་དེ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་བཞག དབྱུང་བའི་དུས་རླུང་དབུ་མའི་ནང་ནས་སྔོ་འཕྱུར་འཕྱུར་དོན་པར་བསམས་ནས་དངོས་སུ་སྣ་ནས་འབུད་དོ། །དེ་ལ་སེམས་རྩེ་གཅིག་པ་ཐོབ་ནས། ཚུལ་དེ་འདྲ་བའི་ལུས་རླུང་དམིགས་པ། ཨ་ཤད་ལས་མེ་སོར་ཕྱེད་པ་རྩེ་མོ་ཤིན་ཏུ་རྣོ་བ་འབར་བས་མཚན་ཉིད་བཞི་ལྡན་དུ་གྱུར་པ་འཕང་ཐུང་ལྟ་བུར་བསམ། དེ་ནས་མེ་སོར་ཕྱེད་ཕྱེད་སྦར། དེ་ནས་ལྟེ་བའི་རྩ་འདབ། ལྟེ་བ་ནས་མར་སོང་རྐང་མཐིལ་གྱི་རྩེའི་བར། ཡར་འབར་སྙིང་ག མགྲིན་པ། སྤྱི་བོའི་རྩ་འདབ་ནས་ལུས་དང་ཚོགས་པ་གཅིག་པ་ལྕགས་གོང་དམར་ལམ་པ་ལྟ་བུ་བསྒོམ་པ་ལ་རིམ་བཞིན་བསླབ་པའོ། །འདིས་དང་པོར་བཙན་དྲོད། ཕྱིས་ནས་དྲོད་ཀླུངས་སུ་ཕེབས་ནས་དགུན་གངས་ཁོངས་སུའང་བལ་རས་རྐྱང་རེས་དྲོས་པ་འབྱུང་ངོ་། །ཟས་སྐོམ་ཕལ་ཆེར་བཅུད་དུ་གྱུར་ནས་ཕྱིར་ཟག་པ་ཇེ་ཉུང་། ལུས་ཀྱི་བཀྲག་མདངས་སྟོབས་ཇེ་ཆེར་འཕེལ་བར་འགྱུར་རོ། །གཉིས་པ་ནི། མེ་ལྕེ་ཧཾ་ལ་རེག་པ་ཡིས། །ནམ་མཁའི་བ་ནི་རིམ་བཞིན་བཞོ། །བྱང་ཆུབ་སེམས་ཀྱིས་རྩ་རྣམས་འགེང་། །ཞེས་བསྟན་པའི་དོན། ངོ་བོ་ནི་མཚོན་བྱའི་ངོས་ནས་ཐབས་སྙིང་རྗེ་ཆེན་པོ། མཚོན་བྱེད་ཀྱི་ངོས་ནས་རྫས་ཀྱི་ཐིག་ལེ་ཕ་ལས་གཙོ་བོར་ཐོབ་པའི་དྭངས་མ། རྣམ་པ་ནི་སྤྱི་བོར་དབུ་མའི་རྩ་མདུད་ཧཾ་ཐིག་ལེ་ནཱ་དས་བརྒྱན་པ་མགོ་བོ་ཐུར་བསྟན་ནང་གི་གང་བ་ཡིན་པས་དེ་མཐུན། བྱེད་ལས་བདེ་བའི་རྒྱུ་བདུད་རྩི་ཁ་བ་ལྟ་བུར་བསིལ་བའི་འོད་ཅན་འཛག་པ། མིང་ནི་དཔྱིད་དམ། རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད། བསྒོམ་པའི་ཚུལ་ནི་གནས་པ་ལྟར་དུ་གསལ་བཏབ་ནས་སྔར་བཞིན་དུ་འབར་བའི་དམིགས་པའི་མཐར་སྤྱི་བོའི་ཧཾ་ཡིག་ཆིལ་གྱིས་ཞུ་ནས་སྤྱི་མགྲིན་སྙིང་ལྟེ་བ་ནས་སེན་མོའི་མཐར་ཐུག་པ་གང་བས་ལུས་ཐམས་ཅད་ཀུནྡའི་མེ་ཏོག་དར་བ་ལྟ་བུར་བསྒོམ་མོ། འདིའི་དང་པོ་ཕོ་བདེ། ཕྱིས་མོ་བདེ་ཞེས་པ་བདེ་བ་ཀླུངས་སུ་ཕེབས་པར་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་འཕེལ། བྱ་སྤྱོད་ཐམས་ཅད་བདེ་བའི་རྐྱེན་དུ་འགྱུར་རོ། །གསུམ་པ་ནི། ཨ་ལ་བབས་ཤིང་ཐིགས་མ་ཆད། །བདེ་སྟོང་དབྱེར་མེད་དོན་ལ་གཟུང་། ཞེས་བསྟན་པའི་དོན། །འདི་ནི་འབར་འཛག་འཐབ་པ་ལ་བསླབ་པ་སྟེ་ཨ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་ཇེ་ཆེར་འབར་བ་དང་བསྟུན་ཧཾ་ཡིག་ལས་ཀྱང་བྱང་ཆུབ་སེམས་ཀྱི་རྒྱུན་ཇེ་ཆེར་བབ་པ་ཚེག་སྒྲ་དང་བཅས་ཨ་ལ་བབ་མ་ཐག་མེ་ལྕེ་ཞི་ལ་ཁད་ཙམ། སླར་དེའི་རྐྱེན་གྱིས་ཆེར་འབར་བ་ལྟེ་བ་ནས་རིམ་གྱིས་སྤྱི་བོའི་བར་དུ་སླེབས་པས་བྱང་ཆུབ་ཀྱི་སེམས་རང་སྟོབས་ཀྱིས་འཛག་པས་སྤྱི་བོ་གང་བ་དང་། དེ་ནས་མགྲིན་པ། སྙིང་ག ལྟེ་བ། གསང་གནས་ནོར་བུའི་མཐར་ཐུག་པར་གང་བ་འཛིན་ནུས་པར་འགྱུར་རོ། །འདིས་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དམ། རྩ་རླུང་བྱང་ཆུབ་ཀྱི་སེམས་ཐམས་ཅད་སྙིགས་མ་ལས་ལོག་པ་དྭངས་མར་བྱེད་པས་འདི་ལ་བྱེད་ལས་ཀྱི་ངོས་ནས་དཔྱིད་ཀྱི་ཐིག་ལེ་ཞེས་བཏགས་སོ། །འབྱུང་བ་རོ་སྙོམས་མ་ཤེས་ན། །བསྒོམས་ཀྱང་རྟོགས་པ་མི་འབྱུང་ངོ་། །ཞེས་བསྟན་པའི་དོན། དེའི་ཚེ་བྱིངས་རྒོད་ཀྱི་སྐྱོན་ཤེས་པ་འདར་ན་རྣམ་པར་ཤེས་པ་རླུང་ལ་བསྐྱོན་ནས་སྣང་བའི་ལྷན་ཅིག་སྐྱེས་པ་རླུང་གིས་རོ་མཉམ། ཤེས་པ་དུས་ཐམས་ཅད་དུ་འཆར་ན་སྟོང་པའི་ལྷན་ཅིག་སྐྱེས་པ་ཆུས་རོ་མཉམ། ཤེས་པ་ཐོག་རྡུགས་ཆེ་ན་ཚུར་ལ་བལྟས་ནས་དབང་གསུམ་པའི་ཉམས་དྲན་པར་བྱས་ལ་ཤེས་པ་གཟེགས་བསྐུར་བ་མེས་རོ་མཉམ། ཤེས་པ་གཟེགས་ཁྱེར་ནས་ལུས་སེམས་མི་བཟོད་ན་གང་ལའང་མ་ཞེན་པར་ཤེས་པ་གློད་ཀྱིན་བཞག་པས་སས་རོ་མཉམ། ཤེས་པ་བདེ་གསལ་མི་རྟོག་པར་གནས་ན་ནམ་མཁར་རོ་མཉམ་མོ། །གཉིས་པ་བྱེ་བྲག་གི་གཏུམ་མོ་ལ། བོགས་འདོན་གྱི་སྐོར། བསམ་མི་ཁྱབ་ཀྱི་སྐོར། གསང་སྒྲུབ་ཀྱི་སྐོར་གསུམ་ལས། །དང་པོ་ལ། དྲོད་ཀྱི་བོགས་འདོན་གཙུབ་ཤིང་མ། བདེ་བའི་བོགས་འདོན་འབར་འཛག གསལ་བའི་བོགས་འདོན་སྣང་བ་ལམ་ཁྱེར། མི་རྟོག་པའི་བོགས་འདོན་ཕྱག་རྒྱ་ཆེན་པོ་བཞི་ལས། །དང་པོ་ནི། བཅོས་ཐབས་བགྲང་གིས་མི་ལངས་ཀྱང་། །ཞེས་པས་བོགས་འབྱིན་ཐབས་དཔག་ཏུ་མེད་པ་ཞིག་ཡོད་ཀྱང་བཞི་པོ་འདིར་འདུས་སོ་ཞེས་བསྟན་པའི་དང་པོ་དེ་ལ། ཨ་ཤད་ལ་སེམས་མ་ཟིན་ན་དེའི་ཚབ་ཏུ་ཨ་སྲན་མ་ཙམ་ཁྲོ་ཆུ་ཁོལ་མ་འདྲ་བའམ། རྒྱ་ཁབ་བཅད་པའི་རྩེ་མོ་ལྟ་བུའམ། མར་མེ་སོར་བརྒྱད་པའམ། ཐིག་ལེ་ཉ་གང་བ་གང་བདེ་ལ་དམིགས་པ་གཏོད། ཡང་ན་ཚད་པ་ཆེ་ན་ཐིག་ལེ། གྲང་བ་ཆེ་ན་མེ་ཁབ་བམ་མར་མེ། བྱིང་རྒོད་ཆེན་ཨ་ལ་གཅུན། དེས་ཀྱང་དྲོད་འབྱུང་བ་དཀའ་ན། ལུས་ཙོག་པུ་རྐང་པ་རེའུ་མིག་ལྟར་བསྣོལ་བའི་མཐིལ་ནས་ལག་པ་བསྣོལ་བས་སམ་ཐུང་ན་རང་གར་གཟུང་། ཕོ་བ་གཡས་གཡོན་དུ་ལན་གསུམ་གསུམ་བསྒྲིལ། མཐར་གཙུབ་གང་ཐུབ་རླུང་གཏོང་ཁར་མགོ་ལུས་མེད་པ་དྲག་ཏུ་སིལ་ལི་ལི་སྤྲུག་ཅིང་རྡེབ། །དེ་ནས་རླུང་གཏོང་། དེ་འདྲ་བ་གསུམ་གྱི་མཐར་ཆིག་རྫོགས་རེ་རེ་བྱ། རླུང་རོ་ལན་གསུམ་བསལ། སྟེང་ཤུགས་ཆེན་པོས་རྔུབ་ཅིང་མནན། ལྷག་པར་རྒྱབ་དྲག་པོར་འཐེན་ནས་ཁ་སྦྱོར་བཅིངས་མི་ཐུབ་ལ་ཁད་ན་རྔུབ་ཆུང་བྱས་ཏེ་མནན། ཡང་མི་ཐུབ་ལ་ཁད་ན་རྔུབ་ཆུང་མནན་པ་གང་ཐུབ་ཐུབ་བྱེད། གཏོང་དུས་ཤུགས་དང་བཅས་ཕུལ་ཏེ་ཕྱིར་ཐང་ཤ་བཅད་དམིགས་པ་ནི། རང་སྟོང་རར་གསལ་བའི་རྐང་ལག་གི་མཐིལ་དུ་ཉི་མ་ཁ་སྦྱར། དྲུག་མདོར་ཉི་མ། ཨ་ཤད་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ། མཐིལ་གྱི་ཉི་མ་བཞི་བསྲུབས་པས་མེ་དཔུང་མཆེད། རྐང་པ་གཉིས་ཀྱི་ནང་བརྒྱུད་གསུམ་མདོར། དེའི་ཉི་མ་ལས་ཀྱང་མཆེད། ཨ་ཤད་ལ་རེག དེ་ལས་ཀྱང་མཆེད། ལུས་རིལ་དང་། ཕྱིར་གཏོང་བའི་ཚེ་སྒོ་དགུ་བ་སྤུའི་ཁུང་ཀུན་ནས་མེ་ལྕེ་ཐོན་པས་མཐོང་ཡུལ་ཐམས་ཅད་མགར་གྱི་སོལ་མལ་གྱི་ལྕགས་སོལ་བ་ཐམས་ཅད་རང་རང་གི་དབྱིབས་མ་དོར་ལ་རྣམ་པ་མེས་དམར་ལམ་པར་བྱས་པ་ལྟ་བུར་བསྒོམ་མོ། །འཇུག་གནས་ཀྱི་དུས་ལུས། ལྡང་དུས་ཕྱིའི་ཡུལ་ལའོ། །ཡང་ན་དམིགས་པ་ལྟེ་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར། བསྒྲིལ་བ་དང་གཙུབ་དུས་རླུང་གཡོས་པས་མེའི་ཕུང་པོ་འབར་བ་འམ། ཡང་ན་ལུས་སྐྱིལ་ཀྲུང་ཁུ་ཚུར་བརླ་ཁུགས་སུ་མནན་པའི་མཐེ་བོང་གཉིས་ལས་མེ་རེས་མོས་སུ་འབར། དེ་ཀའི་ཐད་ནས་དབུ་མར་འོང་བར་བསམ་པས་སོ། དེ་དག་ནི་གཙུབ་གཏན་དང་གཙུབ་ཤིང་བསྲུབས་པ་ལས་མེ་འབྱུང་བ་དང་འདྲ་བས་ན་གཙུབ་ཤིང་མ་ཞེས་བཏགས་སོ། །འདིས་སྣང་བ་ཐམས་ཅད་མེའི་ཕུང་པོར་འབར་བར་མཐོང་བས་དྲོད་བསམ་གྱིས་མི་ཁྱབ་པ་འབྱུང་། དགོན་པའི་མཐོང་གང་གི་ཁྱག་རོམ་བཞུ་ནུས། རས་ཕུད་གཏོང་བ་ལ་སོགས་པར་འདོད་ཀྱང་འདིས་སོ། །གཉིས་པ་ནི། གལ་ཏེ་དྲོད་མ་སྐྱེས་བདེ་བ་ཆུང་ན། ལྟེ་བའི་གཏུམ་མོ་ཤེས་རབ་ཀྱི་མེ་རྒྱ་ཁབ་འདྲ་བར་འབར་བས། བདེ་ཆེན་གྱི་ཧེ་རུ་ཀ་བསྐུལ། དེ་ལས་དང་པོ་བྱང་སེམས་ཀྱི་ཐིག་ལེ་དཀར་ལ་འཚེར་བ་མུ་ཏིག་གི་རྡོག་པོ་ལྟ་བུ་རེ་རེ་ཙམ་ལྷུང་། དེ་ལ་ཚེག་སྒྲ་དང་བཅས་པ་ཕོག་ཅིང་ཐིམ་པའི་དུས་སྣང་བ་བདེ་ཁྲིལ་ཁྲིལ་སོང་། ཡང་དེས་མེ་གསོས་ནས་ཆེས་ཆེར་འབར། ཐིག་ལེ་ཕྲ་མོ་ཡུངས་ཀར་གྱི་ཆར་བཞིན་དུ་འབབ་པ་དང་། ལུས་ཕལ་ཆེར་མེས་གང་། ཐིག་ལེའང་ཞུན་མར་ལྟ་བུར་ཆིལ་ཆིལ་བབས། ལྟེ་བ་མན་སིང་གིས་གང་། དེ་ནས་ཁོག་པའི་རྩ་སོག་མའི་རྐང་དྲ་བར་འབྲེལ་བ་འདྲ་བ་ཐམས་ཅད་དུ་མེས་ཐིག་ལེ་ཁྲིད་པས་ལུས་ཐམས་ཅད་གང་བར་བསམ་པའམ། ཡང་ན། སྟེང་རླུང་གནོན་པ་དང་བསྟུན་སྙིང་ག་ནས་ཐབས་ཐིག་ལེ་དཀར་པོ་སྲན་མ་ཙམ་གཅིག་མར་བབས། ཨ་ཤད་ཀྱི་སྟེང་ཙམ་དུ་སླེབ། འོག་རླུང་འཐེན་པས་ཤེས་རབ་ཐིག་ལེ་དམར་པོ་སྲན་མ་ཙམ་གཅིག་ཨ་ཤད་ལས་བྱེ་ནས་སྟེང་དུ་ཐོན། དེ་གཉིས་སྙོམས་པར་འཇུག་པའི་དགའ་བས་འདར་ཁྲིལ་ལེ་ཡོད་པའི་བར་དུ་རང་གི་སེམས་ཆུད་པས་བདེ་བ་སྦྲིད་ཆིལ་ཆིལ་བ། སླར་སྲིན་པོའི་ཁ་བསྡམས་ནས་འོག་རླུང་དྲག་ཏུ་འཐེན་པས་དཀར་དམར་གོ་ལྡོག་གིས་ལོག དམར་པོ་ཏོག་འཕར་ཏེ་སྙིང་གར་སོང་། དཀར་པོ་ཨ་ཤད་ཀྱི་འོག་ཏུ་བྱིང་། ཡང་རྔུབ་ཆུང་གིས་སྟེང་མནན་པ་དང་བསྟུན་འོག་སྒོ་དྲག་ཏུ་འབྱེད་པས་དམར་པོ་ཐལ་འོངས་པ་ཨ་ཤད་ལ་ཕོག ཡར་ཐབས་སུ་ལྷུང་བས་དཀར་པོའི་འོག་ཏུ་སླེབ། དེར་སྙོམས་པར་འཇུག་པའི་བར་དུ་སེམས་ཆུད་དེ་བདེ་བས་བརྒྱལ་བ་ཙམ་དུ་བསམ། དེ་ནས་རྒྱབ་འཐེན་མདུན་མནན། ཡང་མདུན་འཐེན་རྒྱབ་མནན་པའི་རིང་ཐིག་ལེ་དཀར་དམར་གཉིས་པོ་བུ་བུ་མོ་ཆགས་པས་རྩེ་བའི་འབྲོས་འདེད་བྱེད་པ་ལྟར་གྱེན་དུ་འབྲོས་ཐུར་དུ་འདེད་པར་བསམ་མོ། །འདིས་ནི་ཐིག་ལེ་དཀར་དམར་ཕྲད་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་སྐྱེད་བྱེད་འབར་བས་ཀྱང་ཡིན་ལ་འཛག་པས་ཀྱང་ཡིན་པས་འབར་འཛག་གོ །གསུམ་པ་ནི། བདེ་བ་ཆེན་པོ་སྐྱེས་ཀྱང་ཤེས་པ་མ་གསལ་ན་བྱིང་བ་ཆེན་པོར་འགྲོ་བས་ཤེས་པ་གསལ་བར་བྱ་བའི་ཕྱིར་བུམ་པ་ཅན་དབང་པོའི་སྒོར་བཅིང་། མདུན་དུ་མར་མེའི་འོད་ཏ་ལ་ལ་འབར་བ་མཐོ་གང་ལ་ཤེས་པ་གཏད། ཡང་ན་ཟླ་བའི་དཀྱིལ་འཁོར་དྭངས་ཤིང་སྒྲིབ་པ་མེད་པ་ཆུ་གཉེར་ལྟ་བུར་འོད་ཁྱེམ་ཁྱེམ་ཇེ་ཆེ་ཇེ་ཆེར་འགྲོ་བ་ལའོ། །རྒོད་ན་ཡུལ་གང་སྣང་དེ་ཀའི་ཐོག་ཏུ་ཤེས་པ་བསྒྱུར་ནས་ཡུལ་སྣ་ཚོགས་བདུད་རྩིར་འཐུང་། བྱིང་ན་སླར་སྟེང་རླུང་ཚིར་མནན་རི་བོའི་རྩེ་ལ་གཏད་དེ་སྔར་དགའ་ཞིང་ཞེན་པ་གཅིག་ལ་ཡིད་འགྱུར་བཅུག དེ་ནས་ཞི་བ་དང་དེས་རང་རིག་གི་ནམ་མཁར་རྟགས་བཅུ་ལ་སོགས་པའི་འོད་གསལ་བའི་སྤྲིན་ཅིའང་འཁྲིག དེའི་སྣང་ཆ་ལ་སེམས་ཞེན་དུ་འཇུག་པས་འདིས་སྣང་བ་ལམ་ཁྱེར་རོ། །བཞི་པ་ནི། གསལ་ཀྱང་རྣམ་པར་མི་རྟོག་པ་འབའ་ཞིག་ཏུ་འགྱུར་མི་ཐུབ་ན། རླུང་ཕོ་བར་སྲིལ་གྱིས་མནན་ལ་བུ་ཆུང་ལྷུག་པར་འདུག་པ་བཞིན་གང་ཡང་ཡིད་ལ་མི་བྱ་བར་སེམས་མ་བཅོས་པའི་ཀློང་དུ་བཞག་པར་བྱའོ། །གལ་ཏེ་མི་གནས་པར་འཕྲོ་ན་འཕྲོ་དུས་དེ་ཉིད་དུ་འཕྲོ་མཁན་ངོས་གཟུང་བས་རང་ཞིག་སྟེ་ཆུ་བུར་ཆུར་ཐིམ་པ་ལྟ་བུར་འགྱུར་རོ། ཚུལ་འདི་གསུམ་ཉམས་སུ་ལོན་པ་དེ་ལ་སྤང་བྱ་སྤོང་རྒྱུ་མེད། གཉེན་པོ་བསྒྲུབ་རྒྱུ་མེད་པས་སྲིད་ཞི་མཉམ་ཉིད་དུ་ཁྱེར་བའམ། ལམ་གང་ཤར་ལ་སྤང་བླང་མེད་པའམ། རོ་སྙོམས་ནུས་པ་ཟེར་རོ། ཚུལ་དེ་ལྟ་བུའི་ཉམས་ལེན་ཤེས་པས་ཕྱག་རྒྱ་ཆེན་པོ་བསམ་གྱི་མི་ཁྱབ་པ་སྐྱེ་ལ། དེ་སྐྱེས་པ་དང་མྱང་བྱ་མྱོང་བྱེད་གཅིག་པའམ་མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་རིག་པར་ལྡང་བ་དེའང་འདག་གོ །འདིར་རང་རིག་ཕྱག་ཆེན་ལམ་དུ་བྱེད་པས་འདི་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །གཉིས་པ་བསམ་མི་ཁྱབ་ཀྱི་སྐོར་ལ། གསལ་བ་བསམ་གྱིས་མི་ཁྱབ་པ། བདེ་བ་བསམ་གྱིས་མི་ཁྱབ་པ། མི་རྟོག་པ་བསམ་གྱིས་མི་ཁྱབ་པ། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བཞི་ལས། །དང་པོ་ནི། སྟོང་པའི་གོ་ཆ་གཙིགས་སུ་ཆེ། །ཞེས་པས་དངོས་པོ་གཅིག་ཉིད་དངོས་པོ་ཐམས་ཅད་པར་སྣང་ལ། སྣང་དུས་སུ་དེ་ལྟར་གྲུབ་པ་མ་ཡིན་པ་ནི་སྟོང་པའི་ཆོས་ཉིད་ཡིན་པས་ཚུལ་དེ་འདྲ་ཞིག་ལ་བསམ་གྱིས་མི་ཁྱབ་པ་ཟེར་ཞིང་། དམིགས་ཡུལ་གྱི་སྒོ་ནས་རྣམ་པ་བཞིར་ཕྱེའོ་ཞེས་བསྟན་པའི་དང་པོ་རྟགས་བཅུ་ལ་སོགས་པའི་སྣ་ཚོགས་པའི་གཟུགས་ཤར་ནས་སྟོང་པ་ཉིད་ཀྱི་གཟུགས་བརྙན་དེ་ལས་སྣང་བ་རགས་པའི་སྟེང་དུ་ཁྲིད་པས་སྔར་དེ་ལ་བདེན་པར་ཞེན་པའི་ཕུགས་བརྡོལ་ནས་བདེན་པ་མ་ཡིན་ཞིང་རྫུན་པ་མ་ཡིན་པ་སྒྱུ་མ་ཙམ་དུ་འགྱུར་རོ། །ཡང་དམིགས་པ་ཕྱིར་མ་གཏད་པར་ལྟེ་བ་ལ་སོགས་པའི་ནང་གི་འཁོར་ལོར་གཏད་ན་བསམ་གྱིས་མི་ཁྱབ་པའི་རྩ་གཟུགས་མཐོང་བར་འགྱུར་ཞིང་། དབང་པོའི་སྒོར་གཏད་ན་གཟུགས་རྣམ་པ་ཐམས་ཅད་པ་སོགས་ཀྱང་ཤེས་པ་ཡིན་ནོ། །གཉིས་པ་ནི། རླུང་ཙཎྜྻཱ་ལི་ལ་ཞུགས་པའི་དྲོད་ཀྱིས་རྙེད་པའི་བདེ་བ་གསང་བར་བསྒོམ། དེ་ནས་དེ་མ་ཡོལ་བཞིན་དུ་ལྟེ་བ་ནས་གཙུག་ཏོར་གྱི་བར། དེ་ནས་ལུས་ཐམས་ཅད་དུ་དྲངས། དེ་ནས་སྣང་བ་གང་སྣང་གི་སྟེང་དུ་དྲངས་པས་ཐམས་ཅད་བདེ་བ་ཆེན་པོར་བྱིན་གྱིས་རློབས་པ་དེའི་ཚེ་ལུས་མེར་བསྲེགས། ཁྱག་རོམ་དུ་བསྐྱུར། རྡོའི་བར་དུ་གཙིར་ཀྱང་བདེ་བ་འབའ་ཞིག་ཏུ་འཆར་གྱི། སྡུག་བསྔལ་བ་ཞེས་བྱ་བའི་མིང་ཡང་མེད་དོ། གསུམ་པ་ནི། དེ་ལྟར་ནང་གི་བདེ་བ་ལ་ཞེན་པས་ཕྱི་རོལ་གྱི་ཡུལ་ལ་བློ་མི་འཇུག དེའི་དབང་གིས་རྣམ་པར་ཤེས་པའི་ཚོགས་དྲུག་ངང་གིས་འགགས་ནས་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་བསླན་ནས་བདེ་བ་དེ་ཉིད་སྣང་བ་གསུམ་གྱི་རིམ་པས་སེམས་རྣམ་པར་དབེན་པ་ལ་ཞུགས་ཏེ་གནས་པ་ཡིན་ནོ། །བཞི་པ་ནི། སེམས་རྣམ་པར་དབེན་པ་ཉིད་ལས་ཕྲ་བའི་རླུང་གིས་ལུགས་ཟློག་གི་སྣང་བ་གསུམ་དུ་ལངས་ནས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཞེས་བྱ་བའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དུ་གྱུར་པ་དེའང་དོན་དམ་པའི་བདེན་པས་རྣམ་པར་སྦྱངས་ནས་ཡང་དག་པའི་བདག་ཉིད་ཅན་གྱི་ཚུལ་གྱི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པར་མཛད་པ་འདི་ལ་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་ལ། རྒྱས་པར་སློབ་དཔོན་ཏོག་རྩེ་ཞབས་ཀྱིས་མཛད་པ་ལས་སོ། །གསུམ་པ་གསང་སྒྲུབ་ཀྱི་སྐོར་ལ། རླུང་རྟ་རུ་ཞོན་པ། རླུང་ཟས་སུ་ཟ་བ། རླུང་སྨན་དུ་གཏང་བ་བཞི་ལས། །དང་པོ་ནི། ལུས་ནི་བསྒྲུབས་པར་གྱུར་པ་ན། རྟག་ནི་རྣམ་པ་སྣ་ཚོགས་འབྱུང་། །ཞེས་པས། རྡོ་རྗེའི་ལུས་ཉིད་ལ་རྐང་མགྱོགས་དང་བཅུད་ལེན་ལ་སོགས་པ་སྒྲུབ་པའི་ཐབས་དེ་དང་དེའི་རྟེན་འབྲེལ་གནད་དུ་བསྣུན་པས་གང་འདོད་པའི་རྟགས་དེ་དང་དེས་ཁྱད་པར་དུ་བྱས་པའི་རྟགས་ཅན་གྱི་དངོས་གྲུབ་སྣ་ཚོགས་པ་ཐོབ་བོ་ཞེས་གསུངས་པས་འདིས་གསང་སྒྲུབ་རིལ་གྱིས་བསྟན་པ་ཡིན་ལ། དེའི་དང་པོ། ལྷའི་སྟོང་རར་བསྐྱེད་པའི་རོ་སྨད་རླུང་གི་དལ། རྐང་པ་རླུང་གི་བ་དན་ཡང་ཞིང་འདེགས་པ་གཡོ་བ་དང་བཅས་པ། བཤང་ལམ་ནས་པདྨའི་སྡོང་པོ་གཅིག་བྱུང་སྟེ་ལྟེ་བའི་ཐད་ཀ་ཙམ་དུ་པདྨ་དང་ཉི་མའི་སྟེང་དུ་རྩ་བའི་བླ་མ་སྐུ་ཤེལ་ལྟ་བུ་ལ་རེག་བྱ་ཤིན་ཏུ་ཚ་བ་མེའི་རང་བཞིན་འབར་བ། དེ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བརྒྱུད་པའི་བླ་མ་རྣམས་དང་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་སྤྲིན་གཏིབས་པ་བཞིན་དུ་བྱུང་། དེ་རྣམས་འོད་དམ་བདུད་རྩིའི་རྣམ་པར་ཞུ་སྟེ། ཚངས་པའི་བུ་ག་ཅུང་ཟད་ཡངས་པར་བྱས་པའི་ནང་ན་མར་ཐིགས་པས་བླ་མའི་སྐུ་ལ་ཕོག་སྟེ་སྭ་སྒྲ་དང་བཅས་ཤིང་ཐིམ་པས་མེར་འབར་བར་བསམ། ལུས་ཅུང་ཟད་བསྒུལ་ཞིང་འོག་རླུང་འཐེན་སྟེང་རླུང་མནན་ལ་དམིགས་པ་བླ་མ་ཁོ་ན་ལ་གཏད་པས། རླུང་སེམས་ལས་སུ་རུང་བ་དང་བླ་མའི་མོས་གུས་ཀྱིས་ཡང་བ་དང་། རྩེན་པ་དང་། མགྱོགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འོང་བ་ཡིན་ནོ། །དེ་ནས་ཐུན་མཚམས་སུ་འཕྲེད་གསེགས་ལ་བང་ཚར་རེ་རེ་གཉིས་གཉིས་རྒྱུག དེ་ནས་གྱེན་ཐུར་གཉིས་ལ་གནམ་སྒྲེང་དུ་རྒྱུག་གོ །འདག་སྦྱར་ལྟ་བུ་བྱེད་ནའང་ཁང་པ་འདོམ་གང་གྲུ་བཞི་དཔངས་ཅུང་ཟད་མཐོ་བར་བྱས་ཏེ། རྐང་པ་གཡོན་བསྐུམ་གཡས་བཙུགས་ལག་པའི་མཐེ་བོང་གིས་སྲིན་ལག་རྩ་བ་མནན་ཏེ། ལག་པ་གཉིས་སྟེང་དུ་གཡབ་པའི་ཚུལ་དུ་ལན་གསུམ་རླུང་དང་བསྟུན་ཏེ་མཆོང་ངོ་། དེ་བཞིན་གཡས་བསྐུམ་གཡོན་བཙུགས་ལ་ལན་གསུམ་བྱ། དེ་ནས་རྐང་པ་གཉིས་བཙུགས་ནས་ལན་གསུམ་གསུམ་སྟེ་དགུ་པོ་དེ་ཉིན་རེ་བཞིན་ལན་རེ་སྦྱང་ན་རྐང་པ་ཞ་འཐེང་འཁུམས་ཤིང་སྒུར་བ་ལ་སོགས་པའི་སྐྱོན་ཐམས་ཅད་མི་འབྱུང་ངོ་། །ཐོག་དམས་ནས་མཆོང་དུ་མི་བཏུབ་ན་ལག་པ་ལྕམ་ལ་འཇུས་ཏེ། རྐང་པ་ཡ་གཅིག་ས་ལ་བཙུགས་བ། ཅུང་ཟད་རོ་སྨད་འཕྱང་དུ་བཅུག་ནས་རྐང་པ་ཡ་གཅིག་རླུང་དང་བསྟུན་ཏེ་དྲག་པོར་ལན་གསུམ་སྤྲུག དེ་བཞིན་ཡ་གཅིག་ལའང་བྱའོ། །དེ་ནི་རླུང་རྟ་རུ་ཞོན་པ་ལུས་སྦྱོངས་དང་བཅས་པའོ། འདིས་རྐང་མགྱོགས་ནམ་མཁའ་ལ་འཕུར་ལ། མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་བོ། །གཉིས་པ་ལ། རླུང་ཟས་སུ་ཟ་བ་དང་སྐོམ་དུ་བཏུང་བ་གཉིས་ལས། དང་པོ་ནི། ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་སར་ལུས་སེམས་སྐྱིལ། ལག་པ་པུས་བཀབ། རླུང་ཕྱིར་དྲག་ལ་རིང་བ་གསུམ་བུས། སོ་མཆུ་ལ་བར་ཡོད་པས་ཧཱུ་ཧུབ་ཅེས་སྒྲ་བཅས་སུ་རྔུབ་རྩོལ་བས་མཆིལ་མ་སྒྲ་བཅས་སུ་མིད། ཕྱིར་རོལ་གྱི་ནམ་མཁའ་སྔོ་སྟིམ་གྱིས་ཞུ་བ་ཁ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། ཕོ་ཁ་རླུང་གིས་མ་གང་བར་དུ་ཟ། གང་བ་དང་གྱེན་དུ་འཆུག་གྲབས་འབྱུང་། འཆུགས་སུ་མི་འཇུག གལ་ཏེ་སྒྲེགས་པར་འཆུགས་ན་དེ་ལས་ལྷག་ཙམ་སླར་ཟ། དེ་ནས་འོག་ཏུ་འཆུག་གྲབས། དེར་ཡང་འཆུག་ཏུ་མི་འཇུག དེས་ཕོ་ཁར་ཟས་བཞིན་དུ་ཆགས། ཞུ་མཚམས་ནས་སྔར་བཞིན་དུ་ཟའོ། །འདི་དུས་སྤྱོད་ལམ་དལ་བ་དང་ལུས་སེམས་ལྷོད་གློད་ནས་མལ་གནོན་པ་གལ་ཆེའོ། །རླུང་ཤས་ཆེ་ན་ས་བཅུད་ལྕི་བ་སེར་པོ། ཚ་ཤས་ཆེ་ན་ཆུ་བསིལ་བ་དཀར་པོ། གྲང་ཤས་ཆེ་ན་མེ་ཚ་བ་དམར་པོ། བད་ཀན་ཤས་ཆེ་ན་རླུང་ཡང་བ་སྔོན་པོའོ། ཡང་ན་རང་གི་ཐོད་པ་ཧག་བཀོག་པའི་རྩ་མིག་ཐམས་ཅད །སོག་སྦུབས་བྲེགས་པ་བཞིན་ཡོད་པ། བྲེགས་མཚམས་ཀྱི་ཁ་ཁྱེར་ན་ཕར་ལྷ་མོ་ལྔས་བདུད་རྩིའི་བུམ་པ་ཐོགས་པ། དེ་རྣམས་ཀྱི་རྩ་སྦུབས་ཐམས་ཅད་ན་མར་བདུད་རྩི་བླུགས་པས་མེར་གྱིས་གང་། སྤྱི་བོའི་རྩ་མདུད་རལ། མགྲིན་པ། དེ་ནས་སྙིང་ག དེ་ནས་ལྟེ་བའི་རྩ་མདུད་རལ་དེ་ནས་ལུས་ཐམས་ཅད་བདུད་རྩིའི་རང་བཞིན་རྐྱལ་པ་ཞོས་གང་བ་ལྟར་སོང་བས་སྐྱུག་མེར་སོང་བར་བསམ་ཞིང་སྟེང་འོག་གི་རླུང་ཁ་སྦྱར་དུ་སྒོམ་མོ། །འོག་ནས་ཟ་བ་ནི་ལུས་གནད་ཅུང་ཟད་སྒུར་བས་ཀ་བ་བཙུགས། སྲིན་པོའི་ཞལ་དྲག་ཏུ་འཕུལ་འཐེན་གྱིས་ཕོ་བ་རླུང་གིས་དགང་། དམིགས་པ་འོག་གི་སྒོ་ནས་ཞུགས་པར་བསམ། གཞན་འདྲའོ། གཉིས་པ་ནི། ལུས་སྐྱིལ་ཀྲུང་རྐེད་པ་ཐད་ཀར་བསྲངས། འཐུང་དུས་ལྐོག་མ་དང་མིད་པ་མདུན་དུ་བརྒྱངས། ལྕེའི་རྩེ་མོས་བསྒུལ་བའི་མཆིལ་མ་སྒྲ་བཅས་སུ་མིད་པ་དང་བསྟུན། དམིགས་པ་དཔྲལ་བའི་འཁོར་ལོའི་ཧཾ་ཡིག་དབྱངས་བཅུ་དྲུག་གིས་བསྐོར་བ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ་ལས་བདུད་རྩི་དཀར་ནར་ར་ར་རྐན་གྱི་སྟེང་ནས་ལྕེ་ཆུང་དུ་ལྷུང་། དེའི་སུཾ་ཡིག་མགོ་ཐུར་དུ་བསྟན་པ་ལྟ་བུའི་ཐིག་ལེ་ནས་མར་བབས། ལུས་ཕྲུ་མ་བུས་པ་འདྲ་བའི་ནང་བདུད་རྩིས་དཀར་མེར་གྱིས་གང་བར་བསམ་མོ། གལ་ཏེ་རླུང་ལངས་ན་ཁ་བཙུམ་ནས་སྣ་བུག་གཉིས་ནས་ཕྱི་རོལ་གྱི་རླུང་འདྲོང་ཚད་དྲངས། མཆིལ་མ་སྒྲ་བཅས་སུ་མིད་པ་དང་བསྟུན་ནས་ཟའོ། །སྟེང་ཟས་ཀྱིས་གཟེར་བ་ལ་སོགས་པ་བྱུང་ན་འོག་རླུང་ཡང་ཡང་དུ་འཐེན། དེས་ཀྱང་མྱུར་དུ་མ་ཞི་བར་ཟུག་ཆེ་ན་སྒོག་སྐྱའི་ཐང་གཏོང་། འོག་ཟས་ཀྱིས་སྟེང་དུ་འཚངས་པ་ལ་སོགས་པ་བྱུང་ན་འབེབས་བྱ། འབྱུང་བ་རྒྱུན་གཅོད་བྱེད་ན་ཞག་གསུམ་སོང་ནས་སྒོག་སྐྱའི་ཐང་གཏོང་། ཞག་ལྔ་སོང་བ་ན། ཨོཾ་ཐུད་དེ་ཐུད་དེ་ད་ཐུད་ད་ཐུད་སྭཱ་ཧཱ། ལན་བརྒྱ་རྩ་བརྒྱད་བཟླས་པའི་ཆུ་དུམ་རེ་ཉིན་གྱི་རིགས་འཐུང་། དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ལོན་པའི་རྗེས་ལ་ཆུ་འཐུང་ལ་སོགས་པའི་དཀའ་ཐུབ་གཞན་འཐུང་བས་ཚེ་གང་རིང་ཨེ་འགྲོ་ལྟ། དཀའ་ཐུབ་ཀྱི་རྗེས་ལ་ཟས་བཏུང་གཞུང་མ་གཏང་ན་རྒྱུན་གཅོད་བྱས་པའི་དཀའ་ཚེགས་དོན་མེད་དུ་འགྱུར། འདི་དུས་རྟེན་རྫས་སྒོག་སྐྱས་འབྱུང་བ་ཆ་སྙོམས། ཆུས་སྟོབས་སྐྱེད། དཀར་གསུམ་གྱིས་དབང་པོ་དངས། མངར་གསུམ་གྱིས་རྩ་གསལ། ཆང་ཞིམ་པས་ཏིང་ངེ་འཛིན་འཕེལ་ལོ། མིག་མི་གསལ་ན་ཨ་རུ་རའི་ཐང་། སྣས་དྲི་མི་ཚོར་ན་ཤ་ཆེན་གྱི་གསུར། ལྕེས་རོ་མི་ཚོར་ན་བསྲེག་ཤ་ཁམ་གཅིག་གཉིས། ཁྱོམ་ཁྱོམ་ནང་དུ་རྡིབ་ན་ཆུ་བསྐོལ་ལ་ཀ་ར་བཏབ་པ། བྲུན་མ་ཐོན་ན་མར་ཁམ་གཅིག་ལ་ཚྭ་བཏབ་པ། སྐྱུག་ལོག་གེ་བྱུང་ན་འབུ་ཡིན་པས་སྒོག་སྐྱ། གྲང་བ་སྐྱེ་ན་སྒ་སྤོད་ཀྱི་ཐང་གཏང་ངོ་། །ཤ་རྩམ་ཆང་སྐྱུར་སྔོ་ངད་ལན་ཚྭ་སྤང་། མེ་ཉིར་མི་བསྡད། བུད་མེད་ལ་མི་འཁྲིག་གོ །ཞག་ཉི་ཤུ་རྩ་གཅིག་གིས་རང་སོ་ཟིན། ཟླ་བ་གཅིག་གིས་འབྱུང་བ་ཆ་སྙོམས། གཉིས་ནས་ལུས་ཤིང་བལ་ལྟར་ཡང་། གསུམ་ནས་འབྱུང་བ་དྭངས། རིག་པ་དྭངས་སྙིགས་ཕྱེ། བཞི་ནས་ཏིང་ངེ་འཛིན་དང་ཤེས་རབ་སྐྱེ། ལྔ་ནས་མངོན་ཤེས་འཆར། དྲུག་ནས་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབས་པས་ལས་རབ་འབྱམས་གང་འདོད་འགྲུབ། རྒས་པ་བཅོམ་ནས་བརྒྱད་གཉིས་ཀྱི་ལང་ཚོའི་གང་བ་རྟག་ཏུ་འཆང་། འཆི་བདག་སྐྱེངས་སུ་བཅུག་པས་ཚེ་ཉི་ཟླ་དང་མཉམ་པའམ་ནམ་མཁའ་གནས་ཀྱི་བར་དུ་འགྱུར་རོ། །གསུམ་པ་ནི། འགྲོ་ན་ཇི་ལྟར་འགྲོ །ཉལ་ན་ཇི་ལྟར་ཉལ། སྡོད་ན་ཇི་ལྟར་སྡོད་དང་གསུམ། །འགྲོ་བའི་ཚེ་ལག་པ་གཉིས་མཐེབ་ཆེན་གྱིས་སྲིན་ལག་རྩ་བར་བཅང་། རྐང་པའི་སོར་མོ་རྣམས་བསྐུམ་ལ་འོག་རླུང་འཐེན་ནེ་བྱ་སྟེ། སྟེང་རླུང་གནོན་གྲུབ་ན་བཟང་། མ་བྱུང་ཡང་འགྲོས་ཅུང་ཟད་བསྐྱོད་ནས་རྩེན་རྩེན་ཕྱིན་ན་ལུས་རྩེན་ཅིང་ཡང་ལ་མགྱོགས་པ་དང་། ལུས་མེའི་རྣམ་པ་ལྟ་བུ་དྲོད་མྱུར་དུ་འབར་བར་འགྱུར་རོ། །ཉལ་བའི་ཚེ་ཕོངས་རྩིག་པ་ལ་གཏད། སྔས་མཐོ་བ་གཅིག་ལ་མགྲིན་པ་བཀུག་ལ་ལྟག་པ་གཏད། ལག་པ་གཉིས་པུས་མོ་ལ་བསྡམས་ནས་ཉལ་ན་སྔར་གྲང་བར་འདུག་ཀྱང་ལུས་གནད་བཅས་པ་ཙམ་གྱིས་དྲོད་དུ་འབར་བར་འགྱུར་རོ། །སྡོད་པའི་ཚེ་ན་བསིར་བུའམ་ནམ་ལ་ཤིན་ཏུ་གྲང་བའི་དུས་སུ་ལངས་མ་ཐག་ཏུ་འདར་བའམ་གྲང་འབྲུམ་འོང་ཞིང་འདུག་ན་རྐང་པ་གཡོན་གྱིས་གཡས་པའི་བོལ་གོང་མནན་ལག་བསྣོལ་ལ་བར་ལྷུའི་སྙིང་རྩ་བསྡམས་ནས་པུས་མོ་ལ་བསྐོན། ལྟག་པ་དགྱེད་དེ་བྱས་ལ་འོག་རླུང་འཐེན་སྟེང་རླུང་མནན་ཏེ་འཇམ་རླུང་དུ་བྱས་ན་དྲོད་མྱུར་དུ་འབར་བར་འགྱུར་རོ། རྗེ་བཙུན་མར་མིས་འདི་ཙམ་ལས་མི་གསུང་ལ། ཏི་ཕུ་གོས་སུ་བགོ་བ་འདི་ལ་ལུས་གནད་དང་སེམས་གནད་གཉིས། དང་པོ་འདྲ། གཉིས་པ་མཁའ་འགྲོ་རྩེ་ལྔར་འཆད་དེ་ལོགས་སུའོ། བཞི་པ་ནི། གེགས་སེལ་ཡིད་བཞིན་ནོར་བུ་གསལ་བྱེད་ཉི་མ་ཞེས་བྱ་བ་རྗེ་བཙུན་མར་པའི་ཞལ་སྔ་ནས་ཀྱིས་མཛད་པ་སོགས་ལས་ཤེས་པར་བྱའོ། །གཉིས་པ་རྒྱུད་སོ་སོ་ལས་བཤད་པ་མདོར་བསྟན་པས་གསུངས་པ་ལ། དགྱེས་པ་རྡོ་རྗེ་ལས་བཤད་པ། ཀུན་ཏུ་ཁ་སྦྱོར་ལས་བཤད་པ། གདན་བཞི་ལས་བཤད་པ། འཁོར་ལོ་སྡོམ་པ་ལས་བཤད་པ། ཤུགས་ལས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བཤད་པ་བསྟན་པ་ལྔ་ལས། དང་པོ་ལ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་མོ། དམ་ཚིག་གི་ཕྱག་རྒྱ་བཞི་ལས། །དང་པོ་ནི། ལྟེ་བར་གཏུམ་མོ། ཞེས་པས། ལུས་རླུང་དུས་གནད་སྔར་བཞིན། དམིགས་པ་ཧེ་རུ་ཀ་བཞི་གང་ལ་མོས་པས་རུང་མོད། ད་ལན་བཅོམ་ལྡན་འདས་སྙིང་པོ་དགྱེས་པའི་རྡོ་རྗེ་ལ་ཡུམ་བདག་མེད་མས་འཁྱུད་པ་སྟོང་རར་སྐད་ཅིག་གིས་གསལ་བའི་ཡབ་ཀྱི་སྐུའི་ནང་དུ་དབུ་མ་མཚན་ཉིད་བཞི་ལྡན་ཡར་ཚངས་བུག མར་ལྟེ་འོག་སོར་བཞི་ནས་བཅད་ཁ། རོ་རྐྱང་གཉིས་ཀླད་རྒྱའི་སྟེང་ཚུན་དྲང་པོ། དེ་ནས་སྣ་སྒོ། འོག་དབུ་མའི་ནང་དུ་ཅུང་ཟད་ཆུད་པས་ཡེ་གེ་ཆའི་ཕོངས་ལྟ་བུ། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ཁྲ་བོ། དབུས་སུ་རྡོ་རྗེ་དུས་མེའི་རང་བཞིན་ཨོཾ་ནག་པོ་འོད་སེར་པོ་ཅན་གྱེན་བསྟན། སྙིང་གར་འདབ་བརྒྱད་དཀར་པོ་དབུས་སུ་རྡོ་རྗེ་སྒྲ་གཅན་གྱི་རང་བཞིན་ཧཱུྃ་ཡིག་སྔོན་པོ། ཕྱོགས་ཀྱི་འདབ་མར་བྲཱུཾ་ཨཱཾ་ཛྭིཾ་ཁཾ། མཚམས་ལ་ཨེ་ཝཾ་མ་ཡཱ་ཐུར་བསྟན། མགྲིན་པར་འདབ་མ་བཅུ་དྲུག་དམར་པོ། དབུས་སུ་རྡོ་རྗེ་ཉི་མའི་རང་བཞིན་ཨོཾ་དམར་པོ། ཕྱོགས་སུ་ཨོཾ་ལཾ་བཞི་གྱེན་བསྟན། སྤྱི་བོར་སོ་གཉིས་དཀར་པོ། དབུས་རྡོ་རྗེ་ཟླ་བའི་རང་བཞིན་ཧཾ་ཡིག་དཀར་པོ་མགོ་མེད་ཐིག་ལེ་ནཱ་དས་བརྒྱན་པ་དང་བཅས་པ་ཐུར་བསྟན། རླུང་དབྱུང་བའི་ཚེ་སོ་སོ་ལས་ཁ་དོག་དང་མཚུངས་པའི་འོད་ནམ་མཁའ་ཁྱབ་པར་སྤྲོས། རྔུབ་པ་ན་དེ་དག་ཉིད་ལ་ཐིམ། དགང་བ་དང་གཞིལ་བའི་ཚེ་རྩ་འཁོར་ཡིག་གཟུགས་དང་བཅས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསྒོམ་མོ། །གཉིས་པ་ནི། སྦར་བ་ཡིས། དེ་བཞིན་གཤེགས་པ་ལྔ་སྲེག་ཅིང་། སྤྱན་ལ་སོགས་པ་ཡང་སྲེག་སྟེ། །བསྲེགས་པས་རི་བོང་སྤྱན་ཧཾ་འཛག །ཅེས་པ་དངོས་སུ་ཕྱག་རྒྱ་གཉིས་པ། ཤུགས་ལས་ཐ་མ་གཉིས་ཀྱང་ངོ་། །ཡུམ་འོད་དུ་ཞུ། ཟླ་བ་ལ་གནས་པའི་ཨོཾ་དུ་གྱུར། དེ་བདག་ཉིད་ཀྱི་སྙིང་གའི་ས་བོན་ལ་ཚར་གཅིག་ཐིམ། དེ་ལས་སླར་བྱེ་ནས་ལྟེ་བའི་ས་བོན་ལ་ཐིམ། དེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བས་སྙིང་གའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ས་བོན་ལྔ་བསྲེགས། ཡང་མཚམས་ཀྱི་སྤྱན་མ་ལ་སོགས་པའི་ས་བོན་དང་བཅས་རྩ་བསྲེགས་ནས་མགྲིན་པར་སོང་། མགྲིན་པའི་རྩ་ཡིག་གཟུགས་དང་བཅས་པ་བསྲེགས་ནས་སྤྱི་བོར་སོང་སྟེ་ཧཾ་བསྲེགས། དེ་ལས་མི་ཤིགས་པའི་བདེ་བ་ཆེན་པོའི་གཟུགས་བྱང་ཆུབ་ཀྱི་སེམས་འཛག་པ་དང་ལྷན་ཅིག་ལོག་སྟེ་རྡུལ་དང་ཁུ་བ་གཉིས་སུ་མེད་པར་སྙིང་གའི་ས་བོན་ལ་ཐིམ་པར་བསམ་མོ། །གསུམ་པ་ནི། དེ་ནས་ལུས་ཡས་མས་ནས་ཞུ། སྙིང་གའི་ས་བོན་ལ་ཐིམ། དེ་ཉིད་རིགས་ལྔའི་བདག་ཉིད་དུ་འོད་གསལ་བར་གནས་པའི་ནཱ་ད་ལས་མར་མེ་ལྟ་བུའི་འོད་འཕྲོས་ཏེ་ཨུ་ཕྲག་དོག་གི་རང་བཞིན་གྱི་གཟུགས་ཧ་ལ་ཐིམ། ཧ་འདོད་ཆགས་ཀྱི་རང་བཞིན་སེར་སྣའི་གཟུགས་ཟླ་ཚེས་ལ་ཐིམ། དེ་གཏི་མུག་གི་གཟུགས་ཐིག་ལེ་ལ། ཐིག་ལེ་ཕྱེད་ཞེ་སྡང་གི་གཟུགས་ཐིག་ལེ་ལ་ཐིམ། དེ་ཆོས་ཀྱི་དབྱིངས་ཀྱི་གཟུགས་ཙམ་ལ་ཐིམ་མོ། དེ་ལྟར་ཆོས་ཐམས་ཅད་གཉིས་སུ་མེད་པ། རྟག་པ་དང་། ཆད་པ་དང་། མཐའ་དང་། དབུས་མེད་པའི་མི་གནས་པའི་བདེ་བ་ཆེན་པོ་ནཱ་ད་ཙམ་དུ་སྣང་བ་ལ་སེམས་གཟུང་ངོ་། །བཞི་པ་ནི། དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སྣ་ཚོགས་པའི་སེམས་ཅན་གྱི་སེམས་ཇི་ལྟ་བར་འདུལ་བའི་དབང་གིས་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྤྲོས་ཏེ་སེམས་ཅན་མ་ལུས་པའི་དོན་བྱས་པས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་ཁམས་གསུམ་པ་ཐམས་ཅད་ནི་ལྷ། དེ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོའི་ང་རྒྱལ་དང་མི་འབྲལ་བས་བདེ་བར་སྤྱོད་པར་བྱའོ། །དེས་དང་པོ་སྤྲིན་ལྟ་བུ་མོས་སྤྱོད་ཀྱི་ས་དང་། སྒྱུ་མ་ལྟ་བུ་མ་དག་ས་བདུན་དང་། རྨི་ལམ་ལྟ་བུ་དག་ས་གསུམ་དང་། གཉིད་སད་པ་ལྟ་བུ་རྫོགས་པའི་སངས་རྒྱས་ཀྱི་ས་སྟེ། དེ་དག་རིམ་པ་བཞིན་ཐོབ་པར་འགྱུར་རོ། །གཉིས་པ་ཀུན་ཏུ་ཁ་སྦྱོར་ལས་བཤད་པ་ལ། འཁོར་ལོ་བཞི་ལ་བརྟེན་པ། གཉིས་ལ་བརྟེན་པ། རིམ་པ་བཞིས་དཔྱིད་ཀྱི་ཐིག་ལེ་ཞིབ་མོར་བཤད་པ་གསུམ་ལས། །དང་པོ་ནི། ཨེ་ཝཾ་བཞི་ཡི་བསམ་གཏན་བྱ། ཞེས་བསྟན་པའི་དོན། ལུས་རླུང་དུས་གནད་སྔར་བཞིན་ལ། དམིགས་པ་སྤྱི་བོ་དང་ལྟེ་བའི་འཁོར་ལོ་ཨེ་ཡིག སྙིང་མགྲིན་ཝཾ་ཡིག་སྟེ། ཨེ་ཝཾ་གཟུགས་བསྒྲུབ་པ་ལྟ་བུར་གནས་པའི་འཁོར་ལོ་བཞིའི་བྷ་ག་ཤྲི་ཨ་བ་དྷཱུ་ཏཱིའི་ནང་གི་ལྟེ་བར་ཨེ་ཡེ་ཤེས་ཀྱི་མི་ཤིགས་པའི་ཐིག་ལེ། སྙིང་གར་ཝཾ་ཐུགས་ཀྱི་ཐིག་ལེ། མགྲིན་པར་མ་ངག་གི་ཐིག་ལེ། སྤྱི་བོར་ཡཱ་ལུས་ཀྱི་མི་ཤིགས་པའི་ཐིག་ལེ་དྭངས་ཤིང་སྒྲིབ་པ་མེད་པ་ཡུངས་ཀར་གྱི་ཚད་ཙམ་རི་མོ་ནག་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བས་ཕྱེད་གཤགས་པ་ལྟ་བུར་བྱས་པའི་རེ་ཁཱ་དེར་བལྟས་ཏེ། གཙུག་ཏོར་ཆེན་པོའི་ལྟ་སྟངས་ཅན་གྱི་བསམ་གཏན་དུ་བྱ་བ་ནི། ཐོག་མར་ལྟེ་བར་རོ་རྐྱང་གི་རླུང་དབུ་མར་མཉམ་པ་ཉིད་དུ་བཅིངས་ནས་དེའི་རེ་ཁཱ་ལས་ཁམས་གསུམ་པའི་གཟུགས་སུ་སྣང་བའི་གཏུམ་མོ་བསྒྲུབ། དེས་ཕུང་ཁམས་སྐྱེ་མཆེད་སུམ་ཅུ་རྩ་དྲུག་རང་བཞིན་གྱིས་འོད་གསལ་ཞིང་གཞོམ་དུ་མེད་པའི་རྣམ་པ་རྡོ་རྗེ་འཛིན་པར་འགྱུར་དེ་ནས་སྙིང་གར་ཚུལ་དེ་ཉིད་ཀྱིས་ཁམས་གསུམ་པའི་སྟོང་པའི་གཟུགས་བརྙན་གྱི་གཏུམ་མོ་སྦར་བས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཆེན་པོར་གཅིག་ཏུ་འདྲེས་པའི་མི་འགྱུར་བའི་བདེ་བ་ཐོབ། མགྲིན་པར་ཚུལ་དེའི་ཁམས་གསུམ་པའི་གཏུམ་མོ་སྦར་བས་རྩ་རླུང་ཐིག་ལེ་མི་ཤིགས་པའི་དབུ་མར་ཐིམ་པས་བདག་མེད་པའི་བདེ་བ་ཐོབ་པས་རྗེས་སུ་ཆགས་པ་ཆེན་པོའི་ཤེས་རབ་སྐྱེ། ཚུལ་དེས་སྤྱི་བོར་ཁམས་གསུམ་པའི་གཟུགས་བརྙན་གྱི་གཏུམ་མོ་བསྒྲུབས་པས་ཁམས་སྒྲིབ་བྲལ་དུ་གྱུར་པའི་ཡེ་ཤེས་བདེ་བ་ཆེན་པོ་ཤེས་རབ་སྟོང་པ་ཉིད་ཀྱི་ངང་དུ་ཞུགས་པས་ལྷན་ཅིག་སྐྱེས་པ་ཐོབ། ཚུལ་དེས་རང་བྱིན་གྱིས་རློབས་པ་ན་གང་ལ་གང་མོས་སུ་སྟོན་ནུས། ཞི་སོགས་ཀྱི་ལས་ཐམས་ཅད་མོད་ལ་འགྲུབ། དོན་དུས་འཁོར་ནས་བཤད་པའི་སྲོག་གཟུགས་གྲུབ་པ་ཡིན་ནོ། །གཉིས་པ་ནི། ལྟེ་བ་སྤྲུལ་སྐུར་དགའ་བཞི་བསྐྱེད། ཅེས་བསྟན་པའི་དོན། དེས་སྲོག་བསྐྱེད་རིམ་གྱིས་དང་། ཐུར་སེལ་སྡུད་རིམ་གྱིས་ལྟེ་འོག་ཏུ་འདུས་ནས་སྲོག་ཐུར་གཅིག་ཏུ་འདྲེས། སོ་སོའི་ལམ་འགགས། གསང་གནས་ཀྱི་འཁོར་ལོར་ཐིག་ལེ་ཙམ་གྱི་དམིགས་པ་ལས་ཀྱང་འདས་པའི་དམིགས་མེད་དུ་གྱུར། སྲོག་རྒྱུན་མི་འཆད་པར་ཟླ་བ་དྲུག་ལ་སོགས་པར་འགོག་པར་ནུས། དེའི་ཚེ་སྤྱི་བོར་སྒྲ་དང་ཐིག་ལེར་ལྡན་པའི་ཧ་དང་། ལྟེ་བར་སྒྲ་དང་ཡོན་ཏན་ལྡན་པའི་ཨོཾ་བསྒོམས་ཏེ། གཏུམ་མོ་རང་བྱུང་གི་གྱེན་དུ་འགྲོ་བ་དང་བདུད་རྩིར་རང་བྱུང་གིས་ཐུར་དུ་འོང་བ་རོ་གཅིག་ཏུ་སྙོམས་པར་འཇུག་པ་བུམ་པ་ཅན་གྱིས་བརྟན་པར་བྱས་པས། ཁམས་གཉིས་ཀྱི་མ་དག་པའི་ཆ་ལོག་ནས་ལྟེ་འོག་ཡན་ཆད་ཀྱི་ལུས་ཐམས་ཅད་དུ་བྱང་སེམས་གང་བར་འཛིན་ནུས། ཨེ་ཝཾ་གཅིག་ཏུ་གྱུར་པའི་དགའ་བ་བཞིའི་ཡེ་ཤེས་སྐྱེ་བར་འགྱུར་ཞིང་། བདེ་བ་ཆེན་པོའི་ཡེ་ཤེས་དེ་ལ་གནས་པས་རྒ་བ་དང་འཆི་བ་ཐམས་ཅད་གཞོམ་པར་བྱེད། རིམ་གྱིས་འདོད་པའི་དངོས་གྲུབ་ཀྱང་ངོ་། །གསུམ་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི་ལས། །དང་པོ་ནི། ལྷ་ཡི་རྣལ་འབྱོར་དུས་སུ་ནི། ཞེས་པས་བསྟན་པ། ལུས་རླུང་དུས་གནད་འདྲ། རང་ཉིད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་རྡོ་རྗེ་ཕག་མོ་དང་སྙོམས་པར་འཇུག་པའི་སྟོང་ར་ཡུད་ཀྱིས་གསལ་བཏབ་ལ། ལུས་ཀྱི་དབུས་སུ་རྩ་གསུམ་ལྟེ་བའི་པདྨ་རྣམས་དམར་པོ། དེའི་དབུས་ཀྱི་ཟླ་གདན་ལ་ཨོཾ་འོད་ཟེར་དང་བཅས་པ། ཤར་ནས་བརྩམས་པའི་ནང་བསྐོར་གྱི་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཤིན་ཏུ་གསལ་བ་དང་། ཕྱིའི་འདབ་མ་དྲུག་ཅུ་རྩ་བཞི་ལ་དབྱངས་གསལ་གྱི་ཡི་གེ་ལྔ་བཅུ་མི་གསལ་བའི་རྣམ་པ་དང་བཅས་པ་གྱེན་བསྟན། སྙིང་ཀའི་པདྨ་དཀར་པོའི་དབུས་སུ་ཟླ་གདན་ལ་ཧཱུྃ་ཕྱོགས་གཡས་སྐོར་དུ། ཨ་ཨི་ཨུ་ཨེ། མཚམས་གཡོན་སྐོར་དུ། ཡ་ར་ལ་ཝ་དང་བཅས་པ་ཐུར་བསྟན། མགྲིན་པར་པདྨ་དམར་པོའི་དབུས་སུ་ཟླ་གདན་ལ་ཨོཾ། ཕྱོགས་གཡས་སྐོར་དུ། ཨཱ་ཨཱི་ཨཱུ་ཨཻ། མཚམས་གཡོན་བསྐོར་དུ། ཡཱ་རཱ་ལཱ་ཝཱ་དང་བཅས་པ་གྱེན་བསྟན། སྤྱི་བོར་སྣ་ཚོགས་པདྨ་དབུས་སུ་ཟླ་གདན་ལ་ཧ་མགོ་མེད་ཟླ་ཚེས་ཐིག་ལེ་ནཱ་དས་བརྒྱན་པ། རེ་རེས་བར་བཅད་པའི་འདབ་མ་ལ་དབྱངས་ཡིག་བཅུ་དྲུག་ཟླ་ཚེས་ཐིག་ལེར་བཅས་པ་རླུང་ལྡང་བ་དང་བསྟུན་ལྟེ་བར་ཐུང་ངུ་དབྱངས་གཅིག་བརྗོད་པའི་ཡུན། སྙིང་གར་རིང་པོ་མ་མོ་སྟེ་དབྱངས་གཉིས་ཀྱི་ཡུན། མགྲིན་པར་པླུ་ཏ་ཤིན་ཏུ་རིང་པོ་གསུམ་ཡུན། སྤྱི་བོར་འདིའི་སྒྲ་སྟེ་ནཱ་དའི་ངོ་བོ་ཙམ་གཡས་ཀྱི་ཆ་ལ་བརྟེན་ནས་མས་ཡར་གསལ་བཏབ། འཇུག་པ་དང་བསྟུན་གཡོན་གྱི་ཆ་ནས་ཡས་མར་ཏེ་གསལ་སྣང་བྱུང་བྱུང་དུ་དེ་ལ་བསླབ་བོ། །གཉིས་པ་ནི། སྐྲ་ཡི་རྩེ་མོའི་ཁྱོན་ཙམ་གྱི། །འོད་ཟེར་གློག་སྟོང་འཁྱུག་པ་བཞིན། །བ་སྤུའི་ཁུང་བུའི་ཕྱོགས་མཚམས་ནས། །བྱུང་སྟེ་ཕྱོགས་བཅུར་གནས་པ་ཡི། །ཞེས་པས་བསྟན་པའི་དོན། སྦྱོར་བ་བཞིའི་གནད་ཀྱིས་སྲོག་དང་ཐུར་སེལ་སྦྱར་ནས་ལྟེ་བའི་ཨཾ་བསྐུལ་བས། དེ་གཏུམ་མོའི་མེར་འབར་ཏེ་སྐྲའི་རྩེ་མོ་ཙམ་དུ་ཕྲ་བའི་འོད་ཟེར་གློག་སྟོང་འཁྱུག་པ་ལྟར་དུ་གཡོ་བས་དམ་ཚིག་གི་འཁོར་ལོ་དེ་ཉིད་ཀྱི་རྩ་ཡིག་གཟུགས་རྣམས་བསྲེགས། དེ་ནས་ལམ་གསུམ་བརྒྱུད་དེ་སྙིང་གའི་དང་། མགྲིན་པའི་དང་། སྤྱི་བོའི་དང་། བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་མཐར་ཐུག་པའི་ལུས་ཀྱི་ཕྱོགས་ཐམས་ཅད་བསྲེགས་ནས་སྨིན་མཚམས་གནད་ཀྱི་ཁུང་བུ་ཕྱེ་སྟེ་སྣ་སྒོ་གཡས་ནས་བྱུང་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་གཡོན་ནས་ཞུགས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་སླར་འོངས་པ་སྣ་གཡས་ནས་ཞུགས། གསེར་སྒོ་ཚུན་ཕྱིན། དེ་ནས་དབུ་མའི་ནང་དུ་སོན་པས་སྤྱི་མགྲིན་སྙིང་ལྟེ་བའི་རྩ་དང་ཡིག་གཟུགས་བསྲེགས་པ་རྣམས་སྔར་བཞིན་དུ་གསོས་ཏེ་ལྟེ་བའི་ཨོཾ་ལ་བསྟིམ་ཐིམ་པས་ངལ་གསོ་བར་བསམ་མོ། གསུམ་པ་ནི། ལྷ་དང་ལྷ་མིན། ཞེས་པས་བསྟན་པའི་དོན། ལྷ་ནི་དྭངས་མའི་བྱང་སེམས། ལྷ་མིན་ནི་དེའི་རྣམ་པར་འགྱུར་བའི་ཁམས་རྣམས། དེ་དག་ཀྱང་བཞུ་ནས་གསང་བའི་སྣ་རྩེའི་བར་དུ་གང་བར་འཛིན་པ་ཡིན་ལ། དེའང་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ལྷ་དང་ལྷ་མ་ཡིན་ཐམས་ཅད་གཏུམ་མོའི་དྲོད་ཀྱི་བཞུ་བ། མེ་ལྕེས་ཁ་ཕྱེ་བའི་རྩའི་ཞིང་ཐམས་ཅད་དུ་ཁྱབ་པ་ནི། ནང་གི་ཉི་ཟླའི་གཟུགས་ཐབས་ཤེས་ཀྱི་འདུས་པ་འཁོར་བའི་བར་དུ་རོ་མཉམ་པའི་བདེ་ཆེན་ཉམས་སུ་མྱོང་བ་ཡིན་པས་དཔྱིད་ཀྱི་ཐིག་ལེ་ཞེས་བྱའོ། །དེ་ཉིད་ཀྱང་སྤྱི་བོ་ནས་གཟུང་མགྲིན་པའི་བར་བདེ་བ་ཆུང་ངུ་དགའ་བ། དེ་ནས་སྙིང་གའི་བར་འབྲིང་པོ་མཆོག་དགའ། དེ་ནས་ལྟེ་བར་གྱིས་ཆེན་པོ་ཁྱད་དགའ། དེ་ནས་གསང་གནས་ནས་ནོར་བུའི་བར་གྱིས་ཆེན་པོའི་ཆེན་པོ་ལྷན་ཅིག་སྐྱེས་དགའ་སྟེ་འཇིག་རྟེན་པའོ། །དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་ཆེན་པོའི་ཆེན་པོར་དབྱེ་བས་བཞི་བཞི་བཅུ་དྲུག ཉི་མའི་སྦྱོར་བ་ལ་བལྟོས་ཏེ་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །འདིའི་མཆོག་ཏུ་དགའ་བ་དང་ཁྱད་དགའ་གཉིས་བླ་མེད་ཀྱི་རྒྱུད་ནས་གསུངས་པའི་ལོངས་སྐུ་དང་སྤྲུལ་སྐུ་ཐབས་དང་ཤེས་རབ་ནས་ཡོན་ཏན་དང་སྐྱོན་གྱི་བར་ཉི་ཤུ་ཉི་ཤུ་གསང་བའི་དེ་ཉིད་ནས་དང་། ལྷན་ཅིག་སྐྱེས་དགའ་ལ་རྡོར་སེམས་དང་། དཔལ་ཧེ་རུ་ཀ་དང་། མཁའ་འགྲོ་མ་དྲྭ་བ་སྡོམ་པ་ཞེས་དཔྱིད་ཐིག་ཏུ་གསུངས་སོ། །བཞི་པ་ནི། བསྡིགས་པར་མཛད། ཅེས་པས་བསྟན་པའི་དོན། ཡས་བརྟན་གྱི་ལྷན་ཅིག་སྐྱེས་དགའ་དེ་རྣམ་པ་མེད་པའི་འོད་གསལ་གྱིས་སྲེག་པར་བྱེད་པས་སོ། །རྒྱུ་དེས་ནོར་བུ་ནས་ལྟེ་བའི་བར་དུ་འཛག་མེད་ཀྱི་བྱང་སེམས་འཕེལ་བཞིན་པས་སྟེང་དུ་འགྲོ་སྟེ་བདེ་སྟོང་གི་ཡེ་ཤེས་ཕུལ་དུ་བྱུང་བ་འགུགས་པར་བྱེད་པ་དེ་ལ་ཆུང་ངུས་ལྟེ་བར་རྒྱུ་མཐུན་དང་། འབྲིང་པོས་སྙིང་གར་རྣམ་སྨིན་དང་། ཆེན་པོས་མགྲིན་པར་སྐྱེས་བུ་བྱེད་པ་དང་། ཆེན་པོའི་ཆེན་པོས་དཔྲལ་བར་དྲི་མ་མེད་པ་ཉིད་ཀྱི་བཅོམ་ལྡན་འདས་རྩ་པདྨ་འདབ་མ་བཞི་རུ་ཡང་དག་པར་འབྱུང་སྟེ། དེ་རེ་རེའང་བཞི་བཞི་ཡིན་ལ། ཉི་མ་ལ་བལྟོས་ནས་གསུམ་གསུམ་མོ། །གསུམ་པ་གདན་བཞི་ནས་བཤད་པ་ལ་སྦྱོར་བ་དྲུག་གི་མན་ངག་དང་། གཙུབ་ཤིང་མེའི་འཁོར་ལོ་གཉིས་ལས། །དང་པོ་ལ། དངོས་པོར་གནས་པའི་སྦྱོར་བ་དྲུག ལམ་ཉམས་སུ་ལེན་པའི་སྦྱོར་བ་དྲུག འབྲས་བུ་མངོན་དུ་བྱེད་པའི་སྦྱོར་བ་དྲུག་ལས། དང་པོ་ནི། ལུས་སེམས་སྲོག་གི་དབྱུག་པ་ལ། སྦྱོར་བ་དྲུག་གི་མན་ངག་གནས། །ཞེས་བསྟན་པའི་དོན། ཕུང་པོ་ལྔའི་བདག་ཉིད་ཀྱི་ལུས་འདི་ལ། ངོ་བོ་སྟོང་ཉིད། མིང་ཕྱར་ཡང་། ཡིན་པ་ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་ཁམས་ཀྱི་མི་ཤིགས་པའི་ཐིག་ལེ་སྟོང་པ་དྲུག རྣམ་པ་འཁོར་ལོ་དྲུག་གི་སྙིང་ག སྲོག་གི་དབྱུག་པའི་ནང་དེར་ཟླ་བ་ཕྱེད་པའམ་རླུང་འཁོར་ལྟར་གཞུའི་དབྱིབས་སུ་གནས་པའོ། །གཉིས་པ་ལ། ལུས་ཀྱིས་སྦྱོར་བ་དྲུག རྩའི་སྦྱོར་བ་དྲུག རླུང་གི་སྦྱོར་བ་དྲུག དུས་ཀྱི་སྦྱོར་བ་དྲུག ཉམས་ཀྱི་སྦྱོར་བ་དྲུག་ལས། །དང་པོ་ནི། ཐབས་དང་བཅས་ན། ཞེས་པས་ཉམས་སུ་ལེན་པའི་རྣལ་འབྱོར་རིལ་གྱི་བསྟན་པ་ཡིན་ལ། དེ་ལས་དང་པོ་འདི་ནི་མིག་གི་ལྟ་སྟངས་ཞར་བྱུང་དུ་བྱས་པའི་ལུས་ཀྱི་བྱེད་ཆིངས་དྲུག་གོ །གཉིས་པ་ནི། རང་ཉིད་རྡོ་རྗེ་གདན་བཞི་སྟོང་རར་གསལ་བའི་སྐུའི་དབུས་ན་རྩ་གསུམ་འཁོར་ལོ་དྲུག་གནས་པ་ལྟར་དུ་བསྒོམ་པའོ། །གསུམ་པ་ནི། རླུང་མཉམ་རྒྱུ་འདུག་མེད་བརྟགས་ནས་འདུག་པའི་དུས་སུ་བསྒོམ་པ་རླུང་བརྟག་པ། ཡོན་པོར་འཕོ་ན་ནུ་མ་གཅུད་ལ་བོར་ནས་མཉམ་རྒྱུ་བསྒྲུབ་པ་ནི་ཞི་བ་སོ་མཉམ་པ། དེ་གཉིས་ནི་སྔོན་འགྲོ། རྔུབ་དགང་གཞིལ་དབྱུང་བ་ནི་རླུང་སྦྱོར་དངོས་སོ། བཞི་པ་ནི། གསང་གནས་མེའི་འཁོར་ལོའི་ཕྱར་ཡང་གི་ཐིག་ལེ་ཤེས་བྱ་སྒྲའི་དེ་ཁོ་ན་ཉིད་ཀྱི་ཨ་ཐུང་རྣམ་པ་དམར་སེར་གློག་གི་དབྱུག་པ་ལྟ་བུ་ལ་དམིགས་ཏེ། རླུང་བརྔུབ་པ་ན་སྣང་བའི་ཚོགས་ཁམས་ཕྲ་བ་ལ་གཞུག་ཁམས་ཕྲ་བ་ནི་སེམས་ལ། སེམས་ནི་སེམས་ལས་བྱུང་བ་ལ། སེམས་ལས་བྱུང་བ་ནི་མ་རིག་པ་ལ་གཞུག མ་རིག་པ་ལ་རབ་ཏུ་ཞུགས་པའི་སྐད་ཅིག་མ་ལ་དྲན་པ་བརྗེད་པ། དེའི་ཕྱི་ནས་བརྗེད་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་དེ་དགང་བ་དང་གཞིལ་བའི་ཚེ་བསྒོམ། དབྱུང་བའི་ཚེ་དེ་ལས་རླུང་གི་རང་བཞིན་རྙེད་དེ་ལུགས་བཟློག་གི་སྣང་བ་གསུམ་གྱི་རིམ་པས་ལྡང་བ་དང་བསྟུན་གཏུམ་མོའི་མེ་སོར་བཞི་ཙམ་འབར་བར་བསྒོམ་མོ། །འདི་ནི་གཏུམ་མོ་ཨ་ཐུང་ལ་བསླབ་པའོ། །དེ་ལ་མི་གནས་པར་རྣམ་རྟོག་ཏུ་འཕྲོ་ན་སྔར་གྱི་མེ་ལྕེ་ལྗང་ཁུ་ལྟེ་བའི་ཕྱར་ཡང་ལས་མཆེད་པའི་སེར་པོ་དང་། སྙིང་ག་ནས་དཀར་པོ་དང་། མགྲིན་པ་ནས་དམར་པོ་དང་། སྤྱི་བོ་ནས་ནག་པོ། གཙུག་ཏོར་ནས་གནམ་ཁ། ཐམས་ཅད་རས་བལ་གྱི་སྐུད་པ་བརྐྱང་བ་བཞིན་དུ་གྱེན་དུ་ཧཱུྃ་གི་སྒྲ་གྲགས་བཞིན་པས་སྣ་སྒོར་བྱུང་ནས་ཁམས་གསུམ་མེ་རླུང་དེའི་རང་བཞིན་ཙམ་དུ་བྱ་ཞིང་། སླར་ནང་དུ་ཞུགས་ནས་ཐུར་དུ་ཨོཾ་གྱི་སྒྲ་དང་གནས་པ་གསང་བར་ཨའི་སྒྲ་དང་བཅས་པར་བསམ་མོ། །དེ་ནི་གཙུབ་ཤིང་མེའི་འཁོར་ལོ་ལ་བསླབ་པའོ། །དེ་ལ་གོམས་པར་བདེ་བ་ཤས་ཆུང་ན་ཡེ་ཤེས་ཀྱི་འོད་ཟེར་དེས་གཡོན་པ་དང་གཡས་པའི་རྩར་བགྲོད་པ་རྣམ་པར་ཤེས་པ་ལ་སོགས་པ་དང་། ས་ལ་སོགས་པའི་རང་བཞིན་རྣམས་བསྲེགས་ནས་དཔྲལ་བའི་ཟླ་བ་ལ་རབ་ཏུ་བཅུག གསང་གནས་སུ་མེ་ནས་ཙམ་པ་གཅིག་གི་སྟེང་དུ་ཐིག་ལེ་དམར་པོ། སྟེང་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་པ་དེ་གཉིས་སྙོམས་འཇུག་གི་ཚུལ་དུ་འདར་ཁྲི་ལི་ཡོད་པར་བསམ་མོ། །དེ་ནི་བདེ་བའི་གཏུམ་མོ་ལ་བསླབ་པའོ། །དེ་ནས་ཐིག་ལེ་དཀར་དམར་མེ་དང་བཅས་པ་རང་བྱུང་དུ་གནས་པའི་གཏུམ་མོར་གྱུར་པ་འབར་ཏེ་སྤྱི་བོའི་ཟླ་བ་ལ་རེག་པས་ཐིག་ལེ་དཀར་པོ་སྲན་མ་ཙམ་གཅིག་ཐིགས། དེས་མེ་དམར་སྤུངས་སྤུངས་དྲོས། ཡང་དེའི་རྐྱེན་གྱིས་ཆེར་འབར་བར་བསྒོམ། དེ་ནས་གཏུམ་མོའི་དྲོད་ཀྱིས་ཟླ་བ་ཞུ་བར་གྱུར་པ་ན་བྱང་ཆུབ་ཀྱི་སེམས་དེ་ཐིག་ལེའི་གཟུགས་ཀྱིས་འོག་ཏུ་བགྲོད་མགྲིན་པ་དང་། སྙིང་ག་དང་། ལྟེ་བར་དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བའི་རང་བཞིན་དང་། དེ་ནས་རྡོ་རྗེ་ནོར་བུ་ཇི་སྲིད་པར་ལྷན་ཅིག་སྐྱེས་དགའི་རང་བཞིན་ཏེ། དེ་ལྟར་ཆ་བཅུ་དྲུག་རྫོགས་པ་ནོར་བུའི་ནང་དུ་སོན་པ་གང་གི་ཚེ་བསྒོམ་པའི་སྟོབས་ཀྱིས་བདེ་བ་སྟེར་བ་ནི་འཛག་པའོ། །དེ་ནི་གཏུམ་མོ་འབར་འཛག་ལ་བསླབ་པའོ། །དེས་བདེ་བ་ཆེའང་རིག་པ་ཐིབས་སེ་བ་བྱུང་ན། འཁོར་ལོ་ལྔའི་སྙིང་གའི་པདྨའི་དབུས་སུ་ཟླ་བ་ལ་སྤྱི་བོར་ཧཾ། མགྲིན་པར་ཨོཾ། སྙིང་ག་དང་ལྟེ་བར་ཨ། གསང་བར་ཨ་ཤད་དེ། དང་པོར་མགྲིན་པའི་ཨོཾ་ལས་འོད་འཕྲོས། ཧཾ་ལ་ཕོག དེ་ལས་ཕྱིར་བྱུང་སྟེ་ཡུལ་གྱི་སྣང་བ་ཐམས་ཅད་བསྡུས་ཏེ་དེ་ལ་ཐིམ་པས་དེ་ཉིད་མར་མེའི་རྩེ་མོ་ལྟ་བུར་བསྒོམས་པའི་དྲོད་ཀྱིས་བྱང་ཆུབ་ཀྱི་སེམས་རང་ཤུགས་སུ་ཞུ་བ་ཟླ་བའི་འོད་ཟེར་ལྟ་བུའི་བདེ་བ་ཆེ་འབྲིང་ཆུང་གསུམ་སྐྱེ་བས་གོམས་པར་བྱའོ། །དེ་ནས་སྙིང་གའི་ཨ་སྣང་བ་མཆེད་པ་ཉི་མ་ལྟ་བུའི་འོད་དང་། སྤྲོ་བསྡུས་བསྲེ་ཞིང་ལྟེ་བའི་སྣང་བ་ཐོབ་པའི་ཨ་དང་ཡང་བསྲེས་པས་རང་བཞིན་ཕྲ་རགས་གསུམ་འགགས་པའི་བདེ་སྟོང་ལ་གོམས་པས་ཨ་ཤད་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་ཅན་དུ་གཞུག་པར་བྱའོ། །དེ་ནི་སྣང་བ་དཀར་དམར་གྱི་གཏུམ་མོ་ལ་བསླབ་པའོ། །དེ་ནས་རྣམ་པར་མི་རྟོག་པའི་ངང་ལ་བཞག་པ་ནི་ཕྱག་རྒྱ་ཆེན་མོའི་གཏུམ་མོ་ལ་བསླབ་པའོ།། ལྔ་པ་ནི། སྲོག་དབུ་མར་ཞུགས་ནས་ཉིན་ཞག་གཅིག་འཆིང་ན་ནད་མེད་པ་དང་། བཅོ་ལྔས་ནམ་མཁའ་ལ་འཕུར་བ། ཟླ་བ་གཅིག་གིས་འཆི་མེད། ཟླ་བ་དྲུག་གིས་བྱང་ཆུབ་ཀྱི་སེམས་མི་འཕོ་བར་འཆིང་བ། ལུས་སྲོག་གི་གཟུགས་འགྲུབ། རྒྱུན་དུ་འགགས་པས་ཐར་པ་སྟེར་བའི་དུས་སོ། །དྲུག་པ་ནི། ཤིན་ཏུ་འབར། ཞེས་པས་གནས་སྐབས་སུ་ཉམས་དྲུག མཐར་ཐུག་རིགས་དྲུག་གི་གོ་འཕང་ཐོབ་ཚུལ་གཉིས་ཀའི་བཤད་པ་ལས། དང་པོ་རིགས་དྲུག་གི་རྩའི་རླུང་རྒྱུ་བ་འགགས་པས་མངོན་པར་ཤེས་པ་དྲུག་ཤར་བའོ། །གཉིས་པ་ནི། ས་ལ་སོགས་པའི་ཁམས་དྲུག་སྒྲིབ་པ་དང་བྲལ་བ་ལས་འཁོར་ལོ་ལ་སོགས་པ་རིགས་དྲུག་གི་གོ་འཕང་ཐོབ་པར་འགྱུར་བའོ། །འདི་ཐིག་ལེ་སྐོར་གསུམ་གྱིའང་མན་ངག་གོ །གཉིས་པ་གཙུབ་ཤིང་མེའི་འཁོར་ལོ་ལ། ལུས་ཀྱི་འཁྲུལ་འཁོར་གྱིས་རྩ་རླུང་དངོས་སུ་དགོད་པ། ངག་གི་འཁྲུལ་འཁོར་གྱིས་རླུང་ནད་རྩ་ནད་འདོན་པ། སེམས་ཀྱི་འཁྲུལ་འཁོར་གྱིས་གཉུག་མ་གཏན་ལ་དབབ་པ་གསུམ་ལས། །དང་པོ་ནི། ལྟེ་བར་ཆུ་ཤིང་སྙིང་པོ་གནས། །ཞེས་བསྟན་པའི་དོན། ལུས་རེའུ་མིག་བཞིན་བསྣོལ། རྒྱ་མདུད་ལྟར་བཅིང་། མངའ་ལྟར་བསྲང་ལྕགས་ཀྱུ་ལྟར་བཀུག ལི་ཁྲི་ལྟར་སྒྲིམ། རང་ཡེ་ཤེས་དབང་ཕྱུག་མ་ཕྱག་གཉིས་མར་གསལ་བཏབ་པའི་གསང་གནས་སུ་རླུང་གི་དཀྱིལ་འཁོར་ནག་པོ་གཞུ་བདུང་པ་ལྟ་བུ་བ་དན་དང་ཡཾ་གྱིས་མཚན་པ་གཡོ་བའི་རང་བཞིན། དེའི་སྟེང་དུ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པ་རེག་བྱ་ཚ་བའི་ལྟེ་བ་ནས་དབུ་མ་ཆུ་ཤིང་གི་སྙིང་པོ་ལྟར་སྤྱི་བོ་ཚུན་ཐལ་མར་ཟུག་ཅིང་དེའི་མེ་ཏོག་ལྟར་ཁ་ཅུང་ཟད་འོག་ཏུ་ཕྱོགས་པར་ཧཾ་ཡིག་བདུད་རྩི་འཛག་པ། མར་སྣར་ཨ། དེ་ནས་སྟེང་རླུང་མནན། འོག་རླུང་བསྡམ། བར་རླུང་དཀྲུགས་པས་རླུང་གཡོས་པས་མེའི་དཀྱིལ་འཁོར་འབར་ཞིང་ཨ་ལ་རེག་པས་མེ་མཚན་ཉིད་བཞི་ལྡན་དྷཱུ་ཏཱི་ནས་ཡར་སོང་། ཧཾ་ལ་ཐིམ་པས་ཞུ་སྟེ་ཐིགས་པ་མེ་འབར་བ་ལ་ཕོག་པས་ཅུང་ཟད་དྲོས་ཤིང་སླར་མཆེད་དེ་ལུས་ཕྱི་ནང་ཐམས་ཅད་དུ་སོང་བས་སྣང་བ་ཐམས་ཅད་མགར་གྱི་སོལ་མལ་ལྟ་བུར་བསམ་པར་བྱའོ། །དེའི་ཚེ་ཕོ་བ་གཡས་གཡོན་དུ་བསྐོར་ཞིང་ཙམ་ཐུབ་ཀྱི་བར་གཙུབ་ཤིང་ལྟར་གཙུབ་བོ། །མ་ཐུབ་ན་ཁད་ཀྱིས་གཏང་། ཡང་སྔར་བཞིན་བྱའོ། །གཉིས་པ་ལ། ཕྱི་རླུང་རྩ་ལ་རེངས་པ་འདོན་པ་དང་། ནང་རླུང་སེམས་ལ་རེངས་པ་འདོན་པ་གཉིས་ལས། །དང་པོ་ནི། སྙིང་གར་ཡང་ནི་བསྒྲེང་སྟེ་གནས། །ཞེས་བསྟན་པའི་དོན། ཨ་བ་དྷཱུ་ཏཱི་ཆུ་ཤིང་གི་སྡོང་པོ་དང་། སྙིང་ཆུ་ཤིང་གི་མེ་ཏོག་ལྟ་བུར་ཁ་ཐུར་དུ་ཕྱང་ངེར་གནས་པ་དེ་ཁ་གྱེན་དུ་བསྒྲེངས་ཏེ་ཐོར་ཏོ་ནས་བཞིར་བཤག་གིས་གས་པས་འདབ་མ་བཞིར་སོང་བའི་དབུས་སུ་རླུང་སེམས་འདྲེས་པའི་ཐིག་ལེ་ནང་སྟོང་པ། དེའི་དབུས་སུ་ཧཱུྃ་སྤུས་བྲིས་པ་ལྟ་བུ་གཅིག་བསམ་ཏེ། སྔར་བཞིན་དུ་བསྒོམ་པས་སྤྱི་བོའི་ཧཾ་ཞུ་བའི་རྒྱུན་བའི་ནུ་མ་སྟེ་ལྕེའུ་ཆུང་དུ་ཕབ། དེ་ལྕེ་རྩེས་ཅུང་ཟད་བསྒུལ་བའི་མཆིལ་མ་མིད་ཅིང་བདུད་རྩི་སྙིང་གི་ཐིག་ལེའི་ནང་དུ་སོང་ནས་ཧཱུྃ་ལ་ཕོག་པས་འོད་དཀར་པོ་རྣོ་སིབ་སིབ་པ་བ་སྤུའི་མཐར་ཐུག་པར་འཕྲོས་པས་སྙིང་དང་ལུས་ཐམས་ཅད་བརླན་པར་བསམ་མོ། །མཐར་ལུས་སྤྲུག་ཅིང་ཧ་ཞེས་མང་དུ་འདོན་ནོ། །གཉིས་པ་ནི། རྟག་ཏུ་སྟོང་པའི་སྒོ་ཡིན་ཏེ། །མཁས་པས་རྒྱུན་དུ་བཟློག་པར་བྱ། །ཞེས་བསྟན་པའི་དོན། སྟོང་པ་ཆོས་འབྱུང་གི་ཁར་མཁས་པ་ལྔས་ཐིག་ལེ་ཟློག་པར་བྱེད་པ་སྟེ། རང་ཉིད་རྣལ་འབྱོར་ནམ་མཁའ་དང་། མདུན་དུ་ཡུམ་ཡེ་ཤེས་དབང་ཕྱུག་མ་བསམས་ཏེ། དེའི་བྷ་ག་བ་ལང་གི་རླིག་པ་འདྲ་བ་དེས་རླུང་གིས་ས་བོན་ཡི་གེ་ཧཱུྃ་ནག་པོ། གཡོན་དུ་མེའི་ས་བོན་དམར་པོ། སྙོམས་འཇུག་བྱས་པས་ཧཱུྃ་ནག་པོ་ལས་རླུང་གཡོས་དམར་པོ་ལ་ཕོག་མེར་འབར། མེ་ལྕེ་རྡོ་རྗེའི་བུ་ག་ནས་ཡར་སོང་བས་བྱང་སེམས་དཀར་པོ་ཕབ། ཡུམ་གྱི་བུ་ག་ནས་ཡར་སོང་བས་དམར་པོ་ཕབ། ཡབ་ཡུམ་གྱི་དབུ་མ་ཕྲད་པའི་སྣ་རྩེར་ཐིག་ལེ་དཀར་དམར་སྙོམས་པར་ཞུགས་པ་འདར་འཕར་གཡོ་བ་ལ་དམིགས་པས་འབེབས་པ་ལ་མཁས་པ་རུས་སྦལ་གྱི་འགྲོས་ལྟ་བུ། འཛིན་པ་ལ་མཁས་པ་རྫིང་གི་འོར་ཁུང་དགག་པ་ལྟ་བུ། བཟློག་པ་ལ་མཁས་པ་ཁྲོན་པའི་དཔྱང་རྩེ་འདྲེན་པ་ལྟ་བུ། འགྲེམས་པ་ལ་མཁས་པ་ཞིང་ལ་ཆུ་གཏོང་བ་ལྟ་བུ། བདེ་བ་སྟོང་ཉིད་དུ་བསྟིམ་པར་མཁས་པ་ནམ་མཁར་སྤྲིན་ཐིམ་པ་ལྟ་བུའོ། །གསུམ་པ། སེམས་ཀྱི་འཁྲུལ་འཁོར་གྱིས་གཉུག་མ་གཏན་ལ་དབབ་པ་སྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གི་ལམ་ནས་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བསྟན་པའི་དོན། བདག་གི་སྙིང་གར་འབྱུང་བ་བཞིའི་རང་བཞིན་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ། མེ་རླུང་གི་ངོ་བོ་དང་ས་ཆུའི་བདག་ཉིད་ཀྱི་ཉི་མ་དང་ཟླ་བའི་རང་བཞིན་གྱི་ཐིག་ལེ་སྲན་མ་ཕྱེད་བཤག་ཙམ་ཁ་སྦྱར་བ། ནང་དུ་ཐིག་ལེ་དཀར་པོ་ཙ་ན་ཀ་ཙམ་ཉི་ཟླ་ལ་རེག་པ། འོད་ཀྱི་སྐུད་པ་བ་ཐག་ལྟ་བུ་ལ་བརྒྱུས་པའི་ཨཱ་ལི་བཅུ་དྲུག་ཀཱ་ལི་སོ་བཞིའི་འཕྲེང་བ་ཉི་ཟླ་ཐིག་ལེ་གང་ལའང་མ་རེག་པར་ཐིག་ལེ་ལ་གཡས་བསྐོར་དུ་ཚར་ཕྱེད་དང་བདུན་སྦྲུལ་འཁྱིལ་བ་ལྟར་བསྐོར་བར་བསམས་ཏེ། ཕྱིར་དབྱུང་བ་ན་འཕྲེང་བའི་མགོའི་ཨ་ལས་ཏོག་ཅེས་པའི་སྒྲ་བྱུང་བས་སྟེང་གི་ཟླ་བ་ཕུག་སྟེ་བུ་ག་ནས་ཡར་རླུང་གི་ངོ་བོའི་སྔགས་འཕྲེང་ཨོཾ་གྱི་རང་བཞིན་གྱི་སྣ་སྒོ་གཡས་ནས་ཕར་སོང་། ནང་དུ་འཇུག་པ་ཧཱུྃ་གི་སྒྲས་སྣ་སྒོ་གཡོན་ནས་བྱུང་སྟེ་ཟླ་བའི་བུ་ག་ལ་ཞུགས། གནས་པ་ཨའི་རང་བཞིན་ཐིག་ལེ་ལ་གཡོན་བསྐོར་དུ་ལན་ཕྱེད་དང་བདུན་བསྐོར་བ་དམིགས་ཏེ་ཙམ་ནུས་སུ་བསྒོམ། མཐར་སྔགས་འཕྲེང་ཐིག་ལེ་ལ་ཐིམ་སྟེ་སེམས་ཀྱི་རྟེན་མི་བཅའ། ཆོས་ཐམས་ཅད་བསམ་དུ་མེད་པའི་ངང་དུ་ཡེངས་པ་མེད་པར་བཞག་གོ །དེ་ནས་རྩ་རླུང་གནས་སུ་ཆུད་ཕྱི་འབྱུང་བའི་དྲོད་ལ་རྟེན་ནས་ཡེ་ཤེས་ཀྱི་དྲོད་སྐྱེ། རླུང་སེམས་གཉིས་དྷཱུ་ཏཱིར་འདྲེས་པས་བདེ་གསལ་མི་རྟོག་པའི་ཉམས་འབྱུང་ངོ་། །སྟོང་པའི་སྙིང་པོ་མཚོན་པ་ལས། །ཆུ་ཤིང་སྙེ་མའི་བདུད་རྩི་བཞིན། །ཞེས་པས། ཆུ་ཤིང་གི་སྙིང་པོའི་ནུས་པ་ཟད་པ་ན་འབྲས་བུ་ཆགས་ཏེ། དེས་མཚོན་ནས་འཁོར་བའི་རླུང་འབྱུང་འཇུག་གནས་པ་ཟད་པ་ན་འབྲས་བུ་རིག་པའི་སྐྱེས་བུ་གྲུབ་སྟེ་རིག་པ་ནི་དོན་དམ་པ། སྐྱེས་བུ་ནི་ཀུན་རྫོབ་སྟེ། དེ་གཉིས་དབྱེར་མེད་པའོ། །བཞི་པ་འཁོར་ལོ་སྡོམ་པ་ལས་བཤད་པ་ལ། སྒྱུ་ལུས་བསྐྱེད་པའི་རིམ་པ་ལྷའི་དེ་ཉིད། སེམས་ལ་དམིགས་པའི་དེ་ཉིད། ངག་རྡོ་རྗེའི་བཟླས་པའི་དེ་ཉིད། འོད་གསལ་རྫོགས་པའི་དེ་ཉིད། ཟུང་དུ་འཇུག་པའི་དེ་ཉིད་ལྔ་ལས། །དང་པོ་ནི་ལྟེ་བ་ཆུ་སོ་མཚམས་འཁོར་ལོ། །གྲུ་གསུམ་དཀར་ཞིང་དམར་བ་ལ། །ཞེས་བསྟན་པའི་དོན། རང་སྡོམ་པ་ཡབ་ཡུམ་སྟོང་ར། ལུས་གནད་རྐང་པ་བསྣོལ་བའི་ཅོག་པུ་ལག་པ་གཉིས་བར་ལྷུ་ནས་གཟུང་སྟེ་པུས་སྟེང་དུ་བཞག་པ་ཕྱི་ལུས་ཀྱི་གྲུ་གསུམ། རྩ་གསུམ་འཁོར་ལོ་བཞིའི་ལྟེ་བ་ནི་ནང་རྩའི་གྲུ་གསུམ། ཡུམ་འོད་ཀྱི་གོང་བུར་བྱས་ཏེ་སྣ་གཡོན་ནས་ལུས་ལ་བཅུག་པ་ལྟེ་བའི་འོག་ཆུ་སོའི་སྟེང་མདོམས་གྲུ་གསུམ་གྱི་ནང་འདིར་ཆོས་འབྱུང་དཀར་ལ་དམར་བའི་མདངས་ཀྱིས་མཛེས་པ་སྟེང་རྒྱས་པ། ཞབས་ཞུམ་པ་ཕུར་པ་ས་ལ་བཏབ་པའི་བུ་ག་ལྟ་བུ་གྱུར་པར་བསྒོམ་པ་བདེ་སྟོང་ཡི་གེ་མེད་པའི་ཆོས་འབྱུང་གྲུ་གསུམ་ཞེས་བྱའོ། །གཉིས་པ་ནི། ཐིག་ལེ་ཁ་དོག་ལྔ་བསམས་ཏེ། །སངས་རྒྱས་ལྔ་རུ་མཚོན་པར་བྱ། །ཞེས་པས་བསྟན་པའི་དོན། ཆོས་འབྱུང་གི་ནང་དུ་ཐིག་ལེ་སྲན་མ་ཙམ་ལྔ་ཚོམ་སངས་རྒྱས་ལྔའི་རང་བཞིན་དབུས་མཐིང་ཁ། གཞན་ཕྱོགས་མདོག་ཏུ་བསྒོམ་མོ། །གསུམ་པ་ནི། སྲོག་འགོག་པ་དང་ལྡན་བྱས་པས། །ཞེས་བསྟན་པའི་དོན། དེ་ནས་རླུང་ཁྲུ་གང་ཙམ་གྱི་ཐད་ནས་རྔུབས་ཏེ་ནང་དུ་འཇུག་པ་ཨོཾ་ཞུགས་ནས་ཐིག་ལེ་རྣམས་ལ་ཐིམ་པ་ཨཱཿ མི་ཐུབ་པ་དང་དེ་ལས་བྱེ་སྟེ་ཕྱིར་གཏོང་བ་ཧཱུྃ་སྟེ་ཁ་སྦྱར་གྱི་བསམ་གཏན་བུམ་པ་ཅན་དུ་བྱས་ནས་སྲོག་ཕྱིར་རྒྱུ་བ་དགག་པར་བྱའོ། །བཞི་པ་ནི། སྐད་ཅིག་ཉིད་ལ་འབར་འགྱུར་ཏེ། །ཞེས་པས་བསྟན་པའི་དོན། །དེས་ཐིག་ལེ་སོ་སོ་ལས་གཏུམ་མོའི་མེ་རང་རང་གི་མདངས་སུ་འབར། འཁོར་ལོ་བཞིའི་རྩ་བསྲེགས་ཏེ་སྤྱི་བོ་ནས་གཡས་རོ་མའི་སྣའི་བུ་ག་ནས་ཐོན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་ཚོགས་ཀྱི་ཤངས་གཡས་ནས་ཞུགས་ཏེ་དེ་དག་གི་འཁོར་ལོ་བཞི་བསྲེགས་ནས་བྱང་ཆུབ་གྱི་སེམས་ཞུ་བའི་རྒྱུན་དང་བཅས་སླར་ཤངས་གཡོན་ནས་དྲངས་ནས་བདག་ཉིད་ཀྱི་སྣ་བུག་གཡོན་པའི་ཆ་ནས་སྟེང་ཛཱ་ལནྡྷ་རར་ཚུར་འོངས་ཏེ་དེ་ནས་དབུ་མའི་ནང་དུ་ལྷུང་བར་ཡང་དང་ཡང་དུ་བསྒོམ་མོ། །དེ་ནས་གཏུམ་མོའི་མེའི་ནུས་པ་གྲུབ་ནས་ལུས་དྲོད་ཀྱི་རང་བཞིན་དུ་བརྟན་པོར་འགྱུར་ལ། དེའི་མཐུས་བྱང་ཆུབ་ཀྱི་སེམས་ཞུ་ཞིང་འཕེལ་བས་བདེ་བ་མཐའ་ཡས་པ་རྙེད་ཅིང་། དེ་ལ་ཞེན་པས་ཕྱི་རོལ་ལ་བློ་མི་འཇུག་པར་ནང་དུ་སེམས་འཆིང་བས་རྣམ་པར་མི་རྟོག་པ་བརྟན་ལ། ཇི་ལྟར་ལྟེ་བར་བརྟན་ནས་འཁོར་ལོའི་སྲོག་ཤིང་དབུ་མ་མཐོང་ལ། དེ་ནས་འཁོར་ལོ་བཞི་པོ་དེ་དག་གི་མི་ཤིགས་པའི་ཐིག་ལེར་གཏུམ་མོ་འཇུག་པ་དང་། གནས་པ་དང་། དེའི་འོད་ཟེར་གྱི་སྤྲིན་ལྡང་སྡུད་ལ་སྦྱངས་པས་ཐིག་ལེའི་དབུས་སུ་རིགས་ལྔའི་ཚོམ་བུ་ལ་སོགས་པ་མཐོང་བར་འགྱུར་རོ། །ལྔ་པ་ནི། འཇིག་རྟེན་ཁམས་རྣམས་མཆོད་པའི་གནས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །ཞེས་བསྟན་པའི་དོན། །ཞུ་བའི་སེམས་དང་ཚོགས་པ་གཅིག་པའི་མེ་ལྟེ་བར་བསྟེན་པས་ལྟེ་བའི་དཀྱིལ་འཁོར་དཀར་ལ་སྲ་ཞིང་བརྟན་པ་དང་། སྙིང་གར་མངོན་པར་ཤེས་པ་ལྔ་ཐོབ་པ་དང་། མགྲིན་པར་ཁམས་གསུམ་གྱི་རོ་ལ་ལོངས་སྤྱོད་ཅིང་ཚིག་གི་མཆོག་འགྲུབ་པ་དང་། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ་དང་། དཔུང་པར་རོ་སྟོད་འཕེལ་ཞིང་སྟོབས་ཚད་མེད་པ་དང་། སྤྱི་གཙུག་ཏུ་བརྟན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་ལྷན་ཅིག་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་གྲུབ་པར་འགྱུར་ཏེ། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་ཅིང་མངོན་པར་རྫོགས་པ་སངས་རྒྱས་པ་ཞེས་བྱའོ། །ལྔ་པ་ཤུགས་ལས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་པ་བཤད་པ་ལ། ལས་ཀྱི་ཙཎྜྻཱ་ལི། རྣལ་འབྱོར་གྱི་ཙཎྜྻཱ་ལི་ལྷན་ཅིག་སྐྱེས་པའི་ཙཎྜྻཱ་ལི་གསུམ་ལས། །དང་པོ་ནི། རླུང་བསྲེ་བ། རླུང་གཟུང་བ། རླུང་དཀྲུག་པ་གསུམ། །དང་པོ་ལ། ཉི་མ་དང་ལྷན་ཅིག་པའི་རླུང་གིས་སྟོང་བཞིའི་ཡུལ་བཙལ་ཟླ་བ་དང་རོ་གཅིག་པའི་རླུང་གིས་དགའ་བཞིའི་ཉམས་བསྐྱེད། སྒྲ་གཅན་དང་མི་ཕྱེད་པའི་རླུང་གིས་ཉི་ཟླ་འཛིན་པའི་གནད་བཤད་པ་གསུམ་ལས། །དང་པོ་ནི། ཀུན་ཏུ་འོད་ནི་ས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་དངོས་སུ་སའི་རྣམ་གཞག ཤུགས་ལས་བསྒོམ་བྱ་ཉམས་ལེན་བསྟན་པ་ཡིན་ནོ། །འདི་ལ་ལུས་སྐྱིལ་ཀྲུང་། ལག་པ་པུས་མོ་ལ་གླན། མིག་གི་ལྟ་སྟངས་ཧུར་ཕྱུང་སྟེ་མདུན་དུ་གཏད། ལུས་ཀྱི་ལྷར་རྗེས་སུ་དྲན་པའི་ལུས་ཀྱི་དབུས་སུ་ཨ་བ་དྷཱུ་ཏཱི་འོད་ཀྱི་སྐུད་པ་ལྟ་བུ་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འོད་ཟེར་འཕྲོས་པ་ལྟ་བུ་སྦུ་གུ་ཅན་དུ་བསྒོམ་སྟེ། འོག་སྒོ་དྲག་ཏུ་འཛུམ་པ་དང་ལྷན་ཅིག་ཤུགས་ཕྱུང་སྟེ་དྲངས་པའི་འོག་རླུང་ནག་པོ་གྱེན་དུ་འཚུབས་པས་བསྐུལ་བའི་གཏུམ་མོའི་མེ་ལྕེས་ལུས་ཐམས་ཅད་མ་རིག་པ་དང་བྲལ་བའི་ཉི་འོད་དམ་མགར་གྱི་སོལ་མལ་ལྟ་བུར་བྱས་པར་དམིགས་ཏེ་སྲིན་པོའི་ཞལ་བསྡམ་ཞིང་ཐུར་སེལ་གཡོ་བ་མེད་པར་གཟུང་བའི་མཐར་མི་ཐུབ་ན་ལུས་གཡོན་དུ་དྲག་ཏུ་ལན་གསུམ་གཅུས་ལ་སྣ་ནས་དལ་བུས་ལན་གསུམ་གཏོང་། དེ་ནི་འོག་གི་བུམ་པ་ཅན་ནོ། །གཉིས་པ་ནི་ལུས་གནད་དེ་ཉིད་ལ། དམིགས་པ་སྤྱི་བོར་མི་ཤིགས་པའི་ཐིག་ལེ་མཆེད་དེ་འཛག་པའི་རྒྱུན་ལྕེ་ཆུང་དུ་བབས་པའི་ནུ་མ་ལྟ་བུ་ལས་འོ་མ་བཞིན་འཛག་པའི་ཉིང་ཁུས་རྩ་ཐམས་ཅད་གང་བས་ལུས་ཟླ་བའི་འོད་ཀྱིས་ཟླ་ཤེལ་དུ་བྱས་པར་དམིགས་ཏེ་རྔུབ་པ་གསུམ་གྱིས་སྲོག་དྲག་ཏུ་མནན་པ་མི་ཐུབ་ན། མཐར་ལུས་གཡས་སུ་ལན་གསུམ་གཅུས་ལ་སྣ་གཡས་ནས་གཏོང་། དེ་ནི་སྟེང་གི་བུམ་པ་ཅན་ནོ། །གསུམ་པ་ནི། འོག་འཐེན་སྟེང་མནན་ཏེ་ཁ་སྦྱར་བ་ན། དང་པོར་སོར་གཅིག་མ་རེག་པ་དང་། དེ་ནས་བར་མེད་དུ་འབྱུང་བ་དང་། མཐར་རོ་གཅིག་ཏུ་འདྲེས་པས་ལུས་ཐམས་ཅད་བཀང་སྟེ་དབུ་མར་སེམས་ཞེན་དུ་བཅུག་པས་རྣམ་པར་མི་རྟོག་པ་གྲུབ་སྟེ་དེ་བརྟན་པས་ནན་གྱིས་མ་མནན་ཡང་ཕྱིར་མི་འབྱུང་བར་སྡོད་པ་ཕུས་བཏབ་པའི་ལྒང་པ་སྐམ་པོ་བུག་པ་བཏོད་ཀྱང་རླུང་མི་འབྱུང་བ་བཞིན་ཡིན་པས་འགའ་ཞིག་ཏུ་ཞི་བ་ཅན་ཞེས་བཤད་དོ། །གཉིས་པ་རླུང་སྦྱང་བ་ལ། །གསང་བའི་སྣ་རྩེ། སྟེང་གི་སྣ་རྩེ། སྙིང་གའི་སྣ་རྩེ་གསུམ་ལས། །དང་པོ་ནི་ལུས་གནད་སྐྱིལ་ཀྲུང་། ལག་པ་ཐལ་མོ་སྦྱར་བ་མཐེ་བོང་གུང་མོ་མཐེའུ་ཆུང་གསུམ་རྩེ་སྤྲད་ལ་ལྷག་མ་རྣམས་བསྐུམ་སྟེ་པུས་མོའི་ཁར་བཞག རླུང་མི་ཐུབ་ལ་ཁད་པ་དང་ཕྱག་རྒྱ་དེ་པུས་མོ་ནས་ཡར་རིམ་པ་བཞིན་ཤུགས་ཕྱུང་ནས་སྤྱི་བོར་སྐྱེལ། མཐར་རིམ་བཞིན་དབབ། མཐར་རླུང་དལ་བུས་གཏང་། དམིགས་པ་ནི་རང་ལྷ་ཡབ་ཡུམ་དུ་གསལ་བའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས། རྡོ་རྗེ་བུ་ག་ནས་བྱུང་ནས་པདྨའི་སྣའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་སུ་བསྒོམ་པར་བྱའོ། །གཉིས་པ་ནི། ལུས་གནད་དེ་ཉིད་ལ་གྱེན་དུ་འགྲོ་བའི་དབུགས་ནི་རིན་ཆེན་ཏེ་ཁ་དོག་ལྔ་པ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་ཀུན་རྫོབ་པའི་སྣ་རྩེ་བྱུང་ནས་གོང་བུའི་གཟུགས་སུ་བརྟག་པར་བྱའོ། །གསུམ་པ་ནི། །ལུས་འདྲ། བུམ་པ་ཅན་གྲུབ་པས་རླུང་དང་སེམས་འདྲེས་པར་གྱུར་པ་ན་སྙིང་གའི་སྣ་རྩེར་འཁོར་ལོ་དྲུག་གི་ལྟེ་བའི་པདྨར་སྲོག་གི་རླུང་དབུ་མའི་ནང་ཉིད་དུ་ཕྱུང་ནས་བརྡེག་པ་སྟེ་འགྲོ་འོང་དང་བྲལ་བར་བྱའོ། །དེས་རྟོག་པ་མེད་པའི་རླུང་དུ་བ་སོགས་རྣམ་པ་བཅུ་ཉིད་དང་། དེ་དག་རྗེས་སུ་མྱོང་བའི་སེམས་བཅུའམ་དེ་དག་གི་ཐིག་ལེར་ཟིན་པར་འགྱུར་རོ། །གསུམ་པ་རླུང་དཀྲུག་པ་ལ། སྙིང་སྟོབས་ཀྱི་ནུས་པ་སྤྲུགས་ཏེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ་བ་དང་། རྡུལ་གྱི་ནུས་པ་སྤྲུགས་ཏེ་གསུང་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ་བ་དང་། མུན་པའི་ནུས་པ་སྤྲུགས་ཏེ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ་བ་གསུམ་ལས། དང་པོ་ནི། རྐང་པ་གཡོན་བརྐྱང་གཡས་བསྐུམ་ཕྱག་རྒྱ་སྔར་བཞིན་པུས་མོའི་ཁར་བཞག་ལ་རླུང་ཐུབ་ཚད་གཟུང་། མི་ཐུབ་པའི་དུས་སུ་ཕྱག་རྒྱ་དེ་གཡས་སུ་ཤུགས་བསྐྱེད་ལ་སྐྱེལ། ལུས་གཡས་སུ་དྲག་པོ་ལན་གསུམ་ཙམ་གཅུ། དེ་ཉིད་བཟློག་སྟེ་བྱའོ། སྟོང་པའི་གཟུགས་བརྟན་ནས་དེ་རྣམ་པར་རྟོག་པས་ཅི་འདོད་འདོད་དུ་བསྒྱུར་བར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བ་སྤུའི་བུ་ག་ནས་སྤྲོས་ཏེ་གཏི་མུག་ཅན་ལ་སོགས་པའི་དོན་མཛད་དེ་སླར་རང་ལ་ཐིམ་པར་བསྒོམ་ཞིང་ཞི་སོགས་ཀྱི་ལས་གང་འདོད་པར་སྦྱར་བར་བྱའོ། །གཉིས་པ་ནི། གཏུམ་མོའི་མེས་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ཏེ་མངོན་པར་བྱང་ཆུབ་པར་བྱའོ། །གསུམ་པ་ནི། འོད་གསལ་ལས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་སྒྱུ་ལུས་སུ་ལངས་ནས་སྤྱོད་པ་ལ་འཇུག་པའོ། གཉིས་པ་རྣལ་འབྱོར་གྱི་གཏུམ་མོ་ནི། དེ་ལྟར་སློབ་པ་ལས་རིམ་གྱིས་ཀུན་ཏུ་སངས་རྒྱས་པའི་ས་ཞེས་བྱ་བ་ས་བཅུ་པའི་ཁྱད་པར་གྱིས་ལམ་དུ་རིགས་ལྔ་ལས་གང་ཡང་རུང་བའི་རིགས་སུ་གྱུར་པའི་དེ་བཞིན་གཤེགས་པའི་མིང་ཅན་རྣམས་ཐོབ་ནས་མཆོག་གི་ཕོ་ཉ་མོ་དང་སྙོམས་པར་ཞུགས་པས་ཐབས་ཀྱི་རིགས་བདག་གི་ཁར་ཐིག་ལེའི་དྭངས་མ་མངོན་དུ་བྱས་པ་ཟླ་བ་མེ་ལོང་ལྟ་བུ། ཤེས་རབ་ཀྱི་རྩ་མཛེས་མའི་སྤྱི་བོར་རཀྟའི་དྭངས་མ་མངོན་དུ་བྱས་པ་ཉི་མ་མཉམ་པ་ཉིད། རླུང་སེམས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་སོར་རྟོག གཅིག་ཏུ་འདྲེས་པ་བྱ་བ་ནན་ཏན། །གསུམ་པ་ལྷན་ཅིག་སྐྱེས་པའི་གཏུམ་མོ་ནི། དབུ་མར་ཐིམ་ནས་གཙུག་ཏོར་མཆོག་གྲུབ་པའི་ཚེ་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་གནས་གྱུར་པའམ་སྐུ་དང་ཡེ་ཤེས་མ་ལུས་པ་མངོན་དུ་མཛད་པ་ཆོས་དབྱིངས་ཏེ། དེ་ལྟར་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། འཁོར་བ་ཇི་སྲིད་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་དོ། །གཉིས་པ་ཉམས་སམ་འབར་བའི་གཏུམ་མོ་བཤད་པ་ལ། ཉམས་ཀྱི་གཏུམ་མོ་དང་། ཁྱད་པར་གྱི་གཏུམ་མོ་གཉིས་ལས། །དང་པོ་ནི། རླུང་ཇི་ལྟར་ཟིན་པའི་ཚུལ། དེ་ལས་འདུས་པ་གསུམ་འབྱུང་ཚུལ། དེ་ནས་རླུང་ལས་སུ་རུང་བའི་ཚུལ། སྲོག་རྩོལ་གནད་དུ་ཚུད་པའི་ཡོན་ཏན་བཞི་ལས། །དང་པོ་ནི། དེ་ལས་འབྲས་བུ་འཆར་བ་ལ། །ཐུར་མོང་དང་ནི་ཁྱད་པར་དང་རྣམ་པ་གསུམ་ཡིན་ནོ། །ཐུན་མོང་རིམ་པ་བསྟན་པ་ནི། །རླུང་ནི་ཟིན་པར་གྱུར་པ་ཡིས། །ཞེས་བསྟན་པའི་དོན། ལས་ཀྱི་གཏུམ་མོ་བསྒོམ་པས་ཐུན་མོང་ཁྱད་པར་མཆོག་གི་ཙཎྜྻཱ་ལི་གསུམ་རིམ་པ་བཞིན་འབར་བར་འགྱུར་ལ། དང་པོ་དེ་རླུང་ཟིན་པ་ལས་ཡིན་ཞིང་། ཟིན་པའམ་རྒྱུ་བ། རིང་ཐུང་། ཤུགས། ཁ་དོག སྟོབས་ཟིན་པ་ལྔར་བཞག་པའི་ཕྱི་མ་སྣ་གཡས་པར་ས་ནས་འགོ་བརྩམས་ནས་འབབ་རྒྱུའི་ས་རླུང་ལྟ་བུ་དེ་ཀའི་རིང་ཕྱིར་མ་རྒྱུས་པར་རང་མལ་དུ་ཁད་དེ་སྡོད། དེས་རྩ་འདབ་ཀྱི་ནང་སྐོར་གྱི་རླུང་ནང་དུ་ཕུལ། ཅུང་ཟད་ཙམ་རེ་ནས་གཟུང་ནང་སྐོར་གྱི་རླུང་ཐམས་ཅད་མདུད་མཚམས་ཀྱི་བུ་ག་ནས་དབུ་མར་འཇུག་པ་དེ་དག་གི་བར་ནི་སྲོག་རྩོལ་གྱིས་དབུ་མར་འཇུག་པ་ཞེས་བྱ་ཞིང་། སྤྱིར་འཁོར་འདས་གཉིས་ཀའི་རྩར་རླུང་ཤོར་ཚུད་ཟིན་པ་དང་། བྱེ་བྲག་བསྒོམས་པའི་ཡོན་ཏན་གྱི་དབང་དུ་བྱས་ནས་དབུ་མར་ཞུགས་གནས་ཐིམ་པ་ལས་འདི་ཞུགས་པའི་འགོ་བརྩམ་པ་ཙམ་མོ། །རྒྱུ་འདིས་གཏུམ་མོ་མེའི་རྦ་རླབས་བརྟན་པས་དྲོད་ལྷག་པར་འབར་བར་འགྱུར་རོ། གཉིས་པ་ནི། དང་པོ་དྲོ་བ་ལྟ་བུ་འབྱུང་། གཉིས་པ་བདེ་བ་འཆར་བ་དང་། གསུམ་པ་མི་རྟོག་སྐྱེ་བར་འགྱུར། །དེ་ནས་རྣམ་རྟོག་ཤུགས་ཀྱིས་འགག དུ་བ་སྨིག་རྒྱུ་མེ་ཁྱེར་དང་། སྐྱ་རེངས་ཤར་བ་ཇི་བཞིན་དང་། །ནམ་མཁའ་སྤྲིན་དག་ལྟ་བུ་འབྱུང་། ཞེས་བསྟན་པའི་དོན། རླུང་བཙན་ཐབས་སུ་བཀག་པས་རྩ་མ་བྱང་བར་རླུང་ཞུགས་པའི་སྟོབས་ཀྱིས་རྩ་ཟུག་དང་རླུང་ཟུག་ལ་སོགས་པ་འབྱུང་པས་སྡུག་བསྔལ་གྱི་དུས་ཞེས་སམ། གཏུམ་མོ་འབར་བའི་དྲོད་ཀྱིས་རྩའི་ཁ་བྱེ། རྩ་ཕྲན་གྱི་མདུད་པ་གྲོལ། དེར་རླུང་སེམས་འདུས་པས་འདུས་པ་དང་པོ་དྲོད་ཀྱི་དུས་སམ་སྡུག་བསྔལ་གྱི་དུས་ཞེས་ཀྱང་བྱའོ། །དེའང་ལས་དགེ་སྡིག་གི་དབང་གིས་ཉོན་མོངས་པ་ཆེ་ཆུང་། །དེའི་བག་ཆགས་ཀྱིས་རྩ་གཟུགས་ལ་ཁྱད་པར་སྣང་བས་འགའ་ཞིག་ལ་ངན་སོང་གི་གནས་སྦྱོང་། ལ་ལར་མཐོ་རིས། ལ་ལར་དག་པའི་སྣང་བ་འབའ་ཞིག་འཆར་བའང་ཤེས་པར་བྱའོ། །འདིའི་དུས་ཟུག་རྔུ་དེ་དག་ཁྱད་དུ་བསད་ནས་ཤུགས་ཕྱུང་སྟེ་སྒོམ་པས་སྡུག་བསྔལ་གྱི་དུས་འདས་ནས་བདེ་བར་འགྱུར་ཏེ། ལུས་ལ་རླུང་སེམས་རྣལ་དུ་ཚུད་པའི་དྲོད་སྐྱེས་པ་དང་ལུས་ཟུངས་ཀྱི་འགྱུར་བའམ་ཤེས་ཆེར་དྭངས་མར་འགྲོ་ཞིང་རྩ་སྒོ་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་ཞུ་སྟེ་དེས་བཀང་བས་འཁོར་ལོའི་ཕྱི་སྐོར་གྱི་མདུད་པ་བཤིག བདེ་བ་ལུས་ཐམས་ཅད་དུ་རྒྱས་པས་མྱ་ངན་ལ་སོགས་པའམ་ཤ་ཐམས་པ་དང་མེས་རེག་པ་ལ་སོགས་པའི་རྐྱེན་གྱིས་འདུས་ཀྱང་རེག་པ་བདེ་བར་འཆར་རོ། །དེའི་ཕྱིར་འདུས་པ་གཉིས་པ་འདི་ལ་དུས་ཞེས་བྱའོ། །ནང་གི་བདེ་བས་སེམས་ཕྲོག་ནས་ཕྱི་རོལ་གྱི་ཡུལ་ལ་བློ་མི་འཇུག རྒྱུ་དེས་རྣམ་རྟོག་རྒྱུན་ཆགས་ཀྱི་དུག་སྦྲུལ་ཞི་ནས་སེམས་རྣལ་དུ་ཕེབས། དེས་རྦ་རླབས་མེད་པའི་ཞི་གནས་མངོན་དུ་གྱུར་ནས་འདུས་པ་གསུམ་པ་འདི་ལ་མི་རྟོག་པའི་དུས་ཞེས་བྱའོ། །དེ་ལ་གོམས་པར་བྱས་པས་གཟུང་བ་དང་འཛིན་པ་མགོ་ནོན་ནས་རྟོག་པ་མངོན་གྱུར་པ་ཇེ་ཉུང་དུ་ཐལ་བས་བསམ་གཏན་གྱི་སྙོམས་འཇུག་ལ་ཡུན་རིང་པོར་འཇུག་ནུས་པར་འགྱུར་རོ། །འདིའི་རྣམ་པར་མི་རྟོག་པ་ནི་ཚོར་བ་བཏང་སྙོམས་ཙམ་མ་ཡིན་པར་བདེ་བ་དང་གསལ་བས་ལྷག་པར་བརྒྱན་པ་སྟེ། ཇི་ལྟར་གསལ་ཅེ་ན་དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་སྐྱ་རེངས་ཤར་བ་ལྟ་བུའམ་མར་མེ། ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་དང་། སྔར་འདུས་པ་དང་བདེ་དགྱེས་ལས་གཙོ་བོར་བཤད། དུས་འཁོར་ལས་དང་པོ་བཞི་འབར་བ་ཟླ་ཉི་སྒྲ་གཅན། གློག་དང་ཐིག་ལེ་སྟེ་འོད་གསལ་བའི་རྟགས་བཅུ། ཐིག་ལེ་ལས་རེ་ཁཱ་དེར་སྣ་ཚོགས་གཟུགས་བརྙན་དག་སྒྲར་སྣང་། དེ་དུས་རྩ་ཐམས་ཅད་གནས་པའི་དབུ་མར་འདག་པར་བཤད། རྒྱུད་དེ་དག་ཏུ་དང་པོར་རྟགས་ལྔ་དང་བཞིར་བཤད་པའི་ཁྱད་ནི། འབྱུང་བ་གཙོ་བོའི་ཚུལ་གྱིས་རྒྱུ་བ་ལྔ་དང་། བདག་པོའི་ཚུལ་གྱི་རྒྱུ་བ་བཞི་འཆིང་བའི་བལྟོས་སས་ཡིན་ནོ། །གསུམ་པ་ནི། དུལ་ཞིང་བརྟན་པ་ས་ཡི་རླུང་། འཁར་གཞོང་ནང་དུ་ཆུ་བླུག་བཞིན། །འཇམ་ཉལ་བྱེད་ན་ཆུ་ཡི་རླུང་། །ཚ་ཞིང་འཐིབས་པ་མེ་ཡི་རླུང་། རྩེན་ཞིང་མགྱོགས་པ་རླུང་གི་རླུང་། །གསལ་ཞིང་ཡང་བ་ནམ་མཁའི་རླུང་། ལས་སུ་རུང་བའི་རྟགས་ལྔའོ། །ཞེས་བསྟན་པའི་དོན་ནི་གོ་སླ་ལ། དེའི་ཚེ་རྐང་ལག་གི་ཚིགས་རྣམས་སུ་བུམ་པ་ཅན་བྱས་ན་གྲུབ་པ་དང་། སོར་མོའི་རྩེ་ལས་འབྱིན་པ་སོགས་ནུས་ཏེ་རླུང་གི་འཕྲང་ལས་ཐར་པ་ཡིན་ནོ བཞི་པ་ནི། སྲོག་རྩོལ་གནད་དུ་ཚུད་པ་ཡིས། །གཡས་གཡོན་འཕོ་དང་བྱེ་བྲག་ཕྱེད། །ཚོར་བ་བདེ་དང་རང་འདོད་དུ། བསྡམ་དང་ཕྱི་ནང་བསྲེ་བར་ནུས། །ནང་གི་ཚ་གྲང་འདྲེས་པའི་རྟགས། །འདུ་བ་རྣམ་བཞིས་གནོད་མི་ཚུགས། །མི་སྣང་ས་འོག་ནམ་མཁར་རྒྱུ། །རྐང་མགྱོགས་དེ་བཞིན་བཅུད་ཀྱི་ལེན། །མཁའ་འགྲོ་མ་རྣམས་ཁྱད་པར་དུ། །སྐད་ཅིག་དེ་ལ་སྦྱོར་སྐྱེད་དེ། ཞེས་བསྟན་པའི་དོན། ཡིད་གཏད་པ་ཙམ་གྱིས་གཡས་གཡོན་དུ་སྤོ་ནུས་པ་ནས། མིག་གི་རླུང་རྣ་བར་སྤོས་པས་རྣ་བས་གཟུགས་མཐོང་བ་སོགས་དབང་པོ་གཞན་དུ་བསྒྱུར་བ་དང་། རླུང་མ་འདྲེས་པར་མངོན་སུམ་དུ་མཐོང་བས་ཞི་སོགས་ཀྱི་ལས་གང་འདོད་པ་ལ་སྦྱར་བས་མོད་ལ་འགྲུབ་པ་དང་། ཚོར་བ་བདེ་བ་ཕྱི་རོལ་གྱི་རླུང་གིས་རེག་པ་ན་ཚད་པ་ཆེན་པོའི་ནང་དུ་བསིལ་བའི་བསེར་བུས་རེག་པ་ཙམ་གྱི་བདེ་བ་དང་། གྲང་དུས་སུ་ཉི་འོད་ཀྱིས་རེག་པ་ལྟ་བུའི་བདེ་བ་དང་རེག་པ་ཡང་བ་གཉིས་འབྱུང་བ་དང་། གང་འདོད་དུ་བསྡམ་ནུས་པ་དེའི་ཚེ་རླུང་གི་རླུང་རྒྱུ་དུས་སུ་ཕྱི་རོལ་ཏུ་མ་བཏང་བར་ནང་དུ་བསྡམས་ན་ནམ་མཁར་འཕུར་ནུས་པ་དང་། མེ་རླུང་གིས་ཕྱི་རོལ་གྱི་རེག་པའི་གྲང་བ་མེད་པ་དང་། ས་རླུང་གིས་གྱད་ལ་སོགས་པས་བསྒུལ་མི་ནུས་པ་དང་། ཆུ་རླུང་གིས་ཕྱི་རོལ་གྱི་མེས་མི་གནོད་ཅིང་ཚད་པ་འཇོམས་པ་དང་། ནམ་མཁའི་རླུང་རྒྱུ་དུས་ཕྱིར་མ་བཏང་བར་ནང་དུ་བསྡམས་པས་རི་ཉིལ་བ་ལ་སོགས་པའི་འོག་ཏུ་ཚུད་ཀྱང་ཉམས་པར་མི་འགྱུར་བ་དང་། ཕྱི་རོལ་སྟོང་གསུམ་གྱི་རླུང་ལུས་ཀྱི་བ་སྤུར་བཅུག་ནས་ལུས་ཀྱི་ནང་དུ་ཤོང་བར་བྱེད་པ་དང་། ནང་གི་རླུང་ཐམས་ཅད་ཀྱང་བ་སྤུའི་བུ་ག་ནས་ཕྱིར་བཏོན་ལ་སྟོང་གསུམ་གང་བར་བྱེད་པ་དང་། ནང་གི་འབྱུང་བཞི་རོ་སྙོམས་པས་རླུང་མཁྲིས་བད་ཀན་འདུས་པའི་ནད་མི་འབྱུང་ཞིང་། དུག་ཀྱང་བཅུད་ཀྱི་ལེན་ཉིད་དུ་འགྱུར་བ་དང་། ཐུན་མོང་གི་གྲུབ་པ་ཆེན་པོ་བརྒྱད་ལས་གང་འདོད་པ་མཁའ་འགྲོ་མས་སྟེར་བར་འགྱུར་རོ། །དེ་དག་ནི་སྲོག་རྩོལ་གྱི་གཙོ་བོའི་ཡོན་ཏན་ཡིན་ལ། ཕལ་པའི་ཚུལ་དུ། གོས་མི་དགོས་པ་དང་། ལུས་ཡང་བ་དང་། ཁམས་བདེ་བ་དང་། དབུགས་བདེ་བ་དང་། བྱིང་རྒོད་མེད་པ་དང་། ལམ་ཐམས་ཅད་ཀྱི་གཞི་མར་འགྱུར་བ་དང་། ངལ་དུབ་མི་འབྱུང་བ་དང་། ཟས་འཇུ་བ་དང་། འགོ་བའི་ནད་མི་འཇུག་པ་དང་། ལྕེ་འབབ་པའི་འཇིག་པ་མི་འབྱུང་བ་དང་། ཕྱིའི་གདོན་ཞི་བར་འགྱུར་བ་དང་། ལུས་ལ་སྲོག་ཆགས་མི་འབྱུང་བ་དང་། ཤ་བཀྲག་གཏིང་ནས་འབར་བ་དང་། སྣབས་ལུད་མི་འབྱུང་བ་དང་། ལུས་ལ་དྲི་མ་མི་འཆགས་པ་དང་། ལུས་ལ་དྲི་མི་ཞིམ་པ་མི་འབྱུང་བ་ལ་སོགས་པའོ། འབྱུང་བཞི་གཅིག་ལ་གཅིག་ཐིམ་པས། །ཙཎྜྻཱ་ལི་ནི་ཤུགས་ཀྱིས་འབར། །ཆུ་ཤེལ་ངེས་པར་འབབ་པ་གང་། །གསང་བའི་འཁོར་ལོར་དེ་ནས་བགྲོད། །འདི་ནི་ཕྱུགས་ཆེན་དུ་གསུངས་སོ། །ཞེས་བསྟན་པའི་དོན། སྲོག་རྩོལ་གྱིས་རོ་རྐྱང་གི་ལམ་འགགས་ནས་དབུ་མར་རབ་ཏུ་ཞུགས་པ་དེའི་ཚེ་འཛིན་པའི་རྣལ་འབྱོར་གྱིས་བརྟན་པར་བྱ་བ་བསྟན་པ་སྟེ། ལྟེ་བར་རླུང་སེམས་མི་ཕྱེད་པའི་བུམ་པ་ཅན་བཅིངས་ཏེ་བརྟན་པ་ན་ས་ཆུ་ལ་འཇུག་པའི་ཚུལ་གྱིས་སྙིང་ག་དང་། ཆུ་མེ་ལ་འཇུག་པའི་ཚུལ་གྱིས་མགྲིན་པ་དང་། མེ་རླུང་ལ་འཇུག་པའི་ཚུལ་གྱིས་སྤྱི་བོར་བུམ་པ་ཅན་བཅིངས་པས་ཧཾ་ཡིག་གི་ཐེག་ལེར་རྟོག་པ་མེད་པའི་རླུང་དུ་བ་སོགས་བཅུ་དང་། དེ་དག་རྗེས་སུ་མྱོང་བའི་སེམས་བཅུའང་དེར་འཛིན་ལ། འདིའི་ཕྱི་ལོགས་སུ་རང་ཉམས་ཀྱི་གཏུམ་མོ་འབར་ཏེ་སྤྱི་བོའི་བྱང་སེམས་ཞུ་ནས་དགའ་བ་བཞིའི་རིམ་པས་གསང་གནས་ཀྱི་འཁོར་ལོར་བགྲོད་པ་ཕྱུགས་ཆེན་གྱི་སྒྲས་གསུངས་སོ། །འདི་ནས་མྱུར་བ་ཉིད་ཀྱིས་མཆོག་གི་གཏུམ་མོ་ཐོབ་པར་འདོད་ན་སྦ་བ་བཞིར་ཤེས་པར་བྱའོ། །གཉིས་པ་ཁྱད་པར་གྱི་གཏུམ་མོ་ལ། ཐིག་ལེའི་རྣལ་འབྱོར། ནཱ་དའམ་ཕྲ་མོའི་རྣལ་འབྱོར། ཡོན་ཏན་བཤད་པ་གསུམ་ལས། །དང་པོ་ནི། ཁྱད་པར་རིམ་པ་བསྟན་པ་ནི། །དེ་ཡི་རྐྱེན་གྱིས་དྷཱུ་ཏི་རུ། །རླུང་རྣམས་ཚུད་པར་གྱུར་པ་ཡིས། །སྲོག་ཐུར་གོང་བུར་གྱུར་པའི་མེས། །ཐེག་ལེའི་ཚོགས་པ་གསང་བར་འགོག ཐིག་ལེའི་གཟུགས་ཀྱིས་འཛག་པ་ཡི། །བདུད་རྩི་ཁུ་བའི་གཟུགས་ཅན་ནི། །ཐིག་ལེའི་རྣལ་འབྱོར་ཞེས་བཤད་དོ། །ཞེས་བསྟན་པའི་དོན། རྣལ་འབྱོར་གྱི་རླུང་དབུ་མར་ཚུད་པ་དེ་ནས་རྗེས་དྲན་གཏུམ་མོའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕུང་ཁམས་སྐྱེ་མཆེད་རྣམས་བསྲེགས་ནས་གཡས་གཡོན་གྱི་རླུང་བཅུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ཏེ། གཏུམ་མོའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཟླ་བ་ཞུ་བར་གྱུར་པའི་ཐིག་ལེའི་གཟུགས་ཀྱིས་གཙུག་ཏོར་ནས་སྨིན་མཚམས་ཀྱི་བར་དུ་དགའ་བ་སྟེ་དཀར་ཕྱོགས་ཀྱི་ཆ་དང་པོ་ལྔ་དང་། སྙིང་གའི་བར་དུ་མཆོག་དགའ་སྟེ་བཅུ་དང་། གསང་བའི་བར་དུ་ཁྱད་དགའ་སྟེ་བཅོ་ལྔ་དང་། ནོར་བུའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་ཆ་བཅུ་དྲུག་རྫོགས་པར་བསྒོམས་པའི་སྟོབས་ཀྱིས་བདེ་བ་སྟེར་བར་བྱེད་པ་འཛག་པ་མེད་པ་སྟེ་གཙུག་ཏོར་གྱི་བདེ་བ་དང་ཁུ་བ་ལ་གནས་པ། ཆགས་བྲལ་ཕྱིར་འཛག་པ་ལ་མི་གནས་པས་མི་གནས་པའི་མྱང་འདས། ཆགས་པ་ཆེན་པོ་མི་འགྱུར་བའི་མངའ་བདག་ཡིན་པའི་ཕྱིར་ཐིག་ལེའི་རྣལ་འབྱོར་ཞེས་བྱའོ། །གཉིས་པ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་མཐའ་འཆང་བ། །ནཱ་དའི་རྣལ་འབྱོར་ཞེས་བྱར་དྲན། །ཞེས་བསྟན་པའི་དོན། རྡོ་རྗེ་ནོར་བུའི་རྩེར་ཆ་བཅུ་དྲུག་པ་སོ་སོ་རང་གིས་རིག་པས་གཟུངས་བས་བདེ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་འཁྱུད་པའི་ཆ་བཅུ་དྲུག ཕྱེད་ཀྱི་ཕྱེད་དེ་བཞིར་བསིལ་བས་དེ་རེ་རེ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེར་ཕྱེ་བ། དཀར་པོའི་ཆ་བཅོ་ལྔ་སྤངས་པས་ན་ཆ་ལས་འདས་པ། ནག་པོའི་ཆ་མ་ཞུགས་པས་ན་ཆ་མེད། རྒ་ཤི་ལ་སོགས་པ་གསུམ་འགགས་པས་རགས་པའི་མཚན་ཉིད་ཅན་གྱི་ཐ་མལ་པའི་ལུས་འགགས་པ་སྐུའི་ཐིག་ལེ་བཞི་འཛག་པ་མེད་པ་ཚེས་གཅིག་ལ་སོགས་པའི་དགའ་བའི་བདེ་བ་བསམ་གཏན་དང་པོ། དེ་འགགས་པས་ལེན་པ་སོགས་གསུམ་འགགས་པས་སྲོག་རླུང་གི་མཚན་ཉིད་ཅན་ཐ་མལ་པའི་ངག་འགགས་ལ་གསུང་གི་ཐིག་ལེ་བཞི་འཛག་པ་མེད་པ་དྲུག་པ་ལ་སོགས་པའི་མཆོག་དགའི་བདེ་བ་བསམ་གཏན་གཉིས་པ། དེ་འགགས་པས་རེག་པ་སོགས་གསུམ་འགགས་པས་ཁུ་བའི་མཚན་ཉིད་ཅན་ཐ་མལ་པའི་ཡིད་འགགས་པ་ཐུགས་ཀྱི་ཐིག་ལེ་བཞི་འཛག་པ་མེད་པ་བཅུ་གཅིག་པ་ལ་སོགས་པའི་ཁྱད་དགའི་བདེ་བ་བསམ་གཏན་གསུམ་པ། དེ་འགགས་པས་འཛག་པས་མཚོན་པའི་མཚན་ཉིད་ཅན་གྱི་ཐ་མལ་པའི་ཡེ་ཤེས་འགགས་པ་ཡེ་ཤེས་ཀྱི་ཐིག་ལེ་བཞི་འཛིན་པ་ཉའི་མཐར་ཐུག་པའི་ཆ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་བསམ་གཏན་བཞི་པ། དེའི་མཐའི་བདེ་བ་ཡོངས་སུ་རྫོགས་པ་ཉིད་འཆང་བས་རྣལ་འབྱོར་པ་འདི་སྲོག་གི་གཟུགས་སུ་གྲུབ་པར་བྱེད་པས་ནཱ་དའི་རྣལ་འབྱོར་ཞེས་བྱའོ། །གསུམ་པ་ནི། འདིས་ནི་ནད་འཕྲོག་ཚེ་ཡངས་པ། །ཁྱད་པར་རྟགས་ལྔ་ཡོན་ཏན་བརྒྱད། །མཁའ་ལ་སྤྱོད་དང་ཕྲ་སོགས་སྟེར། །ཞེས་བསྟན་པའི་དོན། གཞན་གྱི་ནད་ལེན་ཅིང་སྤོ་ནུས་པ་དང་། བསྐལ་པ་མེས་སྲེག་ཐེབས་བདུན་གྱི་བར་དུ་འདོད་ན་གནས་པར་ནུས་པ་དང་། གལ་ཏེ་འཆི་བའི་མཚན་མ་བྱུང་ན་ཕྱི་ནང་གི་རླུང་བསྲེས་ནས་དབུ་མའི་མེ་ལ་བཅུག་ནས་ཁུ་བས་ལུས་ཐམས་ཅད་ཁྱབ་པར་བྱས་ནས་གྱེན་དུ་བཅིངས། རྡུལ་འོག་ཏུ་མནན་པས་བླུ་བར་བྱའོ། །རྟགས་ལྔ་ནི། བ་སྤུའི་བུ་ག་ཐམས་ཅད་ནས་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་ཞིང་ལུས་ཉི་ཁྱིམ་ལྟ་བུ་བསྐོར་བ་དང་། སའི་ཡོན་ཏན་གྱིས་སྲེད་མེད་ཀྱི་བུའི་སྟོབས་ཐོབ་སྟེ། གླང་པོ་ཆེ་ཕལ་པ་བཅུའི་སྟོབས་སྤོས་ཀྱི་གླང་པོ་ཆེ་གཅིག་ལ་ཡོད་ལ། དེ་བཅུ་ཚན་པོ་ཆེ་གཅིག་ལ། དེ་བཅུ་རབ་གནོན་གཅིག་ལ། དེ་བཅུ་ཡན་ལག་མཆོག་གཅིག་ལ། དེ་བཅུ་སྟོབས་མཆོག་གཅིག་ལ། དེ་བཅུའི་སྟོབས་སྲེད་མེད་ཀྱི་བུ་ལ་ཡོད་དོ། །ཆུའི་ཡོན་ཏན་མེས་བསྲེགས་ཀྱང་མི་འཚིག་པ་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་བཞིན་མེས་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་འབྱིན་སྡུད་ནུས་ཤིང་ཆུར་མི་བྱིང་། རླུང་གིས་རྐང་མགྱོགས་དང་ལུས་ཤིང་བལ་ལྟར་ཡང་། ནམ་མཁའི་ཡོན་ཏན་འཕུར་བ་དང་། རྩིག་པ་དང་རི་ལ་ཐོགས་པ་མེད་པ་དང་། ས་ལ་འཇུག་པར་ནུས། ཟླ་བའི་རླུང་གི་ཡོན་ཏན་གྱིས་ཆུ་བོ་གྱེན་དུ་བཟློག་པའམ་ཁམས་ཐམས་ཅད་དྭངས་མར་གྱུར་པས་དྲི་མ་མེད་པའི་ཤེལ་བཞིན་དུ་དྲི་མ་མི་འབྱུང་། ཉི་མའི་རླུང་གི་ཡོན་ཏན་ཉི་མ་རྟོད་དུ་གནོན་པའམ་སྙིགས་མ་ཐམས་ཅད་དག་ནས་ལུས་གཞན་གྱི་མི་མཐོང་། རྫོགས་ཆེན་གྱི་གཞུང་ནས་དེའི་ཚེ་སྙིགས་མའི་ཁམས་ཐམས་ཅད་ཟད་དུ་མི་བཅུག་པར་སླར་གཟུང་བས་འཕོ་བ་ཆེན་པོ་ཆུ་ནང་གི་སྐུ་ཞེས་ཐམས་ཅད་ཀྱི་མིག་ཤེས་ལ་སྣང་བའི་ཚེའི་རིག་པ་འཛིན་པ་ཞིག་བཤད་པ་ལགས་སོ། ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་སྐུའི་སྒོ་བུ་ག་དགུའི་རླུང་འཕོ་བ་འགག གསུང་གི་སྒོ་འབྱུང་བ་བཞི་ཐ་དད་པའི་ལས་བྱེད་པ་འགགས་ཏེ། ཐུགས་ཀྱི་སྒོ་སྨིན་མཚམས་དང་སྙིང་གའི་གནད་ཀྱི་སྒོ་གཉིས་བྱེ་བས་སྔར་མི་ཤེས་པའི་ཆོས་ཐམས་ཅད་ཤེས་ཤིང་ཚིག་དང་དོན་མི་བརྗེད་པའི་གཟུངས་ཐོབ་ཕྲ་བ་ལ་སོགས་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པའི་གཟུགས་ཀྱིས་མཁའ་སྤྱོད་འགྲུབ་པར་འགྱུར་རོ། །གསུམ་པ། མཆོག་གི་གཏུམ་མོ་ལ། སྤངས་པ་ཆེན་པོའི་ཙཎྜྻཱ་ལི་དང་རྟོགས་པ་ཆེན་པོའི་ཙནྜཱ་ལི་གཉིས་ལས། དང་པོ་ནི། མཆོག་གི་རིམ་པ་བསྟན་པ་ནི། །ཉི་མ་དང་ནི་ཟླ་བའི་རླུང་། འཕོ་མེད་དྷཱུ་ཏཱིའི་ཁྱིམ་དུ་ཐིམ། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་དང་བྲལ་བར་རབ་ཏུ་ཞི། །ཞེས་བསྟན་པའི་དོན། དེ་ནས་ཕྲ་བའི་རྩ་དབུ་མའི་མདུད་གྲོལ་བར་ཟུག གཡས་ར་སཱ་ན་གཟུང་བ་ཡུལ་གྱི་རླུང་ཉི་མའི་རང་བཞིན་དང་། གཡོན་ལ་ལ་ནཱ་འཛིན་པ་ཡུལ་ཅན་གྱི་རླུང་ཟླ་བའི་རང་བཞིན་ཕྲ་བ་མི་ཤིགས་པའི་དབུ་མར་ཐིམ་པས། ཕྱི་གཟུགས་སོགས་ཡུལ་དུ་གཟུང་བ་དང་། ནང་མིག་སོགས་ཡུལ་ཅན་དུ་འཛིན་པའི་རྟོག་པ་མ་ལུས་པ་གདོད་ནས་ཞི་བའི་སྤྲོས་པ་དང་བྲལ་བའི་དབྱིངས་སུ་རང་ཞི་བར་འགྱུར་ཏེ། སྟོང་པ་ཉིད་ཀྱི་མེ་དེས་ལུས་འདིའང་དང་པོར་ཀུན་རྫོབ་ཀུན་ད་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་ནས་རྡོ་རྗེ་ནོར་བུ་ནས་བྱང་ཆུབ་ཀྱི་སེམས་རྣམས་ཁ་གྱེན་དུ་བལྟས་པ་དེ་ཉིད་ལས། རྡོ་རྗེའི་རྩེ་མོར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་ཟད་པ་ལས་དག་པའི་སྐུ་ནོར་བུར་ཐུགས་ཀྱི་ཐིག་ལེ་གཉིད་ལོག་ཟད་པ་ཆོས་ཀྱི་སྐུ། གསང་བར་གསུང་གི་ཐིག་ལེ་རྨི་ལམ་ཟད་པ་ལོངས་སྤྱོད་རྫོགས་པའི་སྐུ། ལྟེ་བར་སྐུའི་ཐིག་ལེ་སད་པའི་གནས་སྐབས་ཟད་པ་སྤྲུལ་སྐུའོ། །དེ་དག་ཀྱང་འདོད་པ་དང་། དགའ་བ་དང་། གཡོ་བ་དང་། འདར་བ་སྟེ་དགའ་བ་དང་པོ། གང་བ་དང་། མཆོག་དགའ་དང་། སྐྱེ་བ་དང་། ནུབ་པ་བཞི་གཉིས་པ། འབར་བ་དང་། ཁྱད་དགའ་དང་། བརྒྱལ་བ་དང་། ཐིག་ལེ་བཞི་གསུམ་པ། ཨོཊྚྷ་དང་། ལྷན་ཅིག་སྐྱེས་དགའ་དང་། གཉིད་དང་། ནཱ་ད་དེ་ལྷན་ཅིག་སྐྱེས་དགའ་འོ། །དེ་ནི་དུས་འཁོར་ལས་ཏེ། ཕྱག་ཆེན་ཐིག་ལེར་མིང་གཞན་གསུངས་སོ། །དེ་ལྟ་བུའི་དགའ་བ་བཅུ་དྲུག་སྒྲིབ་བྲལ་དུ་འགགས་པའི་སྐུ་བཅུ་དྲུག་སྟེ་ཐབས་ཀྱི་ཆ། ཡང་ལྟེ་བར་བཞི་པའི་གནས་སྐབས་ཟད་པ་ཡེ་ཤེས་རྡོ་རྗེ། སྙིང་གར་གཉིད་འཐུག་ཟད་པ་ཐུགས། མགྲིན་པར་རྨི་ལམ་ཟད་པ་གསུང་། དཔྲལ་བར་སད་པ་ཟད་པ་སྐུ་རྡོ་རྗེ་སྟེ་རེ་རེའང་བཞི་བཞིར་ཕྱེ་བས་རྡོ་རྗེ་བཅུ་དྲུག་སྟེ་ཤེས་རབ་ཀྱི་ཆ། སྤྲུལ་སྐུ་དང་ཡེ་ཤེས། ལོངས་སྐུ་དང་ཐུགས། ཆོས་སྐུ་དང་གསུང་། དག་པའི་སྐུ་དང་། སྐུ་རྡོ་རྗེ་ཐབས་ཤེས་སྟེ། དེ་དག་ཀྱང་རྒྱུ་མཐུན་གྱི་འབྲས་བུ་ལ་ལུས་ངག་ཡིད་དབེན་པའི་རྒྱུ་མཐུན་གྱི་དབྱེ་བས་སྤྲུལ་སྐུ་གསུམ། རྣམ་སྨིན་ལ། སྣང་བ་དང་། སོ་སོར་སྣང་བ་དང་། རང་བཞིན་གྱི་སྣང་བའི་དབྱེ་བས་ལོངས་སྐུ་གསུམ། སྐྱེས་བུ་བྱེད་པ་ལ་སེམས་དང་། སེམས་བྱུང་དང་། མ་རིག་པ་འགགས་པའི་དབྱེ་བས་ཆོས་སྐུ་གསུམ། བྲལ་འབྲས་ལ་དགའ་བ་དང་པོ་གཉིས་དང་། ཁྱད་དགའ་དང་། ལྷན་ཅིག་སྐྱེས་དགའི་དྲི་བྲལ་གྱི་དབྱེ་བས་ཡེ་ཤེས་ཀྱི་སྐུ་གསུམ་སྟེ་བཅུ་གཉིས་སོ། །གཉིས་པ་ནི། མ་བཅོས་གཉུག་མ་ལྷན་ཅིག་སྐྱེས། །ཟག་པ་མེད་པའི་ཏིང་འཛིན་གནས། །ཕྱི་རོལ་ཡུལ་གྱིས་རྟག་མི་ཐུབ། །སྣང་བ་ཧད་པོར་འཆར་བར་ངེས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་བསྟན་པའི་དོན། སེམས་རྣམ་པར་གཡོ་བའི་རྦ་རླབས་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་མ་བཅོས་པའོ། །གཟོད་མ་ནས་གནས་པའི་ཕྱིར་གཉུག་མའོ། །ཟབ་གསལ་དབྱེར་མེད་པའི་ངོ་བོ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའོ། །དེ་ཟག་པ་ཐམས་ཅད་ཟད་པའི་ཤེས་རབ་ཀྱི་མིག་གིས་མཐོང་བ་ནས་ཕྱིན་ཆད། །སྣང་བ་མ་ཟད་པ་ལ་སྣང་བ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ཙམ་དུ་འཆར་རོ། །དེ་ཡང་ཅིག་ཅར་བའི་དབང་དུ་བྱས་ནས་བྱང་ཆུབ་ཀྱི་སེམས་ནོར་བུར་རྫོགས་པའི་དུས་སུ་ཆགས་པ་དང་ཆགས་བྲལ་གྱི་མཐའ་གཉིས་ལས་འདས་པའི་སྐད་ཅིག་སྟེ། སྐད་ཅིག་དེ་ཀ་ལ་བྱང་ཆུབ་ཀྱི་སེམས་གྱེན་དུ་ལོག་ནས་གཙུག་ཏོར་གྱི་མཐར་ཐུག་པར་གང་བར་འགྱུར་ཏེ། རྩ་དང་། རླུང་དང་། སེམས་བདེ་བ་ཐམས་ཅད་གཙུག་ཏོར་གྱི་དྲི་མ་མེད་པར་ཆོས་ཀྱི་དུང་ཡོངས་སུ་རྫོགས་པར་རབ་ཏུ་མི་གནས་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཐིམ་སྟེ་དོན་དམ་པའི་དབང་ཐོབ་ཅིང་མངོན་པར་རྫོགས་པར་འཚང་རྒྱའོ། ཐོད་བརྒལ་བ་སྐད་ཅིག་དང་པོ་ལ་ས་དང་པོའི་སྤངས་རྟོགས་ཡོངས་སུ་རྫོགས་ནས། གཉིས་པ་མན་ནས་ས་ལྷག་མ་ཡོངས་སུ་སྦྱོང་བ་དང་། དམན་པ་སྐད་ཅིག་དང་པོ་ལས་དང་པོའི་མཉམ་བཞག་དང་། ཕྱིས་ནས་ས་དང་པོ་དེ་ཉིད་ཀྱི་རྗེས་ཐོབ་ཡེ་ཤེས་སུ་ལྡང་ངོ་། ཐ་མ་འདི་གཉིས་ལ་ཕྱག་རྒྱ་གསུམ་པོ་གང་རུང་དང་འབྲེལ་བའི་སྤྱོད་པས་བོགས་བཏོན་ན་མྱུར་དུ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་དོ། །རིམ་པར་ལྡང་བ་དེ་གཉིས་ལ་ནོར་བུའི་རྩེར་དབུགས་ཟད་པའི་གྲངས་བཞིན་དུ་མཆོག་ཏུ་མི་འགྱུར་བའི་བདེ་བའི་གྲངས་ཀྱང་འཕེལ་ཏེ། གསང་གནས་ཀྱི་ཕྱེད་མན་དུ་མཉམ་རྒྱུ་སྟོང་བརྒྱད་བརྒྱ་པ་གཅིག་ཟད་བྱང་ཆུབ་སེམས་ཀྱིས་གང་། མཆོག་ཏུ་མི་འགྱུར་བའི་བདེ་བས་འགྱུར་བའི་བག་ཆགས་འཇོམས། དེ་བཅོམ་པས་འདོད་ཆགས་ཞེ་སྡང་གཏི་མུག་གི་བདག་ཉིད་མ་རིག་པ་འགག་གོ །དེ་བཞིན་དུ། གསང་གནས་རིལ་པོ་དང་། ལྟེ་བའི་ཕྱེད་དང་ལྟེ་བ་དང་། སྙིང་གའི་ཕྱེད་དང་སྙིང་ག་དང་། མགྲིན་པའི་ཕྱེད་དང་མགྲིན་པ་དང་། དཔྲལ་བའི་ཕྱེད་དང་དཔྲལ་བ་དང་། གཙུག་ཏོར་གྱི་ཕྱེད་དང་གཙུག་ཏོར་རིལ་པོར་མཉམ་རྒྱུ་སྟོང་བརྒྱད་བརྒྱ་པ་རེ་འགགས་བྱང་སེམས་ཀྱིས་གང་བས། འདུ་བྱེད་ནས་རྒ་ཤིའི་བར་གྱི་ཡན་ལག་ལྷག་མ་བཅུ་གཅིག་འགགས། དེ་དག་རྒྱུའི་དབང་དུ་བྱས་ནས། གནས་དང་ཉེ་གནས། ཞིང་དང་ཉེ་ཞིང་། ཚནྡོ་དང་ཉེ་ཚན། འདུ་བ་དང་ཉེ་འདུ། དུར་ཁྲོད་ཉེ་བའི་དུར་ཁྲོད། འཐུང་གཅོད་ཉེ་བའི་འཐུང་གཅོད་ཀྱི་ས་བཅུ་གཉིས། ཡོན་ཏན་གྱི་སྒོ་ནས་ས་རབ་ཏུ་དགའ་བ། དྲི་མ་མེད་པ། འོད་བྱེད། འོད་འཕྲོ། སྦྱང་དཀའ། མངོན་གྱུར། རིང་སོང་། མི་གཡོ་བ། ལེགས་པའི་བློ་གྲོས། ཆོས་ཀྱི་སྤྲིན་སྔ་མའི་བཅུ་གཅིག་པ་ལ་དཔེ་མེད་དང་ཡེ་ཤེས་ལྡན་གཉིས་སུ་ཕྱེ། བཅུ་གཉིས་པ་རྡོ་རྗེའི་ས། ངོ་བོའི་སྒོ་ནས། ཀུན་ཏུ་འོད་ནི་ས་ཆེན་པོ། དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུངས་པ་ཉིད་དོ། །དེའི་བཅུ་གཉིས་པ་དེ་ཉིད་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་ཆེན་པོར་ཡང་བརྗོད་དེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་དོན་དམ་བདེན་པ་དེ་དང་སྒྲིབ་པ་མེད་པའི་བདག་བྱིན་རླབས་ཀུན་རྫོབ་ཀྱི་བདེན་པ་གཉིས་དངོས་པོ་གཅིག་ཏུ་གྱུར་པས་སྐུ་མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་ཡན་ལག་དང་། དེའང་ཁ་སྦྱོར་གྱིས་མཚོན་པའི་བདེ་བ་ལ་ལོངས་སྤྱོད་པ་ཁ་སྦྱོར་གྱི་ཡན་ལག་དང་། བདེ་བ་དེའང་ཟག་མེད་ཀྱི་བདེ་བ་ཡིན་པས་བདེ་ཆེན་གྱི་ཡན་ལག་དང་། བདེ་བའི་ཚེ་ན་གཟུང་འཛིན་གྱིས་མ་བསླད་པས་རང་བཞིན་མེད་པའི་ཡན་ལག་དང་། གཟུང་འཛིན་གྱི་རྟོག་པ་མེད་བཞིན་དུ་གཟུགས་སྐུའི་སྣང་བ་འབྱུང་བས་ཐུགས་རྗེ་ཆེན་པོའི་ཡན་ལག་དང་། གཟུགས་སྐུ་གཉིས་པོ་རྒྱུན་མི་འཆད་པར་སྤྲོ་བ་རྒྱུན་མི་འཆད་པའི་ཡན་ལག་དང་། སྔར་བཤད་པའི་ཡན་ལག་དང་པོ་དེ་རེས་འགའ་བ་མ་ཡིན་པར་གཏན་དུ་གནས་པས་འགོག་པ་མེད་པའི་ཡན་ལག་སྟེ་བདུན་ནོ། །མདོར་བསྡུ་ན། ངོ་བོའི་སྒོ་ནས་ཡེ་ཤེས་ལྔ་དང་སྐུ་གསུམ་མམ་བཞི། རྣམ་པའི་སྒོ་ནས་རིགས་སུམ་ཅུ་རྩ་དྲུག་སོགས་དང་། སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་པར་བཞག་གོ །གཉིས་པ་ལས་རྒྱ་ལམ་གྱི་བོགས་འདོན་ནི་གཞན་དུ་བཤད་ཟིན་ཏོ།། །། གསུམ་པ་སྒྱུ་ལུས་ལམ་གྱི་སྲོག་ཤིང་ལ། མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་དང་གསུམ་ལས། །དང་པོ་ནི། ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །ཞེས་པས་ཕྱི་དང་ནང་གི་ཆོས་ཐམས་ཅད་རང་དབང་དུ་མི་སྐྱེ་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཡིན་པས་སོ། །དེའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་བསྟན་པ་ཡིན་ལ། དེ་ཇི་ལྟར་མངོན་དུ་བྱེད་པའི་ཚུལ་ཡང་། རྣམ་པར་སྨིན་པའི་སྒྱུ་ལུས་དང་། །ཞེས་པས་མ་དག་པའི་སྒྱུ་ལུས་སྦྱང་བའམ། སྤངས་པ་ཕུན་སུམ་ཚོགས་པའི་སྒྱུ་མ། དག་པ་ལྷ་ཡི་སྒྱུ་ལུས་དང་། ཞེས་པས་བསྐྱེད་རིམ་སྒྱུ་མ་སྦྱང་བའམ་རྟོགས་པ་ཕུན་སུམ་ཚོགས་པའི་སྒྱུ་མ། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཞེས་པས་རྫོགས་རིམ་སྒྱུ་མ་སྦྱང་བའམ། ལམ་བདག་དོན་གྱི་སྒྱུ་མ། ཐམས་ཅད་དེ་དང་འདྲ་བར་མཐོང་། །ཞེས་པས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མཐའ་བྲལ་སྒྱུ་མར་སྦྱང་བའམ། འབྲས་བུ་གཞན་དོན་གྱི་སྒྱུ་མ། མདོར་བསྟན་ནས། རིམ་པ་བཞིན་རྒྱས་པར་བཤད་པའི་དང་པོ་ནི། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །མིག་ཡོར་གློག་དང་སྨིག་རྒྱུ་དང་། །བྲག་ཆ་དྲི་ཟའི་གྲོང་ཁྱེར་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །སྒྱུ་མར་བརྟན་པའི་མཚན་ཉིད་ཀྱིས། །འགྲོ་བ་སྒྱུ་མ་ཇི་བཞིན་བརྟག །ཅེས་བསྟན་པའི་དོན། བདེ་བའི་སྟན་ལ་བསམ་གཏན་གྱི་སྒྲིབ་པ་ལྔ་མི་དགེ་བ་བཅུའི་ཆོམ་རྐུན་རྣམ་པར་སྤངས་ཏེ་རྣམ་པར་སྣང་མཛད་ཇི་ལྟ་བུའི་བྱེད་པ་བཅིངས་ནས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་བསྒྲུབ། དེའི་ཕྱིར་སྒྱུ་ལུས་བསྒོམ་སྙམ་པས་འོད་སྣང་གི་བླ་མ་སྤྱི་བོར་བསྒོམས། སྒྱུ་ལུས་ཀྱི་སྒོ་ནས་བསྟོད། དཔའ་བོ་དང་མཁའ་འགྲོ་ལ་མཆོད་གཏོར་ཕུལ། མེ་ལོང་དྲི་མ་མེད་པ་མདུན་དུ་བཞག དེ་ལ་རང་གི་གཟུགས་བརྙན་འཆར་དུ་བཅུག ཤར་བ་དང་དེ་ལ་བསྟོད་སྨད་བྱ། བྱས་པས་དགའ་མི་དགའ་འམ་ཆགས་སྡང་འདུག་མེད་བརྟག དེ་ལ་མི་འདུག་པ་དང་མེ་ལོང་དང་རང་གི་བར་དུ་གཟུགས་བརྙན་དེ་འདྲ་བ་ཡིད་ཀྱིས་བསྒོམ་ལ། དེ་ལ་ཁྱད་མི་འདུག་པ་དང་རང་ཉིད་དེ་དང་ཁྱད་པར་མེད་པར་བསམས་ནས། རང་ལ་བསྟོད་པ་དང་གཡས་ནས་ཙན་དན་གྱི་ལྡེ་གུ་སྐུད་པ་ལ་ཆགས་པ་མེད། རང་ལ་སྨོད་པ་དང་གཡོན་ནས་ཧྶ་གྲིས་གཤོགས་པ་ལ་མི་དགའ་བ་མེད་པར་བྱའོ། །དེ་བཞིན་དུ་རྙེད་མ་རྙེད། གྲགས་མ་གྲགས། བདེ་སྡུག་ཀུན་ལ་སྦྱར་ཏེ་ཤེས་པར་བྱ་ཞིང་། དེ་ལྟ་བུས་ལུས་གསལ་ལ་རྟོག་པ་མེད་པ་གཟུགས་བརྙན་ཙམ་དུ་ཤེས་ནས། སླར་དེ་སྣང་ལ་རང་བཞིན་མེད་པ་འཇའ་ལྟ་བུ་དང་། ཐམས་ཅད་དུ་ཁྱབ་པ་ཆུའི་ཟླ་བ་ལྟ་བུ་དེ་དཔེའི་གཙོ་བོ་གསུམ། མེད་བཞིན་དུ་སྣང་བ་མིག་ཡོར་ལྟ་བུ། གསལ་ཡང་མི་སྡོད་པ་གློག་ལྟ་བུ། གཡོ་ཞིང་མི་བདེན་པ་སྨིག་རྒྱུ་ལྟ་བུ། བདག་གི་ཡིན་ཡང་གཞན་དུ་སྣང་བ་བྲག་ཆ་ལྟ་བུ། ལུས་དང་། གནས་དང་། ལོངས་སྤྱོད་དུ་མ་འགགས་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། སེམས་དང་བཅས་པ་རྨི་ལམ་གྱི་ཡུལ་ལྟ་བུ། རྒྱུ་རྐྱེན་ལས་སྐྱེས་པ་སྒྱུ་མ་ལྟ་བུ། ཁམས་ཕྲ་བ་རླུང་ཙམ་ལས་གྲུབ་པས་ཆུ་བུར་ལྟ་བུ། གཅིག་ཡིན་ཡང་དུ་མར་སྣང་བ་མིག་འཕྲུལ་དང་མཚུངས་པར་བསྒོམས་པས་དེ་ལ་སེམས་རྩེ་གཅིག་ཏུ་ཞུགས་ནས་གཟུགས་སོགས་ཡུལ་གྱི་སེམས་གཡེང་བ་ཞི་བར་བྱས་པས་ཞི་གནས་ཞེས་བྱ་བའི་མིང་ཐོབ་ལ། དེས་སེམས་རྟེན་གང་ཡིན་པ་གཅིག་ལ་བསམ་པའི་གཏན་པ་བཅས་ཏེ་བསྒོམས་པས་བསམ་གཏན་དང་། གཟུགས་མེད་དང་འགོག་པའི་སྙོམས་འཇུག་རྣམས་ཐོབ་ཅིང་། ཇི་ལྟར་སེམས་མཉམ་པར་བཞག་བཞིན་དུ་བདག་གི་སྟན་གྱི་སྟེང་དུ་མི་སྣང་བར་འགྱུར། ནམ་མཁའ་ལ་མངོན་པར་འཕགས་ཏེ་སྤྱོད་ལམ་རྣམ་པ་བཞི་བྱེད། ལུས་ཀྱི་སྟོད་ནས་མེ་འབར། སྨད་ནས་ཆུ་གྲང་མོའི་རྒྱུན་འབབ། རྫུ་འཕྲུལ་གྱིས་ཡུལ་རྣམ་པ་མང་པོ་ཉམས་སུ་མྱོང་བར་བྱེད་པ་ཡིན། གཅིག་ཏུ་གྱུར་ནས་མང་པོར་འགྱུར། མང་པོར་གྱུར་ནས་གཅིག་ཏུ་འགྱུར། སྣང་བར་གྱུར་ཅིང་མི་སྣང་བར་ཡང་འགྱུར། རྩིག་པ་དང་། ར་བ་དང་། རི་ལ་ཐད་ཀར་འགྲོ །ནམ་མཁའ་ལ་འཕུར་ཏེ་འདབ་ཆགས་བྱ་བཞིན། ས་ལའང་བྱིའུ་འཛུལ་བ་བཞིན་བྱེད་དེ་ཆུ་ལ་བྱ་བཞིན། ཆུ་ལ་མི་ནུབ་སྟེ་ས་ལ་བཞིན། དུ་བར་འཐུལ་བར་བྱེད། འབར་བར་ཡང་བྱེད་དེ་མེའི་ཕུང་པོ་བཞིན། ལུས་ལས་ཆུ་རྒྱུན་ཆེན་པོ་འབྱིན་ཏེ་སྤྲིན་བཞིན། ཆུའི་རྒྱུན་དེས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བསྲེག་ཅིང་ཚིག་པ་ཞི་བར་བྱེད། ཟླ་བ་དང་ཉི་མ་འདི་ལྟར་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད། ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱིས་མངོན་པར་དབང་སྒྱུར་བར་བྱེད་དོ། །ཡང་ཕར་ཕྱིན་བཞིན་བྱང་ཕྱོགས་སོ་བདུན་གྱི་སྒོམ་པ་གོམས་པར་བྱེད་པའང་སྒྱུ་མའི་ལམ་དུ་འགྱུར་རོ། །གཉིས་པ་ལ། བསྐྱེད་རིམ་སྒྱུ་མ་དང་། རྫོགས་རིམ་སྒྱུ་མ་གཉིས་ལས། །དང་པོ་ནི། མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པའི། གཟུགས་བརྙན་གསལ་བར་སྣང་མཚུངས་པས། །ཞེས་བསྟན་པའི་དོན། བསྒོམ་པའི་གནས་ནི། ཁང་བུ་འདོམ་གང་ཞལ་བས་དྭངས་ཤིང་ཕྱོགས་མཐུན་གྱི་རྩིས་བཀྲག་པ། ཤར་ལྷོ་ནུབ་གསུམ་དུ། སྐར་ཁུང་ནང་ཡངས་ལ་ཕྱི་དོག་པ། རྒྱ་སྐྱེགས་སམ་བཙོད་ཁུས་ཟངས་བཀང་བ་སྐར་ཁུང་གི་འོད་ཕོག་སར་བཞག དེའི་འོད་ཡོང་སར་རལ་གྲི། དེའི་འོད་ཡོང་སར་རྡོ་རྗེ་སེམས་དཔའི་རས་བྲིས་འགྱིང་ལོག་པར་བྲིས་པ་དགྲམ། དེ་འཆར་སར་མེ་ལོང་། དེ་ལ་རང་བལྟས་ཏེ་མེ་ལོང་ནང་གི་རྡོ་རྗེ་སེམས་དཔའི་གཟུགས་བརྙན་ལ་མིག་དང་ཤེས་པ་མ་འགྱུར་བར་བལྟའོ། མིག་བཙུམ་པ་དང་མ་བཙུམ་པ་ཁྱད་མེད་པར་བྱུང་ན། རང་དང་མེ་ལོང་གི་བར་དུ་སྟོན་ལ། དེ་གསལ་ན་རང་དེ་འདྲ་བར། །དེ་ལ་གལ་ཏེ་མི་གསལ་ན། །ལྷང་མ་ལྷང་ཚེར་ལ་རྨ་བྱའི་ཁྲག་གིས་རྡོར་སེམས་བྲིས་ཏིང་ཕོར་དུ་བཅུག་ཉི་མ་ལ་བཞག དེའི་འོད་རྩིག་ངོས་ལ་ཕོག་པ་དེ་ལ་སྦྱང་། རེག་ཏུ་རུང་བའམ་མཐོང་བ་ཙམ་ན། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་རྗེས་སུ་དྲན་པར་བྱ། །འཇའ་ཚོན་ལྟ་བུའི་ལུས་དག་ནི། དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཞེས་པས། རང་རིག་པའི་སེམས་ཤེས་རབ་བམ་སྣང་བའི་ངོ་བོ་ཉིད་ཀྱི་གཟུགས་བརྙན་ཟླ་བ། དེའི་སྟེང་དུ་ཐབས་སམ་སྣང་བ་མཆེད་པའི་གཟུགས་བརྙན་རྡོ་རྗེ་ས་བོན་གྱིས་མཚན་པ། དེ་ནས་ཉེར་ཐོབ་ཀྱི་གཟུགས་བརྙན་ཟླ་བ་ཕྱག་མཚན་དང་བཅས་པ་གཅིག་ཏུ་འདྲེས་པ་འོད་ཀྱི་གོང་བུ། དེ་ཡོངས་སུ་གྱུར་བ་ལས་འོད་གསལ་གྱི་གཟུགས་བརྙན་རས་བྲིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ་རྡོ་རྗེ་སྐུའི་ངོ་བོ་ཉིད་ཀྱི་བདག་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྤྲུལ་ཏེ་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ལོངས་སུ་སྤྱོད་པར་མཛད་ལ་ཡིད་ཀྱི་རང་བཞིན་གྱི་སྐུ་ཐམས་ཅད་མཁྱེན་པའི་ཡོན་ཏན་དང་ལྡན་པར་གྱུར་ནས་བདག་ཉིད་བཞེངས་པ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་མཛད་པའམ། ཡང་ན། ཡན་ལག་དྲུག་བསྒོམ། །ཞེས་པས། ཚོགས་ཀྱི་དཀྱིལ་འཁོར་དུ་བསྐྱེད་པའི་རིམ་པ་ཡན་ལག་དྲུག་ཇི་ལྟ་བས་སྤྲོས་པ་དང་བཅས་པའི་སྤྱོད་པ་བརྩམ་སྟེ་སྔགས་དང་ཕྱག་རྒྱ་སྦྱར་ནས་དཀྱིལ་འཁོར་དང་། སྦྱིན་སྲེག་དང་། གཏོར་མའི་བྱ་བས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་ལ་སྒྱུ་མ་ཙམ་གྱིས་རོལ་པས་འཇིག་རྟེན་པའི་བསམ་གཏན་རྣམ་པར་གསལ་ཞིང་ཡིད་ལ་རེ་བ་རྣམས་སྤངས་ནས། རྟག་ཏུ་རབ་ཏུ་དགའ་བའི་ཡིད་ཅན་གྱི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་དགའ་བཞིན་པས་ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་འདྲ་བར་ཕུང་པོའི་ཁོག་པ་བརྗེས་རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོ་མཆོག་དང་ལྷན་ཅིག་ཏུ་མི་སྣང་བར་གྱུར་ཏེ། ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །ཡང་ན་སྤྲོས་མེད་དམ། ཤིན་ཏུ་སྤྲོས་མེད་ཀྱིས་སོ། །དེ་ལ་ནི། ཞེས་པས་རང་བྱིན་གྱིས་བརླབས་པ་དེ་ལ་བརྟེན་ནས་བོགས་འབྱིན་དགོས་ན། གསང་བའི་སྤྱོད་པ་དང་། རྒྱལ་ཚབ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱའོ་ཞེས་བསྟན་པའོ། །གཉིས་པ་རྫོགས་རིམ་སྒྱུ་མ་ལ། རང་བྱིན་གྱིས་བརླབ་པའི་རིམ་པ་དང་། སྣ་ཚོགས་རྡོ་རྗེའི་རིམ་པ་དང་། ནོར་བུ་འགེངས་པའི་རིམ་པ་དང་། ཛཱ་ལན་དྷ་རའི་རིམ་པ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ་ལྔ་ལས། །དང་པོ་ནི། ས་བོན་དང་བཅས་པ་དང་། ས་བོན་མེད་པའི་རང་བྱིན་བརླབས་གཉིས་ལས། དང་པོ་དེ། སླར་ཡང་བྱིན་གྱིས་བརླབས་པ་ཡི། བྱིན་གྱིས་བརླབས་པར་བྱ་བ་ཡིན། །ཞེས་པས་བསྟན་པ། རྟེན་སྙིང་གའི་ཨ་བ་དྷཱུ་ཏཱི་ཆུ་ཤིང་གི་མེ་ཏོག་ལྟ་བུ་ལ། རྟེན་པ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཀུན་གཞི་དང་། འགྱུར་མེད་དང་། ཐིག་ལེ་གཅིག་པུའི་མིང་གིས་རྒྱུད་རྣམས་སུ་ཡང་དག་པར་བསྟན་པ་མ་བསྒོམས་པའི་དུས་ནའང་རྟག་ཏུ་བཞུགས་མོད་ཀྱིས་བསྒོམས་ན་ལྷག་པར་གནས་པར་འགྱུར་བའི་ཕྱིར། དེ་བསྒོམ་པ་དུས་ཀྱི་འཁོར་ལོར་མུན་ཁང་དང་བླ་གབ་མེད་པའི་རིམ་ཅན་དུ་གསུངས་ལ། འདིར་ནི་ཅི་དགའ་བར་རྣམ་པར་སྣང་མཛད་ཀྱི་བྱེད་པ་བདུན་བཅིང་བས་ལུས་རྣལ་དུ་ཕབ། རླུང་འབྱུང་འཇུག་གནས་པ་ཅི་བདེ་བར་བཞག་པས་ངག་རྣལ་དུ་ཕབ། དངོས་པོར་འཛིན་པའི་རྟོག་པ་དང་། དངོས་པོ་མེད་པར་ཞེན་པའི་མི་རྟོག་པ་གཉིས་ཀ་དང་བྲལ་བས་ཡིད་རྣལ་དུ་ཕབ་སྟེ་ངག་གིས་བརྗོད་པ་དང་། དཔེས་མཚོན་པ་དང་། ཡིད་ཀྱིས་བསམ་རྒྱུ་ཅིའང་མེད་ལ། ཡེངས་སུ་སྐད་ཅིག་ཀྱང་མེད་པའི་ཤིན་ཏུ་རྣམ་པར་དག་པའམམ་བཅོས་པའི་ལམ་ལ་གནས་པས། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་རྣམས་གཟུགས་སོགས་ཡུལ་ལྔ་ལ་མི་འཇུག་པར་ཀུན་གཞི་རྣམ་པར་ཤེས་པ་ལ་བསླན་ནས་ཤའི་མིག་གིས་རྟགས་བཅུ་མཐོང་བ་ལ་ཡང་དག་པར་འཇོག་གོ །དེ་ལ་བསམ་པ་གཏན་པས་གཉིས་སུ་མེད་པའི་རང་བཞིན་དུ་གསལ་བར་ལྟ་བས་ན་ཐིག་ལེའི་གཟུགས་ཕྲ་བར་མཐོང་བར་འགྱུར་ཞིང་། དེ་རེ་ཁཱས་བཅད་པའི་དབུས་སུ་ཞི་བའམ་ཁྲོ་བོའི་ལྷ་རྐྱང་པའམ། ཡུམ་ཅན་ནམ། ལྔ་ཚོགས་སམ། རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་མཚོན་བྱེད་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་འཆར་ལ་གཟུགས་ཐམས་ཅད་རིག་པ་དེ་ལ་ལྷའི་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ལས་གཞོམ་དུ་མེད་པའི་སྒྲ་ཐོས་ཤིང་སྐད་ཐམས་ཅད་རིག་པ་དང་། ཆོས་ཀྱི་ཕུང་པོ་ཐམས་ཅད་ལ་ལོངས་སྤྱོད། དེ་ཙ་ན་བླ་མ་སྙིང་གར་བསྒོམ། གསོལ་བ་བཏབ། སྒྱུ་མ་ཙམ་གྱི་སྣང་བ་དེ་དག་གི་རང་ངོ་ལ་བལྟས་ཏེ་རང་ཐོག་ཏུ་གློད་པས་ཆུ་བུར་ཆུ་ལ་ཐིམ་པ་བཞིན་ཞི་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་ཤར། ཡེ་ཤེས་ཀྱི་སྐུ་གྲུབ་སྟེ་རིམ་གྱིས་འཚང་རྒྱ་བ་ཡིན་ནོ། །གཉིས་པ་དེ། རྗེས་མཐུན་ཆོ་གའི་རིམ་པ་འདིས། ཕྱིས་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་དངོས། །བཞི་པ་མར་མེ་གསལ་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་ལྟ་བུའོ། ཞེས་པས་བསྟན་པ་ཉི་ཟླའི་ལམ་བཀག་ནས་དབུ་མར་འཇུག་གནས་ལྡང་བར་བྱེད་འཇུག་པ་སྟེ། རླུང་རྟེན་དང་བཅས་པ་ཐམས་ཅད་རང་གི་རང་བཞིན་སྤྲོས་པ་མེད་པ་འོད་གསལ་བའི་བདག་ཉིད་དུ་བསྒོམ་པའོ། །དེ་ལྟ་བུའི་སྲོག་རྩོལ་གྱིས་རྣམ་པར་ཤེས་པའི་བཞོན་པའི་རླུང་ཟངས་མ་གསེར་དུ་འགྱུར་བའི་ཚུལ་དུ་ཡེ་ཤེས་ཀྱི་རླུང་དུ་འགྱུར་ཞིང་། རྣམ་པར་ཤེས་པ་འོད་གསལ་དུ་འགྱུར་ལ་དེ་དུས་རླུང་སེམས་ཐིག་ལེ་ཁ་སྦྱོར་གསུམ་གྲུབ་ནས་འོད་གསལ་དུ་གྱུར་པའི་སེམས་གཟུང་བར་བྱས་པས་འཁྲུལ་པ་འོད་གསལ་དང་རོ་གཅིག་ཏུ་མངོན་དུ་གྱུར་པས་གཉིས་སུ་མེད་པའི་རང་བཞིན་ཉིད་དུ་སོན་པ་ཞེས་བྱ་ཞིང་། དེ་ལས་རིམ་གྱིས་སངས་རྒྱས་ཉིད་དུ་འགྱུར་རོ། །རྣམ་ཤེས་ཀྱི་བཞོན་པའི་རླུང་ཡེ་ཤེས་ཀྱི་རླུང་དུ་གྱུར་པ་ཉིད་གང་ལ་བྱ་ཞེ་ན། ཆུ་རླུང་དག་པ་སྤྲིན། ས་དུ་བ། མེ་མེ་ཁྱེར། རླུང་མར་མེ། ནམ་མཁའ་སྤྲིན་བྲལ་བ་ལྟ་བུར་གྱུར་པ་ལ་བྱ་ལ། འདི་ཉིད་ཆོས་ཀྱི་དབྱིངས་དང་། བདག་མེད་པའི་མིང་ཅན་ཡིན་པས་འོད་གསལ་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་མ་བསྒོམས་པའི་གནས་སྐབས་ནའང་གཉིས་སུ་མེད་པ་ཡིན་པ་ལྟར་དུ་འདིར་མཐོང་བ་ཡིན་ནོ། །འདི་རྣམ་པར་རྟོགས་པ་ཐམས་ཅད་འོད་གསལ་བ་ཉིད་དུ་བྱིན་གྱིས་བརླབ་པའི་ཕྱིར་རང་བྱིན་གྱིས་བརླབ་པ་ཞེས་བྱ་ལ། ལྷའི་མིག་ལ་སོགས་པའི་ཡོན་ཏན་དང་། ཕྱག་རྒྱ་ཆེན་མོ་ལ་འཁྱུད་པའི་བདེ་བ་ཆེན་པོ་སྐྱེད་པར་བྱེད་དོ། །གཉིས་པ་ནི། ཕྱག་རྒྱ་སྣ་ཚོགས་པའི་རྡོ་རྗེ་དང་། རྣམ་པ་སྣ་ཚོགས་པའི་རྡོ་རྗེ་དང་། ས་བོན་མེད་པའི་སྣ་ཚོགས་པའི་རྡོ་རྗེ་གསུམ་ལས། དང་པོ་དེ། ཐམས་ཅད་མཁྱེན་པའི་རྒྱུ་དེ་དེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །ཞེས་པས་བསྟན་པ། ལས་དང་། ཡེ་ཤེས་དང་། ཕྱག་རྒྱ་ཆེན་མོ་སྣ་ཚོགས་པའི་རྡོ་རྗེའི་འཛིན་མའམ་པདྨར་གནས་པའི་ཐབས་ཀྱི་རྡོ་རྗེ། དེའི་ནོར་བུའི་རྩེ་མོར་གནས་པའི་ཀུན་རྫོབ་ཀྱི་ཐིག་ལེ། ཟླ་བ་དང་ཀུན་དཱ་ལྟ་བུར་དྲི་མ་མེད་པའི་ལུས་དང་ལྡན་པ་རྟེན་དོན་དམ་གྱི་ཐིག་ལེ་སྤྲོས་པའི་དྲི་མ་མེད་པ་མཆོག་གི་དང་པོ་ཞེས་བྱ་བའི་བདེ་བ་བརྟེན་པ། དེ་གཉིས་ལས་རྣམ་པ་ཐམས་ཅད་པའི་གཟུགས་སྤྲོས་ནས་བསྒོམ་པར་བྱའོ། །གཉིས་པ་དེ། རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །ཅེས་པས་བསྟན་པ། དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་དུ་ཀུན་རྫོབ་ཀྱི་ཐིག་ལེ་ཀུན་དཱ་ལྟ་བུ་བཀོད་ནས་རླུང་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པས་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་ལ་ལོངས་སྤྱོད་པ་དང་། འཁོར་ལོ་བཞིའི་སྙིང་གར་གཏད་པས་མངོན་པར་ཤེས་པ་དྲུག་དང་ཆོས་སྐུ། སྤྱི་བོས་ལྷའི་ཚོགས་མཐོང་བ་དང་བདེ་སྐུ། མགྲིན་པས་བསྟན་བཅོས་ཐམས་ཅད་རིག་པ་དང་ལོངས་སྐུ། ལྟེ་བས་ལྷའི་མཆོག་ལས་སྐྱེས་པའི་བུ་མོ་ལ་སྤྱོད་ཅིང་སྤྲུལ་སྐུ་ཐོབ་པར་བྱེད་དོ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་གྱུར་པ། སྒྱུ་མ་ལྟ་བུར་ཉེ་བར་བརྟག །ཅེས་པས། སླར་དོན་དམ་པའི་ཐིག་ལེ་འགོད་པ་སྟེ། མིག་ལ་སོགས་པའི་དབང་པོ་ལྔ་ལ་དམིགས་ནས་བསྒོམ་པ་མ་ཡིན་གྱི། དབང་པོ་ལྔའི་ཡུལ་ཐ་མལ་པའི་གཟུགས་སོགས་ཀྱི་སྟེང་དུ། དོན་དམ་པའི་ཐིག་ལེ་འོད་གསལ་ལམ་མི་རྟོག་པ་བཀོད་ནས་རྩེ་གཅིག་ཏུ་བསྒོམས་པས། ས་འོག་ས་སྟེང་ས་བླ་སྟེ། འཇིག་རྟེན་གསུམ་གྱི་གཟུགས་མཐོང་བ་སོགས་འབྱུང་ངོ་། །གསུམ་པ་དེ། གང་གང་དབང་པོའི་ལམ་གྱུར་ཉིད། །དེ་དེའི་རང་བཞིན་ཉིད་ལས་གྲོལ། །དོན་དམ་ཉིད་ཕྱིར་སྦྱར་བ་ཡིས། །སངས་རྒྱས་ཀུན་གྱི་ངོ་བོ་འགྱུར། །ཞེས་པས་བསྟན་པ། འབྱུང་བ་བཞིའི་རླུང་ནང་དུ་འགགས་པས་དབུ་མའི་ཡས་སྣའི་བུ་ག་མཐོང་། བུ་ག་དེ་ཉིད་ལ་མ་བཅོས་པར་འཇོག་པའི་ཚུལ་གྱིས་སེམས་གཏད་ནས་བསམ་གཏན་གྱི་ཡན་ལག་གི་འོད་གསལ་བསྒོམས་པས། གནས་སྐབས་སུ་ཉི་ཟླ་སྐར་མ་གསུམ་སྟེང་དུའམ་གོང་ནས་གོང་དུ་མཐོང་བར་འགྱུར་ཏེ། དེ་ལ་ཉི་མ་ནི་རོ་མ་དང་། དེར་གནས་པའི་རླུང་དང་ཐིག་ལེའོ། །དེ་བཞིན་དུ་ཟླ་བ་ནི་རྐྱང་མའི་རྩ་རླུང་ཐིག་ལེ་གསུམ་དང་། སྐར་མ་ནི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་རླུང་ཐིག་ལེ་དང་བཅས་པ་རྣམས་སོ། །མཐར་ཐུག་གི་འབྲས་བུ་ནི། ཉི་ཟླ་སྐར་གསུམ་མཐོང་བའི་མཐར་ཡང་། གཟུང་བའི་ཡུལ་འོད་གསལ་དང་། འཛིན་པའི་སེམས་འོད་གསལ་རོ་གཅིག་པའི་དམིགས་མེད་ལ་གོམས་པ་ཡང་དག་པར་བརྟན་པ་ན་རྡོ་རྗེ་འཆང་ཉིད་རྫོགས་པར་བྱེད་དོ། །གསུམ་པ་ནི། ཕྱིས་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །ཞེས་པས་བསྟན་པ། འོད་གསལ་རྟགས་བཅུ་ཙམ་མཐོང་བའི་སྟོང་པ་ཉིད་ལ་དམ་ཚིག་གི་ཕྱག་རྒྱར་བཞག་ནས་དེ་ཉིད་ལ་མཉམ་པར་བཞག་པས། དེ་བཞིན་ཉིད་ཀྱི་གཏུམ་མོའི་མིང་ཅན་ལྷན་སྐྱེས་ཀྱི་གཏུམ་མོ་དྲག་ཏུ་འབར་བར་འགྱུར་ལ། དེའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེ་ནོར་བུའི་རྩེ་མོར་ཕྱིན་པར་འགྱུར་ཏེ། ཕྱིན་པ་དེའི་ཚེ་བདེ་བ་ཅི་འདྲ་བ་ཞིག་ཉེ་བར་སྐྱེས་པའི་བདེ་བ་དེ་ནི་བརྟག་པར་བྱ་བ་ཡིན་ལ། བདེ་བ་དེའི་སྔོན་དང་། དེ་ཉིད་ཀྱི་དུས་དང་། རྗེས་ལ་ཐོབ་པ་རྣམས་སུ་ཡང་དང་ཡང་མཚོན་པར་བྱ་ཞིང་བརྟག་པར་བྱ་ལ། ཡང་དག་པར་བསྒོམ་པར་བྱའོ། །དེ་ལས་ལུགས་བཟློག་གི་དགའ་བ་བཞི་སྐྱེ་ལ། དེ་ཉིད་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྒྱུ་མར་ལྡང་བའོ། །དེ་བཞིན་དུ། གཉིས་པ་ལས་རྒྱ་དང་། གསུམ་པ་ཡིད་རིག བཞི་པ་ཕྱག་རྒྱ་ཆེན་མོ་རྣམས་ལའང་སྦྱར་ནས་ཤེས་པར་བྱའོ། །བཞི་པ་ནི། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཞེས་པས། །རོ་རྐྱང་གི་རྩ་ལས་རླུང་མེ་འཁོར་གྲུ་གསུམ་པའི་དབུས་ཀྱི་ཨ་བ་དྷཱུ་ཏཱིར་ཐིམ་པའི་འགོ་ཟུག་པ་ན། རྣལ་འབྱོར་པ་དེས་རིགས་ལྔའི་རང་བཞིན་སངས་རྒྱས་ལྔ་མཚོན་པ་ཡེ་ཤེས་ལྔས་བྱིན་གྱིས་བརླབས་པ་རླུང་དང་མེ་མི་ཕྱེད་པའི་སྣང་བ་མངོན་སུམ་དུ་མཐོང་བར་འགྱུར་ལ། དེ་ལས་སྣང་བ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་སྲོག་དགག་ཅིང་གཏུམ་མོའི་མེ་སྦར། བརྟན་པོར་གྱུར་པ་ན་མེ་དེས་ལྕེའི་བར་དུ་ཕྱིན། ལྕེ་རང་གི་མགོ་བོ་ལ་ཀུན་ཏུ་འཁོར་བ་ཙམ་དུ་འཕེལ་བ་དང་། དཔུང་པའི་རྩ་བར་སོན་པས་ཐལ་གོང་རྒྱས་པ་དང་། ལུས་ཀྱི་བ་སྤུའི་མཐར་ཐུག་པར་གང་བས་ལུས་མཚན་དཔེ་ཐམས་ཅད་ཀྱིས་བརྒྱན་པའི་རྡོ་རྗེའི་སྐུར་འགྱུར་ལ། དུས་དེའི་ཚེ་ཁམས་གསུམ་པ་ཐམས་ཅད་དུ་རྣམ་པར་ལྟ་བའི་ཡེ་ཤེས་ཀྱི་མིག་ལ་སོགས་པའི་ཟག་པ་མེད་པའི་མངོན་པར་ཤེས་པ་རྣམས་དང་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ཐོབ་བོ། ལྔ་པ་ནི། ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་པས། ལྷན་ཅིག་སྐྱེས་པ་བསྒོམ་པ་དེས་སེམས་ཡུལ་ལ་གཡོ་བ་བཟློག་ནས་སྟོང་པ་ཉིད་ལ་གཞུག་པར་བྱའོ། །གང་དུ་གཞུག་པར་བྱ་བའི་སྟོང་པ་ཉིད་དེའང་གཞན་མ་ཡིན་གྱི། ཡེ་ནས་གནས་པའི་སེམས་རང་ཉིད་ཡིན་པས་ན་སེམས་སུ་རྣམ་པར་གཞུག་པར་བྱ་སྟེ། སེམས་རང་གི་རང་བཞིན་ལ་གནས་པ་ཙམ་མ་གཏོགས་པ་བསྒོམ་པའི་བྱ་བ་གཞན་ནི་ཡོད་པ་མ་ཡིན་པས་སོ། །དེས་སྟོང་པ་དང་སྟོང་པ་མ་ཡིན་པ་ལ་སོགས་པ་གཉིས་དང་གཉིས་མ་ཡིན་པའི་རྣམ་པར་རྟོག་པ་སྤྲིན་ལྟ་བུ་ཐམས་ཅད་དེངས་ནས་ལྷན་ཅིག་སྐྱེས་པ་ནམ་མཁའ་དང་འདྲ་བར་མཐོང་ངོ་། །གསུམ་པ་ནི། དམིགས་མེད་ཀུན་རྫོབ་དག་ཏུ་ནི། སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཅེས་པས། མཐའ་བྲལ་སྒྱུ་མ་མངོན་དུ་གྱུར་ཏེ། དེ་ལས་སྒྱུ་མ་ལྟ་བུར་ལངས་ནས་ཟུང་དུ་འཇུག་པ་ལ་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་རྫོགས་པར་བྱེད་དོ། །དེའི་མཚན་ཉིད་ནི། ཀུན་ནས་ཕྱག་དང་ཀུན་ནས་ཞབས ཀུན་ནས་སྤྱན་དང་དབུ་དང་ཞལ། ཀུན་ནས་སྙིང་ལྡན་འཇིག་རྟེན་ན། །ཀུན་ཏུ་ཐམས་ཅད་གཡོགས་ནས་བཞུགས། །རྡོ་རྗེ་ཐེག་པ་འདི་ཉིད་དུ། །མང་དུ་བཤད་པས་སྨོས་ཅི་དགོས། །ཞེས་པས་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའམ། སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པ་ཞེས་བྱ་བ་དག་གོ །ཐུན་མོང་གི་ཕན་ཡོན་ནི་དགུ་སྟེ། ཀུན་རྫོབ་ལུས་ཀྱི་རང་བཞིན་སྒྱུ་མར་རྟོགས་པར་འགྱུར་བ་དང་། ལུས་ཀྱི་མངོན་ཞེན་བཟློག་པར་འགྱུར་བ་དང་། དེ་སྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། སྣང་བ་ཐམས་ཅད་ཀྱི་བདེན་ཞེན་བཟློག་པ་དང་། ཆོས་བརྒྱད་མགོ་སྙོམས་པ་དང་། རྒྱུ་ལམ་འབྲས་བུ་ཐམས་ཅད་ཀྱང་སྒྱུ་མ་དེར་རྟོགས་པར་འགྱུར་བ་དང་། བདག་བྱིན་གྱིས་བརླབས་པར་འགྱུར་བ་དང་། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་དུ་མཆོད་པར་འགྱུར་བའོ།། །། བཞི་པ་རྨི་ལམ་ལམ་གྱི་དྲོད་ཚད་ལ། རྨི་ལམ་གཟུང་བ། རྨི་ལམ་སྦྱང་བ། རྨི་ལམ་སྒྱུ་མར་བསླབ་ཅིང་ཡ་ང་སྤང་བ། རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པ་བཞི་ལས། །དང་པོ་ལ། འདུན་པའི་སྟོབས་ཀྱིས་གཟུང་བ། རླུང་གི་སྟོབས་ཀྱིས་གཟུང་བ། དམིགས་པའི་སྟོབས་ཀྱིས་གཟུང་བ་གསུམ་ལས། །དང་པོ་ནི། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། །རང་བཞིན་དག་པའི་སེམས་ཉིད་ལ། །འཁྲུལ་པ་ལོག་པར་རབ་ཏུ་གསུངས། །ཞེས་བསྟན་པའི་དོན། ཆོས་ཐམས་ཅད་རང་བཞིན་གྱི་ངོས་ནས་དེ་དང་དེ་དག་ཏུ་བཞག་ཏུ་མེད་པས་རང་བཞིན་རྣམ་དག མ་རིག་པའི་བློ་ངོ་ན་དེ་དང་དེར་འཆར་བ་མི་འགག་པ་བློ་བུར་དྲི་མ། གཞི་གཅིག་གི་སྟེང་དུ་མི་འགལ་བས་ན་རྨི་ལམ་ལྟ་བུའོ། །ཞེས་བཤད་ནས་མཚོན་བྱེད་རྨི་ལམ་གྱི་མཚོན་པར་བྱ་བའི་ཚུལ་ནི། དོན་བཞིན་ཉམས་སུ་བླང་བར་བྱ། །དང་པོ་རྨི་ལམ་གཟུང་བ་དང་། །དེ་ནས་སྦྱང་ཞིང་སྒྱུ་མར་བསླབ། །དེ་ནས་ཡ་ང་སྤང་བ་དང་། །ཁོ་ན་ཉིད་དོན་བསྒོམ་པའོ། ཞེས་པ་འདི་ལ་སློབ་དཔོན་ཀླུ་སྒྲུབ། དྲན་པ་དང་། སྒྱུ་མར་བསླབ་པ་དང་། སྦྱང་བ་དང་། གོམས་པར་བཀྲི་བ་དང་། རྨི་ལམ་གྱི་འཕོ་བ་ལྔས། ལྭ་བ་པ། གཉིད་མི་འོང་བ་འོང་བར་བྱ་བ། རྨི་ལམ་གྱི་འདུ་ཤེས་སྔོན་དུ་གཏང་བ། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་བ། རྨི་ལམ་སྦྱང་བ། རྨི་ལམ་ལ་བོགས་འབྱིན་པ། རྨི་ལམ་གྱི་སྒྱུ་ལུས་འོད་གསལ་དུ་འཕོ་བ་དྲུག་གིས་འཆད་ཀྱང་། སུ་མ་ཏིས་གཞུང་བཞིན་བཤད་པས་དེའི་རྗེས་སུ་འབྲང་ལ། དོན་ལ་ཁྱད་པར་མེད་དོ། དེ་ལས། དང་པོ་གཟུང་བའི་མན་ངག་ནི། །དྲན་དང་འདུན་པས་མཚམས་སྦྱར་ཏེ། །ཞེས་པས། ཉིན་པར་སྒྱུ་ལུས་དྲན་པ་རྒྱུན་ཆགས་འདུན་པ་རྗེས་འབྲང་དུ་སྦྱང་ཞིང་། རྨི་ལམ་གྱི་སྔོན་འགྲོར་བཟའ་རྒྱུ་བཅུད་ཅན་དང་དྲོད་ཅན་མི་བསྟེན། མེ་དང་ཉི་མ་སྤང་། གོས་གྲང་དྲོད་རན་པར་བྱས་ལ། གཉིད་དུ་མི་འགྲོ་བའི་བར་དུ་བདག་གིས་རྨི་ལམ་རྨི་བར་བྱ། དེའང་རྨི་ལམ་ཁྱད་པར་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞལ་མཐོང་ཞིང་དེ་ལ་ཆོས་ཉན་པའང་རྨི་བར་བྱ། ཡི་དམ་ལྷའི་ཞལ་མཐོང་ཞིང་དེ་ལ་ཆོས་ཉན་པའང་རྨི་བར་བྱ། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པའི་དྲན་པ་དང་འདུན་པ་བག་ཆགས་འཇོག་ནུས་སུ་གཏང་། བླ་མ་སྤྱི་བོར་བསྒོམས་ནས་རྨི་ལམ་ཟིན་པའི་གསོལ་བ་དྲག་པོ་གདབ་བོ། །གཉིས་པ་ནི། རྣམ་ཤེས་སྲོག་ནི་འདུ་བའི་རྟེན། ཞེས་པས། གཞོག་གཡས་འོག་ཏུ་ཕབ། སེང་གེའི་འདུག་སྟངས་ཀྱིས་ཉལ། ལག་གཡས་པའི་མཐེབ་སྲིན་གྱིས་མགྲིན་པའི་རྩ་འཕར་བ་མནན། མཛུབ་མོས་སྣ་དམ་པོར་བཀག་མཆིལ་མ་བསྐྱིལ་བའི་གནད་ཀྱིས་རླུང་མགྲིན་པར་གཟུང་ངོ་། །གསུམ་པ་ལ། དངོས། སྤོགས་ཆོག འབྱམས་གཅད་པ་ལས། །དང་པོ་ནི། མགྲིན་པར་སྔགས་ཀྱི་འཁོར་ལོ་བསྒོམ། །ཞེས་པས། རང་ཉིད་དམ་ཚིག་སེམས་དཔའ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ་བསྒོམ། དེའི་མགྲིན་པར་ཡེ་ཤེས་སེམས་དཔའ་དེ་དང་འདྲ་བ་ཚོན་གང་པ། དེའི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ། པདྨ་དམར་པོ་འདབ་མ་བཞི། དབུས་སུ་ཨཱཿཡིག་མདུན་དུ་ཨ། །གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་དམར་པོ་འོད་སྣང་ཙམ་དུ་གསལ་བཏབ་ནས་རྩེ་གཅིག་ཏུ་བསྒོམ་མོ། །སད་པ་དང་ཟིན་ནམ་མ་ཟིན་བལྟ། མ་ཟིན་ན་མདང་རྨི་ལམ་ལ་རྨི་ལམ་དུ་མ་ཤེས། ད་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བྱས་ལ་ཡང་གཟུང་བས་ཐོ་རངས་ལྷས་ལུང་སྟོན་པའི་དུས་ཡིན་པས་ཟིན་ཏེ་འོང་། མ་ཟིན་ན་ཉིན་བར་གྱི་དུས་སུ་སྐྱེ་དགུ་ཐམས་ཅད་ལ་རྨི་ལམ་ཡིན་སྙམ་པའི་བསམ་པ་ཡང་དང་ཡང་དུ་བྱ་ཞིང་སྒྱུ་ལུས་དྲག་པོ་སྦྱང་ངོ་། དེའང་གཉིད་འཐུག་པ་ལ་ཟིན་ན་སྦྱངས་དཀའ། སྲབ་པ་ལ་ཟིན་ན་དང་པོ་ཡིད་སྨོན་འདྲ་བ་ཞིག་འོང་སྟེ་སྦྱང་སླ། ལར་བག་ཆགས་ལ་སྲབ་འཐུག་ཡོད་དེ། དང་པོ་དང་ད་ལྟར་གྱི་རྨི་ལམ་གྱིས་ཤེས་གསུང་། ཡང་ན་ཡེ་ཤེས་སེམས་དཔའི་སྙིང་གའི་པདྨའི་ལྟེ་བར་ཐིག་ལེ། དེའི་ཐིགས་པས་ལུས་བརླན་ཞིང་བདེ་བས་ཁེངས། སེམས་དཔའ་གསུམ་ཐིག་ལེ་ལ་བསྡུས། དེ་ལ་ཤེས་པ་གཏད་པའམ། ཡང་ན་རང་ལྷར་བསྒོམས་པའི་མགྲིན་པར་པདྨ་འདབ་མ་བཞི། དེའི་དབུས་སུ་ཨཱཿ རིང་པོ་རྣམ་བཅད་དང་བཅས་པ་གསལ་བཏབ་ནས། དེ་ལ་རྟེན་བཅས་ཏེ་རྣམ་པར་མི་རྟོག་ལ་བཞག་པས་སོ། །གཉིས་པ་ནི། སླར་ཡང་རླུང་དང་ཤེས་སྦྱར་ནས། །ཐེག་ལེ་བཏང་དང་བགོ་བར་བྱ། །ཞེས་པས། སྲོད་ལ་ཁ་རྩང་གི་དམིགས་པ་དེ་ཀས་འཛིན། ཐོ་རངས་རླུང་བུམ་པ་ཅན་བདུན། རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཐེངས་བཅུ་གཅིག དམིགས་པ་སྨིན་མཚམས་སུ་རུས་པའི་ཐེག་ལེ་དཀར་པོའི་དཀྱིལ་དུ་སེམས་གཏོད་པ་ཐིག་ལེ་གོས་སུ་བགོ་བ་ཞེས་བྱའོ། །ཁྲག་ཤས་ཆེ་ན་དམར་པོ་དང་། རླུང་ཤས་ཆེ་ན་ལྗང་ཁུར་བསྒོམ། དེས་མ་ཟིན་ན་སྲོད་ལ་དེ་ཀ་བསྒོམ། ཐོ་རངས་རླུང་ཉི་ཤུ་རྩ་གཅིག འདུན་པའང་ཉེར་གཅིག དམིགས་པ་གསང་བའི་སྣ་རྩེར་ཐིག་ལེ་ནག་པོ་རིལ་མ་ཙམ་གྱི་སྟེང་དུ་ཤེས་པ་གཏད་པ་ཐིག་ལེ་གདན་དུ་བཏིང་བ། སྐབས་སྐབས་སུ་གཉིས་སད་པའི་དུས་སུའང་དེ་སྔའང་རྨི་ལམ་ལ་རྨི་ལམ་དུ་ངོ་མ་ཤེས། ད་ནི་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་དགོས་སྙམ་པའི་དྲན་པ་དང་འདུན་པ་དང་མ་བྲལ་བར་བྱས་ལ་སྔ་མ་ལྟར་དུ་གཉིད་དུ་གཏང་། དེ་ནས་ཉིན་པར་གྱི་དུས་སུའང་སྤྱོད་ལམ་རྣམ་པ་བཞི་གང་བྱེད་ཀྱང་རྨི་ལམ་ཡིན། རྨི་ལམ་སྙམ་དུ་བསམ་ཞིང་སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་དུ་ཡིད་ཆེས་པར་བྱའོ། དེ་ལྟར་བུ་བསྒོམས་པས་རྨི་ལམ་ཟིན་པའི་རྟགས་ནི་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་ན་ཟིན་པའོ། །ཡང་ཡང་དུ་སྦྱངས་པས་ཟླ་བ་དང་ལོ་ནས་ཅི་དགའ་ཟིན་པར་འགྱུར་རོ། །གསུམ་པ་འབྱམས་གཅད་པ་ནི། སད་འབྱམས། སྟོང་འབྱམས། འཁྲུལ་འབྱམས། རྒྱུན་འབྱམས་བཞི་ལས་དང་པོ། རྨི་ལམ་ཟིན་འདོད་པ་དང་གཉིད་སད་པ་དང་། རྨི་ལམ་ཟིན་ནས་རྨི་ལམ་དུ་འདུག་སྙམ་པ་དང་དེ་མ་ཐག་ཕྲལ་སད་པ་དང་། ཡང་རྨི་ལམ་མ་ཟིན་པར་རྨི་ལམ་ནམ་བྱུང་དུས་ནས་སད་པ་ལ་སོགས་པ་འབྱུང་སྟེ། དེ་གཅད་པ་ལ་གོས་དྲོ་བར་གོན། ཟས་བཅུད་ཅན་དང་ཆང་ཞིམ་པོ་བསྟེན། ལུས་གནད་གཞོགས་གཡས་འོག་ཏུ་བཅུག་ནས། བདག་གིས་གཉིད་ཡུན་རིང་པོ་ལོག་ཅིང་མ་སད་པར་རྨི་ལམ་ཟིན་པར་བྱ། རྨི་ལམ་འབྱོངས་པར་བྱ་སྙམ་པའི་འདུན་པ་དྲག་ཏུ་བྱས་ལ། དམིགས་པ་རང་རྡོ་རྗེ་འཆང་སྒྱུ་མ་ལྟ་བུར་གསལ་བའི་ལྟེ་བར་སྒྲོན་མེ་འོད་ཡ་ལ་ལ་བ་ལ་སེམས་བསྡུས་ཏེ་རླུང་ཅུང་ཟད་ནང་དུ་འཛིན་པ་དང་བསྟུན་པས་འཛིན་ནོ། །འདི་ལ་བདེ་དྲོད་རང་ཤུགས་ཀྱིས་འབྱུང་ཞིང་རྨི་ལམ་ཟིན་ཏོ། །གཉིས་པ་རྨི་ལམ་རྨི་རུ་ཡེ་མ་འདོད་པ་དང་། རྨི་ལམ་མ་ཟིན་པ་དང་། ཡང་བརྗེད་དམ་འཁྲུལ་ནས་མ་ཟིན་པ། དེ་གཅོད་པ་ལ་གཉིས། དང་པོ་ཞུ་བདེའི་གནད་ཀྱིས་གཅོད་པ་ནི། ལུས་ཙོག་པུ་བྱས་ཏེ། དྲག་རླུང་ཕྱུང་ནས་བུམ་པ་ཅན་དྲག་པོ་གཟུང་ངོ་། །དེ་ནས་བདག་གིས་རྨི་ལམ་གསལ་པོར་གཟུང་བར་བྱ། ཟིན་པ་དེ་ཉིད་མ་བརྗེད་པར་བྱ་སྙམ་པའི་དྲན་འདུན་དྲག་པོ་ཡང་ཡང་བྱས་ཏེ། དམིགས་པ་ཡུལ་གྱི་གནད་རང་ལུས་ལྷ་སྐུ་རྡོ་རྗེ་འཆང་སེམས་དཔའ་སུམ་བརྩེགས་གསལ་བའི་དམ་ཚིག་སེམས་དཔའི་བྱང་སེམས་བདེ་ཆེན་ཐིག་ལེའི་རང་བཞིན་དུ་ཞུ། སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཡང་ཞུ། ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ་ཐིམ་པས། ཧཱུྃ་དེ་ཉིད་བྱང་སེམས་བདེ་བ་ཆེན་པོ། ཐིག་ལེའི་རང་བཞིན་འོད་འབར་བར་གྱུར་པ་ལ་སེམས་བསྡུས་ནས་གཟུང་བས་ཟིན་པར་འགྱུར་རོ། གཉིས་པ་བླ་མའི་གནད་ཀྱིས་གཅད་པ་ནི། རང་ལྷ་སྐུ་སྒྱུ་མ་ལྟ་བུ་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པ། སྤྱི་བོར་བླ་མ་འོད་དཔག་མེད་ཡབ་ཡུམ་སྐུ་མདོག་དམར་པོ་བསྒོམ། དེ་ལ་དཀར་བརྒྱུད་ཀྱི་བླ་མ་ཐམས་ཅད་བསྟིམ་སྟེ་མོས་གུས་དྲག་པོས་གསོལ་བ་བཏབ། བླ་མ་ཡབ་ཡུམ་སྦྱོར་བ་མཛད་དེ་མགྲིན་པར་པདྨ་འདབ་བཞིའི་སྟེང་དུ་བྱོན་ནས་ཡབ་ཡུམ་སྐུ་ཤིན་ཏུ་གསལ་བ་འོད་ཀྱི་ཕུང་པོར་བཞུགས་པའི་ཐུགས་ཀ་ནས་ཐིག་ལེ་དམར་པོ་གཅིག་ཆད། དེ་མར་སོང་ནས་རང་གི་སྙིང་གའི་ཏིང་འཛིན་སེམས་དཔའ་ཧཱུྃ་འོད་འབར་བ་ལ་སྐོར་བ་ལན་གསུམ་བྱས་པས། ཧཱུྃ་ལས་ཐིག་ལེ་དཀར་པོ་གཅིག་ཆད་དེ། དེ་ཐིག་ལེ་དམར་པོས་ཁྲིད་པའི་ཚུལ་དུ་ཡར་བྱུང་། མགྲིན་པར་བླ་མ་འོད་དཔག་མེད་ཡབ་ཡུམ་ལ་སྐོར་བ་སྐོར་རོ་རོ་བྱེད་པ་ལ་སེམས་གཏད་པས། རྣམ་རྟོག་ཕྲག་རགས་ཐམས་ཅད་རིམ་གྱིས་སྣང་མཆེད་ཐོབ་གསུམ་གྱི་ཚུལ་གྱིས་ཐིམ་སྟེ། གཉིད་དུ་སྲིབ་སྟེ་འགྲོ་དུས་ཐིག་ལེ་དཀར་དམར་དེ་གཉིས་གཅིག་ཏུ་འདྲེས་ཏེ། བླ་མའི་ཐུགས་ཀར་ཐིམ་པ་ལ་སེམས་བསྡུས་ནས་གཟུང་བས་ཟིན་པར་འགྱུར་རོ། །འདི་ལ་བརྗེད་འབྱམས་ཞེས་ཀྱང་ཟེར་རོ། གསུམ་པ་རྨི་ལམ་མང་པོ་རྨིས་ལ་མ་ཟིན་པ་དང་། རྨི་ལམ་དུ་རྨི་ལམ་གྱི་སྣང་བ་འབྱུང་བ་ལ་སོགས་པ་སྟེ། དེ་གཅོད་པ་དང་པོ་ཐིག་ལེའི་གནད་ནི། ལུས་གནད་ཙོག་པུ་བྱས་ལ། རླུང་བུམ་པ་ཅན་ཅི་གྲུབ་སྦྱང་ངོ་། །བདག་གིས་རྨི་ལམ་གསལ་པོར་རྨི་བར་བྱ། རྨི་ལམ་གཟུང་བར་བྱ། ཤིན་ཏུ་གསལ་པོར་གཟུང་བར་བྱ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་བྱས་ལ། དམིགས་པའི་གནད་རང་ཡི་དམ་སྒྱུ་མ་ལྟ་བུ་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་དཔྲལ་བར་ཐིག་ལེ་དམར་པོ་འཚེར་བ་འོད་ཀྱི་ཕུང་པོ། འོད་ཟེར་དཔག་མེད་འཕྲོ་བཞིན་པ་ལ་སེམས་གཏད་ལ་གཟུང་བར་བྱའོ། །གཉིས་པ་བླ་མའི་གནད་ནི། རང་རྡོ་རྗེ་འཆང་སྒྱུ་མ་ལྟ་བུར་བསྒོམ། སྤྱི་བོར་རྩ་བའི་བླ་མ་ནས་རྡོ་རྗེ་འཆང་གི་བར་དུ་ཐོ་བརྩེགས་སུ་གཟི་མདངས་དང་བཅས་པར་བསྒོམ་མོ། །དེ་ལ་ལུས་བ་སྤུ་གཡོ་མིག་མཆི་མ་འཛག་པའི་སྒོ་ནས་མོས་གུས་དྲག་པོ་བྱས་ཏེ་གསོལ་བ་བཏབ་པས། དཀར་བརྒྱུད་ཀྱི་བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། བླ་མ་དེའང་རང་གི་སྤྱི་བོ་ཚངས་པའི་བུ་ག་ན་མར་བྱོན་ནས་སྨིན་མཚམས་ཀྱི་ནང་གི་དབུས་སུ་འོད་ཀྱི་ཕུང་པོར་བཞུགས་པ་དེའི་འོད་ཀྱིས་རང་གི་མགོའི་ཕྱི་ནང་ཐམས་ཅད་ཀྱང་སྐྱ་ཐེག་གེ་འོད་སྣང་དུ་གསལ་བ་ལ་སེམས་དྲིལ་ཏེ་གཟུང་བས་རྨི་ལམ་ཟིན་པར་འགྱུར་རོ། །འདི་ལ་སྡུག་འབྱམས་ཞེས་ཀྱང་བྱའོ། །བཞི་པ་དུས་རྒྱུན་དུ་རྨི་ལམ་མ་ཟིན་པར་འབྱམས་པ་ཡིན་ཏེ། དེ་གཅོད་པའི་མན་ངག་ལ་བཞི་ལས། དང་པོ་ཚོགས་གསོག་གི་གནད་ཀྱིས་གཅོད་པ་ནི། ཕྱི་ནང་གི་ཚོགས་བསག་པ་དང་། ཏིང་ངེ་འཛིན་གྱི་དབང་ལེན་པ་ལ་སོགས་པའི་བསྐང་བཤགས་ཀྱིས་སོ། །གཉིས་པ་ཏིང་ངེ་འཛིན་གྱིས་གཅད་པ་ནི། ཉལ་ནས་རང་ལུས་ཀྱི་ཡན་ལག་བཞི་མགོ་དང་ལྔ་གཅད་དེ་ཕྱོགས་སུ་བཞག ལུས་ཀྱི་ཟོམ་དབུས་སུ་བཞག་སྟེ། དེ་དག་འགུལ་འགུལ་ཤིག་ཤིག་བྱེད་པ་འཇིག་རྟེན་པ་ཉམ་ང་བ་ལ་སེམས་གཟུང་ནས་གཉིད་ལོག་པས་རྨི་ལམ་ཟིན་ནོ། །ཡང་རང་གི་རྐང་མཐིལ་ནས་ལུས་ཕྱིར་བཟློག་སྟེ། ནང་དུ་སྐྲ་བ་སྤུ་དབང་པོའི་སྒོ་སྐྱེ་མཆེད་ཐམས་ཅད་ཁྲལ་ལེར་གསལ་བ། ཕྱིར་གློ་སྙིང་ནང་ཁྲོལ་ཐམས་ཅད་ཉིལ་ལེ་གསལ་བའི་ནང་དུ་སེམས་བསྡུས་ཏེ་རྨི་ལམ་འཛིན་པའི་འདུན་པ་དྲག་པོ་བྱས་ཏེ་གཟུང་བས་རྨི་ལམ་ཟིན་པར་འགྱུར་རོ། །གསུམ་པ་སྒོ་གསུམ་ཚར་གཅད་པའི་གནད་ཀྱིས་གཅོད་པ་ནི། མི་མེད་ཀྱི་ལུང་པ་སྟོང་པར་ཕྱིན་ནས་ལུས་ལ་རྒྱན་དྲུག་ལ་སོགས་པ་བཏགས་ནས་བྲོ་དང་གར་ལ་སོགས་པ་ལུས་ཀྱི་རྣམ་འགྱུར་དང་སྤྱོད་པ་ཅི་རུང་རུང་བྱས་ཏེ་ལུས་ཚར་གཅད་དོ། །ངག་གིས་གླུ་དབྱངས་དང་། ངུ་བ་དང་། རྒོད་པ་དང་། གསོལ་འདེབས་ལ་སོགས་དྲན་ཚད་ཤར་ཚད་བྱས་ཏེ་ངག་ཚར་གཅད་དོ། །ཡིད་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་མེད་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་པ་ལ། དེ་ལྟར་མ་ཤེས་པས་རང་ཉིད་འཁྲུལ་པར་འདུག བརྟགས་ཤིང་དཔྱད་པས་ཆོས་ཐམས་ཅད་རྨི་ལམ་དུ་འདུག སྒྱུ་མར་འདུག་ཨང་སྙམ་པའི་ངང་ནས་ཡིད་ཚར་གཅད་དེ། སེམས་དཔའ་སུམ་བརྩེགས་འོད་ཀྱི་ཕུང་པོ་ཙམ་ལ་སེམས་བསྡུས་ཏེ་འདུན་པ་དྲག་པོས་རྨི་ལམ་གཟུང་བས་ཟིན་པར་འགྱུར་རོ། །བཞི་པ་གནས་དང་། ཟས་དང་། གྲོགས་ཀྱི་རྟེན་འབྲེལ་གྱིས་གཅད་པ་ནི། གནས་དགོན་པའམ། རི་ཁྲོད་དམ། སྒྲུབ་གནས་བྱིན་རླབས་ཅན་ནམ། མཁའ་འགྲོ་འདུ་བའི་གནས་ཁྱད་པར་ཅན་དུ་ཉིན་པར་སྒྱུ་ལུས་རྒྱུན་མ་ཆད་པར་བསྒོམ། ཟས་བསིལ་བ་དང་། དཀར་གསུམ་དང་། ཇ་དང་། ཆབ་ཚྭ་ལ་སོགས་པ་བསྟེན། གྲོགས་ལྟ་སྤྱོད་མཐུན་ཞིང་གདམ་ངག་རྫོགས་པར་ཐོབ་པ་རྩར་བཞག་སྟེ། རྨི་ལམ་འཛིན་པའི་དྲན་འདུན་སྔོན་དུ་གཏང་ནས་རང་སེམས་དཔའ་སུམ་བརྩེགས་བསྒོམ་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་འོད་འཕྲོ་བ་ལྟ་བུ་ལ་སེམས་གཏད་དེ་གཉིད་ལོག་པས་ཟན་གཅིག་ཟ་ཡུན་ཙམ་ནས་གྲོགས་ཀྱིས་རྨི་ལམ་འདྲི། ཡང་གཉིད་ལོག་སྟེ་སྔར་བས་ཡུན་རིང་ཙམ་ལ་རྨི་ལམ་ཟིན་ནམ་འདྲི། དེ་ལྟར་ཡང་དང་ཡང་དུ་གཟུང་བས་ཟིན་པར་ངེས་སོ། །དེ་ནི་དྲེད་འབྱམས་ཞེས་ཀྱང་བྱའོ། །གཉིས་པ་ནི། དེ་ནས་སྦྱང་བའི་མན་ངག་ནི། ངོ་མཚར་ཅན་གྱི་རྨི་ལམ་གང་། །རྨི་བར་བྱའོ་སྙམ་པའི་བློས། །དཔེར་ན་རྨི་ལམ་བུད་མེད་སྣང་། །སད་ནས་བུད་མེད་མང་པོར་སྤྲོ། །དེར་ཤེས་པ་ཡི་དབང་གིས་སུ། །ཅིང་ཡང་བསྒྱུར་དུ་བཏུབ་པ་ཡིན། །ཞེས་པའི་བུད་མེད་ནི་རྨི་ལམ་ཙམ་གྱི་སྣང་བརྙན་ཉིད་རྡོ་རྗེ་སེམས་དཔའི་བུད་མེད་ཡིན་པ་དང་། སད་པ་ཞེས་པ་དེ་ལ་དེར་ཤེས་པ་ཡིན་ལ། དེའི་དབང་གིས་ཅི་དགའ་དགར་བསྒྱུར་དུ་བཏུབ་པའི་ཕྱིར་སྦྱོང་ཚུལ་གཉིས་སུ་བཞག་པའི་འཇིག་རྟེན་པའི་རྣམ་ཐར་ལ་སྦྱང་བ་ནི། ཉམ་ང་བ་ལ་སོགས་པས་རྐྱེན་བྱས་ནས། གཡང་ཁ་ནས་འཕུར་བ་དང་། མེ་དང་ཆུར་མཆོང་བ་དང་། མི་མ་ཡིན་པའི་བུ་མོ་ལ་འཁྲིག་པ་སྤྱད་ཅིང་ཐིག་ལེ་གཟུང་བ་དང་། འཇིག་རྟེན་གྱི་ཁམས་ལྟ་བ་དང་། ལྷའི་གནས་ལྟ་བ་དང་། ཉི་ཟླའི་སྟེང་དུ་སྡོད་པ་དང་། ནམ་མཁར་འཕུར་བ་དང་། གཅིག་ལ་མང་པོར་སྤེལ་བ་དང་། མང་པོ་གཅིག་ཏུ་སྡུད་པ་དང་། དམའ་བ་ལ་མཐོན་པོར་བསྒྱུར་བ་དང་། མཐོན་པོ་དམའ་བར་བསྒྱུར་བ་དང་། ས་དང་ཆུ་དང་། རི་ལ་སོགས་པ་ལ་རྨི་ལམ་ཡིན་པས་སྟོང་པ་ཡིན་སྙམ་ནས་ཐལ་ཐལ་སྦྱང་ངོ་། འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱང་བ་ནི། སངས་རྒྱས་ཀྱི་ཞིང་ཁམས་ལྟ་བ་དང་། མཆོད་པ་འབུལ་བ་དང་། ཆོས་ཉན་བཤད་དང་། ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་ལ་སོགས་པ་ཡིན་ནོ། །གལ་ཏེ་ཞིང་ཁམས་ལ་སོགས་པ་མ་ཤར་ན་འདུན་པ་དྲག་པོ་དང་ཉལ་དུས་མགྲིན་པར་ཐིག་ལེ་དམར་པོའི་ནང་དུ་གང་བལྟ་འདོད་པ་དེ་མིག་འབྲས་ལ་གཟུགས་སྣང་བ་བཞིན་དུ་བསྒོམས་པས་ངེས་པར་འཆར་རོ། །གསུམ་པ་སྒྱུ་མར་བསླབ་པ་ནི། །བདག་མེད་མ་ཡི་རྣམ་པར་བསྒོམ། །དེ་ཡི་སྤྲུལ་པ་རྣམ་མང་པོས། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། ཁེངས་པར་གྱུར་པ་རབ་བལྟས་ན། །དེ་བཞིན་དུ་ནི་འགྱུར་བ་ཡིན། །ཞེས་པས་བདག་མེད་མའི་རྣམ་པ་ཞེས་པ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ལྷའི་སྣང་བ་སྟེ། དེ་ལ་སློབ་པའི་ཚུལ་ནི། སྦྱོང་བའི་དུས་སུ་ཆུར་མཆོང་བ་ལ་སོགས་པ་བྱས་པས་ཀྱང་། ད་དུང་ཡ་ང་ལ་བག་ཚ་ཞིང་འཇིགས་པ་སྙམ་བྱེད་ན། རྨི་ལམ་ཡིན་པས་འཁྲུལ་པ་དང་། སྒྱུ་མ་ཡིན་པས་འཇིགས་པ་དང་ཡ་ང་རྒྱུ་ཅི་ཡོད་བསམ་མོ། །དེ་ནས་རང་ལུས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ་བསྒོམས་པས་དེ་ལྟར་ཤར་ཏེ་སྣང་བ་ཐམས་ཅད་དེས་བྱིན་གྱིས་བརླབ་པར་བྱའོ། དེ་ནས་ཉིན་མཚན་བསྲེ་བ་ནི། །ཆོས་རྣམས་རྨི་ལམ་ལྟར་ཤེས་ནས། སེམས་ཅན་དོན་དུ་རབ་ཏུ་འཇུག །སྒྱུ་མ་ལྟ་བུར་ལམ་ཁྱེར་བས། །སྒྱུ་མ་ལྟ་བུར་འཚང་ཡང་རྒྱ། །ཞེས་པས། མཚན་རྨི་ལམ་གཟུང་སྦྱང་བྱས་ནས་སྣང་བ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ལམ་དུ་ཁྱེར་བ་བཞིན་དུ་ཉིན་མོའི་སྣང་བ་ཐམས་ཅད་ཀྱང་མཚན་མོའི་རྨི་ལམ་ཡིན་སྙམ་པས་དང་། དེ་བཞིན་རྨི་ལམ་དུ་ཉིན་མོའི་སྣང་བ་སྒྱུ་མ་ཙམ་ཡིན་སྙམ་པས་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱས་པས་ཆོས་ཐམས་ཅད་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྒྱུ་མ་ལྟ་བུར་རྟོགས་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་བགྲོད་ནས་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །གལ་ཏེ་འཆི་བའི་སྔོན་ནམ་འཆི་དུས་བར་དོ་དང་བསྲེ་བ་ནི། དེ་ནས་འཆི་བའི་དུས་བྱུང་ཡང་། །བར་དོ་ངོ་ནི་ཤེས་པར་འགྱུར། །ཞེས་པས། བདག་གིས་བར་དོའི་དུས་སུའང་སྒྱུ་མ་ལ་སྒྱུ་མར་ཤེས་པར་བྱ། འཆི་བ་འདོ་གསལ་ཆོས་ཀྱི་སྐུའི་ངང་ནས། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བར་བྱའོ་སྙམ་དུ་འཕེན་པ་ཡང་ཡང་གཏང་བས་བར་དོར་དྲན་པའི་རྒྱུན་ལས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ལྷའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དེར་ལྡང་བར་ཐེ་ཚོམ་མེད་དོ། །བཞི་པ་ནི ཁོ་ན་ཉིད་དོན་བསྒོམ་པ་ནི། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །ཞེས་པས་རྡོ་རྗེ་སྟོང་པ་ཉིད། །དེ་ལས་བྱུང་བའི་རྨི་ལམ་སྒྱུ་མར་ལོག་ནས། དེ་འོད་གསལ་དང་གཅིག་ཏུ་བསྲེ་བའི་ཕྱིར། རང་གི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་པདྨ་དམར་པོ་འདབ་མ་བཞི་པ་ཨ་དམར་པོ་དང་བཅས་པ་བསམས་པའི་ཨ་དམར་པོ་དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་སྐུ་མདོག་དམར་པོ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ངོ་བོར་བལྟས་ལ་དད་གུས་ཀྱིས་མཉེས་པར་མཆོད་ཅིང་རྨི་ལམ་འོད་གསལ་དུ་འཕོ་བའི་གསོལ་བ་ལན་གསུམ་བཏབ། དེ་ནས་བླ་མའི་ཐུགས་ཀར་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འགྲིལ་བ་མདངས་དམར་པོ་དང་ལྡན་པ་ཆེ་ཆུང་ནི་རང་གི་མཐེ་བོང་གཡས་པའི་མགོ་ཙམ་པ་གསལ་བར་དམིགས་པ་ལ་ཤེས་པ་ལྷན་གྱིས་གཏད་ལ་ཉལ་བས་རྨི་ལམ་འཆར། དེ་དུས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་འཁྲུལ་པའི་རི་མོ་རྣམ་རྟོག་བག་ཆགས་ཀྱི་གཟུགས་བརྙན། སེམས་ཉིད་ཀྱི་ཆོ་འཕྲུལ་འབའ་ཞིག་ཏུ་ཤེས་པར་བྱས་ལ། དེར་སྣང་གི་སྟེང་དུ་མ་བཅོས་པར་བཞག་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་དང་གཉིས་སུ་མེད་པར་སོང་བས་གཉིས་འཛིན་གྱི་སྣང་བ་ནུབ། སེམས་ཉིད་གསལ་སྟོང་ངོས་གཟུང་དང་བྲལ་བ་ཐམས་ཅད་སྟོང་པ་འོད་གསལ་དུ་འཆར། ཡང་ན། བྲང་ངམ། སྨིན་མཚམས་སམ། གསང་བར་ཐིག་ལེ་ལ་ཤེས་པ་གཏད་དེ་བདེ་སྟོང་དུ་མོས་པ་ཙམ་གྱིས་ཤིན་ཏུ་བདེ་བ་ཆེ་བར་བྱུང་། དེའི་དུས་ཀྱི་སྒོམ་པ་བཟང་པོ་དེ་དུས་ཀྱི་སྣ་རྩེའི་དཔེར་བྱས་ལ་ཉིན་བར་གྱི་དུས་སུའང་སྒོམ་པས་དེ་ཁོ་ན་ཉིད་རྟོགས་པའི་རྩལ་ལྷག་པར་ཆེ་བ་བྱུང་ངོ་། །འདིས་འཕགས་པ་ནམ་མཁའ་མཛོད་ཀྱི་རྣམ་པར་ཐར་པ་ཐོབ་ཅིང་མཐར་གྱི་ཏིང་འཛིན་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་སྙོམས་པར་ཞུགས་པའི་དེ་མ་ཐག་ཏུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་འགྱུར་རོ། །ཐུན་མོང་གི་ཡོན་ཏན། ཉིན་མཚན་ཁྱད་པར་མེད་པར་འགྱུར་བ་དང་། །སྣང་བ་སེམས་སུ་ཤེས་པ་དང་། སེམས་ལ་དབང་སྒྱུར་ནུས་པ་དང་། སྒྱུ་ལུས་བོགས་འདོན་ནུས་པར་འགྱུར་བ་དང་། བག་ཆགས་ཀྱི་མཚམས་སྦྱོར་ནུས་པ་དང་། དེའི་རྒྱུ་རྐྱེན་སྤོང་ཤེས་པ་དང་། དེ་སྤོང་བའི་ཚོད་ཤེས་པར་འགྱུར་བ་དང་། བར་དོའི་མཚམས་སྦྱོར་དུ་འགྱུར་བའོ། །ལྔ་པ་འོད་གསལ་ལམ་གྱི་སྙིང་པོ་ལ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་གསུམ་ལས། །དང་པོ་ནི། འོད་གསལ་ངོས་འཛིན་མན་ངག་འདིར། །གཞི་ལམ་འབྲས་བུར་རབ་ཤེས་བྱ། ཞེས་པས། གང་གཏན་ལ་དབབ་པ། གང་གཏན་ལ་འབེབས་པ། གང་གིས་གཏན་ལ་ཕེབས་པ་གསུམ་གྱི་དབྱེ་བས། འོད་གསལ་ངོས་འཛིན་པ་ལ་གཞི་ལམ་འབྲས་བུ་གསུམ་དུ་བཞག་པའི་གཞི་ནི། རང་བཞིན་སྤྲིན་དང་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། མདོག་དང་དབྱིབས་ནི་ཐ་དད་དང་། །ནམ་མཁའི་དབྱིངས་ནས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། འོད་གསལ་བར་ནི་འཇུག་པར་འགྱུར། །ཞེས་པས། སེམས་དངོས་པོའི་གནས་ལུགས་ནི་ཡེ་ནས་དག་པ་ནམ་མཁའ་ལྟ་བུར་རང་བཞིན་གྱི་སྣང་བ་རྣམས་ནི་གློ་བུར་སྤྲིན་ལྟ་བུ། ཇི་ལྟར་སྤྲིན་མདོག་དང་དབྱིབས་ཐ་དད་པ་ནམ་མཁའ་ལས་བྱུང་ནས་དེ་ཉིད་དུ་ཐིམ་པ་བཞིན་དུ། ཇི་སྲིད་ཕུང་པོ་ཟ་མ་ཏོག་ཡོད་པ་དེ་སྲིད་ཀྱི་བར་དུ་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་ཡོད་ལ། དེ་རང་བཞིན་གྱི་སྣང་བར་ལངས་ཤིང་རླུང་དང་བཅས་པས་ཕྱོགས་བཅུར་འཁོར་ཏེ། ཇི་སྲིད་མིག་སོགས་ཀྱི་དབང་པོའི་ཡུལ་དམིགས་པ་དེ་སྲིད་དུ་དེ་ཉིད་དུ་དམིགས་པར་འགྱུར་ཏེ། ཐོག་མ་མེད་པ་ནས་གོམས་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ལ་དམིགས་པས་ཕུང་པོ་ལ་སོགས་པ་སྦྱངས་ན་དེ་དག་ཁམས་ཕྲ་བ་ལ་འཇུག དེ་ཡང་སེམས་ལ། དེ་སེམས་བྱུང་ལ། དེ་ཡང་མ་རིག་པ་ལ། དེ་འོད་གསལ་བ་ལ་ཐིམ་མོ། །དེ་ལྟ་བུའི་འོད་གསལ་འཆར་བའི་དུས་ནི། དེ་ཉིད་འཆར་བའི་དུས་ལྔ་སྟེ། །འཆི་བའི་དུས་དང་གཉིད་ལོག་དང་། །མཉམ་པར་བཞག་དང་དབུ་མར་གནས། །མཉམ་རྗེས་རོ་གཅིག་གྱུར་པ་ཡིན། །ཞེས་པ་དག་གོ །གཉིས་པ་ལ། ཉིན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། ཉིན་མཚན་བསྲེས་ནས་ཡང་དག་པའི་མཐའ་ལ་འཇུག་པ་གསུམ་ལས། དང་པོ་ལ། ངོ་སྤྲོད་པ་ལྟ་བའི་གནད། ཉམས་སུ་བླང་བ་སྒོམ་པའི་གནད། བོགས་འབྱིན་པ་སྤྱོད་པའི་གནད་གསུམ་ལས། །དང་པོ་ནི། ཇི་ལྟར་མར་མེ་བུམ་ནང་གནས། ཕྱི་རོལ་ཏུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །འོད་གསལ་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །གསུམ་པ་སྟོང་པ་ཆེན་པོ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །ཞེས་བུམ་ནང་གི་མར་མེ་བུམ་པ་བཅག་ན་གསལ་བ་བཞིན་དུ། བླ་མའི་དྲིན་གྱིས་ལུས་དངོས་པོའི་གནས་ལུགས་ཞེས་བྱ་བ་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་སྦྱངས་ན་སེམས་དངོས་པོའི་གནས་ལུགས་དོན་དམ་པའི་བདེན་པ་མངོན་དུ་འགྱུར་ལ། དེའི་ཚེ་བདེན་པ་གཉིས་གཉིས་སུ་མེད་པ་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཐོབ་བོ། །དེའི་ཚུལ་ནི། ཕྱིའི་མངོན་པར་བྱང་ཆུབ་པ་དཔེ་དང་། ནང་གི་མངོན་པར་བྱང་ཆུབ་པ་དོན་དམ། དང་པོ་མཚན་མོ་སྣང་བ། ཉིན་མོ་མཆེད་པ། ཉི་མ་ནུབ་པའི་ཐུན་མཚམས་ཐོབ་པ། སྐྱ་རེངས་འཆར་བའི་དུས་འོད་གསལ་ལོ། །གཉིས་པ་དབང་གསུམ་པའི་དུས་སུ་ལས་ཀྱི་ཕྱག་རྒྱའི་པདྨའམ་མཁའ་དབྱིངས་སུ། ཐབས་ཀྱི་རྡོ་རྗེ་ཕུལ་ཆེན་རིག་པའི་ཡེ་ཤེས་སམ། བྷ་ག་བཅུག་ནས་བསྒོམ་པའམ། སྙོམས་པར་འཇུག་པས་ཐིག་ལེ་རྡོ་རྗེའི་རྩ་བར་སླེབ་ཙ་ན་རང་བཞིན་སུམ་ཅུ་རྩ་གསུམ་འགགས་བདེ་བའི་ཡེ་ཤེས་དེ་ལ་སྟོང་པས་རྒྱས་བཏབ་སྟེ་བསྒོམ། དེ་ནི་ལམ་གྱི་ཡེ་ཤེས་སྣང་བ། ཐིག་ལེ་རྐེད་པར་སླེབ་ཙ་ན་རང་བཞིན་བཞི་བཅུ་འགགས་བདེ་བའི་ཡེ་ཤེས་དེ་ལ་ཤིན་ཏུ་སྟོང་པས་རྒྱས་བཏབ་ནས་བསྒོམ། ལམ་གྱི་ཡེ་ཤེས་མཆེད་པ། ཐིག་ལེ་རྡོ་རྗེ་བུམ་པར་སླེབ་ཙ་ན་རང་བཞིན་བདུན་འགགས་བདེ་བའི་ཡེ་ཤེས་དེ་ལ་སྟོང་པ་ཆེན་པོས་རྒྱས་བཏབ་སྟེ་བསྒོམ། ལམ་གྱི་ཡེ་ཤེས་སྣང་བ་ཉེ་བར་ཐོབ་པའོ། །ཐིག་ལེ་གཉིས་ཤོར་གཉིས་མཉམ་གྱི་དུས་སུ་དངོས་པོའི་ངོ་བོ་ཉིད་ཀྱི་རྟོག་པ་ལོག་སྟེ་བདེ་བའི་ཡེ་ཤེས་ཐམས་ཅད་སྟོང་པ་འོད་གསལ་ཏེ་དེ་ལ་འཁོར་ལོ་ཞེས་བཏགས་སོ། །རྟོག་བཅས་ཀྱི་དགའ་བ་གསུམ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་དགའ་བ་རིག་པ་ནི་རིམ་པ་ཇི་བཞིན་ཞེས་བྱ་སྟེ་གསུམ་པ་ལ་མ་བརྟེན་པར་བཞི་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་དུས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མིག་ལ་སྣང་བའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ལྷ། དེ་ཀུན་རྫོབ་བྱང་སེམས་སུ་རྣམ་པར་འགྱུར་བ་ནི་ཇི་ལྟར་འབྱུང་བ། དེ་གཉིས་ངོ་བོ་དང་རང་མདངས་ཡིན་པས་ཐ་དད་དུ་འབྲལ་མི་ཤེས་པ་ལྷན་ཅིག་སྐྱེས་པ་སྟེ་ཉི་མ་དང་ཉི་འོད་བཞིན་ནོ། །ལྷན་སྐྱེས་དེ་ལའང་རྟེན་གྱི་ཕྱེ་བ་ལས་རྒྱ་དང་སྐྱེས་བུ་གཉིས། དེ་རེ་རེ་ལའང་ཞུ་བའི་ཁུ་བ་ཀུན་རྫོབ་དང་། དེ་ལ་བརྟེན་པའི་བདེ་བ་དོན་དམ་གཉིས་ཏེ། དེ་ལྟར་ན་བཞིར་འགྱུར་རོ། །ཕྱི་མ་དགའ་བ་བཞིར་ཕྱེ་བའི་དགའ་བ་དང་མཆོག་དགའ་གཉིས་ནི་ཆགས་པའི་ཕྱོགས། དགའ་བྲལ་ནི་ཆགས་བྲལ། ལྷག་མ་ལྷན་ཅིག་སྐྱེས་དགའ་ནི་ཆགས་པ་དང་ཆགས་བྲལ་མི་ཕྱེད་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལས་དང་པོ་གསུམ་ནི་རེག་པ་འདོད་པ་དང་། བདེ་བ་འདོད་པ་དང་། འདོད་ཆགས་འཇིག་པའི་རང་བཞིན་ཡིན་པས་རྟོག་བཅས་སོ། །དེ་གསུམ་ལ་བརྟེན་ནས་རྟོག་མེད་ཉམས་སུ་མྱོང་བ་སྐྱེ་ལ། དེ་སྐྱེ་བའི་ཚེ་ན་རྟོག་བཅས་གསུམ་སྤང་བྱ་དང་། ལྷན་ཅིག་སྐྱེས་པ་ཉམས་སུ་བླང་བྱར་བྱའོ། །འོ་ན་བཞི་པར་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་དོན་དེ་ཇི་ལྟར་གཏན་ལ་དབབ་པར་བྱ་ཞེ་ན། ཚིག་གིས་བརྗོད་པས་མ་ཡིན་ནོ། །འོ་ན་དོན་དམ་མེད་དམ་ཞེ་ན། མ་ཡིན་ཏེ་ལྷན་ཅིག་ཏུ་སྐྱེས་སོ། །འོ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས་རྙེད་པར་འགྱུར་རམ་ཞེ་ན། གང་དུའང་མི་རྙེད་དོ། །འོ་ན་ཇི་ལྟར་ཤེས་པར་བྱ་ཞེ་ན། རང་སྟོབས་དང་གཞན་སྟོབས་ལ་བརྟེན་ནས་དབང་བཞི་གསུམ་གྱི་དུས་ཤེས་པར་བྱའོ། །དེའི་ཚེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པར་འགྱུར་ཏེ་སྤྲིན་མཐོངས་ཀྱི་ཟླ་བ་བཞིན། བླ་མ་དམ་པ་དང་། སློབ་མ་མཚན་ཉིད་དང་ལྡན་པ་དང་། མན་ངག་སྒྲོ་སྐུར་མེད་པ་རྣམས་ཚོགས་པ་ལས་ཉམས་སུ་མྱོང་བ་སྐྱེ་བ་རྣམས་སུས་ཀྱང་དགག་པར་ནུས་པ་མ་ཡིན་ནོ། །གཉིས་པ་ལ། ལས་རྒྱ་ལ་བརྟེན་པའི་ཕྱག་ཆེན། གཏུམ་མོ་ལ་བརྟེན་པའི་ཕྱག་ཆེན། སྒྱུ་ལུས་ལ་བརྟེན་པའི་ཕྱག་ཆེན། འོད་གསལ་ལ་བརྟེན་པའི་ཕྱག་ཆེན་བཞི་ལས། །དང་པོ་ནི། སྟོང་པ་ཆེ་ལ་མཉམ་པར་བཞག །བསམ་གཏན་འདི་ནི་རྣམ་དག་མིན། །དེ་ཉིད་རིག་ལ་གང་གིས་གནས། །ཡེ་ཤེས་གསུམ་ནི་རྣམ་དག་དེས། །མངོན་པར་བྱང་ཆུབ་ཤེས་པར་འགྱུར། །ཞེས་པས་ཆོས་ཅན་སེམས་ཀྱི་གནས་ལུགས་རིག་པ་ཙམ་ནི་ཐལ་བྱུང་གི་སྟོང་པའམ་མི་གཡོ་བའི་བསམ་གཏན་ཞེས་བྱ། དེས་འཁོར་བ་ཟད་པར་བྱེད་མི་ནུས། མངོན་པར་བྱང་ཆུབ་འདི་ཤེས་ན་སྣང་བ་གསུམ་རྣམ་པར་དག་པས་ལས་དང་ཉོན་མོངས་པའི་ཟད་པ་ཐར་པ་ཞེས་བྱ་བ་དེ་ཐོབ་པ་ཡིན་ནོ། །དེའི་ཕྱིར་འདིས་མངོན་བྱང་བསྒོམ་ཚུལ་བཞི་ག་བསྟན་པ་ཡིན་ལ། དེ་ལས་དང་པོ། རིགས་ལྔ་ལས་བྱུང་བའི་ཕྱག་རྒྱ་མ་གཅིག་གམ་གཉིས་ནས་རི་རབ་ཀྱི་རྡུལ་དང་མཉམ་པ་ལ་བྱང་ཆུབ་ཀྱི་སེམས་མི་ལྟུང་བར་ཡང་དག་པར་སྦྱར་བས་ཡུལ་དམན་འབྲིང་མཆོག་གསུམ་གྱི་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྦྱངས་པ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཅེས་བྱ་ལ། དེ་ཉིད་དམིགས་པ་མེད་པའི་བདེ་བ་ཆེན་པོར་སླར་སྦྱངས་ནས་གཉིས་མེད་མྱོང་བ་དེ་ལ་སྦྱོར་བ་ཡན་ལག་དྲུག་པ་བས་ཏིང་ངེ་འཛིན་ཅེས་བཞག་ཅིང་། འདིར་མངོན་པར་བྱང་ཆུབ་པའམ་ཕྱག་རྒྱ་ཆེན་པོ་ཞེས་བཏགས་པ་ལ་མཉམ་བཞག་རྗེས་ཐོབ་མེད་པར་སེམས་མི་གཡོ་ཞིང་བརྟན་པར་གནས་པས་བསྒོམ་མོ། །དེས་ནི་བདག་གཞན་གཉིས་སུ་མེད་པར་འཆར་རོ། །མི་འགྱུར་བའི་བདེ་བ་ཆེན་པོ་སྐྱེའོ། །ཡང་དག་པའི་སངས་རྒྱས་དངོས་སུ་མཐོང་ངོ་། མཐར་ཕྱིན་པའི་མངོན་ཤེས་འཆར་རོ། །ལུས་ཡང་བ་ལ་སོགས་པ་འཇིག་རྟེན་གྱི་དབང་ཕྱུག་ཀྱང་ཐོབ་བོ། །ཁམས་གསུམ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེ་ཡང་ཁྲག་གསང་བར་མནན་པས་ནག་པོའི་ཆ་མེད་ལ་འཆི་བ་མེད་དོ། །ཐིག་ལེ་གྱེན་ལ་ལོག་པས་དཀར་པོའི་ཆ་རྫོགས་པས་མི་གནས་པའི་མྱ་ངན་ལས་འདས་པའོ། །དེའི་དུས་ལྟེ་བའི་བར་དུ་བྱང་སེམས་མས་བསྟན་པས་ས་ཁམས་དག་པའི་དུ་བ། སྙིང་གར་ཆུ་ཁམས་དག་པས་སྨིག་རྒྱུ། མགྲིན་པར་མེ་ཁམས་དག་པས་མེ་ཁྱེར། སྤྱི་བོར་རླུང་ཁམས་དག་པས་འབར་བ་སྐུ་བཞི་ལ་བཅུ་དྲུག་ཏུ་ཕྱེ་བ་དག་ཐོབ་ཅིང་། །དག་བྱེད་རྣམ་པར་ཐར་པ་བཞིས་དག་པ། དག་བྱ་ལུས་ངག་སེམས་བག་ཆགས་བཞིའི་སྒྲིབ་པ་དག་སྟེ། གནས་བཞིར་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་ཡེ་ཤེས་རྡོ་རྗེ་ལ་སོགས་པའི་ངོ་བོ། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་བཞི་ཐོབ་པར་འགྱུར་རོ། གཉིས་པ་ནི། རྣམ་པར་མི་རྟོག་པའི་རྣལ་འབྱོར་པས་བདག་ཉིད་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བསྟན་པའི་ཕྱིར་འཇིག་རྟེན་པས་བཟའ་བ་ལྔ་དང་བདུད་རྩི་ལྔའི་བཏུང་བ་རྣམས་སྦྱངས་རྟོགས་སྦར་བདུད་རྩི་མངོན་པར་འདུ་བྱས་ལ་འཇིག་རྟེན་པའི་མཚན་མ་ལ་དམིགས་པ་སྤངས་ཏེ་བཟའ་བཏུང་གི་བཅུད་དྭངས་མའི་བདུད་རྩི་དང་རོ་གཅིག་པ་དྲངས་ཤིང་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་ཚིམ་པར་བལྟས་ནས། ལྟེ་བའི་རྩ་མདུད་ཀྱི་ཆོས་འབྱུང་ལས་གཏུམ་མོའི་མེ་སྦར་བས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་དང་། ས་ལ་སོགས་པའི་ངོ་བོ་ཉིད་ཀྱི་གཤེགས་མ་རྣམས་བསྲེག །ཐབས་བདེ་ཆེན་གྱི་ཧཾ་ལས་བདུད་རྩི་འཛག་པ་དང་བཅས་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་གྱི་འབར་འཛག་བསྒོམས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་རྒྱུ་དེ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འབྱོངས་པར་འགྱུར་རོ། །དེས་ཁམས་ཐམས་ཅད་རང་བྱུང་གིས་གྱེན་དུ་གཤེགས། གཙུག་ཏོར་མཆོག་གང་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྱུར་རོ། །གསུམ་པ་ནི། འབྱུང་བ་ཆེན་པོ་ལྔའི་རང་བཞིན་ཁ་དོག་གིས་ཕྱེ་བ་གཞན་རིག་གིས་མཐོང་བ་དག་གི་སྟེང་དུ་སེམས་པ་ཞེས་པ་འཇིག་རྟེན་པའི་སྒོམ་བྱུང་རང་རིག་གིས་མཐོང་བའི་དྭངས་མའི་འབྱུང་བ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་སྤྱན་དྲངས་ནས་བསྟིམ་པས། བརྟན་པ་དང་གཡོ་བ་ལ་སོགས་པ་གཉིས་སུ་མེད་པའི་སྒྱུ་མ་ཙམ་དུ་འཆར་བར་འགྱུར་ལ། དེ་ལ་ཕྱིར་ཆེད་ཀྱི་ཞེན་དུ་བཅུག་ན་གོང་ནས་གོང་དུ་འཕེལ་བར་འགྱུར་བས་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་ཉིད་དུ་འགྱུར་ལ། ཞེན་དུ་མ་བཅུག་པར་མ་བཅོས་པ་རྣམ་པར་མི་རྟོག་པའི་ངང་དུ་བཞག་ན། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་རྣམ་པ་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །དེས་སྣང་བའི་ཚོགས་ཇི་སྙེད་པ་སྦྱངས་པས་མཉམ་རྒྱུའི་འཇུག་པའང་ཞི་སྟེ་མཐོ་རིས་མི་ཡུལ་ས་འོག་ཐམས་ཅད་སྐད་ཅིག་ལ་ས་རྣམས་ཀྱི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་རྫོགས་པར་བྱེད་དོ། །བཞི་པ་ནི། གཉིད་ལས་ལོག་པ་སད་པའི་གནས་སྐབས་ན་སྤྲོས་པ་ཐམས་ཅད་ཞི་བའི་གནས་ལུགས་དེ་ཁོ་ན་ཉིད་མངོན་སུམ་དུ་མཉམ་བཞག་ཅེས་བྱ་ལ། དེ་ལ་ཅུང་ཟད་གོམས་པར་མ་གྱུར་པའི་དབང་གིས་རྗེས་ཀྱང་ཤེས་པ་འཆར་ཞིང་། དེའང་མཉམ་བཞག་གིས་བདེན་པར་ཞེན་པ་སྦྱངས་པས་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་མཐོང་བ་ཞིག་ལ་ཟེར་རོ། །སྒྱུ་མ་ལྟ་བུ་དེ་ཀའི་སྟེང་དུ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བཅས་ཏེ། ཆུ་བོའི་རྒྱུན་རབ་ཏུ་འབབ་པའམ། མར་མེའི་རྩེ་མོར་རབ་ཏུ་བཅིངས་པ་ལྟར་རྟག་ཏུ་མཉམ་པར་བཞག་པས་ཆོས་ཐམས་ཅད་རོ་མཉམ་པ་ཉིད་ལས་གཞན་དུ་མི་སྣང་སྟེ་གོམས་པར་གྱུར་ན་ཐམས་ཅད་ཀྱང་ཡང་དག་པའི་མཐའ་དེར་མངོན་པར་རྫོགས་པར་འཚང་རྒྱའོ། །ཚུལ་འདི་ཉིད་ཀྱིས་གཉིད་ཉལ་བ་ལམ་དུ་བྱེད་ནུས་སམ། གལ་ཏེ་མ་ནུས་ན་འོག་ནས་འཆད་པར་འགྱུར་བ་བཞིན་གྱིས་སོ། །གསུམ་པ་ནི། སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་པས། མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་ཐམས་ཅད་དུ་སྟོང་པ་ཞེས་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་ཞིག་གམ། སྟོང་པ་མ་ཡིན་པ་ཞེས་དེ་ལས་བཟློག་པ་ཞིག་གམ། དེ་གཉིས་ཀྱི་དབུས་སུ་གནས་པ་ཞིག་མི་དམིགས་ཏེ་གཉིས་སུ་མེད་པར་གྱུར་པའི་ཕྱིར་རོ། །དེ་ལྟར་གཉིས་སུ་མེད་ན་སུ་ཞིག་སྤྱོད་པ་རྣམས་སྤྱོད་དེ། ཇི་ལྟར་བྱེད་པ་པོ་མེད་པས་བྱ་བ་རྣམས་ཀྱང་མེད་པར་འགྱུར་བ་ན་འཇིག་རྟེན་ན་ངེས་པ་ཡིན་པས་སོ། །གཞན་ཡང་ཕྱི་རོལ་གྱི་རྩྭ་ལྕུག་ཤིང་ལ་སོགས་པའི་བརྟན་གཡོ། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ཐམས་ཅད་རང་རྒྱུད་པར་གྲུབ་པ་མེད་དེ། ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པ་ལ་ཡིན་པར་ཁྱབ་གདལ་བའི་སྤྱོད་པའི་མཆོག་འདི་ལ་ཞུགས་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མ་ནིང་གི་གོ་འཕང་དེར་བགྲོད་པར་འགྱུར་རོ། །མྱུར་དུ་གཞན་གྱི་དོན་ལ་ཆེས་སྤྲོ་ན་ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་བཞིར་ཕྱེ་བ་ལ་རིམ་པའམ་རིམ་མེད་དུ་འཇུག་པ་སྒྱུ་མ་མཁན་སྒྱུ་མ་རྩེ་བ་ལྟ་བུ་ཡིན་པས་འགལ་བར་ཡང་མི་འགྱུར་རོ། །གཉིས་པ་མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་ལ། སྔོན་འགྲོ་དང་། དངོས་གཞི། བོགས་འབྱིན་གསུམ་ལས། །དང་པོ་ནི། འོད་གསལ་བར་ནི་གཉིས་ལོག་ན། །ཞག་ནི་དུ་མར་མཚམས་གཅད་ནས། །གཉིད་མི་ཉལ་བར་སེམས་ཀྱིས་སེང་། །དེ་ནས་ཁྲུས་དང་བྱུག་པ་དང་། །བསྐུ་མཉེའི་སྦྱོར་བ་ལ་འབད་ཅིང་། །མཐུན་པའི་ཟས་དག་བསྟེན་པར་བྱ། །ཞེས་པས། འོད་གསལ་འཛིན་པའི་སྔོན་དུ་ཟླ་བ་གཅིག་ཕྱི་མཚམས་དམ་པར་བཅད། །ནང་དུ་སྤྱོད་ལམ་ཅི་བདེ། གནས་ཁང་ཕྱག་བདར་བྱ། རྟེན་བཞུགས་སུ་གསོལ་ལ་མཆོད་པ་རྒྱ་ཆེན་པོ་བཤམས་ནས་ནུབ་གསུམ་དུ་གཉིད་བཅག གོས་ཀྱང་དྲོ་ལ་ཡང་བར་བགོ ཁ་ཟས་བཅུད་ཅན་དང་ལྕི་བ་ཟ། ཆང་བཟང་པོ་བཟི་མི་འོང་བ་ཙམ་བཏུང་། བསྐུ་མཉེ་ལ་སོགས་པ་གཉིད་ཆེ་བའི་ཐབས་རྣམས་བྱས་ནས་འོད་གསལ་འཛིན་པའི་ནུབ་མོ་ཚོགས་ཀྱི་འཁོར་ལོ། །ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་ལ་མི་ཤས་བརྒྱན་པའི་གཏོར་མ་ཕུལ། བླ་མ་མདུན་དུ་སངས་རྒྱས་དངོས་སུ་བསམ་ནས་འོད་གསལ་ཟིན་པའི་གསོལ་བ་དྲག་པོ་བཏབ། སྤྱི་བོར་བསྟིམ། མལ་བདེ་མོ་ཞིག་ཏུ་མགོ་ཤར་ཁ་བྱང་དུ་གཏད་ལ་གློ་གཡས་པ་ས་ལ་ཕབ་ནས་ཉལ། དོ་ནུབ་རྨི་ལམ་མི་རྨི་བར་གཉིད་སྟུག་པོ་ལོག་ནས་འོད་གསལ་ངོས་ཟིན་པར་བྱའོ་སྙམ་པའི་འདུན་པ་ཐེངས་བདུན་གཏང་ངོ་། །གཉིས་པ་ནི། དེ་ནས་ཉལ་བར་གྱུར་པ་ན། །སྙིང་གི་པདྨོ་ཁ་ཕྱེ་སྟེ། །འདབ་བཞི་དབུས་ཀྱི་ལྟེ་བ་ལ། །ཨ་ནུ་ཏ་ར་ཧཱུྃ་བསྒོམས་ནས། །ཞེས་པས། བླ་མའམ་གྲོགས་མྱོང་བ་ཅན་ཡོད་ན་རྩར་བཞག རང་གི་ལུས་ལྷར་བསྒོམ། སྙིང་གྱེན་དུ་ཁ་ཕྱོགས་པ་བཞིར་གྱེས་པ་པདྨའི་འདབ་མ་ལྟ་བུའི་ལྟེ་བར་ཐུགས་རྡོ་རྗེའི་རྟེན་ཧཱུྃ་ཡིག མདུན་ནས་གཡས་སྐོར་གྱིས་ཨ་ནུ་ཏ་ར་མདོག་སྔོ་ཞིང་གསལ་བ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུར་བསམས་ནས། ཉལ་བའི་དུས་ཐོག་མར་ཨ་ལ་སེམས་གཏད། འཕྲལ་གྱི་རྟོག་པ་རགས་པ་འགགས་ནས་གཉིད་ཡོར་བྱུང་བ་སྣང་བའི་དུས་ནུ་ལ་སེམས་གཏད། དེ་ལས་གཉིད་དྲོ་བ་སྣང་བ་ཐིམ་མཆེད་པའི་དུས་ཏ་ལ་སེམས་གཏད། དེ་ནས་གཉིད་དུ་བསྟིམ་སོང་བ་མཆེད་པ་ཐིམ་ཐོབ་པའི་དུས་ར་ལ་སེམས་གཏད། དེ་ནས་གཉིད་ཀྱི་རྟོག་པ་འགགས། རྨི་ལམ་གྱི་སྣང་བ་མ་ཤར་བའི་བར་ཐོབ་པ་ཐིམ་འོད་གསལ་གྱི་དུས་ཧཱུྃ་ལ་སེམས་གཏད་རྗེ་བཙུན་འགའ་ཞིག གདམ་ངག་ཧཱུྃ་ཡིག་འབྲུ་ཐམས་ཅད་སྲམ་མེ་བའི་དབུས་ཀྱི་ཧཱུྃ་གཅིག་པུ་ལ་དང་པོ་ནས་སེམས་གཏད་པ་ལེགས་གསུངས་སོ། །བླ་མའམ་གྲོགས་ཀྱིས། དང་པོ་སྔུར་པ་ཇེ་ཆུང་ཇེ་ཆུང་། འཇུག་ཏུ་ཉལ་སོང་ན་ཆབ་ཚ་ཁོག་མ་གང་ཁོལ་བའི་བར་ཙམ་དུ་དེ་ཁར་བཞག དེ་ནས་གཉིད་བསད་ལ་འོད་གསལ་ཟིན་མ་ཟིན་དྲིས། ཟིན་ན་སྔར་བཞིན་གྱིས་ཉལ་དུ་བཅུག མ་ཟིན་ན་ཡང་བླ་མ་ལ་གསོལ་བ་བཏབ་པ། འདུན་པ། དམིགས་པ་རྣམས་བསྐྱར་ནས་སྒོམ་དུ་འཇུག ལྷག་པར་དེ་སྔ་གཉིད་འོད་གསལ་དུ་མ་ཚུད་འདུག ད་གཉིད་འོད་གསལ་དུ་ཅི་ཚུད་བྱ་དགོས་སྙམ་པའི་འདུན་པ་དང་མ་བྲལ་བ་དང་། ཉིན་མོའི་དུས་ན་དགེ་སྦྱོར་ཅི་བྱེད་ཐམས་ཅད་ཀྱང་གཉིད་ཀྱི་དུས་ཀྱི་དགེ་སྦྱོར་དུ་བསྒོམ། དེ་ལྟར་ཉིན་མཚན་དུ་བསྒོམ་པས་གཉིད་མ་ལོག་པའི་དུས་ན་འོད་གསལ་བསྒོམ་པ་དང་། གཉིད་ལོག་པའི་དུས་ན་བསྒོམ་པ་གཉིས་ཁྱད་པར་མི་འདུག་ན་གཉིད་འོད་གསལ་དུ་ཆུད་པ་ཡིན་གསུངས་སོ། གསུམ་པ་ནི། དེས་མ་ཟིན་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྩ་བའི་བླ་མར་བསམས་ལ། རང་གི་སྙིང་ག་ཆོས་ཀྱི་འཁོར་ལོ་པདྨ་སྔོན་པོ་འདབ་མ་བཞི་པ། ལྟེ་བར་ཤེས་པའི་ངོ་བོ་ཧཱུྃ་མཐིང་ནག་དང་བཅས་པ་བསྒོམ་སྟེ། མོས་གུས་ཀྱི་མཆོད་པས་མཆོད་ཅིང་བྱིན་གྱིས་བརླབ་པའི་ཕྱིར་ཐུགས་ཀའི་ཧཱུྃ་ལ་བླ་མ་རྣམས་ཐིམ་པར་བསྒོམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་རྗེ་མི་བསྐྱོད་པའི་ངོ་བོ་ཆ་ལུགས་ནི་བླ་མ་རང་གི་ཚུལ་དུ་བསྒོམས་ལ་གཉིད་འོད་གསལ་ཟིན་པའི་གསོལ་བ་ལན་གསུམ་བཏབ། བླ་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཐིག་ལེ་ནག་པོ་འོད་ཟེར་ནག་པོ་དང་བཅས་པ་ཆེ་ཆུང་རང་གི་བློ་ལ་གང་བདེའམ། ཆུང་བ་གསལ་བར་དམིགས་ལ་རང་གི་ཤེས་པ་རྣམ་རྟོག་གི་འཕྲོ་འདུ་བྱུང་བ་ཐམས་ཅད་སེར་པོ་སྔོན་པོ་དམར་པོ་ལྗང་གུ་དཀར་པོའི་ཁ་དོག་ཅན་འོད་ཟེར་གྱི་ཚུལ་དུ་ཡང་ཡང་བསྟིམ་མོ། འདུན་པ་དྲག་པོ་བཅུ་གཅིག་གཏང་། ནམ་འདོད་ཟིན་ནས་གྲོགས་མེད་པར་རང་གིས་སྦྱང་ངོ་། །གསུམ་པ་ཉིན་མཚན་བསྲེས་ནས་ཡང་དག་པའི་མཐའ་ལ་འཇུག་པ་ནི། དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །རིལ་པོར་འཛིན་པའི་རིམ་པས་དང་། །དེ་བཞིན་རྗེས་སུ་གཞིག་པས་སོ། །ཞེས་པས། དེ་ལྟར་འོད་གསལ་མངོན་དུ་བྱས་ནས་མཉམ་བཞག་ལས་ལང་བའི་རྗེས་ཤེས་ཀྱི་སྣང་བ་རྣལ་འབྱོར་གཉིས་ཀྱིས་སྦྱངས་ནས་ཡང་དག་པའི་མཐའ་ལ་འཇུག་པར་བྱེད་པའི་རྣལ་འབྱོར་དང་པོ་ནི། སངས་རྒྱས་སྐུ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་གཅིག་རླུང་དང་རྣམ་པར་ཤེས་པ་ཙམ་ལས་བསྐྱེད། དེ་ནས་ལོངས་སྐུ། དེས་སེམས་ཅན་གྱི་དོན་མི་བྱེད་པས་སྤྲུལ་པའི་སྐུ་སངས་རྒྱས་མི་བསྐྱོད་པ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་བསྒྱུར་ལ། དེའི་ཐུགས་ཀར་ཧཱུྃ་དེའི་འོད་ཟེར་གྱིས་སྤྱི་བོ་ནས་རྐང་པའི་བར་དུ་བཞུ་སྟེ་ཧཱུྃ་ལ་བསྡུས། ཧཱུྃ་གི་ཞབས་ཀྱུ་ཧ་ལ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། སྒྲ་རིས་དེ་ཡང་སྟོང་ཡལ་གྱིས་བཏང་བ། དེ་ཡང་ཁ་བའི་གོང་བུ་ཆུར་བསྒྱུར་བ་ལྟ་བུ་ཇེ་ཆུང་ཇེ་ཆུང་ལ་ཞུ་བ་ལས་མཐར་ཆུར་ཐིམ་པ་བཞིན་ཏེ་རིལ་འཛིན་ནོ། །མི་བསྐྱོད་པའི་ཐུགས་ཀར་ཧཱུྃ་བསྒོམ་པ་ཡན་འདྲ་བ་ལས། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། ནང་བཅུད་ཀྱི་སེམས་ཅན་ཡང་འོད་དུ་ཞུ། འོད་དེ་སྟོང་པར་ཡལ་གྱིས་གཏོང་བ་རྗེས་གཞིག་སྟེ་མེ་ལོང་གི་དབུགས་སྡུད་པ་ལྟ་བུའོ། །གསུམ་པ་འབྲས་བུའི་འོད་གསལ་ནི། འོད་གསལ་མངོན་དུ་གྱུར་པ་ན། །སྟོང་བཞི་གཅིག་ཏུ་གྱུར་པའི་ཤེས། །སྒྱུ་མའི་རླུང་ལྡན་ཟུང་འཇུག་འཆར། །ཇི་ལྟར་དྭངས་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །མཐོང་བའི་ཆོས་ལ་མྱ་ངན་འདའ། །བྱ་བ་བྱས་པའང་དེ་ཉིད་ཡིན། །ཞེས་པས། མངོན་པར་བྱང་ཆུབ་པའི་རིམ་པ་འདིས་ལུས་དང་། ངག་དང་། སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པར་དག་པས་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་སྨྲ་བསམ་གྱི་ཡུལ་ལས་འདས་པ་དག་ཡིན་པ་དེ་ནི་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ་རིག་པར་དཀའ་བ། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ། ཉི་མ་དང་། ཟླ་བ་དང་། མེ་དང་། ནོར་བུའི་འོད་ཀྱི་ངོ་བོ་ཉིད་བཞིན་དུ་ཤིན་ཏུ་གསལ་བའོ། །དེ་ལས་ནི་མུན་པའི་སྣང་བ་སྟེ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པར་འགྱུར་རོ། །སྣང་བ་ཉེ་བར་ཐོབ་པ་ལས་གསལ་བའི་ཉི་མའི་འོད་ཟེར་གྱི་སྣང་བ་ཚ་བའི་ངོ་བོ་ཉིད་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། །དེ་ལས་གསལ་བའི་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བས་ཁྱབ་པ་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །དེ་བས་ན་སྟོང་པ་བཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བྱེད་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་གཅད་དུ་མེད་པ་དང་། གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་ཟག་པ་མེད་པ་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ། འདོད་པ་ཙམ་གྱིས་དབང་དུ་གྱུར་པ་དང་། ཆུ་ལས་ཉ་ལྡང་བ་ལྟ་བུའམ། མྱུར་བར་གཉིད་ལོག་པ་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་འགྱུར་བའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱའོ། །ཟུང་འཇུག་འདི་ལ་སྦྱང་གཞི་སྦྱོང་བྱེད་ཡོད་རིན་སློབ་པ། དེ་ཟད་པ་མི་སློབ་པ། སློབ་པ་དེ་མཉམ་བཞག་འོད་གསལ་ལས་གཡོས་ནས་རྗེས་ཤེས་འཆར་བའི་ཚུལ་འདི་ལ་འོད་གསལ་ལས་སྒྱུ་ལུས་སུ་ལངས་པ་ཞེས་ཟེར། །དེ་ཡང་མི་ཤིགས་པའི་ཐིག་ལེ་འཆིང་པ་ཡིན་ལ། དེ་གཡོས་ན་བྱེད་པར་ཤར་བ་ཡིན་པས། གནས་དེ་དང་དེ་ལས་ལྡང་བ་ཞེས་པའི་ཐ་སྙད་ཐོབ་ཀྱང་། འབུ་ཤུབས་ལས་འབུ་ཐོན་པ་བཞིན། དབུ་མའི་ནང་ནས་ཡེ་ཤེས་ཀྱི་ལུས་གསར་པ་ཞིག་དབུ་མའི་ཡས་མས་སྙིང་ག་ནས་དོན་འོང་བར་འདོད་པ་ནི་རྡོ་རྗེ་ཅན་གྱི་གཞུང་མ་གོ་བར་ཟད་དོ། །སངས་རྒྱས་རང་ངོས་ནས་འོད་གསལ་བ་འབའ་ཞིག གཞན་སྣང་དུ་དེ་རྣམ་པ་ཐམས་ཅད་པར་འཆར་བས་རང་གཞན་གཉིས་ཀའི་སྣང་ཚུལ་བསྡོམས་ནས་དེར་སྐུ་གཉིས་ཀྱི་འཆར་ཚུལ་ལ་འོད་གསལ་ལས་སྒྱུ་ལུས་སུ་ལྡང་བ་ཞེས་བཞག་པ་ཡིན་ནོ། །འོད་གསལ་རྟོགས་པའི་གནས་སྐབས་ཀྱི་ཕན་ཡོན་ནི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྤོང་བར་འགྱུར་བ་དང་། གང་ཟག་གི་བདག་རྩ་བ་དྲུང་ནས་སྤོང་བ་དང་། ཆོས་སུ་སྣང་བ་སྒྱུ་མར་རྟོགས་པར་འགྱུར་བ་དང་། ཉོན་མོངས་པའི་སྒྲིབ་པ་བག་ལ་ཉལ་དང་བཅས་པ་སྤོང་བ་དང་། ཉོན་མོངས་པའི་དབང་གིས་ལས་མི་གསོག་པ་དང་། ཕྱིར་མི་ལྡོག་པར་འགྱུར་བ་དང་། དེ་རྟོགས་པས་རྐྱེན་གྱིས་མི་འགྱུར་བ་དང་། ཕུང་པོ་ལྷག་བཅས་ལྷག་མེད་ཀྱི་ཚུལ་གྱིས་འཚང་རྒྱ་བ་དང་། བར་དོའི་སྣང་བ་མི་འབྱུང་བ་དང་། ཡེ་ཤེས་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བར་འགྱུར་རོ།། །། དྲུག་པ་བར་དོ་ལམ་གྱི་བློ་ཆོད་ལ། འཁོར་འདས་བར་དོར་ལྟ་བ་གཏན་ལ་ཕབ་སྟེ་གནས་ལུགས་ངོ་སྤྲད་པ། སྣང་བ་སྐྱེ་ཤིའི་བར་དོར་བསྐྱེད་རྫོགས་གཉིས་ལ་བསླབས་ཏེ་རིག་པ་སེམས་ཀྱི་རྩལ་སྦྱང་བ། རང་བཞིན་ལམ་གྱི་བར་དོར་སྙན་རྒྱུད་ཀྱི་གདམ་ངག་བསྒོམས་ནས་གཉུག་མ་ཡེ་ཤེས་ངོས་གཟུང་བ། རྨི་ལམ་གཉིད་ཀྱི་བར་དོར་འོད་གསལ་དང་སྒྱུ་ལུས་སྦྱངས་ནས་བག་ཆགས་ལམ་དུ་བསྒྱུར་བ། ཐ་མ་སྲིད་པའི་བར་དོར་སྐུ་གསུམ་མངོན་དུ་བྱས་ནས་ཞིང་ཁམས་གསུམ་དུ་བགྲོད་པ། སྐྱེ་གནས་བརྒྱུད་པའི་བར་དོར་སྨོན་ལམ་གྱིས་མཚམས་སྦྱར་ནས་སྲིད་པ་གཞན་ལ་གྲོལ་བར་བྱ་བ་དང་དྲུག་ལས། །དང་པོ་ནི། འཆི་བ་སྟོང་པ་ཆོས་སྐུ་ལ། །བར་མ་དོ་ནི་ལོངས་སྤྱོད་རྫོགས། །སྲིད་པ་སྐྱེ་བ་སྤྲུལ་པའི་སྐུ། །སྐྱེ་བའི་ཆ་ནི་ཐབས་ཡིན་ལ། །འགགས་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་པས་གནས་ལུགས་རང་གི་ངོ་བོ་ནི་འཁོར་འདས་གང་དུའང་བཞག་ཏུ་མེད་དེ་གཉུག་མ་ཕྱག་རྒྱ་ཆེན་པོ་ལས་གཞན་དུ་མི་འགྱུར་བས་སོ། །འོན་ཀྱང་དེ་ཉིད་ཚུལ་བཞིན་མ་ཤེས་པས་ཕུང་པོ་ཆེན་པོ་རྣམས་བསྐྱེད་ནས་མི་བཟད་པའི་སྡུག་བསྔལ་ལ་སྦྱོར་བའི་དུས་སུ་འཁོར་བ་ཞེས་བྱ། ཇི་ལྟ་བ་བཞིན་བླ་མའི་དྲིན་གྱིས་ཤེས་པ་ནས་བཅོས་པའི་སྦྱོར་བ་རྣམས་འགག་པས་རྣམ་པར་སྦྱང་བའི་གྲོལ་བའམ། ཐར་པའམ། མྱ་ངན་ལས་འདས་པ་ཞེས་བྱ། དེ་གང་གིས་མཚོན་པར་བྱེད་ན། རང་གི་སེམས་ཅུང་ཟད་ལྷོད་དེར་བཞག་ན་ཅིའང་མི་སྣང་། དེ་རྐྱེན་ཅིག་གི་སྟེང་དུ་འཕྲོར་བཅུག་པ་དང་ཡུལ་དང་བཅས་པ་དེར་ལྡང་། ཡང་སྐྱེན་ཕྱི་མ་ཞིག་ཝལ་གྱིས་བསམས་པ་དང་དེ་འགགས་ནས་ཕྱི་མ་དེའི་སྣང་བར་ལྡང་ལ། དང་པོ་ཅིའང་མི་སྣང་བ་ལྟ་བུ་གདོད་མའི་ཤེས་པ། རྐྱེན་གྱིས་དེ་དང་དེར་འགྱུར་བ་འཁོར་བར་སྣང་བ། ཕྱི་མའི་རྐྱེན་གྱིས་སྔ་མ་བརྗེད་པ་འཁོར་བ་ཚུགས་མི་ཐུབ་པའམ་གློ་བུར་བ་ཡིན་པ་མཚོན་ནོ། །ཡང་འགྱུར་དུས་དེ་ཀར་ངོས་ཟིན་ན་རང་ཞིའོ། །ངོ་ཤེས་པས་ལམ། རང་ཞི་བས་མྱ་ངན་ལས་འདས་པ་མཚོན་པས། དོན་འཁོར་འདས་ཀྱང་འདུ་བྱེད་ཡིད་ཀྱི་གཡོ་བས་ཐ་དད་དུ་གཟུང་བ་མ་གཏོགས་གཉིས་སུ་གྲུབ་པ་མ་ཡིན། གཉིས་སུ་འཛིན་པའི་བློ་ངོ་དེར་སྣང་བའི་འཁོར་བའང་། སྐྱེ་ཤི། རྨི་ལམ། བར་དོ་གསུམ་གྱིས་བསྡུས་ལ། རྣམ་སྨིན། བག་ཆགས། ཡིད་ཀྱི་ལུས་སོ། །དང་པོ་སྣང་བས། གཉིས་པ་བག་ཆགས་ཀྱིས། གསུམ་པ་ལས་ཀྱིས་འཁྲུལ་པ། དེ་ལ་གཉེན་པོའང་རིམ་པ་བཞིན། འདོད་ཆགས་དང་ལྷན་ཅིག་སྐྱེས་པར་བསྲེ་བ། གཏི་མུག་ཞེ་སྡང་དང་ལྷན་ཅིག་སྐྱེས་པར་བསྲེ་བ་གསུམ། དང་པོའི་མཚམས་སྦྱོར་བླ་མའི་གདམ་ངག གཉིས་པའི་འདུན་པ། གསུམ་པ་གང་དུ་སྐྱེས་བར་འགྱུར་བའི་ཕ་མ། མངོན་དུ་བྱ་བ་ནི་དང་པོ་བདེ་སྟོང་། གཉིས་པ་རིག་སྟོང་། གསུམ་པ་གསལ་སྟོང་ཞེས་བླ་མས་གསུངས་སོ། །ཡང་འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་པའི་སྐུར་རང་བྱུང་དུ་གནས་པས་གནས་པ་ལྟར་ཤེས་པར་བྱེད་དགོས་ཏེ། དེ་བྱེད་པ་ལ། དང་པོ་སྣང་བ་གསུམ་གྱིས་ནི། །ཐིམ་པའི་འོད་གསལ་ངོས་གཟུང་བ། །གཉིས་པ་དག་དང་མ་དག་པས། །སྒྱུ་མ་ལྟ་བུའི་སྒོ་ནས་ནི། །བར་མ་དོར་ནི་འཚང་རྒྱའི་ཐབས། །གསུམ་པ་མངལ་སྒོ་དགག་པ་དང་། གང་འདོད་མངལ་སྒོ་གདམ་པའོ། །ཞེས་སོ། །གཉིས་པ་ནི། དེ་ལ་སྐྱེ་ཤི་བར་དོ་རུ། །བསྒོམས་ཏེ་སངས་རྒྱས་གཏུམ་མོ་དང་། སྒྱུ་མའི་ལུས་ལ་བསླབ་པར་བྱ། །ཞེས་པས། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཁམས་ལས་ཕྱུང་ནས་བདེ་བ་ཆེན་པོ་ལ་བཞག་པའི་ཕྱིར། དཔལ་ཧེ་རུ་ཀའི་གོ་འཕང་བསྒྲུབས་ཏེ་དེ་ལས་ལོངས་སྤྱོད་རྫོགས་པའི་སྐུར་ལངས་ནས་མཐའ་ཡས་པའི་སྤྲུལ་པའི་སྐུ་འགྱེད་པར་བྱའོ་སྙམ་པའི་འཕེན་པ་སྔོན་དུ་གཏང་ནས། ཨོཾ་སྭ་བྷཱ་ཝ་སོགས་ཀྱི་སྔགས་དོན་སོ་སོ་རང་རིག་པའི་ངོ་བོ་ཉིད་དུ་མཉམ་པར་བཞག་ནས། རྫུས་ཏེ་བྱུང་བའི་སེམས་ཅན་བཞིན་སྐད་ཅིག་གིས་པདྨ་དང་ཉི་མ་ལ་འཇིགས་བྱེད་དང་དུས་མཚན་མནན་པའི་རྡོ་རྗེ་མཁའ་འགྲོ་སྔོན་པོ་རལ་པ་གཡོ་བ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་སྤྲས་ཤིང་ཐོད་པའི་ཅོད་པན་དང་ཕྱག་རྒྱ་དྲུག མགོའི་འཕྲེང་བ་སྟག་ཤམ་གྱིས་བརྒྱན་ཅིང་གར་གྱི་ཉམས་དགུས་བརྗིད་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཕུང་པོ་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་དག་པའི་ཁྲག་འཐུང་ཆེན་པོའི་འདུས་པའི་སྤྱི་གཟུགས། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ་སྤུ་ཤད་ལྟར་ཕྲ་བ་དང་བཅས་པའི་ཡབ་ཡུམ་ལྷན་ཅིག་ཏུ་རོལ་པས་དགའ་བ་བཞིའི་རོས་གང་བའི་བདེ་བ་ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པའི་འཁོར་ལོ་སྤྲོ་བ་དང་བདག་ཉིད་དང་མཉམ་པར་སྦྱོར་བའི་གནས་ལ་གནས་པར་ཅུང་ཞིག་བསམ་པར་བྱའོ། །དེ་ནས་ཐུགས་ཀའི་འོད་ཀྱིས་སྣོད་བཅུད་འོད་དུ་ཞུ། འོད་དེ་སྟོང་ཡལ་གྱིས་གཏང་ནས། སྣ་ཚོགས་པདྨ་ཉི་མར། དེ་འཇིགས་བྱེད་དུས་མཚན་ལ། དེ་གཉིས་ཡུམ་ལ། དེ་བཅོམ་ལྡན་འདས་ལ། བཅོམ་ལྡན་འདས་ཀྱི་སྐུ་ཡས་མས་ནས་ཞུ། སྙིང་གའི་ཉི་མ་ལ། དེ་ཧཱུྃ་གི་དོན་གྲུབ་ཀྱི་ངོ་བོ་ཨུ་ལ། དེ་སྣང་མཐའི་ངོ་བོ་ཧ་ལ། དེ་རིན་འབྱུང་གི་ངོ་བོ་མགོའི་རི་མོ་ལ། དེ་སྣང་མཛད་ཀྱི་ངོ་བོ་ཟླ་ཚེས། དེ་མི་བསྐྱོད་པའི་ངོ་བོ་ནཱ་ད་དང་བཅས་པའི་ཐིག་ལེ། ནཱ་ད་སྒྲ་རིས་དེ་ཡང་སྟོང་ཡལ་གྱིས་སོང་ནས་རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཀྱི་སྐུ་འོད་གསལ་བ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པ་ལ་གཞུག་ཅིང་། དེ་ལ་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག་ནས། སྔོན་གྱི་སྨོན་ལམ་གྱི་ནུས་པས་བསམ་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་སྔར་བཞིན་ཟུང་དུ་འཇུག་པ་ལོངས་སྤྱོད་རྫོགས་པའི་སྐུར་ལངས་པ་དེ་ལས་སྤྲུལ་པའི་སྐུའི་རྣམ་པ་སྤྲོས་ནས་སེམས་ཅན་གྱི་དོན་བྱ་བ་ཡང་ནས་ཡང་དུའོ། ཡང་ན་སྣོད་བཅུད་བསྡུ་བ་མེད་པ་གཞན་སྔ་མ་དང་འདྲ་བ་རིལ་པོར་འཛིན་པ་དེས་སོ། འདིས་ནི་ཉེར་ལེན་གྱི་ཕུང་ཁམས་སྐྱེ་མཆེད་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷའི་སྐུ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་བྱིན་གྱིས་བརླབས་པས་བསྐྱེད་རིམ་དང་། རྗེས་སུ་ཆགས་པའི་མེ་གཏུམ་མོའི་ཡེ་ཤེས་སུ་སད་པས་དངོས་པོར་འཛིན་པའི་བུད་ཤིང་ཐམས་ཅད་བསྲེགས་ནས་ཞི་བ་ཡང་དག་པའི་མཐའ་ལ་འཛུད་པར་བྱེད་པས་རྫོགས་རིམ་ཡང་ངོ་། །གསུམ་པ་ནི། དེ་ལ་གོམས་པར་གྱུར་པ་དང་། རྨི་ལམ་སྒྱུ་ལུས་གཉིས་བསྲེས་ལ། །རྨི་ལམ་བར་དོ་སྦྱང་བར་བྱ། །ཞེས་པས་བསྟན་པ། ཇི་སྐད་བཤད་པའི་བསྒོམ་པ་ལ་གོམས་པས་བོགས་འབྱིན་པར་བྱེད་པའི་ཕྱིར་སྣང་བ་སྒྱུ་མ་བརྟན་པ་གཞལ་ཡས་ཁང་། གཡོ་བ་ཐམས་ཅད་འཁོར་ལོ་སྡོམ་པའི་ལྷའི་དེ་ཁོ་ན་ཉིད་དུ་སྦྱང་ཞིང་ནུབ་མོ་རྨི་ལམ་གཟུང་ནས་རྨི་ལམ་གྱི་སྣང་བའང་ཚུལ་དེ་ལྟར་དུ་བསྒོམས་པས་རྨི་ལམ་དང་སད་པ་ཁྱད་པར་མེད་ན། ཡང་དེ་གཉིས་བར་དོའི་སྣང་བར་བསྒོམ་ནས་ཡང་ཡང་སྦྱང་། དེས་ཁམས་གསུམ་པོ་མ་ལུས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་པ་ཆུའི་ཟླ་བ་དང་མཚུངས་པའི་དཀྱིལ་འཁོར་གྱི་འཁོར་ལོར་བྱས་ནས། དབང་པོ་མི་དགག་ཅིང་ཐམས་ཅད་དུ་མི་གནས་པའི་རྣལ་འབྱོར་པས། དོགས་པ་མེད་པར་ལྷའི་ང་རྒྱལ་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །བཞི་པ་ནི། རྨི་ལམ་སྒྱུ་ལུས་འབྱོངས་པ་དང་། །འཆི་ཀའི་དུས་ཀྱི་བར་དོ་རུ། །འོད་གསལ་བ་དང་འདྲེས་པ་ལས། །སྒྱུ་ལུས་རིལ་འཛིན་རྗེས་གཞིག་གིས། །བག་ཆགས་ཐམས་ཅད་སྲེག་པའི་ཕྱིར། །འོད་གསལ་མེ་ཡིས་སྦྱངས་ནས་ནི། །ཟུང་དུ་འཇུག་པའི་སྐུར་སངས་རྒྱས། །ཞེས་པས། དེ་ནས་སྒྱུ་མའི་ལུས་རིལ་འཛིན་ནམ་རྗེས་གཞིག་གང་ཡང་རུང་བས་ཕུང་པོ་ལ་སོགས་པ་ཁམས་ཕྲ་བ་ལ་གཞུག དེ་སེམས་དང་། དེ་སེམས་བྱུང་དང་། དེ་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ནི་དྲན་པ་བརྗེད་པ། དེ་ནས་ཕྱིས་བརྗེད་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་བའོ། །ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་དེ་ལ་བལྟའོ། །རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་སད་པར་བྱ་ཞིང་དེ་བཞིན་ཉིད་ལ་འཇུག་པར་བྱའོ། །ལྔ་པ་ལ། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་ཁྱེར། གཉིས་པ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར། གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་གསུམ་ལས། དང་པོ་ནི། གཞི་གསུམ་དུ་མི་ཁོམ་པ་བརྒྱད་ཀྱི་འདུ་བྱེད་ཀྱིས་ཐང་ཆད་ཅིང་ལམ་སྲིད་པ་གསུམ་ནས་ཡུན་རིང་ཤར་བས་ལུས་ངལ་དུབ་ཏུ་གྱུར་པ་བཤུལ་རིང་གི་མགྲོན་པོ་མི་གསུམ་ཡོད་དེ། གདམ་ངག་ཀྱང་ཡོད་ལ་ཉམས་སུའང་བླངས་པའི་གང་ཟག་དང་། གདམ་ངག་ཡོད་ལ་ཉམས་སུ་མ་བླངས་པའི་གང་ཟག་དང་། གདམ་ངག་ཀྱང་མེད་ལ་ཉམས་སུའང་མ་བླངས་པའི་གང་ཟག་གོ །སྔ་མ་དེ་ནི་སྲིད་པའི་ལམ་དང་། འཇིགས་པའི་འཕྲང་དང་། བདུད་ཀྱི་སྐུངས་ས་ལ་སོགས་པའི་ཡ་ང་བ་གང་ཡང་མེད་དེ་བསྒོམས་པའི་སྟོབས་ཀྱིས་གྲོལ་བའི་ཕྱིར་རོ། །ཕྱི་མ་ནི་སྐྱེ་བོ་ཐ་མལ་པ་སྟེ་ཡ་ང་བ་དང་བཅས་པའི་འཕྲང་དེ་རྣམས་སུ་ཞུགས་ནས་རང་བཞིན་གྱི་བདུད་ཀྱིས་ཁྲིད་དེ་ཁམས་གསུམ་འཁོར་བའི་གནས་སུ་སྐྱེ་འཆི་བར་མ་ཆད་པར་ཟོ་ཆུའི་ཁྱུད་མོ་ལྟ་བུར་ལོངས་སྤྱོད་པའོ། །བར་མ་དེ་ལ་ཡ་ང་བ་དང་བཅས་པའི་ལམ་འཕྲང་གི་དོགས་པ་བསལ་ཞིང་བར་ཆད་བདུད་ཀྱི་ཕྱག་བརྙན་བརྟག་པའི་གདམས་ངག་དགོས་པ་ཡིན་ནོ། །དེ་ནི་འཆི་བའི་སྲིད་པ་ལ་འགྱུར་བ་གནད་གཅོད་ཀྱི་འཕྲང་། ཆོས་སྐུ་ཐུགས་ཕྲད་ཀྱི་བར་དོ། སྲིད་པ་བར་མ་དོ་ལ་ལས་ཀྱི་གཤེད་མས་འཚེ་བའི་འཕྲང་། སྣང་མུན་འོད་ཀྱི་བར་དོ། སྲིད་པ་བར་དོའི་ཐ་མ་ལ་རིག་པ་ལས་ཀྱི་རླུང་གིས་རང་དབང་མེད་པར་བསྐྱོད་པའི་འཕྲང་། སྐྱེ་གནས་འཚོལ་བའི་བར་དོ། དེ་གསུམ་ལ་རིམ་པ་བཞིན་བཤུལ་རིང་གི་མགྲོན་པོ། བདེན་པ་མཐོང་ཡང་ལེ་ལོས་གོམས་པར་མ་བྱས་པའི་དབང་པོ་རབ་དང་། ཐོད་བརྒལ་སྒྱུ་ལུས་མཐར་ཕྱིན་ཡང་བདེན་པ་མ་མཐོང་བ་འབྲིང་དང་། རིམ་གྱིས་པ་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་མན་ཙམ་སྐྱེས་པ་གསུམ་ལ་མཛའ་བཤེས་ཀྱི་གཉེན། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུ་གསུམ་གྱིས་མདུན་བསུ་བ་འབྱུང་ལ། དེ་དང་ཕྲད་པ་ལ་བར་གཅོད་པ་ནི་བདུད་ཀྱི་ཕྱག་བརྙན་ཏེ། འོད་གསལ་མ་རིག་པ། བར་དོར་གདམ་ངག་མི་དྲན་པ་དང་། གར་སྐྱེ་རང་དབང་མེད་པའོ། དེ་བཟློག་པའི་དཔུང་དེད་དཔོན་གསུམ་ནི། ད་ལྟ་བླ་མ་དམ་པས་ངོ་སྤྲོད་པའི་གནས་ལུགས་ལྟ་བའི་དོན་གོ་བ་དང་། མཚོན་བྱེད་ལམ་གྱི་འོད་གསལ་སྦྱང་པ་དང་གཅིག ད་ལྟ་བསྐྱེད་པའི་རིམ་པ་ལྷའི་སྐུ་ལ་དམིགས་པ་གསལ་བ་དང་། མཚོན་བྱེད་ལམ་གྱི་སྒྱུ་མ་རྨི་ལམ་སྦྱང་བ་དང་གཉིས། གྲོལ་ལམ་པ་གཏུམ་མོ་ལ་བརྟེན་ནས་དྲོད་ཀྱི་ཡེ་ཤེས་སྐྱེས་པའམ། ཆགས་ལམ་པ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་གསུམ་པ་རྫོགས་པའི་དོན་ཉམས་སུ་མྱོང་བས་ཕྲག་དོག་མིག་སེར་འབྱོངས་པ་དང་གསུམ་སྟེ། དེ་ལྟ་བུའི་སྦྱངས་སྟོབས་ཀྱིས་རིམ་པ་བཞིན། བར་དོ་དང་པོ་ལ་ཆོས་སྐུར་འཚང་རྒྱ་བ་དང་། གཉིས་པ་ལ་ལོངས་སྐུར་འཚང་རྒྱ་བ་དང་། གསུམ་པ་ལ་སྤྲུལ་སྐུར་འཚང་རྒྱ་བ་ཡིན་ཞིང་། སྦྱང་སྟོབས་མེད་ན་གང་ཟག་འཇིག་པ་དང་བཅས་པའི་ཚོང་པ་ལྟ་བུ་དེ། འགྱུར་བ་གནད་གཅོད་ཀྱི་འཕྲང་དུ་བག་ཆགས་ཀྱིས་སྐུངས་ནས་མ་རིག་པའི་བདུད་ཀྱི་ཕྱག་བརྙན་འོངས་ཏེ་ཆོས་ཀྱི་སྐུ་འཆར་བ་ཕྲོགས་ནས་ལམ་ལོག་པ་འཁོར་བ་བསྐྱེད་པའི་ལུགས་བཟློག་གི་སྣང་བ་གསུམ་དུ་ཁྲིད་ནས་བདུན་ཕྲག་བདུན་པ་ཡན་གྱི་ལས་ཀྱི་གཤེད་མས་འཆེ་བའི་འཕྲང་དུ་བར་དོར་མི་ཤེས་པའི་སྐུངས་ནས་ལས་ཀྱི་ཕོ་ཉ་ཐོན་ཏེ་ལོངས་སྐུ་འཆར་བ་འཕྲོགས་ནས་རིག་པ་ལས་ཀྱི་རླུང་གིས་རང་དབང་མེད་པར་བསྐྱོད་པའི་འཕྲང་དུ་ལས་རླུང་གི་སྐུངས་ནས་རང་དབང་མེད་པའི་ཇག་པས་སྤྲུལ་པའི་སྐུ་འཆར་བ་ཕྲོགས་ཏེ་འགྲོ་བ་དྲུག་པོ་གང་ཡང་རུང་བའི་སྐྱེ་གནས་སུ་ཁྲིད་ནས་སྡུག་བསྔལ་གྱི་བཙོན་རར་འཇུག་པར་བྱེད་དོ། །ཞེས་ཤེས་པར་བྱས་ནས་གང་ཟག་དབང་པོ་རབ་དེའི་ཉམས་ལེན་ནི། རིམ་གྱིས་འཇུག་པའི་གང་ཟག ཤེས་པ་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་ཕྲ་བ་ཐིམ། །རྟོག་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་དང་། །རང་བཞིན་གྱི་ནི་འོད་གསལ་འཆར། །དེ་ཡི་རྗེས་ལ་ཟུང་འཇུག་གི སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་ནི་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །ཞེས་པས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། །གོང་དུ་བསྟན་པ་དེ་དག་ཀྱང་། །རྒྱས་པར་བཤད་པ་འདི་ལྟ་སྟེ། །དང་པོ་ལུང་རིག་མན་ངག་གིས། །རྒྱུད་ལ་རྟོགས་པ་ཤར་ཙ་ན། །སྣང་བ་འགག་ལུགས་བསྟན་པ་ནི། །གཟུགས་ནི་སྒྲ་ལ་ཐིམ་པར་འགྱུར། །སྒྲ་ཡང་དྲི་ལ་དྲི་ཡང་རོ། །རེག་བྱའི་བར་དུ་རིམ་གྱིས་ཐིམ། །ས་དང་ཆུ་དང་མེ་དང་རླུང་། །དེ་རྣམས་རིམ་གྱིས་རྣམ་ཤེས་ལ། །རྣམ་ཤེས་སྣང་བ་ལ་ཐིམ་ཚེ། །ཕྱི་རྟགས་ཟླ་ཤར་ལྟ་བུ་ལ། །ནང་རྟགས་དུ་བ་ལྟ་བུ་འབྱུང་། །སྣང་བ་དེ་ཉིད་མཆེད་པ་ལ། །ཐིམ་ཚེ་ཕྱི་རྟགས་ཉི་ཤར་འདྲ། །ཤེས་པ་མེ་ཁྱེར་ལྟ་བུ་འབྱུང་། །མཆེད་པ་ཐོབ་པ་ལ་ཐིམ་པས། །ཕྱི་རྟགས་མུན་པ་ལྟ་བུ་འབྱུང་། །ཤེས་པ་མར་མེ་ལྟ་བུར་འཆར། །ཐོབ་པ་འོད་གསལ་ལ་ཐིམ་པས། །ཕྱི་རྟགས་ཐོ་རེངས་དུས་ཚོད་ཀྱི། །སྐྱ་རེངས་ཤར་བ་ལྟ་བུ་འབྱུང་། །ནང་གི་ཤེས་པ་ནམ་མཁའ་ནི། །སྤྲིན་དག་འདྲ་བ་འཆར་བའོ། །འོད་གསལ་དེ་ལས་ལངས་པ་ཡི། །ཟུང་འཇུག་ངོས་ནི་གཟུང་བྱ་སྟེ། །མངོན་པར་བྱང་ཆུབ་འོད་གསལ་མེས། །བག་ཆགས་ཐམས་ཅད་སྦྱོང་དུས་སུ། །སློབ་པའི་ཟུང་འཇུག་ཅེས་བྱའོ། །སྦྱང་གཞི་སྦྱོང་བྱེད་མེད་ཙ་ན། །གོམས་པ་མཐར་ཕྱིན་གྱུར་པ་སྟེ། །མི་སློབ་ཟུང་འཇུག་ཅེས་བྱའོ། །འབྲས་བུ་ཐོབ་པར་གྱུར་པ་ཡིན། ཞེས་པའི་དོན། འཆི་ཀ་མའི་དུས་མོས་གུས་ཚད་དུ་སྐྱོལ་བ་དང་། སྡོམ་པ་དང་དམ་ཚིག་ལ་སེལ་མེད་པ་དགོས་ལ། ཡོད་ན་ཏིང་ངེ་འཛིན་གྱི་དབང་བསྐུར་རམ། བཞུགས་ན་བླ་མ་ལས་དངོས་སུ་བླང་། བཤགས་པ་དང་སྡོམ་པ་ཚུལ་དང་མཐུན་པར་བྱའོ། །ཆགས་ཞེན་ཆུང་བ་ཞིག་དགོས་པས་དངོས་པོ་ལ་མངོན་པར་ཞེན་པར་འདུག་ན། གང་ལ་ཞེན་པར་འགྱུར་བ་དེ་ཐམས་ཅད་རང་སེམས་འཁྲུལ་པའི་རི་མོ། རྣམ་རྟོག་བག་ཆགས་ཀྱི་གཟུགས་བརྙན་སེམས་ཀྱི་ཆོ་འཕྲུལ། །སེམས་ཉིད་སྐྱེ་མེད་བརྗོད་བྲལ་ཆོས་ཀྱི་སྐུར་ཤེས་པས་ཞེན་པ་སྦྱང་ངོ་། །དེ་ནས་བར་དོ་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་ལྔ་ཤེས་པར་བྱ་སྟེ། སྤྱིར་འཆི་བ་ལ་འཆི་བར་ཤེས་པ་དང་གཅིག དབང་པོ་ལྔ་ཉམས་པ་ལ་ཉམས་པར་ཤེས་པ་དང་གཉིས། འབྱུང་བཞི་ཐིམ་པ་ལ་ཐིམ་པ་ཤེས་པ་དང་གསུམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་བཞི། དྲན་པ་དང་འདུན་པ་དྲག་པོས་འདིར་ཡང་དང་ཡང་དུ་གདམ་ངག་ཚོ་བསྒོམ་ཞིང་སྦྱངས་ལ། འཆི་ཁར་དྲན་རྟོག་གི་མཚམས་ལེགས་པར་སྦྱར་བའོ། །ཁྱད་པར་སྙིང་གི་དཀྱིལ་དུ་བླ་མ་བསྒོམ་ནས་མོས་གུས་ཀྱི་མཆོད་པས་མཆོད་ལ་ཡི་དམ་གྱི་ལྷ་བསྐྱེད། ཐིམ་རིམ་དང་བསྟུན་ཏེ་རིལ་འཛིན་ནམ་རྗེས་གཞིག་གིས་སྟོང་ཉིད་དུ་གཏང་། གཉིད་དུ་ནི་སོང་རྨི་ལམ་མ་རྨིས་པ་དང་། ཉིན་པར་གྱི་རྣམ་རྟོག་གི་རྒྱུན་ནི་འགགས། ཕྱི་མར་ནི་མ་སོང་། དེའི་དུས་ཀྱི་ཤེས་པ་གསལ་ལ་དྭངས་པ་དེ་དང་། ཕྱི་དབུགས་དང་ནང་དབུགས་ནི་ཆད། བསམ་གཏན་གྱི་སྐད་ཅིག་མ་བཞི་ནི་རྫོགས། འཆི་བའི་འོད་གསལ་ཆེན་པོ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་དེ་དང་གསུམ་འདིར་ནི་གཉིས་སུ་མེད་པར་བསྲེས་ལ་བསྒོམ་མོ། དེའི་ཕྱིར་བར་དོ་དང་པོར་འཚང་རྒྱ་བའི་གདམ་ངག་ལ་སྒྱུ་མ་གསུམ་འདྲེས། འོད་གསལ་གསུམ་འདྲེས། ནམ་མཁའ་གསུམ་འདྲེས་ཞེས་རྗེ་བཙུན་རས་ཆུང་པས་གསུངས་སོ། མིག་སོགས་དབང་པོ་ལྔའི་རླུང་ནང་དུ་ཐིམ་པས་གཟུགས་སོགས་ཀྱི་སྣང་བ་ནུབ་པ་སྣང་བ་ཐིམ་པ། དེ་ནས་ས་ཆུ་ལ་ཐིམ། ལུས་ཀྱི་ཟུངས་ཤོར། ཆུ་མེ་ལ་ཐིམ། སྐོམ་ཞིང་ཁ་སྣ་སྐམ། མེ་རླུང་ལ་ཐིམ། དྲོད་ཡལ། རླུང་རྣམ་ཤེས་ལ་ཐིམ། དེའི་ཚེ་སྡིག་ཅན་ལ་གནད་གཅོད་ཀྱི་སྡུག་བསྔལ་འབྱུང་། དགེ་བ་སྤྱོད་པ་ལ་ལྷ་དང་བླ་མ་ཌཱ་ཀིའི་བསུན་མ་འོང་། དེ་ནས་ཕྱི་དབུགས་ཆད་པ། རགས་པ་ཐིམ་པ། དེ་ནས་ནང་དབུགས་གནས་པའི་དང་པོར། རྟོག་པ་ཐིམ་པའི་རིམ་པས་ཕྱིའི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ་སྣང་བའི་སྐབས། དེ་མཆེད་པ་ལ་ཐིམ། །ཞེ་སྡང་གི་རྟོག་པ་སོ་གསུམ་འགག ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་མེ་ཁྱེར། མཆེད་པའི་སྐབས། དེ་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག ཕྱི་རྟགས་ནག་ལམ་སྒྲ་གཅན་གྱི་སྣང་བ། ནང་རྟགས་བུམ་ནང་གི་མར་མེ། སྣང་བ་ཉེར་ཐོབ། དེ་འོད་གསལ་ལ་ཐིམ། གཏི་མུག་གི་རྟོག་པ་བདུན་འགག ཕྲ་བ་ཐིམ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྟོན་གནམ་དྲི་མ་མེད་པ་ལྟ་བུ། བཞི་པ་འོད་གསལ་གྱི་སྐབས། འཆི་སྲིད་ཀྱི་དངོས་གཞི། བར་དོ་འགོ་རྩོམ་པའི་ཐོག་མ་ཡིན་པས་གདམ་ངག་པ་རྣམས་ཀྱིས་བར་དོ་དང་པོ་ཞེས་བྱས་སོ། །འོད་གསལ་གྱི་ངང་ལས་སྔོན་གྱི་འཕེན་པས་རྒྱུ་བྱས། ཏིང་ངེ་འཛིན་གྱིས་སོས་བཏབ། རྗེས་སུ་དྲན་པས་མཚམས་སྦྱར་ནས། སྣང་བ་བཞི་གཅིག་ཏུ་གྱུར་པའི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་ལངས་ནས་དེ་སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་པར་འཆར་ཏེ། སྦྱང་གཞི་སྦྱོང་བྱེད་ཡོད་རིང་ལ་སློབ་པ། མེད་ནས་མི་སློབ་པ་ཞེས་བྱ་སྟེ། ཆོས་ཀྱི་སྐུའི་ཞིང་ཁམས་སུ་འབྱམས་ཀླས་པས་བགྲོད་པ་ཡིན་ནོ། །འདི་ནི་ཡོན་ཏན་རྫོགས་པའི་བར་དོ་ཞེས་བྱའོ། གཉིས་པ་ནི། དེ་ལས་སྲིད་པའི་བར་མ་དོར། སྒྱུ་ལུས་ཟུང་འཇུག་སྐུར་གྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །དེ་ལས་གོམས་པས་མངལ་སྒོ་ཁེགས། །ཞེས་པས། གཞན་སྔོན་འགྲོ་འདྲ་བ་ལ། བླ་མ་སྙིང་གར་བསྒོམ། གསོལ་བ་བཏབ། བར་དོའི་སྒྱུ་མ་ལ་བར་དོའི་སྒྱུ་མར་ཤེས་ནས་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་གཏང་དེ་ནས་སྣང་བ་གསུམ་འཆི་སྲིད་ཀྱི་དངོས་གཞིའི་འོད་གསལ་གྱི་དག་པར་བྱེད་མ་ནུས། སྔོན་གྱི་འཕེན་པས་རྒྱུ་བྱས། རྣམ་རྟོག་གི་བཞོན་པ་རླུང་གི་རྐྱེན་བྱས་ནས་འོད་གསལ་གྱི་ངང་ལས་སྣང་བ་ཉེར་ཐོབ། དེ་ལས་སྣང་མཆེད། དེ་ལས་སྣང་བ། དེ་ལས་རླུང་གི་ཁམས་ཀྱིས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲེད་པས་རྗེས་སུ་བཅིང་ལ་ཆོས་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་གཟུང་བ་དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པ་བྱིས་པ་ལོ་ལྔ་པ་དང་མཉམ་པ་གང་དུ་སྐྱེ་འགྱུར་གྱི་སྲིད་པའི་གཟུགས་ཅན་ཐམས་ཅད་ན་འོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་པ། མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་བདུན་གྱིས་འཕོ་བའི་བར་ལ་གནས་ནས་སྐྱེ་བའི་རྐྱེན་མ་རྙེད་ན་བར་དོ་དེ་ཉིད་དུ་སྐྱེས་ནས་ཞག་བདུན་བདུན་ན་འཆི་འཕོ་བ། བདུན་ཕྲག་བདུན་ནས་ཅིས་ཀྱང་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །དེ་ནི་བར་མ་དོའི་སྲིད་པ་ཞེས་བྱ་བ། ཤི་ནས་ཞག་ཕྱེད་དང་བཞི་ཚུན་ནི་བརྒྱལ་བས་བར་དོ་ལ་བར་དོར་ངོ་ཤེས་པ་མེད་ལ། དེ་ནས་ཡོད་པས་དུས་ཀྱི་ས་ཞེས་ཀྱང་བྱ། དེར་སྔར་གྱི་གདམ་ངག་དྲན་པའི་གནད་ཀྱིས་སྙིང་གར་བླ་མ་བསྒོམ། བདག་གི་གཞི་བྱས་པའི་འཁོར་འདས་ཐམས་ཅད་སྔར་གོམས་པ་བཞིན་གྱི་ཡི་དམ་གྱི་ལྷར་བསྐྱེད། དེ་ནས་རིལ་འཛིན་ནམ་རྗེ་གཞིག་གིས་འཛིན་བྱ་དང་འཛིན་བྱེད་ཀྱིས་སྟོང་པའི་འོད་གསལ་སྟོན་ཀའི་ནམ་མཁའ་ལྟ་བུ་བསྒོམ། དེ་ནས་ཕྲ་བའི་རླུང་ལས་ཟུང་འཇུག་ལྷའི་སྐུར་ལངས་ནས་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བགྲོད་ཅིང་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཉན་ཏོ། །འདི་ནི་སྣང་བ་རྐྱེན་གྱི་བར་དོའོ། །གསུམ་པ་ནི། གལ་ཏེ་ཟུང་འཇུག་མ་ཤེས་ན། །སྲིད་པའི་སྐྱེ་བ་མི་ཁེགས་པས། ཆགས་སྡང་སྣང་བ་ཀུན་སྤངས་ལ། དྲན་པའི་སྤྱན་མས་མཚམས་སྦྱར་ཏེ། །མངལ་སྒོ་གདམ་པའི་སྦྱོར་བ་བྱ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གང་འདོད་གནས་སུ་སྐྱེ་བར་འགྱུར། །ཞེས་པས། འཆི་ཀར་བླ་མ་སྙིང་གར་བསྒོམ། བར་དོ་ལ་བར་དོར་ངོ་ཤེས་པས་མངལ་ངན་པ་དགག བཟང་པོ་གདམ། སྐྱེ་བ་ཕྱི་མ་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་འདུན་པ་བག་ཆགས་འཇོག་ནུས་སུ་གཏང་ངོ་། །བར་དོ་གཉིས་པར་ལམ་མ་ཆོད་ན། རང་གི་སྔོན་གྱི་ལས་ཀྱིས་འཕེན་པས། ས་རླུང་གིས་རི་བསྙིལ་བ་དང་། ཆུ་རླུང་གིས་རྒྱ་མཚོ་རླབས་འཆོལ་པའི་སྒྲ་དང་། མེ་རླུང་གིས་ནགས་མེས་འཚིག་པ་ལྟ་བུ་དང་། རླུང་གི་རླུང་གིས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲས་དངངས་ཏེ་བྲོས་པ་དང་། སྣང་བ་གསུམ་གྱིས་དཀར་དམར་ནག་པོའི་གཅོང་གཡང་གང་རུང་ལ་ལྷུང་བ་དང་། འོད་དཀར་པོ་ལྷ། དམར་པོ་མི། སེར་པོ་དུད་འགྲོ། སྔོ་བ་ཡི་དྭགས། ནག་པོ་དམྱལ་བའི་ལམ་སྟེ། འོད་ལམ་དེ་དག་ཏུ་ཕྱིན་པ་དང་། འདི་ལ་འོད་ལམ་ཡིན་པའི་རྒྱུན་མཚན་གྱིས་རྣམ་བྱང་གི་ལམ་ཞེས་བཏགས་སོ། །འོད་དང་ཐིག་ལེ་ཐིག་ཕྲན་གྱི་དབུས་ནས་ཁྲོ་བོ་ལ་སོགས་པས་རྒྱོབ་ཅིག་སོད་ཅིག་པའི་སྒྲས་བྲེད་དེ་བྲོས་པ་ལ་སོགས་སྐྱེ་བའི་རྒྱུ་རྐྱེན་རྙེད་ནས་འགྲོ་བ་ལྔ་པོ་གང་ཡང་རུང་བར་ཉིང་མཚམས་སྦྱོར་བར་བྱེད་དོ། །གཞལ་མེད་ཀྱི་ཁང་མཆོག་ཏུ་ཕྱིན་པ་དང་། ལྷའི་བུ་འདོད་པ་སྤྱོད་པ་མཐོང་ན་ལྷའི་གནས་སུ་སྐྱེ་བ་དང་། མིའི་ཕ་མ་སྦྱོར་བ་བྱེད་པའམ། ཁང་བཟང་ཉམས་དགའ་བ་འཛམ་བུའི་གླིང་པ། ངང་པས་བརྒྱན་པའི་མཚོ་ཤར་གླིང་། ཁྱུ་མཆོག་གིས་བརྒྱན་པའི་མཚོ་ནུབ་གླིང་། རྟས་བརྒྱན་པ་བྱང་གླིང་དུ། ཕུག་པ་དང་། གྲོག་པོ་དང་། སྡོང་དུམ་ལ་སོགས་པར་སྐྱབས་ན་དུད་འགྲོ་དང་ཡི་དྭགས། སྲོག་གཅོད་པའི་གཤེད་མས་བཙོན་བཞིན་དུ་ཁྲིད་པ་དང་། ལྕགས་ཀྱི་ཁང་པ་མེ་རབ་ཏུ་འབར་བར་ཚུད་པ་དམྱལ་བ། རྫུས་སྐྱེས་གནས། དྲོད་གཤེར་དྲི་རོ། སྒོང་སྐྱེས་དང་མངལ་སྐྱེས་ཕ་མ་ལ་སྲེད་པས་སོ། །དུས་དེར་མངལ་སྒོ་ངན་པ་དགག་པ་དང་། བཟང་པོ་བདམས་པ་དང་། མངོན་པར་དགའ་བའི་འཕོ་བ་གསུམ། དང་པོ་ལ། འཇུག་བྱེད་གང་ཟག་དང་། འཇུག་བྱ་ཡུལ་དགག་པ་གཉིས་ལས། དང་པོ་ནི། རང་ཉིད་ཡི་དམ་གྱི་ལྷའི་སྐུར་ཝལ་གྱིས་བསྒོམ། དེའི་ཅིའི་ངོ་བོར་ཡང་མ་གྲུབ་པར་བསམ་པས་ཁེགས་སོ། །གཉིས་པ་ལ་ལྔ་ལས། བླ་མ་ཡབ་ཡུམ་དུ་ཤེས་པས་དགག་པ་ནི། ཕ་མ་དེ་གཉིས་བླ་མ་ཡབ་ཡུམ་གཉིས་སུ་བསྒོམས་ལ་ཕྱག་འཚལ། མཆོད་པ་འབུལ། དམ་ཆོས་ཞུ་སྙམ་དུ་བསམ། དེ་ནས་བླ་མ་ཡབ་ཡུམ་ཅིའི་ངོ་བོར་ཡང་མ་གྲུབ་པར་བསྒོམ་པ་དེས་ཁེགས་སོ། །ཡི་དམ་ཡབ་ཡུམ་དུ་ཤེས་པས་དགག་པ་ནི། ཕ་མ་གཉིས་ཡི་དམ་ཡབ་ཡུམ་དུ་ཤེས་པ་བཞིན་ནོ། ཆགས་སྡང་བཟློག་པས་དགག་པ་ནི། ཆགས་སྡང་གཉིས་པོའི་རྐྱེན་གྱིས་འཁོར་བར་འཁྱམས། ཆགས་སྡང་གཉིས་བཟློག་ན་འཁོར་བའང་བཟློག་པས། ཆགས་སྡང་ནི་རང་སེམས་ཀྱི་ཆོ་འཕྲུལ། རྣམ་རྟོགས་བག་ཆགས་ཀྱི་གཟུགས་བརྙན། རང་སྣང་འཁྲུལ་པའི་རི་མོ་ངོ་བོ་ཡིན། སེམས་ཉིད་བརྗོད་བྲལ་ཆོས་ཀྱི་སྐུ་ཡིན་སྙམ་དུ་བསམ་པས་སོ། །སྒྱུ་མར་ཤེས་པས་དགག་པ་ནི། ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུ་ཡིན་པས་རང་གི་སེམས་སྣང་། སེམས་ཡང་བདེན་མིན་རྫུན་མིན་སྒྱུ་མ་ལྟ་བུ་ཡིན་སྙམ་པས་སོ། །འོད་གསལ་ཤེས་པས་དགག་པ་ནི། ཆོས་ཐམས་ཅད་ནི་རང་གི་སེམས། རང་སེམས་ནི་ཅིར་ཡང་མ་གྲུབ་པས། དང་པོར་སྐྱེ་བ་བར་དུ་གནས་པ། ཐ་མར་དགག་པ་ཅི་ཞིག་ཡོད་ཅེས་ཆུ་ལ་ཆུ་བཞག་པ་བཞིན་སེམས་ལ་སེམས་ཉིད་བཞག་པས་སོ། །དེ་རྣམས་ཀྱིས་བདུན་ཕྲག་དང་པོ་ལ་ཁེགས་ན་ཕྱི་མ་ལ་ཚེགས་མེད་དོ། །ཁེགས་ན་བར་དོ་གཉིས་པ་ཇི་ལྟ་བ་བཞིན་སྦྱང་ངོ་། །གཉིས་པ་ནི། གལ་ཏེ་མི་ཁེགས་ན་བདེ་བ་ཅན་ལ་སོགས་པའི་ཞིང་དག་པའམ། རྒྱལ་རིགས་ལ་སོགས་པའི་རིགས་མཆོག་གང་དང་གང་འདོད་པ་དེར་འདུན་པ་གཏང་ངོ་། གསུམ་པ་ནི། རང་ཉིད་ཡི་དམ་གྱི་ལྷ་གར་སྐྱེ་བར་འདོད་པའི་ས་ན། གཞི་ཨར་མོ་ནིག་གི་རྡོ་ལེབ་མནན་ན་ནེམ་བྱེད་ཅིང་བཏེག་ན་འཕར་གྱིས་འགྱུར་བ་གཉེན་ཞིང་འཇམ་པའི་སྟེང་དུ་ཕ་མ་ཡི་དམ་ཡབ་ཡུམ་དུ་བསམས་ནས། དེའི་དྲུང་དུ་ཡིད་གཏད་དེ་འཕོས་པས་སྤྲུལ་སྐུའི་ཞིང་གང་འདོད་པ་དེར་སྐྱེ་བར་འགྱུར་ཏེ་ཕྱི་མ་ལ་ལམ་ལྷག་མ་སྦྱོང་ངོ་། །བར་དོ་ངོས་ཟིན་པའི་རྒྱུའང་རྒྱུ་མཚན་རྣམ་པ་གསུམ་སྟེ། གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས་དང་། རིག་པ་རྟེན་དང་བྲལ་བ་སེམས་ཉིད་གསལ་ཞིང་ཤེས་པ་སྟོང་འགྱུར་གྱིས་བསྒྱུར་སླ་བ་དང་། གདམ་ངག་གི་ཆེ་བས་སོ། །དྲུག་པ་ནི་གལ་ཏེ་བར་དོའི་གདམ་ངག་གིས་ལམ་ཆོད་པར་མི་འགྱུར་ན། སྨོན་ལམ་གྱིས་མཚམས་སྦྱར་བས་སྐྱེ་བ་བཅུ་དྲུག་ཚུན་ལ་ཅི་འདོད་པའི་ལུས་བླངས་ཏེ་གྲོལ་བར་འགྱུར་རོ། །བར་དོའི་གནས་སྐབས་ཀྱི་ཡོན་ཏན་ནི། བར་དོ་ཤེས་པར་འགྱུར་བ་དང་། བར་དོའི་འཇིགས་སྐྲག་མེད་པ་དང་། ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པ་དང་། མངལ་གྱི་སྒོ་ཁེགས་པ་དང་། ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་དང་། ལམ་མ་རྫོགས་པ་རྫོགས་པར་འགྱུར་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། འཚང་མི་རྒྱ་ནའང་རང་དབང་ཡོད་པར་ལུས་ལེན་པའོ།། །། བདུན་པ་འཕོ་བ་ལམ་གྱི་སྐྱེལ་མ་ལ། གཞུང་ཆིངས་སུ་བཤད་པ་དང་། མན་ངག་སྨར་ཁྲིད་དུ་བསྟན་པ་གཉིས་ལས། དང་པོ་ནི། འཕོ་བའི་བྱེ་བྲག་ཤིན་ཏུ་མང་། །སྦྱངས་ཏེ་འཕོ་དང་ཏིང་འཛིན་དང་། སྲོག་དང་རྩོལ་བས་འཕོ་བ་དང་། །རྣམ་ཤེས་བླ་མར་འཕོ་བ་དང་། །བཙན་ཐབས་དག་ཏུ་འཕོ་བ་དང་། །སྤྲོས་མེད་ཆོས་སྐུའི་འཕོ་བ་དང་། །སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང་། །ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང་། །སྤྲུལ་པ་སྐུ་ཡི་འཕོ་བ་དང་། །ཡིད་འོང་ཌཱ་ཀིའི་འཕོ་བའོ། །ཞེས་པས་འཕོ་བའི་རྣམ་གྲངས་རྣམ་པར་འབྱེད་པའོ། །དེ་དག་ཐམས་ཅད་རོ་གཅིག་པར། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །པུས་མོ་བསྐོར་ཞིང་སེ་གོལ་བརྡབ། །བརྒྱ་དང་རྩ་བརྒྱད་ཟིན་པའི་ཚད། །སྙིང་གར་ཟིན་ནས་ལྐོག་མར་གཟུང་། །དབུགས་ནི་ངལ་བར་གྱུར་པ་ན། །སྣ་སྒོར་ཆ་མཉམ་ངལ་བསོ་བྱ། །རང་འདོད་དབུ་མར་ཟིན་པ་ན། །བདེ་བའི་འཁོར་ལོར་དྲང་བྱ་སྟེ། །བུམ་པ་སྔོན་དུ་བརྩམས་ནས་ནི། །ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །གཞུང་ཚིག་ནང་ཡར་པདྨ་ཡི། །འཁོར་ལོ་ཉི་ཤུ་རྩ་གཅིག་བསམ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ །ཡར་བཟློག་མར་བཟློག་ས་བོན་གྱི། །སྦྱང་བ་ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་པ་བདེ་བ་ཅན་དུ་གཏད། །ཅེས་པས་འཕོ་བའི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་བཤད་དོ། །དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཞེས་པས། བཟློག་ཏུ་མེད་པའམ་ལྟས་མ་བྱུང་བར་དུས་མིན་དུ་འཕོ་ན་ལྷ་བསད་པའི་ལྟུང་བ་ཕོག་པའི་ཕྱིར་ཕྱི་ནང་གསང་བའི་འཆི་ལྟས་བརྟག་པ་ནཱ་རོ་ཆོས་ཀྱི་སྤྱན་ཅན་གྱིས་མཛད་པ་ལས་སོ། །འཆི་བ་བླུ་བའི་ཆོ་ག་ནི་རྗེ་བཙུན་མར་མིས་སཱ་ཡ་ནར་བཤད་པ་བཞིན་དང་། །རྡོ་རྗེའི་བཟླས་པ། བུམ་པ་ཅན། ཐིག་ལེ་གོ་བཟློག་ཏུ་གནོན་པ་ཙམ་ལས་མི་གསུང་ལ། ཏི་པུ་དང་རས་ཆུང་། གྲུབ་པའི་རྒྱལ་མོ་ལས་བརྒྱུད་པའི་གདམ་ངག་ཟབ་པ་འགའ་ཞིག་ཀྱང་འདི་ལ་སྣོན་པར་མཛད་དོ། རིམས་ལ་སོགས་པ་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་པས། །ཞེས་པས་འཕོ་པའི་དུས་བསྟན་ཏོ། །འཆི་བའི་དུས་ལ་བབ་པ་ན། །མཚན་མ་ཤེས་པར་བྱ་བ་སྟེ། །ལམ་བཟང་པོ་ལ་ཡིད་འོང་གནས། །ལམ་ངན་གྱིས་ནི་སྲིད་པ་སྐྱོན། །ཐིག་ལེ་ལྟེ་བ་སྟེང་དང་ནི། མིག་སྣ་སྲིད་སྒོ་རྣ་བ་དང་། །ཆུ་དང་ཆུ་མིན་སྒོ་མཚན་ཉིད། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཐིག་ལེའི་གཟུགས་ཅན་མཐོ་རིས་ཏེ། །སྟེང་ནས་འགྲོ་བ་སྟེང་གི་ནི། །འགྲོ་བ་དག་ཏུ་རབ་ཏུ་བརྟག །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་གིས་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འཕོས། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དྭགས་དང་། །དེ་བཞིན་ཆུ་ལམ་དུད་འགྲོ་སྟེ། །ཆུ་མིན་གྱིས་ནི་དམྱལ་བ་བརྒྱད། །འདི་ལྟའི་སྒོ་ཡི་ཁྱད་པར་ལས། །འཁོར་བའི་བྱེ་བྲག་ཏུ་འགྱུར་བས། །ཚངས་པའི་གནས་ནས་འཕོ་བར་བྱ། །ཞེས་པས་སྒོ་སོ་སོ་མཚན་ཉིད་བསྟན་པས་འཁོར་བར་སྐྱེ་བའི་སྒོ་བཅད། ཐར་པར་འཕེན་པའི་སྒོ་འབྱེད་དགོས་པར་བསྟན་པའོ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་དང་འདོད་པས་ལོག་སྤྱོད་རྣམས། །འདི་ཡི་ལམ་གྱིས་ཁེགས་པར་འགྱུར། །སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོ་རིང་བར་འགྱུར། །ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨའི་འདབ་ནི་མཛེས་པར་འགྱུར། །དེ་བཞིན་འདམ་འདྲའི་ལུས་དག་ལས། །ཡེ་ཤེས་སྐུ་ནི་རང་གར་འབྱུང་། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །རྡོ་རྗེའི་བསྒྲུབ་པ་རིང་བར་འགྱུར། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །སྦྱངས་ནས་ཕ་རོལ་བརྒལ་བར་འགྱུར། །མཚན་མོ་ཟླ་བ་མེད་པ་ཡི། །ཉིན་མོ་ཟླ་བ་ཇི་ལྟར་སྣང་། །རྣམ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡི་མཆོད་པ་ཡིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་པས་འཕོ་བའི་འབྲས་བུ་བཤད་ཅིང་། ཐུན་མོང་བའི་ཡོན་ཏན། འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། རྐང་པ་དང་ལག་པ་མི་གཡོབ་པ་དང་། བཤང་གཅི་མི་འབྱུང་བ་དང་། མིག་མི་བཟློག་པ་དང་། དབུགས་ངར་ངར་པོ་མི་འབྱུང་བ་དང་། སྙིང་གར་རྔུལ་མི་འབྱུང་བ་དང་། །ཁུ་ཚུར་མི་བཅང་བ་དང་། ནམ་མཁའ་ལ་མི་རྨྱང་བ་དང་། ཇི་ལྟར་འདུག་པ་དེ་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བའོ། །གཉིས་པ་ལ། དབང་པོ་ཐ་མ་བསྐྱེད་རིམ་དུ་འཕོ་བ། འབྲིང་སྒྱུ་ལུས་སུ་འཕོ་བ། རབ་འོད་གསལ་དུ་འཕོ་བ་གསུམ་ལས། །དང་པོ་ནི། སྦྱངས་ཏེ་འཕོ་བ། ཏིང་ངེ་འཛིན་གྱིས་འཕོ་བ། སྲོག་རླུང་གིས་འཕོ་བ། རྩོལ་བའི་རླུང་གིས་འཕོ་བ། རྣམ་ཤེས་བླ་མར་འཕོ་བ། བཙན་ཐབས་ཀྱིས་འཕོ་བ་དྲུག་ལས། དང་པོ་ལ། ཨ་ཡིག་ཉེར་གཅིག་མའི་འཕོ་བ། འཁྲུལ་འཁོར་དྲུག་གིས་འཕོ་བ། ཡི་གེ་གསུམ་གྱིས་འཕོ་བ་དང་གསུམ་ལས། །དང་པོ་ལ། ལྷ་བསྒོམ་པ་དང་། སེམས་བསྐྱེད་ཅིང་གསོལ་བ་བཏབ་པ་དང་། སྦྱང་བ་དང་འཕོ་བ་དངོས་སོ། །དང་པོ་ནི། རང་ཉིད་ཡེ་ཤེས་དབང་ཕྱུག་མ་དཀར་མོ་ཞལ་གཅིག་ཅུང་ཟད་ཁྲོ་བའི་ཉམས་ཅན། ཕྱག་གཉིས་ཐོད་པ་དང་ཁ་ཊྶཱཾ་ག་བསྣམས་ནས་སེམས་དཔའི་སྐྱིལ་ཀྲུང་གིས་ཟླ་བ་ལ་བཞུགས་པའི་མིག་གཉིས་སུ་ཧཱུྃ་སེར་པོ། ལྕེ་ཆུང་དུ་སུམ་དཀར་པོ། སྤྱི་བོར་ཀྵུཾ་དམར་པོ། སྣ་བུག་གཉིས་དང་རྣ་བ་གཉིས་སུ་ཡུམ་སྔོན་པོ། མགྲིན་པར་སམརཡུཾ། དཔུང་པར་ཧམརཡུཾ། སྙིང་གར་ཡམརཡུཾ། ལྟེ་བར་ཀྵམརཡུཾ། ཆུ་ལམ་དུ་ཧཱུྃ། འོག་སྒོར་ཀྵུཾ། མཁལ་ཁུང་གཉིས། མཆན་འོག་གཉིས། རྐང་མཐིལ་གཉིས་རྣམས་སུ་ཡུམ་སྔོན་པོ། སྙིང་གར་པདྨ་འདབ་བརྒྱད་དབུས་སུ་ཧཱུྃ་ཡུམ་བཞིས་བསྐོར་བ་སྔོན་པོ། ཐམས་ཅད་རྣམ་པ་ཡི་གེ ངོ་བོ་གདན་བཞིའི་ལྷ་མོ། ལྟེ་བ་ནས་སྤྱི་བོའི་བར་དུ་པདྨ་འདབ་བརྒྱད་དམར་པོ་ཉེར་གཅིག་དོང་རྩེ་ལྟར་བརྩེགས་པ། ལྟེ་བའི་པདྨའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཨ་དང་། ཚངས་པའི་བུ་གར་ཀྵུཾ་གཉིས་དཀར་པོ། དེ་གཉིས་འོད་ཀྱི་བ་ཐག་ལྟ་བུས་སྦྲེལ་བ་པདྨའི་དཀྱིལ་ན་དཀར་བྲེང་ངེ་བསམ། གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་འཆང་ཐོབ་པར་བྱ། དེའི་ཕྱིར་འཕོ་བའི་རྣལ་འབྱོར་བསྒོམ་སྙམ་པས། བླ་མ་ཡི་དམ་གྱི་རྣམ་པར་སྤྱི་བོར་བསྒོམ། འཕོ་བ་འབྱོངས་པའི་གསོལ་བ་བཏབ། གསུམ་པ་ནི། དེ་ནས་ལུས་ཆོས་བདུན་ཚང་བ། རླུང་བུམ་པ་ཅན་རབ་འབྲིང་ཐ་མ་གང་ཐུབ་པ་གཟུང་སྟེ། ཧི་ཀ་ཞེས་ང་རོ་དྲག་ཏུ་བརྗོད་པས་ཨ་དེ་ཐག་པ་འཐེན་པ་བཞིན་པདྨའི་སྟེང་ནས་སྟེང་དུ་ཕྱིན་པས་ཉི་ཤུ་རྩ་གཅིག་གིས་སྤྱི་བོའི་པདྨའི་བར་དུ་ཀྵུཾ་གྱིས་ཁྲོན་པ་ནས་ཆུ་འདྲེན་པ་ལྟར་འཐེན། དེ་དུས་ལུས་ཀྱང་སྦྱོར་བ་དྲུག་ལྡན། ཡང་ཀ་ཧིཀ་ཞེས་བརྗོད་པས་ཐག་པ་ཐུར་དུ་བརྐྱང་པ་ལྟར་པདྨ་རེ་རེའི་ནང་དུ་བབས་ནས་ལྟེ་བར་སླེབ་པར་བསམ། ལུས་སྔ་མ་བཞིན་ཡང་ནས་ཡང་དུ་སྦྱངས་པས་སྤྱི་བོ་འབུར་གྱིས་མངོན་པ་འབྱུང་སྟེ་འབྱོངས་བའོ། །བཞི་པ་ནི། འཆི་དུས་སུ་ཀ་ཆ་ཐམས་ཅད་སྤོང་དག་ཏུ་གཏང་། གང་ལའང་མ་ཞེན་པས་བླ་མ་སྙིང་གར་བསྒོམ། གསོལ་བ་བཏབ། བདེ་བ་ཅན་ལ་སོགས་པ་གང་འདོད་དུ་སྐྱེ་བའི་འདུན་པ་བག་ཆགས་འཇོག་ནུས་སུ་གཏང་། གཞན་འདྲ་བ་ལ། སྤྱི་བོའི་ཀྵུཾ་དེ་བསལ་ནས་བུག་པ་དཀར་དང་ངེ་། རང་གི་མདུན་གྱི་ནམ་མཁར་ཡི་དམ་ལྷ་གསལ་བཏབ། ཧི་ཀ་ཉི་ཤུ་རྩ་གཅིག་གིས་ཐ་མར་པདྨའི་སྐུད་པ་ཆད་ནས་སྤྱི་བོ་ནས་ཡར་ལ་ཝལ་གྱིས་སོང་བ་ལ་ཨ་དེ་འཇུས་ནས་ཡི་དམ་གྱི་ཐུགས་ཀར་ཐིམ་པར་བསམ་མོ། དེས་གང་འདུན་པ་བཏང་བའི་ཞིང་དེར་སྐྱེ་བར་འགྱུར་རོ། །གཉིས་པ་འཁྲུལ་འཁོར་དྲུག་གིས་འཕོ་བ་ལ། ཉེ་བ་འཕྲང་སྒུག་པའི་ཡན་ལག་ལྷ་དང་བླ་མ་ལ་གསོལ་བ་བཏབ་པས་བར་ཆད་མི་འབྱུང་བའི་ཡན་ལག སྨོན་ལམ་བཏབ་པས་དམན་པར་མི་ལྟུང་བའི་ཡན་ལག སྒོ་བཅད་པས་གོལ་སར་མི་འགྱུར་བའི་ཡན་ལག རིགས་དྲུག་གི་ས་བོན་བསྲེགས་པས་བག་ཆགས་སྦྱོང་པའི་ཡན་ལག ཤེས་པ་གང་འདོད་ཀྱི་གནས་སུ་བསྐྱལ་བས་ལུས་སེམས་འཕྲལ་བའི་ཡན་ལག གང་ལའང་མ་ཆགས་པས་ཁམས་གསུམ་འཁོར་བར་མི་སྐྱེ་བའི་ཡན་ལག་བདུན་ལས། །དང་པོ་དབུ་མ་སྦྱངས་ནས་འཆི་བའི་དུས་བསྒུགས་ཏེ། དེ་དུས་ཤེས་པ་དེར་གཏད་པ་ཙམ་གྱིས་དབུ་མ་ཚངས་པའི་བུ་གར་དེངས་པ་དེ་ནས་འཕོ་བ་ཡིན་ནོ། །གཉིས་པ་ལུས་གནད་སྔར་བཞིན། རང་ཡི་དམ་དུ་གསལ་བའི་སྤྱི་བོར་ཁྲུ་གང་གི་མཐོ་བར་བླ་མ་བསྒོམས་ནས་གསོལ་བ་གདབ་བོ། །གསུམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འཕོ་བ་བསྒོམ་སྙམ་པ་བྱའོ། །བཞི་པ་རང་ཉིད་བདེ་མཆོག་གམ་ཕག་མོར་གསལ་བའི་སྒོ་བརྒྱད་ཀྱི་བུ་ག་ཁྭ་གདོང་མ་ལ་སོགས་པ་རྣམ་པ་ཧཱུྃ་དུ་སྣང་བས་བཀག་གོ །ལྔ་པ་སྤྱི་བོ་ཚངས་བུག་ནས་གསང་བའི་རྡོ་རྗེ་བར་ཨ་བ་དྷཱུ་ཏཱི་དམར་སང་ངེ་བའི་ནང་གི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་སུ་ལྗང་ཁུ། སྙིང་གར་མིའི་ནྲི་སྔོན་པོ། ལྟེ་བར་ཡི་དྭགས་ཀྱི་པྲེ་དམར་སེར། ཆུ་ལམ་དུ་དུད་འགྲོའི་ཏྲེ་སྐྱ་བོ། གསང་གནས་སུ་དམྱལ་བའི་དུཿནག་པོ། སྟེང་རླུང་མནན་དུས་སྙིང་ག་ནས་རྣམ་པར་ཤེས་པ་ཧཱུྃ་དུ་ཆད་དེ་གསང་གནས་ཀྱི་དུཿཡིག་གི་འོག་ཏུ་སླེབ། ཞབས་ཀྱུ་དང་ནཱ་ད་ཐིག་ལེ་ཧ་ལ་ཐིམ། འོག་རླུང་ཧིཀ་དྲག་པོས་གྱེན་ལ་འཐེན་དུས་ཧ་དེ་གསང་བ་ན་གནས་པའི་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས། དེ་ལས་མེ་འབར། དམྱལ་བའི་ས་བོན་དུཿབསྲེགས། ཧཱུྃ་སྔོན་པོར་གནས་གྱུར། ཞེ་སྡང་མེ་ལོང་ཡེ་ཤེས། རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པ། ཆུ་མཱ་མ་ཀཱིར་རྣམ་པར་དག་པར་བསམ་མོ། དེ་ནས་ཧ་རླུང་གིས་སྟེང་དུ་ཕུལ་བས་ཆུ་ལམ་གྱི་དུད་འགྲོའི་བོན་ཏྲེ་བསྲེགས། ཨོཾ་དཀར་པོར་གནས་གྱུར། གཏི་མུག་ཆོས་དབྱིངས་ཡེ་ཤེས། གཟུགས་ཕུང་རྣམ་སྣང་། ས་སངས་རྒྱས་སྤྱན་དུའོ། དེ་ནས་ཡང་ལྟེ་བར་འཕུལ་བས་ཡི་དྭགས་ཀྱི་ས་བོན་པྲེ་བསྲེགས། སྲཱིཿདམར་པོར་གནས་གྱུར། འདོད་ཆགས་སོར་རྟོག འདུ་ཤེས་འོད་དཔག་མེད། མེ་གོས་དཀར་མོར་རོ། །དེ་ནས་སྙིང་གར་འཕུལ། མིའི་ས་བོན་ནྲི་བསྲེགས། ཨ་སེར་པོར་གནས་གྱུར། ང་རྒྱལ་མཉམ་ཉིད་ཚོར་ཕུང་རིན་འབྱུང་། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མར་རོ། །དེ་ནས་མགྲིན་པར་འཕུལ། ལྷ་མིན་གྱིས་ས་བོན་སུ་བསྲེགས། ཁཾ་ལྗང་གུར་གནས་གྱུར། ཕྲག་དོག་བྱ་གྲུབ། འདུ་བྱེད་དོན་གྲུབ། རླུང་དམ་ཚིག་སྒྲོལ་མར་རོ། །དེ་ནས་སྤྱི་བོར་འཕུལ། ལྷའི་ས་བོན་ཨ་བསྲེགས། ཧཱུྃ་དཀར་པོར་གནས་གྱུར། ཉོན་མོངས་པ་ལྔ་ཡེ་ཤེས་ལྔ། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། སྐྱེ་མཆེད་སེམས་དཔའ་སེམས་མ། ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་རྣམ་པར་དག་པར་བསམ་མོ། དྲུག་པ་ཧ་དེ་ཉིད་ཚངས་པའི་བུ་ག་ནས་ཐོན་ཏེ་ཧཱུྃ་དུ་སོང་། དེ་རྡོ་རྗེ་ཕག་མོར་གྱུར། སྦྱངས་བའི་ཚེ་ཀ་ཞེས་བརྗོད་པས་ཕག་མོ་དེ་མཁར་ཁ་ནས་མདའ་འཕངས་པ་བཞིན་སྤྱི་བོ་ནས་སྙིང་གར་བབས། སླར་ཧཱུྃ་དུ་སོང་། ཡང་སྔ་མ་བཞིན་དུ་བསམས་ལ་རང་ས་བོན་ཤས་གང་ཆེ་ཆེ་ལ་སྲེག་པའི་ནན་ཏན་བསྐྱེད་དགོས་པ་སྟེ། དེ་ཡང་ལྷའི་ས་བོན་ཤས་ཆེ་ན་གླུ་གར་རྩེད་འཇོ་ལ་དགའ། ལྷ་མིན་འཐབ་རྩོད་ལ་དགའ། མི་ཆོས་བརྒྱད་དང་རྣམ་གཞག་ལ་དགའ། ཡི་དྭགས་ཟས་ལ་གདུང་ཞིང་སྲེད། བྱོལ་སོང་གཉིད་ཆེ་ཤེས་པ་བླུན། དམྱལ་བ་ན་ཚ་མང་བ་དང་ཚིག་པ་ཟ་ཁོང་ཁྲོ་བའོ། །དེ་རྣམ་ཤས་གང་ཆེ་ཆེ་བསྲེགས་པས་མཉམ་དམས་པས་རྟགས་ནི། སྙིང་དགའ་ཞིང་ཚིག་པ་མི་ཟ་ན་ཚ་ཉུང་། །ཤེས་པ་གསལ། ཟས་སྐོམ་འདུ་ཤེས་ཆུང་། འཐབ་རྩོད་ལ་མི་དགའ། ཆོས་བརྒྱད་ཆུང་། གླུ་གར་ལ་སོགས་པ་ལ་སྔར་བས་མི་དགར་འགྲོ །ལས་ལ་སྦྱར་བའི་ཚེ་གཞན་འདྲ་བ་ལ་གསང་གནས་ཀྱི་ཧཱུྃ་ཡིག་ཧ་ལ་ཐིམ། གཞན་སྔར་བཞིན། ཧ་ཧཱུྃ། ཧཱུྃ་དེ་ཕག་མོ། དེ་ཉིད་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའི་ལྷ་ཚོགས་ཀྱིས་དབང་བསྐུར་ཞིང་མཆོད་པའི་ཚོགས་དུ་མས་མཆོད་བཞིན་པས་འོག་མིན་དུ་མེ་ཏོག་གི་ཆར་ཕབ་ནས་ཁྲིད་པར་བསམ་མོ། །འདུན་པ་སྦྱང་བ་དང་ལས་ལ་སྦྱར་བའི་དུས་ཐམས་ཅད་དུ་ཚེ་འདིའི་ཆགས་སྡང་ཞེན་པའི་འཁྲི་བ་ཀུན་བཅད་ནས་མཐར་བསམ་དུ་མེད་པའི་ངང་ལ་བཞག་གོ །གསུམ་པ་ཡི་གེ་གསུམ་གྱིས་འཕོ་བ་ལ། འཕོ་བ་སྦྱང་བ། འབྱོངས་པའི་ཚད། དངོས་སུ་འཕོ་བའི་ཐབས་སོ། །དང་པོ་ནི། བྱམས་སྙིང་རྗེ་ལ་སོགས་པ་སྔོན་དུ་སོང་བས། བདག་ཉིད་སྟན་བདེ་བ་ལ་ལུས་ཆོས་བདུན་ཚང་བ། རང་ཉིད་སྐ་ཅིག་གིས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའམ་བདག་མེད་མའི་སྐུ་སྒྱུ་མ་ཙམ་དུ་ཝལ་གྱིས་བསྐྱེད། དེ་ནས་རང་གི་ལུས་ཁོང་སྟོང་དུ་ཡོད་པའི་ལྟེ་བར་ཨ་དམར་པོ། སྙིང་གར་ཧཱུྃ་མཐིང་ནག སྤྱི་བོར་ཀྵ་དཀར་པོ་བསམ་སྟེ། འོག་རླུང་བསྡམས་ལ་ལྟེ་བ་ནས་ཡར་འཐེན། སྟེང་རླུང་བརྔུབས་ཏེ་མར་མནན་པས་རང་གི་ཤེས་པའི་ངོ་བོ་ལྟེ་བ་ན་ཡི་གེ་ཨའི་རྣམ་པར་གནས་པའི་དེ་ལས་ཀྱི་རླུང་གིས་ཡར་ཡར་འཕུལ་ནས་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཡར་ཡར་བྱུང་བས་ཀླད་པའི་སྟེང་རུས་པའི་འོག་ན་ཚངས་པའི་བུ་ག་ཡི་གེ་ཀྵ་དཀར་པོས་བཀག་ནས་ཡོད་པར་འཕུལ་བས་ལྡེག་ལྡེག་གུལ་གུལ་བྱེད་པར་བསྒོམ་མོ། དེ་ནས་རླུང་མ་ཐུབ་ན་ཚངས་པའི་བུ་ག་ཀྵས་ཁྲིག་གེ་བཀག་ནས་ཧཱུྃ་དེ་མར་ཡིད་ཀྱིས་ཕབ་ལ་སྙིང་གར་བཞག ཧཱུྃ་ལས་ཨ་གཅིག་བྱུང་མར་ཕབ་ལ་ལྟེ་བར་བཞག དེ་ནས་རླུང་སྣ་བུག་ན་ཕར་བསྲིས་ལ་གཏང་ངོ་། དེ་ཉིན་ཞག་ཕྲུག་རེ་ལ་ལན་རེ་སྦྱང་། མང་ན་ཚེ་ལ་གནོད་དོ། །གཉིས་པ་ནི། སྤྱི་བོར་ཐིགས་པ་བརྒྱབ་པ་སྙམ་བྱེད་པ་དང་། ཟ་ཞིང་གཡའ་ནས་ཕྲུག་སྙིང་འདོད་པ་དང་། ཤུ་བ་འོང་ཞིང་ཆུ་སེར་འཛག་པའོ། །རྟགས་རྣམས་མ་བྱུང་བར་འཕོ་བ་སྦྱོང་བར་བཤད་ཀྱང་། ནམ་ཤི་ཤི་འཕོ་བ་སྦྱོང་དགོས་གསུངས་སོ། །གསུམ་པ་ནི་ཕྱི་ནང་གསང་གསུམ་གྱི་འཆི་རྟགས་ངེས་པར་བྱུང་ཞིང་འཆི་བླུས་ཀྱང་མ་བཟློག་ན་འཕོ་བ་བྱ་སྟེ། འཕོ་ཙ་ན་ལུས་པོ་ཙོག་པུར་བྱས་ཏེ་མཐེབ་ཆེན་ནང་དུ་བསྐུམ་ནས་ལག་པ་གཉིས་ཁུ་ཚུར་བཅང་རྐེད་པ་ཅུང་ཟད་ཉག་བྱ། གྲུ་མོ་གཉིས་ཀྱིས་རྩིབ་ལོགས་གཉིས་ཅུང་ཟད་མནན་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས། རང་སྐད་ཅིག་གིས་ཡི་དམ་གྱི་ལྷ་སྒྱུ་མ་ཙམ་དུ་ཝལ་གྱིས་བསྒོམ། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་སྤྱི་བོའི་ཐད་ཀྱི་སོར་བཞིའམ་གསུམ་ཙམ་གྱི་ནམ་མཁའ་ལ་བཞུགས་པར་བསམ། སྤྱི་བོར་ཚངས་པའི་བུ་ག་ཀྵས་བཀག་པ་ཡིད་ཙམ་གསལ་ལ་སྐྱ་དང་ངེ་བཞག དེ་ནས་རང་གི་ལུས་ཁོང་སྟོང་དུ་ཡོད་པའི་ལྟེ་བར་ཨ། སྙིང་གར་ཧཱུྃ། སྤྱི་བོར་ཀྵ་བསམ་ལ། དེ་ནས་འོག་རླུང་འཐེན་ཏེ་སྟེང་རླུང་མར་མནན་ལ། ལྟེ་བ་ན་སེམས་ཀྱི་ངོ་བོ་ཡི་གེ་ཨའི་རྣམ་པར་གནས་པ་མས་ཀྱི་རླུང་གིས་ཡས་ལ་འཕུལ་བས་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ངག་ཏུ་ཧིཀ་དྲག་པོར་ལན་ཕོགས་ཉི་ཤུ་རྩ་ལྔ་བརྗོད་པས་ཡར་ཡར་སོང་ཚངས་བུག་ཏུ་སླེབ། ཐ་མ་ལ་ཚངས་བུག་གི་ཧཱུྃ་དེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྒྱང་སོང་བ་དང་དབུགས་ཁྲོག་གིས་འགྲོ་བ་གཉིས་དུས་མཉམ་དུ་བྱས་ཏེ་འཕོ་བའོ། ཧི་ཀ་ཉི་ཤུ་རྩ་ལྔ་བརྗོད་པ་དང་དབུགས་འགྲོ་བ་གཉིས་དུས་མ་མཚུངས་ན་དབུགས་ནམ་སོང་གི་བར་ལ་ཨ་ཧིཀ་བརྗོད་དོ། །གཉིས་པ་ཏིང་ངེ་འཛིན་གྱིས་འཕོ་བ་ལ། ལུས་ཀྱི་གནད། རླུང་གི་གནད། དམིགས་པའི་གནད་གསུམ་ལས། དང་པོ་རྐང་པ་རྡོར་སྐྱིལ། ལག་པ་གཉིས་བསྣོལ་བས་མཆན་རྩ་བསྡམ། མིག་གྱེན་དུ་སློག ཨོག་སྐོས་ཨོལ་མདུད་མནན། ལྕེ་ཡ་རྐན་ལ་གཏད། ལྟག་པ་གྱེན་དུ་འཐེན། རྣ་བ་སྲེང་བྱའོ། །གཉིས་པ་འོག་དྲག་ཏུ་གཅུན་པས་རླུང་གྱེན་དུ་འཐེན་ཕོ་བ་བཀང་། རྒྱ་མཚོ་རི་རབ་ལ་གཏད་དོ། །གསུམ་པ་རང་ལྷར་གསལ་བའི་སྤྱི་བོར་བླ་མ་བསྒོམ། གསོལ་བ་བཏབ། འདུན་པ་གཏད་དབུ་མ་གསང་གནས་ནས་སྤྱི་བོར་ཟུག་པའི་ལྟེ་བར་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་ཡཾ་གྱིས་མཚན་པ་དེའི་སྟེང་དུ་ཧི་མགོ་བོ་ཐུར་ལ་བསྟན་པ། དེའི་སྟེང་དུ་ཧཱུྃ་མགོ་བོ་གྱེན་བསྟན། དེའི་སྟེང་དུ་ཀི་མགོ་བོ་ཐུར་བསྟན། དེའི་སྟེང་དུ་ཡཾ་མགོ་གྱེན་བསྟན། ཚངས་བུག་གི་སྒོར་ཧཾ་མགོ་ཐུར་བསྟན་གྱིས་བཀག་པ། གནད་གསུམ་དྲག་ཏུ་བཅིང་། དེ་དུས་འོག་གི་ཡི་གེ་གདན་དང་བཅས་པ་ཚངས་བུག་གི་ཧཾ་ལ་ཕོག གློད་དུས་སྔར་བཞིན། སྦྱང་བའི་ཚེ། གེགས་བྱུང་ན་ཡི་གེ་གདན་བཅས་མགྲིན་པའམ། དེ་ལས་མཐོ་བར་སླེབ་ཚེ་ཧིཀ་ཞེས་རིང་བར་དྲངས་པས་ཧཾ་བསལ་སྤྱི་གཙུག་ཏུ་རིལ་གྱིས་གཏང་ནས་སྟེང་གི་ནམ་མཁར་ལ་ཨེན་རེ་བཞག སླར་ཧཾ་གིས་བཀག རབ་ཞག་གསུམ། འབྲིང་ལྔ། ཐ་མ་བདུན་ན་སྤྱི་གཙུག་མི་བརྡོལ་མི་སྲིད་དོ། །དེ་ནས་མཁའ་སྤྱོད་དུ་ནམ་འགྲོ་རང་དབང་ཆེ་བས་འཆི་བའི་ཐིམ་རིམ་ཟུག་པ་ཙམ་ནས་གཞན་འདྲ་ལ་ཧཾ་བསལ་ཏེ་ནམ་མཁར་འཕོའོ། །གསུམ་པ་སྲོག་རླུང་གིས་འཕོ་བ་ནི། རང་གི་སྟེང་རླུང་སྙིང་གར་ཧཾ་ཧཾ་ཞེས་པའི་སྒྲ་གྲག་བཞིན་པའི་ཐིག་ལེ་ཡུངས་འབྲུ་ཙམ་བསམས་པ་ལ་རླུང་སེམས་ཐུབ་ཚད་དུ་གཟུང་ངོ་། ངལ་ན་སྣ་རྩེ་ཚུན་སོང་བར་བསམས་ལ་རླུང་ཕྱིར་གཏང་ལ་ངལ་བསོ། ཡང་ནང་དུ་ཞུགས་ཏེ་སྔར་བཞིན། ཡང་ཡང་དུ་བསྒོམས་པས་རང་ལ་འབྱིན་སྡུད་ཀྱི་དབང་ཡོད་པ་སྙམ་ན། སྙིང་གའི་དེ་མགྲིན་པར་སྤོས་ནས་དེར་གཟུང་ངོ་། དེ་ལ་ཟིན་ནས་སྤྱི་བོར་སྤོས་ཏེ་སྦྱང་། དེ་ནས་ཚངས་པའི་བུ་ག་ནས་འཕང་བར་བྱའོ། བཞི་པ་རྩོལ་བས་འཕོ་བ་ནི། ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བར་ཡིད་ཆེས་པས། རང་གི་ལུས་ལྷར་བསྐྱེད། དེ་ནི་ལུས་ཀྱི་འཁྲུལ་འཁོར་གྱིས་གཅོད་པ། དེའི་རྗེས་ལ་ཡིད་ལྷ་དེ་ཁོ་ནར་མོས་པ་ཡིད་ཀྱི་འཁྲུལ་འཁོར་གྱིས་གཅོད་པ། དེ་ནས་ཉི་ཟླ་ཡོན་པོ་བཀག་པའི་གནད་ཀྱིས་སྟེང་རང་འགག འོག་འཐེན་པའི་དབུ་མར་འཇུག་གནས་ལྡང་བའི་བཟླས་པ་ངག་གི་འཁྲུལ་འཁོར་གྱིས་གཅོད་པ་ལྡང་བ་དེ་སྙིང་གར་སླེབ་ཙ་ན་ཤེས་པ་བདེ་བ་ཅན་དུ་གཏད། རང་གི་རྣམ་ཤེས་ལྡང་བ་ཧཱུྃ་གི་རང་བཞིན་དེ་ལ་བསྡུས་ཏེ་ལག་མགོ་གཉིས་ལྟག་པར་སྦྲེལ། མཐེ་བོང་གིས་ལྐོག་མ་གཡས་གཡོན་གྱི་སྙིང་རྩ་མནན་པས་སྙིང་གྱེན་ལ་བཟློག དེ་ནས་རྒྱབ་དབྱུག་པ་ལ་བཀན་ཏེ་ཨ་ཧིག་ཅེས་དྲག་ཏུ་བརྗོད་པ་ཁོ་ནས་འཕོ་བར་འགྱུར་རོ། ལྔ་པ་རྣམ་ཤེས་བླ་མར་འཕོ་བ་ལ་ཚུལ་གཉིས་ཏེ། དང་པོ་ལ་སྦྱང་བ་དང་ལས་ལ་སྦྱར་བ་གཉིས། སྦྱང་བ་ནི། སེམས་བསྐྱེད། རང་སྐད་ཅིག་གིས་ཡི་དམ་དུ་བསྒོམ། སྤྱི་བོ་ལས་ཁྲུ་གང་ཙམ་གྱིས་མཐོ་བར་ཉི་ཟླ་པདྨའི་གདན་ལ་རང་གི་རྩ་བའི་བླ་མ་སྐུ་བཟི་བརྗིད་དང་ལྡན་པ། ཞལ་འཛུམ་པ་དང་བཅས་པ། བདག་ལ་དགྱེས་བཞིན་དུ་བཞུགས་པར་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་གི་རྒྱུད་ལ་རྟོགས་པ་མཆོག་ཏུ་གྱུར་པ་བསྐྱེད་དུ་གསོལ། ཉམས་མྱོང་རྒྱུན་ཆད་མེད་པར་བརྟན་པར་མཛད་དུ་གསོལ། བདག་ཤི་བའི་དུས་འཆི་ངན་དུ་མི་འཆི་བར་བྱིན་གྱིས་བརླབ་ཏུ་གསོལ། གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ་ཡི་དམ་ལྷ་ཁང་པའི་ཚུལ། ཚངས་བུག་རྒྱ་མཐོངས་ཁ་ཕྱེ་བ། རིག་པ་ལྟེ་བའི་ཐད་ཀ་ན་ཡི་དམ་ཚོན་གང་བ་ལྟ་བུའམ་ཡི་གེ་ཨ་དཀར་པོ་གཅིག་ཏུ་བསམ། ལུས་ལོངས་སྤྱོད་ལ་སོགས་པ་ཚེ་འདི་ལ་མི་ཆགས་པའི་འདུ་ཤེས་བསྐྱེད་པ། བླ་མའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་རྟ་རྔ་ལྟ་བུ་ཞིག་བྱུང་ནས་ཚངས་བུག་ན་མར་ནར་གྱིས་སོང་། རྣམ་ཤེས་ལྟེ་བ་ན་ཨའི་རྣམ་པར་ཡོད་པ་དེ་ལ་འབྱར་བར་བསམ། བླ་མའི་ཞལ་ནས་ཧཱུྃ་གསུངས་བ་དང་ཁྲོན་པའི་དཔྱང་རྩེ་དྲངས་པ་ལྟར་ཨ་དེ་ཡར་སྙིང་གར་བྱུང་བར་བསམ། ཡང་ཧཱུྃ་གསུངས་པས་མགྲིན་པར་བྱུང་བར་བསམ། ཡང་ཧཱུྃ་གསུངས་པས་སྤྱི་བོར་བྱུང་། ཡང་ཧཱུྃ་གསུངས་པས་དབུགས་བརྔུབ་པ་དང་བཅས་པས་བླ་མའི་ཐུགས་ཀར་ཐིམ། བླ་མའི་ཐུགས་དང་རང་གི་སེམས་གཉིས་དབྱེར་མེད་གཅིག་ཏུ་འདྲེས་པར་བསྒོམས་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་མ་བཅོས་པར་བཞག་གོ །ཡང་ཧཱུྃ་གསུངས་པས་བྱེ་ནས་ལན་ཅིག་གིས་རང་ལ་བསྟིམ་མོ། །སྦྱོང་བའི་དུས་སུ་ལན་དྲུག་བདུན་བྱ་དེ་ནས་བླ་མ་ཧཱུྃ་དང་བཅས་པ་འོད་དུ་ཞུ་ནས་རང་གི་ལུས་ལ་བསྟིམ་མོ། །དེ་ནས་ལས་ལ་སྦྱོར་བ་ནི། ད་འཆི་བར་འདུག་སྙམ་པ་དང་ལུས་ལོངས་སྤྱོད་ལ་སོགས་པ་ཚེ་འདི་ལ་མ་ཆགས་པར་བྱས་ལ་བླ་མ་ལ་མོས་གུས་དུང་ངེ་བྱ། བླ་མ་སྤྱི་བོར་བསྒོམ། བླ་མའི་ཐུགས་ཀའི་འོད་ཟེར་རང་གི་སེམས་ཨ་དཀར་པོ་ལ་ཕོག་པ་དང་། འཆི་དུས་རླུང་བརྔུབ་པ་དཀའ་ཡང་ཞད་ཅིག་བརྔུབས་ལ། བླ་མས་ཧཱུྃ་གསུངས་བ་ཐེངས་གཅིག་ལ་རང་གི་རྣམ་པར་ཤེས་པ་བླ་མའི་ཐུགས་ཀར་ཐིམ་སོང་བར་བསམ། དེས་རང་གི་དབུགས་ཆད་དོ། །འཆི་དུས་ཀྱི་ཤེས་པ་དེ་ཤིང་ཐོག་སྨིན་པ་དང་འདྲ་སྟེ། ཡི་གེ་ཨ་ལས་སེམས་གཏད་པ་ཙམ་གྱིས་ལུས་སེམས་འབྲལ་ལོ། །ཚུལ་གཉིས་པ་ལའང་སྦྱང་བ་དང་ལས་ལ་སྦྱར་བ་གཉིས། དང་པོ་སྦྱང་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད། རང་རྗེ་བཙུན་མ་སྟོང་རར་བསྒོམ། ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁང་སྟོང་གི་ཀ་བ་ལྟ་བུ་འོག་ཟུམ་པ། སྟེང་རྒྱ་མཐོངས་ཁ་བྱེ་བ་ལྟ་བུར་བསམས་པའི་གཙུག་ཏུ། བླ་མ་རྡོ་རྗེ་འཆང་སྟོང་རའི་སྐུའི་ནང་དུ་ཡེ་ཤེས་ཀྱི་རྩ་དབུ་མ་དང་རང་གི་གཉིས་ཁ་སྦྱར་དུ་བསམ། བླ་མའི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་དང་། རང་གི་སྙིང་གར་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་སྤུས་བྲིས་པ་ལྟ་བུར་བསམ། རླུང་བུམ་པ་ཅན་བསྒོམ། བླ་མའི་ཐུགས་ཀའི་ཧཱུྃ་ཡིག་གི་ཞབས་ཀྱུ་ནར་གྱིས་བརྐྱང་། རྙིང་གའི་རྣམ་ཤེས་ཀྱི་ངོ་བོ་ལ་འཁྲིལ་ནས་གྱེན་དུ་དྲངས་པར་བསམ། རླུང་ཕྱིར་འབུད་པ་དང་ཧིག་གི་སྒྲས་དབུགས་ཐེངས་གཅིག་ལ་ཉེར་གཅིག་དངངས་སྟབས་སུ་བྱའོ། །དེས་ཧཱུྃ་སྤྱི་བོར་སླེབས་པར་བསམ། ཀས་ཐུར་དུ་ཕབ། རྟགས་མ་བྱུང་བར་དུ་སྦྱང་། གཉིས་པ་ལས་ལ་སྦྱར་བའི་ཚེ། བླ་མའི་ཐུགས་ཀར་ཐིམ། བླ་མ་འོག་མིན་དུ་གཤེགས། བསམ་དུ་མེད་པའི་ངང་ལ་བཞག་གོ །དྲུག་པ་བཙན་ཐབས་ཀྱིས་འཕོ་བ་ལ། ཙིཏྟ་གོ་བཟློག་གིས་འཕོ་བ། བྱེད་པ་བཅིངས་པས་འཕོ་བ། ཞར་ལ་ཉལ་སྟབས་དང་རྫས་འཕོ་བཤད་པ་གསུམ་ལས། །དང་པོ་ནི། པུས་མོ་བཙུགས་ལ་ལག་པ་གཉིས་ལྟག་པར་སྦྲེལ་ཏེ་ལྐོག་མའི་སྙིང་རྩ་མནན་པས་སྙིང་གྱེན་ལ་བཟློག རྒྱབ་དབྱུག་པ་ལ་བཀན་ཏེ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། རང་སྐད་ཅིག་ཡི་དམ་གྱི་ལྷ་སྒྱུ་མ་ཙམ་དུ་ཝལ་གྱིས་བསྐྱེད་ལ་མིག་གྱེན་ལ་བཟློག དེ་ནས་རང་གི་ལུས་ཁོང་སྟོང་དུ་ཡོད་པའི་ནང་ན་སྙིང་གི་རྩེ་མོ་ཐུར་ལ་བསྟན་ནས་ཡོད་པ་དེ་སྤུ་གྲིའམ་གྲི་གུག་རྣོན་པོ་གཅིག་གིས་ལོང་གི་རྩ་བ་ནས་རྦད་ཀྱིས་བཅད་ནས་རྩེ་མོ་གྱེན་ལ་བསྟན་པ་སྙིང་པདྨ་དམར་པོ་འདབ་བཞི་པ་གཅིག་ཏུ་གྱུར་པར་བསམ། དེའི་ལྟེ་བ་ལ་སེམས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་གཅིག་བཞུགས་པར་བསམ། ཚངས་བུག་སྐྱ་སང་ངེ་ཡོད་པར་བསམ། སྤྱི་བོའི་ཐད་ཀའི་སོར་བཞིའམ་སོར་གསུམ་གྱི་ནམ་མཁའ་ལ་ཡི་དམ་གྱི་ལྷ་བཞུགས་པར་བསམ་ལ། དེ་ནས་འོག་རླུང་ལྟེ་བ་ནས་ཡར་ལ་ནར་གྱིས་འཐེན། སྟེང་རླུང་མར་ལ་ཆིར་གྱིས་མནན་ཏེ། དེ་ལྟར་སྟེང་འོག་གི་རླུང་ལ་རྩོལ་བ་དྲག་ཏུ་བྱས་པས་མས་ཀྱི་རླུང་གིས་སྙིང་གའི་ཧཱུྃ་དེ་ཡར་ལ་འཕུལ་ནས་སྤྱི་བོ་ཚངས་པའི་བུ་གའི་སྒོར་འཚངས་ཀྱིས་སོང་བར་བསམས་ནས། ངག་ཏུ་ཨ་ཧིཀ་ཅེས་ཐེངས་འགའ་བྱ། དེ་ནས་དབུགས་ཁྲོག་གིས་འགྲོ་བ་དང་དུས་མཉམ་དུ་ཧཱུྃ་དེ་ཚངས་བུག་ནས་ཡར་ཝལ་གྱིས་ཐོན་ནས་ཡི་དམ་ལྷའི་ཐུགས་ཀར་རྒྱངས་ཀྱིས་སོང་བར་བསམ་མོ། གཉིས་པ་ནི། རྐང་པ་གཡོན་པའི་ཕྱི་རྟིང་གིས་བཤང་སྒོ་བཀག ལོང་བུས་ཆུའི་སྒོ་མནན། དེ་ནས་སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་བཅིངས་ཏེ་འོག་སྒོ་བསྡམ་ཞིང་བུམ་པ་ཅན་གཟུང་། དེ་ནས་དབུགས་མ་ཐུབ་ན་ལག་མགོ་མཆན་འོག་ཏུ་བསྐུམ་ལ། གྲུ་མོ་གཉིས་ཀྱིས་རྩིབ་ལོགས་བསྡམས་པས་ནུ་མ་གཅུད་ལ་བོར། སྐེད་པ་ཉག་ཉག་བྱས་སྦྱོར་བ་དྲུག་བཅིངས་པས་རླུང་དྲག་པོར་གྱེན་དུ་དྲངས། དེས་ཚངས་པའི་སྲུབས་བྱེ་ནས་རླུང་དང་རྣམ་ཤེས་བདེ་བ་ཅན་དུ་འཕོ་བའོ། །གསུམ་པ་ལ་གཉིས་ལས། ཉལ་ཐབས་ཀྱིས་འཕོ་བ་ནི། གཞོག་གཡས་འོག་ཏུ་ཕབ། བཅོས་པ་ལུས་ཀྱི་གནད། མགོ་བྱང་ཁ་ནུབ་ཏུ་བསྟན་མགྲིན་པའི་རྦ་རླབས་ལྟེམ་མོ། རྒྱུ་བ་རླུང་གི་གནད་ནི་དེ་དུས་སྣ་སྒོ་གཡས་དགག་གོ །འཆི་བ་དུས་ཀྱི་གནད་ནི་ཕྱི་དབུགས་འཆད་ཀ་གནད་གཅོད་ཀྱི་སྡུག་བསྔལ་མ་བྱུང་གོང་དུ་བརྩམ་མོ། །ཐིམ་པ་རིག་པའི་གནད་ནི། སྤྱི་བོར་རྩ་བའི་བླ་མ་བསྒོམ་ལ་དེའི་ཐུགས་ཀར་གཏད་དོ། །གྲོགས་ཡོད་ན་སྤྱི་བོའི་སྐྲ་ནས་འཐེན་པར་བྱའོ། །གཉིས་པ་རྫས་ཀྱིས་འཕོ་བ་ནི། མགྲོན་བུ་བསྲེགས་པའི་ཐལ་བ། ཁབ་ལེན། རྒྱ་ཚྭ་སྦྱར་བའི་ཁུ་བ་སྤྱི་བོར་བྱུགས་པས་སོ། །གཉིས་པ་འབྲིང་སྒྱུ་ལུས་སུ་འཕོ་བ་ལ། མངོན་དགའི་འཕོ་བ་དང་། སྒྱུ་ལུས་ཀྱི་འཕོ་བ་གཉིས་ལས། དང་པོ་ནི། ཉིན་པར་གྱི་དུས་སུ་ད་ལྟ་འདུག་ས་མི་ཡུལ་ན་འདུག་པ་ཡིན་ཡང་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ཧེ་རུ་ཀ་འཇའ་ཚོན་གྱི་རྣམ་པ་ཙམ་ལ་བརྟེན་ནས་འོད་གསལ་བསྒོམ་པར་འགྲོ་བ་ཡིན་ཨང་སྙམ་པའི་འདུན་པ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་བྲང་ངེ་གཏང་ནས་ལྷར་བསྒོམ་པའི་དུས་ལུས་ཨར་མོ་ནིག་གི་རྡོ་བའི་ཁར་འཕངས་ནས་དེར་ལྷ་བསྒོམ། སྔར་གྱི་འདུན་པ་དེའི་སྟོབས་ཀྱིས་རྨི་ལམ་དུའང་ད་ལྟ་ཉལ་ས་མི་ཡུལ་ནས་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་ཧེ་རུ་ཀའི་སྐུ་འཇའ་ཚོན་གྱི་རྣམ་པ་ཙམ་ལ་བརྟེན་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་དུ་འགྲོ་བ་ཡིན་ཨང་སྙམ་པ་རྨི་ལམ་དུ་འོང་ཞིང་། བྱུང་ཙ་ན་རྨི་ལམ་དེར་སྐར་མདའ་འཕོ་བ་བཞིན་ཨར་མོ་ནིག་གའི་རྡོའི་ཁར་ཕྱིན་ནས་ལྷར་བསྒོམ་པ་ནི་རྨི་ལམ་གྱི་འཕོ་བ། དངོས་སུ་འཕོ་དུས་ཀྱང་ད་ལྟ་འདུག་ས་མི་ཡུལ་ནས་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་ཧེ་རུ་ཀའི་སྐུ་འཇའ་ཚོན་གྱི་རྣམ་པ་ཙམ་ལ་བརྟེན་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་དུ་འགྲོ་བ་ཡིན་ཨང་སྙམ་པ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པ་དང་། དབུགས་ཁྲོག་གིས་འགྲོ་བ་དང་བསྟུན་ཏེ་སྐར་མདའ་འཕངས་པ་བཞིན་སོང་བར་བསམ་པས་སྦྲུལ་ལྤགས་པ་བརྗེས་པ་བཞིན་དུ་ཆོས་བཟང་ལྷའི་འདུན་སར་ལྷའི་ཚོགས་དང་ལྷན་ཅིག་འདོད་པའི་ཡོན་ཏན་རྣམས་ལ་རོལ་ནས་ཚེ་དེར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། །འདི་ལ་ལོངས་སྤྱོད་རྫོགས་པའི་སྐུའི་འཕོ་བ་ཞེས་ཀྱང་ཟེར་རོ། གཉིས་པ་ནི། འཆི་ཀར་འབྱུང་བ་སྡུད་རིམ་གྱི་དུས་སྟོང་པ་ཉིད་ལས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་དཀྱིལ་འཁོར་བ་རང་ཉིད་གཙོ་བོར་སོང་བར་དྲན་པར་བྱེད་ཅིང་དུས་དེར་དབུགས་ཁྲོག་གིས་སོང་ནས་སྣང་བ་རྐྱེན་གྱི་བར་དོར་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཉིད་དུ་ལྡང་བར་འགྱུར་བ་ཡིན་ནོ། འདི་ལ་སྤྲོས་བཅས་གཟུགས་སྐུའི་འཕོ་བ་ཞེས་ཀྱང་ཟེར་རོ། །གསུམ་པ་རབ་འོད་གསལ་དུ་འཕོ་བ་ལ། ཅིག་ཅར་དུ་འཕོ་བ་དང་། རིམ་གྱིས་འཕོ་བ་གཉིས་ལས། །དང་པོ་ནི། ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེས་ཤིང་བརྟན་པ་ཐོབ་པའི་རྣལ་འབྱོར་པ་ཞིག་ཡིན་ན། འཆི་བའི་དུས་སུ་ཕྱག་རྒྱ་ཆེན་པོའི་འོད་གསལ་གྱི་ངང་ལ་དབུགས་ཁྲོག་གིས་སོང་ན་ཚེ་འདི་རང་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཏེ། དེ་ཡང་ཤེས་པ་ཁོ་རང་ཕྱག་རྒྱ་ཆེན་པོའི་འོད་གསལ་གྱི་ངང་དུ་ལྷན་གྱིས་ཞི་བ་ཞིག་ལ་འཕོ་བའི་མིང་གིས་བཏགས་པ་ལས་དངོས་སུ་འཕོ་རྒྱུ་མེད་གསུངས་སོ། །གཉིས་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གྱིས་རྒྱུད་བརླན། རང་ཡི་དམ་གྱི་ལྷར་ཝལ་གྱིས་བསྒོམ། རང་གི་སྙིང་གི་དཀྱིལ་དུ་བླ་མ་བསྒོམ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བླ་མར་བསྒོམ། བླ་མ་དེ་རྣམས་སྙིང་གི་དཀྱིལ་གྱི་བླ་མ་ལ་ཐིམ་པར་བསྒོམ། བླ་མའི་ཐུགས་ཀར་རང་གི་ཤེས་པའི་ངོ་བོ་ཟླ་བ་ལ་ཧཱུྃ་གཅིག་བསམ། དེ་ནས་རང་སྐྱིལ་ཀྲུང་བཅས་ལ་འཆི་ཀ་ལ་ཉེ་བར་བབས་པ་དང་གཞན་ལ་སྐྱོར་དུ་བཅུག་ལ་ལུས་དྲང་པོར་བསྲང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅའ། དེ་ནས་སྙིང་གི་དཀྱིལ་གྱི་བླ་མ་ཟླ་བ་ལ་ཐིམ། ཟླ་བ་ཧཱུྃ་ལ། དེ་ཞབས་ཀྱུ་ནས་ཡར་རིམ་གྱིས་ཐིམ། དེ་ནས་ཅིའང་ངོ་བོ་མ་གྲུབ་པ་ལ་བློ་ལྷན་གྱིས་བཀལ་ལ་འཆིའོ། དེ་ལྟར་བྱས་ན་ཅིའང་ངོ་བོར་ཡང་མ་གྲུབ་པས་དངོས་འཛིན་གྱི་བློ་བཟློག དངོས་འཛིན་གྱི་བློ་ལོག་པས་བག་ཆགས་ཀྱི་འཁྲུལ་སྣང་ཟད། བག་ཆགས་ཀྱི་འཁྲུལ་སྣང་ཟད་པས་བར་དོའི་སྣང་བ་མི་འཆར་ཏེ་འོད་གསལ་ཆེན་པོའི་ངང་ལ་གནས་པའོ། །དེ་ལས་སྣང་བ་བཞི་གཅིག་ཏུ་གྱུར་ནས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ལྷར་བཞེངས་ཏེ་རིག་མའི་སྐྱེས་བུ་གྲུབ་བོ། དེ་ནི་ཡིད་འོང་མཁའ་འགྲོའི་འཕོ་བའོ།། །། བརྒྱད་པ་གྲོང་འཇུག་ལམ་གྱི་འཐུད་མ་ལ། དང་པོ་སྦྱང་བ། བར་དུ་སད་པ། ཐ་མ་ལས་ལ་སྦྱར་བ་གསུམ་ལས་དང་པོ་ནི། གྲོང་དུ་འཇུག་པ་བཤད་པར་བྱ། །བསྐྱེད་པའི་རིམ་པའི་འཕོ་བ་ལས། བྱེ་བྲག་གསལ་བར་བསྟན་པ་སྟེ། ཞེས་པ་ནི་བསྐྱེད་རིམ་དུ་འཕོ་བའི་བྱེ་བྲག སྤྲུལ་པ་སྐུའི་འཕོ་བ་ཞེས་པ་གྲོང་འཇུག་འདི་ཡིན་པས་སོ། དེ་ལ་ཡང་། དང་པོ་སྔོན་འགྲོ་སྦྱངས་ནས་སུ། །དངོས་གཞི་དམིགས་པ་གསལ་བའི་ཚེ། སེམས་ཅན་རྨ་མེད་དག་ལ་ཡང་། །རླུང་སེམས་རྩལ་ནི་སྦྱང་བར་བྱ། །ཞེས་པ་མདོར་བསྟན་ནས། སྦྱང་བ་རྒྱས་པར་བཤད་པའི་ཕྱིར། དང་པོ་ཁྲུ་གང་བར་ཁྲུ་གསུམ། ཐ་མ་ཁྲུ་བདུན་པ་ཡིན་ཏེ། །དམིགས་པ་རྣོ་ལ་ངར་ལྡན་པས། །སྟེང་འོག་སྤོ་བར་ནུས་པ་ཡིས། །རྣལ་འབྱོར་པས་ནི་འགྲུབ་པར་གསུངས། ཞེས་པས། དབེན་པའི་གནས་སུ་སྒྲུབ་པའི་གཡོག་གཅིག་དང་བཅས་ཏེ་མཚམས་བཅད། མཆོད་པའི་རྟེན། མཆོད་རྫས་ཕུན་སུམ་ཚོགས་པས་དང་སྤྲོ་བར་བྱས། མདུན་དུ་སྟེགས་བུའི་ཁར་དཀྱིལ་འཁོར་ཕྱི་གྲུབ་བཞི་ནང་གྲུ་གསུམ་ཚོན་ནག་པོས་བྲིས་པའི་ལྟེ་བར་ཐོད་པ་མཚན་ཉིད་ལྡན་པ་བཀྲུས་ཏེ་ནག་པོར་བྱས། དབུས་སུ་རྡོ་རྒྱུས་ཀྱིས་ཧཱུྃ་ཡིག་བྲིས་པ་ཁྲུ་གང་ཙམ་དུ་བཞག དེ་ནས་སྐྱབས་སེམས། བླ་མ་སྤྱི་བོར་བསྒོམས། གསོལ་བ་བཏབ། རང་སྐད་ཅིག་གིས་ཡི་དམ་གྱི་ལྷ་སྒྱུ་མའི་དཔེས་མཚོན་པའི་ཐུགས་ཀར་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ། ཧི་ཞེས་པས་རླུང་ཕྱིར་འགྲོ་བ་དང་བསྟུན་ཧཱུྃ་དེ་ལ་རླུང་ཞོན་ནས་སྣ་གཡས་པའི་བུ་ག་ནས་སོང་ནས་ཐོད་པའི་ཧཱུྃ་ལ་ཐིམ། སྐར་མ་མཐོང་བ་ཙམ་གྱི་བར་དུ་རླུང་ཕྱིར་འབུད། མ་ནུས་ན་སྣ་ནས་བག་ཙམ་ཧཱུྃ་ཞེས་བརྔུབས་པས། ཐོད་པའི་ཧཱུྃ་ལས་ཧཱུྃ་དེ་བྱེ་ནས་སྣ་ནས་ཞུགས། །བདག་ཉིད་ཀྱི་སྙིང་གར་ཐིམ། དེ་ལྟར་ཡང་ཡང་སྦྱངས་པས་འབྱོངས་པའི་ཚད། ཐོད་པ་དྲོ་བ་ཚིག་པ་འགུལ་འཕར་བ་སོགས་འབྱུང་ངོ་། དེ་ནས་ཁྲུ་གསུམ་དང་བདུན་ཙམ་དུ་བསྣུར་ཏེ་སྦྱང་ངོ་། གཉིས་པ་ནི། དེ་ནས་སྦྲང་བུའི་རོ་དང་བྱིའུ་སོགས་ལ་སད། དེ་ནས་མི་རོ་གཙང་མ་ལ་སད་དེ། དེ་མཎྜྻལ་གྱི་སྟེང་དུ་བཞག་པའི་སྙིང་གར་ཧཱུྃ་བསམ་ནས་སྔར་བཞིན་དུ་སྦྱངས་པས། རོ་ལ་དྲོད་དང་དབུགས་ཅུང་ཟད་འགུལ་བ་ལ་སོགས་པ་འབྱུང་། དེ་ནས་གྲོང་འཇུག་ནུས་པར་ཐག་ཆོད། །གསུམ་པ་ནི། ལས་ལ་སྦྱོར་བའི་དུས་ཚོད་དུ། དམ་ཚིག་ལྡན་པའི་གྲོགས་མཆོག་གཅེས། རྒན་པོ་མ་ཡིན་རྨ་མེད་ཅིང་། །མཛེ་དང་ཤུ་ཅན་ལ་སོགས་སྤང་། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །འབྱུང་པོའི་ཉི་མ་ལ་བསྒྲུབ་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང་། ལྷ་ཡི་ཆུ་ཡིས་བཀྲུ་བར་བྱ། མཎྜྻལ་གྲུ་བཞི་བྱས་ནས་ནི། དེ་དབུས་འབད་པས་གྲུ་གསུམ་བྱ། །དཀྱིལ་འཁོར་སྟེང་དུ་ཐོད་པ་ནི། །མཚན་ལྡན་གཅིག་ལ་ཧཱུྃ་བྲིས་ཏེ། །དེ་ལ་ཤེས་པ་གཏད་པ་དང་། །གསལ་ཞིང་དྭངས་ལ་ཡང་བ་ཡི། །རིག་པ་བདེ་བ་སྐྱེ་བར་འགྱུར། །རླུང་དང་རྣམ་པར་ཤེས་པ་དང་། །ཕྱི་རོལ་ལྷ་དང་རང་ཉིད་བསྲེ། ལུས་བརྗེས་སེམས་ཅན་དོན་བྱའོ། །ཞེས་པས། རྟེན་ཁྱད་པར་ཅན་ལུས་ལ་སྐྱོན་མེད་ཅིང་གཞོན་ནུ་རིགས་ཕུན་སུམ་ཚོགས་པ་རིམས་ལ་སོགས་པས་ཤི་བ་མ་ཡིན་པ། རྨ་མེད་པ། སྣད་འགྲམ་མེད་པ་གསར་པ་བཙལ་ཐོད་པར་སྦྱངས་ཤིང་ཉམས་འོག་ཆུད་པས། ཉི་ཤུ་དགུའི་ཉིན་མོ་རོ་དེ་ཆུས་བཀྲུས། དྲི་བཟང་པོས་བྱུགས། རྒྱན་གྱིས་མཛེས་པར་བརྒྱན་པ་མཎྜྻལ་གྱི་སྟེང་དུ་ཁ་རང་ལ་བསྟན་ཏེ་བཞག དེའི་སྙིང་གར་ཧཱུྃ་བསམ་ཏེ་སྔར་བཞིན་སྦྱངས། རླུང་དང་ཤེས་པ་རོ་ལ་ཟིན་ནས་དགའ་བ་སྐྱེ་ཞིང་འདུག་ཙ་ན། རོ་དང་ཁ་སྤྲད་དེ། རོའི་སྙིང་གའི་ཧཱུྃ་ལ་ཤེས་པ་སྲིལ་གྱིས་བཅུག་ནས་ཚུར་མི་དྲང་བར་བཞག་པས། རོ་དེ་ལ་དང་པོར་དྲོད། དེ་ནས་དབུགས། དེ་ནས་འགུལ་བ་དང་། འཛུམ་བག་འབྱུང་། དེ་དུས་སྒྲུབ་གཡོག་གིས་གོས་བསྐོན་མཐུན་པའི་ཁ་ཟས་དང་བཅས་ཏེ་ཟླ་བ་ཕྱེད་ཀྱི་བར་དུ་སྤྱོད་ལམ་གཟབ། སྔར་གྱི་རྟེན་རྙིང་པ་ལ་སྦྱིན་སྲེག་བྱའོ། །འདི་ནི་རླུང་སེམས་ལ་རང་དབང་ཐོབ་པས་སྲོག་ཐུར་འདྲེས་པའམ་མོས་པ་དང་། རྩོལ་བ་དྲག་པོ་དང་། སྣང་སྲིད་སྒྱུ་མར་ཡིད་ཆེས་པས་ཇི་ལྟར་བྱས་ཀྱང་བཏུབ་སྙམ་པ་ལས་འབྱུང་ངོ་། །གྲོང་འཇུག་གི་ཡོན་ཏན་གྲོང་གཞན་ལ་མངོན་སུམ་དུ་འཇུག་པར་འགྱུར་བ་དང་། གཞན་ངོ་མཚར་དུ་བྱེད་པ་དང་། སྒྱུ་མའི་དོན་ལ་ངེས་ཤེས་སྐྱེ་བ་དང་། ཏིང་ངེ་འཛིན་ལས་སུ་རུང་བར་འགྱུར་བ་དང་། རྟེན་འབྲེལ་གྱིས་མཐོང་བ་དང་། ཐབས་ལམ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བ་དང་། རླུང་སེམས་ལ་དབང་ཐོབ་པར་འགྱུར་བ་དང་། སེམས་རྟེན་འབྲེལ་གྱི་སྟོབས་ལས་སྐྱེ་བར་རྟོགས་པའོ།། །། གསུམ་པ་འབྲས་བུ་སྐྱེ་བའི་རིམ་པ་ལ། ལྟ་བ་རྣམ་པར་དག་པས་ཟུང་འཇུག་གི་ཏིང་ངེ་འཛིན་ལ་བསླབ་པའི་ཚུལ་དང་། སྒོམ་པ་རྣམ་པར་དག་པས་ཟུང་འཇུག་གི་ཏིང་ངེ་འཛིན་ལ་བསླབ་པའི་ཚུལ་དང་། སྤྱོད་པ་རྣམ་པར་དག་པས་ཟུང་འཇུག་གི་ཏིང་ངེ་འཛིན་ལ་བསླབ་པའི་ཚུལ་གསུམ་ལས། །དང་པོ་ལ། གཞི་ཟུང་འཇུག་རྟོགས་ཚུལ། ལམ་ཟུང་འཇུག་བསྒོམ་ཚུལ། འབྲས་བུ་ཟུང་འཇུག་འཆར་ཚུལ་གསུམ་ལས། །དང་པོ་ནི། འབྲས་བུ་སྐྱེ་བའི་རིམ་པ་ནི། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་པས། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ། སྐྱེ་བ་དང་འཇིག་པས་དབེན་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་གིས་མཐོང་བ་དེའི་ཚེ། འདི་ནི་འཁོར་བ་སྟེ་དོར་བར་བྱའོ། །འདི་ནི་མྱ་ངན་ལས་འདས་པ་སྟེ་བླང་བར་བྱ་བའོ་ཞེས་སྔར་སོ་སོ་སྐྱེ་བོའི་གནས་སྐབས་སུ་འདུ་ཤེས་པ་དེ་ཐམས་ཅད་དབྱར་ཀའི་སྤྲིན་ནམ་མཁར་ཐིམ་ནས་སྟོན་གནམ་དྲི་མ་མེད་པར་གྱུར་པ་ལྟ་བུར་ཞི་ནས་མི་རྟོག་པའི་དབྱིངས་ཆེན་པོ་ལ་གནས་པ་མེད་པའི་ཚུལ་གྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་གནས་པ་འདི་ནི་ཡིན་ལུགས་ཡིན་བཞིན་དུ་རྟོགས་པ་དེ་ནི་ལྟ་བ་མཚན་ཉིད་པའོ། །གཉིས་པ་ནི། ཀུན་ནས་ཉོན་མོངས་དང་རྣམ་བྱང་། །དོན་དམ་ཉིད་དུ་ཤེས་ནས་སུ། །གང་གིས་གཅིག་ཏུ་སྤྱོད་གྱུར་པ། དེ་ཡིས་ཟུང་འཇུག་ཤེས་པ་འོ། །ཞེས་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ནི་ཆོས་ཐམས་ཅད་ལ་རང་བཞིན་དུ་ཡོད་ཀྱང་། འོན་ཀྱང་རྡོ་བ་དང་ཤིང་དག་ལ་མེ་གནས་ཀྱང་མ་གཙུབས་ན་མངོན་དུ་མི་འགྱུར་ཞིང་། གཙུབས་ན་མངོན་དུ་འགྱུར་བ་བཞིན་དུ། མ་རིག་བག་ཆགས་ཀྱི་སས་བཞག་པའི་ཀུན་ནས་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དང་། དེའི་གཉེན་པོ་ཅི་ཤར་ཡང་མི་སྤོང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་ཁྱབ་གདལ་བའམ་ཆུ་ལ་ཆུ་བཞག་པ་བཞིན། སྲིད་པ་དང་ཞི་བ་མཉམ་པ་ཉིད་ལམ་དུ་ཁྱེར་རོ། །གསུམ་པ་ནི། དངོས་པོ་རྣམ་བཅས་ཀུན་རྟོག་དང་། །དངོས་པོ་མེད་པར་རྟོག་པ་དག གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། དེ་ནི་ཟུང་འཇུག་ཅེས་བྱ་བཤད། ཅེས་པས། འདི་ནི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའམ། དམིགས་པ་དང་བཅས་པའི་ཕྱིར་ཀུན་རྫོབ། འདི་ནི་རྣམ་པ་ཐམས་ཅད་མེད་པས་སམ་མཆོག་ཏུ་མི་འགྱུར་བ་ཞེས་སྔར་བཏགས་པ་དང་། འདི་ནི་ཡུལ་ཡིན་པས་རིག་པར་བྱ་བའམ་གཟུང་བ་འདི་ནི་ཡུལ་ཅན་ཡིན་པས་རིག་པར་བྱེད་པའམ་འཛིན་པ་ཞེས་རྣམ་པ་གཉིས་དང་གཉིས་སུ་འབྱེད་ཆོས་ཐམས་ཅད་ཉེ་བར་ཞི་བ། གཉིས་སུ་མེད་པའི་ཡེ་ཤེས། གཞི་ལ་ཇི་ལྟར་གནས་པ་དེ་ཉིད་དུ་མངོན་པར་རྫོགས་ཤིང་མངོན་པར་བྱང་ཆུབ། །དེ་ལས་གཞན་གྱིས་དོན་ཐམས་ཅད་འབྱུང་བས། འདི་ནི་བླ་མ་གོང་མ་དག་གིས། འོད་གསལ་གྱི་མེས་དངོས་པོའི་བག་ཆགས་ཐམས་ཅད་བསྲེགས་ནས་མི་སློབ་པའི་ཟུང་འཇུག་ལ་གནས་པ་ཞེས་གསུངས་ལ། མདོ་རྒྱུད་ཀྱི་གཞུང་ཆེན་པོ་རྣམས་སུ། ཆོས་ཀྱི་སྐུའི་རྟེན་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་གསུངས་པ་དེ་ཡིན་ནོ། འདི་ལ་རྟེན་བརྟེན་པ་གཉིས་སུ་མེད་པས་དང་། ལྟ་སྒོམ་འབྲས་བུ་རྣམ་པར་ཕྱེའང་ངོ་བོ་གཉིས་སུ་མི་ཕྱེད་པས་འོད་གསལ་ཉིད་དམ་ཚིག་གི་ཕྱག་རྒྱ་ཞེས་གསུངས་ཤིང་། འོད་གསལ་རྟོགས་དུས་དེ་ཀར་བག་ཆགས་ཐམས་ཅད་ཉེ་བར་ཞི་བས་རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད་པ་ཞེས་གསུངས་ཤིང་དབང་པོ་ཆེས་རྣོ་བ་དག་གི་སྤྱོད་ཡུལ་ལོ། །གཉིས་པ་ལ། ལྡང་བ་བསྐྱེད་རིམ་གྱི་རྣལ་འབྱོར། འཇུག་པ་རྫོགས་རིམ་གྱི་རྣལ་འབྱོར་གཉིས་ལས། །དང་པོ་ནི། བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག གཉིས་པོ་གང་དུ་གཅིག་གྱུར་པ། དེ་ནི་ཟུང་དུ་འཇུག་པར་བཤད། ཅེས་པས། གཤིས་ལྷན་ཅིག་སྐྱེས་པ་དེ་ཉིད་གདངས་འགག་མེད་དུ་ལངས་པའི་ལྷ་རིགས་ལྔ་རྐྱང་པའམ། ཡུམ་ཅན་ནམ། རྟེན་བརྟེན་པར་བཅས་པའི་འཁོར་ལོ་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་འདུལ་བར་བྱ་བ་གང་ལ་གང་འོས་པ་སྦྱར་ཏེ་རྗེས་སུ་འཛིན་པ་དང་ཚར་གཅོད་པ་སྐད་ཅིག་སྐད་ཅིག་ལ་སྤྲོ་བར་བྱེད་པའོ། །གཉིས་པ་ནི། རིལ་པོར་འཛིན་དང་རྗེས་གཞིག་དང་། །འཇུག་དང་དེ་བཞིན་གནས་པ་དང་། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །ཞེས་པས། ལངས་པའི་ལྷའི་སྣང་བ་དེ་ཉིད་རིལ་པོར་འཛིན་པའམ་རྗེས་སུ་བཤིག་པས་སྐད་ཅིག་སྐད་ཅིག་ལ་ཡང་དག་པའི་མཐའ་ལ་གཞུག་པ་དང་། གནས་པ་དང་། སྔར་བཞིན་དུ་ལྡང་བས་ཁམས་གསུམ་གྱི་ས་ཐམས་ཅད་ཡོངས་སུ་སྦྱངས་ནས། ལངས་པའི་སྐད་ཅིག་ན་ཟུང་འཇུག་ཏུ་འཆར་ཏེ་དེ་ལས་འཚང་རྒྱ་བས། གནས་གཙང་མ་མ་ཡིན་པ་ལོངས་སྤྱོད་རྫོགས་སྐུའི་ཞིང་འོག་མིན་གྱི་གནས་སུ་ལོངས་སྐུའི་རྟེན་ལ་འཚང་རྒྱའོ།། །། གསུམ་པ་སྤྱོད་པ་རྣམ་པར་དག་པས་ཟུང་འཇུག་གི་ཏིང་ངེ་འཛིན་ལ་བསླབ་པའི་ཚུལ་ལ། ཆགས་ཆེན་གྱི་སྤྱོད་པ་དང་། ཆགས་བྲལ་གྱི་སྤྱོད་པ་གཉིས་ལས། དང་པོ་ལ། ཀུན་བཟང་། གསང་སྤྱོད། རྒྱལ་ཚབ་ཆེན་པོའི་བརཏལ་ཞུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བཞི་ལས། དང་པོ་ནི། དེ་ཉིད་ཤེས་པའི་རིམ་ཤེས་ནས། །བདག་བྱིན་བརླབ་དང་འོད་གསལ་བ། །དེ་ཉིད་ལ་ནི་འདུས་པ་གང་། །ཟུང་དུ་འཇུག་པའི་རིམ་པའོ། །ཞེས་པས། བདག་བྱིན་གྱིས་བརླབ་པ་དང་འོད་གསལ་བ་གཉིས་སུ་མེད་པར་ཤེས་པས་སྤྲོས་བཅས་སམ། སྤྲོས་མེད། ཤིན་ཏུ་སྤྲོས་མེད་གང་ཡང་རུང་བས་ཐོག་མ་དང་མཐའ་མ་མེད་པ་བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བདག་ཀུན་ཏུ་བཟང་པོའི་དབྱིངས་སུ་སྤྱོད་པར་བྱའོ། །གཉིས་པ་ནི། ཆགས་དང་ཆགས་བྲལ་ལས་གྲོལ་ཞིང་། །མཆོག་ཏུ་དགའ་བའི་ལུས་དང་ལྡན། །འཁོར་བ་སྲིད་དུ་གནས་བྱེད་པ། །ཟུང་དུ་འཇུག་པར་སྒོམ་བྱེད་པའོ། །ཞེས་པས། ཆགས་པ་དང་ཆགས་བྲལ་རོ་མཉམ་པ་སྐུ་གསུང་ཐུགས་ཡེ་ཤེས་མཆོག་ཏུ་དགའ་བའི་དམ་ཚིག་གི་ལུས་དང་ལྡན་པས་གསང་བ་མཆོག་གི་མིང་ཅན་དེར་འཇུག་ཅིང་འཁོར་བ་མ་འགགས་ཀྱི་བར་སྤྱོད་པའོ། །གསུམ་པ་ནི། ཐབས་དང་ཤེས་རབ་སྙོམས་འཇུག་པས། ཐམས་ཅད་བསྡུས་ནས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། དེ་ནི་ཟུང་དུ་འཇུག་པར་གྱུར། །ཞེས་པས། ཕྱག་རྒྱ་གསུམ་པོ་གང་ཡང་རུང་བ་ལ་སྦྱར་བས་གཉིས་ཆོས་ལྟར་སྣང་བའི་སྟོང་པ་ཉིད་ཐམས་ཅད་གཉིས་སུ་མེད་པའི་སྙིང་རྗེར་ཡང་དག་པར་བཅུག་ནས་བདེ་སྟོང་མི་ཕྱེད་པས་བྱང་ཆུབ་ཀྱི་སེམས་སུ་བཞུ་ཞིང་། དེ་ལས་ཁམས་གསུམ་པོ་ཐམས་ཅད་དེ་བཞིན་གཤེགས་པའི་སྣང་བརྙན་དུ་སྤྲོ་བའི་སྐུར་བཞེངས་ནས་རྒྱལ་ཚབ་ཆེན་པོའི་སྤྱོད་པ་བརྩམ་མོ། །བཞི་པ་ནི། སྟོང་ཉིད་སྙིང་རྗེ་གཅིག་པ་ནི། །ཤེས་ནས་གང་དུ་སྤྱོད་གྱུར་པ། །ཟུང་འཇུག་ཅེས་ཀྱང་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་པས། དངོས་གྲུབ་ཆེན་པོའི་ཉེ་རྒྱུ་ལས་ཀྱི་ཕྱག་རྒྱའམ། རང་རིག་གི་ཡུམ་དང་སྦྱར་ནས་ལྷག་པའི་ལྷའི་སྤྲོ་བསྡུས་དངོས་གྲུབ་ཆེན་པོ་སྒྲུབ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བརྩམ། དེས་འོག་མིན་པའི་རྟེན་བསྒྲུབ་ལ། གང་དུ་ལྷག་མར་བཅས་པ་དང་། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་ན། དེ་ནི་ཟུང་དུ་འཇུག་པའོ། །ཞེས་པས། དེར་ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པ་ཞེས་བྱ་བའི་རྣམ་པར་རྟོག་པས་བཞག་པ་ལྟ་བུའི་མྱང་འདས་མ་ཡིན་གྱི། རིག་མའི་སྐྱེས་བུ་ཞེས་སཾ་པུ་ཊར་བསྔགས་པ་དེར་འགྱུར་རོ། །འདི་ནི་ཁམས་གསུམ་འདི་ཉིད་ཀྱི་དབང་ཕྱུག་ཆེན་པོའི་གནས་ཀྱི་འོག་མིན་གྱི་རྟེན་ལས་འཚང་རྒྱ་བར་བཤད་པ་དེའོ། །གཉིས་པ་ཆགས་བྲལ་གྱི་སྤྱོད་པ་ནི། །གང་དུ་གང་ཟག་བདག་མེད་པ། ཆོས་ལ་བདག་མེད་པ་དག་གི རྟོག་པ་གཉིས་ལས་རྣམ་གྲོལ་བ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། ཅེས་པས། དང་པོར་མཐོང་ལམ་གྱི་དབང་དུ་བྱས་ནས། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་ལ་ཞུགས་པའི་སོ་སོའི་སྐྱེ་བོ་དག་གིས་གཏན་ལ་ཕབ་པའི་མཐོང་བ་གང་ཡིན་པ་དེ་ནི་གང་ཟག་གི་བདག་མེད་པ་དང་ཆོས་ལ་བདག་མེད་པར་རྟོག་པ་ཉིད་དུ་ཟད་ལ། འདི་ནི་དེ་ལྟ་བུའི་རྟོག་པ་ལས་གྲོལ་བས་ཉེ་བར་ཞི་བ་ཆེན་པོའོ། །རྟག་དང་ཆད་པའི་བློ་དང་ནི། །གང་ཞིག་སྤངས་ནས་རབ་གནས་པའི། །ཟུང་དུ་འཇུག་པའི་རིམ་པ་ནི། །དེ་ཉིད་ཤེས་ན་མཁས་པ་ཡིན། །ཞེས་པས། ཡོད་ཅེས་བཞག་པ་རྟག་པའི་མཐའ། མེད་ཅེས་བཞག་པ་ཆད་པའི་མཐའ་ཡིན་ལ། དེ་གཉིས་སྤངས་པ་ཆོས་ཐམས་ཅད་བདེན་པ་མ་ཡིན་ཞིང་རྫུན་པ་མ་ཡིན་པ་ཆུ་ཟླ་དང་འདྲ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཤུལ་དུ་ཞུགས་པ་ས་བདུན་པ་དག་གོ །ཀུན་རྫོབ་དང་ནི་དོན་དམ་དག སོ་སོའི་ཆར་ནི་ཤེས་ནས་སུ། །གང་དུ་ཡང་དག་ཤེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་པས། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཆ་རེ་རེ་བར་འཇུག་པ་ཟད་ནས་བདེན་པ་གཉིས་གཉིས་སུ་མེད་པ་ཡང་དག་པའི་ཚུལ་གྱིས་ཏིང་འཛིན་ལ་འཇུག་ཅིང་། །དེ་ཉིད་ཆོས་ཉིད་ཀུན་འགྲོའི་ཚུལ་གྱིས་ལྡང་ངོ་། །འདི་ནི་ས་བརྒྱད་པ་དག་གོ །དྲན་དང་དྲན་མིན་ལས་གྲོལ་ཞིང་། རྟག་འབྱུང་བ་ཡི་མཚན་ཉིད་ཅན། །རྣམ་འབྱོར་པ་ནི་འདི་བཞིན་སྤྱོད། །ཟུང་འཇུག་རིམ་པ་གནས་པའོ། །ཞེས་པས་ཡང་དག་པའི་ཏིང་ངེ་འཛིན་དེ་བརྟེན་ནས་སྐད་ཅིག་སྐད་ཅིག་ལ་ལྡང་འཇུག་ནུས་པའི་ལེགས་པའི་བློ་གྲོས་ས་དང་། དེ་བཞིན་གཤེགས་པའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་རྗེས་ཐོབ་དེ་བཞིན་གཤེགས་པ་དང་ཁྱད་པར་མེད་པར་བཤད་པའི་ཆོས་ཀྱི་སྤྲིན་གྱི་སའོ། །དེ་ལྟར་སློབ་པའི་ཟུང་འཇུག་ཐོབ་པའི་མཚན་མ་ནི། གཟུགས་ཕྲ་རེག་ན་ཡང་བ་དང་། ཁྱབ་དང་ཡང་དག་ཐོབ་པ་དང་། །རབ་ཏུ་སྣང་དང་བརྟན་པ་དང་། །དབང་བསྒྱུར་འདོད་དགུར་བསྒྱུར་བ་སྟེ། །དབང་ཕྱུག་བརྒྱད་ཅེས་དེ་ལ་བཤད། །དྲུག་ནི་ལམ་ཡིན་གཉིས་པོ་ནི། །གཞན་དོན་ཤུགས་ལ་འབྱུང་བ་ཡིན། །ཞེས་པས། རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ཀྱིས་ཕྲ་བ། ལུས་ཡང་བས་རེག་པ་ཡང་བ། འཇིག་རྟེན་གསུམ་པོ་མཐའ་དག་ཁྱབ་པར་བྱེད་པས་ཤིན་ཏུ་ཆེ་བ། སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་ཐོབ་པས་གར་ཡང་ཕྱིན་པ། ཡེ་ཤེས་ཀྱི་སྣང་བ་རབ་ཏུ་གསལ་བས་རབ་ཏུ་སྣང་བ། དེ་ལ་བརྟན་པར་གྱུར་པ་ཉིད་ཀྱིས་དབང་པོ། སྐྱེ་བོ་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་པ་ཉིད་ཀྱིས་དབང་བསྒྱུར་བ། འདོད་དགུར་བསྒྱུར་བས་གང་དུ་འདོད་པར་གནས་པའོ། །དང་པོ་དྲུག་ནི་ལམ་མངོན་གྱུར་གྱི་ཡོན་ཏན། ཐ་མ་གཉིས་ནི་གཞན་དོན་ཤུགས་འབྱུང་གི་ཡོན་ཏན་ནོ། །གཉིད་ལོག་པ་དང་སད་པ་སྟེ། །གནས་སྐབས་གཉིས་པོ་སྤངས་པ་ནི། གཉིད་ལོག་པ་དང་རྣམ་བྲལ་བ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། བྱ་བ་དང་ནི་བྱེད་པ་དག །མི་ཕྱེད་པ་ཡི་ངོ་བོ་ཉིད། །གནས་ནས་རྣལ་འབྱོར་པས་ཤེས་པ། ཟུང་དུ་འཇུག་པར་དེ་བཤད་དོ། །མཉམ་པར་བཞག་དང་མ་བཞག་དང་། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །ཞེས་པས། མིའི་རྟེན་མ་སྤངས་པར་འདོད་པ་ཁམས་རྡོ་རྗེ་ཡི་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་བསྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུད་བཞིའི་གཡུལ་ཕམ་པར་བྱས་ནས། ཚེས་དཀར་ནག་གི་ཚིགས་མཚམས་གཉིད་ལོག་པ་མཚན་མོའི་ཆ་ནི་འདས། སད་པ་ཉིན་མོའི་ཆ་ནི་མ་བྱུང་། །སྐྱ་རེངས་ཤར་མ་ཐག་ཏུ། འདི་ནི་འཕྲིན་ལས་བྱ་བའི་ཡུལ་སེམས་ཅན། འདི་ནི་འཕྲིན་ལས་བྱེད་པ་པོ་སངས་རྒྱས་ཞེས་དང་། འདི་ནི་མཉམ་པར་བཞག་པའི་གནས་སྐབས། འདི་ནི་རྗེས་ལ་ཐོབ་པའི་གནས་སྐབས་ཞེས་དང་། འདི་ནི་རང་དོན་འདུས་མ་བྱས་ཀྱི་སྐུ། འདི་ནི་གཞན་དོན་འདུས་མ་བྱས་པའི་སྐུ་ཞེས་རྣམ་པར་འབྱེད་རྒྱུ་ཅིའང་མེད་པས་ཆོས་ཐམས་ཅད་ཤིན་ཏུ་མངོན་པར་སངས་རྒྱས་པ་ཞེས་བྱ་བ་བྱང་ཆུབ་ཆེན་པོ་བརྙེས་པའོ། །དེ་ཐོབ་པའི་མཚན་མའང་། སྐུ་དང་གསུང་གི་དབང་ཕྱུག་དང་། ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱན། འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། ཅེས་པས། ལྷུན་གྲུབ་ཏུ་སེམས་ཅན་གྱི་དོན་ལ་སྐུ་མཐའ་ཡས་པ་ཅིག་ཅར་དུ་སྟོན་ནུས་པ་སྐུའི་དབང་ཕྱུག་དང་། ཐམས་ཅད་ཀྱི་སྐད་དུ་ཐམས་ཅད་པ་ཆོས་ཐམས་ཅད་པའི་སེམས་ཅན་ལ་ཅིག་ཅར་དུ་སྟོན་པ་གསུང་གི་དབང་ཕྱུག་དང་། ཡིད་ལ་བྱེད་པ་ཙམ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རིན་པོ་ཆེ་སྣ་ཚོགས་པ་འཇུག་པར་བྱེད་པའམ་རྟོག་པ་མེད་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་ཐུགས་ཀྱི་དབང་ཕྱུག་དང་། ཐུགས་བསྐྱེད་པ་ཙམ་གྱིས་མཐའ་ཡས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་སྟོན་པ་རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཐོགས་མེད་དུ་ཁྱབ་པ་ཀུན་འགྲོའི་དབང་ཕྱུག་དང་། འདོད་པ་ཙམ་གྱིས་རང་གཞན་གྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་ནུས་ཤིང་བདེ་བ་ཐམས་ཅད་ལ་ལོངས་སྤྱོད་ནུས་པ་ཅི་འདོད་ཀྱི་དབང་ཕྱུག་དང་འདོད་པ་ཙམ་གྱི་བརྟན་གཡོ་སྣ་ཚོགས་པའི་གཟུགས་སུ་བསྐྱེད་པ་ནི་སྐྱེད་པར་བྱེད་པ་པོའི་དབང་ཕྱུག་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་བའི་ཡོན་ཏན་གྱིས་བརྒྱན་པའི་སྐུར་སྟོན་ཅིང་ཐུན་མོང་མ་ཡིན་པའི་ཡོན་ཏན་སྟོབས་བཅུ་ལ་སོགས་པ་དང་ལྡན་པ་ཡོན་ཏན་གྱི་དབང་ཕྱུག་སྟེ་བརྒྱད་དང་ལྡན་པའོ། །རྒྱ་བོད་གྲུབ་པའི་རིན་ཆེན་ཕལ། ཆོས་ཀྱི་རྒྱ་མཚོ་འདི་ཡིས་བསྐྲུན། །གང་གི་བཤད་པའི་ཁ་དོག་ཀྱང་། །མཐོང་རྒྱ་ཅན་གྱི་བློར་མ་ཆུད། །མ་ལུས་རྒྱུད་སྡེའི་གསང་ཚིག་བཤད་པས་སློབ་མའི་ཚོགས་ཀྱིས་རྡོ་རྗེའི་ས། །དོག་པོར་བྱས་ཀྱང་ངོམས་པ་མེད་པ་དཔལ་ལྡན་དཀར་རྒྱུད་པ་ཁོ་ན། །ཆུ་ཟླའི་བསྙེམས་བཅིལ་སྲེད་པའི་མཐར་ཐུག་ངོ་མཚར་ཀུན་གྱི་སྒྱུ་མའི་འཕྲུལ། རྣམ་པར་རྩེན་མཐོང་པདྨ་དཀར་པོའི་དད་པའི་མིག་ནི་དེ་ཕྱོགས་ལྷུང་། དེ་ལྟར་ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་གྱི་ཁྲིད་ཡིག་རྡོ་རྗེ་ཐེག་པར་བགྲོད་པའི་ཤིང་རྟ་ཆེན་པོ་ཞེས་བྱ་བ། དགེ་བའི་བཤེས་གཉེན་མུས་པ་ཆེན་པོ་ངག་དབང་དཔལ་འབྱོར་དང་། སྟོན་སྒོམ་གངས་དཀར་གྱི་སེང་གེ་འདྲ་བ་དབང་ཕྱུག་དཔལ་ལྡན་སོགས་དོན་གཉེར་ཅན་མང་པོས་བསྐུལ་བའི་ངོར། རྡོ་རྗེ་ཐེག་པའི་གསང་ཚིག་ལ་འདྲིས་པའི་རིག་པ་འཛིན་པ་པདྨ་དཀར་པོས་གནམ་ལོ་འབྲུག་གི་ལྷ་བབས་དུས་ཆེན་ལ་ཆོས་སྨྲ་བའི་འདུན་ས་རྒྱལ་བྱེད་ཀྱི་ཚལ་དུ་སྦྱར་བའི་ཡེ་གེ་པ་རིན་ཆེན་བསྟན་པ་རྒྱལ་མཚན་གྱིས་བགྱིས་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་གྱུར་ཅིག རྨད་བྱུང་དོན་བརྒྱུད་བསྟན་པའི་བང་མཛོད་ཆེ། །ཀུན་མཁྱེན་བླ་མའི་གསུང་གསང་ནོར་བུའི་ཕྲེང་། །པར་གཞི་ཁ་སྐོང་དགོས་རིགས་འབྲུག་སྒར་གྱི། མཛོད་ཁྲི་ཐབས་མཁས་ཅན་ནས་བཞེངས་དགེའི་མཐུས། །ཕ་མ་སྐུ་གཤེགས་དཔལ་ལྡན་ཅན་གྱིས་གཙོས། །འབྲེལ་ཐོབ་མཁའ་མཉམ་དུཿཁའི་མུན་བསལ་ཏེ། །རྣམ་དག་སྐུ་བཞིའི་གྲོང་ཁྱེར་ཉམས་དགའ་བར། །རྡོ་རྗེ་འཆང་གི་རྒྱལ་སྲིད་བརྙེས་པར་སྨོན།། ཅེས་རྒྱུ་སྦྱོར་མི་དབང་གན་མཛོད་མཆོག་གི་བཀས་བསྐུལ་བ་ལྟར། ངག་གི་དབང་པོས་སོ།། །།སརྦ་མངྒ་ལཾ།། །།


no previousཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་ཁྲིད་རྡོ་རྗེ་ཐེག་པའི་སར་བགྲོད་པའི་ཤིང་རྟ་ཆེན་པོ།next