Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་འགྲེལ་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ།


 
previousཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་འགྲེལ་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ།no next

ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་འགྲེལ་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ།

ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་འགྲེལ་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་ཞེས་བྱ་བ་བཞུགས་སོ། །རྒྱལ་བ་ཐམས་ཅད་དང་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དབྱེར་མི་ཕྱེད་པའི་སློབ་དཔོན་ཆེན་པོ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །སོ་སོ་རང་གིས་རིག་པས་དངོས་འཛིན་དགྲ་བོའི་གཡུལ་བཅོམ་གྲངས་མེད་རིགས་ཀྱི་རྩེར་སོན་པས། །རོ་རྐྱང་ལ་སོགས་མཐའ་ཡི་རྒྱལ་ཕྲན་བྱེ་བས་མངོན་བཏུད་མཉམ་ཡངས་དབུ་མའི་ཁྲིར་བཞུགས་ཤིང་། །སྒྲིབ་མེད་སྒྱུ་འཕྲུལ་སྣང་བའི་རྩིབས་སྟོང་ཅན་ནི་མ་ལུས་ཕྱོགས་ཀྱི་འཁོར་ལོར་སྒྱུར་བ་ཡི། །སྐུ་ཡི་རྡོ་རྗེ་སྣ་ཚོགས་གཟུགས་བརྙན་སྤྲུལ་པར་གྲགས་པའི་གདུགས་དཀར་ཅན་ལ་ཕྱག་འཚལ་ལོ། །བཅུ་གཉིས་ཁྱིམ་དུ་ཉི་ཟླའི་ལམ་ནས་རྒྱུ་བ་འཕོ་བའི་གཡེམ་མས་ཅོ་འདྲིར་བྱས་ལ་འབྱུང་འཇུག་ཆགས་པའི་སྦྱོར་བ་རབ་བཏང་ནས། །དཔལ་ལྡན་དང་པོའི་དབྱངས་ཀྱི་ཚལ་དུ་ཅི་དགར་ཞུགས་ཏེ་མཁའ་མཉམ་འགྲོ་བའི་སྐད་ཀྱི་དབང་པོ་ཐམས་ཅད་མ་ལ་དགྱེས་རོལ་པས། །རབ་གསལ་ཨཱ་ལི་ཀཱ་ལིའི་གདངས་ཀྱིས་རྣམ་བཀྲ་ཇི་སྙེད་ཆོས་ཀྱི་ཕུང་པོ་དེ་ལྟར་གྱུར་པའི་ལང་ཚོ་འཆང་བའི་ལོངས་སྤྱོད་རྫོགས། །ནཱ་དའི་སྐད་དམ་སྒྲ་ཚུལ་གཞོམ་མེད་སྒྲ་དང་གསུང་གི་རྡོ་རྗེ་ཞེས་བྱ་རྣམ་མང་མིང་གིས་བསྙད་བྱ་དེ་ལ་ཕྱག་འཚལ་ལོ། །ཐོག་མ་དབུས་མཐའི་ཆུ་འཛིན་ཉེར་ཞི་ཡོད་དང་མེད་པ་གཉིས་ཀ་དེ་མིན་ཕ་མཐའ་འཇལ་བའི་ཚད་མའི་ཡུལ་འདས་ཤིང་། །རྣམ་ཀུན་ཤེས་བྱ་ཀུན་གྱི་རྗེས་འགྲོ་མཐའ་དག་བསམ་པའི་རྒྱུ་སྐར་འཛིན་མཁས་བདེན་དོན་བཅུ་གཉིས་ཁྱིམ་གྱིས་འཁྱུད་གྱུར་པ། །ཨེ་ཝཾ་ཉི་ཟླ་རོ་མཉམ་གནས་གང་དེ་ཉིད་བཅུ་དྲུག་གནམ་ཀའི་མདངས་མཛེས་སྲིད་ཞིའི་མུན་པས་ནམ་ཡང་རྙོག་མེད་པའི། །ཐུགས་ཀྱི་རྡོ་རྗེ་བརྟན་གཡོའི་ཁྱབ་བདག་ཆོས་སྐུ་ཀུན་གསལ་ཁྱོན་ཡངས་གང་དེར་བདག་ནི་རྣམ་པ་ཀུན་གྱིས་ཕྱག་འཚལ་ལོ། །ཐོས་བསམ་ར་བར་ཞུགས་པའི་རྟོག་གེ་པ། །འབད་པ་བརྒྱས་ཀྱང་ཀུན་རྟོག་ལག་པའི་རྩེར། །དྲང་དོན་ཀ་ཤིའི་འདབ་མ་ཉིད་ཐོབ་པས། །དེ་ཡིས་དགག་སྒྲུབ་སྙན་གོང་བཀྲ་བ་ཅི། །དེ་ཕྱིར་རྒྱུད་གཞུང་སྨན་ལྗོངས་ཉམས་དགའ་བར། །ངེས་གསང་སྦྲང་རྩིའི་འབྱུང་ཁུངས་བསྒོམས་སྟོབས་ཀྱི། །ཨུཏྤལ་ཆུན་པོ་རྣ་བའི་ཟུར་ཕུད་རྩེར། །འཛེགས་པའི་ལུས་ཅན་སུ་ཞིག་སྐལ་བཟང་མིན། །དེ་སླད་ལུང་རིག་ཕུལ་གྱི་ཆུ་མཚོ་ལས། །སྐྱེས་པའི་སྒྲུབ་ཐབས་གསེར་གྱི་འདབ་བརྒྱའི་དཔྱིད། །རི་མོར་བྱེད་པའི་ཉི་འོད་གསར་པ་ཞིག །ཡིད་ཀྱི་ནམ་མཁའ་འདི་ལས་དལ་བུར་ཤར།། །།གང་ཡང་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཕྱིར་མདོ་དང་རྒྱུད་སྡེ་ལས་ཡང་དག་པར་གསུངས་པའི་ལུང་གི་ཚིག་མ་ལུས་པ་རབ་ཏུ་གསལ་བར་བྱེད་པའི་སྒྲུབ་པའི་ཐབས་ཉིན་མོར་བྱེད་པ་ལྟ་བུ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་འདི་བཤད་པར་བྱ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་གྲུབ་པ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་བཤད་པ་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསང་བ་མཆོག་ན་དགྱེས་པ་དེ་ཉིད་འོག་མིན་གྱི་ཞིང་དུ་རིགས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་དྲུག་པ་རྡོ་རྗེ་འཆང་ཆེན་པོར་གྲུབ་པས་མ་དག་པའི་འཇིག་རྟེན་འདིར་ཡང་མཆོག་གི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པར་སྣང་ངོ་། །དེས་ཉིད་དང་མཉམ་པའི་དཔའ་བོ་དང་མཁའ་འགྲོ་མ་ཚད་དང་། བགྲང་བ་དང་། དཔེར་བགྱི་བར་ཡང་མི་བཟོད་པའི་འཁོར་གྱི་དབུས་སུ་མ་འོངས་པའི་གདུལ་བྱ་ལ་རྗེས་སུ་བརྩེ་བས་རྡོ་རྗེའི་ཚིག་འདི་གསུངས་པ་གསང་བ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སྙིང་པོས་བསྡུས་ཏེ་ཨུ་རྒྱན་གྱི་ཡུལ་དྷརྨ་གཉྫྱོ་སྟེ། ཆོས་ཀྱི་མཛོད་དུ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་ཌཱ་ཀི་མ་རྣམས་ལ་གཏད་དོ། །དེ་ལས་ཆ་ཤས་རེ་རེ་ཙམ་དུས་ཕྱི་ཞིག་ན་སྡུད་པ་པོ་དེའི་དྲིན་ལས་འཕགས་པའི་ཡུལ་དུ་གཤེགས་ཏེ། ཕྱག་རྒྱ་ཆེན་པོའི་གདམས་པ་ནི་སློབ་དཔོན་བྲམ་ཟེ་ཆེན་པོས་རྙེད་ནས། ལཱུ་ཡི་པ། དེས་དཱ་རི་ཀ་པ་དང་ཌིངྒི་པ་མཆེད་ལ་གདམས་སོ། །ཕའི་རྒྱུད་ཀྱི་རྣམས་ནི་ལྷའི་བུ་བློ་གྲོས་རིན་ཆེན་གྱིས་ཀླུ་སྒྲུབ་སྙིང་པོ་ལ་སྩལ་ཅིང་། མ་ཏཾ་ཀིས་དེ་ལ་ནོད་དོ། །མའི་རྒྱུད་ཀྱི་རྣམས་ནི་སུ་མ་ཏི་སྐལ་བ་བཟང་མོས་ཐང་ལོ་པ། དེས་ཤིང་ལོ་པ། དེས་ཀརྞའི་རི་ལ་བཞུགས་པ་རྡོ་རྗེ་དྲིལ་བུ་པ་ལའོ། །འོད་གསལ་ལ་སོགས་པ་ནི་ཌོམྦི་ཧེ་རུ་ཀས། །རྣལ་འབྱོར་མ་བི་ན་ས་བཛྭ་ལ། དེ་ལ་ཨུ་རྒྱན་གྱིས་མཁན་པོ། །ལྭ་བའི་མཚན་ཅན་གྱིས་གསན་ཏེ། དེ་དག་སོགས་མང་པོ་ཞིག་གྲུབ་པ་ཐོབ་ཅིང་གསང་སྔགས་དར་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཐུགས་ཀྱི་རྡོ་རྗེ་ཉིད་ཏེ་ལོ་པ་ཞེས་བྱ་བར་སྤྲུལ་པའི་སྒྱུ་མ་བཟུང་སྟེ། ཨོ་ཌི་ཡཱ་ཎར་རྡོ་རྗེ་བཙུན་མོའི་ལུང་ཐོབ་ཅིང་ངཱ་རི་ཀ་པ་མཆེད་དང་། དྲིལ་བུ་པ། མ་ཏཾ་ཀི །ལྭ་བའི་ན་བཟའ་ཅན་བླ་མར་བསྟེན་པ་དང་། ཀླུ་སྒྲུབ་ཉིད་ལས་སྒྱུ་མ་སུམ་འཁྱུད་དང་། སུ་མ་ཏི་ལ་ལས་རྒྱ་དང་རྨི་ལམ། བརཏལ་ཞུགས་སྤྱོད་པ་ནག་པོ་པ་ལ་གཏུམ་མོ་ཐོས་པའང་མཛད་པས། བཀའ་བབས་ཀྱི་ཆུ་བོ་བཞི་དང་ལྡན་པར་གྲགས་པ། འོག་མིན་གྱི་ཞིང་དུ་སྐུ་ལུས་དེ་ཉིད་ཀྱིས་བྱོན་ནས་རྡོ་རྗེ་འཆང་ཆེན་པོ་དང་མཇལ། ཕྱག་ན་རྡོ་རྗེ་དང་བགྲོས་ཏེ་ཁྱད་པར་གྱི་ཆོས་བསྐྱེད་རིམ་ཐམས་ཅད་ཡན་ལག་དྲུག་པ་དང་བཞི་པ། རྫོགས་རིམ་ཕ་རྒྱུད་ཐམས་ཅད་ཕ་རྒྱུད་རིམ་ལྔ། མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞི་དང་ཡན་ལག་དྲུག །ཚིག་གསུམ་དུ་བསྟན་པ་ཐམས་ཅད་བསྡུས་ནས་སྐུ་གསུམ་ལམ་དུ་འཁྱེར་བའི་གདམས་པ་འདི་ཐུགས་སུ་ཆུད་པར་མཛད་པས་མིའི་བླ་མ་ལ་མ་ལྟོས་པར་ཡང་བཤད་པར་རིགས་ལ། ཕྱིར་འཛམ་བུ་གླིང་དུ་བབས་ནས། བསྟན་པ་གནས་ཀྱི་བར་དུ་རྣལ་འབྱོར་གྱི་སྤྱོད་པ་སྐྱོང་ཞིང་བཞུགས་སོ། །དེའི་ཚེ་ཁ་ཆེ་བ་རིགས་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་ནཱ་རོ་ཏ་པ་ཌཱ་ཀི་ནིའི་ཚིག་གིས་བསྐུལ་ཏེ། ཡང་དག་པའི་ལམ་འཚོལ་བར་བཞེད་ནས་བདེ་མཆོག་ཡི་གེ་བདུན་པའི་རིག་པ་ཞག་བདུན་བསྒྲུབས་པས། ས་གཡོ་བ་དང་། སྒྲ་དང་། འོད་དང་བཅས་ཏེ་ལུང་བསྟན་པ་ཐོབ་ནས། པཎྜྻི་ཏ་དང་རྒྱལ་པོ་ཇི་སྙེད་པས་གསོལ་ཀྱང་བཤོལ་མ་ཐེབས་ཏེ། ཤར་ཟ་ཧོར་གྱི་རྒྱལ་ཁམས་ཆེན་པོ་མྱུལ་བར་བཞུད་དོ། །དེར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་རྙེད་ནས་སྲིད་པའི་སྡུག་བསྔལ་ཁྱད་དུ་གསོད་པ་བཅུ་གཉིས་ཀྱིས་རིམ་གྲོར་མཛད་པས་མེ་མ་མུར་བ་ཞེས་གྲགས་ལ་འཆི་བ་མེད་པའི་སྐུ་གྲུབ་ཅིང་། གདམས་པ་འདི་ལ་སོགས་པ་བུམ་པ་གཅིག་ནས་གཞན་པའི་བུམ་པར་བྱོ་བ་བཞིན་དུ་བྱས་པས། སློབ་དཔོན་ཉིད་དང་མཉམ་པར་འཇིག་རྟེན་ན་ཉི་མ་དང་ཟླ་བ་ལས་ཀྱང་གྲགས་པ་ཆེའོ། །དེ་ལ་བོད་ཡུལ་གྱི་ཉི་འོད་ལྷོར་བལྟམས་པ་སྒྲ་བསྒྱུར་བ་ཐམས་ཅད་ཀྱི་དབང་པོ་མར་པའི་ཞལ་སྔ་ནས་ལན་གསུམ་དུ་རྒྱ་གར་དུ་བྱོན། །ཇོ་བོ་ཆེན་པོ་དེ་ལ་རི་མོར་བྱེད་པ་བརྒྱ་སྟོང་གིས་བསྟི་སྟང་དུ་བྱས་པས། ཐུགས་ཀྱི་བཅུད་འདི་ལ་སོགས་པའི་ཆོས་ཀྱི་བློ་གྲོས་ཅིའང་རྒྱས་པ་ཐམས་ཅད་མཁྱེན་པའི་ས་ལ་བཞུགས་སོ། །དེས་གནང་བ་ནི་ཁབ་གུང་ཐང་པ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་མངོན་སུམ་དུ་གསང་མཚན་བཞད་པའི་རྡོ་རྗེར་བཏགས་ཤིང་། གཏམ་དུ་བསྐྱར་ཡང་ཡིད་བརྣངས་པར་འགྱུར་བའི་དཀའ་བ་བརྒྱ་ཕྲག་དུ་མས་འདོད་པའི་དངོས་གྲུབ་ཆེན་པོ་གྲུབ་པ་དེའོ། དེ་ལ་འཇའ་ཚོན་གྱི་སྐུ་ཅན་རས་ཆུང་ཞབས་དང་། རྫོགས་པའི་སངས་རྒྱས་ཉིད་ཀྱིས་སྙིང་རྗེ་པདྨ་དཀར་པོའི་མདོར་དགེ་སློང་འཚོ་བྱེད་ཅེས་བསྟན་པ་ལ་བྱ་བ་བྱེད་པར་ལུང་བསྟན་པ་སྤྲུལ་པའི་སྐུ་ཟླ་འོད་གཞོན་ནུར་གྱུར་པ་གཉིས་ཀྱིས་ནོད་ལ། སྔ་མས་ནི་དངོས་གྲུབ་བརྙེས་པ་ཙའི་རྒྱལ་བ་ལོ་དང་། ལ་སྟོད་གཅུང་གི་སུམ་པ་གཉིས་དང་། ཕྱི་མས་བསྟན་པ་ཐམས་ཅད་ཐུགས་སུ་བྱོན་པས་བདེ་བ་ཆེན་པོའི་ཕ་རོལ་ཏུ་གཤེགས་པ་དཔལ་ཕག་མོ་གྲུ་པ་ལ་བཤད་དོ། །དེ་གསུམ་ཆར་གྱིས་ཕྱག་རྒྱ་ཆེན་པོ་གྲུབ་པ་ལ་ཆུ་བོ་གངྒཱ་ཚུན་ཆད་ན་འགྲན་པའི་ཟླ་མེད་པ་གླིང་རས་པ་ལའོ། །དེའི་སློབ་མའི་མཆོག་ནི་སྐྱེ་དགུའི་བསོད་ནམས་ཀྱིས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཐུགས་རྗེ་ཉོས་པ་ཆོས་ཀྱི་རྗེའོ། །དེ་ནས་གྲུབ་པ་མང་པོས་བྱང་ཆུབ་བརྙེས་པའི་རྡོ་རྗེའི་གདན་ར་ལུང་གི་གདན་རབས་རིམ་པར་འཁྲུངས་པ་སློབ་མར་བཅས་པའི་སྙན་དུ་བབས་བཞིན་པ་དང་། མཁའ་སྤྱོད་ཆེན་པོ་ལ་བཞུགས་པ་རྔོག་ཆོས་ཀྱི་རྡོ་རྗེ་ནས་རིན་པོ་ཆེ་བདུན་པའི་བར་གྱི་ཞལ་སྒོར་རྒྱུ་བའི་ཆུ་བོ་གཉིས། སྙིགས་དུས་ཀྱི་ཐམས་ཅད་གཟིགས་པ་རྒྱལ་བའི་དབང་པོའི་ཐུགས་མཚོར་བསྡམས་ཏེ། ཐར་པར་ཆས་པའི་གདེངས་ཅན་ཐམས་ཅད་ཀྱི་བདག་པོ་ངག་གི་དབང་པོའི་སྤྱོད་ཡུལ་དུ་མཛད་དོ། །དེ་ལས་ལྷོ་ཕྱོགས་ཤམ་བྷ་ལའི་རིགས་ལྡན་ཕྱག་ན་པདྨ་འཁྲུངས་ཤིང་། དེའི་ཆོས་ཀྱི་གྲགས་པའི་དྲི་བསྲུང་གིས་མྱོས་པས་ཨ་བ་དྷཱུ་ཏི་པ་བཙུན་མོ་ཅན་སྲིད་པ་དང་ཞི་བ་ཐམས་ཅད་སྒྱུ་མ་ཙམ་དུ་གཟིགས་པའི་གར་གྱིས་འཚོ་བར་གྱུར་ཏོ། །དེ་དང་བདག་ཉིད་ཆེན་པོ་ངག་གི་དབང་པོ་ཞེས་བརྗོད་དུ་མེད་པའི་ཡོན་ཏན་གྱི་འབྱུང་གནས་གཉིས་མཉེས་པར་བྱེད་པ་ལ་བརྩོན་པས། པདྨ་དཀར་པོ་བདག་ཀྱང་དེ་ཁོ་ན་ཉིད་བཤད་པ་ལ་ཁ་བྱེ་བ་ཡིན་ནོ།། །།གཉིས་པ་ལ། འཆད་བྱེད་ཀྱི་མཚན། བཤད་བྱའི་ལུས། བཤད་ཟིན་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། རྒྱ་གར་སྐད་དུ། ཨཱ་ཧ་པྲ་མ་ཎ་སཾ་མྱཛྫྙཱམ་ཌཱ་ཀི་ནཱི་ཨུ་པ་དེེ་ཤ། བོད་སྐད་དུ། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག །ཨཱ་ཧ་བཀའ་སྟེ་རྡོ་རྗེ་འཆང་ཉིད་ཀྱི་གསུང་དྲི་མ་མེད་པ་ཡིན་པས་སོ། །པྲ་མ་ཎ་སཾ་མྱཛྫྙཱ་མ། ཡང་དག་པའི་ཚད་མ་ཞེས་བྱ་བ་སྟེ། ཡང་དག་པ་ནི་དེ་ཁོ་ན་ཉིད་དོ། །དེ་ཡང་བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་པའི་མཚན་ཉིད་ཅན་གྱིས་མི་སླུ་བ་ཡིན་པས་ཚད་མ་སྟེ། ཁྱད་གཞི་དེ་ཉིད་སྟོན་པས་ཁྱད་པར་གྱི་ཆོས་འདི་ལ་ཡང་ཡང་དག་པའི་ཚད་མ་ཞེས་བྱའོ། །ཌཱ་ཀི་ནཱི་ཨུ་པ་དེ་ཤ །མཁའ་འགྲོ་མའི་མན་ངག་སྟེ། རྣལ་འབྱོར་མ་གཙོ་ཆེར་འདུལ་བ་མའི་རྒྱུད་ཀྱི་དོན་ཚིག་ཉུང་ངུས་ཞིབ་མོར་གཏན་ལ་ཕབ་པས་སོ། །ཅིའི་ཕྱིར་རྣལ་འབྱོར་མའི་རྒྱུད་ཀྱི་དབང་དུ་མཛད་ཅེ་ན། རྣལ་འབྱོར་ཕའི་རྒྱུད་དུ་སྦས་པ་དེ་དག་ཀྱང་རྣལ་འབྱོར་མའི་རྒྱུད་ཀྱིས་ཤེས་པར་བྱ་དགོས་པས་སྟེ། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་མ་ཡི་རྒྱུད་ཤེས་ནས། །རྣལ་འབྱོར་རྒྱུད་ལ་ཡིད་ཆེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འགྱུར་མཛད་པའི་ཕྱག་སྟེ། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད་ཅན་དང་། རྡོ་རྗེ་སྣ་ཚོགས་གཟུགས་ཅན། སྤྲུལ་པ་སྐུའི་མཚན་ཉིད་ཅན་དང་། འཆང་བ་གཞོམ་དུ་མེད་པའི་སྒྲ་བརྙན་ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་ཅན་དང་། ཆེན་པོ་དམིགས་པ་མེད་པའི་སྙིང་རྗེ་ཆོས་ཀྱི་སྐུའི་མཚན་ཉིད་ཅན་སྟེ། དེ་ལྟ་བུའི་སྐུ་གསུང་ཐུགས་ཡེ་ཤེས་དབྱེར་མེད་པ་གང་ལ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །དེ་ཉིད་སོ་སོ་རང་གིས་རིག་པ་ཉིད་ཕྱག་འཚལ་བ་སྟེ། ཕྱག་ཆེན་ཐིག་ལེར། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། རང་གིས་རིག་པའི་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ།། །།ཉིས་པ་ལ། གང་འཇུག་པ་རྟེན་གྱི་གང་ཟག །གང་དུ་འཇུག་པའི་ལམ་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཉིད་གང་ཟག་གི་རྒྱུད་ཚོད་དང་འཚམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་ངེས་པར་བྱ་བའི་ཆེད་དུ། གང་ཟག་བློ་ཡི་ཁྱད་པར་གྱིས། །ཞེས་གསུངས་ཏེ། ཇི་ལྟར་འདོད་ཆགས་དང་བྲལ་བའི་གཟུགས་སུ་མངོན་པར་སྤྲུལ་ནས་དམན་པ་ལ་མོས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་མཛད་ཅིང་འདོད་ཆགས་དང་བྲལ་བའི་སྤྱོད་པ་སྟོན་པ་དང་། རྒྱ་ཆེན་པོ་ལ་མངོན་པར་ཞེན་པ་རྣམས་ལ་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་པ་ཆོས་ལ་བདག་མེད་པ་རྟོགས་པར་མཛད་ཅིང་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་མཛད་པ་དང་། འཁོར་ལོ་སྒྱུར་བའི་གཟུགས་སུ་སྤྲུལ་ནས་ཟབ་མོ་ལ་ལྷག་པར་དད་པ་རྣམས་ལ་བདེན་པ་གཉིས་གཉིས་སུ་མེད་པར་རྟོགས་པར་མཛད་ཅིང་འདོད་ཆགས་ཀྱི་སྤྱོད་པ་སྟོན་པར་མཛད་པ་ཡིན་ནོ། །དེ་ལའང་ཁ་ཅིག་ནི་ཕྱིའི་གཙང་སྦྲ་དང་བདག་གི་དེ་ཁོ་ན་ཉིད་ལ་སོགས་པས་ལྷག་པའི་ལྷ་མཉེས་པར་བྱས། མངོན་པར་མཐོ་བའི་དཔལ་ཉམས་སུ་མྱོང་བཞིན་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབས་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་ལ་བྱ་བ་གཙོ་བོར་བཏོན་པའི་རྒྱུད་དང་། ཕྱིའི་བྱ་བ་དང་བྱ་བ་མ་ཡིན་པ་སྤངས། མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་གྱིས་མངོན་མཐོ་མྱོང་ནས་ཚོགས་གཉིས་བསགས་ཏེ་སངས་རྒྱས་ཐོབ་པར་འདོད་པ་ལ་སྤྱོད་པའི་རྒྱུད་དང་། ཕྱི་རོལ་གྱི་བྱ་བ་སྨད་ཅིང་ནང་གི་རྣལ་འབྱོར་དམ་ཚིག་སེམས་དཔའ་དང་། ཕྱི་རོལ་ཡེ་ཤེས་སེམས་དཔའ་ཕྱག་རྒྱ་བཞི་དང་ལྡན་པ་མཉེས་པར་བྱ་བ་ལ་སོགས་པའི་རིམ་པས་རང་གི་ལྷ་མཉེས་པར་བྱས་མངོན་མཐོ་མྱོང་སྟེ་ཚོགས་གཉིས་རྫོགས་པས་སངས་རྒྱས་ཐོབ་པར་འདོད་པ་ལ་རྣལ་འབྱོར་གྱི་རྒྱུད་དང་། སེམས་ཇི་ལྟ་བ་བཞིན་དུ་བརྟག་པའི་ཐབས་ལ་བརྩོན་འགྲུས་དང་ལྡན་པས་བསྐྱེད་པ་དང་རྫོགས་པའི་རིམ་པས་སྐད་ཅིག་རེ་རེ་ལའང་སྣོད་བཅུད་ལམ་དང་འབྲས་བུར་བཅས་པར་སྦྱོང་བར་བྱེད་ཅིང་། རྣལ་འབྱོར་དང་ཕྱག་རྒྱ་ལ་བསྟེན་ནས་ཚེ་འདི་ཉིད་ལ་རབ་དང་རབ་ཀྱི་མཐར་ཕྱིན་པར་འགྱུར་བ་ལ། སོམ་ཉི་མེད་པ་དག་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་ཏེ། ཕྱི་མ་ལའང་། རིན་པོ་ཆེ་ལྟ་བུའི་ཅིག་ཅར་བ་དང་། ཨུཏྤ་ལ། པདྨ་དཀར་པོ། པདྨ་དམར་པོ། ཙནྡ་ལྟ་བུ་བཞི་ནི་རིམ་གྱིས་པ། དེ་བས་ན། ཅིག་ཅར་བ་དང་རིམ་གྱིས་པ། ཞེས་སོ། །དེ་གཉིས་ལས་གཞན་པ་ནི་རེ་ཞིག་འདིར་སྐལ་བ་མེད་པ་ཞེས་བྱ་སྟེ། རྒྱུད་སྡེར་གཞུག་པ་ལ་ཉན་ཐོས་ལ་སོགས་པའི་ལམ་ལ་རིམ་གྱིས་སྦྱང་དགོས་པའི་ཕྱིར་ཏེ། བརྟག་གཉིས་སུ། སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། ཞེས་ཞུས་པའི་ལན་དུ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །ལས་དང་པོ་པའི་རིགས་ཅན་བརྩོན་འགྲུས་དང་ལྡན་པ་སྐྱེ་བ་འདི་རང་ལ་འཚང་རྒྱ་བར་འདོད་པ་དེ་དག་ལ་རིམ་པ་བཞིན་དུ་བཀྲི་བའི་སྔགས་ཀྱི་ལམ་བསྟན་དགོས་སོ། །ཚུལ་དེས་གཅིག་ཅར་བ་བཀྲིས་ན། དེ་དག་ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ལམ་དང་བྲལ་བས། དེའི་རྣམ་པར་གྲོལ་བ་རྒྱང་རིང་དུ་འགྲོ་བས་ཏེ། གསང་བ་འདུས་པ་ལས། དཀའ་ཐུབ་དཀའ་སྤྱད་མི་བཟད་པས། །བརྟེན་ན་འགྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་ལ་ལོངས་སྤྱོད་པས། བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དཔེར་ན་ག་བུར་ཚད་པ་ལ་སྨན་ཡིན་ཡང་གྲང་བ་ལ་དུག་ཏུ་འགྱུར་བ་བཞིན་ནོ། །དེ་བས་ན། རིམ་གྱིས་པ་ཡི་སྨན་ཆེན་འདི། །ཅིག་ཅར་བ་ཡི་དུག་ཏུ་འགྱུར། །ཞེས་བསྟན་ནོ། །སྐྱེ་བ་སྔ་མ་ཕན་ཆད་དུ་སྦྱངས་པའི་འཕྲོ་ཅན་རིགས་ཆེར་སད་པ་རྣམས་ལ་ནི་གཉུག་མའི་ཡེ་ཤེས་ལམ་ཅིག་ཅར་དུ་འཇུག་པ་བསྟན་པར་བྱ་ལ། དེས་རིམ་གྱིས་པ་ཁྲིད་ན་དམིགས་པར་ལྟ་བ་དེ་དག་གིས་ངོ་བོ་ཉིད་ཡོངས་སུ་མི་ཤེས་པའི་ཕྱིར་ཉོན་མོངས་པ་རྣམས་རྐྱེན་དུ་གྱུར་ནས་ཕྱིར་འཁོར་བར་འགྱུར་བ་དཔེར་ན་པི་པི་ལིང་གྲང་བའི་སྨན་ཡིན་ཡང་ཚད་པ་ལ་དུག་ཏུ་སོང་བ་བཞིན་ཏེ། འདུལ་བ་དོན་ཡོད་པར་གྲུབ་པ་ཞེས་བྱ་བའི་རྒྱུད་ལས། གང་གི་བླུན་པོ་འཆིང་འགྱུར་བ། །དེ་ཡིས་མཁས་པ་ཡོངས་གྲོལ་ཞེས། །བྱང་ཆུབ་རྣམ་པར་བསྒོམ་ན་ནི། །འདི་དག་ཐམས་ཅད་ཕྱིན་ཅི་ལོག །གང་གིས་རྨོངས་པ་འཆིང་འགྱུར་ཞིང་། །ངུ་འབོད་མཐར་ནི་ངེས་འགྱུར་ན། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང་། །ཤེས་རབ་ཐབས་ཀྱིས་བདེ་བ་འཐོབ། །ཅེས་པས། ཅིག་ཅར་བ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །ཞེས་གསུངས་སོ། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་བ་ནི་བསྟན་པར་བྱ། །ཇི་ལྟར་ཞེ་ན། ནཱ་རོ་པའི་བཞེད་པས་ཕ་རོལ་ཏུ་ཕྱིན་པ་སྤོང་བའི་ལམ་པ་དག་ལྟར་སྤང་བྱ་སྤོང་བྱེད་དུ་འདོད་པ་མ་ཡིན་ཞིང་། ཡོ་ག་མན་ལས་བཤད་པ་བཞིན་དུ་གནས་འགྱུར་དུའང་མ་ཡིན་པས། རང་བཞིན་ཡོངས་སུ་ཤེས་པའི་ལམ་ཞེས་བྱ་བ་འདི་སྦྱིན་ཏེ། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་དག་བྱེད། །ཅེས་གསུངས་པའི་ཕྱིར་རོ།། །།གཉིས་པ་ལ། ཅིག་ཅར་དུ་འཇུག་པའི་ལམ་དང་། རིམ་གྱིས་འཇུག་པའི་ལམ་མོ། །དང་པོ་ལ། བསྡུས་པའི་དོན་དང་། མངོན་པར་རྟོགས་པ་གཏན་ལ་ཕབ་པ་གཉིས་ལས། དང་པོ་ནི། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པས། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ཚུལ་ཡིན་པས། དངོས་པོའི་གནས་ལུགས་ཞེས་བྱ་ལ། དེ་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་ནམ་མཁའ་ལྟར་འགྱུར་བ་མེད་པར་གནས་པས་རྒྱུན་ཆགས་པ་ཉིད་ཀྱི་ཕྱིར་རང་བཞིན་གྱི་རྒྱུད་ཅེས་ཀྱང་བྱའོ། །དེའི་རང་བཞིན་ཐོག་མ་མེད་པ་ནས་བག་ཆགས་ཀྱི་དྲི་མས་མ་གོས་པ་ངོ་བོ་ཉིད་ཀྱིས་གྲུབ་པའི་འོད་གསལ་བར་གནས་པས་དེ་བཞིན་ཉིད་ཅེས་བྱ་ཞིང་། རྒྱུའི་རྡོ་རྗེ་འཛིན་པ་དང་། དང་པོའི་སངས་རྒྱས་དང་། གཞི་ཕྱག་རྒྱ་ཆེན་པོ་དང་། རང་བཞིན་ལྷན་ཅིག་སྐྱེས་པ་དང་། ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་སོགས་པའི་མིང་གི་རྣམ་གྲངས་མང་པོས་བསྙད་པར་བྱ་བ་ཡིན་ནོ། དེའང་ངོ་བོ་ཉིད་ཀྱིས་འོད་གསལ་བ་མ་ཡིན་ན་ནི་སོལ་བ་བཞིན་དུ་བཀྲུས་ཀྱང་དྲི་མ་མེད་པར་མི་འགྱུར་རོ། །དེའི་ཕྱིར་བྱམས་པས། སེམས་ཅན་རྣམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནས། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཅེས་སོ། །རང་བཞིན་དེ་ལྟ་བུ་ལས་མ་འདས་ཀྱང་། སྣང་བའམ་རྣམ་པ་དང་བཅས་པ་ཉིད་ཀྱི་རྣམ་པར་འགྱུར་བ་མི་ཤིགས་པའི་ཐིག་ལེར་གྲུབ་པས། མ་དག་པའི་འཁོར་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་ཇི་སྙེད་པའི་ཆོས་ཀྱི་གཞིར་གྱུར་ལ། དེ་དག་ཉིད་སྒྲིབ་པ་དག་པ་ན་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་བཀོད་པ་ཟད་མི་ཤེས་པའི་གཞིར་ཡང་གྱུར་པས་རིགས་སམ། རྣམ་པ་ཐམས་ཅད་པའམ། དབང་པོ་ཐམས་ཅད་པ་ཞེས་བྱའོ། །བརྟག་གཉིས་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་དང་། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་ཀྱང་། གང་ཞིག་འཁོར་བའི་རྒྱུར་གྱུར་པ། དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང་རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་སོ། །རིགས་ཞེས་པ་འདྲ་བ་ལ་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་དུ་བཤད་དེ། དངོས་པོ་རིགས་མི་མཐུན་པ་རྣམས་ཀྱི་འདྲ་བ་ཉིད་གང་ཡིན་པ་དེ་རིགས་ཡིན་ནོ། །ཞེས་ལན་མང་དུ་བཤད་ཟིན་ནོ་ཞེས་པས་སོ། །དེ་ནི་འཇིག་རྟེན་པས་ཀྱང་། དེ་དེའི་རིགས་ཡིན་པར་འདུག་སྟེ། དེ་དང་འདྲ་པོ་རང་ཞིག་འདུག་པས་ཟེར་བས། རིགས་དེ་ལ་ཞེ་ས་དང་བཅས་ན་གདུང་ངམ་རུས་ཞེས་ཀྱང་བཏགས་སོ། །དེ་ཉིད་སངས་རྒྱས་ཀྱི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། གྲུབ་ཆེན། །ལྭ་བ་པས། རྒྱུའི་རྒྱུད་ནི་ཤིན་ཏུ་རྙེད་པར་དཀའ་བའི་སྒྲུབ་པ་པོའི་གང་ཟག་ལ་བཤད་པ་ནི་དེ་ཉིད་ཕྲ་བའི་གང་ཟག་ཡིན་པ་ལ་དགོངས་སོ། །ནཱ་རོ་ཞབས་ཀྱིས་རེས་འགའ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བཤད་ལ། གང་ཟག་དེ་རྣལ་འབྱོར་ཆེན་པོར་རིགས་ངེས་པའི་གང་ཟག་ལ་བརྗོད་པ་བཞིན་དུ་ཕྲ་བའི་གང་ཟག་དེ་ཉིད་ཐོག་མ་མེད་པ་ནས་རིགས་ངེས་པ་ཡིན་པ་ལ་དགོངས་སོ། །རགས་པའི་གང་ཟག་ནི་རགས་པའི་བདག་ཡིན་ལ། བྱིས་པ་རྣམས་ཀྱི་དེ་འཛིན་པའང་ཕུང་པོ་ལ་སོགས་པ་མཐོང་བ་ཉིད་ན་དེ་ལྟར་འཛིན་གྱི། ཕུང་པོ་སོགས་མ་གཟུང་བར་གཞན་གང་ཟག་ཏུ་འཛིན་པ་མེད་པས་ཏེ། དབུ་མ་འཇུག་པར། ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་གསུངས་ལ། དེའང་གང་ཟག་དང་ཕུང་པོ་ཐ་དད་དུ་འཛིན་པ་ནི་མ་ཡིན་ཏེ། ཕུང་པོ་གཟུང་བ་ན། དེར་ཇི་ཞིག་ལྟར་གང་ཟག་གི་བློ་འབྱུང་བས། ཕུང་པོ་ལ་བརྟེན་ནས་གང་ཟག་ཏུ་བཏགས་སོ། །དེ་ཉིད་དུ། གང་ཕྱིར་བདག་དེ་ཐུབ་པས་ས་ཆུ་མེ། །རླུང་དང་ནམ་མཁའ་རྣམ་ཤེས་ཞེས་བྱ་བ། ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟན་ཞིང་། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། དེས་གསུངས་ཞེས་པས་སོ། །རགས་པའི་བདག་ལ་སྐྱེས་བུ་དམན་པ་དང་། ཕྲ་བ་ལ་སྐྱེས་བུ་ཆེན་པོའི་གང་ཟག་ཅེས་བཏགས་སོ། འདིར་ཕྲ་བའི་བདག་བརྗོད་པས་མུ་སྟེགས་བྱེད་ཀྱིས་སྨྲས་པ་དང་མཚུངས་སོ་སྙམ་ན་མ་ཡིན་ཏེ། ཕྲ་བའི་གང་ཟག་འདི་ལ་མིང་གིས་བདག་ཏུ་བཏགས་ཀྱང་། འདི་མངོན་སུམ་དུ་རྟོགས་ན་སེམས་རྣམ་པར་དབེན་པ་མངོན་སུམ་དུ་རྟོགས་པ་ཡིན་པས། བདག་ལྟའི་གཉེན་པོ་མཆོག་ཏུ་འགྱུར་བ་ཡིན་ནོ། །ཐོགས་མེད་ཀྱིས་ཐེག་བསྡུས་སུ་སོ་སྐྱེའི་ལམ་དུ་ཀུན་གཞི་མི་མཐོང་ཞིང་། ས་ཐོབ་པའི་རྗེས་ཐོབ་ལ་མཐོང་བར་བཤད་ལ། བཟང་སྐྱོང་གིས་ཞུས་པར་བདེན་པ་མ་མཐོང་བས་རྣམ་པར་ཤེས་པའི་ཁམས་མི་རྟོགས་པར་བཤད་པ་ནི་རྣམ་འགྱུར་ལས་སྒྱུ་མའི་རླུང་གིས་མི་ཤིགས་པར་གྲུབ་པའི་ཚུལ་མི་མཐོང་བ་ལ་དགོངས་པ་སྟེ། དེ་ནི་འཕགས་པ་ས་ཐོབ་པ་དག་གིས་སྤྱོད་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། རྡོ་རྗེ་འཕྲེང་བར། སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་སྣང་། །ཞེས་སོ། གནས་ལུགས་དྲི་མ་མེད་པ་ཉིད་དེར་སྨིན་བྱེད་དང་གྲོལ་བའི་ཐབས་ལ་བརྟེན་ནས་བགྲོད་དགོས་པའི་ཕྱིར་ལམ་དང་། ཚོགས་ཀྱི་ས་ནས་རྡོ་རྗེའི་སའི་བར་དུ་རྒྱུན་ཆགས་པས་རིམ་པ་སྟེ། ལམ་གྱི་རིམ་པ་ཞེས་བྱའོ། །དེ་ཡོན་ཏན་མ་ལུས་བསྐྱེད་པ་དང་གནས་པའི་གཞི་ཡིན་པས་གཞིའི་རྒྱུད་དང་། འཚང་རྒྱ་བའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པས་ཐབས་ཀྱི་རྒྱུད་ཅེས་ཀྱང་བྱའོ། །རྒྱུ་དང་རྐྱེན་དེ་ལས་གློ་བུར་གྱི་དྲི་མ་དང་བྲལ་བའི་མཚན་ཉིད་ཅན་གཞན་དོན་གྱི་འབྱུང་ཁུངས་སུ་གྱུར་པའི་རྡོ་རྗེ་འཛིན་པ་ཐོབ་པ་ནི་འབྲས་བུ་སྟེ། ནམ་མཁའ་ཇི་སྲིད་དུ་སེམས་ཅན་ཟད་པར་མི་འགྱུར་ཞིང་། དེ་སྲིད་དུ་བྱང་ཆུབ་ཀྱང་རྒྱུན་མི་ཆད་པས། སྐྱེ་བའི་རིམ་པ་སྟེ། འབྲས་བུ་སྐྱེ་བའི་རིམ་པ་ཞེས་སམ། འབྲས་བུའི་རྒྱུད་དོ། །བག་ཆགས་ཀྱི་དྲི་མ་རྣམས་ཀྱིས་བར་ཆད་དེ་བཟློག་པའམ། རིག་པ་རྒྱུན་ཆད་པའི་མྱ་ངན་ལས་འདས་པར་ཞུགས་པ་ལྟ་བུའི་གཞན་དོན་ཉམས་པ་མེད་པ་གཏན་དུ་བའི་མཚན་ཉིད་ཅན་ཡིན་པས་མི་འཕྲོག་པའི་རྒྱུད་ཅེས་ཀྱང་བྱའོ། །འདུས་པ་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། །རྒྱུན་ནི་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོག་པ་ཡི་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཤེས་བྱ་བ་ཡིན། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་སོ། །ཅིའི་ཕྱིར་དབང་པོ་རྣོན་པོའི་ལམ་དུ་དངོས་པོའི་གནས་ལུགས་ལ་སོགས་པ་བཤད་ལ། རིམ་གྱིས་པའི་ལམ་དུ་མ་ཡིན་ཞེ་ན། བདེན་པ་གཉིས་ཀྱིས་ཡོངས་སུ་བཟུང་བའི་ལུས་དངོས་པོའི་དོན་མ་ལུས་པ་ཡོངས་སུ་སྤྱོད་པར་བྱེད་ཅིང་། བདེ་བ་ཆེན་པོའི་འབྲས་བུ་མཆོག་ལ་མངོན་པར་དགའ་བ་ནི་ཅིག་ཅར་བ་ཡིན་པས་སོ།། །།གཉིས་པ་མངོན་པར་རྟོགས་པ་གཏན་ལ་ཕབ་པ་ལ། དངོས་པོའི་གནས་ལུགས། ལམ་གྱི་རིམ་པ། འབྲས་བུ་སྐྱེ་བའི་རིམ་པ་གསུམ་ལས། །དང་པོ་ལ། ལུས་དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་སོ། །དང་པོ་ལ། རགས་རིམ་ནས་ངོས་གཟུང་། ཕྲ་རིམ་ནས་གཏན་ལ་ཕབ་པ་གཉིས་ལས། །དང་པོ་ནི། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་གྱི་གནས་ལུགས་སོ། །ཞེས་པས་རྟེན་ལུས་ལ་བརྟེན་པ་སེམས་ཁྱབ་བྱེད་དུ་ཞུགས་པའི་ཕྱིར་དངོས་པོའི་གནས་ལུགས་གཉིས་སུ་འགྱུར་ཏེ། མེ་ཏོག་དང་མེ་ཏོག་གི་དྲི་ལྟ་བུའོ། །ཇི་ལྟར་མེ་ཏོག་མ་ཤེས་པར་དེའི་དྲི་ཤེས་པར་མི་ནུས་པ་བཞིན་དུ། རྟེན་ལུས་དངོས་པོའི་གནས་ལུགས་མ་ཤེས་པར་བརྟེན་པ་སེམས་དངོས་པོའི་གནས་ལུགས་མི་རྟོགས་པས་ཐོག་མར་ལུས་གཏན་ལ་དབབ་དགོས་ཏེ། བརྟག་གཉིས་ལས། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་དང་། སམྦུ་ཊར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་ཆོ་གས་ཀྱང་། །ལུས་ཀྱི་དེ་ཉིད་མི་ཤེས་ན། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་སོ། །རྟེན་ལུས་ཤེས་པས་བརྟེན་པ་སེམས་ཀྱི་གནས་ས་ཤེས་ལ། དེར་གནད་དུ་བསྣུན་པས་དངོས་གྲུབ་རང་དབང་མེད་པར་འབྱུང་བ་ནི། བའི་ལུས་ལ་འོ་མས་ཁྱབ་ཀྱང་། ར་རྩེ་ནས་འཐེན་ན་མི་འོང་ནུ་ཁ་ནས་འཐེན་ན་འོང་བ་ལྟ་བུའོ། །དེའི་ཕྱིར། ལུས་ཀྱི་གནས་ལུགས་བསྟན་པ་ནི། །རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་པ་སྟེ། །རྣལ་འབྱོར་ཕའི་རྒྱུད་འདུས་པ་ལ་སོགས་པར་ཡེ་ཤེས་ཀྱི་རིགས་སྦས་ནས་སྐུ་གསུང་ཐུགས་གསུམ་དུ་ཕྱེ་ལ། དེའི་དབང་གིས་རྒྱས་པར་ཕྱེ་བའི་ཚེའང་རིགས་ལྔར་བཞག་ཅིང་། ཁྱབ་བྱ་ཁྱབ་བྱེད། རྟེན་བརྟེན་པའི་བྱེ་བྲག་གིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་གསུམ་ཚན་ནམ་ལྔ་ཚན་དུ་གཙོ་ཆེར་བཤད་དོ། །རྣལ་འབྱོར་མའི་རྒྱུད་བདེ་དགྱེས་དུས་ཀྱི་འཁོར་ལོ་ལ་སོགས་པར་རིགས་བཞིར་ཕྱེ་ཞིང་། དེ་ལས་རིགས་དྲུག་ཏུ་བཞག་སྟེ། བཞི་འགྲོས་དང་དྲུག་འགྲོས་ཀྱིས་ཐམས་ཅད་ཀྱང་མ་སྦས་པ་གསལ་བར་བཤད་དོ། །དེ་ལྟར་ཡང་དགྱེས་རྡོར་འབུམ་ལྔ་ལས། རིགས་གསུམ་དང་ནི་རིགས་བཞིའི་རྒྱུད། །དེ་བཞིན་རིགས་ལྔ་རིགས་དྲུག་སྟེ། ཁྱབ་བྱ་ཁྱབ་བྱེད་དབྱེ་བ་ཡིས། །བརྟེན་པ་རྟེན་གྱི་བྱེ་བྲག་ལས། །ཞེས་གསུངས་སོ། །སྔ་མའི་དབང་དུ་བྱས་ནས། རིགས་དང་ནི་ལུས་ཡིན་ལ། དེ་གདགས་པའི་གཞི། ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་དྲུག །ཡུལ་ལྔ། ཡན་ལག་དང་ཉིད་ལག་ཏུ་བཅས་པ་སྤུངས་པའམ་ཚོགས་པའོ། །ཡུལ་དབང་ལ་སོགས་ཁམས་རྣམས་ཕྲད་པའི་ཕྱིར་ཤེས་རབ་དང་། ལྟ་བ་དང་། ཡིད་དང་། མ་རིག་པ་དང་། བག་ཆགས་དང་། སྲེད་པ་དང་། ཉོན་མོངས་པའི་རྒྱུན་ལ་བསགས་པ་ཞེས་བྱའོ། །ཇི་ལྟར་གྲུབ་པའི་ལུས་ཀྱི་ངོ་བོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པ་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་ལ་གནས་པའོ། །རྣམ་པར་དབྱེ་ན། གཟུགས་རྣམ་སྣང་ལ་ཕྱི་ནང་གཉིས་ཀའི་རིང་པོ་སོགས་དབྱིབས་ཀྱི་གཟུགས་དང་། བདག་གཞན་སོགས་རྣམ་པའི་དང་། སྔོན་པོ་སོགས་ཁ་དོག་དང་། ཉི་ཟླ་སོགས་སྣང་བའི་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ། ལྔ་ནི་རྣམ་སྣང་ནས་མི་བསྐྱོད་པའི་བར་ཏེ་འོག་མ་རྣམས་ལའང་སྦྱར་རོ། །ཚོར་བ་རིན་འབྱུང་ལ་བཏང་སྙོམས་ཀྱི་ཚོར་བ་དང་། བདེ་རླུང་ལས་སྐྱེས་པའི་དང་། བདེ་བའི་དང་། སྡུག་བསྔལ་གྱི་དང་། འདུས་ཁྲིས་ལས་བྱུང་བའི་ཚོར་བ་དང་ལྔའོ། །འདུ་ཤེས་སྣང་མཐའ་ལ། མི་གཡོ་ཞིང་མི་རྒྱུ་བའི་དང་། རྐང་བཞི་པའི་དང་། རྐང་མེད་ཀྱི་དང་། རྐང་མང་གི་དང་། རྐང་གཉིས་པའི་འདུ་ཤེས་སྟེ་ལྔའོ། འདུ་བྱེད་དོན་གྲུབ་ལ། ལུས་ཀྱི་དང་། ཁམས་གསུམ་གྱི་དང་། ངག་གི་དང་། ཐར་པའི་དང་། ཡིད་ཀྱི་འདུ་བྱེད་དང་ལྔའོ། །རྣམ་ཤེས་མི་བསྐྱོད་པ་ལ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཤེས་ཏེ་ལྔའོ། །ས་སངས་རྒྱས་སྤྱན་མ་ལ། སྐྲ་རུས་ཕྱི་ས་མཆིན་པ་སྙིང་དང་། སྤུ་སེན་རྣག་སྙིང་དང་། སོ་པགས་ཤ་སྙིང་དང་། རྒྱུས་པ་རྩ་རྩིབ་མ་སྙིང་དང་། དྲི་མ་རྒྱུ་མ་མཁྲིས་པ་སྙིང་སྟེ་ལྔའོ། །རྡོར་འཕྲེང་ལས། སྙིང་ནི་ལྔ་ལ་ངེས་གནས་ཏེ། །ཞེས་སོ། །ཕྱིར་རི་རབ། ལྷོ་ནུབ་བྱང་ཤར་གྱི་གླིང་ལྔའོ། །ཆུ་མཱ་མ་ཀཱི་ལ། བད་ཀན་མཆི་མ་དང་། རྔུལ། ཁྲག །ཁ་ཆུ། གཅིན་ལྔའོ། །ཕྱིའི་འབབ་ཆུ་དང་། ཆུ་བོ་དང་། བཀོད་མ་དང་། སྟེང་ཀ་དང་། རྒྱ་མཚོ་དང་ལྔའོ། །མེ་གོས་དཀར་མོ་ལ། ནང་དུ་མགོ་བོའི་དང་། ལྟེ་བའི་དང་། ཡན་ལག་གི་དང་། ལྟོ་བའི་དང་། སྙིང་གའི་དྲོད་དེ་ལྔའོ། ཕྱིར་རྡོ་དང་། མེ་ཤེལ་དང་། ཤིང་དང་། ནགས་དང་། རྒྱུན་བཞག་གི་མེ་དང་ལྔའོ། རླུང་སྒྲོལ་མ་ལ། ནང་དུ་ཁྱབ་བྱེད་དང་། ཐུར་སེལ་དང་། གྱེན་རྒྱུ་དང་། མཉམ་གནས་དང་། སྲོག་སྟེ་ལྔའོ། །ཕྱིར་སྟེང་། ལྷོ་ནུབ། བྱང་། ཤར་གྱི་རླུང་ལྔའོ། །མིག་ས་སྙིང་ལ། མིག་གཟུགས་གསུམ་འཛིན་པ་དང་། མིག་འབྲས་དཀར་པོ་དང་། ཟུར་གྱིས་བསྟབ་དང་། མིག་གཡོ་བ་དང་། མིག་གི་དབང་པོ་སྟེ་ལྔའོ། །རྣ་བ་ཕྱག་རྡོར་ལ། རྣ་བའི་རང་བཞིན་དང་། སྒྲ་གསུམ་འཛིན་པ་དང་། རྣ་བའི་བུ་ག་དང་། རྣ་བའི་རྩ་བ་དང་རྣ་བའི་དབང་པོ་སྟེ་ལྔའོ། སྣ་ནམ་སྙིང་ལ། སྣའི་རང་བཞིན་དང་། སྣའི་ནང་གི་དབུས་དང་། དྲི་གསུམ་འཛིན་པ་དང་། སྣ་བུག་དང་། སྣའི་དབང་པོ་སྟེ་ལྔའོ། །ལྕེ་འཇིག་རྟེན་དབང་ཕྱུག་ལ། ལྕེའི་རང་བཞིན་དང་། རྩ་བ་དང་། རྩེ་མོ་དང་། རོ་གསུམ་འཛིན་པ་དང་། ལྕེའི་དབང་པོ་སྟེ་ལྔའོ། །ལུས་སྒྲིབ་སེལ་ལ། རྡུལ་ཕྲན་འདུས་པའི་གཟུགས་དང་། རུས་པའི་དང་། ཤའི་དང་། པགས་པའི་དང་། རེག་བྱ་གསུམ་འཛིན་པ་སྟེ་ལྔའོ། །ཡིད་འཇམ་དཔལ་ལ། མེ་ལོང་ལྟ་བུ། མཉམ་ཉིད། སོར་རྟོག་བྱ་གྲུབ། ཆོས་དབྱིངས་ལྔའོ། །ལྡང་ཞིང་རྒྱུ་བའི་རླུང་མིག་ལ་བརྟེན་ནས་གཟུགས་ལྔའི་བྱ་བ་རྫོགས་པར་བྱེད་པ་གཟུགས་རྡོ་རྗེ་མ་ལ། རྐྱེན་གསུམ་ཚོགས་པས་མཐོང་བའི་ཡུལ་གྱི་དང་། ཆགས་པའི་དང་། ཡིད་དུ་འོང་མི་འོང་གི་དང་། བྱ་བ་གྲུབ་པའི་དང་། འགྱིང་ཞིང་རྣམ་པར་རོལ་པ་བཏེག་པའི་གཟུགས་ཏེ་ལྔའོ། །རྣམ་པར་རྒྱུ་བ་སྒྲའི་རང་བཞིན་སྒྲ་རྡོ་རྗེ་མ་ལ། རྣ་བའི་ནང་གི །མགོ །སྐྲའི། གླུ། རྒྱུན་གྱི་སྒྲ་དང་། རྐན་མཆུ། ངག་གི་སྒྲ་དང་། ནགས་ཚལ་ཆུ་བོ་སེ་གོལ་ཐལ་མོ་རོལ་མོའི་སྒྲ་དང་། ཧཱུྃ་གི་ཞི་བའི་སྒྲ་དང་། དྲག་པོའི་སྒྲ་སྟེ་ལྔའོ། །ཡང་དག་པར་རྒྱུ་བའི་རླུང་དྲིའི་རང་བཞིན་དྲི་རྡོ་རྗེ་མ་ལ། དྲི་མ་ལུས་པ་དང་། ཡན་ལག་གི་དང་། དྲིའི་བྱེ་བྲག་གསུམ་དང་། རོའི་དྲི་དང་། དྲི་མི་ཟད་པ་སྟེ་ལྔའོ། །རབ་ཏུ་རྒྱུ་བའི་རླུང་རོའི་རང་བཞིན་རོ་རྡོ་རྗེ་མ་ལ། མངར་བའི་དང་། བསྐ་བའི་དང་། ལན་ཚྭའི་དང་། ཚ་སྐྱུར་གྱི་དང་། ཁ་བའི་རོ་སྟེ་ལྔའོ། །ངེས་པར་རྒྱུ་བའི་རླུང་རེག་བྱའི་རང་བཞིན་རེག་རྡོ་རྗེ་མ་ལ། སྟན་ཅིག་ལ་གནས་པའི་དང་། འཁྱུད་པའི་དང་། འོ་བྱེད་པའི་དང་། རྔུབ་པའི་དང་། དབང་པོ་གཉིས་སྦྱོར་བའི་རེག་བྱ་སྟེ་རིགས་བརྒྱའོ། །འདིར་བཤད་པའི་ཡེ་ཤེས་ལྔ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལྔ་མ་ཡིན་གྱི། སེམས་ཅན་རྣམས་ལ་རྟོག་མེད་གྱི་ཡེ་ཤེས་ལྔ་ཡོད་པ་ལ་བྱེད་དེ་སྣང་བ་གསུམ་ལས་ཕྱེ་བའི་ཕྱིར་ཏེ། ཡེ་ཤེས་ལྔ་དང་གསུམ་དུའང་ཡང་དག་གནས། །ཞེས་འདོན་པས་སོ། །དེ་དག་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་སོ། །དེ་བསྡུ་ན། ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབྱེ་བས་བརྒྱར་གྱུར་པའང་གསང་བའི་དེ་ཁོ་ན་ཉིད་འབྱུང་བ་ཆེན་པོ་ལྔར་འགྱུར། དེ་ལས་ཀྱང་རིན་ཆེན་འབྱུང་ལྡན་སྐུ་རྡོ་རྗེ་དང་ལྷན་ཅིག་གཉིས་སུ་མེད་པར་འགྱུར་རོ། །དོན་ཡོད་གྲུབ་པ་གསུང་རྡོ་རྗེ་དང་མི་བསྐྱོད་པ་དེ་བཞིན་གཤེགས་པ་དང་ལྷན་ཅིག་གཉིས་སུ་མེད་པར་འགྱུར་ཏེ། རིགས་ལྔའང་སྐུ་གསུང་ཐུགས་ཀྱི་རིགས་གསུམ། དེ་འང་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་སྐུ་རྡོ་རྗེར་འགྱུར་བ་གསང་བ་ཆེན་པོ་རིགས་གཅིག་ཅེས་བརྗོད་དོ། །ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་བཤད་པ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །ལུས་དང་ངག་ཡིད་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་སོ། །ཕྲ་དང་ནི་ངག་སྟེ། གདགས་པའི་གཞི་ནི། རགས་པ་ཚིག་འདུས་པ་ལས་བྱུང་པའི་བསྟན་བཅོས་ནས། ཕྲ་བ་ཡི་གེའི་བར་ཏེ། རྟོག་པ་ལ་དོན་གྱི་ཁྱད་པར་ཙམ་སྟོན་པའི་སྒྲ་སྤྱི་སྣང་བའི་མཚན་ཉིད་ཅན་ཚིག །རང་བཞིན་རྐྱེན་རྣམ་པར་འགྱུར་བ་གསུམ་གྱིས་བསྒྲུབས་པའི་ཚིག་དེ་ལ་རྣམ་པར་དབྱེ་བ་ནི་སུབ་དང་ཏིང་གི་མཐའ་ཅན་གཉིས་སོ། །མིང་ཁྱད་པར་དང་འབྲེལ་བ་ཚིག་ཡིན་པའི་ཕྱིར། མིང་གི་འཇུག་ཚུལ་ཇི་སྙེད་པར་ཚིག་གི་འཇུག་ཚུལ་ཀྱང་དེ་སྙེད་དུ་འགྱུར་བ་ཡིན་ནོ། །རྟོག་པ་ལ་དོན་གྱི་ངོ་བོ་ཙམ་གྱི་སྒྲ་སྤྱི་སྣང་བའི་མཚན་ཉིད་ཅན་ནི་མིང་ཡིན་ལ། དོན་ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་མིང་ངོ་། དེའང་ཡི་གེ་འདུས་པ་ཡིན་ལ། དོན་གྱི་ངོ་བོ་དང་ཁྱད་པར་གང་ཡང་མི་སྟོན་པའི་སྒྲ་སྤྱི་ཙམ་སྣང་བའི་མཚན་ཉིད་ཅན་ཡི་གེ །དབྱེ་བ་ནི་ཨཱ་ལི་དང་ཀཱ་ལིའམ། དབྱངས་དང་གསལ་བྱེད་ཅེས་ཀྱང་བྱའོ། །འདིར་སྒྲ་སྤྱི་ཞེས་སྨོན་པ་ནི་རྣམ་རྟོག་གི་བཞོན་པའི་རླུང་སྣང་ཡིན་ལ། ཨཱ་ལི་ལས་རི་ལི་བཞི་པོ་མ་གཏོགས་པ་རྣམས་ཕོ། །རི་ལི་བཞི་པོ་མ་ནིང་། གསལ་བྱེད་རྣམས་མོ་སྟེ། དེ་གསུམ་ཡང་ཨོཾ་ཨཱཿཧཱུྃ་དུ་འདུས་ལ། དེ་གསུམ་ཡང་ཨ་ཐུང་ངུར་བསྡུས་པ་འདི་ནི་མཚོན་བྱེད་དཔེའི་ཨ་སྟེ། འདིས་ཡི་གེ་ཐམས་ཅད་ལ་ཁྱབ་པས། དགོངས་པ་ལུང་སྟོན་དུ། ཐུང་ངུ་མ་ལུས་ངག་ཏུ་འགྱུར། ཞེས་སོ། །མཚོན་བྱ་དོན་གྱི་ཨ་ཡིག་ནི་མི་ཤིགས་པའི་ཐིག་ལེ་སྟེ། འདིའང་ཡི་གེ་དང་། ངག་དང་། བསྟན་བཅོས་ཐམས་ཅད་ཀྱི་འབྱུང་བའི་རྒྱུར་གྱུར་པས། མཚན་བརྗོད་ལས་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོངས་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་སོ། །རྒྱུ་ནི་ངག་གི་དོན་སྣང་བའི་སེམས་པ་ལས་བརྗོད་འདོད་སྐྱེ་ལ། དེ་ལས་གནས་དང་བྱེད་པ་ཕྲད་ཅིང་སྒྲ་སྐྱེའོ། །དེ་ལྟར་ཡང་རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་གསུངས་སོ། །ངོ་བོ་ནི་རླུང་དེ་ཉིད་དེ། རྡོ་རྗེ་འཕྲེང་བ་ལས། རླུང་ཞེས་བྱ་བ་བྱང་ཆུབ་སེམས། །དབང་པོ་ཀུན་གྱི་གཙོ་འདི་ཡིན། །འདི་ལྟར་མི་མངོན་ཕྲ་བ་ལས། །རྟག་ཏུ་གསལ་བར་བརྗོད་པ་ཡིན། །འགྲོ་བ་ཡུལ་སོགས་ལས་བྱེད་པ། འདི་ནི་དེ་ལ་བརྟེན་པ་ཡིན། །ཞེས་སོ། །དབྱེ་ན། སྒྲ་དང་། སྔགས་དང་། རླུང་གི་དེ་ཁོ་ན་ཉིད་གསུམ་མོ། སྒྲའི་དེ་ཁོ་ན་ཉིད་ཚིག་འདུས་པ་རྣམས་སོ། །དེ་ལ་བརྟེན་ནས་དངོས་གྲུབ་ཐམས་ཅད་རྫོགས་པར་འགྱུར་རོ། །གཉིས་པ་སྔགས་ཐམས་ཅད་ཨཱ་ལི་ཀཱ་ལི་ལས་བཏུ་བའོ། །སྔགས་ཀྱི་བརྡ་ནི། མགོར་ཨོཾ་མེད་པ། མཐར་སྭཱ་ཧཱ་ཡོད་པ་དེ་ལ་མགོ་མེད། མགོར་ཨོཾ་ཡོད། མཐར་སྭཱ་ཧཱ་མེད་པ་དེ་ལ་མཇུག་མེད། མགོར་མཇུག་གཉིས་ཀ་ཡོད་པའི་སྔགས་དེ་ལ་སྤྲུལ། གཉིས་ཀ་མེད་པའི་སྔགས་དེ་ལ་བསྡུས་པ་ལས་གྱུར་པ་ཟེར་རོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཡི་གེ་གསུམ་མོ། །བྱེད་པའི་ལས་ནི་དང་པོར་ཡི་གེ་གསུམ་ཡང་དག་པར་སྦྱོར་བ་ལས་ལྷའི་སྐུ་འབྱུང་ངོ་། །དེ་ཉིད་འཇུག་གནས་ལྡང་གསུམ་གྱི་རིམ་པས་ཉིན་མཚན་དུ་ལུས་འཛིན་པར་བྱེད་དོ། །དེ་ཉིད་ཨཱ་ལི་ཀཱ་ལི་དང་ལྷན་ཅིག་དབང་པོ་གཉིས་སྦྱོར་བའི་དུས་སུ་ཁ་འཐུར་དུ་བལྟས་ནས་གསང་བའི་སྣ་རྩེར་ས་བོན་གྱི་ལུས་སུ་བྱུང་ནས་སེམས་ཅན་གྱི་ཁམས་སྐྱེད་དོ། །དེ་ཉིད་སྲོག་རྩོལ་དང་ལྷན་ཅིག་སྟེང་དུ་སོང་ནས་དབང་པོའི་སྒོ་རྣམས་སད་པར་བྱེད་ཅིང་། ཀུན་རྫོབ་ཀྱི་སྣའི་སྒོ་ནས་བྱུང་སྟེ་ལྷུན་གྱིས་གྲུབ་པའི་རྡོར་བཟླས་བྱས་ནས་སྔོན་གྱི་ལས་སྒྲིབ་སྦྱོང་ངོ་། །དེ་ཉིད་ཉིན་མཚན་དུ་བཟླས་པའི་གྲངས་བཟུང་ནས་ཆུའི་དཀྱིལ་འཁོར་སོགས་སུ་ཞི་བ་སོགས་ཀྱི་ལས་བྱེད་དོ། །ཡང་དེ་ཉིད་ཡི་གེའི་གཟུགས་སུ་བཏགས་ནས་ངག་གི་བཟླས་བརྗོད་བྱས་ན་ཕྱིའི་ཁ་དོག་ལ་སོགས་པའི་བྱ་བ་ལ་བརྟེན་ནས་ཞི་སོགས་ཀྱི་ལས་བྱེད་དོ། །ཡང་དེ་ཉིད་ཀྱི་སྦྱངས་རྟོགས་སྦར་བས་ཁ་ཟས་སྦྱངས་ནས་སྐྱོན་མེད་པར་བྱེད་དོ། །དེ་ལྟར་ལུས་ལ་གནས་པའི་བྱ་བ་ཐམས་ཅད་བྱས། མཐར་འཆི་བའི་ཚེ་མི་ཤིགས་པ་ལ་ཞུགས་ནས་ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ་སྔར་བཞིན་བྱ་བ་ཐམས་ཅད་བྱེད་དོ། །གསུམ་པ་རླུང་གི་དེ་ཁོ་ན་ཉིད་ནི། རྡོར་འཕྲེང་དུ་རླུང་བརྒྱ་དང་། དེ་བཅུ་དང་། དེ་དབུགས་འབྱུང་བརྔུབ་ཏུ་འགྱུར་བ་དང་། དེ་དཀྱིལ་འཁོར་བཞིའི་བདག་ཉིད་དང་། དེ་རྣམས་ལྷ་མོ་བཞི་དང་། དེ་རྣམས་འབྱུང་བ་ལྔ་དང་། ཡེ་ཤེས་ལྔ་དང་། འོད་ཟེར་ལྔ་དང་། སངས་རྒྱས་ལྔ་དང་། ཡི་གེ་གསུམ་གྱི་གཞིར་གྱུར་ནས་འཇུག་གནས་ལྡང་གསུམ་གྱི་རིམ་པ་རྡོ་རྗེ་བཟླས་པ་བྱེད་པར་འགྱུར་བ་དང་། ཡང་ཡི་གེ་ཨར་གྱུར་ནས་ཚིག་མ་ལུས་པ་སྨྲ་བར་བྱེད་པ་དང་། མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་བའོ། །ཤིན་ཏུ་ཕྲ་བ་ནི་ཡིད་དེ། གདགས་པའི་གཞི། སྣང་བ་གསུམ་པར་རྟོག་པ་དང་། ཉོན་མོངས་པ་དང་། ལས་མཐའ་དག་གི་རང་བཞིན་དུ་ཞུགས་ནས་འཁོར་བ་སྐྱེད་པར་བྱེད་པ་སྟེ། དཔེར་ན་རྫ་མཁན་གྱི་བུམ་པ་བྱས་ན་ཕྱིས་བུམ་པ་དེ་ལ་རྫ་མཁན་མེད་པར་འགྱུར་བ་ལྟ་བུ་མ་ཡིན་ཏེ། །འཇིམ་པ་ཉིད་རྫ་བུམ་དུ་འགྱུར་བ་ལྟ་བུའོ། །ངོ་བོ་ནི་སེམས་ཀྱི་གནས་ལུགས་འོད་གསལ་ཉིད་བག་ཆགས་དང་འདྲེས་པའོ། །རྣམ་པར་དབྱེ་བ། ཀུན་ཏུ་སྣང་བ་དང་། རང་བཞིན་གྱི་སྣང་བ་དང་། ལས་ཀྱི་ལམ་རྣམ་པར་གཞག་པ་དང་གསུམ་མོ། །དང་པོ་ནི། སྣང་མཆེད་ཐོབ་པ་གསུམ་སྟེ་རྟོག་མེད་ཀྱི་ཤེས་པའོ། །གཉིས་པ་ནི། སྣང་བ་ལས་ཞེ་སྡང་གི་རྟོག་པ་སུམ་ཅུ་རྩ་གསུམ་འབྱུང་སྟེ། རིམ་ལྔར། ཆགས་བྲལ་དང་ནི་བར་མ་དང་། དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང་། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་དུ་འཇིགས། །སྲེད་དང་སྲེད་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཉེར་ལེན་དང་། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དགོས་དང་བསགས་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །ཞེས་སོ། །མཆེད་པ་ལ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འབྱུང་སྟེ། །ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་རབ་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་རྒོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་རྒྱལ་དང་། །བྱ་དང་འཕྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་པ་ཉིད། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་པ་དགའ། །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བསྐུལ་དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་རྒྱུ་དང་གདུག །མི་བསྲུན་པ་དང་གྱ་གྱུ་ཉིད། །ཅེས་སོ། །ཐོབ་པ་ལས་རང་བཞིན་བདུན་འབྱུང་སྟེ། །ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངེས་པ་དང་འཁྲུལ་པ་དང་། །མི་སྨྲར་གྱུར་དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །ཞེས་སོ། །དེ་ཉིན་མཚན་དུ་སྤྱོད་པས་བརྒྱ་དྲུག་ཅུ། དེ་ལས་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད། ལྟ་བ་དྲུག་ཅུ་རྩ་གཉིས་ལ་སོགས་པ་བྱུང་ངོ་། །རྣམ་ཤེས་གསུམ་ནི་གཞི་རྩ་དང་བྲལ་བ་ཡིན་ཡང་སྣང་བ་དང་བཅས་ལ། རླུང་ནི་གཟུགས་མེད་པ་ཡིན་ཡང་གཡོ་ཞིང་བསྐྱོད་པའི་བྱ་བ་བྱེད་པས། དེ་གཉིས་མར་དང་མར་བཞིན་འདྲེས་ནས་མིག་འཛུམ་ཙམ་དུ་ཀུན་ཏུ་སྣང་བ་འབྱུང་ཞིང་། དེ་ལས་ཡུད་ཙམ་དུ་རང་བཞིན་དེ་དག་གང་ཡང་རུང་བ་ལྡང་སྟེ། རིམ་ལྔར། གང་ཚེ་སྣང་བ་ལྡན་གྱུར་པ། །རླུང་ནི་བཞོན་པར་གྱུར་ན་ཡིན། །དེ་ཚེ་རང་བཞིན་ཐམས་ཅད་ནི། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་ནི་གང་དང་གང་གནས་པར། །རང་བཞིན་དེ་དང་དེ་ནས་སྤྱོད། །ཅེས་སོ། །རྣམ་པར་ཤེས་པ་གཟུགས་ལ་སོགས་པ་ཡུལ་གྱི་རླུང་གི་རྐྱེན་གྱིས་དབང་པོའི་སྒོར་གཡོ་ཞིང་དྲངས་པས་དངོས་པོ་སོ་སོར་འབྱེད་ཅིང་འཇིག་རྟེན་ལས་འདས་མ་འདས་ཐམས་ཅད་ཀྱི་བྱ་བ་བྱེད་ལ། དེ་ལས་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་མྱོང་ངོ་། །དེ་ཉིད་དུ། ཕྲ་བའི་གཟུགས་བརྙན་རླུང་དང་ནི། །ཤེས་པ་ཡང་དག་འདྲེས་གྱུར་ནས། །དབང་པོ་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་འགྱུར། །ཞེས་སོ། །གསུམ་པ་ནི། རང་བཞིན་གྱིས་སྣང་བའི་རླུང་གི་བཞོན་པའི་ངོ་བོ་ཉིད་མ་ཤེས་ནས། ངའི་ལུས། ངའི་ངག །ངའི་སེམས་སོ་ཞེས་བདག་དང་བདག་གིར་རློམ་པ་ལས་དགེ་མི་དགེ་བྱས་ནས་བདེ་འགྲོ་དང་ངན་འགྲོར་འགྲོ་བར་འགྱུར་རོ། །ལས་ནི་མི་དགེ་བ་དང་དགེ་བ་སྟེ། དེ་ལ་ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་ལ་ལྕི་བ་དང་ཐ་མལ་པ་གཉིས་ལ་གཉིས་གཉིས་ཡོད་ལ། ཡིད་ཀྱི་ཉེས་སྤྱོད་ལ་དང་པོར་རྨུགས་པ་སྟེ། དེའི་རང་བཞིན་གསུམ་ལ་རྣམ་པར་གསོད་པའི་སེམས་དང་། མ་ཆགས་པའི་སེམས་ཏེ། དགེ་བའི་ལས་ཀྱི་ལམ་རྣམས་ལ་མ་ཆགས་པ་དེ་ཉིད་ནི་སེམས་ཀྱི་ཉེས་སྤྱོད་དོ། །རྒྱགས་པ་དང་། དྲེགས་པ་དང་། ང་རྒྱལ་དང་། ཁྲོ་བ་དང་། སེམས་ཅན་རྣམ་པར་འཇིགས་པ་དང་། གཞན་གྱི་བུད་མེད་ལ་ཆགས་པ་དང་། གཞན་ནོར་འཕྲོག་པ་དང་། བླ་མར་གྱུར་པ་ལ་སེམས་གྱ་གྱུ་ཞིང་རབ་ཏུ་སྡང་བ་ནི་སེམས་བྱུང་གི་ཉེས་སྤྱོད་དོ། །དགེ་བཅུ་དང་ཕར་ཕྱིན་དྲུག་འདོར་ཞིང་བརྗེད་ངས་དང་། སོམ་ཉི་དང་། ཡིད་ཤིན་ཏུ་རྨོངས་པར་གྱུར་པ་ནི་མ་རིག་པའི་ཉེས་སྤྱོད་དེ། དེ་ནི་ཐ་མལ་པའོ། །དེ་ལས་བཟློག་པའི་ལས་ནི་དགེ་བའོ། །བསྡུ་བ་ནི་ཀུན་ཏུ་སྣང་བའི་མཚན་ཉིད་དམ། །སྣང་བའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། རང་བཞིན་གྱི་སྣང་བ་དང་ལས་ཀྱི་ལམ་རྣམ་པར་གཞག་པ་གཉིས་ནི་རྗེས་སུ་མྱོང་བའི་མཚན་ཉིད་དམ། དངོས་པོ་ལ་སོ་སོར་རྟོག་པའི་རྣམ་པར་ཤེས་པ་ཞེས་བྱའོ། །རྒྱུ་ནི། སྔ་མ་ནི་བསམ་གྱིས་མི་ཁྱབ་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་ངོ་། །ཕྱི་མ་ནི་ཡུལ་ལ་རྣམ་པར་རྟོག་པའི་རྒྱུ་ལས་བྱུང་ངོ་། །རྣམ་པར་དབྱེ་བ་དེ་གཉིས་གཅིག་གི་རྒྱུ་ཅིག་ཤོས་ཀྱིས་བྱེད་དེ། མགལ་མེ་འཁོར་བའི་དཔེས་ཤེས་སོ། །དང་པོ་ནི། གཡོ་བ་མེད་པ་རྒྱ་མཚོ་ལྟ་བུ་དང་། གཉིས་པ་ནི་རླབས་ལྟ་བུར་ལངྐར་གཤེགས་པ་ལས། ཀུན་གཞིའི་ཆུ་བོ་དེ་བཞིན་དུ། །རྟག་ཏུ་ཡུལ་གྱི་རླུང་གིས་བསྐྱོད། །སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས། །གང་ཞིང་རབ་ཏུ་འབྱུང་བར་འགྱུར། །དེ་དང་མཐུན་པར་རྒྱལ་པོ་དོ་ཧར། ཇི་ལྟར་རླུང་གིས་རྒྱབ་ནས་མི་གཡོ་བའི། །ཆུ་ལས་གཡོ་བའི་རྦ་རླབས་རྣམས་སུ་འགྱུར། །དེ་ལྟར་རྒྱལ་པོ་མདའ་བསྣུན་སྣང་བ་ཡང་། །གཅིག་ཉིད་ན་ཡང་སྣང་བ་སྣ་ཚོགས་བྱེད། །ཅེས་སོ། །ཇི་ལྟར་སྐྱེ་བའི་ཚུལ་ནི། རྩ་བའི་འོད་གསལ་བག་ཆགས་ཀྱིས་བསྣན་པ་ལས་ཀུན་གཞི་རྣམ་ཤེས་ཏེ་མ་རིག་པ་ཉེར་ཐོབ་ཏུ་འགྱུར་ལ། དེ་ཐབས་ཤེས་ཀྱི་རང་བཞིན་མཆེད་པ་དང་སྣང་བར་འགྱུར་བ་ལ་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་ཞེས་བྱའོ། །དེར་རྣམ་པར་ཤེས་པ་རང་གི་ཞོན་པ་རླུང་གིས་དཀྲུགས་པས་ཀུན་གཞི་རང་གི་ངོ་བོ་གཟུགས་གཞན་དང་བདག་གི་རྣམ་པར་ཤར་བའི་རྐྱེན་གྱིས་ཉོན་མོངས་པ་ཅན་གྱི་ཡིད་སྐྱེའོ། །དེ་ལས་འབྱུང་བ་བཞིའི་རླུང་སྐྱེས་པའི་དེ་མ་ཐག་ཏུ་ཡིད་ཀྱི་རྣམ་ཤེས་རྟོག་པ་དང་བཅས་པ་སྐྱེ་སྟེ། རྡོར་ཕྲེང་དུ། ཀུན་གཞི་ལས་ནི་རྣམ་ཤེས་སྐྱེ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཀུན་གཞི་རྣམ་ཤེས་བག་ཆགས་ལས། །རྣམ་པར་ཤེས་པའི་རྒྱུན་ནི་སྐྱེ། །ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐད་ཅིག་གཅིག་ལ་ཡང་དག་འགྲོ། །ཞེས་དང་། ཐོག་མར་འབྱུང་བ་བཞི་པོ་ལས། །སྒྲོ་འདོགས་པ་ཡི་ངོ་བོར་སྐྱེ། །ཞེས་པའོ། །ཐུན་མོང་ཞེས་པ། མི་ཤིགས་པ་ལ་བྱའོ། །དབྱེར་མེད་རིམ་ཤེས་བྱ། །དེ་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་འགྱུར་བའམ་འོད་ཡིན་པས། འོད་གསལ་དེ་དང་དབྱེར་མི་ཕྱེད་ཅེས་པའི་དོན་ཏེ། བརྟག་གཉིས་ལས། རང་གི་རིག་པའི་འགྱུར་བ་ལས། །བསྣན་པ་ལས་ནི་ལས་སྐྱེ་སྟེ། །རང་གི་འཕྲོག་ཅིང་རང་གིས་བྱེད། །ཅེས་དང་། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དང་། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པ་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་གསུངས་པས་སོ། །གཉིས་པ་ཕྲ་རིམ་ནས་གཏན་ལ་དབབ་པ་ལ། །ལུས་ཇི་ལྟར་གྲུབ་པའི་ཚུལ། རྩ་དངོས་པོའི་གནས་ལུགས། རླུང་དངོས་པོའི་གནས་ལུགས། བྱང་ཆུབ་ཀྱི་སེམས་དངོས་པོའི་གནས་ལུགས་བཞི་ལས། དང་པོ་ལ། ལུས་ཆགས་པ། གནས་པ། འཇིག་པའི་ཚུལ་དང་གསུམ་ལས། དང་པོ་ལ། འོད་གསལ་ལས་འཁོར་བར་ལྡང་བའི་ཚུལ། མངོན་པར་བྱང་ཆུབ་པར་འགྱུར་བའི་རིམ་པ། ཁྱབ་འཇུག་གི་འཇུག་པ་བཅུ་དང་སྦྱར་བ། རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་བསྟན་པ་དང་བཞི་ལས། དང་པོ་ནི། འོད་གསལ་བ་ལས་ཞེས་པ། འཁོར་འདས་གཉིས་སྤྱིའི་རྩ་བ་ཅན་ཡིན་ཞེས་ཞིབ་མོར་བརྟགས་ན་སེམས་ཀྱི་རྡོ་རྗེ་རིག་པ་དང་མ་རིག་པའི་འཇུག་ལྡོག་ཉིད་དེ། དེ་སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་དེའང་། མནར་མེད་པའི་དམྱལ་པ་ཡན་ནས་སངས་རྒྱས་མན་ཆད་གྱི་བར་དུ་རང་བཞིན་གྱིས་འོད་གསལ་བ་སྔ་མའི་གནས་སྐབས་ན་ཇི་ལྟར་ཡིན་པ་དེ་བཞིན་དུ། ཕྱི་མའི་གནས་སྐབས་སུའང་དེ་ལྟ་བུ་ཉིད་ཡིན་པས་ཁྱད་པར་མེད་པ་རྣམ་པ་ཐམས་ཅད་དུ་འགྱུར་བ་མི་བརྟན་པ་གང་ཡིན་པ་དེའོ། །དེ་ཉིད་ལུས་ཅན་ཀུན་ལ་ཞུགས་པའི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན། ཡིན་ནོ་ཞེས་གསུངས། །དེ་ལྟ་བུའི་སྙིང་པོ་གཏན་དུ་འཇུག་པས་ལས་དང་འབྲས་བུ་རྗེས་སུ་འབྲེལ་བའི་རྟེན་དུ་རུང་ལ། མིག་སོགས་རྣམ་པར་ཤེས་པ་རྣམས་ནི་ཤིན་ཏུ་མི་བརྟན་པ་ཡིན་པས་མི་རུང་ངོ་། །དེ་ལྟར་ཡང་དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་གང་ལགས་པ་འདི་དང་། རྣམ་པར་ཤེས་པ་འདི་སྟེ། དེ་ལྟར་ཆོས་བདུན་པོ་འདི་ནི་མི་གནས་པ་དང་མ་བབྲེལ་བ་སྐད་ཅིག་མ་ལགས་པས་སྡུག་བསྔལ་མྱོང་བ་མ་ལགས་སོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་པ་རྣམ་པར་དབྱེར་མེད་པ་སྐད་ཅིག་མ་མ་ལགས་པས་སྡུག་བསྔལ་མྱོང་བ་ལགས་སོ། །ཞེས་གསུངས་སོ། །ཁམས་དེ་ཉིད། ལས་དང་ཉོན་མོངས་པ་སྐྱེད་པའི་འཁོར་བ་དང་ལྡན་པ་མ་དག་པའི་གནས་སྐབས་ན་ནི་སེམས་ཅན་ཞེས་བྱ་ཞིང་། ལས་ཉོན་ལས་གྲོལ་ཡང་མ་རིག་པའི་བག་ཆགས་ཀྱིས་ལས་མ་གྲོལ་བའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་ལ། དེ་ལས་ཀྱང་གྲོལ་བ་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་ཡིན་ཏེ། བྱམས་པས། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཡིན། །ཞེས་སོ། །སེམས་ཅན་གྱི་མིང་གི་བསྟན་པའི་དེ་བཞིན་ཉིད་དེ་ལ་བདག་ཏུ་གདགས་པར་ཡང་མཛད་དེ། ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བར། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ། རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ལ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ། །ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཞེས་གསུངས་ལ། ཟླ་བའི་ཞལ་ནས། བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས། །ཞེས་དང་། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ན་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་སློབ་དཔོན་འདི་དག་ལ་སོགས་པའི་མཁས་པ་དང་གྲུབ་ཆེན་རྣམས་ལས་འབྲས་ཀྱི་རྟེན་གྱི་གཙོ་བོ་སེམས་ལ་བཞེད་པས། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བརྟན་པའི་སེམས་ཁས་ལེན་པ་ནི་སེམས་ཙམ་པ་འབའ་ཞིག་གི་ལུགས་ཡིན་ནོ་ཞེས་སྨྲ་བར་མི་བྱའོ། །རྒྱུད་སྡེར་དག་གི་དེ་ཁོ་ན་ཉིད་ཅེས་འབྱུང་བ་གང་ཡིན་པ་དེའང་བདག་ཅེས་བྱ་བའམ། ཨ་ཧཾ་ཞེས་པའི་སྒྲའི་དོན་ཡིན་པར་རྡོ་རྗེ་འཕྲེང་བ་ལ་སོགས་པའི་རྒྱུད་དུ་མ་ལས་གསུངས་པ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ནས་སེམས་ཅན་གྱི་བར་གྱི་སྣང་བ་ཇི་སྙེད་པ་དེ་བཞིན་ཉིད་ཀྱི་མིང་ཅན་འོད་གསལ་བའི་སེམས་ཀྱི་འཆར་སྒོ་ཡིན་པར་རྟོགས་པར་བྱའོ། །བག་ཆགས་བསྒོ་བའི་གཞི་འོད་གསལ་དུ་ངེས་པ་དེའི་འོག་ཏུ་ཇི་ལྟར་བསྒོ་བའི་ཚུལ་འདི་ཤེས་པར་བྱ་སྟེ། སྔོན་གང་ལ་གོམས་པར་བྱས་པ་དེའི་བག་ཆགས་ཀྱི་རྗེས་སུ་འབྲངས་ནས་ཚེ་འདི་ལ་དགེ་བའམ་སྡིག་པ་ཤས་ཆེ་བར་གསོག་གོ །དེ་ལྟར་བསགས་པའི་ལས་ཀྱི་ནུས་པ་རྣམ་པར་ཤེས་པའི་རྒྱུན་ལ་བསྒོ་བར་བྱེད་ལ། དེའང་རྒྱུན་ཞེས་པ་འོད་གསལ་བ་ལ་བཞག་གོ །རྒྱུན་དེ་ལ་ལས་ཀྱི་ནུས་པ་དུ་མ་ཡོད་ཀྱང་། གང་སྟོབས་ཆེ་བ་ཞིག་འཆི་ཀ་མའི་སེམས་དང་མཐུན་པར་འཆར་ཏེ། དེ་ལྟར་དྲི་མེད་འོད་ལས། སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱི་དབང་གིས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དཔག་ཏུ་མེད་པར་འགྱུར་རོ། །དེའི་ཕྱིར་འཆི་བའི་དུས་སུ་ཡིད་ཀྱི་བསམ་པ་གང་ཞིག་དྲན་པར་གྱུར་པ་དེར་ནི་སྐྱེ་བོ་ཡང་དག་སྐྱེ། །ཞེས་གསུངས་ལ། ཡིད་ཀྱི་བསམ་པའང་། འདིར་འགྲོ་བ་སེམས་ཅན་རྣམས་ཀྱི་རང་གི་ཡིད་ལ་འདོད་པའི་ནུས་པ་གང་ཡིན་པ་ནི་དངོས་པོ་རྣམས་གསལ་བར་བྱེད་དེ་ཡིད་འཇུག་པར་བྱེད་དོ་ཞེས་པའི་དོན་ཏོ། །བྱ་བ་ནི་དངོས་པོ་རྣམས་ལ་འཇུག་པར་བྱེད་དོ། །ཡེ་ཤེས་ཀྱི་ནུས་པ་ནི་དངོས་པོ་རོ་སྙོམ་རྒྱུར་ནི་དོན་ལ་ཉེ་བར་དམིགས་པར་བྱེད་དེ་དོན་ངེས་པ་ནི་ཡེ་ཤེས་ངེས་པ་ཞེས་པའི་དོན་ཏོ། །སླར་ཡང་སྟོང་པ་སྟེ་སྔར་གྱི་ཡེ་ཤེས་གཏོང་བ་དག་ནི་བཞི་པ་སྲིད་གསུམ་གྱིས་བཏུད་གཉིས་མེད་ཀྱི་ངེས་པར་རིམ་པས་བྱེད་དོ་ཞེས་པ་ནི་ཡིད་ཀྱི་ནུས་པ་བཞི་པའོ་ཞེས་པའི་དོན། ཤེས་པ་དེའི་འདོད་པའི་ནུས་པ་དང་། བྱ་བའི་ནུས་པ་དང་། ཤེས་པའི་ནུས་པ་རྫོགས་ནས་བཞི་པའི་ནུས་པ་དེ་རྣམས་ཀྱི་རྒྱུན་འཇིག་པར་བྱེད་པ་གཟུང་འཛིན་གཉིས་མེད་ཀྱི་མཚན་ཉིད་ཅན་འཕོ་བའི་སྐད་ཅིག །དྲི་མེད་འོད་ལས། འདིར་སེམས་ཀྱི་ནུས་པ་ནི་སད་པ་དང་། རྨི་ལམ་དང་། ཤིན་ཏུ་གཉིད་ལོག་པ་དང་། བཞི་པའི་མཚན་ཉིད་དེ། དེ་དག་གི་གཙོ་བོ་ནི་བཞི་པ་སྐྱེ་བ་དང་འགོག་པའི་ཆོས་ཅན་གྱི་གནས་སྐབས་ཏེ། སེམས་ཀྱི་ནུས་པ་དེ་རྣམ་པར་སྤངས་ན་བདག་ནི་བྱེད་པ་པོ་བདེ་བ་དང་སྡུག་བསྔལ་རབ་ཏུ་སྦྱིན་པ་པོ་འགའ་ཡང་མེད་དོ། །ཞེས་པས་སོ། །གདན་བཞིར། ཡུལ་ཅན། །ཡུལ། ཡུལ་ཡུལ་ཅན་འདྲེས་པའི་ཤེས་པ་ཡུལ་གྱི་རྣམ་པར་ཤར་བ། དེ་ཤེས་པའི་རང་བཞིན་དུ་ཐིམ་པ་ཞེས་བཤད་ལ། འཕོ་བའི་སྐད་ཅིག་དེའི་རིགས་སམ་འདྲ་བ་ལ་འཕོ་བའི་བག་ཆགས་ཞེས་བྱ་ཞིང་། ཐིམ་རིམ་དུ་ཕྲ་བ་ཞེས་བཤད་པའང་འདི་ལ་བྱའོ། །རྣལ་འབྱོར་པ་ལ་ཕྲ་བ་འདི་ལམ་གྱི་འོད་གསལ་གྱི་འོད་གསལ་གྱིས་སྦྱངས་པས་འཆི་བ་འོད་གསལ་ངོ་ཤེས་པར་ནུས་ལ། དེའི་གཉེན་པོས་འཕོངས་པ་རྣམས་ནི་དེས་འོད་གསལ་བསྒྲིབས་པས་མ་རིག་པར་གྱུར་ཏེ། ཐོབ་པ་ཐིམ་མ་ཐག་བག་ཆགས་ལྡང་བ་དེ་ཉིད་མ་རིག་པའོ། །དེའི་རྐྱེན་གྱིས་འོད་གསལ་བའི་སེམས་ཉིད་ཁུ་བའི་ཁམས་ཕྲ་བ་དང་ཚོགས་པ་གཅིག་ཏུ་འགྱུར་ལ། གང་དུ་ཁུ་བའི་ཁམས་ཕྲ་བ་ཡོད་པ་དེ་ན་རྡུལ་དང་མུན་པའི་ཕྲ་བ་ཡོད་པས་གནས་ལུགས་ཀྱི་རང་བཞིན་འོད་མི་ཤིགས་པའི་ལུས་ངག་ཡིད་གསུམ་དུ་སྣང་ངོ་། །དེ་ཉིད་རྟེན་བྱེད་པའི་ཆ་ནས་རྩ། གཡོ་བའི་ཆ་ནས་རླུང་། བརྟེན་པའམ་ཡོན་ཏན་གྱི་ངོས་ནས་ཐིག་ལེ། འཆར་སྒོའི་ཆ་ནས་ལེན་པའི་རྣམ་པར་ཤེས་པ་ཞེས་བཏགས་སོ། །དེ་དག་མི་བྱེད་པའི་ཚོགས་པའི་རྟེན་བརྟེན་པའི་འབྲེལ་པ་འཁོར་བ་ཇི་སྲིད་དུ་འཇུག་ཅིང་གཟུགས་མེད་པའི་སྲིད་པར་ཡང་ཡོད་དེ། དུས་འཁོར་ལས། ཇི་སྲིད་འགྱུར་བ་ཐོབ་ཀྱི་བར། རྟེན་དང་བརྟེན་པའི་འབྲེལ་པར་བཅས། །སེམས་ཀྱི་འགྱུར་མེད་ཐོབ་ནས་ནི། །རྟེན་དང་བརྟེན་པའི་འབྲེལ་པ་མེད། །ཅེས་གསུངས་སོ། །དེའི་ཕྱིར་འཆི་ཀ་མའི་སེམས་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་པའི་སེམས་སྐད་ཅིག་མ་དང་པོ་འབྱུང་བའང་དེ་ཉིད་དང་གཞན་ནོ་ཞེས་བརྗོད་པར་མི་ནུས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་ཤེས་པར་བྱའོ། །དེའང་འབུམ་ལྔར། རང་ལས་བག་ཆགས་ཀྱིས་བཅིངས་པའི། རྣམ་ཤེས་རླུང་དང་ལྡན་པ་ནི། །ཤི་ནས་སླར་ཡང་འབྱུང་བར་འགྱུར། །དེ་མེད་པས་ནི་ཕྱི་མ་མིན། །ཞེས་གསུངས་སོ། རྣམ་པར་ཤེས་པ་དེ་ཉིད་སྣང་བ་གསུམ་གྱི་མཚན་ཉིད་ཅན་དུ་འཆར་བས་སྟོང་པ་ཆེ། །དེ་ལས་ཐབས་ཤེས། ཞེས་གསུངས་སོ། །དེའང་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། སྲོད་ཀྱི་ཐུན་མཚམས་ཀྱི་མུན་པའི་ངོ་བོས་ཁྱབ་པ་ཕྲ་ཞིང་བདག་མེད་པ་རླུང་མི་རྒྱུ་བས་རྒྱུ་བ་མེད་པ། སེམས་མེད་པ། མི་གཡོ་བ། ངག་གི་ས་བོན་ལ་རྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་མ་རིག་པ་སྟོང་པ་ཆེན་པོའོ། །ནམ་མཁའི་མཚན་ཉིད་ནི་སྣང་བ་གསུམ་ཀ་ལ་འཇུག་པས་སྤྱིའི་མཚན་ཉིད་བསྟན་ནོ། །དངོས་པོ་མེད་པའི་རང་བཞིན་ཞེས་པས་ནི་སྣང་བ་ཕྱི་མ་གཉིས་ལྟར་དངོས་པོ་མ་ལུས་པ་ལ་དམིགས་པ་དེ་འདི་ལ་མེད་པས་སོ། །ལུས་དང་ངག་མེད་པ་ཞེས་པའི་ལུས་ནི་དབང་པོ་ལྔ་ལ་བཏགས་པས་དབང་པོའི་ཤེས་པའི་རྣམ་པ་མེད་པ་བསྟན་ལ། ངག་མེད་པས་ནི། སྤྱི་བརྗོད་ངང་ཚུལ་ཅན་སྒྲ་དང་། །རྟོག་པའང་དེ་དང་དོན་གཅིག་ན། །ཞེས་བྱ་བའི་ཚུལ་གྱིས་སྒྲ་དོན་ཅན་གྱི་རྟོག་པའི་རྣམ་པ་མེད་པ་བསྟན་ནོ། །འོ་ན་རྟོག་པའི་རྣམ་པ་གཏན་ནས་མེད་དམ་ཞེ་ན་རྐྱེན་སྣང་ཅན་མ་ཡིན་པར་ཤེས་པའི་རང་བབས་སམ་རང་བཞིན་གྱིས་མུན་པས་ཁྱབ་པའི་ནམ་མཁའ་ལྟ་བུའི་སྣང་བ་ཅུང་ཟད་ཡོད་ལ། རང་དབང་དུ་གཟུང་དཀའ་བས་ཕྲ་ཞིང་བདག་མེད་པ་སྲོག་རྩོལ་འབྱུང་འཇུག་གི་རྒྱུ་བ་དང་། སེམས་པའི་དྲན་པ་མེད་པས་ཀུན་ནས་བསླངས་པའི་ལུས་ཀྱིས་གཡོ་བ་མེད་པ་འདི་ལ་ཡོངས་སུ་གྲུབ་པ་ཞེས་བཏགས་པས་དོན་དམ་པའི་བྱང་ཆུབ་སེམས་དང་། ཕྱི་མ་གཉིས་ལ་རིམ་པ་བཞིན་གཞན་དབང་དང་ཀུན་བརྟགས་སུ་བཏགས་པའང་མཚོན་ནོ། །དེ་ལས་ཐབས་ཀྱི་མིང་ཅན་མཆེད་པ་འཆར་ཏེ། གཟུང་བ་དང་འཛིན་པ་དང་བྲལ་བའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། སྟོན་གནམ་དྭངས་པ་ལ་ཉི་མའི་འོད་ཀྱིས་ཁྱབ་པ་བཞིན། །ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པ་ལ་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་ཤིན་ཏུ་སྟོང་པའོ། །གཟུང་བ་དང་འཛིན་པ་དང་བྲལ་བའི་རང་བཞིན་ཅན་ཞེས་པ། སྣང་བའི་གནས་སྐབས་སུ་འཛིན་པའི་རྣམ་པ་དངོས་མེད་ཀྱང་ཆ་ཤས་ཕྲ་མོ་ཡོད་ལ། འདིར་དེའང་མེད་ཅེས་པའོ། །ལུས་ངག་མེད་པ་སྔར་བཞིན་ནོ། །སྣང་བ་གཏན་ནས་མེད་དམ་ཞེ་ན་ཡོད་དེ། དཔེ་སྟོན་གནམ་སྤྲིན་དང་། ཁུག་རྣ་དང་། ཐལ་རླུང་ལ་སོགས་པ་མེད་པ་ལ་ཉི་འོད་ཀྱིས་ཁྱབ་པར་བྱར་རུང་བ་བཞིན། དགག་བྱའི་སྣང་བ་མཐའ་དག་གིས་སྟོང་ཡང་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པ་ལ་དམིགས་པས་སོ། །དེ་ལས་ཤེས་རབ་ཀྱི་མིང་ཅན་སྣང་བ་འཆར་ཏེ། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ། སྟོན་གནམ་དྲི་མ་མེད་པ་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་བཞིན་དུ་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ལ་དམིགས་པས་སྣང་བ་ལྟེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པའོ། །གཟུང་བ་དང་འཛིན་པ་དང་བྲལ་བ་ཞེས་པ། དེ་དག་གི་རྣམ་པ་དངོས་པོ་མེད་པའོ། །གཞན་ནི་འདྲ་ལ། སྟོན་གནམ་ལ་ཟླ་འོད་ཀྱིས་ཁྱབ་པ་བཞིན། དགག་བྱའི་སྣང་བ་མཐའ་དག་གིས་སྟོང་ཡང་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ལ་དམིགས་པས་སོ། །འོན་ཀྱང་སྣང་བ་གསུམ་པོ་འདི་འཁོར་བའི་གནས་སྐབས་ཐམས་ཅད་དུ་འཇུག་ཀྱང་བྱིས་པས་ངེས་པར་མི་ནུས་པ་ནི། ཤིན་ཏུ་ཡུན་ཐུང་ཉིད་ཀྱིས་ཏེ། སྤྱོད་བསྡུས་ལས། ཇི་ལྟར་ན་ཡེ་ཤེས་སྐད་ཅིག་མར་འབྱུང་བ་ཡིན་ཞེ་ན། སྐད་ཅིག་དང་། ཐང་ཅིག་དང་། མིག་བཙུམ་དང་། ཐལ་མོ་བརྡབས་པ་ཙམ་དུ་སྣང་བ་འབྱུང་པ་ཞེས་སོ། །དེ་ལྟ་བུའི་སྣང་བ་གསུམ་གྱིས་ལུས་ངག་ཡིད་གསུམ་གྱི་ཚུལ་བཟུང་ནས་གནས་པ་དེ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་སམ་ལུས་ཤིན་ཏུ་ཕྲ་བ་ཞེས་ཀྱང་བྱའོ། །སྣང་བ་དེ་གསུམ་ལས་གང་ཡང་རུང་བ་ཞིག་གཙོ་བོར་གྱུར་པ་ན་གཞན་གཉིས་འཁོར་གྱི་ཚུལ་དུ་འབྱུང་ཞིང་། རིགས་དྲུག་གི་འོད་དང་སྣང་བ་དྲུག་ཏུ་འགྱུར་བའང་ཤེས་པར་བྱའོ། ད་ནི་སྣ་ཚོགས་འབྱུང་ཞེས་པའི་དོན་བཤད་པར་བྱ་སྟེ། དེ་ནས་རླུང་ལ་བཞོན་པའི་རྣམ་ཤེས་ཀྱིས་འབྱུང་བ་ལྔ་བླངས་ནས་ཕུང་པོ་ལྔ་དང་ལྡན་པས་བར་དོའི་སྲིད་པར་གྲུབ་སྟེ། རྡོར་ཕྲེང་ལས། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །དེ་ཡི་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། །སྲ་བའི་ཁམས་དང་ཆུ་ཉིད་དང་། །དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་སུ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། །ཞེས་སོ། །དེས་ན་བར་སྲིད་དུ་གྲུབ་པ་ལ་སྣང་བ་གསུམ་ཀ་སྔོན་དུ་འགྲོ་དགོས་ཏེ། རྡོར་འཕྲེང་ལས། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདི་རྣམ་ཤེས་གསུམ་ཐོབ་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་སོ། །འདི་ལའང་རྡུལ་མུན་སྙིང་སྟོབས་གསུམ་མཉམ་པའི་གནས་སྐབས་ནི་རང་བཞིན་ཡིན་ལ། དེ་ཡོངས་སུ་གྱུར་པའི་གནས་སྐབས་ནི་རྣམ་འགྱུར་རོ། །དེ་ལྟ་བུའི་བར་མ་དོར་སྐྱེས་མ་ཐག་གི་སེམས་གསལ་བར་སྣང་བ་དེ་ནི་ལུགས་བཟློག་ཏུ་སྐྱེས་པའི་སྣང་བ་ཡིན་ལ། དེ་སྣང་བ་མཆེད་པ་ལ་ཐིམ་པ་བར་དོའི་སྣང་བ་ཆེས་ཆེར་གསལ་བ་ལུས་ངག་གི་བྱ་བ་རྣམས་ལ་འཇུག་ཅིང་། སྐྱེ་བ་ལེན་པའི་དོན་དུ་རྫུ་འཕྲུལ་གྱིས་འགྲོ་བ་ལ་སོགས་པའི་སྐབས་སོ། །དེ་ཉེར་ཐོབ་ཏུ་ཐིམ་པ་ནི་སྐྱེ་སྲིད་ལ་གཞོལ་བའི་སེམས་བར་དོ་འགགས་པ་ལ་ཕྱོགས་པའོ། །དེ་འོད་གསལ་དུ་ཐིམ་པའི་ཚུལ་གྱིས་ཤི་ནས་སྐྱེ་བ་ལེན་པ་སྟེ། རྡོར་ཕྲེང་དུ། རྣམ་ཤེས་དང་པོ་འགྲོ་བ་ནི། །དེ་མིང་སྣང་བ་མཆེད་པ་སྟེ། །དེ་ནི་སྟོང་པ་ཆེར་འགྲོ་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་སོ། །གཉིས་པ་མངོན་པར་བྱང་ཆུབ་པར་འགྱུར་བའི་རིམ་པ་ནི། མངོན་པར་བྱང་ཆུབ་རྣམ་ལྔ་དང་། །ཞེས་པ་བར་མ་དོའི་སེམས་དེ་སྐྱེ་བའི་གནས་ལ་འདོད་ཆགས་བསྐྱེད་ནས་སྐྱེ་བ་འཚོལ་ཞིང་། གང་དུ་སྐྱེ་བའི་ཡུལ་དེ་ལ་དགའ་བའི་བསམ་པས་འགྲོ་སྟེ། བརྫུས་ཏེ་སྐྱེ་ན་གནས་ལ་ཆགས་པའི་དབང་གིས། དྲོད་གཤེར་ལས་སྐྱེ་ན་དྲི་ལ། སྒོ་ང་ལས་སྐྱེ་ན་རོ་ལ། མངལ་ལས་སྐྱེ་ན་རེག་བྱ་ལ་ཆགས་པའི་དབང་གིས་ཏེ། ཕ་མ་འཁྲིག་པ་བྱེད་པ་མཐོང་སྟེ། ཕོར་སྐྱེ་ན་མ་ལ་ཆགས། ཕ་ལ་སྡང་། མོར་སྐྱེ་ན་ཕ་ལ་ཆགས། མ་ལ་སྡང་བར་བཤད་པས་སོ། །དེར་འཇུག་པའང་། མ་ལ་ཆགས་སེམས་ཀྱིས་སྐྲ་ལ་རེག་པར་འདོད་པའི་བསམ་བས་སྤྱི་བོ་ནས་འཇུག་པར་བྱེད་པ་དང་། ལ་ལ་འོ་བྱ་འདོད་པའི་བསམ་པས་ཁ་ནས་དང་། ཁ་ཅིག་ནི་དང་པོ་ཉིད་ནས་སྐྱེ་གནས་སུ་འཇུག་པར་བྱེད་པས། བསྐྱེད་རིམ་དུ་དྲི་ཟ་སྤྱི་བོ་ཁ་སྐྱེ་གནས་ཅི་རིགས་པ་ནས་འཇུག་པར་བཤད་པའང་དེས་ཡིན་ནོ། །ཕ་མ་གཉིས་བདེ་བས་ཚིམ་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་ཏེ་ཨཱ་ལི་ཀཱ་ལི་རྣམས་གཅིག་ཏུ་གྱུར་ནས་རླུང་ལ་ཞུགས་པ་གཏུམ་མོའི་མེས་བཞུ་བའི་ཐིག་ལེ་ཐོག་མར་ཁུ་བ་ཟླ་བའི་ངོ་བོ་བསིལ་བའི་ཕྱིར་དེ་ལ་འཛིན་གྱི། རྡུལ་ཉི་མ་ནི་རེག་མི་བཟོད་པས་དེ་ལ་མི་འཛིན་ཏེ། དཔེར་ན་གནམ་སྟོང་གི་ཚེ་སྔར་ཟླ་བ་བཟུང་ནས་ཕྱིས་ཉི་མ་འཛིན་པ་བཞིན་ནོ། །དེ་ལྟ་བུའི་ཕའི་ཁུ་བ་དེའང་དགའ་བ་བཅུ་དྲུག་གི་དབྱེ་བས་ཁུ་བ་དང་བདེ་བའི་ཆར་ཕྱེ་བ་སུམ་ཅུ་རྩ་གཉིས་རྣམ་སྨིན་གྱི་འབྲས་བུ་དང་མཐུན་པ་མེ་ལོང་ལྟ་བུའི་ཡེ་ཤེས། རྒྱུ་མཐུན་གྱི་འབྲས་བུ་མཚན་སོ་གཉིས་ཏེ་མངོན་བྱང་དང་པོའོ། །སྐྱེ་གནས་ཀྱི་གཡོན་དུ་ཁུ་བ་ལྟུང་བ་དེ་མ་ཐག་གཡས་པར་མའི་རྡུལ་གྱི་དྭངས་མ་ལྟུང་སྟེ། དེ་ཉིད་ས་ཆུ་མེ་རླུང་བཞི་གང་ན་གཅིག་ཡོད་པར་བཞི་ཀ་འབྱུང་བའི་ཕྱིར་བཅུ་དྲུག །བདེ་བ་ནམ་མཁའི་ཁམས་ཀྱི་དགའ་བཞི་བསྣན་པས་ཉི་ཤུ་རྡུལ་དང་ལྡན་པའི་ཕྱིར་ཉིས་འགྱུར་ཏེ་བཞི་བཅུ། དེ་ཐབས་སུ་ཕྱེ་བས་བརྒྱད་ཅུ་སྟེ། དེའི་ཕྱིར་རྣམ་སྨིན་གྱི་འབྲས་བུ་མཉམ་ཉིད་ཡེ་ཤེས། རྒྱུ་མཐུན་གྱི་འབྲས་བུ་དཔེ་བྱད་བརྒྱད་ཅུ་སྟེ་མངོན་བྱང་གཉིས་པའོ། །ཐིག་ལེ་དཀར་དམར་ཕ་མའི་ཐུར་སེལ་དང་གཅིག་ཏུ་འདྲེས་ཏེ་རྣམ་པར་ཤེས་པ་སྲོག་གིས་བཟུང་བ་མུན་ཅན་ནི་ཤེས་པ་ལྔ་ལ་སོགས་པར་ལངས་ནས་ཕྱི་ནང་གི་དངོས་པོ་རྣམས་སོ་སོར་ཕྱེ་སྟེ་རྣམ་པར་རྟོག་པར་བྱེད་པས་སམ། འབུར་པོ་ལྔ་ཅིག་ཤོས་རྐང་ལག་བཞི་སོར་མོ་ལྔ། མགོའི་དབང་པོ་བཞི་དཔྲལ་བ་ཡན་ལྔ་རྡོ་རྗེ་རྩེ་ལྔ་པ་དང་མཐུན་པ་བར་དོའི་ཤེས་པའི་ས་བོན་གྱིས་མཚན་པས་རྣམ་སྨིན་གྱི་འབྲས་བུ་སོ་སོར་རྟོག་པའི་ཡེ་ཤེས་ཏེ་མངོན་བྱང་གསུམ་པའོ། །ཁུ་ཁྲག་གཉིས་བདེ་བའི་རྟེན་ཡིན་ཞིང་རྣམ་པར་ཤེས་པ་བརྟེན་པར་གྱུར་པ་དེ་གཉིས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་བདེ་བ་དམ་པའི་ཡེ་ཤེས་ཏེ། བརྟག་གཉིས་ལས། ཇི་ལྟར་ཕ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གི་ཟ། །ཞེས་གསུངས་ཀྱི། གནས་སྐབས་དེ་ན་ཚོར་བ་བདེ་བ་ལྷག་པར་ཡོད་པ་ནི་མ་ཡིན་ཏེ། ཁུ་ཁྲག་གི་དབུས་སུ་བརྒྱལ་བར་གྱུར་པས་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་གསུམ་འདྲེས་པའི་ཐིག་ལེ་སྐྱེ་གནས་ཀྱི་དབུས་སུ་གནས་པ་ནི་གཟུང་འཛིན་བྲལ་བའི་སྟོང་ཉིད་དུ་ཆོས་ཐམས་ཅད་རོ་གཅིག་པར་བྱེད་པའི་གཞི་ཡིན་པས་རྣམ་སྨིན་གྱི་འབྲས་བུ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་མངོན་བྱང་བཞི་པའོ། །དེའང་དང་པོར་མའི་མངལ་གྱི་སས་ས་བོན་མི་ལྟུང་བར་འཛིན་ཅིང་། ཆུས་གོང་བུར་བྱེད། མེས་སྨིན་པ་དང་མས་ཟོས་འཐུངས་གྱི་དྭངས་མ་ས་བོན་དེ་ལ་འཇུག་པར་བྱེད་ལ། རླུང་གིས་རྒྱས་པ་དང་མངལ་གྱི་བུ་ག་ནམ་མཁས་འཕེལ་བའི་གོ་སྐབས་སྦྱིན་པར་བྱེད་ཅིང་། དེ་ནས་རང་ཉིད་ཀྱི་འབྱུང་བ་ལྔས་ལས་བྱེད་དོ། །དེའི་ཕྱིར་རྣམ་པར་ཤེས་པ་རང་གི་གཞོན་པའི་རླུང་དང་བཅས་པ་བདག་པོའི་རྐྱེན། ཕ་མའི་ཁུ་ཁྲག་ཉེ་བར་ལེན་པའི་རྐྱེན། མའི་མངལ་གྱི་འབྱུང་བ་རྣམས་ནི་ལྷན་ཅིག་བྱེད་པའི་རྐྱེན་དུ་ཤེས་པར་བྱའོ། །དེ་དག་ཀྱང་རྡོར་འཕྲེང་དུ། སྔོན་ལས་རླུང་གི་རྣམ་ཤེས་ནི། །རྒྱ་ལ་གང་ཚེ་འགྲོ་གྱུར་ན། །ཕ་ཡི་ཁ་ལ་མཚུངས་པར་ལྡན། །དེ་ཚེ་ཆགས་པའི་དབང་དུ་གྱུར། །གསང་གནས་ཟླ་མཚན་ལྡན་པའི་རྩ། མེ་དང་ཉི་མ་འཆར་བ་ན། །དེ་ཚེ་ལྷག་པར་ཆགས་པས་ནོན། །ཆགས་པས་མཆོག་ཏུ་འདོད་པར་འགྱུར། །རྡོ་རྗེ་པངྨ་འདྲེས་པའི་གདོང་། །འཇུག་པ་རྩ་ཡི་ཁ་ཡི་རླུང་། །དེ་ཚེ་ས་བོན་དུ་ནི་འགྱུར། །ས་བོན་ལས་ནི་སེམས་ཅན་འབྱུང་། །ཞེས་དང་། དགྱེས་རྡོར་འབུམ་ལྔ་ལས། ཕ་དང་མ་ཡི་དཀར་དམར་དང་། །སྲོག་དང་ཐུར་སེལ་གཉིས་དེ་བཞིན། །སེམས་ཀྱི་རྡོ་རྗེ་ཡང་དག་ལྡན། །ལུས་ནི་སྐྱེད་པར་བྱེད་པའི་རྒྱུ། །ཞེས་དང་། ལྡོམ་འབྱུང་ལས། དང་པོ་ཕ་མའི་ཀུན་སྦྱོར་ལས། །སྲིད་པའི་སྐྱེ་བོ་ཅན་དུ་མཐོང་། །ཤིན་ཏུ་ངེས་པ་ཀུན་དགའི་སྟོབས། །ཁ་ཡི་ལམ་ནས་རབ་ཏུ་འཇུག །རྟ་ཞོན་པ་ཡི་རྣམ་ཤེས་ནི། །རླུང་གི་བཞོན་པ་ཞོན་པ་བཞིན། ཤིན་ཏུ་མྱུར་བར་འོངས་གྱུར་ཏེ། །སྐད་ཅིག་ཐང་ཅིག་ཙམ་ལ་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩ། །རབ་བསྐུལ་དེ་ཡི་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །ཨཱ་ལི་ཀཱ་ལི་ཞུ་བྱས་པའི། །ཁུ་ཁྲག་དེ་དག་གི་དབུས་སུ། །ཐིག་ལེའི་གཟུགས་སུ་གནས་པར་འགྱུར། །ཞེས་དང་། ཡང་། རྩ་གཉིས་སྐྱེ་གནས་དབུས་སུ་ནི། །གཡོན་དང་དེ་བཞིན་གཡས་སུའོ། །གཡོན་ལ་ཁུ་བ་ཤེས་བྱ་སྟེ། །གཡས་པ་ལ་ནི་ཁྲག་ཉིད་དོ། །དེ་དག་འདུས་པ་གཅིག་ཉིད་ནི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད། །ལས་ཀྱི་ས་བོན་དབང་ལས་ཐོབ། །ཅེས་བཤད་དོ། །གནས་སྐབས་དེ་དག་སྐུ་གསུང་ཐུགས་ཀྱི་རིགས་སུ་བཞག་སྟེ། དམ་པ་དང་པོར། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་ཉི་རྡུལ་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་སོ། །དེའང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ལས་ས་བོན་གྱི་གནས་སྐབས་ཙམ། དེ་ཉིད་གནས་སྐབས་ལྔར་ངེས་པར་འགྱུར་ཏེ། མེར་མེར་པོ་ནི་མི་བསྐྱོད་པའི་འོ། །ལྟར་ལྟར་པོ་ནི་རིན་འབྱུང་། གོར་གོར་པོ་འོད་དཔག་མེད། མཁྲང་འགྱུར་ནི་དོན་ཡོད་གྲུབ་པ་སྟེ། མཁྲང་འགྱུར་ཞེས་པ་ཁུ་ཁྲག་གཉིས་པོ་རླུང་གིས་བསྡུས་ཏེ་བྱེ་བར་མི་འགྱུར་བ་ལ་བྱ་ལ། ཡང་དག་པར་འདྲེས་པ་ནི་དངུལ་ཆུ་དང་ཟངས་མ་རོ་གཅིག་ཏུ་གྱུར་པ་ལྟ་བུ་ལ་བྱའོ། །རྐང་ལག་འགྱུ་བ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ། །དེའང་སྐྲ་དང་། བ་སྤུ་དང་། སེན་མོ་རྣམས་ཟླ་བ་བདུན་གྱིས་རྫོགས་ལ། དབང་པོ་དང་། མཚན་དང་། གཟུགས་རྣམས་བརྒྱད་ལ། དགུ་ལ་ཐམས་ཅད་རྫོགས་ལ། བཅུ་པ་ནས་སྐྱེ་བའི་སེམས་འབྱུང་སྟེ། སྡོམ་འབྱུང་ལས། དང་པོ་ནུར་ནུར་པོའི་རྣམ་པ། །མེར་མེར་པོ་ནི་གཉིས་པ་ཡིན། །ལྟར་ལྟར་པོ་སྐྱེས་གསུམ་པ་སྟེ། །བཞི་པ་གོར་གོར་པོ་ཉིད་དོ། རླུང་རྣམས་ཀྱིས་ནི་བསྐུལ་བ་ན། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ཟླ་བ་ལྔར་གྱུར་ས་བོན་ལས། །ཡན་ལག་ལྔ་ནི་རབ་ཏུ་སྐྱེ། །སྐྲ་སྤུ་སེན་མོ་རྣམས་དང་རྟགས། །ཟླ་བ་བདུན་གྱི་སྐྱེ་བར་འགྱུར། །དབང་པོ་རྣམས་དང་གཟུགས་རྣམས་ནི། །ཟླ་བ་བརྒྱད་ལ་སྐྱེ་བར་འགྱུར། །ཟླ་བ་དགུ་ཡི་ཡང་དག་རྫོགས། །ཟླ་བ་བཅུ་ལ་སེམས་དང་ལྡན། །ཞེས་སོ། །ཡང་རྡོར་འཕྲེང་དུ། ཐོག་མར་འཕོ་བའི་དུས་སུ་ནི། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ཟླ་བ་གཅིག་ཡན་དུ་སྲོག་གི་རླུང་གཅིག་པུ་ཉིད་དོ། །དེ་ནས། འཕོ་བ་གཉིས་པའི་དུས་སུ་ནི། །སླར་ཡང་ཁྲག་དང་འདྲེས་པ་ནི། །སྟེང་དང་འོག་གི་དབྱེ་བ་ཡིས། སྲོག་གི་རླུང་ནི་གཉིས་སུ་འགྲོ། །སྟེང་སྲོག་དང་འོག་ཐུར་སེལ་དུ་གྱེས་སོ། །ཐུར་སེལ་རླུང་གི་འགྲོ་འོང་ལ། །རུས་སྦལ་རྣམ་པ་འཛིན་པར་འགྱུར། །ཐུར་སེལ་འོག་ཏུ་སོང་བས་རྐང་པ་གཉིས་ཀྱི་མཚན་མ་དང་། ཐུར་སེལ་གྱེན་དུ་སོང་བས་སྲོག་བསྐུལ་ཏེ། མགོ་དང་དཔུང་པ་གཉིས་ཀྱི་མཚན་མ་ཅུང་ཟད་དོད་པ་རུས་སྦལ་ལྟ་བུ། དེ་ནས་འཕོ་བ་གསུམ་པ་ལ། །ཁྲག་དང་ཁུ་བ་ཟོས་པས་ན། །ཐུར་དུ་སེལ་བའི་རླུང་གི་ཚོགས། །བསྐམས་ནས་གྱེན་དུ་རླུང་ནི་འབྱུང་། སྟེང་དུ་ཁ་བལྟས་ནས་ནི་གནས། །ཕག་རྒོད་འདྲ་བའི་ལུས་འཆང་འགྱུར། །ཐུར་སེལ་དེས་ཁུ་ཁྲག་ཟོས་པས་ཕག་རྒོད་དང་འདྲ་བའི་ལུས་དང་། སྟེང་དུ་ཁ་ལྟ་བའི་མཉམ་གནས་ཀྱི་རླུང་འབྱུང་ངོ་། །སླར་ཡང་འཕོ་བ་བཞི་པ་ལ། ཁྲག་དང་ཁུ་བ་བསྒོས་པ་ནི། །གྱེན་དུ་རྒྱུ་བའི་རླུང་བཀུག་ནས། །འོག་ཏུ་ཁ་བལྟས་ནས་ནི་འགྲོ། །སེང་གེའི་རྣམ་པ་ཡིས་ཀྱང་ནི། །ཁྱབ་བྱེད་རླུང་ནི་སྤྲོ་བར་བྱེད། །ཅེས་པ་ལ་འགྲེལ་པར། མཉམ་དུ་རྒྱུ་བའི་རླུང་བཀུག་ནས། །ཞེས་བྱ་བ་དང་། མཉམ་རྒྱུ་གྱེན་རྒྱུའི་རིམ་པས་སོ། །ཞེས་སྟོན་ནས་མཉམ་རྒྱུ་ལས་གྱེན་རྒྱུ་སྐྱེ་བར་བཤད་དོ། །གྱེན་རྒྱུ་ལྟོ་བ་འདྲལ་བ་ལྟར་བྱེད་པའི་ཕྱིར་མིའི་སེང་གེའི། །དེ་ནས་འཕོ་བ་ལྔ་པ་ལ། །ཁྲག་དང་ཁུ་བ་འཕེལ་ནས་ནི། །མཉམ་གནས་རླུང་ནི་འདར་ནས་ནི། །མི་ཡི་གཟུགས་རྙེད་རིམ་བཞིན་བགྲོ། །མཉམ་གནས་རླུང་གིས་ཁྱབ་བྱེད་སྤྲོ། །གང་གིས་འགུལ་དང་འདར་བར་འགྱུར། །ཞེས་བྱ་བ་ལ་འགྲེལ་པས། གྱེན་རྒྱུའི་རླུང་ནི་བཀུག་ནས་ནི། །མིའུ་ཐུང་གི་རྣམ་པར་འགྲོ །གྱེན་རྒྱུའི་རླུང་གིས་ཁྱབ་བྱེད་སྤྲོ། །ཞེས་སྟོན་ནས་ཟླ་བ་ལྔ་པ་ལ་གྱེན་རྒྱུས་ཁྱབ་བྱེད་སྤྲོས་ནས་ཁྱབ་བྱེད་ཀྱི་མཐུས་མངལ་དུ་བྱིས་པ་འགུལ་ཞིང་འདར་བར་འགྱུར་ཏེ། བྱིས་པ་དེ་ལུས་ཡོངས་སུ་བསྐུམ་ནས་གནས་པའི་མིའི་ཐུང་ལྟ་བུ་ཡིན་ནོ། །ཕུང་པོ་ལྔ་ནི་རྫོགས་པ་ན། །དེ་ལྟར་གསུངས་པ་དེ་ལས་སླར། །འཕོ་བ་དྲུག་པའི་དུས་ཚོད་ལ། །ས་ཡི་ཁམས་དང་མིག་གཉིས་དང་། །ཁྱབ་བྱེད་རླུང་གིས་ཀླུ་རླུང་སྤྲོ། །རླུང་གིས་དངོས་པོ་འཕེལ་བར་བྱེད། །ཟླ་བ་ལྔ་པ་ལ་རྩ་བའི་རླུང་ལྔ་ཕུང་པོ་ལྔའི་ངོ་བོར་གྱུར་པ་རྫོགས་ནས། འཕོ་བ་དྲུག་པ་ལ་ས་ཁམས་དང་མིག་གཉིས་སྐྱེ་ཞིང་། ཁྱབ་བྱེད་ཀྱི་རླུང་གིས་རྒྱུ་བའི་རླུང་ངམ། མིང་གཞན་ཀླུའི་རླུང་སྤྲོ་བས་ཡན་ལག་གི་རླུང་གི་དངོས་པོ་འཕེལ་བར་བྱེད་དོ། །དེ་ནས་འཕོ་བ་བདུན་པ་ལ། །ཆུ་ཡི་ཁམས་དང་རྣ་བུག་དོད། །ཀླུ་ཡི་རླུང་གིས་རུས་སྦལ་རླུང་། །སྤྲོས་ནས་གཉིས་སུ་མེད་པར་སྤྱོད། །ཆུའི་ཁམས་དང་རྣ་བའི་བུ་ག་དོད་ཅིང་ཀླུའི་རླུང་གིས་རུས་སྦལ་གྱི་རླུང་སྐྱེད་པར་བྱེད་དོ། །དེ་ནས་འཕོ་བ་བརྒྱད་པ་ལ། །མེ་དང་སྣ་ཡི་བུ་ག་འབྱེད། །རུས་སྦལ་རླུང་གིས་རྩང་རླུང་སྤྲོ། །རང་གི་རང་བཞིན་ཤེས་པར་བྱེད། །རུས་སྦལ་གྱི་རླུང་ཉིད་ལ་རྩང་པའི་རླུང་འཁོར་གྱི་ཚུལ་དུ་ཡོད་ཀྱང་སྐབས་འདིར་རང་གི་རང་བཞིན་ཏེ་རྩངས་བ་གཙོ་བོར་གྱུར་ཏོ། །དེ་ནས་འཕོ་བ་དགུ་པ་ལ། །རླུང་གི་ཁམས་དང་རོ་ནི་ཚོར། །རྩང་པ་ཞེས་བྱའི་རླུང་ཆེན་པོས། །ལྷ་སྤྱིན་རླུང་ནི་སྤྲོ་བར་བྱེད། །རྩང་པ་ལས་ལྷ་སྦྱིན་ནོ། །དེ་རྗེས་འཕོ་བ་བཅུ་པ་ལ། །ལྷ་སྦྱིན་རླུང་གིས་གཞུ་རྒྱལ་སྤྲོ། །རླུང་ཀུན་བསྡུས་པའི་མཚན་ཉིད་ཅན། །དགུ་པའི་དབུས་ན་ཁྱབ་པའི་ཁམས། །ཕྲ་ཞིང་ཐོགས་མེད་མཚན་ཉིད་ཅན། །རྩ་དང་རྒྱུ་མ་རྒྱུས་པའི་སྦུབས། །སྒོ་ནི་དགུ་པོ་རྒྱས་པར་བྱེད། །ལུས་ནི་མཆོག་ཏུ་ཚོར་བ་དང་། །གཅིག་ཏུ་རེག་པའི་མཚན་ཉིད་འཛིན། །ལྷ་སྦྱིན་གྱིས་གཞུ་རྒྱལ་བསྐྱེད་ལ། དེས་རྩ་བའི་རླུང་ལྔ། ཡན་ལག་གི་བཞི་སྟེ་དགུ་པོ་ཐམས་ཅད་ལ་ཁྱབ་བྱེད་དུ་གྱུར་པའི་ནམ་མཁའི་ཁམས་སྐྱེད་པར་བྱེད་ལ། ཁམས་དེའང་ཕྲ་ཞིང་ཐོགས་པ་མེད་པའི་མཚན་ཉིད་ཅན་ཏེ། །དེས་ལུས་ཀྱི་ནང་གི་རྩ་དང་། རྒྱུ་མ་དང་། རྒྱུས་པའི་སྦུབས་ལ་སོགས་པ་རྣམས་དང་། ཕྱི་རོལ་གྱི་སྒོ་དགུ་པོ་དང་། རེག་བྱ་འཛིན་པའི་མཚན་ཉིད་ཀྱིས་ལུས་དབང་རྒྱས་པར་བྱེད་དོ། །འདི་ནི་འགྲེལ་པ་དང་བསྟུན་ནས་བཤད་ལ། འགྱུར་ཇི་བཞིན་པས་ནི་སྲོག་ཐུར་སེལ་གྱེན་རྒྱུ་མཉམ་གནས་ཁྱབ་བྱེད་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བར་གསུངས་སོ། །རླུང་བཅུ་པོ་དེ་དག་བྱ་བའི་དབྱེ་བས་འཛིན་པར་བྱེད་པ་དང་། སྲུབ་པར་བྱེད་པ་དང་། དབྱིབས་ཀྱི་རླུང་གསུམ་དུ་བཞག་གོ །དེའང་དཔལ་ལྡན་རྒྱུད་ལས། ས་བོན་པདྨར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱི་ནས་ནི། །མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་དེ་འདི་ཡི་འཕེལ་བ་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ལྟར་གྲུབ་པ་སྟེ། །ཞེས་གསུངས་པའི་རིགས་པས། ཁྱབ་བྱེད་ལྷ་སྦྱིན་ཆུ་སྟེ་རྡུལ་ཕྲན་སྡུད་པར་བྱེད་པ། ཀླུ་དང་ནོར་རྒྱལ་ས་ཁམས་བསྡུས་པ་དེ་དག་སྲ་བར་བྱེད་པས་འཛིན་པའི་རླུང་དུ་བཞག་གོ །གྱེན་རྒྱུ་རྩང་པ་མེ་ཁམས་བསྡུས་པ་བསྲུབས་པའི་ཚུལ་གྱིས་སྨིན་པར་བྱེད་པ་སྲུབ་པའི་རླུང་། མཉམ་གནས་རུས་སྦལ་རླུང་གི་ཁམས་སྨིན་པ་དེ་དག་གནས་གཞན་དང་གཞན་དུ་བསྒྱུར་བས་དབྱིངས་ཀྱི་རླུང་། སྲོག་དང་ཐུར་སེལ་ཐམས་ཅད་ཀྱི་གོ་སྐབས་སྦྱིན་པའི་ངོ་བོ་ཉིད་ཡིན་པས་ཐམས་ཅད་ཀྱི་གྲོགས་སོ། །དེ་དག་ཀྱང་གཙོ་བོར་བརྗོད་པ་ཡིན་ལ། ཕལ་པའི་ཚུལ་གྱིས་ཐམས་ཅད་ཀྱང་ཐམས་ཅད་ལ་ཉེ་བར་སྦྱོར་རོ། གཡོན་གྱི་ཡན་ལག་ཏུ་ནི་དཀར་པོ་འབར་བ་འགྲོ་བའི་བདུད་རྩིའི་ཆ་དང་གཡས་སུ་དམར་པོའི་མདོག །ཅེས་བྱ་བ་ལ་སོགས་པ་ཟུང་བདུན་གྱི་རྣམ་པར་གཞག་པར། འོད་གསལ་དེ་དང་ཚོགས་པ་གཅིག་པའི་ཁམས་ཀྱི་ནུས་པ་ལས་རིགས་དྲུག་གི་འོད་དམ་སྣང་བ་དྲུག་ཏུ་འགྱུར་ཏེ། འདི་ལྟར་ལྗང་གུ། སྔོན་པོ། ནག་པོ། དམར་པོ། དཀར་པོ། སེར་པོ། ཡེ་ཤེས། ནམ་མཁའ། རླུང་། མེ། ཆུ། སའི་ཁམས་ཀྱི་སྣང་བའོ། །དེ་ལས་འོད་ཟེར་ལྗང་གུ་དང་། སྔོན་པོ་དང་། ནག་པོ་རྣམས་ཀྱི་མཐུ་ལས་ཡེ་ཤེས་ཀྱི་ཁམས་ལྗང་ཁུ་ལས་ཐུར་སེལ། དེའང་བཤང་གཅི་ཁུ་བ་འདྲེན་པ་རྣམ་པ་གསུམ་དུ་འགྱུར་རོ། །སྔོན་པོ་སྟོང་པ་ནམ་མཁའི་ཁམས་ལས་སྲོག་སྟེ་གཡོན་གཡས་དབུ་མའི་རྩར་འབབ་པ་གསུམ་དུ་འགྱུར་རོ། ནག་པོ་སྟེང་གི་རླུང་གི་ཁམས་ལས་མཉམ་གནས། མེའི་ཁམས་ལས་གྱེན་དུ་རྒྱུ། ཆུའི་ཁམས་ལས་ཁྱབ་བྱེད། སའི་ཁམས་ལས་ཀླུ། རླུང་གི་ཁམས་ལས་རུས་སྦལ། མེའི་ཁམས་ལས་རྩང་པ། ཆུའི་ཁམས་ལས་ལྷ་སྦྱིན་ཏེ། ནོར་ལས་རྒྱལ་མ་གཏོགས་པའི་རླུང་དགུ་སྐྱེད་ལ། དེ་དག་གིས་རགས་པའི་རྟེན་དུ་གྱུར་པའི་རྩ་སྐྱེད་པར་བཤད་པ་དང་། འོད་ཟེར་དམར་པོའི་མཐུས། གཅི་བ་དང་ཁུ་བའི་བུ་ག་དང་། མིག་སྣ་བུག་རྣ་བ་གཡས་པ་རྣམས་དང་། ལྟེ་བ་སྨིན་མཚམས་ཀྱི་གཏུམ་མོའི་མེ་སྐྱེད་དོ། །འོད་ཟེར་དཀར་པོས། བཤང་ལམ་ཁ་མིག་སྣ་བུག་རྣ་བ་གཡོན་པ་རྣམས་དང་། གཅི་བ་རྡུལ་སྟུག་འོ་མའམ་བད་ཀན་གྱི་ཁམས། ཀླད་པ་ཞག་ཁུ་བ་རྣམས་སྐྱེད་དོ། །སེར་པོས། སོ་བཤད་པ་སྒལ་ཚིགས་ལ་སོགས་པའི་རུས་པ་རྣམས་དང་། སྤུ་ལ་སོགས་པ་རྣམས་སྐྱེད་དོ། །ནོར་ལས་རྒྱལ་ནི་སའི་ཁམས་ལས་སམ་འོད་ཟེར་ཐམས་ཅད་ཀྱི་ཅི་རིགས་པར་སྐྱེད་དེ། །དེའང་ཕོ་ཡིན་ན་མའི་དཀུ་གཡས་ལ་བརྟེན་ཅིང་རྒྱབ་ཏུ་ཕྱོགས་ནས་གཙོ་བོར་གནས་སོ། །མོ་ཡིན་ན་གཡོན་དུ་བརྟེན་ཅིང་མདུན་དུ་ཕྱོགས་ནས་གནས་སོ། །དེའང་ལུས་ཟུངས་བདུན་ཡོད་པའི་དབང་གིས་ཞག་བདུན་བདུན་ན་འགྱུར་བ་དགའ་བོ་མངལ་འཇུག་ལས་བཤད་དོ། །དེ་ནས་ལས་ཀྱི་རླུང་གིས་བསྒྱུར་ནས་མའི་ཆོས་འབྱུང་གི་སྒོ་ལ་ཕྱོགས་ཏེ་གནས་ལ། སྡོམ་འབྱུང་ལས། རླུང་ནི་ཡོངས་སུ་བསྒྱུར་བ་ན། ཆོས་ཀྱི་འབྱུང་གནས་སྒོ་ལ་ནི། །ངེས་པར་མངོན་དུ་ཕྱོགས་པར་འགྱུར། །གཡས་པའི་དཀུ་ལ་བརྟེན་ནས་ནི། །ཙོག་པུར་རྒྱབ་ཏུ་ཕྱོགས་ཏེ་གནས། །ལྟོ་བ་གཡོན་པ་དག་ལ་བརྟེན། །ཤེས་རབ་ལྟོ་བ་མངོན་ཕྱོགས་འགྱུར། །ཞེས་སོ། །དེ་ལྟར་ལུས་རྫོགས་པ་དེ་ཉིད་ཟག་པ་མེད་པའི་ཆོས་རྫོགས་པའི་གཞིར་ཡང་གྱུར་པས་རྣམ་སྨིན་གྱི་འབྲས་བུ་དང་མཐུན་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པས་མངོན་བྱང་ལྔ་པ་སྟེ། བརྟག་གཉིས་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་གྱིས། །སོ་སོར་རྟོགས་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་གསུངས་སོ། །དེ་ནས་ཕྱིར་སྐྱེ་བ་དགེ་སློང་ངམ་སྤྲུལ་པའི་སྐུ་དང་མཚུངས་པ་སྟེ། །ཇི་ལྟར་མཚུངས་ཤེ་ན། བརྟག་གཉིས་ལས། ལྟོ་བ་གནས་སུ་བརྗོད་པར་བྱ། །སྐྱེ་གནས་འདོད་ཆགས་བྲལ་བར་འགྱུར། །མངལ་གྱི་ཕྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་ཉིད། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱིའང་རྣམ་པ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་དང་། རྡོར་ཕྲེང་དུ། འཕོ་བ་བཅུ་ནི་ས་བཅུ་སྟེ། རིགས་པ་ཡིས་ནི་རྣམ་པར་ཤེས། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །བྷ་ག་ཕྱག་རྒྱ་ཆེན་པོར་བརྗོད། །བྱིས་པ་ཡང་དག་རྫོགས་སངས་རྒྱས། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །མགོ་བོའི་སྐྲ་ནི་བྲེགས་པ་དང་། །ཕྲུ་མའི་ཆོས་གོས་དམར་པོ་བགོས། །དཔལ་དང་ལྡན་པ་ཐལ་མོ་སྦྱར། །སྤྱི་བོ་ས་ལ་གཏུགས་པ་ཕྱག །མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །ཞེས་སོ། །མ་ལས་མ་བཙས་ཚུན་སྲོག་གི་རླུང་སྣའི་སྒོར་མི་རྒྱུ་ཞིང་དབྱུག་པ་ལྟ་བུར་གནས་ནས། ནམ་བཙས་མ་ཐག་སྣའི་སྒོ་ལས་ཐོག་མ་མཉམ་རྒྱུ་ང་དྲུག་རྐང་བཅས་འབབ་ལ། དེ་ནས་གཡས་གཡོན་གང་ཡང་རུང་བར་རྒྱུའོ། །དེའི་རྐྱེན་གྱིས་ཐིག་ལེ་རགས་པའི་ཚོགས་གཞིག་ནས་ཟླ་བ་བདུད་རྩི་སྟེང་དུ་བགྲོད་དེ་སྤྱི་བོའི་རྩ་མདུད་ཧཾ་ཡིག་མགོ་བོ་འཐུར་དུ་བརྟེན་ནས་གནས་སོ། །ཉི་མ་རྡུལ་འོག་ཏུ་བགྲོད་ནས་གསང་གནས་ཀྱི་དབུས་སུ་ཨ་ཤད་མེའི་རི་མོར་ཆགས་སོ། །མགྲིན་པར་ཨོཾ་ཡིག་གི་རྣམ་པ་དང་། རྣམ་པར་ཤེས་པ་སྒྲ་གཅན་གྱི་ཁམས་འགྱུར་མེད་བདེ་བ་ལ་བགྲོད་པས་སྙིང་གའི་མི་ཤིགས་པའི་ཧཱུྃ་ཡིག་ཏུ་གྱུར་པས་མགོ་བོ་ཐུར་དུ་བསྟན་ཏེ་འདུག་ལ་གཙུག་ཏོར་དུའང་ངོ་། །དུས་ཀྱི་མེ་ནི་ལྟེ་བའི་ལྟེ་བར་ཨཾ་ཡིག་གྱེན་དུ་མགོ་བལྟ་བར་བྱས་ནས་གནས་ཏེ། །འབུམ་ལྔར། སྒྲ་གཅན་ལྟེང་དུ་ཉི་མ་གནས། །ཉི་མའི་སྟེང་དུ་ཟླ་བའོ། །ཟླ་བའི་སྟེང་དུ་སྒྲ་གཅན་ཏེ། །དེ་ཡིས་སྣ་ཚོགས་རབ་ཏུ་འཇུག །དེ་ཡིས་འཇུག་བྱེད་དུས་ཀྱི་མེ། །ལྟེ་བ་གསང་བར་རྣམ་གཉིས་གནས། །དེ་ཉིད་རྡོ་རྗེ་ཉི་མར་བརྗོད། །གང་དུ་གཏུམ་མོ་གནས་པའོ། །བདུད་རྩི་ཡང་དག་གནས་གང་དུ། །ཧཾ་ཡིག་གནས་པ་དེ་རུའོ། །གཙུག་ཏོར་པདྨ་ཆར་གནས་པ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་སོ། མངལ་དག་པར་རྣམ་ཤེས་བདེ་བས་བྱིན་གྱིས་བརླབས་པ་ཆོས་ཉིད་སྟོང་པ་ཉིད་ལས་བྱང་ཆུབ་པ། །ཐིག་ལེ་དཀར་དམར་གདན་ཉི་ཟླ། །རྣམ་ཤེས་ཨ་ཡིག་གསུང་ཡིག་འབྲུ། །ཕོར་སྐྱེ་ན་རྡོ་རྗེ་དང་མོར་སྐྱེ་ན་དྲིལ་བུ་དང་དབྱིབས་འདྲ་བར་ཆགས་པ་ཐུགས་ཕྱག་མཚན། ལུས་གྲུབ་པ་སྐུ་ཡོངས་སུ་རྫོགས་པའི་བྱང་ཆུབ་པ་ལྔའོ། །ཡང་མངོན་པར་བྱང་ཆུབ་པ་བཞིར་ཇོ་བོ་ནཱ་རོ་པས་དབང་མདོར་བསྟན་གྱི་འགྲེལ་ཆེན་དུ་གསུངས་པ་ལྟར་བཤད་པར་བྱ་སྟེ། །ཀུན་གཞི་རྣམས་པར་ཤེས་པ་མའི་གསང་གནས་སུ་ཞུགས་ཤིང་ཕ་མའི་ཐིག་ལེ་དང་རོ་མཉམ་པར་གྱུར་པས་སྐད་ཅིག་གཅིག་བདེ་བ་ཡང་དག་པར་རིག་པ་དང་། ལུས་ཀྱང་ཉ་རོ་ཧི་ཏ་ལྟར་དམར་པོར་རྣམ་པ་གཅིག་པ་གང་ཡིན་པ་དེ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པའོ། །གང་གི་ཚེ་མངལ་ན་གནས་པ་དེ་ཉིད་ཀྱིས་གཟུགས་ལ་སོགས་པའི་བག་ཆགས་ཀྱི་བདག་ཉིད་ཅན་ཤེས་པ་ལྔ་ཡང་དག་པར་རིག་ཅིང་། རུས་སྦལ་ལྟར་འབུར་པོ་ལྔ་འཐོན་པས་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ། དེ་ནས་ཤེས་པ་ལྔ་རང་རང་གི་གཟུང་བའི་ཁམས་ལྔའི་བག་ཆགས་ཀྱི་དབྱེ་བས་ལུས་སོར་མོ་ཉི་ཤུ་རྫོགས་པ་དེའི་ཚེ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ། དེ་ནས་མངལ་ནས་འཐོན་ཏེ། རྒྱུ་མའི་དྲ་བ་ལྟར་མཐའ་ཡས་པའི་དངོས་པོ་ཡང་དག་པར་རིག་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་ལྟ་བུའི་ལུས་དེ་རང་སོར་དགུ་བཅུ་རྩ་དྲུག་ཆུ་ཞེང་དུ་ལྡན་པ་ནི་ཚད་དང་ལྡན་པ་ཡིན་ལ། རིང་བའམ་ཐུང་བ་ན་ཚད་དང་མི་ལྡན་པ་ཞེས་བྱའོ། །ཚད་དེ་དང་མཐུན་པར་ཕྱི་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱང་ཆུ་ཞེང་དཔག་ཚད་འབུམ་ཕྲག་བཞི་པར་དུས་ཀྱི་འཁོར་ལོར་གསུངས་ལ། ཇི་ལྟར་ལུས་རིང་ཐུང་དབྱིབས་མི་འདྲ་བ་དུ་མར་གྲུབ་པ་བཞིན་སྣོད་གྱི་འཇིག་རྟེན་ཚད་དབྱིབས་མི་འདྲ་བ་སྣ་ཚོགས་བསྐྱེད་ལ། དེ་གཉིས་ཀྱང་ལས་ཀྱི་རླུང་མི་འདྲ་བ་དེའང་ལས་ཀྱི་བག་ཆགས་ཀྱིས་བསྒོས་པའི་སེམས་ཀྱི་སྣང་བ་མི་འདྲ་བ་ལས་བྱུང་བ་ཡིན་ནོ། །གསུམ་པ་ཁྱབ་འཇུག་གི་འཇུག་པ་བཅུ་དང་སྦྱར་བ་ནི། མངལ་ཆགས་པ་ནས་ཟླ་བ་གཉིས་ཀྱི་བར་རོ་ཧི་ཏའི་ཉའི་རྣམ་པར་གནས་པ་ཉའི་གནས་སྐབས། དེའི་རྗེས་ཀྱི་ཟླ་བ་གཉིས་སུ་འབུར་པོ་ལྡ་དོད་པ་རུས་སྦལ་དང་འདྲ་བའི་ཕྱིར་རུས་སྦལ་གྱི་གནས་སྐབས། དེ་ནས་བཙའ་བའི་ཉིན་ཞག་གི་བར་དུ་སྐྱེ་མཆེད་བཅུ་གཉིས་འབྱུང་ཞིང་མའི་དྭངས་མ་ཟོས་ནས་ནང་དུ་བཤང་གཅི་འབྱུང་བས་ཕག་པ་ལྟར་མི་གཙང་བས་ཕག་པའི་གནས་སྐབས། བཙའ་བའི་ཉིན་ཞག་ལ་མིའི་རྣམ་པས་གཞན་གྱི་ལྟོ་བ་འདྲལ་བར་བྱེད་པའི་ཕྱིར་མིའི་སེང་གེའི་གནས་སྐབས། བཙས་ནས་སོ་སྐྱེ་བའི་བར་ནི་གྱོལ་བས་མིའི་ཐུང་གི་གནས་སྐབས། སོ་སྐྱེས་ནས་མ་ལྷུང་པའི་བར་ནི་གཅོད་པར་བྱེད་པའི་མཚོན་རྣོན་པོ་ཐོགས་པ་ཉིད་ཀྱིས་དགྲ་སྟ་རྭ་མའི་གནས་སྐབས། སོ་ལྷུང་ནས་ལོ་བཅུ་དྲུག་གི་བར་བུད་མེད་དང་འགྲོགས་པ་མེད་པས་རྒྱས་པ་རཱ་མའི་གནས་སྐབས། དེ་ནས་སྐྲ་དཀར་སྐྱེ་བའི་བར་གཡོ་སྒྱུ་དང་ལྡན་པས་ཞེ་གནག་པའི་ཕྱིར་ནག་པོའི་གནས་སྐབས། སྐྲ་དཀར་སྐྱེས་ནས་འཆི་བའི་ཉིན་ཞག་ལ་ཐུག་པ་རང་རིགས་ཀྱི་བུ་དང་ཚ་བོ་ལ་སོགས་པར་བྱ་བ་དང་བྱ་བ་མ་ཡིན་པའི་ཚུལ་འདོམས་པར་བྱེད་པས་སངས་རྒྱས་ཀྱི་གནས་སྐབས། འཆི་བའི་ཉིན་ཞག་ལ་ཁམས་རྣམས་གཅིག་ཏུ་འདྲེས་པར་འགྱུར་པས་རིགས་ལྡན་གྱི་གནས་སྐབས་ཏེ། དཔལ་ལྡན་རྒྱུད་དུ། ཉ་དང་རུས་སྦལ་ཕག་པར་འགྱུར་ཏེ་མི་ཡི་སེང་གེ་མིའི་ཐུང་རཱ་མ་རཱ་མ་དག་དང་ནི། ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ་འདི་དག་རྣམས་ཀྱང་གནས་སྐབས་རྣམ་པ་བཅུ་ཡིན་ནོ། །ཞེས་གསུངས་སོ། །བཞི་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་བསྟེན་པ་ནི། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ལས་མ་རིག་པ་ནི། མཆོག་ཏུ་མི་འགྱུར་བའི་འདོད་ཆགས་ཆེན་པོའམ་རིག་པའི་མི་མཐུན་ཕྱོགས་སུ་གནས་པ་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་འཆི་བའི་རྒྱུར་གྱུར་པ་འགྱུར་བའི་སྐད་ཅིག་སྟེ། ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་ལས་འདོད་ཆགས་ལ་རབ་ཏུ་འཇུག་སྟེ་འདོད་ཆགས་ཀྱང་འགྱུར་བའོ། །འགྱུར་བ་ལས་ཆགས་པ་དང་བྲལ་བ་སྟེ་ཞེ་སྡང་ངོ་། །ཞེ་སྡང་གི་བདག་ཉིད་ནི་བརྒྱལ་བ་སྟེ་གཏི་མུག་གོ །ཆགས་སྡང་རྨོངས་གསུམ་གྱི་བདག་ཉིད་ནི་མ་རིག་པ་སྟེ་ཉོན་མོངས་པའོ། དེས་ཀུན་ནས་བསླངས་པའི་དགེ་མི་དགེ་ནི་འདུ་བྱེད་ལས་སོ། །དེས་མངལ་དུ་ཉིང་མཚམས་སྦྱོར་བ་ནི་རྣམ་པར་ཤེས་པ་སྟེ་སྡུག་བསྔལ་ལོ། །འབུམ་ལྔར། སྡུག་པ་དང་ནི་མི་སྡུག་པར། །སེམས་ཅན་རྣམས་ནི་རྣམ་རྟོག་པ། །དེ་ལས་ཉོན་མོངས་པ་རྣམས་འབྱུང་། །དེ་ལས་ཀྱང་ནི་ལས་སྐྱེད་དོ། །ལས་ལས་སྡུག་བསྔལ་སྐྱེ་བ་སྟེ། །ཞེས་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་ཡན་ལག་ལྷག་མ་རྣམས་ཀྱང་དེ་གསུམ་གྱིས་བསྡུས་ཏེ། དེ་ལྟར་གསུམ་ནི་དང་པོ་ཆུང་ངུའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་སྟེ་ཡེ་ཤེས་རྡོ་རྗེའོ། །དེ་ནས་རྣམ་ཤེས་ལས་ཁམས་དྲུག་གི་བདག་ཉིད་ཀྱི་ཕུང་པོ་ལྔ་གྲུབ་པ་ནི་མིང་དང་གཟུགས་སོ། །དེ་ལས་དབང་པོ་དྲུག་གྲུབ་པ་སྐྱེ་མཆེད་དྲུག་གོ །དྲུག་པོ་ཡུལ་དང་ཕྲད་པ་ནི་རེག་པ་སྟེ། དེ་ལྟར་ཉོན་མོངས་པ་དང་། ལས་དང་། སྡུག་བསྔལ་གསུམ་འབྲིང་པོའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་སྟེ་སྐུ་རྡོ་རྗེའོ། །དེ་ནས་རེག་པ་ལས་ཡུལ་ཉམས་སུ་མྱོངས་བ་ནི་ཚོར་བའོ། །དེ་ནས་ཚོར་བ་བདེ་སྡུག་ལས་ཕྲད་པ་དང་འབྲལ་བར་སྲེད་པ་ནི་སྲེད་པའོ། །དེ་ལས་ཆགས་ཡུལ་ཐོབ་པར་འདོད་ཅིང་དོན་དུ་གཉེར་བ་ནི་ལེན་པ་སྟེ། ཉོན་མོངས་པ་དང་། ལས་དང་སྡུག་བསྔལ་གསུམ་ཆེན་པོའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་གསུང་རྡོ་རྗེའོ། །དེ་ནས་ཡང་སྲེད་པ་ལ་མངོན་དུ་ཕྱོགས་པ་ནི་སྲིད་པའོ། །དེ་ལས་མིང་གཟུགས་ཀྱི་ཕུང་པོ་གསར་དུ་འབྱུང་བ་ནི་སྐྱེ་བའོ། །ཕུང་པོའི་རྒྱུན་འགྱུར་ཞིང་འཇིག་པ་རྒ་ཤི་སྟེ། །ཉོན་མོངས་པ་ལས་སྡུག་བསྔལ་ཆེན་པོའི་ཆེན་པོའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་ཐུགས་རྡོ་རྗེའོ། །འབུམ་ལྔར། འཆི་ན་མ་རིག་ལ་འཇུག་ཅིང་། །དེ་ལས་འདུ་བྱེད་རྣམས་སྐྱེའོ། །དེ་ཉིད་དང་པོའི་མགོན་པོར་བཤད། །ཞལ་གསུམ་རྣམ་པ་ཕྱག་དྲུག་པ། མི་བསྐྱོད་དང་པོ་འཇུག་པ་དང་། །དེ་ལས་རྣམ་པར་ཤེས་པ་འབྱུང་། །དེ་ལས་མིང་དང་གཟུགས་སུ་འགྱུར། །དེ་ནས་ཁམས་དྲུག་བདག་ཉིད་ཅན། །སྐྱེ་མཆེད་དྲུག་པོ་འདི་རྣམས་ལས། །གཟུགས་རྡོ་རྗེ་སོགས་ངེས་པར་འབྱུང་། །མིག་སོགས་རྣམས་དང་གཟུགས་སོགས་རྣམས། །ལྷན་ཅིག་སྦྱོར་བ་རེག་པའོ། །དེ་ལས་ཚོར་བ་སྐྱེ་བ་སྟེ། །དེ་ནི་རིན་ཆེན་འབྱུང་ལྡན་ཉིད། །སྲིད་པ་ལོངས་སྤྱོད་བདག་ཉིད་སྲེད། །དེ་ལ་ཉེ་བར་ལེན་པ་བརྗོད། །ལག་པ་རྐང་པ་རྐྱོང་བའོ། །དེ་ལས་སྲིད་པ་སྐྱེ་འགྱུར་ཏེ། །བྱིས་པའི་དབུགས་ནི་ཕྱིར་འབྱུང་བའོ། །དེ་ལས་སྐྱེ་འདི་འདུ་ཤེས་དང་། །བྱིས་པ་རྣམས་ཀྱིས་རྟག་བརྗོད་པའོ། །ཞེས་སོ། །དེ་ནི་འཁོར་བར་འཇུག་པའི་ཚུལ་ཡིན་ལ། འཁོར་བ་ལས་ལྡོག་པའི་ཚུལ་ནི། །དེ་ཉིད་དུ། འགྱུར་བའི་མ་རིག་འགོག་པ་ཡིས། །འདུ་བྱེད་ངེས་པར་འགོག་པའོ། །འདུ་བྱེད་ངེས་པར་འགོག་པ་ཡིས། །རྣམ་པར་ཤེས་པ་འགོག་པའོ། །རྣམ་པར་ཤེས་པ་འགོག་པ་ཡིས། །མིང་དང་གཟུགས་ནི་འགོག་པར་བྱེད། །མིང་དང་གཟུགས་ནི་འགོག་པ་ཡིས། །སྐྱེ་མཆེད་དྲུག་རྣམས་འགོག་པའོ། །སྐྱེ་མཆེད་དྲུག་རྣམས་འགོག་པ་ཡིས། །རེག་པ་ཡང་ནི་འགོག་པར་བྱེད། །རེག་པ་འགོག་པ་ཡིས་ཀྱང་ནི། །ཚོར་བ་ངེས་པར་འགོག་པར་བྱེད། །ཚོར་བ་ངེས་པར་འགོག་པ་ཡིས། །སྲེད་པ་ཡང་ནི་འགོག་པར་བྱེད། །སྲེད་པ་ངེས་པར་འགོག་པ་ཡིས། །ཉེ་བར་ལེན་པ་འགོག་པའོ། །ཉེ་བར་ལེན་པ་འགོག་པ་ཡིས། །སྲིད་པ་ཡང་ནི་འགོག་པའོ། །སྲིད་པ་ཡང་ནི་འགོག་པ་ཡིས། །སྐྱེ་བ་ངེས་པར་འགོག་པའོ། །སྐྱེ་བ་འགོག་པ་ཡིས་ཀྱང་ནི། །རྒ་ཤི་ངེས་པར་འགོག་པའོ། །ཕུང་པོའི་ཁམས་རྣམས་ངེས་འགོག་པས། །དེ་ཉིད་ཉེ་བར་ཞི་བར་བཤད། །ཅེས་སོ། ལས་ཉོན་གྱིས་ཁ་བདག་བྱས་པའི་དབང་ལས་མ་དག་པའི་འཇིག་རྟེན་དང་། ས་ཐོབ་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་དག་པའི་སངས་རྒྱས་ཀྱི་ཞིང་དུ་འཆར་ཞིང་། མངོན་པར་རྫོགས་པ་སངས་རྒྱས་པ་ན་ཆོས་ཀྱི་དབྱིངས་འབའ་ཞིག་ལས་གཞན་དུ་མི་སྣང་ངོ་། །གཉིས་པ་གནས་པའི་ཚུལ་ནི། ཚེ་ཇི་སྲིད་དུ་གནས་པ་ནི་སྔོན་གྱི་ལས་ཀྱི་མཐུ་ལས་ཡིན་མོད། ཚེ་ཞེས་བྱ་བ་ནི་སྲོག་ཆེན་པོ་སྟེ། སྒྲོན་གསལ་ལས། སྲོག་ནི་འཚོ་བའོ་ཞེས་པས་སོ། །སྲོག་ཆེན་པོ་དེའང་རླུང་འཕོ་བ་བཅུ་གཉིས་ཚུལ་དང་མཐུན་པར་རྒྱུ་བ་སྟེ། ལུས་གནས་པར་བྱེད་པ་ཡིན་ཞིང་། །རླུང་ཚུལ་བཞིན་དུ་རྒྱུ་བ་ཡང་། །ལུས་ཀྱི་བད་ཀན་དང་། མཁྲིས་པ་དང་། རླུང་སྟེ་གསུམ་པོ་མཉམ་པ་ལས་ཡིན་པས། ཆ་མཉམ་པའི་རླུང་མཁྲིས་བད་ཀན་གསུམ་ནི་ལུས་གནས་པར་བྱེད་པ་ཡིན་ནོ། །གཞན་ཡང་ཕུང་པོ་ནི་ཁམས་རྣམས་ལ་བརྟེན་པས་ཁམས་རྒྱས་པ་ན་ཕུང་པོ་དར་བར་འགྱུར་ལ། དེ་ལས་རྩ་དང་རྩ་དར་བས་རླུང་བཅུ་དང་། རླུང་རྣམས་ཀྱིས་ཐིག་ལེ་དང་། ཐིག་ལེས་གནས་སྐབས་བཞིའི་བདག་ཉིད་ཅན་གྱི་སེམས་བརྟས་པར་བྱེད་པའི་ཕྱིར་རྟེན་བརྟེན་པའི་འབྲེལ་པ་འདིས་ལུས་གནས་པར་བྱེད་དེ། ཕུང་པོའི་རྟེན་ནི་འབྱུང་བ་རྣམས་སུ་འགྱུར་ཏེ་ལུས་མཆོག་དག་ལ་འབྱུང་བའི་ཚོགས་ཀྱི་རྩ་རྣམས་སོ། །རྩ་རྣམས་ཀྱིས་ནི་སྲོག་རླུང་རྣམ་པ་བཅུ་པོ་འགྱུར་ཏེ་སྲོག་གི་རླུང་རྣམ་དག་གི་སེམས་ཡིན་ནོ། །སེམས་དེ་གཉིས་ཀྱི་རང་བཞིན་དུ་འགྱུར་ཡོན་ཏན་དབང་གིས་རང་བཞིན་ཅན་དང་རང་བཞིན་མེད་པས་སོ། །ཞེས་སོ། །ཚེ་མཐའི་མདོ་ལས་འཚོ་བའི་གནས་སྐབས་བཅུར་བཤད་དེ། བྱིས་པ། གཞོན་ནུ། ལང་ཚོ། སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ། སྤོབས་པ་དང་ལྡན་ཞིང་ཤེས་རབ་དང་ལྡན་པ། དཔྱོད་པའི་རང་བཞིན་ཅན་དེ་དྲན་པ་དང་ལྡན་པ། ཆོས་ལུགས་ཁོང་དུ་ཆུད་པ། རྒན་རབས་སུ་བཀུར་བ། རྒས་འཁོགས་པ། ཚེའི་མཐར་ཐུག་པ་དང་བཅུར་བཤད་ལ། དགའ་བོ་མངལ་འཇུག་ནས། བྱིས་པའི་གནས་སྐབས་ཉམ་ཆུང་ཞིང་གན་རྐྱལ་དུ་ཉལ་བར་བྱེད་པ་དང་། གཞོན་ནུར་གྱུར་པ་བྱིས་པའི་རྩེད་མོ་ལ་དགའ་བ་དང་། ལང་ཚོ་ལ་བབ་པ་སྟེ་འདོད་པའི་བདེ་བ་རྣམས་མྱོང་བར་བྱེད་པ་དང་། མཐུ་དང་ལྡན་པར་གྱུར་པ་སྟེ་དཔའ་ཞིང་སྟོབས་དང་ལྡན་པ་དང་། །དར་ལ་བབ་པ་སྟེ་ཤེས་རབ་ཀྱི་སྤོབས་པ་དང་ལྡན་པ་དང་། ཡོངས་སུ་རྫོགས་པ་དྲན་པ་དང་ལྡན་ཞིང་སྤྱོད་པ་ལ་མཁས་པའི་རང་བཞིན་ཅན་དང་། མཐར་གྱིས་རྒས་པ་ལ་ཐུག་པ་ཆོས་ཀྱི་གཞུང་ལུགས་རབ་ཏུ་ཤེས་པ་དང་། རྒས་པར་གྱུར་པ་བྱ་བ་ལ་མཐུ་ཆུང་བར་གྱུར་པ་དང་། འཁོགས་པ་ཅི་ཡང་མི་ནུས་པ་དང་། བཅུ་པ་ནི་ལོ་བརྒྱ་པ་སྟེ་འཆི་བ་ལ་ཐུག་པ་ཉིད་དོ། །གསུམ་པ་འཇིག་པའི་ཚུལ་ནི། སྐྱེ་བུའི་ནང་གི་ཁམས་མི་མཉམ་པ་ལས་སྣ་བུག་གི་རླུང་ཡོན་པོར་རྒྱུ་བར་འགྱུར་ཞིང་། དེའང་སྣ་བུག་གཡོན་ལ་ཟླ་བའི་འཆི་ལྟས་འཆར་ལ། སྣ་བུག་གཡས་ལ་ཉི་མའི་འཆི་ལྟས། གཉིས་ཀའང་འཆི་ལྟས་ཀྱི་ཞག་གྲངས་དང་པོ་ནས་བརྩམས་པའི་ལོ་གསུམ་ན་འཆི་བར་འགྱུར་ལ། འདི་གཉིས་ཀ་ལ་ལུགས་འབྱུང་དང་ལུགས་བཟློག་གི་ཚུལ་གཉིས་གཉིས་ཡོད་ཅིང་། འཕོ་མཚམས་གྱི་མཉམ་རྒྱུ་བསགས་པ་ལོ་གསུམ་དང་ཕྱོགས་གསུམ་དུ་ལོངས་པའི་ཚེ་འཆི་བའི་སྐྱོན་སྐྱེད་པ་དབུ་མ་སྒྲ་གཅན་གྱི་འཆི་ལྟས་ཞེས་བྱའོ། །དེས་རྩ་སྐེམ་པར་བྱེད་པས་རྩའི་འཆི་ལྟས། ཟླ་བ་བྱང་ཆུབ་ཀྱི་སེམས་འཕོ་བའི་བག་ཆགས་ལ་གོམས་པའི་ཤུགས་ཀྱིས་འོག་ཏུ་ཁུ་བའི་ལམ་ནས་འཕོ་བའོ། །དེ་བཞིན་དུ་ཉི་མ་རྡུལ་སྟེང་དུ་འཕོའོ། །སྒྲ་གཅན་མི་ཤེས་པ་མ་རིག་པའི་ཁམས་ལ་ཞུགས་ཏེ་སྲོག་དང་བཅས་པའི་རྣམ་ཤེས་སྐྱེ་བ་གཞན་དུ་འཕོའོ། །དེའང་རླུང་མཁྲིས་བད་ཀན་གསུམ་གྱིས་ལུས་འཇིག་པར་བྱེད་པ་ལྟར་ཕྱི་རོལ་དུའང་མེ་ཆུ་རླུང་གསུམ་གྱིས་འཇིག་རྟེན་འཇིག་པར་བྱེད་པ་ཡིན་ནོ། དེ་ལྟར་ཡང་འབུམ་ལྔ་ལས། འཕོ་བ་ལ་ནི་དབུ་མའི་དབུགས། ལྔ་བཅུ་རྩ་དྲུག་རྐང་པར་བཅས། །བདུན་ཅུ་རྩ་ལྔས་ལྷག་པ་ཡིས། བརྒྱ་ཕྲག་དྲུག་རྣམས་བཅུ་གཉིས་ལའོ། །དེ་རྣམས་ལོ་བརྒྱའི་དབུགས་རྣམས་ཀྱིས། །ཕྱོགས་གསུམ་དང་ནི་ལོ་གསུམ་པོ། ཨ་བ་དྷཱུ་ཏིའི་དུས་སུ་འགྱུར། །སྲོག་ཆགས་རྣམས་ལ་འཆི་སྟེར་བྱེད། །རྐྱང་མ་ལ་ནི་ཉིན་མཚན་ལྔར། །གལ་ཏེ་རླུང་ནི་འབབ་བྱེད་ན། །དེ་ལས་ལོ་གསུམ་ན་འཆི་སྟེ། །ཟླ་བའི་འཆི་ལྟས་ལས་གྱུར་ཏོ། །གང་ཚེ་ཉི་མར་ཉིན་ཞག་ལྔ། །ལུས་ཅན་རྣམས་ཀྱི་སྲོག་བབ་ན། དེ་ནས་ལོ་གསུམ་ན་འཆི་གྱུར། །ཞེས་ལུགས་འབྱུང་གི་དབང་དུ་གསུངས་ལ། །ཇོ་བོ་ནཱ་རོ་པས་འཆི་ལྟས་བརྟག་པའི་ཡིག་ཆུང་དུ། གཡས་པ་ནས་ནི་ཟླ་ཕྱེད་རྒྱུ། །ཉི་མའི་འཆི་ལྟས་བྱ་བ་ཡིན། །གཡོན་པ་ནས་ནི་ཟླ་ཕྱེད་རྒྱུ། །ཟླ་བའི་འཆི་ལྟས་བྱ་བ་ཡིན། །གཉིས་སྤངས་ཁ་ནས་ཅིག་ཅར་རྒྱུ། །རཱ་ཧུ་ལ་ཡི་འཆི་ལྟས་ཡིན། །ཞེས་ལུགས་བཟློག་མྱུར་བའི་འཆི་ལྟས་ཀྱི་དབང་དུ་མཛད་ནས་གསུངས་སོ། །ཁམས་ཀྱི་ལ་དགོངས་ནས་འབུམ་ལྔར། འཆི་བ་ལས་ནི་འདི་འཕོ་བའི། །འོག་ཏུ་ཁུ་བ་ཟད་པར་འགྱུར། །མ་ཡི་རྡུལ་ནི་གྱེན་དུ་འགྲོ། །ཞེས་གསུངས་སོ། །གཉིས་པ་རྩ་དངོས་པོའི་གནས་ལུགས་ལ། ཆགས་པའི་ཚུལ། དབྱེ་བ་དང་བསྡུ་བ། རྩའི་དེ་ཉིད། སྡོམ་པའི་དབྱེ་བ་བཤད་པ་དང་བཞི་ལས། དང་པོ་ནི། རྩ་དང་ཞེས་པ་རགས་པར་ན་བྱང་ཆུབ་ཀྱི་སེམས་རླུང་གི་བཞོན་པ་ཅན་རྣམ་ཤེས་ཀུན་ནས་འཛིན་པ་དང་རྣམ་པར་འཕེལ་བར་བྱེད་པའི་རྟེན་ནམ་རྩ་བ་ཡིན་པའི་ཕྱིར་རྩའོ། །ཕྲ་བར་དབུ་མ་མཆོག་གི་དབུགས་དབྱུང་བ་ཉིད་ཐར་པའི་རྩ་བ་ཡིན་པའི་ཕྱིར་ཏེ། བདེ་མཆོག་རྩ་རྒྱུད་དུ། དབུ་མ་མཆོག་གི་དབུགས་དབྱུང་བ། །དྲི་ཡི་ཆུ་དང་བཅས་པ་ཡིས། །རྟག་ཏུ་རིགས་ལྡན་མ་མཆོད་བྱ། །ཞེས་དང་། ས་ར་ཧས། འདབ་ལྡན་པདྨའི་སྡོང་པོ་གེ་སར་གྱི་དབུས་ན། །ཤིན་ཏུ་ཕྲ་བའི་སྣལ་མ་དྲི་དང་ཁ་དོག་ལྡན། །བྱེ་བྲག་འོངས་ཤིང་རྨོངས་པ་མྱ་ངན་གྱི། །གདུང་བས་འབྲས་བུ་མེད་པར་མ་བྱེད་ཅིག །གང་དུ་ཚངས་པ་ཁྱབ་འཇུག་མིག་གསུམ་དང་། །འཇིག་རྟེན་མ་ལུས་ཐམས་ཅད་ཞིར་གྱུར་པ། །རིས་མེད་དེ་ལ་མཆོད་ན་ལས་ཀྱི་ཡང་། །མཐའ་ཡི་ཚོགས་ནི་ཡང་དག་ཟད་པར་འགྱུར། །ཞེས་པས་སོ། །ཇི་ལྟར་ཆགས་ན་མངལ་དུ་ཟླ་བ་གཅིག་ནི་ས་བོན་གཉིས་བདུད་རྩི་ལྔའི་རང་བཞིན་ཡིན་གྱི། ཤ་པགས་རུས་པ་སོགས་སུ་བྱེ་བ་མེད་ལ། དེའི་ཚེ་སྲོག་ཐུར་ཡང་གོང་བུར་གནས་པ་ཉིད་དོ། །ཟླ་བ་གཅིག་གི་འཇུག་ཐོགས་ནས་སྲོག་གྱེན་དང་ཐུར་སེལ་འོག་ཏུ་སོང་བས་དབུ་མ་སྟེང་དུ་སྒྲ་གཅན་དང་འོག་ཏུ་དུས་ཀྱི་མེའི་རྩར་བཞག་པ་དེ་གྲུབ་ལ། དེ་ལས་རོ་རྐྱང་། དེ་ནས་སྙིང་གར་སྲོག་ལ་སོགས་པའི་རླུང་བཅུའི་རྟེན་དུ་གྱུར་པའི་རྩ་ཤིན་ཏུ་ཕྲ་བ་བཅུ་གྲུབ་ཅིང་། དེ་ནས་ལྟེ་བའི་རྩ་འདབ་ལ་སོགས་པ་རིམ་གྱིས་གྲུབ་སྟེ། ཟླ་བ་བཅུ་གཉིས་ཀྱི་བར་དུ་ཞག་རེ་ལ་རྩ་ཉིས་བརྒྱ་པར་ཆགས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གྲུབ་བོ། །འདི་རྣལ་འབྱོར་པ་ལ་ཉེ་བར་མཁོ་བའི་རྩ་བསྡུས་པའི་དབང་དུ་མཛད་ལ། །གཞན་དུ་ནི་བསམ་གྱིས་མི་ཁྱབ་པའི་རྩར་གྲུབ་བོ། །འབུམ་ལྔ་ལས། ཉེ་བའི་རྩ་ཕྲན་དུ་མ་ཡིས། །ལུས་ནི་ཡང་དག་བཀང་ནས་གནས། །ཞེས་དང་། མངལ་གྱི་ནང་དུ་ཟླ་བ་གཅིག་ནི་ཁྲག་དང་ས་བོན་བདུད་རྩིའི་རོར་འགྱུར་རབ་ཏུ་སྐྱེ་བ་སྟེ། །ཕྱི་ནས་ས་བོན་མྱུ་གུ་རང་གི་སྙིང་གར་རྣམ་པ་བཅུ་ཡི་རྩ་ནི་ཤིན་ཏུ་ཕྲ་བའོ། །ལྟེ་བ་ལ་ཡང་བརྒྱད་པ་བརྒྱད་ནི་གཞན་ཏེ། ཞེས་དང་། རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བ་མངལ་གྱི་དབུས་དག་ཏུ་ཡང་འཕེལ་བ་ནི། །བྱས་ནས་ལོ་ནི་རྫོགས་པ་ན་ཡང་སྟོང་སྟེ། ཞེས་པས་རྩ་སྐྱེས་ནས་ཟླ་བ་བཅུ་གཉིས་སོང་བའི་ཕྱི་དེ་ཉིན་ནས་ཞག་རེར་རྩ་གཉིས་གཉིས་སྐེམ་པའི་རྩ་འཆད་འབྱུང་བར་འགྱུར་རོ། །གཉིས་པ་དབྱེ་བ་དང་བསྡུ་བ་ནི། ནཱ་རོ་ཞབས་ཀྱིས་གནས་པ་རྩའི་གཞུང་དུ། རྡོ་རྗེའི་ལུས་ལ་རྩ་རྣམས་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། །རྐྱང་མའི་རྗེས་སུ་འབྲངས་པ་སྟོང་ཕྲག་ཉི་ཤུ་རྩ་བཞི་ཁུ་བ་འབབ་པ། རོ་མའི་རྗེས་སུ་འབྲངས་པ་སྟོང་ཕྲག་ཉི་ཤུ་རྩ་བཞི་ཁྲག་འབབ་པ། དབུ་མའི་རྗེས་སུ་འབྲངས་པ་སྟོང་ཕྲག་ཉི་ཤུ་རྩ་བཞི་རླུང་འབབ་པ། དེ་དག་ལས་སྟོང་ཕྲག་རེ་ལ་གཙོ་བོའི་རྩ་རེ་ཡོད་བས་ལུས་ཀྱི་གནས་སོ་སོར་གནས་པ་ན་ཡུལ་ཉེར་བཞིའི་རྩར་འགྱུར་ལ། ཉི་ཤུ་རྩ་བཞི་པོ་དེ་ལ། ཁུ་ཁྲག་རླུང་གསུམ་པོ་ཐིམ་ལོངས་སྤྱོད་བདག་པོ་གསུམ་གསུམ་དུ་ཕྱེ་བས་བདུན་ཅུ་རྩ་གཉིས། དེ་རེ་རེ་ལའང་འཁོར་སྟོང་དུ་གཅིག་མ་ཚང་བ་རེ་ཡོད་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ནས། བརྒྱ་དང་ཉི་ཤུར་གང་བསྟན་པ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས་བསྡུ་ན། གཙོ་བོའི་རྩ། འཁོར་ལོ་བཞིའི་འདབ་མ་སྟེ། རྡོ་རྗེ་འཕྲེང་བར། ཡང་དག་ཤུགས་དང་ཤིན་ཏུ་ཤུགས། །ཤིན་ཏུ་བཟང་དང་བཟང་པོར་འགྲོ། །སྟོབས་ཆེན་དང་ནི་མི་བཟང་ཆེ། །མཛེས་ཆེན་མདུན་དུ་སྐྱེས་པ་སྟེ། །རྒྱགས་པའི་རྟགས་དང་རྒྱགས་པའི་ཆ། །རྒྱགས་པའི་ཆུ་དང་རྒྱགས་མྱོས་བྱེད། །རྒྱགས་དང་རྒྱགས་པའི་རྒྱུ་མཐུན་དང་། །རྒྱགས་པའི་རླན་དང་རྒྱགས་པ་འཆང་། །རྩུབ་དང་མཁའ་དང་འབྱུང་གླང་དང་། །དབུགས་མི་བདེ་དང་གཡའ་མཁའ་འགྲོ། །འདབ་ཆགས་ཡན་ལག་ཁྭ་ཡི་གདོང་། །ཟ་ཕོང་མི་བཟང་སྒྲ་སྒྲོགས་དང་། །དྲི་ལྡན་རྡེག་དང་རྔུལ་བ་དང་། །དབྱངས་དང་དབྱངས་སྐྱེས་དང་ནི་སྤྲིན། །ཆུ་བོ་མཐོང་དང་རྒྱུན་ལྟར་སྔོ། །ཡུད་ཙམ་གཙོ་བོ་ཡུད་ཙམ་སྐྱེས། །རྒྱབ་ཏུ་ཁ་བལྟས་དབྱུག་པ་དང་། །དབྱུགས་སྙེམས་དང་ནི་རྙིང་པ་དང་། །ཚིགས་ཀྱི་སྟོད་དང་ཚིགས་ཀྱི་ཚིགས། །ཚིགས་ཀྱི་ཚད་དང་རཏལ་བ་དང་། །ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་། །ཚིགས་འོང་ཚིགས་ཀྱི་ལུ་གུ་རྒྱུད། །དུལ་བྱེད་དུལ་འགྲོ་གཟི་བརྗིད་དང་། དྲི་མེད་དུལ་བའི་སྙེམས་པ་དང་། །ཆུན་འཕྱང་ལྟོ་དང་ཆུན་འཕྱང་ཆགས། །ཆུན་འཕྱང་ཆུན་འཕྱང་ཕྱེད་སྦྲང་བུ། །ཕྲུག་གུ་ཕྲུག་གུ་སྟེར་དྲི་བ། །ལོ་མ་ལོ་མའི་མགྲིན་པ་དང་། །རབ་མཆོག་མ་དང་རབ་གསལ་ཏེ། །དེ་ལྟར་དྲུག་ཅུ་རྩ་བཞིར་བཤད། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས། །ཞེས་དང་། རིན་ཆེན་ཆེན་པོ་པདྨ་དང་། །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །མགོ་བོ་ཆེ་དང་སྒྲ་ཆེ་དང་། །ཉེས་དགའ་ཆེན་པོ་ཉོས་པ་ཆེ། །འདི་བརྒྱད་ཆོས་ཀྱི་འཁོར་ལོའི་དབུས། །སྙིང་གའི་པདྨར་ཡང་དག་གནས། །དང་། ལོངས་སྤྱོད་ལོངས་སྤྱོད་གཏེར་ལྡན་དང་། །ཉི་འགྲོ་གསལ་དང་བསྐལ་པ་དང་། །སྒོམ་པ་དང་ནི་ཐལ་བའི་གདོང་། །བཟང་སྟེར་བཟང་དང་བཀྲེས་པ་དང་། །བཅུད་ལེན་རོ་ནི་སྐྱུར་བ་དང་། །རོ་འཇིགས་པ་དང་རོ་དང་ནི། །ཁྲུང་ཁྲུང་ལོངས་སྤྱོད་འཁོར་ལོར་གནས། །གྲངས་ནི་བཅུ་དྲུག་ཏུ་ནི་བརྗོད། །དང་། དེའི་སྟེང་རིམ་རིགས་འདོད་པ་ཅན། །འོད་ཅན་མ་དང་སྲོག་གི་ལུས། །ཟླ་འཐུང་ཟླ་གཏེར་མཛོད་དང་ནི། །འདོད་ཆགས་མི་སྨྲ་ཀུ་ཤ་དང་། །ཤ་བི་སྤོ་དང་དག་པ་དང་། །མི་དང་མི་རོ་ནེ་ཙོ་དང་། །གང་ལ་གཉིས་རོ་ལྡན་པ་དང་། །ཉིས་རིང་ཆང་གཏེར་བདུད་རྩི་དང་། །དུང་ཅན་དང་ནི་དུང་སྣ་དང་། །དུག་གི་མིག་དང་དུག་གི་སྣ། །རྒྱགས་དབང་རྒྱགས་པ་བརྐམ་པ་དང་། །རྒྱགས་པས་རྒྱལ་དང་ངོ་མཚར་རྒྱགས། །སྙེམས་པ་དང་ནི་ཚོགས་ཀྱི་རྟེན། །སུམ་ཅུ་རྩ་གཉིས་ཞེས་ནི་བརྗོད། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །ཞེས་གསུངས་སོ། །ཕྱག་ཐིག་ཏུ། །མགྱོགས་མ་དང་ནི་ཡང་དག་མགྱོགས། །ཞེས་ནས། འགྱིང་མ་དང་ནི་རི་རྟེན་མ། །ཞེས་པའི་བར་གྱི་མིང་རྣམས་སུ་བཤད་དོ། །དེ་དག་མདུན་དྲང་པོའི་འདབ་མ་ནས་གཡས་སྐོར་དུ་ཕྱི་བགྲངས་པས་བརྒྱ་ཉི་ཤུའོ། །དེའི་སྟེང་དུ་གསང་གནས་ཀྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས། །གཙུག་ཏོར་གྱི་འདབ་མ་བཞི་སྟེ། །འཁོར་ལོ་དྲུག་གི་དབང་དུ་བྱས་ནས་བརྒྱ་ང་དྲུག་སྟེ། དགྱེས་རྡོར་རྩ་རྒྱུད་ལས། །འཁོར་ལོ་དྲུག་ལ་ལྷ་མོ་རྣམས། །ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱའོ། །ཞེས་དང་། །ཡང་། སྲིད་གསུམ་བདག་ཉིད་ཧེ་རུ་ཀ །སྟེང་འོག་གནས་པའི་དཔའ་བོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོའི་གཙོ། །རྩ་ནི་རྣམ་པ་བཞི་རྣམས་ཀྱི། །སྤྱི་བོའི་འཁོར་ལོ་བརྗོད་པར་བྱ། །དཔྲལ་བར་བཅུ་དྲུག་རྣམས་ཀྱི་སྟེ། །མགྲིན་པར་སུམ་ཅུ་གཉིས་རྣམས་ཀྱི། །སྙིང་གར་འཁོར་ལོ་བརྒྱད་རྣམས་ཏེ། །དྲུག་ཅུ་རྩ་བཞི་རྣམས་ཉིད་ནི། །ལྟེ་བའི་འཁོར་ལོར་ཡང་དག་བཤད། །གསང་བར་སུམ་ཅུ་གཉིས་རྣམས་ཀྱི། །རྩ་རྣམས་འཁོར་ལོའི་རྩིབས་བཤད་པའམ། །ཡང་ན་པདྨའི་འདབ་མ་རྣམས། །ཞེས་སོ། །བསྡུས་རྒྱུད་ལས། །གཙུག་ཏོར་ལས་ནི་ཆུ་གཏེར་སྙིང་གར་བརྒྱད་དེ་སྤྱི་བོར་མི་བདག་མགྲིན་པ་ལ་ཡང་སོ་ཡི་གྲངས། །ལྟེ་བར་བརྒྱད་ན་བརྒྱད་ཀྱིས་བསྒྱུར་བ་དག་སྟེ་ཉིས་འགྱུར་མི་བདག་གསང་བའི་དབུས་སུ་རབ་ཏུ་གྲགས། །ཞེས་སྤྱི་བོ་དང་མགྲིན་པའི་གྲངས་བཟློག་སྟེ་གསུངས་ཀྱང་སྦྱར་ཆོས་ལ་བལྟོས་པའི་དབང་གི་ཡིན་ལ། །དོན་དུ་གཉིས་ཀ་ལ་སུམ་ཅུ་རྩ་གཉིས་ཡོད་པས། །བརྟག་གཉིས་སོགས་སུ་མགྲིན་པ་ལ་ནང་སྐོར་དང་སྤྱི་བོ་ལ་ཕྱི་སྐོར། དུས་ཀྱི་འཁོར་ལོར་དེ་ལས་བཟློག་སྟེ་གསུངས་ཀྱང་འགལ་བ་མེད་དོ་ཞེས་བླ་མས་གསུང་པ་འདི་ལ་རྡོ་རྗེ་སྙིང་པོས། །བླ་མའི་མན་ངག་ལས་ཏེ། །རྒྱུད་ནི་ལུགས་ལས་བཟློག་པས་གསུངས་སོ། །ཞེས་བཤད་པ་ཡིན་ནོ། །གཞན་རྡོ་རྗེ་ལ་རྩ་བཅུ་དྲུག་དང་། ནོར་བུ་ལ་རྩ་འདབ་མ་བཞི་ཡོད་པ་དེ་ནི་དབུ་མའི་མས་ཀྱི་སྣ་ཡིན་ལ། །དེ་ཉིད་ཅུང་ཟད་བུམ་པ་ལ་ཁ་ཕྱོགས་པ་མིང་ལ་རྩ་བནྡྷུ་ཀ་ཞེས་དཔལ་མོའི་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པར་གསུངས་ལ། རྡོ་རྗེ་འཕྲེང་བར། སྨིན་མའི་དབུས་ན་རླུང་འཁོར་ལོ། །ཞེས་དང་། ཕྱག་ཐིག་ཏུ། རླུང་གི་འཁོར་ལོའི་རྩ་དྲུག་ནི། །གཡོ་བ་ནམ་མཁའ་མེ་དང་སྦུབས། །རབ་སྐོར་དང་ནི་འཇིགས་ཆེན་པོ། །རྩ་དེ་རླུང་གི་འཁོར་ལོའི་གནས། །ཞེས་གསུངས་པ་ནི་སྨིན་མཚམས་སུ་ཟུག་པའི་གཙུག་ཏོར་གྱི་འཁོར་ལོ་ཉིད་དེ། དེ་ལ་དབུ་མ་ལས་གྱེས་པ་བཞི། རོ་རྐྱང་གཉིས་ཏེ་དྲུག་ཡོད་པས་སོ། །རྩ་གསུམ་གྲུ་གསུམ་མེའི་དཀྱིལ་འཁོར། །མགྲིན་པའི་འོག་ཏུ་བཤད་པ་ཡིན། །ཞེས་རྡོར་འཕྲེང་དུ་དང་། ཕྱག་ཐིག་དེར། འཛིན་པ་དང་ནི་རོ་མ་དང་། རྟོག་མེད་མོ་ནི་གྲུ་གསུམ་གནས། །རྩ་དེ་མེ་ཡི་འཁོར་ལོའོ། །ཞེས་ཌོམྦི་པའི་ཞལ་སྔ་ནས་ཀྱང་འདི་གསང་གནས་སུ་བཞེད་ལ། རྒྱུད་དེ་ཉིད་དུ། མེ་འཁོར་ནང་དུ་ཆུ་སྐྱེས་ནི། །གང་ཚེ་རྡོ་རྗེས་སྐྱོད་པར་བྱེད། །དེ་ཚེ་མེ་ནི་ཁོང་དུ་ཆུད། །འཁོར་ལོ་ཆུ་སྐྱེས་ཐམས་ཅད་ནི། །ཇེ་གསལ་ཇེ་གསལ་ཁ་འབྱེད་འགྱུར། །ཞེས་གཏུམ་མོ་འབར་བའི་གནས་དེར་གསུངས་པས་གསང་གནས་ཉིད་ཡིན་ལ། །མགྲིན་པའི་འོག་ཀྱང་རྡོ་རྗེའི་ལ་དགོངས་སོ། །རྒྱུད་དེ་གཉིས་ཀར་འཁོར་ལོ་རྣམ་པ་དྲུག་ཁོ་ནར་གསུངས་པས་ཀྱང་ཤེས་ཤིང་། དུས་འཁོར་ལས། ནཱ་ད་ཐིག་ལེ་ཆ་དང་ཡེ་ཤེས་བདུད་རྩིའི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིངས་པའི་རྩ། །ཞེས་སྟེང་དུ་ལུ་གུ་རྒྱུད་དུ་བཅིངས་པའི་མཚམས་ལྔ་ལས་མ་བཤད་དོ། །ལས་ཀྱི་འཁོར་ལོ་བཅུ་གཉིས་པོ་རེ་རེ་ལ་རྩ་འདབ་སུམ་ཅུ་བ་རེ་ཡོད་པ་བསྡོམས་ན་སུམ་བརྒྱ་དྲུག་ཅུ། །བྱ་བའི་འཁོར་ལོའི་ཚིགས་དྲུག་ཅུ་ལ་རྩ་དྲུག་དྲུག་ཡོད་པས་སུམ་བརྒྱ་དྲུག་ཅུའོ། །དེ་ལས་བསྡུ་ན་སུམ་ཅུ་གཉིས། ཞེས་པ་ལ། འགའ་ཞིག་རྡོ་རྗེ་སྙིང་འགྲེལ་ལས། མི་ཕྱེད་མ་ལ་སོགས་པའི་རྩ་སུམ་ཅུ་རྩ་གཉིས་གསང་གནས་སུ་བཤད་དོ་ཞེས་གསུངས་མོད་ཀྱང་མ་ཡིན་ཏེ། རྡོ་རྗེ་སྙིང་པོས། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པ་རྣམས་སོ་ཞེས་པ་ལ། འདིར་བདེ་བ་ཆེན་པོ་ནི་ཡང་དག་པར་མྱོང་བར་བྱེད་པའི་ཕྱིར་བདེ་བ་ཆེན་པོ་ཞེས་བརྗོད་པར་བྱ་སྟེ། གསང་བའི་འཁོར་ལོར་རྩ་སུམ་ཅུ་རྩ་གཉིས་བདག་ཉིད་ཅན་ཀ་ཡིག་ལ་སོགས་པ་སྡེ་པ་དྲུག་གི་གསལ་བྱེད་སུམ་ཅུ་དང་གཞོམ་དུ་མེད་པ་གཉིས་ཀྱི་མཚན་ཉིད་ཅན་རྣམས་སོ། །ཞེས་གསལ་བྱེད་ཀྱི་ཡི་གེའི་རང་བཞིན་སུམ་ཅུའི་རྩ་དང་། །ཨེ་ཝཾ་གི་ཡི་གེའི་རང་བཞིན་གཉིས་ཏེ། ལས་སྟེང་དུ་བྱེད་པ་སྟེང་གི་སྒོ་ཅན། དེ་དག་གི་རླུང་ཡང་སྣའི་བུ་ག་གཡས་པར་འབབ་ལ། །དེའི་ཕྱིར་སྐྱེད་པ་ཞེས་གསུངས་ལ། ཡང་དེ་ཉིད་དུ། ད་ནི་འོག་གི་སྒོ་ཅན་སུམ་ཅུ་རྩ་གཉིས་རྣམས་བཤད་པར་བྱ་སྟེ་མི་ཕྱེད་མ་ལ་སོགས་པ་རྣམས་སོ་ཞེས་པའོ། །འདིར་དཀར་པོའི་ཕྱོགས་ལ་དབྱངས་བཅོ་ལྔ་རྣམས་ཏེ་བཅུ་དྲུག་པ་ཐིག་ལེའོ། །རྩ་དེ་རྣམས་ཀྱང་འཕྱང་མ་ལ་བསྐོར་ནས་གནས་སོ། །ཞེས་དང་། དེ་ནས་ནག་པའི་ཚེས་གཅིག་ལ་སོགས་པ་རྣམས་རོ་མ་ལ་སྟེ་དབྱངས་རིང་པོའི་རང་བཞིན་གྱིས་ཚེས་བཅོ་ལྔ་རྣམས་སྡུད་པའི་རིམ་པའོ། །ཞེས་ནས། དེ་ལྟར་བཅོ་ལྔ་རྣམས་སོ། །ལྕེའི་དབུས་སུ་བདུད་བྲལ་མ་སྐུད་པ་ནག་པོའི་རང་གཟུགས་ཅན་ལྕེའི་རྩེ་མོ་ཇི་སྲིད་བར་ལངས་པ་དང་འཕྱང་མ་ནས་འཛག་པ་འཐུང་ཞིང་རོ་མྱོང་བའི་ཞེས་པའོ། །ཞེས་དབྱངས་ཀྱི་ཡི་གེའི་རང་བཞིན་སུམ་ཅུ་རྩ་གཉིས་ལས་འོག་ཏུ་བྱེད་པས་འོག་གི་སྒོ་ཅན་དེ་དག་གི་རླུང་ཡང་སྣ་བུག་གཡོན་པར་འབབ་ལ་སྡུད་པ་ཞེས་བཤད་པ་སྟེ། །དོན་དུ་རྩ་འདབ་དྲུག་ཅུ་རྩ་བཞི་བྱུང་བས་ལྟེ་བའི་འཁོར་ལོ་ཉིད་ལས་གཞན་དུ་འཇོག་པར་མི་རིགས་སོ། །ཤེས་པར་བྱེད་པའི་ལུང་། འགྲེལ་པ་དེ་ཉིད་དུ། བདེ་བ་ཆེན་པོའི་གནས་སུ་འཛག་པ་ཞེས་པ་ནི་གཅི་བ་དང་བཤང་བ་དང་ཁུ་བ་འཛག་པ་རྣམས་སོ། །དེ་རྣམས་ཀྱི་དབུས་ན་འོག་དང་སྟེང་དུ་རྩ་གསུམ་ནི་གཙོ་མོ་རྣམས་ཡིན་ཅིང་འོག་ཏུ་བཤང་བ་འཛག་པ་དང་། གཅི་བ་འཛག་པ་དང་། ཁུ་བ་འཛག་པར་བྱེད་པ་སྟེ་ལྟེ་བ་ལས་འོག་ཏུའོ། །ལྟེ་བ་ལས་སྟེང་དུ་རྐྱང་མ་དང་། རོ་མ་དང་། ཀུན་འདར་མ་ཞེས་པའོ། །ཞེས་པའི་དེ་རྣམས་ཞེས་པ་སུམ་ཅུ་རྩ་གཉིས་པོ་ལ་བསྙེགས་པས་དང་། བཤད་སྒྲོས་འདི་དང་མཐུན་པ་ཇོ་བོ་ནཱ་རོ་པའི་འགྲེལ་ཆེན་གྱི་དེ་ཉིད་ཀྱི་ཐད་དུ་སམྦུ་ཊའི་ལུང་འདི་དྲངས་ཏེ། འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །བཅུ་ཕྲག་གཉིས་ལྷག་བརྒྱ་ལ་ནི། །བྱང་ཆུབ་སེམས་ཀྱི་རང་གཟུགས་ཀྱི། །རྩ་ནི་སུམ་ཅུ་རྩ་གཉིས་མཆོག །ཅེས་འཁོར་ལོ་བཞིའི་ནང་ཚན་ལ་གསུངས་པས་སོ། །འོ་ན་སྙིང་འགྲེལ་དུ་གསང་བའི་འཁོར་ལོ་ལ་ཞེས་སྨོས་པ་ཇི་ལྟར་བཤད་སྙམ་ན། ལྟེ་བ་ཉིད་ལ། །གསང་བའི་འཁོར་ལོ་དང་། གསང་བའི་གདན་དང་། གསང་བའི་སྣ་རྩེ་ཞེས་བཤད་པའི་ཕྱིར་གསང་བའི་འཁོར་ལོ་ཞེས་པ་སྐྱེ་གནས་ཀྱི་འཁོར་ལོ་ལ་མཐའ་གཅིག་ཏུ་མི་གཟུང་ངོ་། །དེ་ལྟར་རྡོ་རྗེ་འཕྲེང་བ་ལས། སྟེང་དང་འོག་ཏུ་རྩ་ཡི་རྒྱུན། །ཨ་བ་དྷཱུ་ཏཱི་གསང་བའི་གནས། །རླུང་གི་དེ་ཉིད་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་ཡི་ནི་རྒྱུན། །ཞེས་སོ། སྐྱེ་གནས་ཀྱི་སུམ་ཅུ་རྩ་གཉིས་པོ་བྱང་སེམས་སོ་གཉིས་འཇུག་པའི་ཡུལ་ཡིན་པས་མི་ཕྱེད་མ་ལ་སོགས་པའི་མིང་དུ་བསྟན་པའང་མི་རིགས་པ་མ་ཡིན་ཏེ། དྲི་མེད་འོད་ལས། གསང་བའི་དབུས་སུ་གསང་བའི་པདྨའི་རྩ་ཁུ་བ་ལ་སོགས་པའི་ཁམས་སུམ་ཅུ་རྩ་གཉིས་འཇུག་པར་བྱེད་པ་རྣམས་སོ། །ཞེས་གསུངས་སོ། །དེ་ལས་འདིར་འོག་གི་སྒོ་ཅན་རྣམས་ལ་གཙོ་བོ་ཞེས་བྱ་སྟེ། དྲི་མེད་འོད་ལས། ཁ་ནི་འཐུར་བསྟན་སུམ་ཅུ་གཉིས། །བདུད་རྩི་འབབ་པར་བརྗོད་པར་བྱ། །ཞེས་དང་། །སམྦུ་ཊ་ལས། བྱང་སེམས་སུམ་ཅུ་རྩ་གཉིས་ནི། །གང་ཚེ་འདི་ནི་གང་གྱུར་ནས། །དབང་པོ་ཁམས་དང་ཕུང་པོ་རྣམས། །དེ་ནས་སངས་རྒྱས་ཉིད་དུ་འགྱུར། །ཞེས་པས་སོ། །སུམ་ཅུ་རྩ་གཉིས་ཕྱེད་ལས་ནི། །བཅུ་དྲུག་དག་ཏུ་གང་གསུངས་པ། བརྒྱ་དང་ཉི་ཤུའི་གཙོ་མོར་འདོད། །མི་ཕྱེད་མ་ནས་ཨ་བ་དྷཱུ་ཏཱིའི་བར་གྱི་བཅུ་དྲུག་སྟེ། རོ་མ་མན་ཆད་ལ་ནི་བཅོ་ལྔ་ལས་མེད་དེ། །བདུད་བྲལ་མ་ལ་བདུད་ཀྱི་བུ་མོ་ཞེས་བཏགས་ནས་སྤངས་པས་སོ། །དེ་ལྟར་ཡང་བརྟག་གཉིས་སུ། གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱིས་ལྷག་མ་སྤང་། །ཞེས་གསུངས་པས་སོ། །ཡང་། འཁོར་ལོ་བཞིའི་འདབ་མའི་ནང་ན་འབྱུང་བ་བཞིའི་རྟེན་དུ་གྱུར་བའི་རྩ་བཅུ་དྲུག །དེ་དག་གཉིས་སུ་བྱས་པའི་སུམ་ཅུ་རྩ་གཉིས་ལ་མི་ཕྱེད་མ་སོགས་སུ་འཆད་དུའང་རུང་སྟེ། དེ་དག་ཀྱང་བརྒྱ་ཉི་ཤུ་ལ་ལྟོས་པའི་གཙོ་བོ་འབའ་ཞིག་ཡིན་པས་དང་། འབྱུང་བ་བཞི་བདུད་རྩི་ལྔའི་ཁམས་འབབ་པའི་རྩ་ཡིན་པས་ཏེ། ལུས་ཀྱི་སྤྱི་གཙུག་སྙིང་དབུས་སོགས། །འཁོར་ལོ་བཞི་རུ་གང་གསུངས་པ། །འཁོར་ལོ་བཞི་ཡི་ཕྱོགས་བཞི་རུ། །རྩ་འདབ་ཆེན་པོ་བཞི་ཡིན་ཏེ། །ཕྱོགས་བཞི་འདབ་མའི་རྩ་གནས་ལ། །འབྱུང་བ་ཆེ་རྣམས་མར་མེའི་དངོས། །མཚམས་རྩར་བདུད་རྩི་ལྔ་འབབ་རྩ། །དེ་རྟེན་མཆོད་པ་བཞི་ཞེས་བཤད། །འཁོར་ལོ་བཞིའི་རྩ་བའི་བཞི་ལས་གཉིས་སུ་གྱེས་པའི་ཕྱོགས་ཀྱི་བཞི་ནི་འབྱུང་བ་བཞི་འབབ་པ་མར་མེ་ལྟར་གསལ་བའི་འོད་ཅན་ཡིན་པས་གསུང་གི་སྒོ་ཞེས་བྱའོ། །མཚམས་སུ་བཞི་ནི་བཤང་བ་དང་། གཅི་བ་དང་། བད་ཀན་དང་། ཁྲག་དང་། ཁུ་བ་འབབ་པ་འབྱུང་བའི་རྩ་རྣམས་ཀྱི་ལྷན་ཅིག་བྱེད་པ། གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་འབབ་པའི་ཕྱིར་མཆོད་པའི་རང་བཞིན་ཏེ། དེའི་རང་བཞིན་ཡང་དངོས་པོར་ན་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་ཐ་དད་མེད་པའོ། །འོན་ཀྱང་སྙིང་གའི་འཁོར་ལོ་ལ་གསུམ་སྐོར་ལ་སོགས་པ་ལྔར་གྱེས་ལ། །དེ་ལས་གཉིས་གཉིས་སུ་གྱེས་པའི་ཕྱིར་ནང་དུ་ལྔ། ཕྱི་སྐོར་བཅུ་བཅུ་པོ་ཉིད་རླུང་བཅུའི་རྟེན་དུ་སྔར་བཤད་པ་དེ་ཡིན་ལ། འཁོར་ལོའི་རྩ་འདབ་བཤད་པའི་ཚེ་ཕྱི་སྐོར་འདྲེན་ལ། གང་ལ་བདུད་བྲལ་མའི་མིང་བཏགས་པ་དེ་ནི་དུས་ཀྱི་རྩ་འགོག་པའི་མཚན་ཉིད་ཅན་ཉིད་རྣལ་འབྱོར་མ་སྡུད་པས་འཇུག་པ། །མ་རིག་པའི་ངོ་བོ་ཅན་དུ་ངེས་པས་ན་ཐམས་ཅད་དུ་སྤངས་པ་དེའི་ཕྱིར་དེ་ལས་གྱེས་པ་རེག་བྱའི་རྟེན་ཡང་དོར་བས་ཏེ། དྲི་མེད་འོད་ལས། སྙིང་གར་བརྒྱད་ནི་ཨི་ཊ་ལ་སོགས་པའི་མིང་རྣམས་ཀྱིའོ། །ཞེས་གསུངས་སོ། ཡན་ལག་གི་རླུང་གི་རྟེན་རྣམས་སྙིང་ག་ནས་བརྩམས་ཏེ་དབང་པོའི་སྒོར་ཟུག་པ་ལ་དབང་པོ་གཟུགས་ཅན་པ་ལྔར་ཆོས་མངོན་པ་ནས་བཤད་ཅིང་། །གཟུགས་འབབ་པ་ལས་མིག་གཉིས། སྒྲ་ལས་རྣ་བ་གཉིས། དྲི་ལས་སྣ་བུག་གཉིས། རོ་རེག་གཉིས་ལས་ཁ་བཤང་གཅི་གསུམ་སྟེ་དགུ་སྐུའི་སྒོ་ཞེས་གསུངས་ལ། སྙིང་གར་དུང་ཅན་བཤད་པའང་དེས་སོ། །རྩ་བའི་རླུང་ལྔ་རིམ་པ་བཞིན་གནས་པའི་མིང་། རྡོ་རྗེ་འཕྲེང་བར། རྒྱགས་དང་རྣམ་པར་རྒྱལ་བ་དང་། །མྱོས་དང་བཏུང་དང་མཛའ་བོ་སྟེ། །དེ་དག་རྩ་ནི་ལྔར་ཤེས་བྱ། །ཞེས་སྲོག་ལ་སོགས་པ་རིམ་པ་བཞིན་གྱི་རྟེན་དུ་གྱུར་པ་དང་། འགོས་ཀྱིས་ཡན་ལག་གི་རླུང་གི་གནས་ནི། རྒྱུ་བ་ཞེས་བྱ་བ་མིག་གི་རླུང་ནི་གཉེ་མ་སྦྲུལ་བརྐྱང་པ་འདྲ་བ་ལ་གནས། རྣམ་པར་རྒྱུ་བ་ཞེས་བྱ་བ་རྣ་བ་ནས་རྒྱུ་བའི་རླུང་ནི་མཆིན་པ་རུས་སྦལ་འདྲ་བ་ལ་གནས། ཡང་དག་པར་རྒྱུ་བ་ཞེས་བྱ་བ་སྣ་ནས་རྒྱུ་བའི་རླུང་ནི་གློ་བ་རྩང་པ་དང་འདྲ་བའི་ནང་གི་ཁོང་སྟོང་ལ་གནས། རབ་ཏུ་རྒྱུ་བ་ཞེས་བྱ་བའི་རླུང་ལྕེ་ལས་རྒྱུ་བ་མཁལ་མ་གཞུ་འདྲ་བ་ལ་གནས། ངེས་པར་རྒྱུ་བ་ཞེས་བྱ་བ་ལུས་ཀྱི་བ་སྤུའི་བུ་ག་ནས་རྒྱུ་བ་ནི་སྙིང་ལྷ་སྦྱིན་གྱི་བུ་མོ་གུ་ཟུ་དཀར་མོ་གྱོན་པ་དང་འདྲ་བ་ལ་གནས། ཞེས་གསུངས། དེ་དག་ལ་ཀླུ་རུས་སྦལ་རྩང་པ་ལྷ་སྦྱིན་གཞུ་རྒྱལ་ཅེས་བཏགས་པ་རྣམས་ཀྱི་རྟེན། ཟླ་བའི་ཆ་དང་སྣ་དང་ནི། །བསྙེན་བཀུར་ལྐོག་ཤལ་མཆིན་པ་སྟེ། །ཞེས་པར་བཤད་ལ། སྙིང་ནས་དེ་དག་ཏུ་འབྲེལ། །དེ་ནས་དབང་པོའི་སྒོར་ཟུག་པ་ཡིན་ནོ། །དུས་འཁོར་ནས། དམར་སེར་ཕྲ་མོ་དག་ཀྱང་ཨི་ཊ་ལ་སོགས་རྣམ་གསུམ་ལམ་བགྲོད་སྣར་མ་དང་ནི་ལག་ལྡན་ལྕེ། །དྲུག་པ་རྒྱལ་དང་རི་ཡང་རྒྱལ་བ་ནོར་དང་དགུ་པ་ཨ་ལཾ་བུ་ཁ་དཔལ་ལྡན་ཀུ་ཧའོ། །ཞེས་སོ། །དེ་ལས་རྩ་བཅུ་ནི་བཅུ་དྲུག་གིའང་གཙོ་བོ་དང་། དེ་ལས་ནང་གི་ཁམས་ལྔའི་རྩ་དང་། དེ་དག་ཀྱང་སྡོམ་འབྱུང་ལས། ལོངས་སྤྱོད་རྫོགས་སྐུ་ལ་ལཱ་ན། །ར་སཱ་ན་ནི་སྤྲུལ་པའི་སྐུ། །ཨ་བ་དྷཱུ་ཏཱིའི་ཆོས་སྐུར་འགྱུར། །ཞེས་པས་རོ་རྐྱང་དྷུ་ཏཱི་གསུམ་དང་། དེ་ལས་ཨ་བ་དྷུ་ཏཱི་ཉིད་མཆོག་གམ་གཙོ་བོར་ཤེས་པར་བྱའོ། །གསུམ་པ་རྩའི་དེ་ཉིད་བཤད་པ་ལ་རྩ་དབུ་མ་ངོས་གཟུང་། དེ་ལས་འཁོར་བའི་རྩར་གྲུབ་ཚུལ་བཤད། རྩ་རྣམས་ཀྱི་དེ་ཉིད་ཞིབ་མོར་བཤད་པ་དང་གསུམ་ལས། དང་པོ་ནི། རྩ་དབུ་མ་ལ། གནས་པ་རྩའི་དབུ་མ་དང་། བསྒོམ་པའི་དུས་ཀྱི་དབུ་མ་གཉིས་སུ་བཞག་ལ། དང་པོ་ཉིད་ལའང་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ་གསུམ་སྟེ། རགས་པའི་དབང་དུ་བྱས་ནས་ཐིག་ལེ་སྐོར་གསུམ་དུ་སྲོག་གི་དབྱུག་པའི་ཞེས་གསུངས་པའི་སྲོག་གི་དབྱུག་པ་སྲོག་རྩ་ཡིན་ཏེ། ཡེ་ཤེས་ཐིག་ལེར། དེ་ནི་སྲོག་པ་རྩ་ནི་ཉིད། །ཁམས་གསུམ་གྱི་ནི་རྟེན་ཡིན་ནོ། །རྒྱུ་དང་འབྲས་བུ་གཉིས་མེད་ཀྱི། །རྩ་དང་འབྲས་བུ་རྒྱ་ཡིས་གདབ། །ཅེས་དང་། དཔལ་ཕག་མོ་གྲུ་པས་ཀྱང་བཤད་དོ། །ནང་དུའོ་ཞེས་པ་ཕྲ་བ་ལ་དགོངས་ཏེ། སྔར་བཤད་པའི་འོད་གསལ་བའི་རླུང་དང་ཚོགས་པ་གཅིག་པ་ལ། རྟེན་བྱེད་པའི་ཆ་ནས་རྩ་ཞེས་པ་ལ་བྱ་སྟེ། མི་ཤིགས་པའི་འདུས་པ་དེ་དག་གནས་པ་རྩའི་དབུ་མའི་ནང་དུ་གནས་པས་སོ། །ཕྲ་བའི་ཕྲ་བ་ཡང་དག་ལྡན། །ཞེས་དང་། འཁོར་ལོ་དྲུག་གི་ལྟེ་བའི་དབུས། །ཕྲ་མོའི་ལུས་ལྡན་རྩ་ནི་དྲུག །ཅེས་བཤད་པའང་དེ་ཁམས་དྲུག་གམ། འོད་ཟེར་དྲུག་གི་རང་བཞིན་ཡིན་པ་སྟོན་པའི་ཕྱིར་རོ། །དེས་ན་ཆོས་ཉིད་ཀྱི་དབུ་མ་རྟ་རྔ་བརྒྱར་གཤགས་པའི་ཚད་ཙམ་པའི་འོད་ཀྱི་སྐུད་པ་ལ་འཇོག་པའང་དེའོ། །འདིར་ཆོས་ཉིད་ཅེས་བྱུང་བའང་། མེའི་ཆོས་ཉིད་ཚ་བ་ཞེས་པ་ལྟ་བུ་ཡིན་ནོ། །ཤིན་ཏུ་ཕྲ་བའི་དབང་དུ་མཛད་ནས། ཕྱི་ན་མ་ཡིན་ནང་ན་མིན། །ཞེས་གསུངས་ཏེ། དེ་ནི་ཆོས་ཐམས་ཅད་ཀྱི་གཤིས། རྩའི་ཁྱབ་བྱ་ཐམས་ཅད་ལ་ཁྱབ་བྱེད་ཀྱི་ཚུལ་དུ་བཞུགས་པ་དཔེར་ན་མེ་ཏོག་དང་དྲི་བཞིན་ཕྱི་ནང་དུ་འབྱེད་མི་ནུས་པའོ། །རྡོར་འཕྲེང་དུ། །ཕྲ་དང་རེག་བྱ་མཆོག་ཏུ་ཕྲ། གཟུང་དང་འཛིན་པ་རྣམ་པར་སྤངས། །རང་ཉིད་བདེ་ཆེན་རང་བཞིན་དང་། །གཞན་དག་ལ་ཡང་སྟེར་བར་བྱེད། །དེ་ལྟར་ཡང་དག་རྩ་ཡི་རིམ། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་སོ། །ཤིན་ཏུ་ཕྲ་བ་དེ་རྩ་ཐམས་ཅད་ལ་ཁྱབ་བྱེད་ཡིན་པར་མ་ཟད་ཕྲ་བ་དང་རགས་པའང་ཡིན་ཏེ། མི་ཤིགས་པའི་ཚོགས་པ་ཉིད་རྣམ་པར་འགྱུར་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་ཞུགས་ནས་ཤིན་ཏུ་མི་འདྲ་བ་སྣ་ཚོགས་པ་སྐྱེད་ལ། སྐྱེད་པ་དང་དེ་ཉིད་དཔེར་ན་མཁྲིས་ནད་ཅན་ལ་སྣང་གཞིའི་དུང་དང་སྣང་ངོའི་དུང་སེར་པོ་ལྟ་བུ་ཡིན་པས་དང་། རིགས་པའི་དབུ་མ་དེ་ལས་ཤིང་གི་ཡལ་ག་ལྟ་བུར་རྩ་ཐམས་ཅད་གྱེས་པའི་ཕྱིར། དབུ་མ་ནི་གནས་སྐབས་ཐམས་ཅད་དུ་རྩ་ཐམས་ཅད་ལ་ཁྱབ་བྱེད་ཡིན་ཏེ། མཁའ་འགྲོ་རྒྱ་མཚོ་ལས། འདི་ལྟར་དབུ་མ་ཐམས་ཅད་ཀྱི། །ཁྱབ་བྱེད་དུ་ནི་རྣམ་པར་གནས། །ཞེས་དང་། སྡོམ་འབྱུང་ལས། དེ་རྣམས་དབུས་ན་རྩ་གསུམ་ནི། །རྟེན་དང་ཀུན་ཏུ་འགྲོ་བའོ། །ལ་ལཱ་ན་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་ཉིད་ཕྱིར་ན་གཞན་གྱི་རྟེན། །གངྒཱ་སིནྡྷུར་གཞན་འཇུག་བཞིན། །དེ་ཉིད་སྐྱེ་གནས་གཞན་མ་ཡིན། །མཁའ་འགྲོའི་གདོང་ཅན་དུ་གཅིག་འགྱུར། །ཞེས་སོ། །བསྒོམ་པའི་དུས་ཀྱི་དབུ་མ་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་རྗེས་སུ་འགྲོ་བའི་ཕྱིར་མཐའ་གཅིག་ཏུ་འདིའོ་ཞེས་བཞག་ཏུ་མེད་དོ། །དེ་བས་ན་ལམ་སྦྱངས་པས་དབུ་མར་དག་པའང་སོ་སྐྱེའི་གནས་སྐབས་སུ་རགས་པའི་དབུ་མར་དང་། ས་ཐོབ་པ་ནས་ཕྲ་བའི་དབུ་མར་དང་། སངས་རྒྱས་ནས་གཉུག་མའི་དབུ་མར་དག་པ་གསུམ་ཤེས་པར་བྱའོ། །རྒྱུད་དུ་རྩ་དང་འཁོར་ལོའི་རྣམ་གཞག་དཀྲུགས་ཏེ་སྦས་པའི་དོན་རྒྱུད་ལ་རང་དབང་དུ་གཞུག་པ་དགག་པའི་ཕྱིར་ཡིན་པས། བླ་མའི་ཞལ་འབའ་ཞིག་ལ་ལྟོས་པར་གསུངས་པ་ནི་འདི་ལྟ་བུའི་རྣམ་གཞག་བླ་མའི་ཞལ་ལས་ཐོས་བཞིན་དུ་ཁོ་བོ་བདེན་པར་ཡིད་ཆེས་སོ། །དེ་ལྟ་བུའི་ནང་ནས་རགས་པའི་དབུ་མ་དེ་རྣམ་པར་ཤེས་པ་སྒྲ་གཅན་སྐྱེ་བ་མེད་པ་ཨའི་ཁམས་ལས་གྲུབ་པས་འབུམ་ལྔར། སྲོག་ཉིད་ཀྱི་ནི་བདུད་རྩིར་འགྱུར། །ཞེས་སོ། ཡར་སྣ་སྤྱི་བོར་འོངས་ནས་མདུན་དུ་འཁྱོགས་ཏེ་སྨིན་མཚམས་མཛོད་སྤུར་ཟུག་ཅིང་། སྟོང་པ་འབབ་པ་མི་བསྐྱོད་པའི་རང་བཞིན་སྒྲ་གཅན་ནམ། དུས་ཀྱི་རྩའམ། ཡིད་བཟང་མ་ཞེས་ཀྱང་བྱའོ། །དེ་ཉིད་ལྟེ་བའི་འོག་སྤུ་ན་གུའི་མཚམས་ཚུན་དྲང་པོར་འོངས་ལ། སྐྱེ་གནས་ཀྱི་འཁོར་ལོ་ནས་འཁྱོགས་ཏེ་གཡས་སུ་གནས་ཤིང་ཁུ་བ་དང་ཡེ་ཤེས་འབབ་པ་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །འདི་ཁུ་བ་འབབ་པའི་ཚེ་ཀུན་ནས་འདར་བར་འགྱུར་བས་ཀུན་འདར་རམ། གཞན་དུ་སྐྱེས་པ་ལ་བྱང་སེམས་ཀུནྡ་ལྟ་བུས་གང་བས་དུང་དང་མདངས་མཚུངས་པའི་ཕྱིར་དུང་ཅན་མའོ། །བུད་མེད་ལ་ནི་མར་སྣ་དེ་ཉིད་གླང་པོ་ཆེའི་སྣ་ལྟ་བུར་བལྟབས་པ་དང་། དུང་བཞིན་འཁྱིལ་བ་དང་། བྱང་སེམས་གོར་གོར་པོས་གླ་རྩི་བཞིན་བཀག་པ་དང་། པདྨ་བཞིན་རེས་བྱེ་རེས་ཟུམ་པའི་ཕྱིར་རིགས་ཅན་བཞིར་བཤད་པ་ཡིན་ནོ། །དེ་དག་ཀྱང་ཁྲག་འབབ་པའི་དུས་སུ་སྐྱེས་པས་རེག་པར་བྱ་བ་མ་ཡིན་པ་རིགས་ངན་མ་དང་མཚུངས་པས་གཡུང་མོ་ཞེས་སམ། །མཁའ་འགྲོ་གདོང་མ་ཞེས་བྱ་ལ། བུད་མེད་ལ་ནི་མར་སྣ་དེ་བྱང་སེམས་དམར་པོས་གང་བ་ཡིན་ནོ། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མ་རབ་གྲགས། །ཞེས་བུད་མེད་ཀྱི་དམར་པོ་དེའང་ཟླ་བ་ཡིན་ཏེ། སམྦུ་ཊར་མངོན་བྱང་གི་ཟླ་བ་དམར་པོར་བཤད་པའང་དེས་སོ། །ཕོ་མོ་གཉིས་ཀ་ལ་དེ་ནས་ཁུ་བ་འབབ་པ་ནི་གནས་སྐབས་བཞི་སྟེ། སྐྱེ་འཆི་མཉམ་དང་འདོད་ཆགས་ལས། །སྒྲ་གཅན་ས་བོན་འབབ་པའོ། །ཞེས་སོ། །འདི་ལ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཞེས་ཀྱང་ཟེར་རོ། །ལྟེ་བ་མན་དུས་ཁམས་བདག་པོར་གྱུར་པས་དུས་ཀྱི་མེར་བཞག་ལ། དེར་རླུང་འཆིངས་ན་གཟུང་བ་དང་འཛིན་པ་དང་འབྲལ་ལ། དེ་བྲལ་ན་བག་ཆགས་བསྒོ་བ་མེད་པས་ཐར་པའམ་མྱ་ངན་ལས་འདས་པ་མངོན་དུ་འགྱུར་བའི་ཕྱིར་མྱ་ངན་ལས་འདས་པའི་རྩ་འམ། ཨ་བ་དྷཱུ་ཏཱི་ཞེས་དོན་དམ་པའི་རྩར་གདགས་པར་མཛད་པ་ཡིན་ནོ། །དེ་ལྟར་ཡང་བརྟག་གཉིས་ལས། ཨ་བ་དྷཱུ་ཏཱི་དབུས་ཕྱོགས་སུ། །གཟུང་དང་འཛིན་པ་སྤངས་པ་ཉིད། །ཅེས་དང་། ཀླུ་སྒྲུབ་ཀྱིས། །བག་ཆགས་བྲལ་ན་བདེ་བ་སྟེ། །བདེ་བའི་སེམས་ནི་ཐར་པ་ཉིད། །ཅེས་དང་། བག་ཆགས་མ་ལུས་པ་དང་བྲལ་ཞིང་འཁོར་བ་ཇི་སྲིད་བར་གནས་པའི་ཡེ་ཤེས་ནི་ཐར་པའོ། །ཞེས་སྒྲོན་མ་གསལ་བ་ལས་སོ།། །།གཉིས་པ་ནི། དབུ་མ་དེ་ལས་རྡུལ་མེའི་ཁམས་བདག་པོར་གྱུར་ནས་ཉི་མའམ། སེར་སྐྱའམ། རོ་མ་སྟེ་མེ་འབབ་པ་གཟུང་བ་རིན་ཆེན་འབྱུང་གནས་ཀྱི་རང་བཞིན། གསང་གནས་ཡན་དུ་གཡས་དང་། འོག་ཏུ་གཡོན་པ་དེའང་གཉིས་སུ་གྱེས་ཏེ་གཅི་བའི་རྩ་རླུང་འབབ་པ་དང་། གཞན་པ་ཁྲག་འབབ་པ་གཉིས་ཀའང་དོན་ཡོད་གྲུབ་པའི་རང་བཞིན་ནོ། །དེ་ལ་བུད་མེད་ཀྱི་ཟླ་མཚན་ཕལ་ནི་དེ་ནས་འབབ་ལ། སྐྱེས་པ་ལ་དེ་འགགས་པས་ཁམས་སྙོམས་པའི་ཚེ་ཁྲག་ལུད་པའི་ཚུལ་དུ་སྣའི་སྒོ་ནས་ཅུང་ཟད་རེ་འབབ་པར་བཤད་དོ། །སྙིང་སྟོབས་བདག་པོར་གྱུར་ནས་དབུ་མ་ལས་སྟེང་གི་གཡོན་དུ་ཟླ་བ་དང་། ལུག་དང་རྐྱང་མ་ཞེས་པའི་མིང་ཅན། ཆུ་འབབ་པ་འཛིན་པ་འོད་དཔག་མེད་ཀྱི་རང་བཞིན། འོག་ཏུ་དབུས་མ་དེའང་གཉིས་སུ་གྱེས་ཏེ། བཤང་བའི་རྩ་ས་འབབ་པ་དང་། བྱང་སེམས་དཀར་པོ་འབབ་པ་གཉིས་ཀའང་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ། དེ་ལྟར་རིགས་དྲུག་གོ །འབུམ་ལྔར། ཆུ་ཡིས་སྐྱེད་པ་གཡོན་པ་སྟེ། །གཡས་པ་མེ་ཡིས་སྐྱེད་པའོ། །ཞེས་དང་། རྐྱང་མ་ཤེས་རབ་རང་བཞིན་ཏེ། །ཐབས་ཀྱི་རོ་མ་ཡང་དག་གནས། །ཞེས་དང་། རྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཞེས་གསུངས་སོ། །འབུམ་ལྔར། གཟུང་དང་འཛིན་པའི་དབྱེ་བ་ལས། །ཡུལ་དང་དབང་པོ་སྦྱོར་བ་ཡིས། །རྣམ་ཤེས་རྣམས་ཀྱི་སོ་སོ་བ། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་སོ། །དེ་གཉིས་ཀྱང་སྣའི་བུ་ག་གཉིས་ནས་གྱེན་མཛོད་སྤུའི་བར་དུ་འོངས་པ་དེར་དབུ་མ་ལ་ལུ་གུ་རྒྱུད་ལྟ་བུས་བཅར་བས་མདུད་པའི་རྣམ་པ་དེ་ནས་ལམ་གསུམ་བྱས་ནས་སླར་སྤྱི་བོར་མདུད་པ་དང་། དེ་ནས་ལམ་གསུམ་གྱི་མགྲིན་པར་འོངས་ནས་མདུད་པ་དང་། མགྲིན་པ་ནས་ལམ་གསུམ་ཀྱི་སྙིང་གར་འོངས་ནས་མདུད་པ་དང་། དེ་ནས་ལམ་གསུམ་གྱིས་ལྟེ་བར་ཕྱིན་ནས་མདུད་པ། དེ་ནས་ལམ་གསུམ་གྱི་སྐྱེ་གནས་སམ་གསང་གནས་ཀྱི་འཁོར་ལོར་ལུ་གུ་རྒྱུད་དུ་བཅིངས་པའི་མདུད་པ་བྱས་ནས་འོག་ཏུ་ལམ་སོ་སོར་བྱས་ཏེ་གཅི་བ་འབབ་པ་འབའ་ཞིག་རྒྱབ་ལ་གཞན་རྣམས་ནི་གསང་བའི་སྣ་རྩེ་ལ་ཟུག་གོ །འགའ་ཞིག་རོ་རྐྱང་གཉིས་དང་དབུ་མ་འབྲེལ་མཚམས་སུམ་ཅུ་རྩ་གཉིས་དང་། འགའ་ཞིག་བརྒྱད་དུ་འདོད་དེ། བླ་མའི་མན་ངག་གིས་བརྡ་མ་འཕྲོད་པར་ཟད་དོ། །འོ་ན་སུམ་ཅུ་རྩ་གཉིས་མདུད་དང་ལྡན། །ཞེས་པ་ཇི་ལྟར་དྲང་ཞེ་ན། ཡེ་ཐིག་དེར་གསང་བ་དང་ཟབ་པ་སོགས་ལྟེ་བའི་ནང་སྐོར་གྱི་རྩ་ལ་དགོངས་ནས་འཁོར་ལོ་བཞིར་གྱེས་མཚམས་ཀྱི་རྩ་སུམ་ཅུ་རྩ་གཉིས་ཨ་བ་དྷཱུ་ཏཱི་ལ་དངོས་སུ་བརྟེན་པས་དེ་སྐད་དེ། དེ་ཉིད་དུ། གང་ཚེ་ཚངས་པའི་དབྱུག་པ་མདུད་པ་སུམ་ཅུ་རྩ་གཉིས་ཡོད་པ་དེ་ལ་ལྟེ་བའི་འོག་ཏུ་འཕོ་བ་བཅུ་དྲུག །སྟེང་དུ་འཕོ་བ་བཅུ་དྲུག་བྱང་ཆུབ་ཀྱི་སེམས་དང་རླུང་གཉིས་ཕྲད་པའི་ཕྱིར་འཕྲོ་བ་སྟེ། སྟེང་འོག་གཅིག་པུའི་ངོས་སྦྱོར་བའི་རྩ་སུམ་ཅུ་རྩ་གཉིས་སོ་ཞེས་གསུངས་ཞིང་། །འབུམ་ལྔར། ལྟེ་བ་ལ་སོགས་འཁོར་ལོ་ལྔ། །དེ་རྣམས་ལམ་གསུམ་ལྔ་རྣམས་ཉིད། །ཅེས་སྟེང་གི་སྒོར་ལམ་གསུམ་པ་ལྔ་ལས་མ་བཤད་པའི་ཕྱིར་རོ། །འགའ་ཞིག་རོ་རྐྱང་དང་དབུ་མ་འབྲེལ་བའི་བུ་ག །དབུ་མའི་ནང་དུ་ཟངས་ཀྱི་གཟེར་བུ་ཁོང་སྟོང་བཏབ་པ་ལྟ་བུ་ལ་བྱེད་དེ། དེ་ལྟར་ན་དབུ་མ་དང་རོ་རྐྱང་འབྲེལ་བའི་ས་གཞན་མེད་པས། རྩ་ཐམས་ཅད་གནས་པ་རྩའི་དབུ་མར་སྦྱང་མི་ནུས་སོ། འོ་ན་ཇི་ལྟར་འདོད་ཅེ་ན། རྩ་གསུམ་འཁོར་ལོའི་མདུད་མཚམས་རྣམས་སུ་ཁབ་རལ་ལྟ་བུའི་བར་གྱིས་པགས་གཅིག་པ་དང་། སྦུབས་ཐ་དད་ལ། བར་དེ་བུ་གས་འབྲེལ་མོད། འོན་ཀྱང་དེར་འཁྱོགས་ནས་ལུ་གུ་རྒྱུད་དམ་གདུ་བུ་ལྟ་བུའི་མདུད་པར་བྱས་པས། དབུ་མར་རྒྱུ་བའི་ལམ་འགགས་ནས་གཡས་པས་གཟུང་བ་དང་གཡོན་པས་འཛིན་པ་བསྐྱེད་པ་དེའི་ཕྱིར་འཁོར་བའི་རྩར་བཞག་གོ །ཡེ་ཐིག་ཏུ། བྱང་ཆུབ་ཀྱི་སེམས་དགའ་བ་དང་ལྡན་པའི་གདུ་བུའི་རྣམ་པ་སྐུ་དང་། གསུང་དང་། ཐུགས་ཀྱིས་ངོ་བོ་ཡི་གཅིག་རྟོག་མེད་མ་སོ་ཤོ་ན་ཚངས་པའི་དབྱུག་པ་ལ་འཁྱུད་ནས་བདེ་བ་ཆེན་པོའི་གཙུག་ཏོར་ནས་ནོར་བུའི་ཁ་རླུང་འཁོར་ཡན་ཆད་དུ་ཇི་ལྟར་ཙནྡན་གོར་ཤི་ཥའི་ཤིང་ལ་སྦྲུལ་ཆེན་པོ་ཡོད་པ་ལྟ་བུའོ་ཞེས་གསུངས་ལ། གཅིག་རྟོག་མེད་མ་ཞེས་པ་ལ་འཁྲུལ་ནས་རྟོག་མེད་མ་འཁྱུད་བྱེད། ཚངས་དབྱུག་འཁྱུད་བྱར་བྱས་ཏེ་རྩ་གཉིས་སུ་འཆད་པ་ནི་ནོར་ཏེ། གཞུང་འདིས་རྩ་གསུམ་སྐུ་གསུང་ཐུགས་སུ་བཤད་པའི་གཞན་གཉིས་འཁྱུད་བྱེད་ཐུགས་རྟོག་མེད་མ་སོ་ཤོ་ན་འམ་ཚངས་དབྱུག་འཁྱུད་བྱར་གསུངས་པ་སྟེ། དེ་ཉིད་དུ་གཅིག་པུ་རྟོག་མེད་མ་སོ་ཤོ་ན་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་ཕྲ་མོའི་དྲ་བ་རོལ་པའི་དོན་དུ་བྱས་ནས། ཞེས་གསུངས་པའི་ཕྱིར་རོ། །འཁྱོགས་པ་འམ་ཡོ་བ་དེ་བསྲངས་ན་དབུ་མ་དང་བྱ་བ་གཅིག་ཏུ་འགྱུར་བས་དབུ་མར་དག་པ་ཞེས་པ་སྟེ། རྗེ་བཙུན་ཆེན་པོའི་ཞལ་སྔ་ནས། རྩ་ཡོན་པོ་ལྔ་པོ་རླུང་གིས་བསྲང་། །རླུང་ལོག་པ་ལྔ་པོ་མལ་དུ་བསད། ཅེས་གསུངས་སོ། །དེའི་ཕྱིར་རྔོག་པས་རྩ་མདུད་འཁྱོག་ལ་བྱས་པ་ནོར་རོ། །ཞེས་སྨྲ་བའང་རང་ཉིད་ཀྱི་ནང་སྟོན་པར་ཟད་ལ། འདབ་མའང་གྱེས་མཚམས་སུ་འཁྱོགས་པས་མཐར་སྲོང་པར་བྱ་བ་ཡིན་ནོ། །རླུང་ལོག་པ་ཞེས་པའང་། དབུ་མའི་ཡེ་ཤེས་ཀྱི་རླུང་གི་བདག་པོ་ལས་མི་མཐུན་པར་ཕྱོགས་པས་ལོག་པར་བཏགས་སོ། མདུད་པའམ་གཞན་གྱིས་བཏགས་པ་རྣམས་ནི་གྲོལ་བའི་ཚེ་ཇི་ལྟར་བསམས་པས་ནོར་བར་ཤེས་སོ། །མདུད་མཚམས་ཀྱི་གནས་དྲུག་ཏུ་འཁོར་ལོ་རེ་ཡོད་དེ། དེའི་རོ་རྐྱང་གི་ཕྱི་སྦུབས་ལ་སྦུབས་ཟུག་པའི་ཚུལ་གྱིས་འཁོར་ལོའི་རྩིབས་སམ་འདབ་མ་འཐོན་པ་ཡིན་ཏེ། འཁོར་ལོ་བཞི་ལ་ནང་དུ་ཐོག་མར་བཞི། །བཞི་པོ་དེ་གཉིས་སུ་གྱེས་པས་བརྒྱད། སྤྱི་བོ་དང་མགྲིན་པ་ལ་བརྒྱད་པོ་དེ་གཉིས་སུ་གྱེས་པའི་བཅུ་དྲུག དེ་རྣམས་གཉིས་སུ་གྱེས་པའི་སུམ་ཅུ་རྩ་གཉིས་སོ། །ལྟེ་བའི་བརྒྱད་པོ་དེའི་ཕྱོགས་ཀྱི་བཞི་ལ་གཉིས་སུ་གྱེས་ལ་མཚམས་ལ་མ་གྱེས་ཏེ། གྱེས་མ་གྱེས་གཉིས་ཀ་ཚད་མཉམ་པར་འཇུག་པས་བཅུ་གཉིས་ཏེ། ནང་དུ་བརྒྱད་ནི་ཐུན་བརྒྱད་དང་། །ཕྱི་རོལ་ནི་དུས་སྦྱོར་གྱི་རྩར་གསུངས་སོ། །དེའི་བརྒྱད་ལ་ལྔ་ལྔར་གྱེས་ཤིང་། སྔར་མ་གྱེས་པའི་རྩེ་མོ་ལས་དྲུག་དྲུག་ཏུ་གྱེས་པས་ཕྱི་སྐོར་ལ་དྲུག་ཅུ་རྩ་བཞིའོ། །གསང་གནས་ལ་ནི་དྲི་མེད་འོད་ལས། གསང་བར་འདབ་མ་སུམ་རྩ་གཉིས་པ་སྟེ། ཕྱི་རོལ་གྱི་འདབ་མ་བཅུ་དྲུག་ལ་དབྱངས་ཀྱི་རྩའོ། །ནང་དུ་འདབ་མ་བཅུ་ལ་ཕུང་པོ་དང་ཁམས་ཀྱི་རྩའོ། །དེ་ལས་ནང་གི་འདབ་མ་རྣམས་ལ་སྟོང་པ་དྲུག་གི་རྩའོ། །དེ་ལྟར་ན་འཁོར་ལོ་དྲུག་པོ་རྣམས་ཀྱི་གྲངས་ནི། ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་སྟེ། ཞེས་གསུངས་པས། ནང་དུ་རྩ་དྲུག བཞི་ལས་གཉིས་གྱེས་པ་མེད་པ་གཉིས་ཏེ་ཚད་མཉམ་པས་བཅུ། དེ་ནས་བརྒྱད་དང་གཉིས་པོ་དེ་ལས་བཞི་སྟེ་བཅུ་དྲུག་གོ །འདི་ལ་ཕྱི་སྐོར་ནང་སྐོར་གཉིས་ཀ་བགྲངས་པ་སུམ་ཅུ་རྩ་གཉིས་སོ། ལྟེ་བའི་རྐང་པ་དང་བཅས་བའི་ཆུ་སྲང་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ཅན་གྱི་དབྱུག་གུ་དྲུག་ཅུ་རྩ་བཞིར་བཤད་ལ། དབྱུག་གུ་གཉིས་ཀྱི་བདག་ཉིད་ཀྱི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་སྤྱི་བོ་དང་། ཆུ་ཚོད་གཉིས་ཀྱི་བདག་ཉིད་ཅན་གྱི་འཕོ་བ་བཅུ་དྲུག་མགྲིན་པར་དང་། འཕོ་བ་གཉིས་ཀྱི་བདག་ཉིད་ཅན་གྱི་ཐུན་བརྒྱད་སྙིང་གར་གསུངས་པས། འདིར་མགྲིན་པར་བཅུ་དྲུག་བཤད་པའི་རྒྱུ་མཚན་དེ་ཡིན་ནོ། །སྤྱི་བོར་ཟླ་རྐང་ཚེས་ཀྱི་རྩ་འདབ་བཅུ་དྲུག །མགྲིན་པར་རྒྱུ་སྐར་གྱི་སོ་གཉིས་སྙིང་གར་གཟའི་བརྒྱད། ལྟེ་བར་ཆུ་ཚོད་ཀྱི་དྲུག་ཅུ་རྩ་བཞིར་བཤད་པས། དུས་འཁོར་དུ་མགྲིན་པར་སོ་གཉིས་དང་སྤྱི་བོར་བཅུ་དྲུག་འདྲེན་པའི་རྒྱུ་མཚན་དེ་ཡིན་ནོ། །སྦྱར་ཆོས་ལ་བལྟོས་ནས་ཞེས་གང་དུ་བཤད་པའང་འདི་ཡིན་པར་ངེས་པར་བྱོས་ཤིག །ལྟེ་བ་དང་སྤྱི་བོ་ཨེ་ཡིག་སྟོང་པའི་ཁམས་གྲུ་གསུམ། སྙིང་མགྲིན་ཝཾ་ཡིག་བདེ་བའི་ཁམས་ཟླུམ་པོ་རེ་རེའང་ཐབས་ཤེས་ཡིན་པས། སྤྱི་སྙིང་གཉིས་ཐབས་ཆུའི་རང་བཞིན་ཐུར་བསྟན། ལྟེ་མགྲིན་གཉིས་ཤེས་རབ་མེའི་རང་བཞིན་གྱེན་བསྟན་དུ་ཀུན་ཏུ་ཁ་སྦྱོར་ལས་བཤད་དོ། །གསུམ་པ་རྩ་རྣམས་ཀྱི་དེ་ཉིད་ཞིབ་མོར་བཤད་པ་ནི། སྡོམ་འབྱུང་ལས། རྩ་ཡི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །ཞེས་པས། ཕྱི་པཱུ་ལི་ར་མ་ལ་ཡའི་ཡུལ། ལུས་ཀྱི་སྤྱི་བོ་སྐྲ་སྐྱེ་བའི་གནས། ནང་རྡོ་རྗེ་གསུམ་མི་ཕྱེད་པས་མི་ཕྱེད་མ་སོ་སེན་གྱི་ཁམས་འབབ་པ། གཞན་ལུས་དྲན་པ་ཉེར་གཞག་གོ །ཕྱི་ཛ་ལནྡྷ་རའི་ཡུལ། ནང་ལུས་ཀྱི་གཙུག་ཕུད། སྐྲ་རྩེ་ལ་སོགས་པའི་དབྱེ་བས་ཕྲ་གཟུགས་མ། སྐྲ་བ་སྤུའི་ཁམས་འབབ་པ། གཞན་ཚོར་བ་དྲན་པ་ཉེར་གཞག །ཨུ་རྒྱན་གྱི་ཡུལ་རྣ་བ་གཡས། ལུས་ལ་གནས་པ་རྩེ་བ་མ། པགས་པའི་དྲི་མ་འབབ་པ། ཆོས་དྲན་པ་ཉེར་གཞག །ཨརྦུ་ཏ་མགོ་བོའི་རྒྱབ་གཡོན་ཕྱོགས་སུ་བརྟེན་པས་གཡོན་པ་མ། ཤ་འབབ་པ། སེམས་དྲན་པ་ཉེར་གཞག །བཞི་ནི་གནས་སོ། གོ་དཱ་ཝ་རི་རྣ་བ་གཡོན་ཟླུམ་པོ་ཉིད་ཀྱི་ཐུང་ངུ་མ་ཞག་འདབ་པ། མི་དགེ་བའི་ཆོས་མ་བསྐྱེད་པ་རྣམས་མི་སྐྱེད་པའོ། །དགའ་བའི་དབང་ཕྱུག་མིག་གཉིས་ཀྱི་དབུས་ཀྱི་ཆ། རུས་སྦལ་གཟུགས་ཀྱིས་རུས་སྦལ་སྐྱེས་མ། རུས་པ་འབབ་པ། མི་དགེ་བ་སྐྱེས་པ་རྣམས་སྤོང་བ། དེ་ཝི་ཀོ་ཊ་མིག་གཉིས་སྲིད་པ་སྒོམ་པས་སྒོམ་པ་མོའམ་འཇམ་པ་མོ་མཆིན་པ་འབབ་པ། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ། མཱ་ལ་ཝ་དཔུང་པ་གཉིས་ཀྱི་རྩ་བ་དབང་བསྐུར་སྦྱིན་པས་དབང་བསྐུར་མ་སྙིང་གར་བཅས་ཏེ་སྙིང་འབབ་པ། དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་བར་བྱེད་པ། དེ་ལྟར་བཞི་ནི་ཉེ་བའི་གནས་སོ། ནང་དང་ཕྱིའི་ཡུལ་རྣམས་སེམས་ཀྱི་ངོ་བོར་ཐ་སྙད་བྱས་པའི་ཕྱིར་ཐུགས་ཀྱི་འཁོར་ལོ་ལྷ་མོ་རྣམས་ཀྱི་གནས་སུ་བཤད་དོ། ཀ་མ་རཱུ་པ་མཆན་ཁུང་གཉིས་ཉོན་མོངས་པ་སུན་འབྱིན་པ་སྐྱོན་ལྡན་མ་མིག་འབབ་པ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ། ཨོ་ཊེ་ནུ་མ་ཟུང་ལུས་སྐྱོད་པར་བྱེད་པས་མཇུག་མ་མཁྲིས་པ་འབབ་བ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་འདི་གཉིས་ཞིང་། ཏྲི་ཤ་ཀུ་ནི་ལྟེ་བ་སྐྱེད་པར་བྱེད་པས་མ་མོ་གློ་བར་བཅས་ཏེ་གློ་འབབ་མ། སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ། ཀོ་ས་ལ་སྣ་རྩེ་ཐམས་ཅད་དུ་སོང་བས་མཚན་མོ་རྒྱུ་མ་འབབ་པ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་འདི་གཉིས་ཉེ་བའི་ཞིང་། ཀ་ལིངྐ་ཁ་ཞི་བ་ཉིད་ཀྱི་བསིལ་སྦྱིན་མ། ཆུ་རྒྱུས་འབབ་པ། དད་པའི་དབང་པོ། ལམྦ་ཀ་མགྲིན་པ་མེ་དང་ལྡན་པའི་ཚ་བས་ན་ཚ་བ་མ། ལྟོ་བ་འབབ་པ། བརྩོན་འགྲུས་ཀྱི་དབང་པོ། དེ་གཉིས་ཚན་དོ་ཧའོ། །ཀཱཉྩྨི་ཀ་སྙིང་ག་ཟླ་བ་ལྟ་བུས་ན་འབབ་པའི་ཚད་མའམ་གཞོལ་མ། བཤང་བ་འབབ་པ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དེ་ཧི་མ་ལ་ཡ་ས་བོན་གྱི་མཛོད་དབང་པོ་སྒོར་གཉིས་ལ། དགའ་བའི་གདོང་ཅན་མས་རང་ས་མའམ། མདོག་ནག་མ་འམ། ནག་མོའི་གདོང་ཅན་མ། སྐྲ་མཚམས་འབབ་པ། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་གཉིས་ཉེ་བའི་ཚནྡོ་ཧའོ། །ངག་གི་ཐ་སྙད་ཀྱི་རྟེན་ས་གཞི་ལ་སྤྱོད་པས་གསུང་གི་འཁོར་ལོ་མི་ཡུལ་མ་རྣམས་ཀྱི་གནས་སོ། །པྲེ་ཏ་པུ་རི་རྟགས་བེམ་པོས་བསྡུས་པས་གཟུགས་ཅན་མའམ། གཟུགས་བཟང་མ་བད་ཀན་ནམ་རེག་བྱ་འབབ་པ། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག །ཁྱིམ་གྱི་ལྷ་བཤང་ལམ་མཉམ་པའི་དངོས་པོ་སྤྱི་མ་རྣག་འབབ་པ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །འདི་གཉིས་འདུ་བ། སཽ་རཥྚ་བརླ་གཉིས་ཡིད་དགའི་རྒྱུ་ཀུན་སྟེར་བས་རྒྱུ་སྦྱིན་མ་ཁྲག་འབབ་པ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །གསེར་གླིང་རྗེ་ངར་སྦྱོར་བ་ཐམས་ཅད་མེད་པས་སྦྱོར་བྲལ་མ་རྡུལ་འབབ་པ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དེ་གཉིས་ཉེ་བའི་འདུ་བ། ན་ག་ར་རྐང་པའི་སོར་མོ་དགའ་བ་སྡུག་པས་སྡུག་གུ་མ། ཚིལ་ཏེ་སྨྱོན་ཆུ་འབབ་པ། དེ་ལྟར་སྡོམ་འབྱུང་ལས། རྐང་པའི་སོར་མོ་ན་ག་རར། །རྟག་ཏུ་ཚིལ་འབབ་རྩར་ཤེས་བྱ། དང་། རྡོ་རྗེ་མཁའ་འགྲོའི་འགྲེལ་པར། སོར་མོ་རྣམས་ནི་རྐང་པའི་སོར་མོ་ཕལ་པ་བརྒྱད་དོ། །ཞེས་སོ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །སིནྡྷཱུ་རྐང་པའི་རྒྱབ་བོལ་གོང་གཉིས་དངོས་གྲུབ་སྦྱིན་པས་གྲུབ་མ་མྱ་ངན་དང་མཆི་མ་འབབ་པ། ཡང་དག་པའི་ལྟ་བ། དེ་གཉིས་དུར་ཁྲོད། མ་རུ་རྐང་པའི་མཐེ་བོང་གཉིས། ཉོན་མོངས་པ་སྲེག་པས་འཚེད་མ། ལུད་པ་སྐམ་པ་འབབ་པ། ཡང་དག་པའི་རྟོག་པ། ཀུལླཀྵྭ་ཏ་པུས་མོ་གཉིས་ཤེས་རབ་ཀྱི་ལྷ་མོ་ཡིན་པས་ཡིད་བཟང་མ་བྱིས་པའི་སྣབས་དང་ཁ་ཆུ་འབབ་པ། ཡང་དག་པའི་ངག །འདི་དག་ཉེ་བའི་དུར་ཁྲོད་དེ། བདག་ཉིད་བདེ་བར་བྱས་ཏེ་ཁྱབ་པས་སྐུའི་འཁོར་ལོ་ས་འོག་ལ་སྤྱོད་པ་རྣམས་ཀྱི་གནས་སོ། །དེ་ལྟར་ཡང་སམྦུ་ཊར། པཱུ་ལི་རར་ནི་མི་ཕྱེད་མ། །སོ་དང་སེན་མོ་འབབ་པར་བརྗོད། འབར་བ་འཛིན་པ་ཕྲ་གཟུགས་སམ། དེ་བཞིན་སྐྲ་དང་བ་སྤུ་འབབ། ཨུ་རྒྱན་གནས་ནི་ཆེན་པོ་ལ། རྩེ་བ་མ་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་ནས་ནི། །པགས་པ་དྲི་མ་འབབ་པར་གནས། །ཨརྦུ་ཏར་ནི་གཡོན་པ་མ། །མཁའ་འགྲོ་མ་ནི་ཤ་འབབ་མ། །གང་ཞིག་ཆུ་རྒྱུས་འབབ་པའི་རྩ། །བ་ཡི་མཆོག་སྦྱིན་རྣམ་པར་གནས། །དེ་ནི་སྲ་བའི་ཚུལ་གྱིས་གནས། །ཐུང་ངུ་མར་ནི་རྣམ་པར་བཤད། །གང་ཞིག་དགའ་བའི་དབང་ཕྱུག་མ། །དེ་བཞིན་རུས་སྦལ་སྐྱེས་མར་གྲགས། །སྲ་བའི་དངོས་པོ་གནས་པའི་ཕྱིར། །རུས་པའི་ཕྲེང་བ་འཁྲུག་པར་གནས། །ལྷ་མོའི་མཁར་དུ་གང་ཞིག་རྩ། །འཇམ་པ་སྒོམ་པ་མ་རུ་བརྗོད། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཐམས་ཅད་ལུས་ལ་རྟག་པར་གནས། །མཱ་ལ་བར་ནི་དབང་མ་ནི། །རྒྱལ་བའི་དབང་ཕྱུག་སྙིང་ལ་གནས། །རྩ་ནི་གང་ཞིག་མིག་འབབ་པ། །འདོད་པའི་གཟུགས་སུ་རྣམ་པར་གནས། །གཟུགས་ནི་མཐོང་བར་འདོད་པ་སྟེ། །སྐྱོན་ལྡན་མ་ཞེས་རྣམ་པར་བཤད། །ཨོ་ཊེར་མཁྲིས་པ་འབབ་བའི་རྩ། །གང་ཞིག་འཇུག་མ་མཚན་མོར་བརྗོད། །ཏྲི་ཤ་ཀུ་ནི་བྱུང་བ་ནི། །མ་མོ་ངེས་པར་གློ་བར་བཅས། །ཀོ་ཤ་ལར་ནི་མཚན་མོ་ཉིད། །རྒྱུ་མ་འཕྲེང་བཟང་ཁྱབ་ཅིང་འབབ། །ཀ་ལིང་ཀར་ནི་བསིལ་སྦྱིན་མ། །ངོས་ཀྱི་ཆུ་རྒྱུས་ཡང་དག་བཤད། །ཚ་བ་མ་ནི་ལྟོ་གནས་ངོས། །ལམ་པ་ཀར་ནི་རབ་ཏུ་གྲགས། །ཚད་མ་ཉིད་ནི་ཀཱཉ་ཙིར་གནས། །ཐམས་ཅད་དུ་ནི་བཤང་བ་འབབ། །མཚམས་ཀྱི་མཐའ་ཡི་ནང་དུ་ཡང་། །ཁ་ཡི་གནས་སུ་རངས་པའི་གདོང་། །ཤིན་ཏུ་གཟུགས་ཅན་བད་ཀན་ལྡན། །ཡི་དྭགས་ལྷ་གནས་ཡང་དག་གནས། །གང་ཞིག་རྟག་ཏུ་རྣག་འབབ་པ། །ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །སྤྱི་མ་ཉིད་དུ་རྣམ་པར་བཤད། །སཽ་རཥྚར་ནི་གང་ཞིག་རྩ། །རྒྱུ་སྦྱིན་མ་ནི་དམར་པོར་འབབ། །རྡུལ་ནི་འབབ་པར་གྱུར་པ་ནི། །གསེར་གླིང་དུ་ནི་ཡང་དག་བཤད། །ཡན་ལག་གཟི་བརྗིད་ཀུན་ཁྱབ་མ། །སྦྱོར་བྲལ་མར་ནི་རབ་ཏུ་གྲགས། །ན་ག་རར་ནི་སྡུག་གུ་མ། །ཚིལ་ཅན་སྦོམ་ཞིང་མྱོས་བྱེད་འབབ། །སིན་དྷུར་ཤིན་ཏུ་གྲུབ་མ་ཉིད། །མྱ་ངན་མཆི་མ་འབབ་མར་བརྗོད། །མ་རུར་གནས་མ་ལུད་སྐམ་འབབ། །འཚེད་མ་མ་ཞེས་རྣམ་པར་བསྟན། །ཀུ་ལླཀྵྭ་ཏར་ནི་ཡིད་བཟང་མ། །ཤ་དང་སྣབས་ནི་འབབ་མའོ། །ཞེས་སོ། སྙིང་གི་ནང་དུ་རྣམ་པ་གསུམ་གྱི་འཇུག་པས་བསྐོར་བས་གསུམ་བསྐོར་མ། །གཟུགས་འབབ་པ། འདོན་ཡོན་ཀུན་དང་ལྡན་པས་འདོད་མ་སྒྲ་འབབ་པ། ཁྱིམ་གྱི་བདག་པོ་ཡིན་བས་ཁྱིམ་མ་དྲི་འབབ་པ། །གཏུམ་པའི་ལས་བྱེད་པས་གཏུམ་མོ་རོ་འབབ་པ། །བདུད་འཇོམས་པར་བྱེད་པས་བདུད་བྲལ་མ་རེག་བྱ་འབབ་པ་སྟེ་རིམ་པ་བཞིན། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ་ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་ནོ། །རྐྱང་མ་དང་། རོ་མ་དང་། དབུ་མ་གསུམ་ནི། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །སྙིང་གའི་ཡན་ལག་གི་རླུང་གི་རྟེན་རྩ་ལྔ་ནི་སུམ་ཅུ་རྩ་གཉིས་སུ་མ་བགྲངས་པས་འགའ་ཞིག་གིས་སྦས་པའི་རྩ་ཞེས་བཤད་ལ། དེ་ལྔ་སྟོབས་ལྔ་དང་སྦྱར་བས་སུམ་ཅུ་རྩ་བདུན་གྱི་རྩ་སྟེ། རྩ་ཡུལ་དུ་བཤད་ཅིང་། ནང་གི་ཁམས་རླུང་གི་བཞོན་པ་ཅན་དཔའ་བོ་དང་རྣལ་འབྱོར་མ་སྟེ། དེའི་ཕྱིར་ཕྱི་རོལ་གྱི་གནས་དེ་དག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡུལ་དེ་དག་གི་སྐྱེས་པ་དང་བུད་མེད་དུ་སྣང་སྟེ་རོལ་བར་མཛད་པ་སྟེ། དགྱེས་རྡོར་རྩ་རྒྱུད་དུ། རྣལ་འབྱོར་མ་རྣམས་དེ་བརྟེན་ནས། །བྱ་བ་རྣམ་པ་དུ་མ་བྱེད། །ཡུལ་དང་དབང་པོའི་རང་བཞིན་གྱིས། །རྣམ་པར་ཤེས་པ་རབ་བསྐུལ་བས། །གནས་དང་ཉེ་བའི་གནས་སོགས་ཀུན། །དེ་ནི་རྩ་ཡི་པད་འདབ་རྣམས། །ཞེས་སོ། །འདིའི་དབང་དུ་མཛད་ནས་བརྟག་གཉིས་ལས་ཕྱི་རོལ་དུ། འདུ་བ་ལ་མ་ག་དྷ་རྡོ་རྗེའི་གདན་དང་། ཉེ་འདུ་ཨངྐའི་ཡུལ་བཤད་པའི་གཞིར་བཅས། །དེ་ནས་ཛཱ་ལནྡྷ་ར་སོགས་དངོས་བསྟན་སོ་གཉིས་བསྣན་པའི་སོ་བཞིར་མཛད་པ་དང་། འཐུང་གཅོད་དེ་དང་ཉེ་བའི་ལྔ། ཞེས་སྟོན་ནས། གནས་ནི་ཛཱ་ལནྡྷ་ར་དང་། ཨོ་ཌི་ཡཱ་ཎ་དང་། ཀོལླ་གི་རི། གཞན་ལས། སུརྣ་གི་རི་དང་། ཀ་མ་རུ་པ་དང་། ཉེ་གནས་མ་ལ་བ་དང་། སིནྡྷུ་དང་། ན་ག་ར་དང་། ཞིང་མུམྨུ་ནི་དང་། ཀཱ་རཎྭ་པ་ཊ་ཀ་དང་། དེ་ཝི་ཀོ་ཊི་དང་། ཀརྨར་པ་ཊ་དང་། ཉེ་ཞིང་ཀུལླཀྵྭ་ཏ་དང་། ཨརྦུ་ཏ་དང་། གོ་དཱ་ཝཱ་རཱི་དང་། ཁ་བའི་རི། ཚནྡོ་ཧ། ཧ་རི་ཀེ་ལ་དང་། ལན་ཚྭ་རྒྱ་མཚོའི་ནང་སྐྱེས་དང་། ལམྦ་ཀ་དང་། ཀཱཉྩྨི་དང་། སོ་རཥྚ། ཉེ་བའི་ཚནྡོ། ཀ་ལིང་ཀ་དང་། གསེར་གླིང་དང་། ཀོ་ཀ་ཎ། འཐུང་སྤྱོད་གྲོང་ཁྱེར་གྱི་གླིང་དང་། གྲོང་གི་མཐའི་ས་གཞི་དང་། ཙ་རི་ཏྲ་དང་། ཀོ་ཤ་ལ་དང་། འབིགས་བྱེད་དང་། གཞོན་ནུའི་གྲོང་ཁྱེར་ལྔ། ཉེ་བའི་འཐུང་སྤྱོད་དེ་དག་དང་ཉེ་བའི་ས་ལྔ། དུར་ཁྲོད་ནི་རོ་འདུས་པའི་ས་གཞི་དང་། རྒྱ་མཚོའི་འགྲམ་གཉིས། སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ་གཉིས་ནི་ཉེ་བའི་དུར་ཁྲོད་དེ། དེ་ལྟར་སུམ་ཅུ་རྩ་བདུན་གསུངས་ལ། འདུ་བ་དང་ཉེ་འདུ་མདོར་བསྟན་དུ་གསུངས་ནས་རྒྱས་བཤད་དུ་མ་བཤད་ཀྱང་ཕྱག་ཆེན་ཐིག་ལེར་བཤད་རྒྱུད་ཡིན་པས་དེར་གནས་འདྲ་བ་ལ། ཉེ་གནས་ལ་སིངྷ་ལི་བསྣན། ཞིང་མུམྨུ་ནི་དང་། དེ་ཝི་ཀོ་ཊ། ཉེ་ཞིང་ཀུ་ལུ་ཏ་དང་། ཨརྦུ་ཏ་དང་། ཚནྡོ་ཧ། གོ་ད་ཝཱ་རཱི་དང་། ཧ་རི་ཀེ་ལ། ཉེ་བའི་ཚནྡོ་ཀཱཉྩྨི་དང་། ལམྦ་ཀ །འདུ་བ་ནི་ཀརྨར་པཱ་ཊ་ཀ་དང་། གསེར་གླིང་། ཉེ་འདུ་ཀོ་ཀ་ཎ་དང་། འབིགས་བྱེད། དུར་ཁྲོད་རོ་འདུས་པ་དང་། རྒྱ་མཚོའི་ངོགས། ཉེ་བའི་དུར་ཁྲོད་ཙཱ་རི་ཏྲ་དང་། གཞོན་ནུའི་གྲོང་། འཐུང་སྤྱོད་ཁ་ཆེའི་ཀི་རཱ་ཏའི་གྲོང་ཁྱེར། ཉེ་བའི་འཐུང་སྤྱོད་བལ་པོ་དང་། ཀ་ནྱ་ཀུཉྫྱ་ཞེས་འཛམ་བུའི་གླིང་ཉིད་དུ་གསུངས་ཤིང་། རྀ་གི་ཨ་ར་ལིའི་རྒྱུད་དུ་གླིང་བཞི་གནས་སུ་གསུངས། དུས་འཁོར་ལས། གླིང་བཞི་ནི་གནས། གླིང་ཕྲན་ཉེ་བའི་གནས་བཞི། ཆུའི་དཀྱིལ་འཁོར་གྱི་ཕྱེད་ནང་མའི་ཕྱོགས་བཞི་ཞིང་། མཚམས་ཉེ་ཞིང་། ཕྱེད་ཕྱི་མའི་ཕྱོགས་འདུན་པ། མཚམས་ཉེ་འདུན། མི་ཕྱེད་ནང་མའི་ཕྱོགས་འདུ་བ། མཚམས་ཉེ་འདུ། ཕྱེད་ཕྱི་མའི་ཕྱོགས་འཐུང་སྤྱོད། མཚམས་ཉེ་བའི་འཐུང་སྤྱོད། རླུང་གི་ཕྱེད་ནང་མའི་ཕྱོགས་དུར་ཁྲོད། མཚམས་ཉེ་བའི་དུར་ཁྲོད། ཕྱེད་ཕྱི་མ་ལ་དུར་ཁྲོད་ཆེན་པོ་བརྒྱད་རྣམས་ལ་གནས་ཆེན་པོ་སྟེ། རྩ་བའི་རྒྱུད་ལས། ཤར་གྱི་ལུས་འཕགས་གནས་ཡིན་ཏེ། །ལྷོ་རུ་འཛམ་བུ་གླིང་དང་ནི། །ནུབ་ཏུ་ནུབ་ཀྱི་བ་ལང་སྤྱོད། །བྱང་དུ་བྱང་གི་སྒྲ་མི་སྙན། །ཕྱོགས་བྲལ་རྣམས་སུ་ཉེ་བའི་གླིང་། །ཉེ་བའི་གནས་གྱུར་ས་གཞི་ལའོ། །དེ་བཞིན་ཞིང་ལ་སོགས་པ་རྣམས། །རྒྱ་མཚོའི་དཀྱིལ་འཁོར་སོགས་རྣམས་ལ། །ཞེས་གསུངས་སོ། །འཛམ་བུའི་གླིང་གི་ཡུལ་བཞི་བཅུ་རྩ་བརྒྱད་ལ་འབྲིང་པོ། ཆུང་ངུ་རྒྱ་ནག་ལྟ་བུ་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་རེ་ལ་ཐམས་ཅད་ཚང་བར་བཤད་པས་ཕྱི་ནང་གི་གནས་ཕན་ཚུན་འགལ་བར་མི་སེམས་ཏེ། དོན་གཅིག་ལ་མིང་སྣ་ཚོགས་པ་བསྟན་པ་དང་། མིང་གཅིག་གིས་དོན་སྣ་ཚོགས་པ་བསྟན་པར་ཤེས་དགོས་པས་ཏེ། སཾ་བུ་ཊར། སྤྱི་བོར་ཡང་དག་བྱུང་བ་ཡི། །རྩ་རྣམས་སྤྱི་བོ་སྐྱེས་ཞེས་དྲན། །ཞེས་བཤད་པ་དང་། གསང་བའི་དེ་ཁོ་ན་ཉིད་གསལ་བར། རྩ་ནི་མགོ་ལས་སྐྱེས་ཞེས་བརྗོད། །ཅེས་སོ་དྲུག་པོ་ཐམས་ཅད་མགོ་ལས་སྐྱེས་པར་བཤད་པ་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན་པ་ལ་དགོངས་ཤིང་། དེ་གཙོ་བོར་མགོ་ལ་གནས་པ་སྟེ། སམྦུ་ཏར། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །སྤྱི་བོའི་ཀླད་རྒྱས་དབུས་སུ་ནི། །གནས་དེ་ལ་ནི་གསུངས་པ་སྟེ། །ཞེས་སོ། མི་ཕྱེད་མ་ལ་སོགས་པ་བྱང་སེམས་སུམ་ཅུ་རྩ་གཉིས་ཀྱི་གནས་པའི་ས་ལ་བསམས་ནས་སྤྱི་བོའམ། འཁོར་ལོའི་དབུས་རྣམས་ལ་བཤད་ལ། འབབ་པའི་ས་ལ་བསམས་ཏེ་ལྟེ་བ་དང་གསང་གནས། ལས་བྱེད་པའི་སྒོ་ལ་བསམས་ནས་ལུས་ཀྱི་གནས་སོ་སོར་བཤད་དེ། ནང་རྩ་དེ་ལྟར་ཡིན་པས་ཕྱིའི་གནས་ཀྱང་ཤེས་ཤིང་། དེའི་ཕྱིར་ཙ་རི་ཏྲ་ལྟ་བུ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་གཅིག་ཁོ་ན་ལ་འཛིན་པའང་རྒྱུད་སྡེའི་ཞིབ་བཤད་ལ་བསྙོན་པ་ཡིན་ནོ། །རྩ་དེ་དག་ཀྱང་ཧེ་རུ་ཀ་ལ་སོགས་པའི་ལྷའི་བདག་ཉིད་དེ། སམྦུ་ཊར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང་། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞི་ཇི་སྐད་གསུངས་པའོ། །ཞེས་གསུངས་ལ། །བརྟག་གཉིས་སུ། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། རེ་རེའི་རྣམ་པ་རྣམས་སུ་བརྗོད། །རྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་ཞེས་བྱ། །ཞེས་སོ། །རྩ་ལྷའི་རྣམ་པར་བསྒྱུར་ཏེ་བསྒོམས་ན་བསྐྱེད་པའི་ཟབ་པར་འགྱུར་བ་དང་། རྩའི་རང་བཞིན་ལྷར་བརྡ་སྤྲོད་པའི་རྣམ་པ་ལ་དམིགས་ན་རྫོགས་པའི་མི་ཟབ་པ་དང་། རང་བཞིན་ཇི་ལྟ་བའི་ལྷ་སོ་སོ་རང་རིག་པས་མ་བཅོས་པའི་རྒྱུན་ལ་མཐོང་ན་རྫོགས་པའི་རྫོགས་པར་འགྱུར་བར་ཤེས་པར་བྱའོ། །དེ་ནི་ཞར་ལ་སྲོག་གི་རྩ་ཞེས་པ་སྨན་དཔྱད་དུ་བཤད་པ་དང་མཐུན་ནམ་ཞེ་ན་མཐུན་ཏེ། སྨན་དཔྱད་ལ་ཆགས་པའི་རྩ་ཞེས་བཤད་པ་ནི་ཇི་ལྟར་ཆགས་པའི་ཚུལ་ཡིན་ལ། སྲིད་པའི་རྩ་ཞེས་པ་ནི་བྱེད་པའི་ལས་ལ་བཏགས་ཤིང་། འབྲེལ་བའི་རྩ་ཉིད་ཀྱི་གནས་ལུགས། ཚེའི་རྩ་ཞེས་པ་ནི་རྟེན་བྱེད་པའི་ཆ་ནས་བཞག་གོ །དེ་ལྟར་ཡང་བཤད་རྒྱུད་དུ། ཆགས་སྲིད་འབྲེལ་པ་ཚེ་ཡི་རྩ་དང་བཞི། །ཞེས་པས་སོ། །ཇི་ལྟར་ཆགས་པའི་ཚུལ་ནི། ལྟེ་བ་ནས་གྱེན་དུ་འོངས་པའི་རྩེ་མོ་སྤྱི་བོའི་འཁོར་ལོར་ལུས་ཀྱི་ཐིག་ལེ་བདག་པོར་གྱུར་པ་གཏི་མུག་བད་ཀན་གྱི་ཁམས་སྤྲོ་བ་ཀླད་པ་ལ་ཟུག་ཅིང་འཐུར་དུ་ཁ་བལྟས་ཏེ་ལས་བྱེད་དོ། །བར་གྱི་རྒྱུན་སྙིང་གར་ངག་གི་ཐིག་ལེ་སྲོག་ཉི་མའི་སྡེ་བདག་པོར་གྱུར་པ་ཞེ་སྡང་མཁྲིས་པ་སྤྲོ་བ་ཁོག་པའི་དཀྱིལ་ན་ཡར་གང་ལའང་མ་འབྱར་བ། མཆིན་ཁྲི་ཕུག་ནས་དྲང་པོར་གནས་ནས་ལས་ཐད་ཀར་བྱེད་དོ། །ལྟེ་བ་ནས་འོག་ཏུ་ཡིད་ཀྱི་ཐིག་ལེ་བདག་པོར་གྱུར་པ་བུ་ཚ་རིགས་བརྒྱུད་སྐྱེས་པས་སྲིད་རྩ་འདོད་ཆགས་རླུང་སྤྲོ་བ། བསམ་སེའུ་དང་མཚན་མར་འབྲེལ་ཏེ་གནས་སོ། །དེ་གསུམ་ཡང་བདག་པོའི་དབྱེ་བས་ཐ་དད་དུ་གྱེས་པ་དང་། ངོ་བོ་རྩའི་སྦུབས་ཀྱི་རྒྱུན་ནི་གཅིག་པ་ཉིད་དོ། དཔེར་ན་དུས་ཀྱི་འཁོར་ལོར་སྒྲ་བཅན་དང་དུས་ཀྱི་མེ་གཉིས་སུ་གྱེས་པར་གསུངས་པ་བཞིན་ནོ། །དེའང་། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས། །རྩ་གཅིག་གྱེན་ལ་སོང་བ་ཀླད་པ་ཆགས། །གཏི་མུག་ཀླད་པར་བརྟེན་ནས་གནས་པ་སྟེ། །དེ་ལས་བད་ཀན་སྐྱེད་པས་སྟོད་ན་གནས། །རྩ་གཅིག་བར་དུ་ཟུག་པས་སྲོག་རྩ་ཆགས། །ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་གནས། །དེ་ལས་མཁྲིས་པ་སྐྱེད་པས་བར་ལ་གནས། །རྩ་གཅིག་ཐུར་དུ་ཟུག་པ་གསང་བར་ཆགས། འདོད་ཆགས་ཕོ་མོའི་གསང་བར་གནས་པ་སྟེ། །དེ་ལས་རླུང་བསྐྱེད་སྨད་ན་གནས་པ་ཡིན། །ཞེས་གསུངས་པ་འདི་ཉིད་ནང་རིག་པའི་རྒྱུད་སྡེར་ཡང་རིགས་པ་ཉིད་དེ། དུས་འཁོར་དང་། དགྱེས་རྡོར་རྩ་རྒྱུད་ལས། དཔྲལ་བ་སྤྱི་བོར་རྩ་རྣམས་གང་། ཉི་ཤུ་བད་ཀན་འབབ་བྱེད་དོ། །མགྲིན་པ་སྙིང་གའི་བཞི་བཅུ་རྣམས། །དེ་བཞིན་མཁྲིས་པ་འབབ་བྱེད་པའོ། །ལྟེ་བ་གསང་བར་བཅུ་དྲུག་གང་། །བརྒྱད་ཅུ་རླུང་ནི་འབབ་བྱེད་པའོ། །ཞེས་སོ། །གཙུག་ཏོར་གྱི་བཞི་དང་དཔྲལ་བའི་བཅུ་དྲུག་བད་ཀན་གྱི་ཆ། མགྲིན་པའི་སོ་གཉིས་སྙིང་གའི་བརྒྱད་མཁྲིས་པའི་ཆ། ལྟེ་བའི་དྲུག་ཅུ་རྩ་བཞི་དང་གསང་བའི་བཅུ་དྲུག་རླུང་གི་ཆར་བཤད་དོ། །སྤྱི་བོ་དེས་ནི་དབང་པོ་ཡུལ་དང་ཕྲད་པར་བྱེད་ལ། བར་མ་དེས་ནི་དྲན་པ་ལ་སོགས་པས་དབང་པོ་བརྟས་པའམ། གསལ་བར་བྱེད་པ་དང་། ལྟེ་བ་ཉིད་ཀྱིས་ཕུང་པོ་ཆགས་པ་དང་། མཚན་མ་ལ་གནས་པས་ལུས་ཐམས་ཅད་རྗེས་སུ་འཛིན་པའམ། རིགས་རྒྱུད་སྤྲོ་བར་བྱེད་པའི་ཆ་དེས་སྲིད་པའི་རྩ་བཞིར་དབྱེ་སྟེ། སྲིད་པའི་རྩ་བོ་ཆེ་ནི་རྣམ་བཞི་སྟེ། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་བྲན་ལྔ་བརྒྱས་བསྐོར། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་དེ་རྩ་བྲན་ལྔ་བརྒྱས་བསྐོར། །ལུས་ཀྱི་ཕུང་པོ་ཆགས་པར་བྱེད་པའི་རྩ། །ལྟེ་བ་ལ་སྲིད་རྩ་བྲན་ལྔ་བརྒྱས་བསྐོར། །བུ་ཚ་རིགས་རྒྱུད་སྐྱེད་པར་བྱེད་པའི་རྩ། །མཚན་མ་ལ་སྲིད་རྩ་བྲན་ལྔ་བརྒྱས་བསྐོར། །སྟེང་འོག་ཐད་ཀར་ལུས་ཀུན་རྗེས་སུ་འཛིན། །ཞེས་སོ། །འབྲེལ་བའི་རྩ་ལ་དཀར་ནག་གཉིས་ཡོད་ལ། །ཞེས་པ་འདི་ལ་སུམ་སྨན་གྱི་སྲོག་རྩ་དཀར་པོ་དེ་སྒལ་པའི་དཀྱིལ་ནས་ཡར་འབྱར་ནས་རྒྱུ་སྟེ། རྩ་སྟོད་ལ་སྙིང་གི་འབྲས་བུ་སྨིན། རྩ་སྨད་ཕྲ་མོར་གྱེས་ཏེ་བརྒྱུངས་པ་ལྟར་མར་སོང་ནས་གཞུག་གུ་ཐུང་གི་རྩ་དམིགས་སུ་ཐིམ་མོ། ཞེས་བཤད་པ་ནི་གཞུང་དང་མི་མཐུན་ཏེ། གཞུང་དུ་སྲོག་རྩའི་རྩེ་ཀླད་པ་ལ་ཟུག་པ་ཉིད་ལས་གཞན་པ་ཞིག་མ་བཤད་པས་སོ། །སྤྱིར་སྲོག་རྩ་ནི་ཤིང་གི་སྡོང་པོ་དངོས་ལྟ་བུ། དེ་ལས་གྱེས་པའི་རྩ་རྣམས་ནི་ཡལ་ག་དང་ཡལ་ག་ཁྲིའུ་ལྟ་བུ་ཡིན་པས། སྲོག་པ་རྩ་ནི་རྩ་ཡི་སྡོང་པོ་ལ། །ཡལ་གའི་ཚུལ་དུ་གྱེན་ལ་གྱེས་པའི་རྩ། །ཞེས་སྨོས་ལ། སྙིང་གའི་ཕྱོགས་སམ་བར་གྱི་སྲོག་རྩ་ནི་རྩ་ནག་ཅེས་བཞག་སྟེ། སྲོག་གི་རླུང་ཁྲག་དང་བསྡོངས་པ་གཙོ་བོར་གནས་པའི་ཕྱིར་རོ། །དེ་ལས་བརྒྱུད་པའི་ཚུལ་དུ་འབྲེལ་བའི་རྩ་ལས་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་དབང་དུ་མཛད་ནས། དོན་སྣོད་ནང་དུ་འབྲེལ་བ་སྦས་པའི་རྩ་བརྒྱད་དེ། དེའང་ཚིགས་པ་བཞི་པའི་ཐད་ཀ་ནས་ཡལ་ག་གསུམ་གྱེས་པ་ལ། དབུས་ཀྱི་སྦོམ་ས་སྙིང་ལ་ཐུག །གློ་བ་མ་བུ་གཉིས་ལ་ཟུག །ཚིགས་པ་བརྒྱད་པའི་ཐད་ཀ་ནས་སྲོག་རྩ་དང་མཆིན་རྩ་གཉིས་འབྲེལ་བར་གནས། བཅུ་གཅིག་པ་ནས་བཅུ་གསུམ་པ་ན་ཕྲ་མོ་གཉིས་གྱེས་ཏེ། མཚེར་བ་དང་བསམ་སེའུ་འབྲེལ། བཅུ་བཞི་པ་ནས་ཕྲ་མོ་གཉིས་མཁལ་མར་འབྲེལ། དེ་ལྟར་རྩ་བརྒྱད་ནི་ཕྱིར་མི་མངོན་པས་སྦས་པའི་རྩ་ཞེས་བཤད་དོ། དེ་ཡལ་ག་ལྟ་བུ་དོན་སྙིང་བརྒྱད་པོ་འབྲས་བུ་ལྟ་བུའོ། །སྙིང་གའི་ཕྱོགས་ཀྱི་སྲོག་རྩ་དེའི་རྩེ་མོ་ལས་བརྒྱུད་པའི་ཚུལ་གྱིས་འཕར་རྩ་བཞི། །ཁྲག་རྩ་གཉིས་ཏེ་དྲུག་ཏུ་གྱེས་ལ། གཡས་གཡོན་སྐེ་ལ་སོང་སྟེ་མགོ་ལ་གནས། སྲོག་རྩ་དེའི་བར་བརྒྱུད་པའི་ཚུལ་གྱིས་འཕར་རྩ་གཉིས། ཁྲག་རྩ་གཉིས། བཞིར་གྱེས་ཏེ་ལག་པ་གཡས་གཡོན་ལ་རྒྱུའོ། །སྲོག་རྩ་དེའི་རྩ་བ་ལྟ་བུའི་ཕྱོགས་ནས་བརྒྱུད་པའི་ཚུལ་གྱིས་འཕར་རྩ་གཉིས་ཁྲག་རྩ་གཉིས་རྐང་པ་གཉིས་ལ་འབྲེལ་ལ། ཡང་འཕར་རྩ་གཉིས་ཕོའམ་མོའི་མཚན་མ་ལ་འབྲེལ་ཏེ། དེའི་ཕྱིར་ཡན་ལག་དང་འབྲེལ་བའི་རྩ་ཕྱིར་མངོན་པ་བཅུ་དྲུག་སྦས་པ་དང་སྦྲེལ་བས་ཉི་ཤུ་རྩ་བཞིའོ། །སྙིང་དང་འབྲེལ་བས་འཕར་རྩ་དང་། མཆིན་པ་དང་འབྲེལ་བས་ཁྲག་རྩར་བཤད་དོ། །དེ་ལྟར་ཉི་ཤུ་རྩ་བཞི་ལས་གཏར་རྩ་བདུན་ཅུ་རྩ་བདུན། ཆུ་རྩ་ཐམས་ཅད་འདི་ལ་མ་འདུས་སོ། །རྩ་གནད་བརྒྱ་དང་བཅུ་གཉིས། གཏར་རྩ་དང་རྩ་གནད་གཉིས་བསྡོམས་པས་བརྒྱ་བརྒྱད་ཅུ་རྩ་དགུ། ཕྱི་ཤ་པགས། བར་རུས་པ། ནང་དོན་སྣོད་དུ་འབྲེལ་བས་བརྒྱ་ཉི་ཤུ་ཕྲག་གསུམ་སྟེ་སུམ་བརྒྱ་དྲུག་ཅུ། དེ་ལ་རླུང་མཁྲིས་བད་ཀན་འདུས་པ་བཞིར་ཕྱེ་ནས་བརྒྱ་དང་བརྒྱད་ཅུ་ལ་ལྔས་དམན་པར་ཕྱེ་བས་བདུན་བརྒྱ། དེ་ལ་བྱེ་བ་ཕྲག་ཕྱེད་དང་བཞི། དེ་ལས་དྲ་བ་ལྟ་བུར་གྱེས་པར་བཤད་དོ། །དེ་ལྟར་ཡང་། ཤ་ཁྲག་འཕེལ་བྱེད་རྩ་ཆེན་ཉི་ཤུ་བཞི། །དོན་སྣོད་ནང་འབྲེལ་སྦས་པའི་རྩ་ཆེན་བརྒྱད། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་བཅུ་དྲུག །དེ་ལས་གྱེས་པའི་གཏར་རྩ་བདུན་ཅུ་བདུན། །གཉན་པའི་རྩ་གནད་བརྒྱ་དང་བཅུ་གཉིས་ཏེ། །འདྲེས་པ་རྩ་བྲན་བརྒྱ་དང་བརྒྱད་ཅུ་དགུ། དེ་ལས་ཕྱི་ནང་བར་གསུམ་བརྒྱ་ཉི་ཤུ། །རྩ་བྲན་སུམ་བརྒྱ་དྲུག་ཅུར་གྱེས་པ་ཡིན། །དེ་ལས་རྩ་བྲན་བདུན་བརྒྱ་དག་ཏུ་གྱེས། །དེ་ལས་རྩ་བྲན་ལུས་ལ་དྲ་བར་འབྲེལ། །ཞེས་སོ། །གཉིས་པ་རྩ་དཀར་ཞེས་པ། །སྲོག་གི་རྩ་དེའི་རྩེ་མོ་ཀླད་པར་ཟུག་ནས་རྩ་འཐུར་དུ་སྤྲོ་བ་དེ་དག་སྟེ། བྱང་སེམས་དང་རླུང་གཙོ་བོར་རྒྱུ་བས་རྩ་དཀར་ཞེས་པ་དེ་ལས་སྨན་པ་ལ་ཉེ་བར་མཁོ་བའི་དབྱེ་བ་ནི། དོན་སྣོད་ནང་དུ་འབྲེལ་བ་སྦས་པའི་རྩ་དར་གྱི་དཔྱང་ཐག་ཅེས་བྱ་བ་བཅུ་གསུམ་ཡོད་དེ། ཀླད་པའི་རྗེ་ཞབས་ནས་དོན་ནས་སྐེ་ལ་རྒྱུ་སྟེ། དེ་ནས། རླུང་གི་རྩ་བཞི་སྙིང་དང་རྒྱུ་མར་འབྲེལ། །མཁྲིས་པའི་རྩ་བཞི་མཆིན་ཁྲི་གློ་ལོང་འབྲེལ། །བད་ཀན་རྩ་བཞི་ཕོ་མཆེར་མཁལ་ལྒང་འབྲེལ། །འདུས་པའི་རྩ་གཅིག་བསམ་སེར་འབྲེལ་བ་ཡིན། །ཞེས་སོ། །འབུམ་ལྡར། འདུས་པའི་རང་བཞིན་ལ་སོགས་པ། །གསང་བའི་འཁོར་ལོའི་རྩ་བཅུའོ། །ཞེས་པས་གསུངས་སོ། །ཡན་ལག་གི་ཕྱིར་འབྲེལ་བའི་རྩ་ནི། ཆུ་རྩ་བུ་གུ་ཅན་གཉིས། ཆུ་རྩ་འཇའ་བྱེད་གཉིས། ཆུ་རྩ་རཏྣ་གཉིས་ཏེ་དྲུག །དྲུག་པོ་དེ་ལས་ཆུ་རྩ་བཅུ་དྲུག་ཏུ་གྱེས་ཏེ། བུ་གུ་ཅན་དེ་ལྟག་པའི་མདུད་ཁུང་ཐོན། ཨན་སྟོང་གཡས་གཡོན་ཚོན་རེའི་ཐད་ཀར་འགྲིམ། །ཚིགས་པ་ལྔ་ནས་གཞུངས་པའི་རྩ་དང་འབྲེལ། །བཅུ་བཞི་པ་ནས་བསམ་སེ་མཁལ་མར་འབྲེལ། །གཞུག་ཐུང་དཔྱི་ལེབ་མཚམས་བརྒྱུད་དཔྱི་མིག་དོན། །བྱིན་བརླའི་ཕྱི་ཡུལ་དཔྱི་ལོང་སྲིན་མཐེབ་བརྒྱུད། །གཉིས་ནི་བཅུ་ནས་གྱེས་ཏེ་དཔྱི་སྟེང་དོན། །བརླ་རྐང་བརྒྱུད་དེ་པུས་མོའི་ཚིགས་ལ་བསྐོར། །ངར་གདོང་འཐུར་བབས་འགྲིམས་ནས་པར་མགོ་འབྲེལ། །ཆུ་རྩ་ལྟག་ཟུར་སྤུ་འཁྱིལ་གཉིས་ནས་དོན། །ཨན་སྟོང་འགྲམ་ནས་ཕྲག་བརྒྱུད་སྤུ་སོགས་མཚམས། །དཔུང་འཇུམ་ཚིགས་མིག་ལུག་གཞུག་ཕྱི་མཆན་འགྲིམ། །གྲུ་མོའི་ཚིགས་ཀྱི་ཕྱི་བསྐོར་ལག་མཐེབ་འབྲེལ། །རཏྣ་རྩེ་འོག་སྣ་ཤལ་འོག་ཏུ་འཐོན། །སྒྲོག་རུས་ནང་ནུབ་གྲེ་མོང་གཞུ་མཆོག་བར། །ཐུར་བར་འགྲིམས་ནས་ལག་པའི་སྲིན་ལག་འབྲེལ། །ཞེས་མན་ངག་རྒྱུད་ལས་གསུངས་སོ། །དེ་དག་ཀྱང་བཤད་རྒྱུད་དུ། །ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས། །རྩ་བ་ལྟ་བུར་འཐུར་དུ་ཟུག་པ་ཡིས། །བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་ཡོད། །དེ་ཡང་དོན་སྣོད་ནང་དུ་འབྲེལ་པ་ཡིས། །དར་གྱི་དཔྱང་ཐག་བཅུ་གསུམ་སྦས་པའི་རྩ། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག་སྟེ། །དེ་ལས་ཆུ་རྩ་ཕྲན་བུ་བཅུ་དྲུག་གྱེས། །ཞེས་སོ། །རགས་པར་ན་སྲོག་པའི་རྩ་ཉིད་ཚེའི་རྟེན་ཡིན་པས་ལུས་ཐམས་ཅད་ལ་ཚེའི་རྩས་ཁྱབ་བོ། །ཕྲ་བར་ན་ཚེ་ནི་སྲོག་ཡིན་ལ། །དེའི་རྦ་རླབས་ལྟ་བུ་ཕྲ་བའི་རྩ་ཡིན་པས་ལྟ་བའི་རྩ་ལ་བྱེད་དོ། །ཤིན་ཏུ་ཕྲ་བ་ནི་བླ་གནས་པས་བླ་རྩ་སྟེ། བཤད་རྒྱུད་དུ། མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ། །གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། །གཅིག་ནི་དབུགས་དང་བསྡོངས་ནས་རྒྱུ་བ་སྟེ། །གཅིག་ནི་བླ་དང་འདྲ་སྟེ་འཁྱམ་པ་ཡིན། ཞེས་སོ། །ད་ནི་རྩའི་གནད་བཤད་པར་བྱ་སྟེ། །སྤྱིར་རྩ་གནད་བརྒྱ་དང་དགུ་བཅུ་ཐམ་པ་ལས། རབ་ཏུ་གཉན་པ་དགུ་བཅུ་རྩ་དྲུག །འབྲིང་དུ་གཉན་པ་བཞི་བཅུ་རྩ་དགུ་ཡིན་ནོ། །སྲོག་གི་རྩ་ལས་སྨན་དཔྱད་པ་ལ་མཁོ་བ་ཕྱིར་མངོན་པ་ཤས་ཆེ་ལ། ནང་གི་ནི་བརྒྱ་དང་བཅུ་གསུམ་ཙམ་ལས་མི་མཁོའོ། རྣལ་འབྱོར་བསྒོམ་པ་ལ་ནི་ནང་གཙོ་སྟེ་ཕྱིར་མངོན་པ་ནི་དབང་པོ་རྩ་འགའ་ཞིག་དང་གཉིད་ལོག་ཙམ་མོ། །དེའི་ཕྱིར་གསོ་དཔྱད་པའི་གཞུང་གི་རྩ་རགས་པ་རྡོ་རྗེའི་ལུས་ཀྱི་གནས་ལུགས་བཤད་པ་དང་འགྲིག་པར་རློམ་པ་ནི་ངལ་བའི་ཕུང་པོ་ཡིན་ལ། གསོ་དཔྱད་པ་རྩ་དཀར་གྱི་གནས་ཚུལ་གཞུང་བཞིན་འཆད་པ་ཉིན་སྐར་བས་དཀོན་ནོ། །བཞི་པ་སྒོམ་པའི་དབྱེ་བ་བཤད་པ་ནི། འཁོར་ལོ་བཞི་ཡི་ཐོག་མ་ཡང་། །འབྱུང་ཆེན་བཞི་ཡི་ཡི་གེ་བཞི། །ཀུནྡ་འགྲོ་བའི་གནས་བསྟན་པ། །དེ་ནི་ང་ཡིས་བསྟན་པ་ཡིན། །ལྟེ་བ་ཨི་ཡིག་ལྷ་མོ་སྤྱན། །སྙིང་ག་ཝཾ་ཡིག་ལྷ་མོ་མཱ་མ་ཀི །མགྲིན་པ་མ་ཡིག་ལྷ་མོ་གོས་དཀར་མོ། །སྤྱི་བོ་ཡ་ཡིག་ལྷ་མོ་དམ་ཚིག་སྒྲོལ་མ་སྟེ། །བརྟག་གཉིས་སུ། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། །ཝཾ་གི་རྣམ་པ་བདག་མར་བརྗོད། །མེས་ནི་ལྷ་མོ་གོས་དཀར་མོ། །ཡ་ཡི་རྣམ་པས་སྒྲོལ་མར་འདོད། །ཅེས་གསུངས་ལ། སའི་ཁམས་ཀྱི་དབང་གིས་གཏི་མུག་གི་སེམས། ཆུའི་ཁམས་ཀྱི་ང་རྒྱལ་གྱི་སེམས། མེའི་ཁམས་ཀྱི་འདོད་ཆགས་ཀྱི་སེམས། །རླུང་གི་ཁམས་ཀྱི་ཞེ་སྡང་དང་ཕྲག་དོག་སྟེ། ཉོན་མོངས་པའི་རང་བཞིན་དེ་དག་གི་རྣམ་པར་འགྱུར་བ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་དེ། ཆོས་ཀྱི་ཕུང་པོ་དེ་དག་ཀྱང་འདུལ་བ་མདོ་སྡེ་མངོན་པ་སྔགས་ཀྱི་སྡེ་སྣོད་བཞིར་འདུས། དེ་དག་ཡས་རིམ་གྱི་འཁོར་ལོ་བཞི་སྟེ། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀུན། །འཁོར་ལོ་བཞི་ལ་ཡོངས་སུ་རྫོགས། །བསྡུ་ན་སྡེ་སྣོད་རྣམ་པ་བཞི། །འདུལ་བ་མདོ་སྡེ་མངོན་པ་དང་། །གཅིག་ནི་སྔགས་ཀྱི་སྡེ་སྣོད་ཡིན། །ཕྱོགས་ཀྱི་ཡི་གེ་བཞི་ལ་ཚང་། །ཡང་ན་སྙིང་གའི་ཕྱོགས་ཀྱི་རྩ་ཡིག་བཞི་ཡིན་ནོ། །སྔགས་ཀྱི་སྡེ་སྣོད་གཅིག་ཉིད་ལ། རྒྱུད་སྡེ་བཞི་རུ་གང་གསུངས་པ། །མཚམས་ཀྱི་ཡི་གེ་རྣམ་པ་བཞི། །སྙིང་གའི་མཚམས་ཀྱི་ཡི་གེ་ཡིན་ལ། ཡང་ན་དེ་དག་ཉིད་སྔར་བཤད་པའི་ཡི་གེ་བཞིའོ། །དེ་ལྟར་ཡང་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་བླ་ན་མེད་པའི་རྒྱུད། །ཡ་མ་གཉིས་པོ་དང་པོ་གཉིས། །ཝཾ་ཨེ་ཕྱི་མ་གཉིས་ལ་སྦྱར། །ཞེས་སོ། །ལུས་སྐྱེད་པ་དང་སྤྲུལ་པར་བྱེད་པས་སམ། སའི་དྭངས་མ་སད་པའི་ཐིག་ལེ་སྤྲོ་བ་སྤྲུལ་པའི་སྐུའི་རྟེན་ཡིན་པས་དང་། །རླུང་གི་དྭངས་མ་གཉིད་འཐུག་སྤྲོ་བ་ཆོས་སྐུའི་རྟེན་ཡིན་པས་དང་། །མེའི་དྭངས་མ་རྨི་ལམ་སྤྲོ་བ་ལོངས་སྤྱོད་རྫོགས་སྐུའི་རྟེན་ཡིན་པས་དང་། ཆུའི་དྭངས་མ་བཞི་པའི་ཐིག་ལེ་སྤྲོ་བ་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་ཡིན་པས། སྤྲུལ་པའི་འཁོར་ལོ་དང་། །ཆོས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོ་ཞེས་བརྗོད་དོ། །དེ་ལྟར་ཡང་བརྟག་གཉིས་ལས། གང་ཕྱིར་སྐྱེད་དང་སྤྲུལ་བྱེད་པའི། སྐུ་ནི་སྤྲུལ་པ་ཅན་ཞེས་བརྗོད། །སེམས་ནི་ཆོས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །རོ་རྣམས་དྲུག་གི་གཟུགས་ཅན་གྱི། །བཟའ་བ་ངེས་པར་ལོངས་སྤྱོད་བརྗོད། །མགྲིན་པ་ལོངས་སྤྱོད་འཁོར་ལོ་དང་། །སྤྱི་བོ་བདེ་བ་ཆེན་པོ་གནས། །ཞེས་གསུངས་ལ། གཞི་དུས་སུ་ཡེ་ཤེས་ཀྱི་ཐིག་ལེ་ལྟེ་བར་བཞག་ཀྱང་འབྲས་དུས་སུ་དེ་ལས་བཟློག་པ་ཡིན་ནོ། །ཕྱི་ནང་གི་ཆོས་ཐམས་ཅད་རིགས་བཞིའི་དབྱེ་བས་འཁོར་ལོ་བཞིར་བཞི་ཚན་གྱིས་སྡོམ་ཞིང་། རྒྱས་པར་ནི་རིགས་དྲུག་གི་དབྱེ་བས། །འཁོར་ལོ་དྲུག་རྣམས་སུའོ། །རིགས་ལྔའི་དབྱེ་བས་འཁོར་ལོ་ལྔ་རྣམས་སུ་དང་། བརྟག་གཉིས་ལས། སྐུ་གསུམ་ལུས་ཀྱི་དབུས་སུ་ནི། །འཁོར་ལོའི་གཟུགས་སུ་བརྗོད་པར་བྱ། །ཞེས་པ་གསུམ་བགྲོས་སུ་རིགས་གསུམ་གྱིས་ཕྱེ་བ་འཁོར་ལོ་གསུམ་དུ་བསྡོམ་སྟེ། ཡི་གེ་གསུམ་གྱི་བདག་ཉིད་ཅན། །སྐུ་གསུང་ཐུགས་སུ་འདུས་པས་ན། །ཞེས་ནས། བསྲེ་བ་སྐོར་གསུམ་དང་སྦྱར་བའི་བར་དུའོ། །རིགས་གཉིས་ཀྱི་དབྱེ་བས་འཁོར་ལོ་གཉིས་སུ་སྟེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་པ་བཞིན། ཡི་གེ་ཨེ་ནི་མ་རྒྱུད་ལ། །ཝཾ་ནི་ཕ་རྒྱུད་ཡིན་པར་གསུང་། །ཞེས་པས་སོ། །གསང་ཆེན་རིགས་གཅིག་གི་དབྱེ་བས་འཁོར་ལོ་གཅིག་ཏུ་བསྡོམ་སྟེ་ལྟེ་བའོ། །དེ་ལྟར་ཡང་། བྲི་བརྗོད་ཨ་ཡི་བདག་ཉིད་དེ། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་སྐྱེད། །འགྲོ་བ་ཐམས་ཅད་དེ་ལས་སྐྱེས། །དེ་ལྟར་གང་དུ་བསྡམ་པ་དང་ཇི་ལྟར་བསྡམ་པར་བྱ་བ་དག་དབྱེར་མི་ཕྱེད་པས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་བཤད། །ཅེས་རྒྱུད་ལས་གསུངས་པས་སོ། །གསུམ་པ་རླུང་དངོས་པོའི་གནས་ལུགས་བསྟན་པ་ལ། རླུང་རྣམ་པར་བཞག་པ། ཇི་ལྟར་རྒྱུ་བ། དེ་རྟེན་འབྲེལ་བཅུ་གཉིས་སུ་བསྟན་པ། དེ་ཉིད་དུས་བཟང་ངན་དུ་ཕྱེ་བ། རླུང་གི་དེ་ཉིད་བཤད་པ་དང་ལྔ་ལས། དང་པོ་ནི། རླུང་དང་ཞེས་པའི་དོན། རླུང་གི་ངོ་བོའམ་མཚན་ཉིད་ནི་ཕྱི་རོལ་དང་། སོ་སྐྱེ་དང་། འཕགས་པའི་རྒྱུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཡོ་བར་བྱེད་པ་སྟེ། དྲི་མེད་འོད་ལས། འདིར་རླུང་ནི་ལུས་དང་། ངག་དང་། སེམས་ཡང་དག་པར་གཡོ་བར་བྱེད་པ་སྟེ། དེས་ན་རླུང་གི་རང་བཞིན་ནི་འདུ་བྱེད་དུ་གྲུབ་བོ་ཞེས་སོ། །ཇི་ལྟར་གྲུབ་པའི་ཚུལ་ནི། འོད་གསལ་བ་ཕྲ་བ་མི་ཤིགས་པའི་རླུང་དུ་གྱུར་པ་དེ་ཉིད་སྲོག་ཆེན་པོ་སྟེ། ལུས་ཅན་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྟེ། དགོངས་པ་ལུང་སྟོན་ལས། བྱང་ཆུབ་སེམས་ནི་རླུང་གྱུར་ཅིང་། །ནམ་མཁའ་ལ་ནི་རྣམ་གནས་པ། །སེམས་ཅན་ཀུན་གྱི་སྲོག་གྱུར་ཅིང་། །ཞེས་དང་། ཤིན་ཏུ་ཕྲ་བ་ཐལ་བྱུང་གི་སྟོང་པའི་ཁྱབ་བྱེད་དུ་ཞུགས་ནས་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཆོས་ཀྱི་སྐྱེ་མཆེད་པའི་ནམ་མཁའ་བཞིན་ཏེ། དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་རྣམས་ལས་སེམས་ཆོས་ཐམས་ཅད་ཀྱི་གཙོ་བོར་གསུངས་ལ། སེམས་ཡུལ་ལ་འཇུག་པའི་བཞོན་པ་ནི་རླུང་ཡིན་ཞིང་། ཁམས་གསུམ་པའི་བཀོད་པ་ཐམས་ཅད་དེས་བྱེད་དོ། །དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས། ལུས་ཅན་ཀུན་གྱི་སྲོག་གྱུར་བ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས། དེ་ཐལ་བྱུང་གི་སྟོང་པ་ལ་ཞུགས་པ་འོད་ཟེར་ལྔའམ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྣམ་པར་མི་རྟོག་པའི་དབུགས་སུ་བཞག་ཅིང་། དེ་ཉིད་རྟོག་པ་དང་བཅས་པའི་རླུང་འབྱུང་བ་ཆེན་པོ་ལྔའི་ངོ་བོར་འགྱུར་བར་སྟོན་ཏེ། འདུས་པ་རྒྱུད་ཕྱིར་ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཅེས་དང་། འབྱུང་ལྔའི་རང་བཞིན་ཉོན་མོངས་རླུང་། །སེམས་ཅན་ཀུན་གྱི་སྲོག་གྱུར་པ། །ཞེས་སོ། །དེའི་ཕྱིར་རིམ་པ་གཉིས་པོ་དེ་གཉིས་ལ། རྡོ་རྗེ་འཕྲེང་བར། རྣམ་པར་རྟོག་པ་མེད་པའི་རླུང་དང་། རྣམ་པར་རྟོག་པའི་རླུང་གི་ཐ་སྙད་མཛད་དོ། །ཞེས་དང་། རྣམ་རྟོག་མེད་པའི་རླུང་ཤར་ནས། །ཞེས་དང་། སྐྱེ་མེད་ཀུན་འགྲོ་ཞི་བ་དང་། །ལུས་ཅན་ཀུན་ལ་ཁྱབ་པ་དང་། །དྲི་མེད་སྟོང་པ་བསམ་མི་ཁྱབ། །རྟོག་པ་དང་བྲལ་རླུང་ཆེན་པོ། །ཞེས་དང་། རྣམ་རྟོག་མེད་པའི་རླུང་གང་ཡིན། །རྟག་ཏུ་རྒྱུ་ཞིང་ཀུན་ལ་ཁྱབ། །གནས་རླུང་ཆེན་པོའི་མཚན་ཉིད་དོ། །ཞེས་གསུངས་ལ། འདི་ནི་ཀུན་ཏུ་སྣང་བའི་མཚན་ཉིད་ཅེས་བཞག་པ། སྣང་བ་གསུམ་གྱི་བཞོན་པ་ཡིན་ནོ། །དེ་ནས། རྣམ་རྟོག་རླུང་གིས་རྣམ་པར་གཅོད། །ཅེས་པ་ཉོན་ཡིད་ཀྱི་རྗེས་སུ་མྱོང་བའི་མིང་ཅན་རང་བཞིན་གྱི་སྣང་བའི་བཞོན་པའོ། །དེ་ལྟ་བུའི་རྣམ་ཤེས་རྟོག་པ་དང་བཅས་པའི་བཞོན་པས་མངལ་གྱི་ལུས་སྐྱེད་པའི་ཁམས་ལྔའི་བདག་ཉིད་ཀྱི་རླུང་སྐྱེད་དེ། རྡོར་འཕྲེང་དུ། རྣམ་ཤེས་ལས་ནི་སྐྱེས་པའི་རླུང་། །དེ་ལས་མེ་ནི་སྐྱེ་བར་འགྱུར། །མེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་ས་ནི་ཡང་དག་སྐྱེད། །ཅེས་སོ། །ཁམས་ལྔ་པོ་དེའི་དྭངས་མ་སྲོག་རླུང་ཞེས་བྱ་ལ། །དེ་ལ་འོད་གསལ་བའི་རླུང་ངམ། སངས་རྒྱས་ཀྱི་ཤེས་པ་བཅུ་ཞེས་གསུངས་པ་ཕྲ་བའི་རླུང་བཅུ་མཆོག་གི་ནམ་མཁའ་འམ། སྙིང་གའི་པདྨོ་ལ་ཡང་དག་པར་ཆགས་ཏེ། ཤིན་ཏུ་ཕྲ་བའི་རྩ་བཅུ་དང་རྟེན་བརྟེན་པའི་འབྲེལ་པས་གནས་སོ། །དེ་ལྟར་ཡང་རྡོར་འཕྲེང་དུ། རབ་སད་མཆོག་གི་ནམ་མཁའ་ལ། །འོད་གསལ་བཟང་པོ་ཡང་དག་གནས། །སངས་རྒྱས་རྣམས་ཀྱི་ཤེས་པ་བཅུ། །ཞེས་དང་། དེ་ཉིད་དུ། རྩ་ལྔ་ལ་ནི་བརྟེན་པའི་རླུང་། །ཐོག་མར་འབྱུང་བ་ཆེན་པོ་ལས། །བསྐྱེད་པ་ཡིས་ནི་ངོ་བོར་བྱེད། །ཅེས་དང་། སྙིང་ནི་ལྔ་ལ་དེས་གནས་ཏེ། །སྒོ་ལྔ་རྣམ་པར་འབྱུང་བ་ནི། །རླུང་ལྔ་དང་ནི་ལྡན་པ་རུ། །འདོད་པ་ལྔ་རྣམས་རྫོགས་པར་བྱེད། །ཅེས་སོ། །དེ་བཅུ་ལས་རགས་པའི་རླུང་བཅུ་སྐྱེད་པ་ནི་སྔར་འཕོ་བ་བཅུ་བཤད་པ་ཉིད་དོ། །དེ་ལྟར་ཡང་། འདི་ལྟར་བགྲོད་པར་བྱེད་པ་ནི། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་སོ། །དུས་འཁོར་ལས། དུས་སྦྱོར་ཀརྐ་ཊ་ནས་མི་ཡི་དབང་། །དུས་སྦྱོར་གང་ལ་ཉི་མ་གནས་པས་ཉིན་དང་མཚན་མོ་འཁོར་བ་དེ་ནི་ཤེས་པར་བྱ། །ཞེས་པས། ཕྱིར་ཉི་མ་སྐྱེ་བའི་ཁྱིམ་ནི་ཀརྐ་ཊ་ཡིན་པ་བཞིན་དུ། མངལ་ནས་སྐྱེས་པ་ཐམས་ཅད་ཀྱི་མངལ་དུ་ཞུགས་པའི་ཟླ་བ་དེ་ཆུ་སྲིན་གྱི་ཡིན་ལ། དེ་ནས་ཟླ་བ་བདུན་པ་ན་སྲོག་སྐྱེ་བའི་ཕྱིར་སྲོག་གི་ནུས་པ་གང་ལ་སྐྱེ་བའི་དུས་སྦྱོར་དེ་ཀརྐ་ཊར་རིག་པར་བྱའོ། །སྲོག་སྐྱེས་ནས་མ་བཙས་ཀྱི་བར་དེ་སྲིད་རླུང་གི་ཁམས་འཕེལ་ལ། བཙས་ནས་དབུགས་ཕྱིར་རྒྱུ་བ་ནི་འཕེལ་བ་སྟོངས་པའོ། །ད་ནི་རླུང་གི་རྣམ་པར་དབྱེ་བ་སྟོན་ཏེ། དབུ་མ་ནས་འབབ་པ་ལ་དྲུག་པ་ཡེ་ཤེས་ཀྱི་རླུང་ངམ། སྒྲ་གཅན་འོག་ཏུ་དུས་ཀྱི་མེ་འབབ་པའོ། །རོ་རྐྱང་ནས་འབབ་པ་ལ་ལས་ཀྱི་རླུང་། དེ་ལ་རོ་མ་ནས་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་འབབ་པ་གཟུང་བ་སྐྱེད་པའི་རླུང་། འབྱུང་བའི་སྡུད་རིམ་དང་མཐུན་པར་རྒྱུ་སྡུད་རིམ་སྟེ། ས་ནས་ཆུ་ཞེས་པ་ལ་སོགས་པའོ། །འདི་ཕྱི་རོལ་གྱི་སྣང་བ་བསྐྱེད་པའི་བྱ་བའི་ཆ་ནས་སྐྱེད་པ་དང་། ཉི་མའི་རླུང་། དབང་མདོར་བསྟན་ལས། ས་ཆུ་མེ་རླུང་སྟོང་པ་ནི། །སྡུད་པ་ཡིས་ནི་འབབ་པའོ། །ཞེས་སོ། །གཡོན་རྐྱང་མ་ནས་རྣམ་ཤེས་འདུ་བྱེད་ཚོར་བ་འདུ་ཤེས་གཟུགས་ཀྱི་ཕུང་པོ་ལྔ་བསྐྱེད་རིམ་དུ་རྒྱུ་བས་བསྐྱེད་པའི་རིམ་པ་ཞེས་དང་། ཡང་འདི་ཁ་འོག་ཏུ་ཕྱོགས་པས་རླུང་ནང་དུ་སྡུད་པའི་ཚུལ་གྱིས་འོང་བས་སྡུད་རིམ་དུའང་གསུངས་སོ། །འཛིན་པ་དང་ཟླ་བའི་རླུང་ཞེས་ཀྱང་བྱའོ། །དེ་གཉིད་འོག་ཏུ་གཅི་བ་དང་བཤང་བ་འཕེན་སྡོམ་གྱི་རླུང་སྤྲོ་བའོ། །དེ་ལྟར་ཡང་དབང་མདོར་བསྟན་ལས། སྣ་བུག་གཡོན་པའི་རྩ་ལ་ནི། །རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ། །ཞེས་སོ། །ལྟེ་བ་ཡན་གྱི་འཁོར་ལོ་ལྔ་སྲོག་རླུང་གི་རྟེན་ཡིན་ལ། ལྟེ་བའི་འོག་གི་རྩ་རྣམས་ཐུར་སེལ་གྱིས་རྟེན་ཏེ། སྲོག་རླུང་ནི་ཉི་མ་གཙོ་བོ། །ཐུར་སེལ་ནི་ཟླ་བ་གཙོ་བོར་གྱུར་པས། སྡོམ་འབྱུང་ལས། རྩ་ཡི་འོག་གི་ཁ་ཟླ་བ། །ཨཱ་ལི་ཟླ་བ་ཡང་དག་འབབ། །ལྟེ་བ་ནས་བརྩམས་གཡས་པ་ཡིས། །མགྲིན་པའི་གནས་སུ་རབ་འཇུག་པའི། །རྩ་ཡི་སྟེང་གི་ཁ་ཉི་མ། །ཀཱ་ལི་ཉི་མ་རབ་ཏུ་འབབ། །ཅེས་སམ། ར་སཱ་ན་ནས་འབབ་པ་ཐམས་ཅད་ལ་མེ་དང་། ལཱ་ལ་ན་ནས་འབབ་པ་ཐམས་ཅད་ལ་ཆུ་ཁམས་པའི་ཐ་སྙད་བཤད་དེ། རྡོར་འཕྲེང་དུ། ཟླ་བ་ཉི་མ་མེ་རུ་འགོག །ཅེས་སོ། །རྡོ་རྗེ་གུར་ལས་ཀྱང་། འོད་དཔག་མེད་དང་རིན་ཆེན་འབྱུང་། །འཁོར་བར་གྲུབ་པའི་རྩ་བ་གཉིས། ཞེས་སོ། །དེ་ལྟ་བུའི་ཟླ་ཉི་སྒྲ་གཅན་གྱི་རླུང་ལས་རྩ་བའི་རླུང་ལྔར་གྱེས་པའི་ཐུར་སེལ་མདོམས་ན་གནས་པ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན། ལྕི་བ་དང་སྲ་བ་སའི་ཁམས་ཀྱི་རང་བཞིན། སྲོག་ཅེས་བྱ་བ་སྙིང་ག་ན་གནས་པ་མི་བསྐྱོད་པ། བརླན་ཞིང་གཤེར་བ་ཆུའི་ཁམས་ཀྱི་རང་བཞིན། མེ་དང་མཉམ་དུ་གནས་པ་ལྟེ་བར་གནས་པ་དོན་གྲུབ། ཡང་ཞིང་གཡོ་བ་རླུང་གི་རང་བཞིན། གྱེན་དུ་རྒྱུ་བ་མགྲིན་པར་གནས་པ། འོད་དཔག་མེད། ཚ་ཞིང་སྲེག་པ་མེའི་རང་བཞིན། ཁྱབ་བྱེད་ནམ་མཁའི་རླུང་། ལུས་ཀྱི་ཚིགས་ཐམས་ཅད་དུ་གནས་པ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད། ཐམས་ཅད་ཀྱི་སྒོ་འབྱེད་པ་ནམ་མཁའི་རང་བཞིན། རྒྱུ་བ་ནི་ཆུའི་ཁམས་ལས་གཙོ་བོར་སྐྱེས་པ་གཟུགས་ཏེ། མེའི་ཁམས་ལས་བྱུང་བ་མིག་གི་དབང་པོ་ལ་གནས་སོ། །རྣམ་པར་རྒྱུ་བ་ནི་ནམ་མཁའི་ཁམས་སམ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པ་སྒྲ་སྟེ། སྟོང་པའི་ཁམས་ལས་བྱུང་བའི་རྣ་བའི་དབང་པོ་ལ་གནས་སོ། །ཡང་དག་པར་རྒྱུ་བ་ནི་སའི་ཁམས་ལས་སྐྱེས་པའི་དྲི་སྟེ། རླུང་ལས་བྱུང་བའི་སྣའི་དབང་པོ་ལ་གནས་སོ། །རབ་ཏུ་རྒྱུ་བ་ནི་མེའི་ཁམས་ལས་སྐྱེས་པ་རོ་སྟེ། ཆུའི་ཁམས་ལས་བྱུང་བ་ལྕེའི་དབང་པོ་ལ་གནས་སོ། །ངེས་པར་རྒྱུ་བ་ནི་རླུང་གི་ཁམས་ལས་སྐྱེས་པ་རེག་བྱ་སྟེ། ས་ལས་བྱུང་བ་ལུས་ཀྱི་དབང་པོ་ལ་གནས་སོ། །འབུམ་ལྔར། ས་ཡིས་དྲི་ནི་བསྐྱེད་བྱས་ནས། །རོ་ནི་མེ་ཡིས་སྨིན་ལས་གྱུར། །ཆུ་ལས་མྱུ་གུ་ལ་སོགས་འགྱུར། །རེག་བྱ་འདི་ནི་རླུང་ལས་འགྱུར། །སྲོག་གི་རླུང་ལས་སྒྲ་འབྱུང་སྟེ། །ཐུར་སེལ་ནས་ནི་ཆོས་ཀྱི་ཁམས། །ཞེས་དང་། དྲི་མེད་འོད་ལས། འདིར་གཞན་གྱི་རིགས་ལ་འཁྱུད་པས་བྱ་བ་འགྲུབ་པར་འགྱུར་ཏེ་རང་གི་རིགས་ལ་འཁྱུད་པ་ནི་བདག་ཉིད་ལ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །ཞེས་གསུངས་སོ། །ལས་ཀྱི་དབྱེ་བས། དེ་དག་འཁོར་ལོ་བཞིའི་རྩ་འདབ་ལ་གནས་ཏེ། མཉམ་གནས་ཤར་རྩ་སྣར་མ་ལ། གྱེན་རྒྱུ་མེར་ལག་ལྡན་ལྕེ་ལ། །ཁྱབ་བྱེད་ལྷོ་དམར་སེལ་ལ། རྒྱུ་བ་བདེན་བྲལ་རྒྱལ་དང་། རྣམ་པར་རྒྱལ་བ་ནུབ་རྒྱལ་བ། ཡང་དག་རྒྱུ་རླུང་འཕྱར་བ་ལ། རབ་ཏུ་རྒྱུ་བ་བྱང་ལུག་ལ། ནོར་རྒྱལ་དབང་ལྡན་ཀུ་ཧ། སྲོག་སྟེང་དུ་ཡིད་མཛེས་མ་ལ། ཐུར་སེལ་འོག་དུང་ཅན་མ་ལ་གནས་པར་དུས་འཁོར་དུ་བཤད་དོ། །མིང་ནི། རྡོ་རྗེ་སྒོ་ཞེས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་སྒྲ་ཇི་བཞིན་གསུངས་པ་ནི་དེ་དག་ཉིད་ཡིན་ལ། དགོངས་པ་ལུང་སྟོན་ལས། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུས་སྦལ་རྩང་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །དེ་དག་བདག་གཟུགས་བུད་མེད་དུ། །སླར་ཡང་སྤྲུལ་པར་མཛད་པ་ཡིན། །ཞེས་དང་། །དུས་འཁོར་ལས། སྲོག་དང་ཐུར་སེལ་མཉམ་གནས་པདྨ་ནོར་གྱི་འདབ་མ་དག་ལ་རླུང་ནི་གྱེན་དུ་རྒྱུ་བ་དང་། །ཁྱབ་བྱེད་ཀླུ་དང་རུས་སྦལ་དག་དང་རྩང་པའི་རླུང་དང་ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །ཞེས་མཐུན་པར་གསུངས་ལ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས་སྒྲ་དྲི་བཞིན་མ་ཡིན་པར་གསུངས་ཏེ། ཀོ་ཊ་ཁྱཱཿཀོ་ཊ་བཱཿཀོ་ཊཿཀོ་ཊ་པཤྩ་ཿཀུ་ཊཱི་ར་ཀཿཀོ་ལཱ་ཁྱཿཀོ་ལཱ་བཱཿཀོ་ལཿཀོ་ལ་བཤྩ་ཿཀོ་ལ་ས་པྲ་ཐཱཿཞེས་སོ། །བཅུ་པོ་སོ་སོ་ལའང་མིང་གི་རྣམ་གྲངས་བཅུ་བཅུ་སྟེ་བརྒྱ། ཐུན་མོང་གི་བརྒྱད་དང་བཅས་པས་བརྒྱ་རྩ་བརྒྱད་རྡོ་རྗེ་ཕྲེང་བ་ལས་བཤད་དེ། རླུང་རྣམས་ཀྱི་ནི་མིང་ཉོན་ཅིག །བཏང་ཟུང་དང་ནི་དུང་ཕྱུར་དང་། །མྱོས་པ་དང་ནི་བློ་ངན་དང་། །བསིལ་བྱེད་དང་ནི་གཡབ་པ་དང་། །ངར་སྣབས་དང་ནི་ཏ་རེ་དང་། །གཟེགས་པ་ཆུ་སྲིན་ཛ་ཤ་དང་། །རྣམ་པར་རྩིགས་དང་མྱོས་པའི་དུས། །འདོད་མྱོས་ཆུ་བ་ཆུ་སྲིན་དང་། །སྣ་ཚོགས་སྐྱེད་དང་སྡུག་པ་དང་། །སྙེམས་དང་རྔ་དང་སྒྲ་སྒྲོགས་དང་། །རླུང་དང་ལྷ་ནི་གནད་འབིགས་དང་། །དེ་དང་དུས་དང་ཅི་བགྱི་དང་། །རྡོ་རྗེ་མཆོག་མཚན་ཙུ་ཏ་དང་། །སྦྲང་མ་དང་ནི་ཟ་བའི་སྣོད། །སྐམ་པོ་རྫ་དང་རལ་པ་ཅན། །ཡུམ་ནག་རང་འགྲན་དུས་འགུགས་དང་། །སྡིག་པ་དང་ནི་གཡོ་ཅན་བརྟེན། །གྲིབས་མོ་དང་ནི་མགྲིན་པ་དང་། །ཀུན་སྟེར་མཆོག་སྟེར་སྙེ་བྱེད་དང་། །ང་རྒྱལ་མཚོ་དང་ཚོགས་བདག་དང་། །རྩང་པ་དང་ནི་ས་ཡི་བློ། །ཐག་པ་བཟང་དང་མཆོག་ཏུ་སྐྱེས། །དྲི་ཆེན་ཕྲུ་དུ་ཉི་མ་དང་། །གསལ་བྱེད་དང་ནི་ཉི་མ་གནོན། །སྦྱིན་སྟོབས་ང་རོ་དང་ནི་དུས། །དུས་སྡོམ་པ་དང་ཚོགས་ནས་འགྲོ། །སྦྲང་མ་ཁྱིམ་དང་འཕྱན་མ་དང་། །ཐོད་པ་སྒུར་པོ་དྲང་པོ་དང་། །ས་དང་ས་ལ་འགྲོ་བ་དང་། །བྲམ་ཟེ་དང་ནི་རྣ་འགྱུར་གནས། །མ་མོ་རིགས་དང་སྐྱེ་བསྐྱོད་པ། །མི་སྨྲ་བ་དང་རྔ་སྒྲའི་སྤྲིན། །དག་པ་བྱེད་དང་མིག་ཡངས་དང་། །དྲི་མེད་འོང་སྲུངས་ནེ་ཙོ་དང་། །སྣ་ཚོགས་ཆུ་དང་མི་ཉམས་དང་། །མཉེས་དང་ཆོས་ཀྱི་དབྱིག་པ་དང་། །ཀུན་འགྲོ་སྙིང་སྟོབས་བསྟན་པ་དང་། །ཟ་ཕོད་བོང་བུ་སྟོམ་ལས་དང་། །ཁ་གདངས་སྐྲ་རེངས་སྟོབས་ཀྱི་རྩ། །རྩ་བྲན་དབང་བྱེད་གཡོ་སྒྱུ་ཅན། །རྩ་བོ་ཆེ་དང་རྟག་ཏུ་དགའ། །གློག་ཕྲེང་དང་ནི་དགའ་བྱེད་དང་། །དབུགས་དབྱུང་རང་དགའ་ལྕེ་དང་ནི། །བདེ་མཆོག་ཨུ་དུམ་འབར་བ་རྨོངས། །པདྨ་དྲ་བ་པདྨས་བསྐོར། །དགྲ་ཧྶ་རྨ་བྱ་རླུང་དང་ནི། །རྡོ་རྗེ་དབང་ཕྱུག་རླུང་གི་མིང་། །དེ་ལྟར་ང་ཡིས་བསྟན་པ་ཡིན། །ཞེས་སོ། བྱེད་པའི་ལས་ནི། །སྣ་ཡི་སྒོ་ཡི་ལམ་ནས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང་། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །རླུང་དང་གཅིན་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་རྣམས། །ལོག་འདྲེན་འདི་ནི་ཐུར་སེལ་བ། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །མྱང་དང་བལྡག་དང་བཟའ་བ་དང་། །ཀུན་ཏུ་འཐུང་དང་འཇིབ་པར་ནི། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་ཞེས་བྱ་བ་ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་དང་ལྷན་ཅིག་འབྱོར་བ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་བཟློག་པ་དང་། །ཚིགས་རྣམས་ཀུན་ལ་ཁྱབ་པ་ནི། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་གསུངས་པ་དང་། མཉམ་པར་འགྲོ་བས་སྐུལ་བར་བྱེད། །ཐུར་དུ་སེལ་བས་གནད་སྒོ་འབྱེད། །གྱེན་དུ་རྒྱུ་བས་སྟེང་སྒོ་རྟོགས། །ཀུན་ཏུ་ཁྱབ་པས་ཚིམ་པར་བྱེད། །ཀླུ་ཡིས་སྒོ་བཞི་འབྱེད་པར་བྱེད། །རུས་སྦལ་གྱིས་ནི་འཕོ་བར་བྱེད། །རྩང་པས་སྒོ་དྲུག་བགྲོད་པར་བྱེད། །ལྷ་སྦྱིན་གྱིས་ནི་རྟ་བྱས་ནས། །གཞུ་རྒྱལ་གྱིས་ནི་འདོད་པ་འཛིན། །ཞེས་གསུངས་ལ། སྲོག་གི་རྟག་ཏུ་དབང་པོ་སྒོ་ནས་རྒྱུ་བར་བྱེད་པ་དང་། ཐུར་སེལ་གྱིས་བཤང་གཅི་ཁུ་བ་རྣམས་འོག་ཏུ་འདྲེན་པ་དང་། མེ་མཉམ་གྱིས་ཟོས་འཐུངས་བྱས་པ་རྣམས་ཞུ་ནས་ཁམས་མཉམ་པར་བྱེད་པ་དང་། གྱེན་རྒྱུས་གྱེན་དུ་འགྲོ་ཞིང་སྡུད་པ་དང་། ཟ་བ་དང་། སྨྲ་བར་བྱེད་དོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་ཏེ་ལུས་འཛིན་པ་དང་འགྲོ་བཟློག་བརྐྱང་བསྐུམ་ལ་སོགས་པ་བྱེད་དོ། །རྒྱུ་བ་ལ་སོགས་པ་ནི་དབང་པོའི་སྒོ་ནས་གཟུགས་སོགས་འཛིན་པའི་བྱ་བ་བྱེད་དོ། །གདུག་པའི་ནད་འབྱིན་པས་ཀླུ། ཡན་ལག་བརྐྱང་བསྐུམ་བྱེད་པས་རུས་སྦལ། ཁྲོ་ཞིང་འཁྲུག་པར་བྱེད་པས་རྩང་པ། གཡའ་ཞིང་ཆགས་པར་བྱེད་པ་ལྷ་སྦྱིན། སྦྲིད་པ་དང་སྲོག་འཛིན་པར་བྱེད་པས་གཞུ་རྒྱལ་དུའང་བཤད་དེ། དུས་ཀྱི་འཁོར་ལོར། སྲོག་ནི་ཉི་མ་ཟླ་བའི་ལམ་ལ་གནས་པ་དག་ཀྱང་སྲེག་བྱེད་བཟའ་དང་བཏུང་བ་བཞུ་བ་མ་ལུས་པ། །དེ་དག་ཐུར་སེལ་གྱིས་ནི་འོག་ཏུ་འདྲེན་ཏེ་མཐའ་དག་རོ་མཉམ་ལུས་ལ་མཉམ་གནས་དག་གིས་ཐོབ། །ལུས་ལ་གྱེན་རྒྱུས་གཡོ་བར་བྱེད་དེ་ཁ་དང་ལག་པ་རྐང་པ་རྣམས་ཀྱི་གླུ་དང་ཟློས་གར་བྱེད། །ཁྱབ་བྱེད་ཀྱིས་ནི་ནང་དག་བྱེད་དེ་རང་བཞིན་ཡོན་ཏན་དབང་གི་ལུས་ནི་འཇིག་པ་དེ་ལྟ་ཉིད། །ཀླུ་ཡང་སྒྲེགས་པ་ཉིད་དེ་གསལ་བར་ལག་པ་རྐང་པ་བསྐུམ་པ་དག་ན་རུས་སྦལ་རླུང་གིས་སོ། །ཁྲོ་དང་གཡེང་བ་མཐའ་དག་དེ་ནི་རྩངས་པའི་རླུང་དག་གིས་ཏེ་གླལ་བ་དག་ཀྱང་ལྷ་སྦྱིན་གྱིས། །ལུས་ནི་ལྔ་པ་ཉིད་འགྱུར་གཏོང་བར་མི་བྱེད་མི་ཡི་བདག་པོ་རླུང་གཅིག་ནོར་ལས་རྒྱལ་བའོ། །དེ་ལྟར་སྲོག་ལ་སོགས་པའི་རླུང་རྣམས་ཐམས་ཅད་རང་བཞིན་གྱིས་གནས་ཡོན་ཏན་དག་ནི་སྟོང་མི་བྱེད། །ཅེས་གྱེན་རྒྱུས་གླུ་དང་རྒོད་པ་སྨྲ་བ་རྐང་ལག་བསྐྱོད་པའི་ཟློས་གར་དང་འགྲོ་བ་སོགས་བྱེད། ཁྱབ་བྱེད་ནི་ནད། ཤི་བའི་ལུས་མི་གཏོང་བ་ནོར་ལས་རྒྱལ་གྱིས་བྱེད་པར་བཤད་ལ་གཞན་རྣམས་འདྲའོ། །རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ། །ཡན་ལག་གི་ལྔ་ནི་མིག་ལ་སོགས་ལ་གནས་ཏེ་དབང་པོ་རྣམས་ཀྱི་བྱ་བ་བྱེད་དོ། །ལས་ཀུན་བྱེད་དང་འཕོ་དང་གནས། དུས་དང་དུས་མིན་འགྱུར་དང་འཕོ། །ཞེས་སྣོད་བཅུད་ཆགས་འཇིག་གནས་པ། །དགེ་མི་དགེའི་ལས་ཐམས་ཅད་དང་། རླུང་འཕོ་བ་དང་གནས་པ། ཚེ་འཕོ་བ་དང་གནས་པ། དུས་སུ་འཕོས་པ་ཁམས་བརྟས་པ། དུས་མིན་པར་འཕོས་པ་ཁམས་ཟློག་པར་འགྱུར་བ་ཐམས་ཅད་བྱེད་དོ། །གཞན་ཡང་རླུང་ནི་རྩའི་རྗེས་སུ་འཇུག་པའི་ཕྱིར་རྩ་ཇི་སྙེད་པ་དེ་ཙམ་དུ་རླུང་ཡང་ཤེས་པར་བྱའོ། །གསོ་དཔྱད་ལས་ནི་རྩ་བའི་རླུང་ལྔ་དང་། མཁྲིས་པ་ལ་འདུ་བྱེད། མདངས་སྒྱུར། སྒྲུབ་བྱེད། མཐོང་བྱེད་བཞི། བད་ཀན་ལ་རྟེན་བྱེད། མྱགས་བྱེད། མྱོང་བྱེད། ཚིམ་བྱེད། འབྱོར་བྱེད་ལྔར་བཤད་ཅིང་། རླུང་གི་བྱེད་པའི་ལས་ནི་དབུགས་འབྱིན་རྔུབ། །བསྐྱོད་དང་ལས་བྱེད་ཤུགས་འབྱིན་སྣོད་ཆ་རྒྱུ། །དབང་པོ་གསིལ་དང་ལུས་རྗེས་འཛིན་པར་བྱེད། །མཁྲིས་པས་བཀྲེས་སྐོམ་ཟས་ལེན་འཇུ་བ་དང་། །ལུས་དྲོད་མདངས་གསལ་སྙིང་དྲན་བློ་ལྡན་བྱེད། །བད་ཀན་ལུས་དང་བློ་བརྟན་གཉིད་ལོག་དང་། །ཚིགས་འབྲེལ་བཟོད་ཅིང་ལུས་འཇམ་སྣུམ་པར་བྱེད། །ཅེས་བཤད་དོ། །གཉིས་པ་ཇི་ལྟར་རྒྱུ་བ་ནི། ཕྱི་རོལ་དུ་ཉི་མ་ལུག་གི་ཁྱིམ་དུ་ཞུགས་མ་ཐག་གི་སྔ་དྲོ་དང་པོ་ལ་ཁྱིམ་བཅུ་གཉིས་ཕྱོགས་མཚམས་མ་འཆོལ་བར་གནས་ཤིང་། གཞན་དུ་རླུང་གི་དབང་གིས་འཆོལ་བར་འགྱུར་བ་བཞིན། འདིར་ཡང་ཉིན་མཚན་མཉམ་པའི་དུས་སུ་ནི་གྲངས་མཉམ་ལ། གཞན་དུ་ཉིན་མཚན་རིང་ཐུང་གིས་གྲངས་འཆོལ་བར་འགྱུར་བས། དེའི་ཕྱིར་ཉིན་མཚན་མཉམ་པའི་དུས་ལ་ཆ་བཞག་ནས། རྐྱང་པ་ཁྲི་དང་བརྒྱད་བརྒྱར་འཇུག །ཇི་ལྟར་ཕྱིར་ཉིན་མཚན་གྱི་ཆུ་ཚོད་འཕེལ་འགྲིབ་བྱེད་པ་བཞིན་དུ། ནང་གི་དབུགས་ཀྱང་དེ་ལྟར་འགྱུར་བས། དེར་བགྲོད་པ་ཡི་མཚན་ཉིད་ནི། །ཉིན་མཚན་རིང་ཐུང་མཉམ་དྲུག་ཅུ། །ཉིན་མོ་ཐུང་ལ་མཚན་མོ་རིང་། །མཚན་མོ་ཐུང་ལ་ཉིན་མོ་རིང་། །སྡོམ་འབྱུང་ལས། དབྱུག་གུ་དབྱུག་གུར་ཟད་འཕེལ་དག །དུས་ཀྱི་དབྱེ་བ་ལས་ཤེས་བྱ། །ཞེས་སོ། །དེའང་ཡེ་ཤེས་ཀྱི་རླུང་འཕོ་མཚམས་སུ་བབ་པའི་སྐྱོན་གྱིས་ནང་གི་འཕོ་བ་མི་མཉམ་པ་བྱེད་དེ་ཆད་པ་དང་ལྷག་པར་གྱུར་པས་སོ། །སྡོམ་འབྱུང་ལས། དྲག་པོ་རྐང་བཅས་དབུགས་རྣམས་ཀྱི། །འཕོ་བ་སོ་སོའི་འཕེལ་འགྲིབ་བོ། །ཅེས་སོ། །ཇི་ལྟར་ནང་བཞིན་ཕྱི་རོལ་དུའང་ཉིན་ཞག་ཆད་ལྷག་གིས་ཀརྐ་ཊ་ལ་སོགས་པའི་ཉི་མའི་རྐང་པས་བུ་ལོན་དང་། ཆུ་སྲིན་ལ་སོགས་པ་ལ་ནོར་དུ་འགྱུར་བས་ལོ་རེ་ལ་ཞག་བཅུ་གཅིག་བཞི་ཆ་རེ་ལྷག་པ་བསགས་པས་ལོ་གསུམ་གྱིས་ཟླ་བའི་ཤོལ་དུ་འགྱུར་རོ། །དེའི་ཕྱིར། མི་མཉམ་མཚན་ཉིད་རྣམ་པ་བཅུ། །ཞེས་བྱའོ། །ཕྲུགས་སུ་སྦྱར་ན་ཉི་ཁྲི་དང་། །ཚིག་སྟོང་དྲུག་བརྒྱར་རབ་ཏུ་བརྟག །ཅེས་པས། ཉིན་མཚན་བསྡོམས་ན། དར་བབ་ཁམས་སྙོམས་པ་ཞིག་ལ། རླུང་འཇུག་གནས་ལྡང་བ་གཅིག་ཏུ་བྱས་པ་དེ་དབུགས་ཞེས་བྱ་ལ། དེ་ལྟ་བུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། །དེའང་ཨ་བ་དྷཱུ་ཏཱི་ནས་འབབ་པ་རྣམས་ནི་འཁོར་ལོ་བཞིའི་ལྟེ་བའི་དབུས་འབའ་ཞིག་ཕུག་ནས་སྣའི་སྒོ་གཉིས་ཀ་ནས་དང་། རོ་རྐྱང་འདབ་མ་ནས་འོངས་ཏེ་སྣ་གཡས་གཡོན་དུ་འབབ་སྟེ། འབུམ་ལྔར། ལྟེ་བ་ནས་ནི་ལྟེ་དབུས་སུ། །ཨ་བ་དྷཱུ་ཏཱི་འགྲོ་ཞིང་འོང་། །འདབ་མ་རྣམས་ནས་འདབ་མ་ལ། །རྐྱང་མ་རོ་མ་དག་བཤད་དོ། །ཞེས་སོ། །དེའང་བཙས་མ་ཐག་ཏུ་ནི་དབུ་མ་ནས་མཉམ་རྒྱུ་ང་དྲུག་རྐང་པ་དང་བཅས་པ་འབབ་ཅིང་། དེ་ནས་ལུགས་སོགས་མི་མཉམ་པའི་དུས་སྦྱོར་ལས་སྐྱེས་པ་ཡིན་ན་ཐོག་མར་གཡོན་ནས་སྲོག་འབབ་ལ། གལ་ཏེ་རླུང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་ཡིན་ན་གཡས་ནས་འབབ་བོ། །སྲོག་གཙོ་བོར་གྱུར་པ་སྟེང་དུ་འབབ་པ་དེ་དག་ཀྱང་། པདྨའམ་རྡོ་རྗེའི་སྣ་ནས་འོད་ཟེར་རྣམས་བྱུང་སྟེ། ལྟེ་བའི་ཆུ་སྐྱེས་ལ་སའི་ཡོན་ཏན་དྲི་གཟུགས་རོ་རེག་བྱ་སྒྲའི་མཚན་ཉིད་ལྔ་དང་། སྙིང་གར་ཆུའི་ཡོན་ཏན་གཟུགས་རོ་རེག་བྱ་སྒྲའི་མཚན་ཉིད་བཞི་དང་། མགྲིན་པར་མེའི་ཡོན་ཏན་རོ་རེག་བྱ་སྒྲའི་མཚན་ཉིད་གསུམ་དང་། དཔྲལ་བར་རླུང་གི་ཡོན་ཏན་རེག་བྱ་སྒྲའི་མཚན་ཉིད་གཉིས་དང་། གཙུག་ཏོར་གྱི་འདམ་སྐྱེས་ལ་སྟོང་པའི་ཡོན་ཏན་གཅིག་སྟེ་སྒྲའོ། །འདི་དག་གིས་བྱིན་གྱིས་བརླབས་པའི་ཚུལ་དུ་སྤྲོ་ཞིང་ནང་དུ་འཇུག་པ་ནི་དེ་ལས་བཟློག་པ་བསྐྱེད་པའི་རིམ་པས་འཇུག་སྟེ། གཙུག་ཏོར་ནམ་མཁའ་ནས་ལྟེ་བ་སའི་བར་གྱིས་སོ། །དེ་ལྟར་ཡང་དབང་མདོར་བསྟན་པ་ལས། ལྟེ་བ་ནས་ནི་ལྟེ་བའི་དབུས། །ཀུན་འདར་མ་ནི་གཤེགས་ཤིང་བྱོན། །ཞེས་དང་། གང་ཡང་དྲུག་བརྒྱས་ལྷག་པ་ཡིས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ། །གཡས་པ་དང་ནི་གཡོན་པའི་རྩར། །དེ་ཡིས་དམན་པ་དེ་རྣམས་འབབ། །ཅེས་སོ། །འོག་ཐུར་སེལ་ཟླ་བའི་རླུང་ནི་ལྟེ་བར་ལུས་སྙིང་སྟོབས་རྡུལ་མུན་པའི་དབྱེ་བས་ཡོན་ཏན་གསུམ་དང་། གསང་བར་ངག་ཡོན་ཏན་གཉིས་དང ནོར་བུར་སེམས་ཡོན་ཏན་གཅིག་གིས་བྱིན་གྱིས་བརླབས་པའི་ཚུལ་གྱིས་ཕྱིར་འབྱུང་བ་སྡུད་པ་ནང་དུ་བསྐྱེད་པའི་ཚུལ་གྱིས་འཇུག་སྟེ། སེམས་ནས་ལུས་ཀྱི་བར་གྱིས་སོ། །དེ་ལྟར་དབང་མདོར་བསྟན་ལས། ལྟེ་གསང་ནོར་བུའི་པདྨ་ལ། །ལུས་ངག་སེམས་ནི་འབབ་པ་སྟེ། །གཤེགས་པ་དང་ནི་བྱོན་པ་ནི། །སྡུད་དང་སྐྱེད་པའི་གཟུགས་ཅན་མ། །ཞེས་སོ། །ཞེས་སྤྱིར་བཤད་པ་བསྟན་ནས། ད་ནི་དེ་ཉིད་དཀྱིལ་འཁོར་བཞིའི་བདག་ཉིད་དུ་འབྱུང་བའི་ཚུལ་བརྗོད་པར་བྱ་སྟེ། འཕྱང་བ་འབྱུང་བ་བཞི་ངོས་ལ། །བཞི་དང་བརྒྱད་དང་བཅུ་གཉིས་ཏེ། །བཅུ་དང་དྲུག་གི་མཐའ་རུ་སྦྱར། །གཡས་དང་གཡོན་དང་འཐུར་དང་གྱེན། །དེ་ལྟར་ཕྱིར་འབབ་པའི་དབུགས་དེ་དག་ལས་མེའི་རླུང་པདྨ་མགོན་པོའི་བདག་ཉིད་ཁ་དོག་དམར་པོ་རེག་བྱ་ཚ་བ་དགུ་བརྒྱ་ཁྲག་གཅིག་ལྟེ་བའི་འོག་ཏུ་སོར་གཉིས་འགྲོ་ཞིང་ནང་དུ་སོར་བཅུ་གཉིས། སྣ་གཡས་པའི་གཡས་ཀྱི་ཆ་བཟུང་སྟེ་ཕྱིར་གྱེན་ལ་སོར་བཅུ་གཉིས་སུ་འགྲོའོ། །དེ་ནས་སའི་རླུང་མཉམ་པར་རྒྱུ་བ་རིན་ཆེན་མགོན་པོ་ཁ་དོག་སེར་པོ་རེག་བྱ་ལྕི་བ་དགུ་བརྒྱ་ཕྲག་གཅིག་ལྟེ་འོག་ཏུ་སོར་བཞི་ནང་དུ་སོར་ཉི་ཤུ་སྣ་གཡས་པའི་གཡོན་གྱི་ཆ་བཟུང་ནས་ཕྱིར་སོར་བཞི་འཐུར་དུ་རྒྱུ་བ། རླུང་གི་རླུང་ལས་ཀྱི་མགོན་པོ་ཁ་དོག་ལྗང་སེར་རེག་བྱ་ཡང་བ་ལྟེ་བའི་འོག་ཏུ་སོར་གཅིག་ནང་དུ་སོར་བརྒྱད་སྣ་གཡོན་པའི་གཡོན་ཆ་བཟུང་ནས་ཕྱིར་སོར་བཅུ་དྲུག་ཙམ་གྱེན་དུ་རྒྱུའོ། །ཆུའི་རླུང་དལ་བ་ཅན་རྡོ་རྗེ་མགོན་པོ་ཁ་དོག་དཀར་པོ་རེག་བྱ་བསིལ་བ་དགུ་བརྒྱ་ལྟེ་འོག་ཏུ་སོར་གསུམ་ནང་དུ་སོར་བཅུ་དྲུག་ཕྱིར་སྣ་གཡོན་པའི་གཡས་ཀྱི་ཆ་བཟུང་སྟེ་འཐུར་དུ་སོར་བརྒྱད་དུ་རྒྱུའོ། །འཆི་བའི་སྔོན་རོལ་དུ་རྒྱུ་བའི་རླུང་ནི་དེ་དག་ཡིན་ལ། འཆི་དུས་སུ་ནམ་མཁའི་རླུང་རྣམ་སྣང་དགུ་བརྒྱ་ཕྲག་གཅིག་འབབ་པར་བཤད་དེ། རྡོར་འཕྲེང་དུ། ཀུན་རྫོབ་སྣར་ནི་སྤྱོད་པ་ཡི། །སྒོ་དེ་ལས་ནི་རྣམ་པར་འབྱུང་། །གཡོན་དང་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་ནས་ནི་རྒྱུ་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་རྒྱུ་བ་ནི། །པདྨ་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་བ་དག །ལྗང་སེར་དུ་ནི་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་འཇུག་པའོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་དུས་ལ་འབྱུང་བར་འགྱུར། །ཞེས་སོ། །དེ་བཞིན་དུ་སྡོམ་འབྱུང་སོགས་ལས་ཀྱང་བཤད་དོ། །དེ་ལྟ་བུའི་དཀྱིལ་འཁོར་རེ་རེའང་ལྷ་མོ་བཞིའི་བདག་ཉིད་དེ། པདྨའི་མགོན་པོ་དེ་ཉིད་ཀྱི་དགུ་བརྒྱ་ཕྲག་གཅིག་པུ་དེའང་། མེའི་མེ་གོས་དཀར་མོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གཡས་སུ། མེའི་རླུང་སྒྲོལ་མ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེང་དུ། མེའི་ཆུ་མཱ་མ་ཀཱི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གཡོན། མེའི་ས་སྤྱན་མ་ཉིས་བརྒྱ་ཉེར་ལྔ་འོག་ཏུ་རྒྱུ་བ་དེ་བཞིན་དུ་མགོན་པོ་གཞན་གསུམ་ཡང་ཤེས་པར་བྱ་སྟེ། འདུས་པ་ལས། དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དུ་མདོར་བསྡུས་པའི། །བཞི་བཞི་ཡིས་ནི་སྦྱོར་བ་ཡིས། །གོས་དཀར་ལ་སོགས་ལེགས་པར་བྲི། །ཞེས་དང་། དགོངས་པ་ལུང་སྟོན་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲེས་པ་ཡི། །སྦྱོར་བཞི་བསྡུས་པ་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་སོ། །དགུ་བརྒྱ་པ་རེ་ལ་ཐུན་ཕྱེད་པར་བྱས་ནས་ཐུན་ཕྱེད་པ་ཉི་ཤུ་རྩ་བཞིར་ཤེས་པར་བྱའོ། །ད་ནི་དབྱུག་གུ་ལ་སོགས་པར་རྣམ་པར་དབྱེ་བར་བྱ་སྟེ། །དབུགས་སུམ་བརྒྱ་སུམ་ཅུ་རྩ་བདུན་དང་རྐྱང་པ་རེ་ལ་དབྱུག་གུར་བཞག་ནས་ཉིན་ཞག་གཅིག་ལ་དྲུག་ཅུ་རྩ་བཞིར་རྒྱུའོ། །དབྱུག་གུ་གཉིས་ལ་ཆུ་ཚོད་དེ་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཉིན་ཞག་གཅིག་ལ་སུམ་ཅུ་རྩ་གཉིས་སུའོ། །དེ་གཉིས་ལ་འཕོ་བ་སྟེ། དབུགས་སྟོང་སུམ་བརྒྱ་ལྔ་བཅུའོ། །དེ་ལྟ་བུ་བཅུ་དྲུག་གིས་ཉིན་ཞག་གོ །དེ་གཉིས་ལ་ཐུན་ཏེ་དབུགས་ཉིས་སྟོང་བདུན་བརྒྱ་སྟེ། དེ་ལྟ་བུ་བརྒྱད་ཀྱིས་ཉིན་ཞག་གོ །ད་ནི་དུས་ཀྱི་འཁོར་ལོར་ཇི་ལྟར་གསུངས་པའི་ཚུལ་མདོར་བསྡུས་པས་བཤད་པར་བྱ་སྟེ། ལྟེ་བའི་ནང་སྐོར་དུས་སྦྱོར་བཅུ་གཉིས་ལས། གཡས་སུ་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་དྲུག་ར་སཱ་ནར་རྒྱུ་ལ། བུམ་པ་སོགས་དྲུག་གཡོན་ལཱ་ལ་ནར་རྒྱུའོ། །དུས་སྦྱོར་གྱི་རྩ་རེ་ལ་དབྱུག་གུའི་རྩ་ལྔ་ལྔར་གྱེས་པའི་དབུས་ནས་ནམ་མཁའི་རླུང་། ཤར་ནས་རླུང་གི་རླུང་སྣ་བུག་གི་སྟེང་དུ་རེག །ལྷོ་ནས་མེའི་རླུང་སྣ་བུག་གི་གཡས་སུ། བྱང་ནས་ཆུའི་རླུང་སྣའི་གཡོན་དུ། ནུབ་ནས་སའི་རླུང་སྣའི་འོག་ཏུའོ། །རེ་རེའང་དབུགས་སུམ་བརྒྱ་དྲུག་ཅུ་ལ་བཅུ་གཅིག་བཞི་ཆས་དམན་པའི་ཆུ་ཚོད་རེ་རྒྱུ་ཞིང་། ཚིགས་ཆེན་པོ་བཅུ་གཉིས་དང་བྱ་བའི་འཁོར་ལོའི་རྩ་རྣམས་ལ་ཆུ་སྲང་གི་བདག་ཉིད་དུ་རྒྱུའོ། །མཚམས་ཀྱི་སྟོང་པའི་རྩ་བཞི་ལས་མཉམ་རྒྱུ་ང་དྲུག་རྐང་པ་དང་བཅས་པ་སྟེ། གཡས་གཡོན་གྱི་འཕོ་མཚམས་དབུ་མ་ནས་དབུས་སུ་འབབ་སྟེ། རྡོ་རྗེ་སྙིང་འབྲེལ་ལས། བཞིས་ནི་སྐད་ཅིག་ཙམ་དུ་སྟོང་པ་འབབ་པར་བྱེད་དེ་ཟླ་བའི་ཆ་བཅུ་དྲུག་པ་ཇི་ལྟ་བ་དེ་བཞིན་དུ་དེ་རྣམས་ཤེས་པར་བྱ་བ་ཡིན་གྱི། དཀྱིལ་འཁོར་རྫོགས་པར་འབབ་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་སོ། །དེ་ལྟར་ལཱ་ལ་ན་གཡོན་དང་། ར་སཱ་ན་གཡས་པ་དང་། ཨ་བ་དྷཱུ་ཏཱི་དབུས་མའི་ལམ་དུ་བྱས་ཏེ། སྙིང་གར་དུས་སྦྱོར་ཕྱེད་དང་གཉིས་ཀྱི་བདག་ཉིད་ཀྱི་ཐུན་བརྒྱད་ཀྱི་རླུང་རྒྱུ་ཞིང་། ཡང་ལམ་གསུམ་བྱས་ཏེ་མགྲིན་པར་ཡུད་ཙམ་སུམ་ཅུ་སོ་གཉིས་སུ་རྒྱུ་ཞིང་། ཡང་ལམ་གསུམ་བྱས་ནས་དཔྲལ་བར་ཐུན་ཕྱེད་བཅུ་དྲུག་ཏུ་རྒྱུ་ཞིང་། ཡང་ལམ་གསུམ་བྱས་ནས་གཙུག་ཏོར་དུ་ཐུན་མཚམས་བཞིའི་དབྱེ་བས་རྒྱུ་ཞིང་། ཡང་ལམ་གསུམ་བྱས་ནས་ལཱ་ལ་ནི་གཡོན་དང་། ར་སཱ་ན་གཡས་དང་། ཨ་བ་དྷཱུ་ཏཱི་སྨིན་དབུས་སུ་སྟེ། ནམ་མཁའི་རླུང་སོར་བཅུ་དྲུག་པ་དང་། རླུང་གི་རླུང་སོར་བཅོ་ལྔ་པ་དང་། མེ་རླུང་སོར་བཅུ་བཞི་པ་དང་། ཆུ་རླུང་སོར་བཅུ་གསུམ་པ་དང་། ས་རླུང་སོར་བཅུ་གཉིས་སུ་ཕྱིར་རྒྱུ་ཞིང་། ཕྱིར་རིང་བ་རྣམས་ནི་ནང་དུ་ཐུང་བར་རྒྱུའོ། །ཡེ་ཤེས་ཀྱི་རླུང་ནི་གཡོན་དུ་ས་དང་གཡས་སུ་ནམ་མཁའི་མཐར་རྒྱུ་བ་ཡིན་པས་དེ་གཉིས་དང་ཚད་མཉམ་མོ། །དེ་ལྟར་ཡང་། སྲོག་ནི་ལུས་ལ་ལྷག་པ་གང་ཡིན་རབ་གསལ་མཚམས་སུ་རིག་བྱེད་རྐང་ཆད་ཀྱི་དམན་དྲུག་ཅུ་སྟེ། །ཞེས་དང་། རེ་རེ་པདྨ་འདབ་མ་དག་ལ་རབ་ཏུ་འབབ་སྟེ་ནུབ་ཏུ་འཛིན་མ་དང་ནི་བྱང་དུ་ཆུ། །ལྷོ་རུ་མེ་དང་ཤར་དུ་རླུང་ནི་རབ་ཏུ་འབབ་སྟེ་འདབ་མའི་དབུས་དག་ཏུ་ཡང་སྟོང་པའོ། །དབྱེ་བ་ལྔ་ཡིས་འཕོ་བར་འགྱུར་ཏེ་མཉམ་པར་རབ་ཏུ་འབབ་པ་དམན་པའི་དབུགས་ནི་དྲུག་ཅུའོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས་ནི་ཉིན་ཞག་སོ་སོའི་དུས་སུ་དུས་སྦྱོར་དབྱེ་བ་དག་གི་འགྱུར། །རྩ་བར་ས་སྟེ་གཡོན་དུ་ཆུ་དང་གཡས་སུ་སྲེག་བྱེད་དག་ནི་རབ་ཏུ་འབབ་སྟེ་སྟེང་དུ་རླུང་། །གཉིས་ཀྱི་དབུས་ན་ནམ་མཁའ་དང་ནི་མཉམ་པ་རབ་ཏུ་འབབ་སྟེ་སྣ་བུག་དག་ལ་རིམ་པའོ། །འདི་དག་རྣམས་ནི་དབུགས་ཏེ་ནུས་པ་མཆོག་གི་ཆ་དང་བཅུ་གཉིས་མཐའ་དང་ཆ་ཡི་མཐའ་རུ་འགྲོ། །ཞེས་སོ། །གཡས་གཡོན་གྱི་རླུང་དེ་དག་ཐབས་ཤེས་སུ་གསུང་ཏེ། གཡས་དང་གཡོན་དུ་མེ་དང་ཆུ། །ཕན་ཚུན་ཐབས་དང་ཤེས་རབ་སྟེ། །ཞེས་པ་ལ་སོགས་པས་སོ། །འབུམ་ལྔ་ལས་ཀྱང་། ལྟེ་བ་དང་ནི་སྙིང་དབུས་སུ། ལམ་གསུམ་བྱས་ནས་འགྲོ་བ་སྟེ། །སྙིང་ག་དང་ནི་མགྲིན་དབུས་སུ། །ལམ་གསུམ་བྱས་ནས་འགྲོ་བའོ། །མགྲིན་པ་དཔྲལ་བའི་དབུས་སུ་ནི། །ལམ་གསུམ་བྱས་ནས་འགྲོ་བའོ། །དཔྲལ་བ་སྤྱི་གཙུག་དབུས་སུ་ནི། །ལམ་གསུམ་བྱས་ནས་འགྲོ་བའོ། །སྣ་དང་གཙུག་ཏོར་དབུས་སུ་ནི། །ལམ་གསུམ་བྱས་ནས་ཡང་འགྲོའོ། །ཞེས་སོ། །གསང་བ་འདུས་པ་དང་དུས་ཀྱི་འཁོར་ལོ་ལས་གསུངས་པ་མི་མཐུན་པ་ལྟར་སྣང་བ་འགལ་བ་མེད་པའི་ཚུལ་བླ་མའི་སྦས་བཤད་ལས་རྙེད་པ་བཤད་པར་བྱ་སྟེ། ཁ་ཅིག་གསང་བ་འདུས་པའི་ཕྱོགས་འདི་དོན་ལ་གནས་པ་ཡིན་ལ། ཕྱོགས་གཞན་ནི་ཉི་མའི་ཤིང་རྟ་ལ་སོགས་པ་དྲང་བའི་ཆེད་དུ་གསུངས་པ་ཙམ་མོ་ཞེས་འདོན་ལ། གཞན་དག་དུས་ཀྱི་འཁོར་ལོ་ནས་འབྱུང་བ་དེ་ཉིད་དོན་ལ་གནས་ལ། སྔ་མ་དྲང་དོན་ནོ་ཞེས་འདོད་པ་པོ་གཉིས་ཀས་ཀྱང་རྒྱུད་སྡེ་གཉིས་པོའི་བཞེད་པ་འགལ་བ་ཁོ་ནར་བསྒྲགས་སོ། །དེ་ལ་ཁོ་བོའི་རྗེ་བཙུན་དག་ནི་རྒྱ་མཚོ་ཆེན་པོ་ནི་དུས་ལས་ཡོལ་བའང་སྲིད་ཀྱི། ཐུབ་པའི་གསུང་རབ་བརྗོད་པར་བྱ་བ་ནང་འགལ་བར་སྣང་བ་ནི་ནམ་དུའང་སྐབས་མེད་པའི་ཕྱིར་ཐམས་ཅད་དུ་འགལ་བ་མེད་པ་ཉིད་དེ། དེ་བས་དོན་འདི་ལྟར་ཡིན་གསུངས་ཏེ། དུས་འཁོར་ལས། སྤྱིར་སྲོག་མེའི་ཁམས་གཙོ་བོར་གྱུར་པའི་ཆ་ནས་སྟེང་རླུང་ཐམས་ཅད་ལ་མེ་ཁམས་པའི་ཐ་སྙད་མཛད་ལ། དེ་ཉིད་རྟེན་རྩའི་དབྱེ་བས་ར་སཱ་ན་ནས་འབབ་པ་ཐམས་ཅད་ལ་མེ་དང་ལཱ་ལ་ན་ནས་འབབ་པ་ཐམས་ཅད་ལ་ཆུ་ཁམས་པའི་ཐ་སྙད་འདིའང་མཛད་དེ། གང་ཁམས་ལྔ་པོ་གཅིག་ཡོད་པར་ཐམས་ཅད་ཀུན་འབྱུང་བ་ནི་འཁོར་བའི་གནས་སྐབས་ཐམས་ཅད་དུ་ཁམས་ལྔའི་དྭངས་མ་སོ་སོར་བྱེ་མི་སྲིད་པའི་གཞོམ་མེད་ཀྱི་ཐིག་ལེར་གནས་པའི་གནད་ཀྱིས་ཡིན་པས་རཱ་ས་ནའི་རླུང་ལྟ་བུ་ཁམས་ལྔ་ལྔའི་བདག་ཉིད་ཡིན་ཀྱང་། དེའི་གང་དང་གང་ཤས་ཆེར་གྱུར་པའི་གནས་སྐབས་ཉིད་ལ་ཁམས་དེ་དང་དེའི་མིང་ཅན་གྱི་རླུང་དུ་བརྗོད་དེ། ཐོག་མར་ས་གཙོ་བོར་གྱུར་པ་སུམ་བརྒྱ་དྲུག་ཅུ་ནས་ནམ་མཁའི་བར་ཁམས་ལྔ་རྫོགས་པ་ལ་སྟོང་བརྒྱད་བརྒྱའི་གྲངས་སུ་ལོངས་པ་སྟེ། དུས་སྦྱོར་གཅིག་གི་འཕོ་བ་གཅིག་ཅེས་པའི་ཐ་སྙད་བྱེད་ལ། དེ་བཅུ་གཉིས་སུ་ངེས་པ་ནི་ལྟེ་བའི་དུས་སྦྱོར་གྱི་རྩ་བཅུ་གཉིས་ཀྱི་ངེས་པ་ལས་དང་། རྩ་དེ་རེ་རེ་ལའང་གྱེས་པ་ལྔ་ལྔར་ཡོད་པས་ཁམས་ལྔའི་ཚུལ་དུ་འབབ་པ་དང་། མཚམས་སུ་སྟོང་པའི་རྩ་བཞིའི་དབྱེ་བས་འཕོ་མཚམས་སུ་ལྔ་བཅུ་རྩ་དྲུག་རྐང་བཅས་འབབ་པ་ལ་ཡེ་ཤེས་ཀྱི་རླུང་ཞེས་བྱ་ལ། དེའང་སྣར་མཐོ་དམའ་ཚད་མཉམ་གཉིས་ཀ་ནས་རྒྱུ་བ་མ་ཡིན་ཏེ། གཡས་ནས་གཡོན་དུ་འཕོ་བའི་ཚེ་གཡོན་དུ་ཐོག་མར་རླུང་ཞུགས་ནས་གཡས་པ་རྫོགས་པའི་བར་ལ་ལྔ་བཅུ་རྩ་དྲུག་རྐང་བཅས་རྒྱུ་བ་ཡིན་ལ། དོན་དེ་ཉིད་ཀྱིས་སྟོང་བརྒྱད་བརྒྱ་པོ་ལས་ལོགས་སུ་མི་བགྲང་ཞིང་རྐང་པའི་དོན་ཡང་བཙལ་སླ་བའོ། །གཞན་དུ་ན་མཉམ་རྒྱུ་བཞི་ཆ་པ་གཅིག་ཁོ་ནར་ཇི་ལྟར་འབབ་སོམས་ཤིག་གུ། ཚུལ་དེ་ལྟར་དུ་གསང་བ་འདུས་པའི་ཕྱོགས་འདིར་ཡང་། ཟླ་བ་ཉི་མ་མེ་རུ་འགོག །ཅེས་གཡོན་རྒྱུ་ཆུ་གཡས་རྒྱུ་མེར་ཐ་སྙད་མཛད་ལ། དེ་ལྟ་མོད་ཀྱི་འོད་ཟེར་རེ་རེ་འབྱུང་བ་ནའང་འོད་ཟེར་ལྔ་ལྔ་ངེས་པར་འབྱུང་སྟེ། ཁམས་ཀྱི་དཀྱིལ་འཁོར་གཅིག་གིས་ཀྱང་ཁམས་བཞི་ལ་ཁྱབ་པར་བྱེད་པ་ཡིན་ནོ། །ཞེས་སྤྱོད་བསྡུས་ལས་བྱུང་བ་དང་། ཕྱོགས་འདིའི་མན་ངག་ཐུན་མོང་མིན་པ་ལྷན་ཅིག་སྐྱེས་གྲུབ་ཀྱི། ས་ལ་སོགས་པ་གཟུང་བ་ཡི། །ཞེས་པའི་འགྲེལ་པར་དཔལ་མོ་ཞབས་ཀྱིས། སྣ་སྒོ་གཡས་པ་ལ་སོགས་པར་དབྱུག་ཚོད་ལྔར་རྒྱུ་ལ། དེ་ལྔ་ལས་ཀྱང་ས་ལ་སོགས་པ་གང་ཡང་རུང་བའི་དབྱུག་ཚོད་གཅིག་འགགས་པ་ཙམ་གྱིས་ཞེས་སོགས་གསལ་བར་གསུངས་པས། གཡས་རྒྱུ་ལྟ་བུའི་རླུང་གཅིག་ཀྱང་ཁམས་ལྔ་ཀའི་ཚུལ་དུ་འབབ་པ་ནི་གདོན་མི་ཟ་བར་བཞེད་ལ། འདིའི་དོན་གྱི་གནད་ཀྱང་ཀུན་རྫོབ་ཏུ་མི་ཤིགས་པའི་སྟེང་གི་ཁམས་ལྔའི་དྭངས་མ་འཁོར་བ་སྲིད་དུ་འབྲལ་མི་ཤེས་པའི་གནད་ཀྱི་ཡིན་ནོ། །དེ་ལྟར་ཡིན་ཡང་རྡོར་ཕྲེང་སོགས་སུ་མགོན་པོ་བཞིའི་རྒྱུ་བ་ལས་མ་བཤད་པ་ནི་ཁྱབ་བྱེད་ནམ་མཁའི་ཁམས་གཙོ་བོར་གྱུར་པ་དེ་དེ་ལྟར་མི་རྒྱུ་བ་མ་ཡིན་ཀྱང་། དེ་ཁོ་ན་བདག་པོར་གྱུར་པས་རྒྱུ་བ་ནི་ཤི་བའི་ལུས་ཁོ་ན་ལ་འབྱུང་བའི་དབང་ལས་སྣང་མཛད་ཀྱི་རྒྱུ་བ་གསལ་བར་མ་གསུངས་པ་ཡིན་ནོ། །འདི་འདྲ་བའི་རིགས་ནི་ནོར་ལས་རྒྱལ་ཤི་བའི་རོ་མི་འདོར་བར་གསུངས་པ་ལྟ་བུ་དུས་ཀྱི་འཁོར་ལོར་ཡང་ཡོད་དོ། །དེས་ན་ནམ་མཁའི་རྒྱུ་བའང་ཁམས་སྔ་མ་བཞིའི་ཁོངས་སུ་བསྡུས་ནས་མགོན་པོ་བཞི་རྒྱུ་བའི་ངེས་པ་མཛད་ལ། འདི་ལ་གཡས་དང་། གཡོན་དང་། གཉིས་ཀར་འབབ་པ་ལ་གཉིས་ཏེ། ཁམས་དང་པོ་བཞི་བདག་པོར་གྱུར་པའི་ཚུལ་གྱིས་རེ་རེའང་དགུ་བརྒྱར་འབབ་ཅིང་། འདིའི་མཉམ་རྒྱུའང་གཡས་གཡོན་གཉིས་ཀ་ནས་མཉམ་པར་དགུ་བརྒྱ་ཕྲག་གཉིས་རེ་འབྱུང་བཞིའི་དཀྱིལ་འཁོར་རྫོགས་པ་རེ་ཁོངས་སུ་འབབ་པ་མི་སྲིད་པའི་ཕྱིར། དེས་ན་སྣ་སྒོ་གཡས་ཉིད་ཀྱི་གཡས་ཀྱི་ཆ་བཟུང་ནས་མེ་བདག་པོར་གྱུར་པའི་དགུ་བརྒྱ་ཕྲག་གཅིག་འབབ་པ་པདྨ་མགོན་པོའི་རྒྱུ་བ་དང་། དེའི་གཡོན་གྱི་ཆ་བཟུང་སྣའི་ཀ་བ་དང་ཉེ་བས་དགུ་བརྒྱ་ཕྲག་གཅིག་འབབ་པ་ནི། འདིའི་སྟེང་དུ་གཡོན་དུ་འཕོ་མཚམས་ཀྱི་ལྔ་བཅུ་རྩ་དྲུག་རྐང་བཅས་འབབ་པའི་ཕྱིར་མཉམ་རྒྱུ་ཞེས་བྱ་ལ། སའི་ཁམས་བདག་པོར་གྱུར་པ་རིན་ཆེན་མགོན་པོའི་རྒྱུ་བ་སྟེ། དེ་ལྟར་ན་སྣ་སྒོ་གཡས་ནས་རླུང་སྟོང་བརྒྱད་བརྒྱར་འབབ་པས་དུས་སྦྱོར་གཅིག་དང་ཁ་འགྲིག་ལ། དེ་བཞིན་དུ་སྣ་བུག་གཡོན་པའི་གཡོན་གྱི་ཆ་བཟུང་ནས་རླུང་བདག་པོར་གྱུར་པ་དུས་སྦྱོར་ཕྱེད་དུ་འབབ་པ་དང་། ཀ་བ་དང་ཉེ་བར་ཆུ་བདག་པོར་གྱུར་པ་དུས་སྦྱོར་ཕྱེད་འབབ་པ་འདི་ལས་གཡས་སུ་འཕོ་མཚམས་ཀྱི་མཉམ་རྒྱུ་ང་དྲུག་རྐང་བཅས་འབབ་པའི་ཕྱིར་མཉམ་རྒྱུ་ཞེས་ཏེ་རྡོ་རྗེ་མགོན་པོའི་རྒྱུ་བའོ། །དེ་ལྟར་ཉི་ཤུ་རྩ་བཞི་རིམ་གྱིས་ནི་ཞེས་ཉིན་ཞག་ཕྲུགས་གཅིག་ལ་དུས་སྦྱོར་ཕྱེད་པའི་འཕོ་བ་ཉི་ཤུ་རྩ་བཞི་དང་། འབྱུང་བཞིའི་དཀྱིལ་འཁོར་རྫོགས་པ་དྲུག་འབབ་པར་གསུངས་པ་དང་། དུས་འཁོར་དུ་དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་སུ་གསུངས་པ་གཉིས་འཆད་ཚུལ་ཐ་དད་པ་ཙམ་མ་གཏོགས་པ་དོན་ཅུང་ཟད་ཀྱང་མི་འགལ་བ་འདིས་ཤེས་པར་བྱས་པ་ཡིན་ལ། ཕྱིར་རྒྱུ་བའི་རིང་ཐུང་ཡང་རྒྱུ་བ་གསལ་བ་ནི་ས་ལ་སོར་བཞི། མི་གསལ་བའི་ཚུལ་གྱིས་ས་སོར་བཅུ་གཉིས་པར་བཤད་ལ། ལྷག་མ་རྣམས་ལའང་འགྲེའོ། །གསུམ་པ་དེ་ཉིད་རྟེན་འབྲེལ་བཅུ་གཉིས་སུ་བསྟན་པ་ནི། ཆུ་སྲིན་གྱི་དུས་སྦྱོར་ནི་མ་རིག་པ། བུམ་པ་འདུ་བྱེད། ཉ་རྣམ་ཤེས། ལུག་མིང་གཟུགས། གླང་སྐྱེ་མཆེད། འཁྲིག་པ་རེག་པ། ཀརྐ་ཊ་ཚོར་བ། སེང་གེ་སྲེད་པ། བུ་མོ་ལེན་པ། སྲང་སྲིད་པ། སྡིག་པ་སྐྱེ་བ། གཞུ་རྒ་ཤི། ཆུ་སྲིན། ཉ། གླང་། ཀརྐ་ཊ། བུ་མོ། སྡིག་པ་དྲུག་མཉམ་པའི་དུས་སྦྱོར་ཉི་མའི་རང་བཞིན་གྱི་རོ་མ་ལའོ། །བུམ་པ། ལུག །འཁྲིག་པ། སེང་གེ །སྲང་། གཞུ་དྲུག་མི་མཉམ་པའི་དུས་སྦྱོར་ཟླ་བའི་རང་བཞིན་གྱི་རྐྱང་མ་ལའོ། །དེའང་ལྟེ་བར་ཀ་སྡེ་རིང་པོའི་བདག་ཉིད་ཀྱི་སའི་འབྱུང་བ་ལྔ་ལ་རྒྱུ་བ་ནི་ཆུ་སྲིན་ཏེ། དེ་ནས་ལུགས་ལས་བཟློག་པས་ནམ་མཁའི་འབྱུང་བ་ལྔའི་རྩ་བུམ་པར་ཀ་སྡེ་ཐུང་ངུའི་བདག་ཉིད་ཀྱིས་སྤྲོ་སྟེ། དེ་བཞིན་དུ་ཙ་སྡེ་རིང་པོ་ཉ་དང་། ཐུང་ངུ་ལུག་གི་རྩར་འཕོ་ལ། ཊ་སྡེ་རིང་པོ་གླང་། ཐུང་ངུ་འཁྲིག་པ། པ་སྡེ་རིང་པོ་ཀརྐ་ཊ། ཐུང་ངུ་སེང་གེ །ཏ་སྡེ་རིང་པོ་བུ་མོ། ཐུང་ངུ་སྲང་། ས་སྡེ་རིང་པོ་སྡིག་པ། ས་སྡེ་ཐུང་ངུ་གཞུ་སྤྲོ་ལ། ཁྱིམ་བཅུ་གཉིས་ནམ་མཁའ་ལ་འཁོར་བའི་དབང་གིས་ཞག་གཅིག་ལ་དུས་སྦྱོར་བཅུ་གཉིས་ཏེ་རགས་རྩིས་ལ་ཁྱིམ་རེ་རེ་ལ་ཆུ་ཚོད་ལྔ་ལྔ། དབྱུག་གུ་དྲུག་ཅུ་རྩ་བཞིར་བྱེད་པ་ནི་སྟོང་པའི་རྩའི་ཐོབ་སྐལ་བརྩིས་པས། དོན་ལ་ཆུ་ཚོད་དམ་དབྱུག་གུ་དྲུག་ཅུར་བྱེད་པ་རིགས་པ་ཡིན་ནོ། །ཞིབ་པར་བརྩིས་ན་ལུག་གི་དུས་སྦྱོར་ལ་ཆུ་ཚོད་བཞི་དང་ཆུ་སྲང་ལྔ་བཅུ། གླང་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ། འཁྲིག་པ་ལ་ཆུ་ཚོད་གསུམ་དང་ཆུ་སྲང་ཉི་ཤུ། ཀརྐ་ཊ་ལ་ཆུ་ཚོད་ལྔ། །སེང་གེ་ལ་ཆུ་ཚོད་དྲུག །བུ་མོ་ལ་ཆུ་ཚོད་ཕྱེད་དང་དྲུག །སྲང་ལ་ཆུ་ཚོད་ཕྱེད་དང་དྲུག །སྡིག་པ་ལ་ཆུ་ཚོད་དྲུག གཞུ་ལ་ཆུ་ཚོད་ལྔ། ཆུ་སྲིན་ལ་ཆུ་ཚོད་གསུམ་ཆུ་སྲང་ཉི་ཤུ། བུམ་པ་ལ་ཆུ་ཚོད་བཞི་ཆུ་སྲང་ཉི་ཤུ། ཉ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ལྔ་བཅུ། མཉམ་དུས་སུ་དུས་སྦྱོར་དྲུག་དྲུག་རིང་ཐུང་མཉམ་པར་འཆར་ལ། དུས་སྦྱོར་ཡུན་རིང་བ་རྣམས་ཉིན་མོ་འཆར་བ་ན་ཉི་མ་རིང་ཞིང་། ཡུན་ཐུང་བ་རྣམས་ཉིན་མོ་འཆར་བ་ན་ཉི་མ་ཐུང་ལ། དུས་སྦྱོར་རིང་བ་རྣམས་སྔ་དྲོ་ཤར་བ་ན་སྔ་དྲོ་ཡུན་རིང་ལ། ཐུང་བ་སྔ་དྲོ་ཤར་བ་ན་སྔ་དྲོ་ཐུང་བ་ཡིན་ནོ། །དེའང་དབུགས་དྲུག་ལ་ཆུ་སྲང་གཅིག །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དེ། འབུམ་ལྔར། དེ་ལྟར་ཕྱི་རོལ་དེ་བཞིན་ལུས། །དབུགས་དྲུག་རྣམས་ཀྱི་ཆུ་སྲང་སྟེ། །ཆུ་སྲང་དྲུག་ཅུས་ཆུ་ཚོད་དོ། །ཆུ་ཚོད་གཉིས་ཀྱིས་ཡུད་ཙམ་སྟེ། །དེ་ལྟ་བུའི་ཡུད་ཙམ་གཉིས་ལས་ཐུན་ཕྱེད་པ་བཅུ་དྲུག་དུས་སྦྱོར་བཅུ་གཉིས་ཐུན་བརྒྱད་ཐུན་བཞི། དེ་ལས་ཉིན་མོ་དང་མཚན་མོའི་དུས་གཉིས་ཏེ་ཉིན་ཞག་གི་ཐུན་གཅིག །དེ་སུམ་ཅུ་ཟླ་བ། ཟླ་བ་བཅུ་གཉིས་ལོ། དེ་ལྟ་བུའི་ལོ་ལ་སྐྱེས་བུ་ཞེས་བྱའོ། །དེ་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ། ཕྱོགས་ཉི་ཤུ་རྩ་བཞི། ཕྱོགས་ཞེས་པ་ཟླ་བའི་ཕྱེད་དོ། །ཟླ་བ་བཅུ་གཉིས་དུས་དྲུག་དང་བཞི། ལྷོ་བྱང་གི་བགྲོད་པ་གཉིས། ཕྱི་རོལ་གྱི་ལོའི་ཆོས་མཐའ་དག་རང་རང་གི་ཞག་ལ་ཚང་ཞིང་། མིའི་དབུགས་གཅིག་ལ་མིའི་ལུས་ལ་སྐྱེས་པའི་སྲིན་བུ་རྣམས་ཀྱི་ཞག་དང་། མིའི་དབུགས་སུམ་ཅུ་ཡི་དྭགས་ཀྱི་དབུགས་གཅིག །མིའི་ཆུ་ཚོད་འདོད་ལྷ་ཚེ་ཐུང་བ་རྣམས་ཀྱི་དབུགས་གཅིག །མིའི་ཉིན་ཞག་ལྷ་མིན་གྱི་དབུགས་གཅིག །མི་རྣམས་ཀྱི་ལོ་འོག་མིན་པའི་དབུགས་གཅིག །མི་རྣམས་ཀྱི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གཙོ་བོ་སྟེ། སྲིད་རྩེ་བའི་དབུགས་གཅིག་ཏུ་བྱས་ནས། རང་རང་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་རང་རང་གི་ཞག་ཏུ་བྱེད་དོ། །དེ་ནི་དགོངས་པ་ལུང་སྟོན་དུ། རྟེན་འབྲེལ་བཅུ་གཉིས་ཞེས་བསྒྲགས་པ། །ངོ་བོ་ཉིད་ནི་རྣམ་གསུམ་འགྱུར། །རླུང་ཞེས་བྱ་བ་བྱང་ཆུབ་སེམས། །དབང་པོ་ཀུན་གྱི་གཙོ་འདི་ཡིན། །ཞེས་རྟེན་འབྲེལ་བཅུ་གཉིས་འབྱུང་འཇུག་གནས་པའི་མཚན་ཉིད་ཅན་སྣང་གསུམ་མཚོན་པར་བྱེད་པ་འདི་བཤད་ལ། འབུམ་ལྔར། སྐྱེ་བའི་དུས་སུ་དུས་སྦྱོར་གང་། །དབྱུག་གུ་ལྔ་ཡི་བདག་ཉིད་འགྱུར། །སྐྱེས་པའམ་མོ་ཡི་ཆུ་སྲིན་སོགས། །དེ་ཡིས་གསལ་བྱེད་སྦྱར་བར་བྱ། །ཆུ་སྲིན་ལ་ནི་ཀ་སོགས་ལྔ། །དབྱུག་གུའི་དབྱེ་བས་སྦྱར་བར་བྱ། བུམ་པ་ལ་ཡང་ད་སོགས་ལྔ། །སྟོང་པ་སོགས་རིམ་དབྱེ་བ་ལས། །ཉ་ལའང་རྩལ་སོགས་རྣམས་ལྔ། །ལུག་ལའང་ཉ་སོགས་རིམ་པ་བཞིན། །གླང་ལའང་ཊ་སོགས་ལྔ་རྣམས་སོ། །འཁྲིག་ལ་ཎ་སོགས་དེ་བཞིན་ནོ། །པ་སོགས་ཀརྐ་ཊར་སྦྱོར་ལ། །མ་སོགས་སེངྒེའི་དུས་སྦྱོར་ལའོ། །བུ་མོ་ལ་ནི་ཏ་སོགས་ལྔ། །སྲང་ལ་དེ་བཞིན་ན་སོགས་རྣམས། །སྡིག་པ་ལ་ནི་ས་སོགས་ལྔ། །གཞུ་ལ་ཐཀ་ལ་སོགས་རྣམས་བཤད། །སྡུད་དང་སྤྲོ་བའི་དབྱེ་བ་ཡིས། །ཡི་གེ་དྲུག་ཅུ་ཉིན་མཚན་ལའོ། །ཞེས་བཤད་ལ། རླུང་གི་ཀུན་ཏུ་སྤྱོད་པའང་། །པཱུ་ལི་རམ་ལ་ཡར་མགོ་ཟུག །ཛཱ་ལནྡྷ་རར་ལོངས་སྤྱོད། ཨོ་ཌི་ཡཱ་ཎར་ཐིམ་མོ། །དེ་བཞིན་དུ་ཛཱ་ལན་དྷ་རར་མགོ་ཟུག །ཨོ་ཌི་ཡཱ་ཎར་ལོངས་སྤྱོད། ཨརྦུ་ཏར་ཐིམ་པའི་འགྲོས་དེས་ཐམས་ཅད་ལ་སྦྱར་ནས། མཐར་ཀུལླཀྵྭ་ཏར་ལོངས་སྤྱོད། །ཡན་ལག་ཐམས་ཅད་དུ་ཐིམ་མོ། །ཞེས་པའི་བར་དུ་ཤེས་པར་བྱ་ལ། རླུང་རྒྱུས་ཟིན་མ་ཐག་པ་དེར་མགོ་ཟུག་པ་དེ་དབང་བྱེད་པ་དང་གནད་གཅིག །དེ་ལྟར་རྒྱུ་བཞིན་པ་དེ་ལོངས་སྤྱོད་པ། །དེ་རྗེས་རྒྱུ་བ་ཐིམ་པ་སྟེ་གཞན་དུ་འཇུག་པ་དང་གནད་གཅིག་གོ །དེ་ལྟར་བརྩིས་པའི་དགོངས་པའང་། ཕྱག་རྡོར་སྟོད་འགྲེལ་དུ། དེ་ལྟར་ཕྱི་རོལ་དུ་ཉི་མ་རྒྱུ་བས་དུས་ཀྱི་ཁྱད་པར་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྲོག་རབ་ཏུ་རྒྱུ་བ་དུས་ཀྱི་ཁྱད་པར་ཏེ། དུས་ཀྱི་ཁྱད་པར་དེས་ལོ་སོ་སོའམ་ཉི་མ་སོ་སོ་ལ་ཕོ་ཉ་མོ་རྣམས་མཆོད་པར་བྱའོ་ཞེས་པའོ། །དེ་ལྟར་ཡང་འབུམ་ལྔར། །བཞི་ཆས་དམན་པ་བཞི་རྣམས་ཀྱི། །ཐུན་ཚོད་ཕྱེད་པ་དེ་གཅིག་འགྱུར། །ལྔ་རྣམས་ཀྱིས་ནི་དུས་སྦྱོར་འགྱུར། དུས་སྦྱོར་ཕྱེད་གཉིས་ཐུན་ཚོད་འགྱུར། །ཐུན་ཚོད་གཉིས་ནི་ཐུན་མཚམས་གཅིག །དེ་བཞིན་རྣམས་ཀྱིས་ལུས་ཅན་གྱི། །ཉིན་ཞག་དུ་ནི་རབ་ཏུ་བརྗོད། །དེ་ཡང་དུས་སྦྱོར་བཅུ་གཉིས་ཀྱི། དབུགས་རྣམས་དྲུག་བརྒྱ་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས། །ཉི་མའི་དབྱུག་གུ་དང་མཉམ་པ། །ཟླ་ཕྱེད་ཉི་ཤུ་རྩ་བཞི་དང་། དེ་བཞིན་ཟླ་བ་བཅུ་གཉིས་ཀྱིས། དུས་ཚིགས་དྲུག་གི་ཇི་བཞིན་བཤད། སྦྱོར་བའི་དུས་ནི་མཉམ་པ་བཞིས། །དུས་གསུམ་གྱིས་ཏེ་བགྲོད་གཉིས་ཀྱི། །དེ་ལྟར་ལུས་ལ་ཉིན་ཞག་འགྱུར། །ཞེས་སོ།། །།བཞི་པ་དེ་ཉིད་དུས་བཟང་ངན་དུ་ཕྱེ་བ་ནི། །ཀརྐ་ཊ་དང་སེང་གེ་ཞི་བ། འཁྲིགས་པ་དང་བུ་མོ་རྒྱས་པ། གླང་དང་སྲང་དབང་། ལུག་དང་སྡིག་པས་དགུག་པ། གཞུ་དང་ཉ་བསྐྲད་པ། ཆུ་སྲིན་དང་བུམ་པ་གསང་པའི་ལས་ལ་འབྲས་བུ་སྟེར་བ་ཡིན་ལ། གཞན་ཡང་དུས་སྦྱོར་དེ་དག་རོ་ཧི་ཏ་ལ་སོགས་པའི་མིང་གིས་བཟང་ངན་གྱི་བྱེད་པ་རྒྱས་པར་གདན་བཞི་དང་རྡོ་རྗེ་མཁའ་འགྲོ་སོགས་ལས་གསུངས་སོ། །འཇུག་པ་དང་། གནས་པ་དང་། དབྱུང་བ་གསུམ་ལས་གནས་པ་དང་འཇུག་པ་དུས་བཟང་། དབྱུང་བ་དུས་ངན་ཏེ། སྡོམ་འབྱུང་ལས། འཇུག་པ་ཆོས་ཀྱི་སྐུ་ཡིན་ཏེ། །གནས་པ་ལོངས་སྤྱོད་རྫོགས་པའི་སྐུ། །དབྱུང་བ་སྤྲུལ་པའི་སྐུ་རུ་བརྗོད། །ཅེས་པ་སྐུ་གསུམ་པོ་རུ་བཞེད། །འདྲི་བ་པོའམ་རང་གི་ཡང་། །ཆོས་ཀྱི་སྐུ་ལ་ཐམས་ཅད་དགེ །ལོངས་སྤྱོད་རྫོགས་སྐུར་ཐེ་ཚོམ་སྟེ། སྤྲུལ་པའི་སྐུ་ལ་འཐབ་མོར་སྟོན། །ཅེས་སོ། །དུག་སོགས་གཞོམ་དང་གསོ་བ་དང་། །བཀྲ་ཤིས་དགེ་བ་སྐྱེད་པ་ལ། །ཤེས་རབ་བདག་ཉིད་རབ་བསྔགས་འགྱུར། །ཞེས་གཡོན་རྒྱུ་དང་། སྙིང་རྗེའི་བདག་ཉིད་གཡུལ་བཤམ་དང་། །རོལ་རྩེད་ལྷ་ཡི་སྟོན་མོ་དང་། །བཅད་པ་དང་ནི་དགུག་པའི་ལས། །སྲེག་དང་བཙོ་ལ་རབ་ཏུ་བསྔགས། །གཡས་རྒྱུའི་དབང་དུ་མཛད་དོ། །འབྱུང་བ་སོ་སོ་འཆར་དབྱེ་ན། །མེ་ལ་རླུང་གང་རྒྱུ་བ་ལ། །བཀྲེས་སྐོམ་ངལ་དུབ་ཟུག་གཟེར་དང་། །བྱ་བ་ཐམས་ཅད་ཉམས་པར་བྱེད། །ཅེས་གསུངས་རྡོ་རྗེ་འཛིན་པ་མཆོག །རླུང་ལ་རྩོད་དང་བསྐྱོད་དང་འཁྲུལ། །ཉོན་མོངས་པ་དང་དོན་ཉམས་བྱེད། །དབང་ཆེན་ནོར་དང་འབྲུ་ལ་སོགས། །རྙེད་པ་ཐོབ་དང་སྡུད་པར་བྱེད། །ཆུ་ཡི་རླུང་ནི་རྒྱུ་བ་ལས། །འདོད་པ་ཐམས་ཅད་འགྲུབ་པར་བྱེད། །ཅེས་སམ་གཞན་ཡང་། དགའ་བ་མཆོག་དགའ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་པར་བྱེད་པའི་རླུང་དུས་བཟང་། དགའ་བྲལ་སྐྱེས་ལ་དུས་ངན། དེའི་ཕྱིར་ཁམས་འཕེལ་པའི་དཀར་ཕྱོགས་དུས་བཟང་། འགྲིབ་པའི་ནག་ཕྱོགས་དུས་ངན། ཡང་ཕྱིར་དུས་བཞི་ཆེན་པོ་རྫོགས་ལྡན་ལ། ལོ་འབུམ་ཕྲག་བཅུ་དྲུག་སྟོང་ཕྲག་ཉི་ཤུ་རྩ་བརྒྱད། གསུམ་ལྡན་ལ་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་དགུ་བཅུ་རྩ་དྲུག །གཉིས་ལྡན་ལ་འབུམ་ཕྲག་བརྒྱད་སྟོང་ཕྲག་དྲུག་ཅུ་རྩ་བཞི། རྩོད་པའི་དུས་ལ་འབུམ་ཕྲག་བཞི་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཏེ། གསུམ་ལྡན་གྱི་རྐང་པ་གསུམ། གཉིས་ལྡན་གྱི་གཉིས། རྩོད་ལྡན་གྱི་གཅིག་ཡིན་ལ། དང་པོ་གཉིས་ཀྱི་མཚམས་སུ་ལོ་སྟོང་ཕྲག་བརྒྱད། གཉིས་པ་དང་གསུམ་པའི་མཚམས་སུ་ལོ་སྟོང་ཕྲག་དྲུག །གསུམ་པ་དང་བཞི་པའི་མཚམས་སུ་ལོ་སྟོང་ཕྲག་བཞིར་སྡོམ་འབྱུང་ལས་སོ། །དུས་བཞི་ཆུང་ངུ་ནི། ལོ་གྲངས་དང་ཚད་མཉམ་པར་ནང་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ལ་ལྔ་སྟོང་བཞི་བརྒྱ་པ་རེ་རེ་ཕྱེ་ནས་རྩོད་ལྡན་དུས་ངན་གཞན་རྣམས་བཟང་པོར་བཞག་གོ །ལྔ་པ་རླུང་གི་དེ་ཉིད་བཤད་པ་ནི། འཕྱང་བའི་རླུང་བཤད་ནས་ད་ནི་གར་བའི་རླུང་བཤད་དེ། རྡོ་རྗེའི་ལུས་ཀྱི་འཁོར་བའི་བྱེད་པ་རྣམས་བཅིངས་པས་རྣམ་པར་རྟོག་པའི་རླུང་ལྟེ་བར་རེངས་པར་གྱུར་པ་རྣམ་པར་རྟོག་པ་མེད་པའི་རླུང་ནི་གར་བར་བཤད་དེ། བསྐུལ་བྱེད་གར་བ་རབ་ཏུ་བཤད། །ཅེས་པས་སོ། །འཕྱང་བའམ་རྣམ་པར་རྟོག་པའི་རླུང་ནི་གཟུང་བ་དང་འཛིན་པའི་ལྕགས་ཀྱུའི་དབང་དུ་གྱུར་པའི་ཕྱིར་གླང་པོ་ཆེ་དང་། གཞན་སྣང་རྣམས་སྐྱེད་པའི་ཕྱིར་དང་། གར་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཆོས་ཐམས་ཅད་ལ་བག་ཚ་བ་དང་ཉམ་ང་བ་མེད་པར་འཇུག་པས་སེང་གེ་དང་། རང་སྣང་ངམ་རང་རིག་པའི་སྣང་བ་སྐྱེད་པའི་ཕྱིར། རང་གི་གནས་ནི་སེང་གེར་བཤད། །གཞན་གྱི་གནས་ནི་གླང་པོ་ཆེ། །ཞེས་སོ། །དེའི་ཕྱིར་གླང་པོ་ཆེ་བསད་ནས་སེང་གེར་གནས་པར་བྱ་བ་གཟུགས་ཅན་གྱི་རླུང་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་ཡལ་བ་སྟེ། བསྐུལ་བའི་ལམ་ནི་རྣམ་གཉིས་ཏེ། །ཨཱ་ལི་ཀཱ་ལི་རབ་ཏུ་འཇུག །ཅེས་དང་། གླང་པོ་ཆེ་ནི་བསད་པར་བྱ། །རང་གི་སེང་གེར་གནས་བྱ་སྟེ། །ཞེས་སོ། །ཇི་ལྟར་གསོད་པ་ནི། སེང་གེ་རྣམ་པར་རྩེ་བ་ཡི། །ཞེས་སོགས་ཀྱིས་བསྟན་ཏེ། བསད་པས་གནས་སྐབས་ཀྱི་འབྲས་བུ་ནི་རྣམ་པར་རྟོག་པ་མེད་པའི་རླུང་ཤར་ཞིང་། དེས་རྣམ་པར་རྟོག་པ་དང་བཅས་པའི་རླུང་ལས་ལ་བཀོལ་བས་ཞི་རྒྱས་ལ་སོགས་པའི་ལས་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པའི་ཕྱིར། རྡོ་རྗེ་གྲི་གུག་རྟོགས་པ་ནི། །ལྔ་གཉིས་དག་ནི་བརྟེན་པས་སོ། །ཞེས་དང་། ཐུན་མོང་མ་ཡིན་པ་ནི་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་ནས་གཏུམ་མོ་སོགས་འཆད་འགྱུར་གྱི་ཡོན་ཏན་ཐམས་ཅད་ཐོབ་པ་ཉིད་དེ། གར་བས་བསྐུལ་ན་མྱུར་དུ་འབབ། །ཅེས་པ་ལ་སོགས་པ་ལྷག་མ་ཐམས་ཅད་ཀྱིས་སོ། །དེ་ལྟར་ཡང་དགོངས་པ་ལུང་སྟོན་ལས། ཉི་ཟླ་རབ་ཏུ་སྦྱོར་བ་ཡིས། །དངོས་པོ་མེད་ལས་འགྲོ་ཁྱབ་པའི། བྱང་ཆུབ་སེམས་ཀྱི་རླུང་གཅིག་པུ། །དགེ་དང་མི་དགེའི་འབྲས་སྤངས་ནས། །ནམ་མཁའ་འདྲ་བར་འགྱུར་བ་ཡིན། །ཞེས་དང་། ཡང་། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཕུང་སོགས་གཉིས་མེད་མཁའ་དང་མཉམ། །ཤེས་རབ་ཐབས་ཅིག་སྦྱོར་བ་ཡིས། །བྱང་ཆུབ་སེམས་སུ་འགྲོ་བར་འགྱུར། །ཞེས་སོ། །དུས་འཁོར་ལས། ཤེས་རབ་ཐབས་ཀྱིས་རབ་དབྱེ་དང་ནི་མཉམ་དང་མི་མཉམ་རིགས་དང་མྱུར་འཁྱོག་ལ་སོགས་རྒྱུ་བ་སྟེ། །ཆགས་བྲལ་དང་ནི་ཐུབ་མཆོག་རིགས་དང་ཚངས་དང་དྲག་པོ་ལ་སོགས་ལྷ་རྣམས་ཀྱིས་ནི་ཤེས་མ་ཡིན། ཞེས་ནང་དུས་ཀྱི་འཁོར་ལོར་མ་ཤེས་པར་ཕྱི་དུས་ཀྱི་འཁོར་ལོ་ཤེས་པར་མི་ནུས་ཞེས་གསུངས་པའང་འདིས་ཡིན་ནོ། །ཡང་རླུང་དེ་ལྟར་རྒྱུས་པ་ལས་དབང་པོ་ཡུལ་ལ་སད་པར་འགྱུར། དེས་ཡུལ་གྱི་མཚན་མ་ཡིད་ལ་བྱས་ནས་དེ་གཞན་ལ་བསྙད་པར་འདོད་པའི་རྣམ་པར་རྟོག་པས་རླུང་གཡོ་བར་བྱེད་ཅིང་། དེ་ལས་མགྲིན་པ་ལ་སོགས་པའི་གནས་ཀྱི་བྱེད་པ་ཕྲད་པས་ཡི་གེར་གྲུབ་ལ། ཡི་གེ་ལས་སྔགས་སུ་གྲུབ་ཅིང་། སྔགས་ཀྱི་བརྡ་དེའང་། དེ་བཞིན་ཉིད་ཀྱི་བརྡ་ཅན་དང་། ཐ་སྙད་དུ་བརྗོད་པའི་བརྡ་གཉིས། དང་པོ་རྡོ་རྗེའི་བཟླས་པ། གཉིས་པ་བརྗོད་བྱ་དང་བཅས་པའི་བཟླས་པ་སྟེ། དེའང་རྡོ་རྗེ་སྙིང་པོས། ཐེག་པ་འདི་ལ་གསང་སྔགས་འདི་ཉིད་ནི། །བརྡ་ཡི་རིགས་སོགས་དོན་འདིར་བཤད་པར་བྱ། །སངས་རྒྱས་རྣམས་ཀྱི་སྔགས་ཀྱི་བརྡ། །རྒྱུད་དུ་རྣམ་གཉིས་གསལ་མཛད་དེ། །དེ་བཞིན་ཉིད་ཀྱི་བརྡ་ཅན་གཅིག །ཐ་སྙད་རབ་བརྗོད་གཉིས་པའོ། །དེ་བཞིན་ཉིད་ཀྱི་བརྡ་ཞེས་པ། །སེམས་ཅན་ཀུན་གྱི་སྐད་ཅན་ཚིག །ཆོས་ཀྱི་དུང་དེ་སྒྲ་ཆེན་ལྡན། །ཆོས་ཀྱི་གནྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཀུན་ཏུ་འགྲོ་བའི་ངག་ཏུ་བརྗོད། །གང་ལ་ཐ་སྙད་རབ་བརྗོད་སྔགས། །བརྡ་ཡི་དོན་ནི་གསལ་བྱེད་པའོ། །ཞེས་གསུངས་ཤིང་། དང་པོ་བཟླ་བའི་ཚུལ། དོན་གྱི་རྗེས་འགྲོ་བཟླས་པ་ནི། །རང་བཞིན་མེད་པ་མཛེས་པ་ཡིན། །ཡན་ལག་དབྱེ་བ་མེད་པའི་སྔགས། །མ་ནིང་གོ་འཕང་ལ་གནས་བཟླ། །ཞེས་དང་། ཕྱི་མ་བཟླ་བའི་ཚུལ། བཟླ་བ་འདི་ཡིས་ནུས་མེད་གང་། །བྱིས་པའི་བློ་ཅན་སྔགས་པ་རྣམས། །དེ་རྣམས་ལ་ནི་བགྲང་འཕྲེང་གི །ཐ་སྙད་རབ་བརྗོད་གསལ་བྱས་ཏེ། །ཕྱི་རོལ་ལོངས་སྤྱོད་འདོད་རྣམས་ལ། །སྔགས་པས་བསོད་ནམས་ཐོབ་ཆེད་དུའོ། །ཞེས་ཕྱི་མ་འདི་ལས་འཕྲོས་ནས་སྔགས་ཀྱི་སྡེབས་རྣམ་པར་གཞག་པ་རྒྱས་པར་གསུངས་ཏེ། ཁོ་བོས་ལོགས་སུ་བཤད་པར་བྱའོ། །དེའི་ཕྱིར་སྒྲ་དང་། སྔགས་དང་། རླུང་གི་དེ་ཁོ་ན་ཉིད་གསུམ་དུ་རྣམ་པར་ཕྱེ་བ་ཡིན་ནོ། །ཡང་རླུང་བཅུ་པོ་དེ་ཉིད་རེ་རེ་ལའང་། གནས་ས། མིང་། འབྱུང་བ་གང་གི་རླུང་ཡིན་པ། བྱེད་པའི་ལས་ཅི། ཡེ་ཤེས་གང་འཆར། རེངས་པའི་སྐྱོན། སྐྱོན་བསལ་བའི་ཐབས་ཏེ་བདུན་བདུན་དུ་ཕྱེ་ནས་རླུང་གི་དེ་ཉིད་བདུན་ཅུ་ཞེས་གསུངས་ཏེ། སྒྲ་བསྒྱུར་མར་པས། རླུང་གི་དེ་ཉིད་བདུན་ཅུ་ཤེས། །ན་ཚ་བོགས་འདོན་གྱི་གདམས་ངག་ཡོད། །ཅེས་པས་སོ། །བཞི་པ་བྱང་ཆུབ་ཀྱི་སེམས་དངོས་པོའི་གནས་ལུགས་ལ། རྟེན་བརྟེན་པའི་འབྲེལ་པ། དེ་ཐིག་ལེའི་རྣམ་པར་འགྱུར་ཚུལ། དེ་རྩལ་ཀུན་ཏུ་སྤྱོད་པ། བྱང་ཆུབ་སེམས་ཀྱི་དེ་ཉིད་བཤད་པ་དང་བཞི་ལས། དང་པོ་ནི། བྱང་ཆུབ་སེམས་ཞེས་པ། བྱང་ཆུབ་སེམས་ཀྱི་ཡིག་ཆུང་དུ། ནཱ་རོ་ཞབས་ཀྱིས། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་ཁྱབ་བདག །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་དྲན། །སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་སེམས་ཀྱི་རྡོ་རྗེའི་དབྱིངས་གང་ལ་བྱང་ཆུབ་ཀྱི་སེམས་སུ་བཞག་ནས། དེ་ཉིད། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་རྟེན་བརྟེན་པའི་སྒོ་ནས་དབྱེར་མེད་དུ་གསུངས་ཏེ། དང་པོ་རྟེན་བཤད་ན། རྣམ་པར་ཤེས་པའི་ཕུང་པོ་དང་། ནམ་མཁའི་ཁམས་དང་། རྣ་བ་དང་། ཆོས་ཀྱི་དབྱིངས་དང་། །བྷ་ག་དང་། ཁུ་བ་འཕོ་བ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀ་སྡེའི་བདག་ཉིད་གཞོམ་དུ་མེད་པའི་ཐིག་ལེ་སྟོང་པ་དང་པོ་ཡེ་ཐིག་ཏུ་ཆར་ཡང་ཞེས་དང་། རྡོར་འཕྲེང་དུ་སྲོག་ཅེས་གསུངས་པས་སོ། །འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་དང་། སྣ་དང་། རེག་བྱ་དང་། ངག་དང་། བཤང་བ་འཛག་པ་འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་ཉིད་ཙ་སྡེའི་བདག་ཉིད་ཐིག་ལེ་སྟོང་པ་གཉིས་པ། ཐིག་ལེ་དང་། སྟོང་པ་ཉིད་ཅེས་བཤད་པ། ཚོར་བའི་ཕུང་པོ་དང་། མེའི་ཁམས་དང་། མིག་དང་། རོ་དང་། ལག་པ་དང་། འགྲོ་བ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་ཉིད་ཊ་སྡེའི་བདག་ཉིད་ཐིག་ལེ་སྟོང་པ་གསུམ་པ་ཚུལ་དང་མི་ཤིགས་པ། འདུ་ཤེས་ཀྱི་ཕུང་པོ་དང་ཆུའི་ཁམས་དང་། ལྕེ་དང་གཟུགས་དང་། རྐང་པའི་དབང་པོ་དང་། ལེན་པ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་ཉིད། པ་སྡེའི་བདག་ཉིད་ཐིག་ལེ་སྟོང་པ་བཞི་པ། ཚུལ་ཙམ་དང་། སྒྲ་ཙམ་པ་དང་། གཟུགས་ཀྱི་ཕུང་པོ་དང་། སའི་ཁམས་དང་། ལུས་ཀྱི་དབང་པོ་དང་། དྲི་དང་། བཤང་ལམ་དང་། བརྗོད་པ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་ཉིད་ཏ་སྡེའི་བདག་ཉིད་ཐིག་ལེ་སྟོང་པ་ལྔ་པ། མཆོག་ཅེས་པ་ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། ཡིད་དང་། སྒྲ་དང་། མཆོག་གི་དབང་པོ་དང་། དྲི་ཆུ་འཛག་པ་སྟེ། འདི་རྣམས་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་ཉིད་གཞོམ་དུ་མེད་པ་ས་སྡེའི་བདག་ཉིད་ཐིག་ལེ་སྟོང་པ་དྲུག་པ། མཆོག་གཞན་དང་། མཆོག་གཉིས་པ་དེ་ལྟར་ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི། ཨེ་ཡིག་སྟོང་པ་ཉིད་དམིགས་པ་དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་མིང་གི་རྣམ་གྲངས། ཨེ་དང་བྷ་ག་པདྨ་དང་། གསང་བ་མཆོག་དང་བདེ་བ་ཅན། །སེང་གེའི་ཁྲི་དང་དམིགས་པ་མེད། །དེ་བཞིན་ཉིད་དང་ཕར་ཕྱིན་དུ། །ཞེས་བྱ་བ་རྣམས་སུ་རྒྱུ་ལས་གསུངས་སོ། །བརྟེན་པ་བཤད་ན། རྣམ་པར་ཤེས་པའི་ཕུང་པོ་ནས་ཁུ་བ་འཕོ་བའི་བར་སྔར་བཤད་པ་དག་དང་། ཡེ་ཤེས་ཀྱི་ཕུང་པོ་ནས་དྲི་ཆུ་འཛག་པའི་བར་ཏེ། འདི་རྣམས་སྒྲིབ་བྲལ་རོ་མཉམ་པའི་སྟོང་ཉིད་རྣལ་འབྱོར་པས་རང་རིག་པ་ཉིད་དབྱངས་ཨཱ་ལིའི་བདག་ཉིད་སྟོང་པ་ཆེན་པོའི་ཡི་གེ་དང་པོ། སྟོང་པ་ཞེས་པའི་མིང་ཅན་ནོ། །ཚོར་བའི་ཕུང་པོ་ནས་འགྲོ་བའི་བར་ཏེ་སྒྲིབ་བྲལ་རོ་མཉམ་པ་ཉིད་རང་གིས་རིག་པ་སྟོང་ཆེན་ཡི་གེ་གསུམ་པ་རྀ་ཡིག་གི་རང་བཞིན་ཡེ་ཤེས་དང་། འདུ་ཤེས་ཀྱི་ཕུང་པོ་ནས་ལེན་པའི་བར་ཏེ་སྒྲིབ་བྲལ་རོ་མཉམ་རང་གི་རིག་པ་སྟོང་པ་ཆེན་པོ་ཡི་གེ་བཞི་པ་ཨུ་ཡིག་གི་རང་བཞིན། མཆོག་མཆོག་རྡོ་རྗེ་འཛིན་པ། འདུ་བྱེད་ཀྱི་ཕུང་པོ་ནས་བཤང་བ་འཛག་པའི་བར་ཏེ། འདི་རྣམས་སྒྲིབ་པ་དང་བྲལ་ཞིང་རོ་མཉམ་པ་དང་། གཅིག་ཏུ་འདྲེས་པར་གྱུར་པ་རང་གི་རིག་པ་ཨི་ཡིག་གི་བདག་ཉིད་ནི་སྟོང་ཆེན་ཡི་གེ་གཉིས་པ་མཆོག་དང་པོའི་མིང་ཅན། གཟུགས་ཀྱི་ཕུང་པོ་ནས་བརྗོད་པའི་བར་ཏེ་སྒྲིབ་བྲལ་རོ་མཉམ་རང་གི་རིག་པ་སྟོང་པ་ཆེན་པོ་ཡི་གེ་ལྔ་པ་ལེ་ཡིག་གི་རང་བཞིན་མཆོག་གི་མིང་ཅན། དེ་ལྟར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་ཝཾ་ཡིག་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་པྲ་ཕབ་པའི་རང་བཞིན་མིང་གི་རྣམ་གྲངས། ཝཾ་དང་རྡོ་རྗེ་སྨྲ་མཆོག་སྟེར། །ལྷན་ཅིག་སྐྱེས་དགའ་འགྱུར་བ་མེད། །བདེ་དང་ཞི་བ་དགའ་བ་དང་། དབང་ཕྱུག་ཀུན་འགྲོའི་མིང་བཟུང་ནས། །བྱང་ཆུབ་སེམས་ནི་རྟག་ཏུ་བཞུགས། །ཞེས་བཤད་དོ། །དེའི་ཕྱིར་དེ་གཉིས་འབྱེད་མི་ཤེས་པས་དབྱེར་མེད་པའོ། །སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་ཀྱི་ཚོགས་ཏེ་ཁུ་བ་དང་ཟླ་བ་ཞེས་བརྗོད་དོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་གསལ་བྱེད་ཀྱི་ཚོགས་ཏེ་རྡུལ་དང་ཉི་མ་ཞེས་བརྗོད་དོ། །འདིར་ཁུ་བ་དང་ཟླ་བ་ཝཾ་ཡིག་དང་རྡོ་རྗེ། རྡུལ་ཉི་ཨེ་ཡིག་སྟེ་པདྨ། དེའི་ཕྱིར་རྟེན་དཀར་དམར་གྱི་ཐིག་ལེ་གཉིས་ལ་བརྟེན་པ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་གནས་པས་རྟེན་བརྟེན་པའི་འབྲེལ་བས་ཁུ་རྡུལ་གཉིས་ལའང་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དེ་ལྟར་ཡང་། རྟེན་དང་བརྟེན་པའི་བྱེ་བྲག་ལས། །ཀུན་རྫོབ་ཀུནྡ་ལྟ་བུ་དང་། དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་སོ། །གཉིས་པ་དེ་ཐིག་ལེར་རྣམ་པར་འགྱུར་ཚུལ་ནི། སྤྱིར་ཐིག་ལེ་ནི་རྣམ་པ་གསུམ་སྟེ། ཁམས་བྱང་ཆུབ་སེམས་ཀྱི་མིང་ཅན་ཁུ་བའི་རྫས་ཀྱི་ཏིལ་ལ་ཏིལ་མར་བཞིན་དུ་ལུས་ཐམས་ཅད་ལ་ཁྱབ་པ་ཡིན་ལ། དེའང་གཏུམ་མོའི་མེས་བཞུ་བས་རྡོ་རྗེ་ནོར་བུའམ་པདྨའི་རྩེ་མོར་ཕྱིན་ནས་ལྷན་ཅིག་སྐྱེས་པ་སྐྱེད་པ་དེ་ལ་རྫས་ཀྱི་ཐིག་ལེ་ཞེས་བྱའོ། །སྙིང་གར་གནས་པའི་མི་ཤིགས་པ་ལ་སྔགས་ཀྱི་ཐིག་ལེ། ཀུན་རྫོབ་ཀྱི་སྣ་རྩེའམ། གསང་བའི་སྣ་རྩེར་རམ། སྙིང་གའི་སྣ་རྩེའི་འོད་ཟེར་ལྔའི་རང་བཞིན་གྱི་དབུགས་འཆར་བ་རླུང་གི་ཐིག་ལེའམ། འོད་ཀྱི་ཐིག་ལེ་ཞེས་བྱའོ། །དེ་ལས་རྫས་ཀྱི་ཐིག་ལེ་དེའང་། མའི་མངལ་དུ་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པའི་ཨེ་ཝཾ་ལས་རིམ་པ་བཞིན་དུ་གྲུབ་སྟེ། ཕའི་ཁུ་བ་ལས་རྐང་དང་རུས་པ་ཆུ་རྒྱུས་སམ་སྤུ། མའི་རྡུལ་ལས་ཤ་དང་ཁྲག་པགས་པ་རྣམས་གྲུབ་ཅིང་། འདི་དག་མཛོད་དྲུག་ཅེས་གསུངས་ཏེ། དགྱེས་རྡོར་རྩ་རྒྱུད་དུ། ཁུ་བ་ཉིད་ཀྱིས་ཁམས་རྣམ་གསུམ། །རྡུལ་གྱིས་ཀྱང་ནི་རྣམ་པ་གསུམ། །མཛོད་དྲུག་པ་ཞེས་བཤད་པ་ཡིན། །ཞེས་གསུངས་ལ། ལྷ་མོ་བཞིས་ཞུས་པ་ལས་ཀྱང་། ཆུ་ཡི་ཁམས་ནི་ཕ་ཡིན་ཏེ། །མེ་ཡི་ཁམས་ནི་མ་ཞེས་བྱ། །པགས་པ་ཤ་དང་ཁྲག་རྣམས་ནི། །མ་ལས་སྐྱེས་སུ་བསྟན་པ་ཡིན། །རུས་པ་རྐང་དང་ཁུ་བ་རྣམས། །ཕ་ལས་སྐྱེས་སུ་བསྟན་པ་ཡིན། །ཞེས་སོ། དེ་དག་ཀྱང་རིགས་དྲུག་ཏུ་བཤད་དེ། འབུམ་ལྔར། ཁུ་བ་རྡོ་རྗེ་རྡུལ་དྲིལ་བུ། །རྩ་ནི་པདྨ་ནོར་བུ་ཆེ། །ཁྲག་གོ་དེ་བཞིན་འཁོར་ལོ་རུས། །ཤ་ནི་དེ་བཞིན་རལ་གྲིར་བཤད། །དྲི་མེད་འོད་དུ། ཟླ་བ་དང་ཉི་མ་འདི་དག་ནི་གཙོ་བོ་དང་ཕལ་པའི་དབྱེ་བས་ཁམས་དྲུག་དྲུག་ཏུ་རྟོགས་པར་བྱ་སྟེ། དེ་དག་ཀྱང་ས་དང་། ཆུ་དང་། མེ་དང་། རླུང་དང་། རོ་དང་། རོ་ཆེན་པོའི་ཆ་ཤས་སོ། །ཞེས་གསུངས་པས། ཁུ་བས་གཙོ་བོར་བསྐྱེད་པའི་ཁམས་གསུམ་ནི། ཆུའི་ཁམས། རླུང་གི །རོའི་ཁམས་ཞེས་བྱ་བ་ནམ་མཁའ་སྟེ། ས་ལ་སོགས་པ་གསུམ་ནི་ཕལ་པའི་ཚུལ་གྱིས་སོ། །རྡུལ་གྱིས་གཙོ་བོར་སའི་ཁམས་དང་། མེའི་དང་། རོ་ཆེན་པོའི་ཁམས་ཏེ། ཡེ་ཤེས་ཀྱི་ཁམས་ཀྱི་མིང་ངོ་། གཞན་ཆུ་ལ་སོགས་པ་ཕལ་པའི་ཚུལ་གྱིས་སོ། །དེ་ལྟར་ཟླ་བའི་ཁམས་གསུམ་ནི་མངལ་ལས་སྐྱེས་པ་སྐྱེས་པ་རྣམས་ཀྱི་ལུས་དང་། ངག་དང་། སེམས། ཉི་མའི་གསུམ་བུད་མེད་ཀྱི་ལུས་དང་། ངག་དང་། སེམས། ཁུ་རྡུལ་ཆ་མཉམ་པའི་ནི་མ་ནིང་གི་སྟེ། དེས་ན་མངལ་དུ་ཕའི་ཁམས་དཀར་པོ་ཤས་ཆེ་བ་སྐྱེས་པ། རྡུལ་ཤས་ཆེ་བ་བུད་མེད། ཆ་མཉམ་པས་མ་ནིང་དུ་འགྱུར་ཞིང་། འབྱུང་བ་བཞི་ལས་ས་ཤས་ཆེ་བའི་མི་ནི་ལུས་ཤིན་ཏུ་ལྕི། བསྐུལ་བ་ཤིན་ཏུ་དཀའ། ལུས་སྟོབས་ཆེ། ཁ་དོག་སེར། གདོན་དུ་རྒྱལ་པོ་གནོད། རྨི་ལམ་དུའང་རིའི་འོག་ཏུ་ཚུད་པ་དང་། གཡང་ལ་ལྟུང་བ་དང་། ཁང་པ་རྡིབ་པ་དང་། འོག་ཁང་མུན་ནག་མང་པོར་འགྲིམ་པ་སོགས་འབྱུང་། ཟས་ཕལ་ཆེར་ལ་དགའ། སྐྱུར་དད་དང་། དད་པ་ཆེ། རྟག་ཐུབ་བློ་སྣ་སྒྱུར་དཀའ། ལམ་ལ་ཞུགས་ན་ཕྱིར་མི་ལྡོག །ཤེས་རབ་ཆུང་བ་ཤས་ཆེའོ། །ཆུ་ཤས་ཆེ་ན་ལུས་འགྱུ་བ་སླ། ཤེད་ཉམ་ཆུང་། ལུས་སྣུམ། ཁ་དོག་དཀར་ཏེ། གདོན་དུ་འགོང་པོ་གནོད། རྨི་ལམ་དུའང་ཟམ་པ་ཆེན་པོ་ལ་འགྲོ་བ་དང་། ཆུ་མིག་མང་པོ་སོཌ་རྨི། སྐོམ་ཤས་ཆུང་། དཀར་ལ་དགའ། དད་པ་ཆེ། བློ་སྒྱུར་སླ། སྙིང་རྗེ་ཆེ། ལམ་ལ་ཞུགས་ནས་ཕྱིར་ལྡོག་མི་ལྡོག་ཐེ་ཚོམ། ཤེས་རབ་འབྲིང་། དམིགས་པ་རྣོ། མེ་ཤས་ཆེ་ན་སྤྱོད་ལམ་དྲག་ཤུལ་ཆེ། དྲོད་ཆེ། བུད་མེད་ལ་དགའ། ཁ་དོག་དམར། སྐྲ་སེར། གདོན་དུ་མོ་འདྲེ། རྫུན་ལ་དགའ། རྨི་ལམ་དུ་མེ་འབར་བ་དང་། ལུང་པ་ཐམས་ཅད་དམར་པོར་མཐོང་བ་དང་། ཟས་ལ་ངེས་པ་མེད། སྐོམ་དད་ཆེ། བློ་གཏད་ཐུབ། བརྩོན་འགྲུས་ཆེ་སྟེ་དད་པ་འབྲིང་། སྙིང་རྗེ་ཆུང་། ལམ་ལ་ཞུགས་ན་བར་སྐབས་སུ་འགྱུར་ལྡོག་མི་འོང་། ཤེས་རབ་ཆེ། རླུང་ཤས་ཆེ་ན་ལུས་ཡང་། ལུས་ངག་ཡིད་གསུམ་གྱི་འདུ་བྱེད་མང་། ལས་གང་ཡང་མཐར་མི་ཕྱིན། སྨྲ་བ་ལ་དགའ། ཁ་དོག་སྔོ། གཉིད་ཆུང་། གདོན་ཕོ་འདྲེ་མོ་འདྲེ་གཉིས་ཀ་གནོད། རླུང་ཚུབ་རླུང་གིས་བཏེག་པ་རྐང་པ་མགྱོགས་པ་སོཌ་རྨི། བརྩོན་འགྲུས་ཅུང་ཟད་ཆེ། སྦྲམ་ཞིང་བློ་སྣ་མང་། བློ་གཏད་པ་ཕྱིར་མི་སླུ། བསླུས་ན་འཕུང་བར་བྱེད། ཟས་ལ་ངེས་པ་མེད། དད་པ་ཆེ །ཕན་སེམས་དང་ལམ་ལ་ཞུགས་ན་འགྱུར་བཟློག་འོང་། ཤེས་རབ་འབྲིང་། བླ་མ་ལ་ཡིད་ཆེས་སོ། །ཡང་ན་རླུང་མཁྲིས་བད་ཀན་གྱི་མི་གསུམ་དུ་འབྱེད་དེ། དེའི་མཚན་ཉིད་ནི་གསོ་དཔྱད་བཞིན་དུ་གཟུང་ངོ་། །ནང་གི་ཁམས་དྲུག་གྲུབ་པས་ཕྱིའི་ཁམས་དྲུག་ཀྱང་འགྲུབ་སྟེ། མེ་ལོང་དྲི་མ་མེད་པ་དང་བརྙན་པོ་བཞིན་ནོ། །ཡང་ན་རྩ་བའི་ཁུ་རྡུལ་མུན་ཅན་ཐམས་ཅད་ལ་ལུས་ངག་ཡིད་གསུམ་མམ་དུས་ཀྱི་མེ་བསྣན་པས་ཡེ་ཤེས་ཏེ་བཞི་འམ། གཅི་བ་རྣམ་སྣང་། བཤང་བ་མི་བསྐྱོད་པ། བད་ཀན་ནམ་ཤའི་དྭངས་མ་དོན་གྲུབ། ཁྲག་རིན་འབྱུང་། ཁུ་བ་སྣང་མཐའ་ལ། རྒྱུད་འགའ་ཞིག་ཏུ་བད་ཀན་གྱི་གནས་སུ་རྐང་མར་དང་། ཚིལ་དང་། ཀླད་པའང་བཤད་ལ། དོན་དུ་ཤ་ཆེན་གྱི་དྭངས་མ་གཙོ་བོ་ནི་རོ་ཙ་ནའི་ཐིག་ལེ་སྙིང་དཀར་ནག་གི་མཚམས་སུ་གནས་པ་དེ་ཡིན་ལ། དེ་དར་རྒུད་ཀྱི་ལུས་ཅན་མདངས་སྟོབས་འཕེལ་འགྲིབ་ཏུ་འགྱུར་རོ། །ཐམས་ཅད་ཀྱང་རྩ་བ་མི་ཤིགས་པའི་ཐིག་ལེ་ཉིད་ཀྱི་རྣམ་པར་འགྱུར་བ་སྟེ་རིགས་གཅིག་ཏུ་འདུའོ། །དེ་ལ་དགོངས་ནས། རང་ལས་བག་ཆགས་ཀྱིས་བཅིངས་པ། །ཞེས་ནས། ཤ་ནི་དེ་བཞིན་རལ་གྲིར་བཤད། ཅེས་པའི་བར་དུ་ཡིག་ཆུང་ལས་རྒྱས་པར་གསུངས། དེ་ལས་སོ་སེན་སོགས་སོ་དྲུག །ཕུང་པོ་དྲུག་ལ་དྲུག་གི་བསྒྱུར། །ཡུལ་དང་དབང་པོ་ལས་དབང་དང་། །བྱ་བ་ཡང་ནི་བདུན་ཅུ་གཉིས། ཕུང་ཁམས་སྐྱེ་མཆེད་ལས་ཕྱེ་བ། །རིགས་བརྒྱ་གྲངས་མེད་བར་དུ་བཤད། །ཕུང་པོ་དྲུག་ལ་དབང་པོ་དྲུག་གི་དབྱེ་བས་སོ་དྲུག །ཁམས་ཀྱི་རྣམ་པར་འགྱུར་བ་སོ་དྲུག་སྟེ་རིགས་བདུན་ཅུ་རྩ་གཉིས། མི་ཕྱེད་མ་སོགས་ནས་འབབ་པར་བཤད་པའི་བྱང་སེམས་སོ་དྲུག །སོ་སུམ་ཅུ་རྩ་གཉིས། སེན་མོ་ཉི་ཤུ། ཐོད་པ་དུམ་བུ་བཅུ་གཉིས་རྣམས་ཀྱིས་རིགས་བརྒྱར་འགྱུར། དེ་ལས་ཀྱང་ཕྱེ་ན་གྲངས་མེད་པའི་རིགས་ཀྱི་བར་དུའོ། །དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་སོ། །ཕུང་པོ་སུམ་ཅུ་རྩ་དྲུག་གང་ཞེ་ན། འབུམ་ལྔར། ས་དང་ཆུ་དང་མེ་དང་རླུང་། །ཁུ་བ་རྡུལ་ནི་དེ་བཞིན་ཏེ། ཁམས་དྲུག་ཅེས་པར་བཤད་བྱས་པ། །ལུས་ཅན་རྣམས་ཀྱི་གཟུགས་ཕུང་པོ། །མགྲིན་གྱུར་རྐན་གྱུར་སྤྱི་བོར་གྱུར། །མཆུར་གྱུར་སོར་གྱུར་སྣ་ལྡན་ཏེ། །འདུ་ཤེས་ཀྱང་ནི་རྣམ་དྲུག་བསྟན། །དངོས་དང་དངོས་མེད་དོན་གསལ་བྱེད། །མིག་དང་རྣ་བ་སྣ་དང་ལྕེ། ལུས་དང་དེ་བཞིན་ཡིད་དབང་པོ། །རྣམ་ཤེས་ཕུང་པོར་བཤད་པ་སྟེ། །མིག་ལ་སོགས་པ་རྣམ་པ་དྲུག །དེ་བཞིན་གཟུགས་དང་སྒྲ་དང་ནི། །དྲི་རྣམས་དང་ནི་རོ་དང་ནི། །རེག་བྱ་དང་ནི་ཆོས་ཀྱི་དབྱིངས། །མྱོང་ཕྱིར་ཚོར་བ་རྣམས་སུ་བཤད། །དེ་བཞིན་དབང་པོ་དྲུག་སྒོ་ནས། རྣམ་ཤེས་རྣམས་ནི་རབ་འཇུག་ཅིང་། །ཡུལ་དང་དབང་པོ་རབ་འཇུག་བྱེད། །འདུ་བྱེད་རྣམ་དྲུག་རབ་ཏུ་བཤད། །རྟག་ཏུ་སྲོག་དང་ཐུར་སེལ་དག །སྟེང་དང་འོག་ཏུ་ལམ་གསུམ་པོ། །རྩ་དྲུག་རྣམས་སུ་འབབ་བྱེད་པ། །ཡེ་ཤེས་ཕུང་པོའང་རྣམ་པ་དྲུག །ཅེས་སོ། །ཁམས་ཀྱི་རྣམ་པར་འགྱུར་བ་སོ་དྲུག་གང་ཞེ་ན། བསྐ་བ་དང་། ཁ་བ་དང་། ཚ་བ་དང་། མངར་བ་དང་། ལན་ཚྭ་བ་དང་། སྐྱུར་བ་སྟེ། ཁམས་དྲུག་ལས་རིམ་པ་བཞིན་དུ་བྱུང་བ་རྣམས་ནི་རོ་དྲུག་གོ །འདི་དག་ཟོས་ཤིང་འཐུངས་པས་ཁམས་ཀྱི་ཚོགས་སུ་འགྱུར་ཏེ་གང་ཞེ་ན། གཙུག་ཏོར་ནམ་མཁའི་ཁམས། དཔྲལ་བ་རླུང་། མགྲིན་པ་མེ། སྙིང་ག་ཆུ། ལྟེ་བ་ས། གསང་གནས་ཡེ་ཤེས་ཀྱི་ཁམས་ཏེ་ཁམས་དྲུག །ནམ་མཁའི་གཙོ་བོའི་ཡོན་ཏན་ནི་ཆོས་ཀྱི་ཁམས། རླུང་གི་ནི་རེག་བྱ། མེའི་ནི་རོ། ཆུའི་ནི་གཟུགས། སའི་ནི་དྲི། ཡེ་ཤེས་ཀྱི་ཁམས་ཀྱིས་སྒྲའི་ཁམས་ཏེ་ཡུལ་དྲུག་གོ །རྣ་བའི་དབང་པོ། སྣའི། མིག་གི །ལྕེའི། ལུས་ཀྱི། ཡིད་ཀྱི་དབང་པོ་སྟེ་དབང་པོ་དྲུག་གོ །བྷ་གའི་དབང་པོ། ངག་གི །ལག་པའི། རྐང་པའི། རྐུབ་ཀྱི། མཆོག་གི་དབང་པོ་སྟེ་ལས་ཀྱི་དབང་པོ་དྲུག་གོ །བཤང་བ་འཛག་པ་དང་། གཅི་བ་འཛག་པ་དང་། འགྲོ་བ་དང་། ལེན་པ་དང་། སྨྲ་བ་དང་། ཁུ་བ་འཛག་པ་སྟེ་ལས་དབང་གི་བྱ་བ་དྲུག་གོ །དེ་ལྟར་ཡང་འབུམ་ལྔར། ཨ་སོགས་ཀ་སོགས་རང་བཞིན་གྱིས། །ཁམས་རྣམས་བདུན་ཅུ་རྩ་གཉིས་ཏེ། །ཞེས་སོ། །ད་ནི་ལུས་ཟུངས་བདུན་གྱི་འགྱུར་བ་བཤད་པར་བྱ་སྟེ། བཟའ་དང་བཏུང་བའི་རོ་རྣམས་ཀུན། །སྨིན་པ་བཅུད་དེ་དེ་ནས་ཁྲག །ཤ་དང་པགས་དང་རྩ་དང་རུས། རྐང་ཉིད་འགྱུར་བས་ལན་བདུན་པའོ། །ཞེས་གསུངས་ལ། དེ་ཉིད་འབུམ་ལྔར། ཟོས་དང་འཐུངས་པ་རྣམ་དྲུག་པོ། །སྨིན་པ་ལས་ནི་བཅུད་འགྱུར་ཏེ། །དེ་དེའི་སྐྱེ་བ་དང་པོའོ། །དེ་ནས་ཁྲག་ཉིད་དུ་འགྱུར་ཏེ། །གཉིས་པར་གསལ་བར་འགྱུར་བ་ཡིན། གསུམ་པ་ཤ་ཉིད་དུ་འགྱུར་ཏེ། །བཞི་པ་པགས་པ་ཉིད་དུ་འགྲོ། ལྔ་པར་རྩ་ཉིད་འགྱུར་བ་ཡིན། །དྲུག་པར་རུས་པ་ཉིད་འགྱུར་རོ། །བདུན་པར་རྐང་ཉིད་དུ་འགྱུར་ཏེ། །འདི་ནི་ལན་བདུན་པར་འགྱུར་རོ། །དེ་ཉིད་བརྟེན་པའི་སྦྱོར་བ་ཡིས། །མཛོད་དྲུག་རིགས་སུ་བརྗོད་པར་བྱ། །རིགས་ནི་ལུས་ཞེས་བཤད་པ་སྟེ། །ཞེས་སྲུངས་ལ། འདི་ནི་ཅུང་ཟད་སྨན་དཔྱད་ཞིབ་པའི་ཕྱིར་དེའི་རྗེས་སུ་འབྲངས་ནས་བཤད་དོ། ཇི་ལྟར་ཞེ་ན། དང་པོར་རོ་དྲུག་གི་བདག་ཉིད་ཅན་གྱིས་ཟས་སྐོམ་གང་ཟོས་པ་དེ་བད་ཀན་མྱགས་བྱེད་ཀྱི་མྱགས་པས་རོ་མངར་བར་གྱུར་ནས་བད་ཀན་སྐྱེད་དོ། །དེ་ནས་མཁྲིས་པ་འཇུ་བྱེད་ཀྱིས་བཞུས་ཏེ། དེའི་ཚ་བའི་ནུས་པས་རོ་སྐྱུར་པོ་སོང་ནས་མཁྲིས་པ་སྐྱེད་དོ། །དེ་ནས་མེ་དང་མཉམ་པའི་རླུང་གིས་དྭངས་མ་དང་སྙིགས་མ་གཉིས་སུ་ཕྱེ་ནས་ཁ་བར་བྱས་ཏེ་རླུང་སྐྱེད་དོ། །སྙིགས་མ་ཐུར་སེལ་གྱིས་འོག་ཏུ་དྲངས་པ་རྒྱུ་མར་ལྷུང་སྟེ་བསྐ་བ་བཤང་བ་དང་། སླ་བ་གཅི་བར་འགྱུར་ལ། དྭངས་མ་རང་སའི་མེ་དྲོད་ཀྱིས་སྨིན་ནས་འཕོ་བ་ལས་དྭངས་མ་ལེན་པའི་རྩ་ནས་མཆིན་ལམ་བརྒྱུད་དེ་མཆིན་པའི་གནས་སུ་ཁྲག་ཏུ་འགྱུར་རོ། །ཁྲག་དེ་ཤ་དང་། ཤ་དེ་པགས་པ་དང་ཚིལ་བུར། དེ་གཉིས་རྒྱུད་སྡེར་རྩ་དང་། གསོ་དཔྱད་པས་རུས་པ་ཉིད་དུ་འགྱུར་བ། རྩ་ལས་རུས་པ། རུས་པ་ལས་རྐང་སྟེ། སྐྱེ་བ་བདུན་སྔོན་དུ་སོང་བ་ལ་སྐྱེ་བ་བདུན་པ་ཞེས་གསུངས་པས་བྱང་ཆུབ་ཀྱི་སེམས་ཉིད་ནང་གི་སྐྱེ་བདུན་ཡིན་པས་སོ། །གསོ་དཔྱད་པ་ནི་ཁུ་བ་ཉིད་བདུན་པར་འདོད། སྨིན་པ་དང་མྱགས་པ་དོན་གཅིག །འཇུ་བྱེད་ཀྱིས་བཞུ། མེ་མཉམ་གྱི་དྭངས་སྙིགས་སུ་ཕྱེ་བའི་དྭངས་མ་ལ་བཅུད་ཅེས་གསུངས་པ་ཡིན་ནོ། །དྭངས་མ་ཁུ་བར་འགྱུར་བ་ལ་གསོ་དཔྱད་པ་ཞག་དྲུག་དང་། རྒྱུད་སྡེ་ནས་བདུན་གསུངས། རོ་ཙ་སོགས་འཕྲལ་ཉིད་དུ་ལས་བྱེད་པ་དང་། སྨན་གཞན་ཉིན་ཞག་ཙམ་ལ་ལས་བྱེད་པ་ཤས་ཆེའོ། །དྭངས་མ་དེས་ལུས་ཀྱི་འབྱུང་བ་དང་འབྱུང་འགྱུར་རྣམས་རྒྱས་པ་དང་མདངས་བཀྲག་སྟོབས་ཐམས་ཅད་འཕེལ་བར་བྱེད་པའི་ནུས་པར་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱི་སྙིགས་མ་ནི་ཕོ་བའི་བད་ཀན་སྣོད་མཁྲིས་པ་རྒྱུ་བའི་བུ་གའི་དྲི་མ་རྣམས་སོ། །དེ་རྣམས་ལ་ལུས་ཟུངས། པགས་པའི་དྲི་མ་བཤང་གཅི་རྡུལ་ལ་སོགས་པ་དྲི་མ། དེ་གཉིས་ལ་གནོད་བྱ། དེ་ལའང་ཟས་དང་སྤྱོད་ལམ་མི་མཐུན་པ་བསྟེན་པས་རྩིགས་མ་རྒྱས་ཤིང་དྭངས་མ་ཉེ་བར་འཕེལ་བའི་བུ་ག་འགགས་པའམ་འདྲེ་ལ་སོགས་པའི་རྐྱེན་གྱིས་སོ། །དེ་ལས་གནོད་བྱེད་ནད་དེ་དེའང་རླུང་ལས་གྱུར་པ་ནི། རྩུབ་ཅིང་ཡང་བ་དང་། གྲང་བ་དང་། སྲ་བ་ཕྲ་ཞིང་གཡོ་བ། མཁྲིས་པ་སྣུམ་བཅས་རྣོ་ཞིང་ཚ་བ་ཡང་ཞིང་དྲི་མ་ནམ་འཁྲུ་ཞིང་གཤེར་བ། བད་ཀན་སྣུམ་བསིལ་ལྕི་བ་རུལ་འཇམ་བརྟན་འབྱར་བག་ཅན་དུ་གནས་སོ། །དེའི་ཕྱིར་གསོ་དཔྱད་ཀྱི་བཤད་རྒྱུད་དུ། །དང་པོར་རོ་དྲུག་ཟས་སྐོམ་གང་ཟོས་པ། །བད་ཀན་མྱགས་བྱེད་དག་གིས་མྱགས་པར་བྱེད། །རོ་མདར་ལྦུ་བ་ཅན་འགྱུར་བད་ཀན་སྐྱེད། །བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུ་བས། །རྣམ་པར་ཚ་བས་རོ་སྐྱུར་མཁྲིས་པ་སྐྱེད། །ཐ་མར་མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ། །ཁ་བར་འགྱུར་ཏེ་དེ་ཡི་རླུང་བསྐྱེད་འགྱུར། །འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། །གྱུར་ཚུལ་ཞུ་རྗེས་དྭངས་སྙིགས་ཕྱེ་བ་ལས། །སྙིགས་མ་རྒྱུ་མར་བསྐ་སླ་གཉིས་སུ་འབྱེད། །བསྐ་བ་གཅིར་འགྱུར་སླ་བ་གཅིན་དུ་འགྱུར། །དྭངས་མ་ལུས་ཟུངས་རང་རང་མེ་དྲོད་ཀྱི། །སྨིན་པར་གྱུར་ཏེ་དྭངས་མ་འཕོ་བ་ནས། །དྭངས་མ་ལེན་པའི་རྩ་དགུ་མཆིན་ལམ་བརྒྱུད། །མཆིན་པའི་གནས་སུ་ཁྲག་གྱུར་ཁྲག་ལས་ཤ། །ཤ་ལས་ཚིལ་འགྱུར་ཚིལ་ལས་རུས་པར་འགྱུར། །རུས་ལས་རྐང་འགྱུར་རྐང་ལས་ཁུ་བར་འགྱུར། །དེ་རྣམས་རྩིགས་མ་ཕོ་བའི་བད་ཀན་དང་། །སྣོད་མཁྲིས་བུ་གའི་དྲི་མ་ཞག་དང་ནི། །སོ་སེན་བ་སྤུ་བཤང་སྣུམ་མངལ་འཛིན་ཡིན། །ལུས་ཟུངས་ཁུ་བ་མཐར་ཕྱིན་མདངས་མཆོག་སྟེ། །སྙིང་ལ་གནས་ཤིང་ལུས་ཀུན་ཁྱབ་པ་དང་། །ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་བྱེད། །དེ་དག་འབྲས་བུ་རྫོགས་དུས་ཟས་ཟོས་པའི། །དྭངས་མ་ཁུ་བར་གྱུར་དུས་ཞག་དྲུག་སྟེ། །རོ་ཙ་ལ་སོགས་འཕྲལ་དུ་ཁུ་བ་སྐྱེད། །སྨན་རྣམས་ཕལ་ཆེར་ཞག་གཅིག་ལས་བྱེད་འགྱུར། །ཞེས་དང་། ལུས་ཟུངས་དྲི་མ་ནད་དང་རྣམ་པ་གསུམ། །ཞེས་སོ། །གསུམ་པ་དེ་རྩལ་ཀུན་ཏུ་སྤྱོད་པ་ནི། །རྡུལ་དམར་ཆ་ནི་བུད་མེད་ལ་ལོ་བཅུ་གཉིས་དང་། སྐྱེས་པ་ལ་ལོ་བཅུ་དྲུག་ཚུན་ཁུ་བ་དཀར་ཆ་འཕེལ་ལ། དེ་ནས་ཕྱིར་འཕོ་བས་འཕེལ་བ་འཆད་དོ། །དེའི་ཕྱིར། ཡོན་ཏན་གསུམ་བཞིའི་དབང་གིས་ནི། །བཅུ་གཉིས་བཅུ་དྲུག་འཕེལ་ནས་ཆད། །རྡུལ་ལ་ལུས་ངག་ཡིད་གསུམ་གྱི་དབྱེ་བས་སྐུ་གསུང་ཐུགས་ཡེ་ཤེས་ཕྱེ་བས་ཐིག་ལེ་བཅུ་གཉིས་ཀྱི་དབང་གིས་དང་། ཁུ་བ་ལ་དགའ་བ་བཞི་རྡོ་རྗེ་བཞིས་ཕྱེ་བ་ཐིག་ལེ་བཅུ་དྲུག་སྟེ། །དེའི་ཕྱིར་བུད་མེད་ནི་ལོ་བཅུ་གཉིས་དང་སྐྱེས་པ་ལོ་བཅུ་དྲུག་གི་བར་དུ་ཁམས་ཕྱིར་མི་འབབ་ལ། དེ་ནས་འབབ་བོ། དང་པོ་ལ་ནི་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་ཐིག་ལེ་དང་། ཕྱི་མ་དེ་ཉིད་རྣམ་པ་བཅུ་དྲུག་གི་ཐིག་ལེ་ཞེས་བྱའོ། །སེམས་ཅན་ཆོས་དང་དམིགས་པ་མེད། །སྙིང་རྗེ་འདི་ནི་རྣམ་གསུམ་གྱིས། །བྱང་ཆུབ་སེམས་ནི་ཟླ་བར་འགྱུར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཅན། །བདེ་བ་ཆེན་པོ་ཨཱ་ལི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །འདི་ལྟར་འཕོ་བ་བཅུ་དྲུག་ལ། །བྱིས་པ་སོ་སོའི་སྐྱེ་བོ་ལོ་བཅུ་དྲུག་མན་ཆད་ཀྱི་དབང་དུ་བྱས་ནས། སྤྱི་བོའི་ཟླ་བ་ལས་ཁུ་བ་འཕེལ་བའི་ཚུལ་གྱིས་དཔྲལ་བའི་རྩ་འདབ་ཀྱི་དབུས་སུ་དཀར་པོའི་ཚེས་གཅིག་དགའ་བ་ལ་ཨ་ཡིག་གི་རང་བཞིན་དུ་འཕེལ་ལ། དེ་ནས་ཨ་ཡིག་གི་བདག་ཉིད་ཀྱིས་ཚེས་གཉིས་བཟང་པོ་དང་། རི་ཡིག་གི་བདག་ཉིད་ཀྱིས་ཚེས་གསུམ་རྒྱལ་བ་དང་། ཨུ་ཡིག་གི་བདག་ཉིད་ཀྱིས་ཚེས་བཞི་སྟོང་པ་དང་། ལི་ཡིག་གི་བདག་ཉིད་ཀྱི་ཚེས་ལྔ་རྫོགས་པར་འཕེལ་བ་སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །དེ་ནས་དགའ་བ་གཉིས་པ་དང་། བཟང་པོ་དང་། རྒྱལ་བ་དང་། སྟོང་པ་དང་། རྫོགས་པ་གཉིས་པ་རྣམས་ལ་ཨ་ཨེ་ཨར་ཨོ་ཨལ་གྱི་རང་བཞིན་མགྲིན་པ་ནས་སྙིང་གའི་བར་དུ་འཕེལ་བ་ཆོས་ལ་དམིགས་པའི། དེ་ནས་དགའ་བ་གསུམ་པ་ལ་སོགས་པ་ལྔ་ལ་ཧ་ཡ་ར་ཝ་ལ་ཞེས་པའི་རང་བཞིན་སྙིང་ག་ནས་ལྟེ་བ་དང་གསང་བའི་བར་དུ་འཕེལ་བ་རྡོ་རྗེའམ་པདྨའི་རྩེར་ཕྱིན་པ་ཨཾ་ཆ་བཅུ་དྲུག་པ་སྟེ། དཀར་པོའི་ཕྱོགས་གསང་བའི་རྩེ་མོ་ནས་ཕྱིར་འཛག་པ་ཉི་མ་རྡུལ་གྱི་གཟུགས་ཀྱིས་བཀབ་པས་ཟླ་བ་ཉམས་པ་ཞེས་བྱ་བ་ནག་པོའི་ཚེས་གཅིག་འོངས་ནས་ལཱ་ལ་སོགས་པ་ལུགས་ལས་བཟློག་པའི་དབྱངས་རིང་པོ་བཅོ་ལྔས། དགའ་བ་ཟད་པ་ལྔ་གསང་བའི་བར་དང་། མཆོག་དགའ་ཟད་པ་སྙིང་གའི་བར་དང་། དགའ་བྲལ་ལམ་ཁྱད་དགའ་ཟད་པ་དཔྲལ་བ་དང་། ལྷན་ཅིག་སྐྱེས་དགའ་ཟད་པ་ནག་པོའི་ཕྱོགས་བཅུ་དྲུག་པ་ཨཿསྟེ་གཙུག་ཏོར་དུའོ། དབང་མདོར་བསྟན་ལས། ས་བོན་ཟླ་བ་གཙུག་ཏོར་ཤར། །གསང་བའི་ཆུ་སྐྱེས་དག་ལ་རྫོགས། །ཆ་ནི་བཅུ་དྲུག་མ་གང་སྟེ། །རྡོ་རྗེ་ནོར་བུའི་པད་རྩེར་སོན། །དེ་འོག་འཕོ་བའི་དུས་ཡིན་ཏེ། །ནག་པོའི་ཚེས་གཅིག་འོངས་ནས་སོ། །སྟོང་པ་དགའ་བ་བྲལ་བ་ཡིས། །ཉི་མ་མཛོད་སྤུར་འགྲོ་བར་འགྱུར། །དེ་ཡི་ཆ་ནི་བཅུ་དྲུག་གམ། །གཙུག་ཏོར་པདྨར་སོང་བ་ན། །འདིར་ནི་ཟླ་བ་ཟད་པར་བརྗོད། །འདོད་ཆགས་བདེ་བ་བྲལ་ཕྱིར་རོ། །དེ་ལྟ་བུའི་འཕོ་བའང་གཡོན་རྐྱང་མའི་ཕྱོགས་བཟུང་ནས་ལས་བྱེད་ལ་དེ་ལའང་ལྟེ་བའི་རྩ་བདག་པོར་གྱུར་པས་གསང་བའི་རྩ་མི་ཕྱེད་མ་ལ་སོགས་པར་རྒྱུ་བའི་ཚུལ་གཅིག་གོ །དེ་ནི་བཅུ་གཉིས་མའམ་བཅུ་དྲུག་པ་ཕན་དུ་ཁམས་རང་བཞིན་གྱི་འཛག་པ་མེད་པ་དང་། རྣལ་འབྱོར་པ་རྣམས་ལ་སྲོག་ཀུན་ཏུ་རྒྱུ་བའི་སྟོབས་སམ་རྣལ་འབྱོར་གྱི་སྟོབས་ཀྱིས་སྔར་བཤད་པའི་ལས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དབང་མདོར་བསྟན་ལས། མཛོད་སྤུར་ཆུ་སྐྱེས་སངས་རྒྱས་ཀུན། །ཟླ་བ་བདུད་རྩི་ཉ་ཡིན་ནོ། །ཉི་རྡུལ་གནམ་སྟོང་གསལ་བ་ལ། །གཙུག་ཏོར་ནོར་བུ་དེ་གཉིས་འཆར། །སྟོན་པའི་རྡོ་རྗེའི་ཚིག་འདི་ནི། །ལུས་ཅན་རྣམས་ལ་ཕྱིན་ཅི་ལོག །མི་གནས་མྱ་ངན་འདས་པ་ཡིན། །ཁམས་རྣམས་ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་པའི་ནཱ་རོ་འགྲེལ་ཆེན་དུ། །བཅོམ་ལྡན་འདས་ཀྱིས་སྔོན་འདི་མཛད་དོ་ཞེས་པ་ལ་སོགས་པ་སྟོན་པ། སངས་རྒྱས་ཤེས་པ་ལ་སོགས་པའོ། །སངས་རྒྱས་རྣམས་ཀྱིས་ནི་ཟླ་བ་བདུད་རྩི་ཉ་སྟེ་ཆ་བཅོ་ལྔ་ཡོངས་སུ་རྫོགས་པ་ཉིད་མཛོད་སྤུའི་པདྨར་ཏེ་དཔྲལ་བར་རོ། །ཉི་རྡུལ་གནམ་སྟོང་གསང་བར་རོ། །སངས་རྒྱས་རྣམས་ཀྱི་དེ་དག་སྟེ་ཟླ་བ་དང་ཉི་མ་ཆ་བཅུ་དྲུག་པ་དག་རིམ་པ་ཇི་ལྟ་བས་གཙུག་ཏོར་དང་རྡོ་རྗེ་ནོར་བུའོ། །ཞེས་གསུངས་པས། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་རྐང་པ་གཡོན་པའི་མཐེ་བོང་ལ་སོགས་པའི་ཚིགས་དང་པོ་དང་། གཉིས་པ། གསུམ་པ། ལོང་བུའི་དང་། པུས་མོའི་དང་། བརླ་དཔྱི་མཚམས་སུ་དང་། ལག་པ་གཡོན་པའི་ཚིགས་དང་པོའི་མཚམས་སུ་དང་། ཚིགས་བར་མ་དང་། ཚིགས་གསུམ་པ་དང་། མཁྲིག་མའི་དང་། གྲུ་མོ་ཡི་དང་། དཔུང་ཕྲག་གི་ཚིགས་མཚམས་དང་། སྙིང་གར་དང་། མགྲིན་པར་དང་། དཔྲལ་བར་བཅོ་ལྔ་པ་དང་། ཉའི་མཐར་གཙུག་ཏོར་དུ་ཆ་བཅུ་དྲུག་པར་བྱང་ཆུབ་ཀྱི་སེམས་འཕོ་སྟེ། དེའང་བྱང་ཆུབ་ཀྱི་སེམས་དྭངས་མའི་ཡི་གེ་ཨཱ་ལི་བཅུ་དྲུག་གི་རྣམ་པར་བྱས་ཏེའོ། །དེ་ནས་ནག་པོའི་ཚེས་གཅིག་ནི་དཔྲལ་བ། གཉིས་པ་མགྲིན་པ། གསུམ་པ་སྙིང་། བཞི་པ་ལག་པ་གཡས་པའི་ཕྲག་དཔུང་གི་ཚིགས་མཚམས་ནས་ནོར་བུའམ་གཡས་པའི་རྐང་སོར་གྱི་མཐར་གནམ་སྟོང་གི་བར་དུ་དབྱངས་ཡིག་བཅུ་དྲུག་ལུགས་བཟློག་རིང་པོའི་ཚུལ་གྱིས་འཕོ་བར་འགྱུར་རོ། །དགྱེས་རྡོར་རྩ་རྒྱུད་ལས། དབྱངས་རྣམས་ཟླ་བའི་ཆ་དབུས་སུ། །སུམ་ཅུའི་དབྱེ་བས་རྣམ་བྱང་བྱ། །ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ། །གནམ་སྟོང་མཐར་ཐུག་སུམ་ཅུའི་ལྷ། །ཨ་ཨི་རྀ་ཨུ་ལྀ་ཞེས་འདི། །ཚེས་གཅིག་ལ་སོགས་རིམ་ཇི་བཞིན། །ཨ་ཨེ་ཨར་ཨོ་ཨལ་ཞེས་འདི། །དྲུག་པ་ལ་སོགས་ཡོངས་སུ་གྲགས། །ཧ་ཡ་ར་ཝ་ལ་ཞེས་འདི། །བཅུ་གཅིག་པ་སོགས་རྣམས་སུ་བཤད། །ལཱ་སོགས་ལྔ་རྣམས་རིམ་བཟློག་པས། །ནག་པོའི་ཚེས་གཅིག་སོགས་རྣམས་སོ། །ཨལ་ཡིག་ལ་སོགས་ལྔ་རྣམས་ནི། །ནག་པོའི་ཕྱོགས་ཀྱི་དྲུག་པོ་སོགས། །ལཱི་ཡིག་ལ་སོགས་ལྔ་རྣམས་གང་། །དབྱངས་རྣམས་བཅུ་གཅིག་པ་ལ་སོགས། །གང་བའི་མཐར་ནི་ཐིག་ལེར་བརྗོད། །གནམ་སྟོང་མཐར་ནི་རྣམ་བཅད་དོ། །དེ་རྣམས་ཡུད་ཙམ་རྣམ་དབྱེ་བས། །ཟླ་བ་སོ་སོའི་ཆ་རུ་བཤད། །ཅེས་སོ། །ས་མྦུ་ཊ་སྡོམ་འབྱུང་སོགས་ནས་ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡོན་པའི་མཐེབ་ཆེན་གྱི་རྩ་བར་ཨ། གཉིས་པ་བྱིན་པར་ཨཱ། གསུམ་པ་བརླ་ལ་ཨི། བཞི་པ་གསང་བར་ཨཱི། ལྔ་པ་ལྟེ་བར་ཨུ། དྲུག་པ་སྙིང་ཀར་ཨཱུ། བདུན་པ་ནུ་མའི་དབུས་སུ་རྀ། བརྒྱད་པ་མགྲིན་པར་རཱྀ། དགུ་པ་ལག་མཐིལ་དུ་ལྀ། བཅུ་པ་མཁུར་ཚོས་ལཱྀ། བཅུ་གཅིག་པ་མིག་ལ་ཨེ། བཅུ་གཉིས་པ་རྣ་བར་ཨཻ། བཅུ་གསུམ་པ་དཔྲལ་བར་ཨོ། བཅུ་བཞི་པ་འཚོགས་མར་ཨཽ། བཅོ་ལྔ་པ་སྤྱི་གཙུག་གི་གཡོན་དུ་ཨཾ་ལུས་ཐམས་ཅད་གང་བའི་སྐད་ཅིག་ཨཿ། མར་ངོ་ལ་དེ་ལུགས་བཟློག་ཏུ་གཡས་ཀྱི་མཐེབ་ཆེན་གྱི་རྩ་བའི་མཐར་ཐུག་པར་རོ། །བུད་མེད་ལ་ནི་བཟློག་སྟེ་བཤད་དོ། །དེ་ལྟར་ཡང་སྡོམ་འབྱུང་ལས། དེ་ལས་གཞན་ཡང་ཐིག་ལེའི་གཟུགས། །འཕོ་བ་ཡང་དག་བཤད་པར་བྱ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། །གཉིས་པ་བྱིན་པར་ཨཱ་ཡིག་སྟེ། །གསུམ་པ་བརླ་ལ་ཨི་ཡིག་གོ །སྐྱེ་གནས་བཞི་པར་ཨཱི་ཡིག་ཡིན། །ལྟེ་བ་ལྔ་པར་ཨུ་ཡིག་སྟེ། །སྙིང་གར་དྲུག་པ་ཨཱུ་ཡིག་གོ །ནུ་མར་བདུན་པ་རྀ་ཡིག་ཡིན། །མགྲིན་པར་བརྒྱད་པ་རཱྀ་ཡིག་སྟེ། །ལག་མཐིལ་དགུ་པར་ལྀ་ཡིག་གོ །མཁུར་ཚོས་བཅུ་པ་ལཱྀ་ཡིག་ཡིན། མིག་དང་བཅུ་གཅིག་པར་ཨེ་ཡིག །རྣ་བར་བཅུ་གཉིས་པར་ཨཻ་ཡིག །དཔྲལ་བ་བཅུ་གསུམ་པར་ཨོ་ཡིག །སྤྱི་བོར་བཅུ་བཞི་པ་ཨཽ་ཡིག །ཚངས་ཀྱི་གཡོན་དང་གཡས་སུ་ཉ། །ཨཾ་ཨཿ ཡི་གེའི་རང་བཞིན་ནོ། །ནག་པོའི་ཚེས་གཅིག་ནས་བརྩམས་ཏེ། །ཇི་སྲིད་གནམ་སྟོང་དེ་སྲིད་ལ། །འཕོ་བ་དེ་ཉིད་བཞིན་དུ་འགྱུར། །ཞེས་སོ། །ནང་དུ་དེ་ལྟ་བས་ཕྱི་རོལ་དུ་དཀར་པོའི་ཕྱོགས་ལ་ཟླ་བའི་ཆ་འཕེལ་བ་བཅོ་ལྔ་དང་། འགྲིབ་པའི་རྒྱུར་གྱུར་པའི་ནག་པོའི་ཆ་བཅོ་ལྔ་བྱུང་བ་ཡིན་ནོ། །ནུབ་ཕྱོགས་ནས་ཟླ་བའི་ཆ་རིམ་གྱིས་འཕེལ་ནས་ཆ་བཅོ་ལྔ་རྫོགས་པའི་མཐར་ནག་པོའི་ཚེས་གཅིག་གི་མུན་པ་མ་ཞུགས་པའི་བར་ནི་ཆ་བཅུ་དྲུག་པ་ཡིན་ལ། ཉལ་ཆ་རྫོགས་པའི་མཐར་ཟླ་བ་སྒྲ་གཅན་གྱིས་འཛིན་པ་ཡིན་ནོ། །དེའི་ཕྱིར་ཟླ་བ་ནི་ཉའི་མཐར་ནུབ་ཕྱོགས་ནས་སྒྲ་གཅན་གྱིས་འཛིན་པ་མི་སྲིད་དོ། །ནག་ཕྱོགས་ཀྱི་ཆ་བཅོ་ལྔ་རྫོགས་པའི་མཐར་དཀར་ཕྱོགས་ཀྱི་ཆ་དང་པོ་མ་སྐྱེས་པ་ནི། ཆ་བཅུ་དྲུག་པ་ཡིན་ལ། དཀར་ཕྱོགས་ཀྱི་ཆ་དང་པོ་འཆར་བའི་ཐོག་མར་ཉི་མ་ལ་སྒྲ་གཅན་འཇུག་པར་འགྱུར་རོ། །དེའི་ཕྱིར་ཉི་མ་སྒྲ་གཅན་གྱི་ཤར་ཕྱོགས་ནས་འཛིན་པ་མི་སྲིད་དོ། །ཟླ་བ་ལ་ཞག་བཅོ་ལྔར་མཐར་གང་བའི་ཆ་རེ་ཡོད་པས། ཟླ་བ་གཅིག་ལ་སྒྲ་གཅན་འཇུག་ཐེབས་གཉིས་འབྱུང་བ་ངེས་སོ། །ཉི་མ་ལ་ལྷོ་བྱང་གི་བགྲོད་པ་རེའི་མཐར་གང་བའི་ཆ་རེ་ཡོད་པས། ལོ་རེ་ལ་སྒྲ་གཅན་གྱིས་འཛིན་པའི་དུས་གཉིས་ཡོད་དོ། །དེ་ནི་ཉི་མའི་འཕོ་བ་བཤད་པར་བྱ་སྟེ། ཉིན་ཞག་སུམ་བརྒྱ་དྲུག་ཅུ་དེ་དག་ཟླ་བ་བཅུ་གཉིས་སུ་འགྱུར་ལ། དེའང་བགྲོད་པ་གཉིས་སུ་འགྱུར་ཞིང་། ལྷོ་བྱང་གི་བགྲོད་པ་རེ་རེ་ལ་ཉིན་ཞག་བརྒྱ་བརྒྱད་ཅུ་རེ་ཡོད་དེ་འཕོ་བའི་ཟླ་བའི་དབྱེ་བས་ཀརྐ་ཊ་ལ་སོགས་པ་ལྷོར་བགྲོད་པ་ལ་ནམ་མཁའ་ལ་སོགས་པ་སྤྲོ་བའི་རིམ་པས་དབྱངས་ཐུང་ངུ་དྲུག་དང་བཅས་པའི་སྡེ་པ་དྲུག་ཉི་མས་ཟླ་བ་དྲུག་གིས་སྤྱོད་དོ། །དེ་ནས་བྱང་དུ་བགྲོད་པ་ལས་ས་ལ་སོགས་པའི་དབྱེ་བས་དབྱངས་རིང་པོ་དང་བཅས་པའི་སྡེ་བ་དྲུག་གིས་སྤྱོད་དོ། །གང་དུ་དབྱངས་ཐུང་ངུ་དང་བཅས་པ་སྤྱོད་པ་དེར་མཚན་མོ་འཕེལ་བར་འགྱུར་རོ། །གང་དུ་དབྱངས་རིང་པོ་དང་བཅས་པ་སྤྱོད་པ་དེར་ཉིན་མོ་འཕེལ་བར་འགྱུར་རོ། །ཇི་ལྟར་ཕྱི་རོལ་གྱི་བཞིན་དུ་ནང་དུ་རྡུལ་ཉི་མའི་གཟུགས་ཀྱང་ཀརྐ་ཊའི་ཚེས་གཅིག་ལ་ང་ལ་སོགས་པ་ཀ་སྡེ་ཐུང་ངུའི་རང་བཞིན་དུ་ལྟེ་བའི་གཡོན་གྱི་རྩ་དང་པོ་ལ་འཇུག་ཅིང་། སེང་གེའི་འཕོ་བ་ལ་ཉ་སྡེ་ཙ་སྡེ་ཐུང་ངུ་རྩ་གཉིས་པ། བུ་མོ་ཊ་སྡེ་གསུམ་པ། སྲང་པ་སྡེ་བཞི་པ། སྡིག་པ་ཏ་སྡེ་ལྔ་པ། གཞུའི་འཕོ་བ་ཀྠ་ནས་ས་སྡེ་ཐུང་ངུས་འཇུག་པ་རྩ་དྲུག་པ་སྟེ། རྡུལ་ཉམས་ཤིང་ཟླ་བ་འཕེལ་བའི་དབྱེ་བས་སོ། །དེ་ནས་ཆུ་སྲིན་ལ་ས་སྡེ་རིང་པོའི་རང་བཞིན་ལུགས་འབྱུང་གིས་འཕེལ་བའི་ཚུལ་གྱིས་གཡས་པའི་རྩ་དྲུག་པ་ལ་ཞུགས་སོ། །དེ་བཞིན་དུ་བུམ་པར་ཏ་སྡེ་དང་། ཉར་པ་སྡེ་དང་། ལུག་ལ་ཊ་སྡེ་དང་། གླང་ལ་ཙ་སྡེ་དང་། འཁྲིག་པ་ལ་ཀ་སྡེ་རྣམས་དབྱངས་རིང་པོ་དང་ལྡན་པས་གཡས་པའི་རྩ་ལྔ་པ། བཞི་པ། གསུམ་པ། གཉིས་པ། དང་པོ་རྣམས་ལ་སྤྱོད་དོ། །འགྲིབ་པའི་ས་སྡེ་རྫོགས་པའི་མཚམས་སུ་གང་བ་གཞོམ་དུ་མེད་པའི་ཆ་འཆར་བས་དེ་ནི་ཝཾ་ཡིག་གོ །ཕྱི་རོལ་དུ་སྟོང་པའི་ཉིན་ཞག་གོ །འཕེལ་བ་ཀ་སྡེ་རྫོགས་པའི་མཐར་གཞོམ་དུ་མེད་པ་འཆར་བར་ཨེ་ཡིག་གིས་འཇུག་པ། ཕྱི་རོལ་དུའང་སྟོང་པའི་ན་ཞག་སྟེ། ལྟེ་བའི་རྩ་སྟོང་པ་བཞིའི་བྱེད་པས་ལོར་ལ་དྲག་པོ་རྐང་པ་དང་བཅས་པ་ལྷག་པའི་ཞག་གོ །ནང་ལྟེ་བའི་རྩ་དེ་རྣམས་ལས་སྐྱེས་པ་རྣམས་ནི་ལག་པ་དང་རྐང་པའི་ཚིགས་རྣམས་ཏེ། དེར་སྔར་བཤད་པའི་ཁྱིམ་དེ་དག་གིས་ཇི་ལྟར་སྤྱོད་ཅེ་ན། གཡོན་པའི་ཕྲག་དཔུང་གི་ཚིགས་དང་། དཔུང་པ་དང་ཉེ་བའི་དཔུང་མཚམས་དང་། ལག་པ་དང་ལག་ངར་གྱི་མཚམས་དང་། རྐེད་པ་དང་བརླའི་མཚམས་མཐེའུ་ཆུང་ལ་སོགས་པའི་ཚིགས་ཀྱི་འཕྲེང་བ་དང་པོའི་མཚམས་དང་། པུས་མོའི་བརླའི་མཚམས་མཐེའུ་ཆུང་གི་ཚིགས་འཕྲེང་གཉིས་པ་དང་། བྱིན་པ་དང་པུས་མོའི་མཚམས་མཐེའུ་ཆུང་སོགས་ཀྱི་ཚིགས་འཕྲེང་གསུམ་པ། དེ་ནས་གཡས་སུ་མས་ནས་ཞུགས་ཏེ་གྱེན་དུ་འཛེག་གོ །དེ་ནི་རྡུལ་ལ་བརྟེན་པའི་བླ་གནས་སོ། །འདི་ལའང་ཕལ་པ་ལ་གྱེན་དང་རྣལ་འབྱོར་པ་ལ་འོག་ཏུའོ། །དེའི་ཕྱིར་ནང་རྡུལ་གྱི་ཁམས་ནི་ལོ་གཅིག་ལ་འཕེལ་འགྲིབ་བྱེད་པས། ཕྱི་རོལ་ཉི་མའི་འཕེལ་འགྲིབ་ཀྱང་དེས་སོ། །ནང་རྡུལ་འཕེལ་བས་ཕྱི་རོལ་དུ་ཉིན་མོའི་ཆ་འཕེལ་ལ། ནང་ཉི་མ་འགྲིབ་ཟླ་བ་འཕེལ་བས་མཚན་མོ་འཕེལ་བའོ། །འབུམ་ལྔར། གཡས་དང་གཡོན་པའི་རྒྱུ་བ་ལ། །དཀྱིལ་འཁོར་ལྔ་པོ་འབབ་པ་རྣམས། །དུས་དྲུག་གིས་ནི་རབ་དབྱེ་བས། །ཕྱི་རོལ་དེ་བཞིན་དེ་ལུས་ལའོ། །ཞེས་སོ། །གཞན་བྱང་ཆུབ་གྱི་སེམས་དེ་དག་པཱུ་ལི་ར་མ་ལ་ཡར་དབང་བྱེད། །ཛཱ་ལནྡྷ་རར་ལོངས་སྤྱོད། ོན་དུ་ཐིམ་པ་ནས་དེ་བཞིན་དུ་ཡན་ལག་ཐམས་ཅད་དུ་ཐིམ་པའི་བར་དུའོ། །སྐྱེད་པ་ཟླ་བའི་འཕེལ་བ་བཅུ་དྲུག་ལ་སྙིང་རྗེ་བཅུ་དྲུག་དང་། ཐིམ་པ་སྟོང་པ་བཅུ་དྲུག་མྱང་འདས་ཀྱི་ཆ། འདིར་ཐུན་མོང་དུ་འཕོ་བ་བཅུ་དྲུག་ལ། ཁྱིམ་བཅུ་གཉིས། ཉི་མ་འཛིན། ཐིག་ལེ་འགོག །ནམ་མཁའ་འགོག །ཅེས་བཤད་པས་སོ། །དེའི་ཕྱིར། སྐྱེད་པ་འཁོར་བ་དང་ནི་ཐིམ། མྱ་ངན་འདས་པ་སྟོང་ཉིད་བརྗོད། །ཡུལ་དང་དབང་པོའི་བདག་ཉིད་ཀྱིས། །ཟླ་བ་བདུད་རྩི་འོག་ཏུ་འགྲོ །སྟེང་དུ་ཉི་མ་སྒྲ་གཅན་ཏེ། །རྩ་རྣམས་འཁོར་ལོའི་རྩིབས་བཤད་པར། །ཕོ་ཉ་མོ་རྣམས་དེ་བརྟེན་ནས། །བྱ་བ་རྣམ་པ་དུ་མ་བྱེད། །ལོངས་སྤྱོད་ཐིམ་དབང་བདག་པོ་ལས། །ཞེས་སོ། །བཞི་པ་བྱང་ཆུབ་སེམས་ཀྱི་དེ་ཉིད་ནི། དང་པོའི་ཉིན་ཞག་དུས་བརྩིས་ནས། རིགས་ལྡན་མ་དང་ཕོ་ཉ་མཆོད། །ཇི་ལྟར་ནང་གི་དུས་དང་ཕྱིའི་རྣལ་འབྱོར་མ་རྒྱུ་བའི་དུས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་འཛག་པ་མེད་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཟླ་བ་ཆགས་པ་ཞུ་བའི་ཆགས་པ་ཆེན་པོ་དབུ་མ་མཆོག་གི་དབུགས་དྲིའི་ཆུ་དང་བཅས་པས་རིགས་ལྡན་མ་དང་ཕོ་ཉར་བཅས་པ་མཆོད་པར་བྱའོ། །འདི་དག་རྒྱས་པར་བདེ་མཆོག་སྟོད་འགྲེལ་ལས་སོ། །རིགས་ལྡན་མ་ནི་ཨ་བ་དྷཱུ་ཏཱི་དེ་ནི་རྡོ་རྗེ་ཕག་མོ་སྒྲིབ་པ་མེད་པ་སྒྲིབ་པ་གཟུང་བ་དང་འཛིན་པ་སྤངས་པ་རྣལ་འབྱོར་པ་རྣམས་ཀྱི་བདུད་ཀྱི་ཚོགས་ཟད་པར་བྱེད་པ་མོ་མི་ཤེས་པ་རྣམས་ཀྱི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་ཚོགས་དང་བྱང་ཆུབ་ཀྱི་སེམས་ཀྱང་ཟད་པར་བྱེད་པ་མོ་བྱང་ཆུབ་ཀྱི་སེམས་འཕོ་བ་ལས་འཆི་བ་སྟེར་བའོ། །དེ་ནི་རྡོ་རྗེ་རྣལ་འབྱོར་མ་རང་གི་སེམས་ཀྱི་སྣང་བ་ཙམ་ཕྱག་རྒྱ་ཆེན་མོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། རིགས་ལྡན་མ་དང་། པདྨ་ཞེས་བརྗོད་པར་བྱའོ། །ཞེས་ཕྱག་རྡོར་གྱིས་སོ། །ཕོ་ཉ་མོ་ནི་མཁའ་འགྲོ་མ་རྣམས་སོ། །དེ་དག་ཀྱང་དེ་ཉིད་དུ། མཁའ་འགྲོ་མ་ནི་རྡོ་རྗེ་མཁའ་འགྲོ་ལ་སོགས་པ་རྣམས་ཏེ། ནང་རྩ་སུམ་ཅུ་རྩ་དྲུག་པོ་རྣམས་དང་། ཐུགས་དང་གསུང་སྐུའི་འཁོར་ལོ་རྣམས་དང་། ཁ་ལ་སོགས་པའི་སྒོ་བརྒྱད་པོ་རྣམས་ལ་གནས་པ་རྣམས་སོ། །ཞེས་སོ། །དེ་ན་གང་ཞིག་སྟོང་པའི་ཆོས་ཅན་གྱི་མཁའ་འགྲོ་མ་དེ་རྣམས་དམིགས་པ་མེད་པའི་སྙིང་རྗེའི་སྐུ་དང་ལྷན་ཅིག་སྡོམ་པ་ཞེས་དང་། སྙིང་རྗེ་ནི་ཟླ་བ་བྱང་ཆུབ་ཀྱི་སེམས་ཏེ་ཞེས་པས་ཁམས་རྣམས་ལ་དཔའ་བོར་བརྗོད་ནས། དེ་དག་མི་ཕྱེད་པའི་འདུས་པ་ནི་མཆོད་པར་བྱ་བ་སྟེ། ཡང་ཐབས་དེས་རང་གི་ཤེས་རབ་དེ་ཉིད་མཆོད་པར་བྱའོ་ཞེས་པ། གཟུང་བ་དང་འཛིན་པའི་སེམས་དང་། །ཤེས་དང་ཤེས་བྱ་དང་། སྟོང་པ་ཉིད་དང་སྙིང་རྗེ་དག་གཅིག་པ་ཉིད་དུ་རྣལ་འབྱོར་པས་བྱའོ་ཞེས་པ་ངེས་པའི་དོན་ཏེ། །ཞེས་བཤད་དོ། །རྩ་རྒྱུད་ཉིད་དུ། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་སོ། །འཁོར་ལོ་བཞིའི་བྷ་གའི་ཐིག་ལེ་བཞི་སྐུ་བཞིའི་རང་བཞིན་གྱི་ཧེ་རུ་ཀ་བཞིར་རྣལ་འབྱོར་ཆེན་པོའི་རྒྱུད་མང་པོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །ཞེས་བཤད་ཅིང་བྱང་སེམས་ལྷའི་རང་བཞིན་དུ་བཤད་པའི་ལུང་འབྱམས་ཀླས་པས་དེ་ཙམ་ཞིག་ལས་མི་སྤྲོའོ། །ཇི་ལྟར་མཆོད་པའི་ཆོ་གའི་དབང་དུ་མཛད་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་པ་ལྟ། །ཞེས་བྱ་བ་ལ་སོགས་པས་གསུངས་སོ།། །།གཉིས་པ་སེམས་དངོས་པོའི་གནས་ལུགས་ལ། གཞི་ཕྱག་རྒྱ་ཆེན་པོ་གཏན་ལ་ཕབ། ལམ་ཕྱག་རྒྱ་ཆེན་པོས་ཉམས་སུ་བླང་། འབྲས་བུ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཨེ་ཝཾ་ལུས་ཀྱི་ལྟེ་བར་གནས། །ཨ་ཡིག་སྟོང་པ་ཉིད་རྟོགས་པར་བྱེད་པ་ལ་བདུན་པའི་མཐའ་ཅན་ཀྱི་རྣམ་དབྱེ་བྱིན་པས་ཨེ་ཡིག་ཏུ་འགྱུར་རོ། །དེའི་ཕྱིར་ཨེ་ཞེས་པའི་མིང་གིས་ཐམས་ཅད་ཀྱི་གཞི་ནམ་མཁའི་ཁམས་སམ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཤེས་རབ་བརྗོད་དོ། ཝཾ་ཡིག་གིས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྙིང་རྗེའི་མཚན་ཉིད་ཅན་གྱི་ཐབས་བརྗོད་དེ། ཤེས་རབ་ཇི་ལྟ་བར་ཐབས་ཀྱང་དེ་ལྟ་བ་དང་། ཐབས་ཇི་ལྟ་བར་ཤེས་རབ་ཀྱང་དེ་ལྟ་བས་ཡང་དག་པར་སྦྱོར་བས་ཨེ་ཝཾ་མོ། །དེ་ཉིད་ལ་སློབ་དཔོན་ཞེ་སྡང་རྡོ་རྗེས་ཇོ་བོ་ནཱ་རོ་པ་ཆེན་པོས། སེམས་ཉིད་རྣམ་མེད་དག་པ། གསལ་བ། ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ། ཞེས་གསུངས་པའི། རྣམ་མེད་དག་པའམ། ཟབ་པ་དག་གི་བརྗོད་པ་དང་། རྟོག་པས་མཚོན་དུ་མེད་ཅིང་མཐའ་གང་གིས་ཀྱང་མ་རེག་པའི་སེམས་ཉིད་དེ། དེ་ཉིད་ངོ་བོ་ཉིད་ཀྱི་བདེ་བ་གཏན་དུ་བ་ཡིན་པས་མཆོག་ཏུ་མི་འགྱུར་བའི་བདེ་བར་བརྗོད་དོ། ཨིནྡྲ་བྷཱུ་ཏིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་དང་། ཀྱེ་རྡོར་ལས། དམྱལ་བ་ཡི་དྭགས་བྱོལ་སོང་དང་། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱིས་ཡང་། །བདེ་བ་གང་ཕྱིར་མི་ཤེས་སོ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་སོ། །གསལ་བ་ཞེས་པ་ནི། མངོན་སུམ་ཁྱད་པར་ཅན་ནང་གི་དེ་ཁོ་ན་ཉིད་བསྒོམ་པའི་མངོན་སུམ་ཁོ་ནས་རིག་པར་གྱུར་པ་གདོད་མ་ནས་དག་པ། སྣ་ཚོགས་སུ་འཆར་བའི་རྣམ་པ་ལ་བྱའོ། །ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཞེས་པས་ཟབ་གསལ་དེ་གཉིས་ཆུ་དང་འཁྱགས་རོམ་བཞིན་ཐ་དད་དུ་འབྱེད་མི་ཤེས་པས་ཟུང་འཇུག་གམ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱའོ། །དེ་ལྟར་བརྟག་གཉིས་ལས། རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །ཞེས་སམ། འབུམ་ལྔ་ལས། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས། །སྔར་གྱི་ཝཾ་ཡིག་དེ་ཉིད་དོ། །རྡོ་རྗེའི་སྒྲས་ཀྱང་ཨེ་ཡིག་སྟེ། །རྣམ་པ་ཀུན་དོན་སྟོང་པ་ཉིད། །གང་ཞིག་འདི་དག་སྙོམས་འཇུག་པ། །རྣལ་འབྱོར་སྒྲ་ཡིས་བརྗོད་པར་བྱ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །དེ་ནི་དངོས་མེད་སྒོམ་དངོས་མེད། །དངོས་པོ་ཐམས་ཅད་དང་བྲལ་བ། །ཁམས་དང་སྐྱེ་མཆེད་ཀྱིས་མ་ཟིན། །རང་བཞིན་གྱི་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་པས་ཆོས་རྣམས་མཚན་ཉིད་སངས། །ཆོས་དང་ཆོས་ཉིད་ཀྱང་མེད་དེ། །དངོས་པོ་མེད་པ་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །དེ་ནི་དུས་དང་ཕྱོགས་རྣམས་དང་། །ཆོས་ཀུན་གྱི་ནི་ངོ་བོར་སོང་། །ལུས་མ་ཡིན་ཏེ་ངག་དང་ནི། །ཡིད་ཀྱང་མ་ཡིན་འདོད་ཁམས་དང་། །གཟུགས་དང་གཟུགས་མེད་ཁམས་མ་ཡིན། །འབྱུང་ཆེན་བཞི་ཡང་མ་ཡིན་ཏེ། །དེ་བས་དེ་ཉིད་གང་ན་ཡང་། །མི་གནས་པས་ན་མཉམ་པ་ཉིད། །དེ་འདྲའི་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་མཆོག །ཐབས་ཀྱིས་བསྒྲུབ་པར་བྱ་བའི་དངོས། །བཏགས་པ་ཀུན་ལས་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུ་དཔག་དཀའ་བ། །ཕྱག་རྒྱ་ཆེན་པོར་རབ་སྣང་བའི། །ཟེར་གྱི་རང་གཞན་སྨིན་བྱེད་པ། །དེ་གཉིས་མེད་པའི་རང་བཞིན་མཆོག །རྡོ་རྗེ་འཛིན་པ་ཆེན་པོས་ཀྱང་། །བརྗོད་དུ་མེད་པའི་སྐུ་ཆེན་པོ། །དེ་གཉིས་རྒྱལ་སྲས་ཞིང་བཅས་དང་། །སྲིད་གསུཾ་རྒྱུ་དང་མི་རྒྱུར་བཅས། །ཐམས་ཅད་ཀུན་གྱི་བདག་ཉིད་དེ། །ཆོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་ཡང་དེ་ཉིད་དོ། །འབྱུང་ཆེན་རྣམས་ཀྱང་དེ་ཉིད་དོ། །ཅི་ཡི་ཕྱིར་ན་ཆོས་ཐམས་ཅད། །སེམས་ལ་གནས་ཏེ་དེ་ཉིད་ཀྱང་། །ནམ་མཁའ་ལ་གནས་ནམ་མཁའ་ནི། །གང་དུའང་མི་གནས་འོད་གསལ་བ། གདོད་ནས་རྣམ་དག་སྟོང་པའོ། །སངས་རྒྱས་མྱ་ངན་འདས་པའི་ཁམས། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །བདེ་གཤེགས་ཀུན་གྱི་སྙིང་པོ་མཆོག །གཉིས་མེད་རྟོག་བྲལ་དོན་ཆེན་ཏེ། །རིམ་པ་གཉིས་པར་རབ་ཏུ་བཤད། །ཅེས་དང་། གྲོལ་ཐིག་ཏུ། རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བྱའོ། དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །ཞེས་དང་། སྤྱོད་བསྡུས་སུ། གང་བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་པའི་མཚན་ཉིད་ཅན་དེ་ནི་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་བདེན་པ་གཉིས་ཞེས་བགྱི་བ་དེ་གང་ལགས། སྨྲ་པ། དང་པོ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། གཉིས་པ་ནི་དོན་དམ་པའི་བདེན་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་བདེན་པ་གཉིས་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། བཅོམ་ལྡན་འདས་ཀྱི་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་བཀའ་སྩལ་ཏེ་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གནས་དོན་དམ་པའི་བདེན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཆོས་ཐམས་ཅད་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་རྣམས་ཏེ། དེའང་དོན་དམ་པའི་བདེན་པ་ལ་གནས་པས་གནས་མེད་པའི་ཚུལ་གྱིས་དོན་དམ་པའི་བདེན་པ་ནི་བདག་མེད་པ། ཟིལ་གྱིས་མི་ནོན་པ། །ཐམས་ཅད་སྟོང་པ་སྟེ་འཕེལ་བ་མེད་པ། འགྲིབ་པ་མེད་པ་རྣམ་པར་དག་པ་དང་། ནམ་མཁའ་དང་མཉམ་པ་དང་། དྲི་མ་མེད་པའི་ངོ་བོ་ཉིད། ཡི་གེ་མེད་པ། ཚིག་མེད་པ། ལུས་དང་། ངག་དང་། ཡིད་དང་བྲལ་བ། ཡོད་པ་མ་ཡིན། མེད་པ་མ་ཡིན། སྤྱོད་པ་མ་ཡིན། མི་སྤྱོད་པ་མ་ཡིན། ཐག་རིང་བ་མ་ཡིན། ཐག་ཉེ་བ་མ་ཡིན། སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། དབུ་མའང་མ་ཡིན་པ་འདི་ནི་དོན་དམ་པའི་བདེན་པའོ། དེ་བས་ན་དེ་ནི་མཆོག་ཏུ་ཟབ་པ་དང་། བརྟག་པར་དཀའ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་སྟེ་ཀུན་རྫོབ་ཀྱི་བདེན་པའི་རྐྱེན་ཅན་ནོ། རྒྱུ་རྐྱེན་གྱིས་འབྱུང་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་ཇི་སྲིད་དུ་རྨི་ལམ་དང་། མིག་འཁྲུལ་དང་། གཟུགས་བརྙན་ལྟར་སྣང་བ་དང་ལྡན་པ། སྒྱུ་མའི་ཏིང་ངེ་འཛིན་རང་གི་མཚན་ཉིད་ཀྱི་ཚངས་པའི་གནས་བཞིའི་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཟུང་དུ་འབྲེལ་བར་འཇུག་པའི་རིམ་པ་འདི་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །དྲི་མེད་འོད་དུའང་། རྫོགས་པའི་རིམ་པ་ནི་ལྷན་ཅིག་སྐྱེས་པ་དང་། རྣམ་པར་མི་རྟོག་པ་དང་། རྣམ་པ་ཐམས་ཅད་པའི་མཚན་ཉིད་གསུམ་ལྡན་དུ་གསུངས་པའང་དེ་ཡིན་ནོ། །དེ་ལྟ་བུའི་ཟབ་གསལ་གཉིས་མེད་དེ་ཉིད་ཐོག་མ་མེད་པའི་འཁོར་བ་ནས་ཐ་མ་མེད་པའི་མྱ་ངན་འདས་པའི་བར་དུ་སྤུ་རིས་མི་འགྱུར་བར་གནས་པའི་ཕྱིར་སེམས་དངོས་པོའི་གནས་ལུགས་དང་དེ་ཁོ་ན་ཉིད་ཅེས་ཀྱང་བྱའོ། །དེ་ཉིད་ལ་ལྷན་ཅིག་སྐྱེས་པ་ཞེས་ཀྱང་བྱ་སྟེ། བརྟག་གཉིས་སུ། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བྱ། །ཞེས་གསུངས་ལ། གཉིས་ལྷན་ཅིག་ཏུ་སྐྱེས་པས་ནི་ལྷན་ཅིག་སྐྱེས་པ་སྟེ། བཅོས་མ་དག་ལའང་དེའི་སྒྲ་འཇུག་པས། དེ་ལས་དབྱེ་བའི་ཕྱིར་རང་བཞིན་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །གཉིས་གང་ཞེ་ན་རྣམ་པ་དང་བཅས་པའི་རྣམ་པ་ཐམས་ཅད་དང་། དེ་རང་བཞིན་གང་དུ་སྡོམ་པའི་ཟབ་མོ་སྟེ། དེ་གཉིས་མཚན་ཉིད་ཐ་དད་དུ་ཕྱེའང་ངོ་བོ་ཉིད་ནི་གཅིག་ཡིན་ནོ། །འདི་གཏན་ལ་དབབ་པའི་ཕྱིར་ལྭ་བ་པས། ལྷན་ཅིག་སྐྱེས་གྲུབ་ཅེས་པ་མཛད་ཅིང་། དཔལ་མོས་རྒྱ་ཆེར་བཀྲལ་ལོ། དེར། ཀུན་འགྲོ་ལྷན་ཅིག་སྐྱེས་ཞི་བ། །རྟག་ཏུ་འབྱུང་ཞིང་རང་ལ་གནས། །དུས་ཀུན་ཏུ་ནི་མ་ཟད་པ། རྟོག་པས་བཏགས་པ་སྤངས་པ་ཉིད། །རང་དང་ཕྱི་རོལ་ནང་ན་གནས། །ཕྱི་དང་ནང་ལས་མ་སྐྱེས་པ། །ཟུང་འཇུག་ཚིག་གི་དོན་དེ་ནི། །རྒྱུ་དང་མི་རྒྱུ་གནས་པ་ལས། །དུས་ཀུན་ཏུ་ནི་ཡང་དག་གནས། །གཞུང་ལས་མ་གཏོགས་རྙེད་མི་འགྱུར། །གང་དང་མཚུངས་པར་སྐྱེས་པ་ནི། །དེས་ན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་དང་། ལྷན་ཅིག་སྐྱེས་འདི་དངོས་རྣམས་ཀྱི། །རྒྱུ་དག་ཏུ་ནི་ཡོངས་སུ་བརྗོད། །ཅེས་གསུངས་སོ། །དེ་ལྟ་བུའི་ཨེ་ཝཾ་དེ་ཉིད་ལུས་ཀྱི་ལྟེ་བར་གནས་པས། །དེ་ཉིད་ལུས་གནས་ཡེ་ཤེས་ཆེ། །ཞེས་བྱའོ། །འོན་ཀྱང་། རྣམ་རྟོག་ཀུན་སྤངས་དེ་ཉིད་གྲུབ། །སྐྱེ་བ་དང་འཇིག་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་ལུས་ལས་སྐྱེས་པ་མ་ཡིན་ལ། ལུས་འཇིག་ན་དེ་འཇིག་པར་ཡང་མི་འགྱུར་ཏེ། དཔེར་ན་སྤྲིན་ཞིག་ཀྱང་ནམ་མཁའ་མི་འཇིག་པ་བཞིན་ནོ། །དེའི་ཕྱིར་བརྟག་གཉིས་སུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་སོ། །དེ་ལྟེ་བར་གནས་པའང་། བརྟག་པ་ཕྱི་མར། དེ་ཡི་བདེ་བར་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དེ་ཉིད་སྐྱེ་བ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཨ་ཡིག་ཏུ་བཤད་དེ། །དེར། དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བཏགས། །ཞེས་གསུངས་ལ། དེའི་ཕྱིར་ཨ་ཡིག་བསྒྲུབ་པའི་གཞིར་ཨ་བཤད་པའང་དེའོ། །འདི་ལ་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ཞེས་དཔལ་ཟླ་འོད་གཞོན་ནུས་གསུངས་ཏེ་ཕྱག་རྒྱ་ཆེན་པོའོ། །གཉིས་པ་ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བ་ནི། དཀྱིལ་འཁོར་འཁོར་ལོ་ལས་དང་ནི། །ཡེ་ཤེས་ཕྱག་རྒྱའི་རྣམ་རྟོག་བྲལ། །དཀྱིལ་འཁོར་ནི་རྟེན་ཡིན་ལ། འཁོར་ལོ་ནི་བརྟེན་པ་ལྷའི་ཚོགས་ཏེ། དེ་ལྟ་བུ་རྟོགས་པའི་བསྒོམ་པ་དང་། འཛག་པའི་བདེ་བ་སྦྱིན་པ་མོ་ནི་ལས་ཀྱི་ཕྱག་རྒྱ་དང་། གཡོ་བའི་བདེ་བ་སྦྱིན་པ་མོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་དག་ཙམ་བསྒོམས་པས་ནི་ཚེ་འདི་ལ་འདོད་པའི་གཟུགས་ཀྱི་མཐར་ཐུག་པའི་འོག་མིན་གྱི་དངོས་གྲུབ་ནི་ཐོབ་པར་བྱེད་ནུས་མོད། འདོད་པའི་དངོས་གྲུབ་ཆེན་པོ་ནི་རྙེད་པར་མི་ནུས་ཏེ། དངོས་པོར་མངོན་པར་ཞེན་པ་དང་མ་བྲལ་བས་མ་རིག་པ་ཉིད་དུ་འགྱུར་བས་སོ། །ཡང་རྣམ་རྟོག་བྲལ་ཞེས་པ། མེད་པ་དགག་པའི་རྒྱུན་ལ་གོམས་པའི་སྟོང་པ་ཉིད་ཙམ་མམ། ཡུལ་སྔ་ཕྱི་ལ་འཇུག་པ་བོར་བའི་བར་དུ་རྟོག་མེད་ལུང་མ་བསྟན་ཐ་མལ་པས་མྱོང་བའི་ཡེ་ཤེས་ཙམ་ཤར་ལ། དེ་ཁོ་ནར་ཞེན་པའི་མཐའ་སོ་སོ་རང་གི་རིག་པས་སེལ་བར་མ་ནུས་པ་ནི་ཐལ་བྱུང་གི་སྟོང་པ་སྟེ། དེ་ལྟ་བུའི་རྣམ་པར་མི་རྟོག་པས་གྲོལ་བར་མི་འགྱུར་ཏེ། དངོས་པོ་མེད་པར་ཞེན་པས་རང་བཞིན་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཡང་ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་པས་ཀྱང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། ཞེས་དང་། ནག་པོ་སྤྱོད་པས། རྣམ་མི་རྟོག་ལས་སངས་རྒྱས་མིན། །དེ་བཞིན་རྣམ་རྟོག་བཅས་ལས་ཀྱང་། །ཞེས་དང་། གྲོལ་ཐིག་ཏུ། ཟབ་མོ་ཁོ་ན་བསྒོམས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །ཅེས་སོ། །འོ་ན་གང་གིས་གྲོལ་བར་འགྱུར་ཞེ་ན། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབས་གཞག །ཆོས་དང་པོས་ནི། སེམས་སྐད་ཅིག་སྔ་མའི་དོན་སྤྱི་དེ་ཕྱི་མས་སྟོང་ཉིད་དུ་བསྒོམས་ཀྱང་གནས་ལུགས་ལ་མ་ཞུགས་པའི་ཕྱིར་དེ་སྤང་བར་བསྟན་ཏེ། ལོ་ཙ་བ་ཆེན་པོས། སྒོམ་པ་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་ཏུ་མེད། །གཉིས་པས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་བྱ་བ་འགོག་པ་སྟེ། འཇུག་ཤེས་ལྔ་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ལ་ཡང་དག་པར་བཞག་ནས་དེ་མི་གཡོ་བར་བཅིང་བ་སྟེ། ཡང་དེ་ཉིད་ཀྱིས། རྩ་བ་ཁྱིམ་ན་གནས་པའི་ཕྱིར། །ཡིད་ཀྱི་རྣམ་ཤེས་བཙོན་དུ་གཟུང་། །གསུམ་པས་ནི་ད་ལྟའི་སེམས་ཀྱི་སྐད་ཅིག་བརྟགས་དཔྱད་ཀྱིས་བསླད་པར་མ་བྱས་པ་དང་འགྲོགས་པ་བསྟན་ཏེ། ཐ་མལ་ཤེས་པ་རང་ལུགས་ཏེ། །མ་བཅོས་སོ་མ་ཉིད་དུ་ཞོག །བྱ་བ་རྣམས་ལ་ཁྱོད་མ་རྟོག །བཞི་པས་ནི་རྣམ་པར་རྟོག་པའི་བསམ་གཏན་དག་སྤང་བར་བྱ་བ་བསྟན་པ་སྟེ། ཕྱོགས་དང་ཆ་ལ་མི་གནས་ཏེ། །སྤྲོས་བྲལ་ནམ་མཁའི་དཀྱིལ་དུ་ལྟོས། །ལྔ་པས་ནི་འཁོར་བ་ན་ཁམས་གསུམ་གྱི་བཀོད་པ་སྣ་ཚོགས་སུ་སྣང་ཡང་དེ་ཐམས་ཅད་ནི་ནང་གི་རྟོག་པས་བཏགས་པ་ཐག་པ་སྦྲུལ་དུ་གཟུང་བ་ལྟ་བུ་ཡིན་པས། འཁོར་བ་ཞེས་སྤང་དུ་མེད་ལ། མྱ་ངན་ལས་འདས་པ་ཞེས་བླང་དུ་མེད་པར་བསྟན་ཏེ། འཁོར་བ་སྐྱོན་དུ་མི་བལྟ་ཞིང་། །མྱ་ངན་འདས་པ་ཐོབ་བྱར་མིན། །དྲུག་པ་ནི། བློ་མ་བཅོས་པའམ་རང་བབས་སུ་ཇི་ལྟར་གནས་པ་ནི་རྟོག་པས་མཚོན་དུ་མེད་པའི་ཟབ་མོ་དང་། ཡུལ་རྐྱེན་གྱིས་བཞག་པ་མ་ཡིན་པའི་རྣམ་པའམ་འོད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོར་ཡང་སོང་ལ། རང་རིག་པས་ཆོས་དེ་རྣམས་ཉིད་དུའང་བཞག་ཏུ་མེད་པས་དབྱེར་མེད་པའམ་གཉིས་སུ་མེད་པ་ཞེས་བྱ་བ་ལ་གནས་པ་ཉིད་ཤིན་ཏུ་རྣམ་པར་དག་པའི་ལམ་དངོས་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། རྒྱུན་ཆད་མེད་པ་གཉུག་མའི་སེམས། །གདོད་ནས་དག་པ་དེ་བཞིན་ཉིད། །ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་། །ཞེས་དང་། ཟླ་འོད་གཞོན་ནུས། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་སོ། དེ་ཡང་ཏིལ་གྱི་ཞབས་ཀྱིས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱིས་དཔྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་བར་བྱོས། །ཞེས་དང་། ས་ར་ཧས། གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་དང་། ནག་པོ་སྤྱོད་པས། ཤིན་ཏུ་རྣམ་དག་ཡོངས་ཤེས་ན། མཁས་པ་རྣམས་ནི་འགྱུར་བ་ཉིད། །ཅེས་དང་། གྲོལ་ཐིག་ཏུ། དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་འབྲས་ཐོབ་ངེས། །ཞེས་དང་། བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། རྒྱལ་བ་ཉིད་ཀྱིས་ཀྱང་། །དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་སོ། །དེ་དོན་མཐོང་ན་གྲོལ་བའི་ཕྱིར། །བུ་ཆུང་གདོལ་པའི་སྤྱོད་པ་ལྟོས། །ཞེས་པ་འདིར། སྔོར་སྣང་དབང་ཤེས་ལ། སྔོན་པོའི་རྣམ་པར་ཤར་བའི་ཚེ། །སྐམ་པས་ལྕགས་བཟུང་བ་ལྟར་ཤེས་པས་སྔོན་པོ་བཟུང་བ་མིན་གྱི། སྣམ་བུ་བཙོད་ལ་བཙོས་པའི་ཚེ་བཙོད་ཀྱི་མདོག་ཏུ་འགྲོ་བ་ལྟར། ནང་གི་ཤེས་པ་དེ་སྔོན་པོ་ཇི་འདྲ་བའི་རྣམ་པ་ཅན་དུ་སྐྱེས་པ་ཡིན་ནོ། །དེའི་ཕྱིར་དེའི་སྐད་ཅིག་དེ་ལ་གཟུང་བྱའི་དངོས་པོ་དང་། འཛིན་བྱེད་ཀྱི་ཤེས་པ་གཉིས་མེད་ཀྱི་ཤེས་པ་སྐད་ཅིག་མ་དེ་ཉིད་སྔོན་པོའི་རྣམ་པ་ཅན་དུ་བདག་ཉིད་གཅིག་པར་ཡོད་པས། ཡུལ་དུ་སྣང་ལས་གཞན་གྱུར་པའི། །སེམས་ཉིད་ཅི་འདྲ་བ་ཞིག་སྣང་། །ཞེས་གསུངས། དེས་ན་སྐད་ཅིག་དེའི་རང་ས་ན། གཉིས་སྣང་གི་འཁྲུལ་པ་མེད་ཅིང་འཁྲུལ་ཚད་རྒྱུན་ལ་བརྟེན་ནས་འཁྲུལ་པ་ཡིན་ནོ། །འོན་ཀྱང་སྐད་ཅིག་མ་དེ་ལ་སོ་སོ་རང་རིག་པས་གཉིས་སུ་མེད་པའི་ཡེ་ཤེས་སུ་འཆར་ན་གྲོལ་བར་འགྱུར་ལ། མ་རིག་པས་ཁ་བདག་བྱས་ན་འཁོར་བར་འགྱུར་རོ། །དེའི་སྐད་ཅིག་འཆར་བ་རིག་ལ་འདག་པར་མ་ནུས་པས། རྩེ་གཅིག་གི་ཚུལ་བཞིན་ཡིད་བྱེད་དུ་བཞག་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་པས་རྣམ་རྟོག་དང་ཉོན་མོངས་པ་སྤང་བྱར་མི་བྱེད་པ་ནི། རྣམ་རྟོག་དང་ཉོན་མོངས་པའི་ངོ་བོ་ལ་བལྟས་པས །རྣམ་རྟོག་སོགས་མི་སྤོང་བ་ལྟར་སྣང་ཡང་དོན་དུ་ན་སྤོང་བ་ཆེན་པོར་སོང་ལ། དེ་ཉིད་རྟོགས་པ་ཆེན་པོའང་ཡིན་པས། ཇོ་བོ་ནཱ་རོ་པས། དབང་མདོར་བསྟན་གྱི་འགྲེལ་པར། འབྲས་བུའི་ངོ་བོ་ཕྱག་རྒྱ་ཆེན་པོ་ནི་མུ་དམ་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ཀྱི་མཚན་ཉིད་དེ་རཱ་ཏི་གང་བའི་གནས་སྐབས། མི་གཡོ་བའི་སྦྱོར་བས་དུས་ཐམས་ཅད་དུ་ཀུན་ནས་སྟེར་བའོ། །ཞེས་པ་ཕྱག་རྒྱའོ། །འདིའི་ཆེན་པོ་ཉིད་རྒྱུད་སྤངས་པ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་ཀྱིས་སོ། དེ་ལ་སྤངས་པ་ཆེན་པོ་ཉིད་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་རང་བཞིན་ཞེས་བྱ་བ་འོད་གསལ་བ་མངོན་དུ་བྱེད་པའི་མཚན་ཉིད་དོ། །རྟོགས་པ་ཆེན་པོ་ཉིད་ནི་ཡོངས་སུ་དག་པ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཟུང་དུ་འཇུག་པ་ཞེས་བྱ་བ་སྐུ་མངོན་དུ་བྱེད་པའི་རང་བཞིན་ནོ། །ཞེས་སོ། །ལམ་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི་དེ་ཉིད་དོ། །འོན་ཀྱང་རིམ་གྱིས་འཇུག་པའི་དབང་དུ་མཛད་ནས་རྣལ་འབྱོར་བཞིར་ཡང་གསུངས་སོ། །དེའི་རྣམ་པར་གཞག་པ་གཞན་དུ་བཤད་ཟིན་ཏོ། །ལམ་ཟབ་མོ་འདི་ལྟ་བུ་ལ་སོགས་པར་ཁ་ཅིག་འདི་སྙམ་དུ། ཁྱེད་ཅག་གི་ལུགས་ལ་རྫོགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་རྣམ་པར་མི་རྟོག་པའི་མངོན་སུམ་ཡིན་ནོ། །ཞེས་གང་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་དང་པོ་ཉིད་ནས་རྣམ་པར་མི་རྟོག་པ་ཉིད་གོམས་པ་ནི་ཞི་གནས་ཙམ་གྲུབ་ཏུ་ཆུག་ནའང་། གང་ཟག་དང་ཆོས་ཀྱི་བདག་མེད་པ་ལ་ཉེ་བར་རྟོག་པའི་ལྷག་མཐོང་སྒོམ་པ་མི་སྣང་ལ། དེ་མེད་ན་སྲིད་པ་མཐའ་དག་གི་རྩ་བར་གྱུར་པའི་མ་རིག་པ་མི་བཟློག་པའི་ཕྱིར་དང་། རྫོགས་པའི་རིམ་པ་ནི་འཇིག་རྟེན་ལས་འདས་པའི་རིམ་པར་ཡང་འདོད་པས་མ་རིག་པའི་གཉེན་པོར་གྱུར་པའི་ལམ་མེད་དུའང་མི་རུང་བའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། འཇིག་རྟེན་དག་ན་ཏིང་འཛིན་སྒོམ་བྱེད་ཀྱང་། །དེས་ནི་བདག་ཏུ་འདུ་ཤེས་འཇིག་མི་འགྱུར། །དེས་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུག་སྟེ། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམས་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོ་དེ་བརྟགས་གལ་ཏེ་སྒོམ་ན་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུང་རབ་དག་ལས་མང་དུ་འབྱུང་བས་སོ། །ཞེས་དང་། རང་ཉིད་ཀྱི་འདོད་པ་བརྗོད་པ་ན། གང་ཟག་དང་ཆོས་ལ་བདག་མེད་པ་ནི་སྲིད་པར་མ་འདྲིས་ཤིང་ལྐོག་ཏུ་གྱུར་པ་ཡིན་པས། དེ་ནི་དང་པོར་རྗེས་སུ་དཔག་པའི་ཚད་མས་གཏན་ལ་ཕབ་པ་མེད་པར་མི་རྟོགས་ལ། བདག་མེད་པ་གཉིས་མངོན་སུམ་དུ་བྱེད་པའི་ཤེས་པ་གང་ཅིའང་རུང་བ་དེ་ཐམས་ཅད་ནི་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་ཞིང་། དེའང་རྗེས་སུ་དཔག་པས་གྲུབ་པའི་དོན་བདག་མེད་པ་གཉིས་པོ་རྒྱུན་ཆགས་སུ་ཡིད་ལ་བྱས་པ་ན། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །བསྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་བྱ་བའི་ཚུལ་གྱིས་རྟོག་པ་གོམས་པ་ཉིད་ལས་རྟོག་མེད་ཀྱི་ཤེས་པ་འབྱུང་བར་འདོད་པ་ཡིན་ནོ། །ཞེས་སོ། །དེ་ནི་རིག་པ་མ་ཡིན་ཏེ། །ཀླུ་སྒྲུབ་ཀྱིས། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་། །གང་གིས་ཆད་པར་རྣམ་བཏགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་དང་། ས་ར་ཧའི་ཞལ་སྔ་ནས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་པ། དངོས་པོ་མེད་པར་རྟོག་པ་གོམས་པ་ཉིད་ལས་རྟོག་མེད་ཀྱི་ཤེས་པ་འབྱུང་ངོ་ཞེས་པ་མི་རིགས་པར་མངོན་ནོ། །སློབ་དཔོན་ཟླ་བ་གྲགས་པས་རིགས་པ་དྲུག་ཅུ་པའི་འགྲེལ་པར། རྒྱུའི་སྟོབས་ཁོ་ན་ལས་སྟོང་པ་ཉིད་རྟོགས་པའི་ཤེས་པར་བྱེད་པ་ལ། འཕགས་པ་རྟ་ཐུལ་གྱིས། ཆོས་རྣམས་གང་དག་རྒྱུར་བཅས་བྱེད་རྒྱུར་ལྡན་བྱུང་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་ལན་གཅིག་བརྗོད་པས་ཤཱ་རིའི་བུས་བདེན་པ་མཐོང་བར་བཤད་པ་ཉིད་བཀོད་པས་ན་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་འགྲོ་དགོས་པའང་མ་གྲུབ་ལ། དང་པོ་ཉིད་ནས་རྣམ་པར་མི་རྟོག་པ་བསྒོམས་པས་ཞི་གནས་ཙམ་ལས་ལྷག་མཐོང་མི་རྟོགས་པར་བཤད་པའང་མི་རིགས་ཏེ། དཔལ་ས་ར་ཧས། རྟོག་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །འདི་ཉིད་ལས་ནི་བློ་བཟང་ལ། ནམ་མཁའ་ལས་ལྷག་ཅི་ཡང་འབྱུང་། །སྔོན་མེད་དཔྱིད་བྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་ཐོབ་རེག་བྱར་མེད་ས་ར་ཧ། །མིག་མི་འཛུམ་པར་ལྟ་དང་མི་བསམ་དང་། །རླུང་འགོག་པ་ནི་བླ་མ་དམ་པའི་གསུང་། །རྟོག་པ་ཉམས་ན་བློ་སྟེ་ཤེས་རབ་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི་བློ་ངན་རྣམས་ཀྱི་ལུགས་ཡིན་ལ། མངོན་སུམ་གྱི་ལམ་འདི་ལས་ནི་རྣམ་པར་མི་རྟོག་པའི་ནམ་མཁའ་ལས་ཆོས་མི་འཆར་བ་ཅིའང་མེད་དོ། །དེ་ཉིད་རྒྱུད་དུའང་། དང་པོའི་སེམས་ནི་ཞི་གནས་ཏེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། མཐོང་བ་ལྷག་མཐོང་ཞེས་བརྗོད་དོ། །ཞེས་བཤད་པས་སོ། །སློབ་དཔོན་ཨཱརྻ་དེ་ཝས་སྤྱོད་བསྡུས་སུ། ད་ནི་སེམས་རྣམ་པར་དབེན་པ་ལ་སློབ་པར་འཚལ་ན་ཇི་ལྟར་སློབ་པར་བགྱི། །ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་ཕན་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། །རྡོ་རྗེ་སློབ་དཔོན་ཆེན་པོ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་འགྲོ་བ་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཤིན་ཏུ་ཟབ་པ། མཆོག་ཏུ་གཟུང་བར་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་འདྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་པ་མེད་པ། གཞི་མེད་པ། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །ཞེས་རྟོག་གེ་པའི་སྤྱོད་ཡུལ་མིན་པར་བཤད་པ་དང་། །ཁ་ཕྱིར་བལྟས་ཀྱི་ཡུལ་མ་གྱུར་པ་ཞེས་དང་། བྱམས་པས། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་པས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་བཤད་པ་ལ་བསྙོན་པ་སྟེ་མ་བཅོས་པའི་ལམ་ལས་ཁ་གཞན་དུ་འདྲེན་ན་ཐར་པ་ལས་ཕྱིར་ཕྱོགས་པར་འགྱུར་བས་བདུད་ཀྱི་སྒྱུ་མ་ཉིད་དུ་ཤེས་པར་བྱའོ། །འགའ་ཞིག་དང་པོར་བསྐྱེད་རིམ། དེ་ནས་རྩ་རླུང་ཐིག་ལེ་རྣམས་རིམ་གྱིས་གོམས་པས་ལས་སུ་རུང་བ་ན་ལས་ཀྱི་ཕྱག་རྒྱ་བསྟེན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བ་གང་ཡིན་པ་དེ་ཉིད་ལམ་མ་ནོར་མ་ཡིན་གྱི། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སྔོན་དུ་སོང་བའམ་རྩ་བསྒོམ་པ་སོགས་མེད་པར་དང་པོ་ཉིད་ནས་རྣམ་པར་མི་རྟོག་པ་བསྒོམས་པས་ནི་རྫོགས་པའི་རིམ་པའི་ཕྱོགས་ཙམ་ཡང་མ་ཡིན་ནོ་སྙམ་པ་མང་ངོ་། །དོན་འདི་ལ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། ཇི་ལྟར་བྱིས་པའི་སྐྱེ་བོ་རྣམས་ཀྱི་ཀུན་ཏུ་རྟོགས་པ་དང་པོ་རྣམ་པར་བརྟགས་པའི་བསྒོམ་པ་དང་། བར་དུ་དབང་པོ་གཉིས་ཀྱི་བདེ་བ་བསྒོམ་པ་དང་། ཐ་མར་རྣམ་པར་མི་རྟོག་པ་སྟོང་པ་ཉིད་བསྒོམ་པ་བདེ་བ་ཆེན་པོའི་བསྒོམ་པའོ། །ཞེས་པ་མ་རུངས་པའི་ཚིག་སྟེ། རྒྱུ་འདྲར་དེ་ལས་སྐྱེ་བ་ཡི། །འབྲས་བུ་ཐམས་ཅད་དུ་མཐོང་གི །ཀོ་ཊ་པ་ཡི་ས་བོན་ལས། །སཱ་ལུའི་འབྲུ་ནི་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །རྒྱུ་དེའི་ཕྱིར་དང་པོར་དགེ་བ། བར་དུ་གེ་བ། ཐ་མར་དགེ་བའོ། །ཞེས་གསུངས་ལ། ཁྱེད་ཅག་གི་རིགས་པ་དེ་དག་བདེན་པ་ཞིག་ན། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་པའི་གསུང་འདི་ཤིན་ཏུ་འབྲེལ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་འབྲས་བུ་ཕྱག་རྒྱ་ཆེན་པོའམ། འབྲས་བུའི་རྡོ་རྗེ་འཛིན་པའམ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཧེ་རུ་ཀ་ཐོབ་པར་བྱེད་པའི་ཉེར་ལེན་གྱི་རྒྱུ་ནི། རང་བཞིན་ཡོངས་སུ་ཤེས་པའི་ལམ་འདི་ཡིན་ལ། འདི་ཡོངས་སུ་ཤེས་པས་ཐབས་ཀྱི་ཆ་ཐམས་ཅད་ཀྱིས་མི་འཆིང་ཞིང་གྲོལ་བར་འགྱུར་ལ། གཞན་དུ་ནི་ལྷ་བསྐྱེད་པ་ནི་རྩ་རླུང་ཐིག་ལེ་ལ་སྦྱོང་བ་ཕྱི་རོལ་མུ་སྟེགས་བྱེད་ལའང་ཡོད་ཅིང་འཁོར་བར་འཆིང་བའི་སྒྲོག་ཉིད་དུ་ཟད་དོ། །དེ་བས་སངས་རྒྱས་པ་དང་ཕྱི་རོལ་པའི་སྔགས་རྒྱུད་ལ། ཆོས་ཐམས་ཅད་ལ་ཁྱབ་པའི་ཡང་དག་པའི་གཤིས་ཤེས་པའི་ཤེས་རབ་བམ། ཡང་དག་པའི་ལྟ་བ་དེ་ཡོད་མེད་ཀྱིས་འབྱེད་པས་ཐོག་མར་ལྟ་བ་འདི་གཏན་ལ་འབེབས་པར་མཛད་ཅིང་། ཐོག་མ་ཉིད་ནས་འདི་ཤེས་པར་ནུས་པ་དག་ལ་བསྐྱེད་པ་དང་མཚན་བཅས་ཀྱི་རྫོགས་རིམ་སྟོན་མི་དགོས་ཏེ། འདི་ཉིད་ཀྱིས་གྲོལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་བརྟག་གཉིས་ལས། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་མེད་པ་ཡོངས་ཤེས་པས། །དངོས་པོ་བསྒོམ་གྱུར་ཤེས་རབ་ཅན། །དངོས་པོ་མེད་པ་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་དང་། རྡོ་རྗེ་སྙིང་པོས། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་བ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང་། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །སྟོན་པར་བྱེད་པ་མ་འོངས་པའི། །སློབ་དཔོན་རྣམས་ཀྱི་བདུད་ཀྱི་རིགས། །དེ་ཕྱིར་དགེ་སློང་ཐེག་ཆེན་ལ། །སྟོན་བྱེད་རྡོ་རྗེ་འཆང་བཤད་དེ། །ཐེག་པ་གསུམ་པོ་ཡོངས་ཤེས་ཤིང་། །ཆོས་ཀྱི་བསྡུ་བ་སྟོན་བྱེད་པའོ། །རིག་བྱེད་གྲུབ་མཐའ་རྣལ་འབྱོར་རྣམས། །དབང་ཕྱུག་སོགས་ཀྱིས་བྱས་པ་དང་། སངས་རྒྱས་པ་ཡི་སྔགས་རྒྱུད་ལ། །སྟོང་པ་ཉིད་ལ་ཁྱད་པར་ཡོད། །གང་ཞིག་མི་ཤེས་རྨོངས་བདག་ཉིད། །སློབ་མ་མ་ལུས་ལྟུང་བར་བྱེད། །ཅེས་སོ། །ས་ར་ཧས་ཀྱང་། ཀྱཻ་ལེགས་གང་སྨྲས་བརྫུན་པ་ལོང་བ་དེ་བོར་ལ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཡང་། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡི། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །གླང་ཆེན་ལམ་ནས་སེམས་ཚགས་ཚུད་པ་ན། །དེར་ནི་འགྲོ་འོང་བཅད་ན་དལ་བ་སྟེ། འདི་ལྟར་རྟོགས་ནས་གང་དུ་དྲི་ས་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་སོ། །གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱ་བ་ནི། སེམས་དངོས་པོའི་གནས་ལུགས་ཇི་ལྟ་བ་ལམ་དུ་དེ་ལྟ་བར་ཉམས་སུ་བླངས་པས། འབྲས་བུ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བ་སྟེ། །ཇི་སྟར་ས་བོན་དེ་བཞིན་ཤིང་། །ཤིང་ཇི་ལྟ་བ་དེ་བཞིན་འབྲས། །འཇིག་རྟེན་ཀུན་ལ་དེ་མཐོང་བས། འདི་ཉིད་རྟེན་ཅིང་འབྲེལ་འབྱུང་ངོ་། །ཇི་ལྟར་སེམས་ཀྱི་གནས་ལུགས་ཟབ་གསལ་དབྱེར་མེད་པ་ཉིད་ས་བོན་ཡིན་པ་དེ་བཞིན་དུ། ལམ་དུ་འཁོར་འདས་གཉིས་སུ་མེད་པར་ཟུང་དུ་འཇུག་པའི་སེམས་ཀྱི་སྡོང་པོར་འགྱུར་བ་དང་། སྡོང་པོ་དེ་དང་མཐུན་པར་བདེན་པ་གཉིས་སུ་མེད་པའི་རང་བཞིན་གྱི་ཟུང་འཇུག་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་འབྲས་བུར་ཆགས་ཏེ། དོ་ཧར། གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། །ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང་། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །ཞེས་དང་། སྟོང་པའི་སྡོང་པོ་དམ་པ་མེ་ཏོག་རྒྱས། །སྙིང་རྗེའི་རྣམ་པ་མེ་ཏོག་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུའོ། །བདེ་བ་འདི་ནི་སེམས་ལས་གཞན་མ་ཡིན། །སེམས་ཉིད་གཞི་དུས་སུ་རིག་མ་རིག་གཉིས་ཀྱི་དབྱེ་བས་འཁོར་འདས་སུ་གྱེས་ཀྱང་། གནས་ཚུལ་གཅིག་ལས་མི་འདའ་བས་ལམ་དུ་དེ་ལྟར་བསྒོམ་ལ། དེ་ལྟར་བསྒོམས་པས་འབྲས་བུ་གཅིག་ཉིད་འགྲུབ་པ་ཡིན་ཏེ། ས་བོན་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་སེམས་པ། །དེ་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། །ཞེས་དང་། ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར། དེ་འདྲའི་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པ། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། །ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །ཅེས་དང་། འདུས་པ་རྒྱུད་ཕྱིར། ཨེ་མ་འཁོར་བ་དག་གི་རྒྱུན། །ཨེ་མ་ཧོ མཆོག་ཏུ་མྱ་ངན་འདའ། །ཞེས་དང་། བརྟག་གཉིས་ལས། རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་དང་། རྡོ་རྗེ་སྙིང་པོས། མི་ཡི་སྐྱེ་བ་དག་ཞིང་ལ། །དམིགས་མེད་སྙིང་རྗེའི་ས་བོན་ནི། །བཏབ་པ་གང་ཞིག་དེ་ཡི་ཕྱིར། །སྟོང་ཉིད་དཔག་བསམ་ལྗོན་ཤིང་བྱུང་། །སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། །དམིགས་མེད་ཐུགས་རྗེའི་འབྲས་བུ་ནི། །སེམས་ཅན་ཀུན་གྱིས་བསམས་བྱས་ན། །འབྱུང་ངོ་འདི་ལ་ཐེ་ཚོམ་མེད། །ཅེས་སོ།། །།གཉིས་པ་ལམ་གྱི་རིམ་པ་ལ། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལམ་གཉིས་ལས། དང་པོ་ལ། གཞུང་དོན་དང་། སྤྱི་དོན་གཉིས་ལས། དང་པོ་ནི། ལམ་ནི་སྨིན་གྲོལ་གཉིས་སུ་བཤད། བླ་མས་བསྟན་པའི་ལམ་གྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །གདུལ་བྱའི་དབང་གིས་ཆོ་གའི་སྤྲོས་པ་ལ་ལྟོས་པ་དང་མ་ལྟོས་པའོ། །དང་པོ་གསང་བ་འདུས་པའི་དབང་ལ། འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་ཀྱིས། མཚན་མ་གྲངས་སོགས་བསྙེན་པ་དང་། །ས་ཆོག་སྟ་གོན་ཐིག་ཚོན་དང་། །བསྒྲུབ་དང་བདག་ཉིད་འཇུག་དང་ལྔས། །སློབ་དཔོན་ལས་ཀྱི་ཆོ་གའོ། །དཀྱིལ་འཁོར་འཇུག་དང་དེ་བསྟན་དང་། །དབང་བསྐུར་ཕྱག་རྒྱ་སྔགས་སྦྱིན་དང་། །དམ་ཚིག་སྡོམ་པ་བསྟན་དང་ལྔས། །གཞུག་ཅིང་དབང་བསྐུར་དང་གསུམ་ཡིན། །ཞེས་པའི་ཆིངས་བཞིན་ལ། །དབང་ནི་རིག་པའི་དབང་ལྔ་མེ་ལོང་དང་དྲུག་སློབ་མའི་དབང་། རིགས་གསུམ་གྱི་དམ་ཚིག་དང་། རྡོ་རྗེའི་བརཏལ་ཞུགས་དང་། ལུང་བསྟན་དང་། དབུགས་དབྱུང་དང་། རྗེས་སུ་གནང་བ་དང་ལྔ་ནི་སློབ་དཔོན་གྱིས་དབང་། དེའི་སྟེང་དུ་མཆོག་དབང་གསུམ་སྟེ། རྡོར་ཕྲེང་དུ། གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །ཞེས་གསུངས་སོ། །དེ་ལ་སོགས་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་གང་དུ་ཞུགས་ཀྱང་རུང་མོད། འདིར་དྭགས་པོ་བཀའ་བརྒྱུད་ཀྱི་ཕྱག་བཞེས་ནི། འཁོར་ལོ་སྡོམ་པ་བཅུ་གསུམ་མ་དང་། རྔོག་པ་དགྱེས་པའི་རྡོ་རྗེ་ལྷ་དགུ་ལ་གཙོ་བོར་བརྟེན་པར་མཛད་པའི་ཕྱིར། དེ་གཉིས་རིམ་པ་བཞིན་དུ་བཤད་པར་བྱའོ། བདེ་མཆོག་གི་དབང་གི་ཆིངས་བཅུ་གཅིག་སྟེ། །གསོལ་བ་གདབ་དང་བསྙེན་པ་དང་། ས་དང་སྟ་གོན་ཐིག་དང་ཚོན། །དཀྱིལ་འཁོར་བསྒྲུབ་དང་མཆོད་པ་དང་། །སློབ་མ་གཞུག་དང་དབང་བསྐུར་དང་། །ཡོན་འབུལ་བ་དང་བཅུ་གཅིག་ཏུ། །རྣལ་འབྱོར་དབང་ཕྱུག་ཆེན་པོས་གསུངས། །གསོལ་བ་གདབ་པ་ཞེས་པས་ནི། །བླ་མ་དང་སློབ་མའི་འབྲེལ་པ་བསྟན་ཏེ་བརྟག་པ་དང་། མཚན་ཉིད་མི་ལྡན་ན་དོར་བ་དང་། ལྡན་ན་བླང་བར་བྱ་བ་དང་། དེ་ལྟར་རྟོགས་ནས་དབང་གི་དོན་དུ་གསོལ་བ་གདབ་པ་དག་གོ །བསྙེན་པ་ནི་གྲངས་དུས་གང་ཡང་རུང་བ་སོང་བའོ། །ས་ཞེས་པ། ས་བརྟག །བསླང་། སྦྱང་། བསྲུང་བ། སྟ་གོན་ཞེས་པས། ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ཏེ། ཕྱི་མ་ལ་ཉན་པར་གདམས་པ། གསོལ་བ་གདབ་པ། སྦྲོ་བ་བསྐྱེད་པ། སྡོམ་པ་སྦྱིན་པ། བུར་བྱ་བ། བྱིན་གྱིས་རློབ་པ། སོ་ཤིང་དོར་བ། ཁྱོར་ཆུ་སྦྱིན་པ། བསྲུང་སྐུད་གདགས་པ། ཀུ་ཤ་སྦྱིན་པ། ཆོས་བཤད་པ་དང་བཅུ་གཅིག་གོ །དེ་ནས་སློབ་མ་དཀྱིལ་འཁོར་གྱི་ཁང་པར་རྨི་ལམ་བརྟག་ཏུ་འཇུག་པ་དང་། ངན་ན་སྤོགས་པའི་ཆོ་ག་བྱ་བའང་བསྡུས་སོ། །ཐིག་ཅེས་པ་སྟ་གོན་གྱི་ལྷ་བཏེག་སྟེ། ཐིག་བྱིན་གྱིས་བརླབས། ཡེ་ཐིག་དང་། ལས་ཐིག་གདབ་བོ། ཚོན་བྱིན་གྱིས་བརླབས་ཏེ་ཚོན་པྲ་བརྟགས་ནས་བྲི་བ། དཀྱིལ་འཁོར་བསྒྲུབ་དང་ཞེས་པས། བློར་སྣང་གི་དཀྱིལ་འཁོར་གཅིག་ལ་སྐུ་གསུམ་ལམ་དུ་བྱེད་པ་སྟེ། བྲིས་པའི་དཀྱིལ་འཁོར་ཉིད་འཛམ་བུའི་གླིང་གི་ཡུལ་ཉི་ཤུ་རྩ་བཞིར་ཞེན་ཅིང་། དེར་བསྐྱེད་པའི་ལྷ་རྣམས་ཀྱང་འཛམ་བུའི་གླིང་ན་དངོས་སུ་བཞུགས་པའི་སྤྲུལ་པའི་སྐུར་ཞེས་སྒོམ་པ་ཡན་སྤྲུལ་སྐུ་ལམ་དུ་བྱེད་པ། དེ་ཉིད་འོག་མིན་ན་བཞུགས་པ་ལོངས་སྐུའི་རྟེན་བརྟེན་པར་བསྐྱེད། ཡེ་ཤེས་སྤྱན་དྲངས་པ་དང་སྟ་གོན་གྱི་ཡེ་ཤེས་པ་བསྲེས་ཏེ་མཆོད་བསྟོད་བདག་འཇུག་བླངས་ནས་བདེན་པའི་སྟོབས་བརྗོད་པའི་བར་ལོངས་སྐུ་ལམ་བྱེད་མཆོད་པ་དང་ཞེས་པ། མདུན་བསྐྱེད་ཀྱི་ལྷ་བདག་དང་བསྲེས་ནས་བདག་ཉིད་མཆོད་དེ་ཆོས་ཀྱི་སྐུ་དབྱིངས་དང་ཡེ་ཤེས་དབྱེར་མེད་ལས་བྱུང་བར་བསྒོམ་པའི་ཏིང་ངེ་འཛིན་ཡན་ཆོས་སྐུ་ལམ་དུ་བྱེད་པ་སྟེ། དེ་ནས་ཚོགས་བྱིན་གྱིས་རློབ་པའི་བར་ནི་རྗེས་སོ། །སློབ་མ་གཞུག་དང་། ཡོལ་བའི་ཕྱིར་བྱ་བ་ཕྱིར་འཇུག །དཀྱིལ་འཁོར་ཞུགས་ནས་ལྷ་ལ་ཕྱག་འཚལ་བའི་བར་ནང་འཇུག །སྡོམ་པའི་དོན་དུ་གསོལ་བ་བཏབ་པ་ནས་ལྷ་ངོ་བསྟན་པའི་བར་གསང་བའི་འཇུག་པ་སྟེ། འདིའི་དངོས་གཞི་ནི་ཡེ་ཤེས་དབབ་པ་ཉིད་དོ། །དབང་བསྐུར་དང་། ཆུ་དབང་དང་། ཅོད་པན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་དང་། དམ་ཚིག་གསུམ་སྦྱིན་པ་དང་། ཕྱག་རྒྱ་དྲུག་སྔགས་ཀྱི་དབང་གི་སྣོད་དུ་བྱ་བ་དང་། བརཏལ་ཞུགས་ཀྱི་དབང་དང་། སྒེག་སོགས་བརྒྱད་ནས་དམ་ཚིག་སྦྱིན་པའི་བར་རྗེས་སུ་གནང་བ་དང་། ལུང་བསྟན་པ་དང་། དབུགས་དབྱུང་བ་སྟེ། སློབ་མའི་དབང་ལ་ལྔ། སློབ་དཔོན་གྱི་དབང་དྲུག་སྟེ། བུམ་པའི་དབང་ལ་རྣམ་པར་བཅུ་གཅིག །གསང་བའི་དབང་དང་། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབང་བཞི་པའོ། །ཡོན་འབུལ་བ་དང་། མཐར་ཚོགས་ལ་སྤྱད། སློབ་མས་ཡོན་ཕུལ། དཀྱིལ་འཁོར་བསྡུ་བའི་བར་ཏེ། དེ་ལྟར་ཆིངས་བཅུ་གཅིག་གིས་སློབ་མ་སྨིན་པར་བྱེད་པའི་ཆོ་ག་བསྟན་ནོ། །རྗེ་བཙུན་རྔོག་གི་ཕྱག་བཞེས་ཀྱི་དགྱེས་པའི་རྡོ་རྗེ་ལ་ཆིངས་བཞིར་བཤད་དེ། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད། སློབ་དཔོན་གྱི་ལས་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་པ། དབང་སྐུར་བ་དང་བཞིའོ། །སློབ་དཔོན་གྱི་ལས་ལའང་བཞི་སྟེ། བསྙེན་པ་དང་། ས་ཆོག་དང་། སྟ་གོན་དང་། དཀྱིལ་འཁོར་ཞག་གི་ཆོ་གའོ། །ས་ཆོག་ལ། གནས་བརྟག་པ། བསླང་བ། སྦྱང་བ། བསྲུང་བ། གཟུང་བ་ལྔ། སྟ་གོན་ལ། བགེགས་བསལ་བ། ལྷ་བུམ་པ་སློབ་མ་སྟ་གོན་བཞིའི་ཕྱི་མ་ལ་ཆོས་བཅུ་གཉིས་ཏེ། ཡོལ་བའི་ཕྱིར་ཁྲུས་བྱས་མནྜལ་འབུལ་བ། གསང་སྔགས་ཀྱི་ཆོས་ལ་མོས་པས་འཇུག་པ། ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཀྱི་དོན་དུ་གསོལ་བ་གདབ་པ། སློབ་དཔོན་གྱིས་སྔགས་ཀྱི་ཐེག་པར་བློ་དགུག་པ། ཉན་པར་རྣ་བ་གཏད་པ། རྒྱུད་དག་པར་བྱ་བའི་དོན་དུ་ལྔ་རྣམ་དག་བྱ་བ། སློབ་མ་རབ་གནས། དངོས་གྲུབ་ཀྱི་ལྟས་བརྟག་པའི་དོན་དུ་སོ་ཤིང་། ཁྱོར་ཆུ། རྨི་ལམ་གྱི་ལྟས་བརྟག་པའི་དོན་དུ་ཀུ་ཤ་སྦྱིན་པ། བར་ཆད་བསྲུང་བའི་དོན་དུ་བསྲུང་སྐུད་གདགས་པ། སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པའོ། །བཞི་པ་དཀྱིལ་འཁོར་ཞག་གི་ཆོ་ག་ལ། ཐིག་དང་ཚོན་གྱི་ཆོ་ག །དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་པ། དཀྱིལ་འཁོར་བསྒྲུབ་པ། སློབ་དཔོན་བདག་འཇུག་བཞི་ལས། གསུམ་པ་ལ། རྡུལ་ཚོན་ཐིག་ལེར་བསྒྱུར་ཏེ་སྐད་ཅིག་གིས་རྟེན་བརྟེན་པར་བསྐྱེད་པའི་མདུན་བསྐྱེད། བདག་བསྐྱེད། མངལ་སྦྱིན་དང་གསུམ་མོ། །སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་པ་ལ། ཁྲུས་བྱས་ཏེ་མཎྜྻལ་འབུལ། དཀྱིལ་འཁོར་དུ་གཞུག་པར་གསོལ་བ་གདབ། གདོང་གཡོགས། ནང་དུ་ཁྲིད། བགེགས་སྐྲད། དྲི་ལན་གདབ། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ། སྒོ་བཞི་ནས་ཕྱག་བྱ། ལྔ་རྣམ་དག །རིགས་ལྔའི་སྡོམ་པ་དང་། རྩ་བའི་དམ་ཚིག་བསྒྲགས། ཁས་ལེན་དུ་གཞུག །སློབ་མ་དགྱེས་རྡོར་དུ་བསྐྱེད་ནས་རྣལ་འབྱོར་དུ་སེམས་བསྐྱེད། དམ་བཞག་བཞི། ཡེ་ཤེས་དབབ། ཁ་དོག་དྲི། མེ་ཏོག་དོར། མིག་དར་ཕྱེ། དཀྱིལ་འཁོར་བསྟན་ནོ། །དབང་བསྐུར་བ་ལ། རྡུལ་ཚོན་གྱི་ཤར་ཕྱོགས་སུ་བུམ་པའི་དབང་བསྐུར་ཏེ། རིགས་ལྔའི་དབང་། ལས་ཚོགས་སམ་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་དབང་། དམ་ཚིག་གསུམ་གྱི་དབང་། རིགས་ལྔའི་རྗེས་གནང་། ལུང་བསྟན། གཟེངས་བསྟོད། དབུགས་དབྱུང་། རྡོ་རྗེ་སློབ་དཔོན་གྱི་དབང་། བརཏལ་ཞུགས་རྣམས་སོ། །ལྷོར་གསང་བའི་དབང་བསྐུར་ཏེ། མཎྜྻལ། གསོལ་བ་གདབ། མིག་དར་བཅིང་། ཡེ་ཤེས་དབབ། མེ་ཏོག་དོར། ལྷ་ངོ་བསྟན། མིང་གདགས། གསང་དབང་བསྐུར། དམ་ཚིག་དབོག །མིག་དར་དགྲོལ་ལོ། །དཀྱིལ་འཁོར་གྱི་ནུབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ། མཎྜྻལ། གསོལ་གདབ། གདོང་བཅིང་། ཡེ་ཤེས་ཕབ། མེ་ཏོག་དོར། ལྷ་ངོ་བསྟན། མིང་གདགས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། གདོང་གཡོགས་དགྲོལ་ལོ། །བྱང་དུ་ཚིག་དབང་བསྐུར་ཏེ། མཎྜྻལ། གསོལ་གདབ། ཚིག་དབང་བསྐུར། གཏང་རག་གི་མཎྜྻལ་དབུལ། མཐར་ཚོགས་ལ་རོལ་བ་ནས་དཀྱིལ་འཁོར་གཤེགས་པའི་བར་རོ། །ཆོ་གའི་སྤྲོས་པ་ལ་མ་ལྟོས་པ་ནི། ཇོ་བོ་ནཱ་རོ་པས། གཞན་དུ་བཞད་གད་སྦྱིན་པར་བྱ། །རྣལ་འབྱོར་སྟོབས་དང་ལྡན་གྱུར་ན། །སྙིང་གའི་དཀྱིལ་འཁོར་འོད་ཟེར་གྱིས། །སློབ་མའི་ལུས་ནི་ཡང་དག་དགང་། །དབང་བསྐུར་སྦྱིན་པར་བསམ་པར་བྱ། །ཞེས་འོད་ཟེར་སྤྲོ་བསྡུ་ལ་སོགས་པའི་བྱིན་རླབས་ཀྱིས་སྨིན་པར་བཤད་ལ། དེ་བས་ཀྱང་ཆེས་མཆོག་ཏུ་གྱུར་པ་ལ། དེ་ཉིད་ཀྱིས། ཧེ་རུ་ཀ་དཔལ་སྦྱོར་བདག་ལས། །དཔའ་བོ་ཡང་དག་མཉེས་ནས་བཞེངས། །དབང་བསྐུར་བ་ནི་རིན་པོ་ཆེ། །གཉིས་མེད་ཆུ་ཡིས་སྦྱིན་པར་བྱ། །ཞེས་ཆོ་གའི་བྱ་བ་ཅིའང་མེད་པར་རྟོགས་པ་དོན་གྱི་དབང་སེམས་ལ་བསྐུར་བ་ཞེས་བྱ་བ་ཞིག་བརྒྱུད་པ་འདི་ལ་གྲགས་ཏེ། ཐམས་ཅད་ཀྱི་བློར་ཤོང་བར་དཀའ་བ་ནི་ཟབ་མོས་འཇིགས་ནས་མ་སྨིན་པ་ཞེས་བྱ་བ་ཞིག་བཟོ་དགོས་པ་དེའི་གནད་ཀྱིས་ཡིན་ནོ། །གསང་སྔགས་ལ་དང་པོར་འཇུག་པའི་གདུལ་བྱ་ལ་དབང་པོ་རྣོ་རཏལ་ཡོད་པས། །རྒྱུད་སྡེར་དབང་ཡང་བློ་དང་འཚམ་པ་གསུང་དགོས་བྱུང་བ་ཡིན་ལ། དེ་ལྟར་གསུངས་པ་དེ་དང་མཐུན་པར་བཀྲི་དགོས་པའི་ཕྱིར། བརྟག་གཉིས་སུ། གང་ཞིག་དབང་ནི་རབ་ཕྱེ་བ། །རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །ཞེས་གསུངས་ཤིང་། འདིར་ཡང་བླ་མས་བསྟན་པའི་ཞེས་སྨོས་སོ། །དེའི་ཕྱིར་དབང་པོ་རྣོ་རཏལ་ཐམས་ཅད་ལ་ཆོ་ག་རྒྱས་པ་མཐའ་གཅིག་ཏུ་དགོས་པ་དང་། མཐའ་གཅིག་ཏུ་བསྐུར་མི་དགོས་པ་དང་། མཐའ་གཅིག་ཏུ་བསྡུས་པས་ཆོག་པར་སེམས་པ་རྣམས་ནི་རྙོག་པར་ཟད་དོ། །གཉིས་པ་སྤྱི་དོན་ནི། དབང་གི་ངོ་བོ་ལ་ཨ་བྷ་ཡས། དབང་བསྐུར་བས་གང་ཟག་ཡེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་རང་བཞིན་དུ་གྲུབ་ཅིང་བདེ་བ་ཆེན་པོའི་ཡེ་ཤེས་རང་ཆས་སུ་ཡོད་པ་སྔར་མི་ཤེས་པ་ལ་བླ་མས་ཐབས་དེ་ལ་བརྟེན་ནས་ལྷ་དང་བདེ་བར་རྟོགས་པས་སྨིན་པར་བྱའོ་ཞེས་གསུངས་པས། ཕུང་པོ་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པའི་རགས་པའི་ལུས་སྐུ་རྡོ་རྗེ་སྒྱུ་འཕྲུལ་གྱི་མཚན་ཉིད་ཅན་སྤྲུལ་པའི་སྐུ་དང་། ངག་རྡུལ་གྱི་ཆོས་ཕྲ་བ་ལས་ཀྱི་རླུང་གསུང་རྡོ་རྗེ་གཞོམ་དུ་མེད་པའི་མཚན་ཉིད་ཅན་ལོངས་སྐུ་དང་། ཡིད་ཤིན་ཏུ་ཕྲ་བ་ཐིག་ལེ་ཐུགས་རྡོ་རྗེ་ཞུ་བ་དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་ཆོས་ཀྱི་སྐུ་དང་། གཞི་འབྲས་དབྱེར་མེད་པའི་རང་བཞིན་ཡེ་ཤེས་རྡོ་རྗེ་མ་ནིང་གི་མཚན་ཉིད་ཅན་ངོ་བོ་ཉིད་སྐུར་རྟོགས་པ་ལ་དབང་ཞེས་བྱའོ། །དེ་ལྟ་བུ་དེ་སློབ་དཔོན་གྱི་ཐབས་ཀྱི་སྒོ་ནས་སློབ་མ་ལ་སྦྱིན་པ་ནི་བསྐུར་བར་བྱེད་པ་ཞེས་བྱའོ། །ངེས་པའི་ཚིག་ཨབྷི་ཥིཉྩྨ་འཁྲུད་པ་སྟེ། །ལུས་ངག་ཡིད་གསུམ་དང་ཡེ་ཤེས་ཀྱི་དྲི་མ་དངོས་གྲུབ་ཀྱི་སྣོད་མ་ཡིན་པར་བྱེད་པ་དག་འཁྲུད་པའོ། །ཨ་བྷི་ཥེ་ཀ་བླུགས་པ་སྟེ། ལུས་ངག་ཡིད་དང་ཡེ་ཤེས་ཟག་པ་དང་བཅས་པ་ཟག་པ་མེད་པར་སྒྱུར་བའི་ནུས་པ་བླུགས་པ་སྟེ་སྐལ་བ་དང་ལྡན་པར་བྱས་པའོ། །དེའི་ཕྱིར་སྔར་མི་དབང་བ་ལ་ཐབས་དེས་དབང་བར་བྱེད་པས་ན་དབང་ཞེས་བྱ་སྟེ། དབུལ་པོའི་སྒྱེད་བུ་གསེར་དུ་ཡོད་པ་ངོ་སྤྲད་པ་བཞིན་ནོ། །དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། རྣམས་པར་དབྱེ་བ་དེ་ཉིད་དུ། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་དང་། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །མི་ལ་རབ་ཏུ་གནས་པས་སློབ་དཔོན་དུ་བྱེད་པའི་ཁྱད་པར་ལ་དབང་བས་སློབ་དཔོན་གྱི་དབང་ངམ། དེ་བཞིན་གཤེགས་པ་དྲུག་གི་རང་བཞིན་ཡིན་པའི་ཕྱིར་མི་ལྡོག་པའི་དབང་ངམ། སྦྱིན་པའི་རྫས་བུམ་པ་གཙོ་བོར་གྱུར་པས་བུམ་པའི་དབང་ཞེས་ཀྱང་བྱའོ། །འདུས་པ་ལས། བུམ་པ་དམ་ཚིག་མཆོག་རྣམས་ཀྱི། །རྡོ་རྗེ་རྣམ་པར་སྣང་མཛད་བསམ། །སློབ་མ་རྟག་ཏུ་བརྟན་ལྡན་པ། །ལུས་དང་ངག་སེམས་རྡོ་རྗེ་ཅན། །ཞེས་སོ། །ཐབས་དང་ཤེས་རབ་ཀྱི་གསང་བ་དག་སྦྱིན་པས་གསང་བའི་དབང་ཞེས་བྱ་སྟེ། གསང་བ་ནི་གཙོ་བོར་གཉིས་ཀས་དུས་མཉམ་དུ་བསྒྲུབ་པའི་བྱང་ཆུབ་ཀྱི་སེམས་ལ་བྱའོ། །དེ་ལྟར་ཡང་འདུས་པ་རྒྱུད་ཕྱི་ལས། རྡོ་རྗེ་པདྨའི་སྦྱོར་བ་ཡི། །རྡོ་རྗེ་ཅན་ཀུན་ཡང་དག་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དེ་དག་ཐམས་ཅད་སྙིང་གར་བསྡུ། །རྡོ་རྗེའི་ལམ་ནས་བྱུང་ནས་ནི། །སློབ་མའི་ཁར་ནི་དབབ་པར་བྱ། །དབང་བསྐུར་བ་ཡི་གོ་འཕང་མཆོག །ཅེས་སོ། །ཤེས་རབ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ལ། དེ་ལ་སྙོམས་པར་ཞུགས་པ་ནི་དབང་པོ་གཉིས་སྤྲོད་ཡིན་ཅིང་། དེ་ལས་ཁམས་ཞུ་བ་རིམ་གྱིས་ནོར་བུར་སོན་པའི་རིམ་པ་བཞིན་ཉམས་སུ་མྱོང་བའི་དགའ་བ་བཅུ་དྲུག་ནི་ཡེ་ཤེས་ཏེ། ཤེས་རབ་ཡེ་ཤེས་ཞེས་བྱའོ། །ལྷ་མོ་ཕྱག་རྒྱ་ཆེན་པོ་ཡི། །དཔག་མེད་བདེ་བ་རབ་སྟེར་བ། །བདག་ལ་ཤེས་རབ་ཡེ་ཤེས་སྐྱེད། །ཅེས་སོ། །ཤེས་རབ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཡིན་ལ། དེ་ལ་སྙོམས་པར་ཞུགས་པ་ནི་སོ་སོ་རང་གི་རིག་པ་སྟེ། །དེ་ལས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་རྟོགས་པ་ཡེ་ཤེས་ཏེ་ཤེས་རབ་ཆེན་པོའི་ཡེ་ཤེས་སམ། དེའི་དོན་སློབ་མས་སློབ་དཔོན་གྱི་ཚིག་ལ་བརྟེན་ནས་ཁོང་དུ་ཆུད་པར་བྱེད་པའི་ཕྱིར། ཚིག་གི་དབང་ཞེས་ཀྱང་བྱའོ། །རྡོ་རྗེ་ཕྲེང་བར། རྡོ་རྗེའི་རྩེ་མོར་བྱང་སེམས་ནི། །འཛིན་པས་ལུས་ནི་བརྟན་པ་ཉིད། །དེ་ཡི་དེ་ཉིད་བྱང་སེམས་ཉིད། །རླུང་གི་དེ་ཉིད་རབ་སྦྱོར་བས། །རིག་པས་ཟུང་འཇུག་མྱོང་བར་འགྱུར། །ཞེས་སོ། །དེའང་འཛག་བདེ་མཐའ་དག་གསུམ་པར་བསྡུས་ནས། བཞི་པ་འཛག་མེད་ལ་བཤད་པའི་སྒྲོས་གཅིག་དང་། འཛག་བདེ་ཉིད་ལ་བཞིར་ཕྱེ་ནས་འཇིག་རྟེན་པའི་དབང་བཞིར་འཇོག་པའི་སྒྲོས་གཉིས་ལས། ཇོ་བོ་ནཱ་རོ་ཞབས་དང་པོའི་རྗེས་སུ་འབྲངས་ནས་བཞི་པ་དོན་གྱི་ཡེ་ཤེས་སུ་བཞེད་ལ། མཻ་ཏྲི་པ་གཉིས་པའི་རྗེས་སུ་འབྲངས་ནས་བཞི་པ་དཔེའི་ཡེ་ཤེས་སུ་བཞེད་དོ། །དེའང་དབང་མདོར་བསྟན་དུ། འཇིག་དང་འགྱུར་དག་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་སྔ་མའི་དབང་དུ་མཛད་ནས་གསུངས་ལ། རྟག་གཉིས་ལས། རྒོད་པ་དག་པ་སློབ་དཔོན་ཉིད། བལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅང་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་ལས་དེ་ཡང་ཉིད། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞིར་བཤད་དོ། །ཞེས་ཕྱི་མའི་དབང་དུ་བྱས་ནས་སོ། །གསུམ་པའི་དུས་སུ་འཛག་མེད་ལ་བརྡ་སྤྲོད་པའང་རིགས་ཏེ། བྱང་ཆུབ་སེམས་ནི་མི་འདོར་བ། །ཇི་སྲིད་རྣལ་འབྱོར་པ་ཡི་བྱ། །དེ་སྲིད་རྒྱུན་མི་འཆད་པ་འང་ཐོབ། །དགའ་ལས་སྐྱེས་པའི་བདེ་བའང་ཐོབ། །ཅེས་དབང་གསུམ་པའི་དུས་ཉིད་ལ་གསུངས་པ་དང་། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །ཞེས་པའི་འདི་ནི་སྙིགས་གསུམ་པའི་དུས་ལས་གཞན་ཚིག་དབང་ལ་མེད་པས་སོ། །ཡང་། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་དང་། དགའ་བ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་སམ། །ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་ཆགས་པའི་ཕྱོགས་ཀྱི་ཁུ་བ་ཐབས་དང་པོ། ཆགས་པ་དང་ཆགས་བྲལ་འདྲེས་པ་དེ་རང་རིག་པའི་བདེ་བ་རྣམ་པ་ཐམས་ཅད་པ་ཤེས་རབ་གཉིས་པ། ཤེས་རབ་དེས་བསྐྱེད་པའི་འགྱུར་མེད་ཀྱི་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསུམ་པར་བཞག་པ་ཡིན་ལ། །གཞན་དུ་ཤེས་རབ་དེ་མེད་པ་ལས་ནི་བརྒྱལ་བ་ཞེས་བྱ་སྟེ་དགའ་བྲལ་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་བདག་ཅག་གི་ལུགས་ལ་དགའ་བའི་གོ་རིམ་ལ་རྨོངས་སོ་ཞེས་འདོན་པའང་། རང་ཉིད་རྙོག་པས་མྱོས་པའི་འཆལ་གཏམ་དུ་ཟད་དོ། །དེས་ན་དབང་གསུམ་པའི་དུས་སྐྱེས་ཀྱང་དབང་གསུམ་པར་མི་བཞེད་ཅིང་། དབང་པོ་གཉིས་སྦྱོར་གྱི་བདེ་བར་ཡང་མི་འགྱུར་ཏེ། དེ་དངོས་སུ་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་ཕྱིར་རོ། །དེས་ན། དབང་པོ་གཉིས་སྦྱོར་བདེ་དེ་ཉིད། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ཉིད་བདེ་བ་མཆོག་ཡིན་པར། རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་གསུངས་པའང་རིགས་པ་ཉིད་དོ། །ཀླུ་སྒྲུབ་དང་ཡེ་ཤེས་ཞབས་དབང་དུས་སུ་ལས་རྒྱའི་རྒྱུ་ལས་སྣང་བ་གསུམ་གསལ་བར་འབྱུང་ལ། འོད་གསལ་ནི་ཡུད་ཙམ་སྐྱེ་བར་དང་། ཨིནྡྲ་བྷཱུ་ཏི་དང་ལྭ་བའི་ན་བཟའ་ཅན་ལ་སོགས་པ་འགའ་ཞིག་དགའ་བ་གསུམ་དང་ལྷན་ཅིག་སྐྱེས་པའང་གསལ་བར་ཉམས་སུ་མྱོང་བ་ཡིན་ཞེས་བཞེད་དོ། །དེ་ལྟ་བུའི་དབང་བཞི་པོ་རེ་རེ་ལའང་ཐུན་མོང་གི་ཆོས་བཅུ་གསུམ། ཁྱད་པར་གྱི་ཆོས་དྲུག་སྟེ། དང་པོ་བུམ་པའི་དབང་ལ། གང་གིས་བསྐུར་ན་ཕ་རྡོ་རྗེ་སློབ་དཔོན། དཀྱིལ་འཁོར་གང་དང་འབྲེལ་ན་རྡུལ་ཚོན། ཕྱོགས་གང་བསྐུར་ན་ཤར། དུས་ནམ་སྲོད། དབང་སྟེགས་བ་བྱུང་གི་རྣམ་ལྔས་བྱུགས་པའི་མཎྜྻལ། ཁྲི་གང་ལ་འཇོག་ན་སེང་གེའི་ཁྲི། དབང་རྫས་བདུད་རྩི་ལྔས་གང་བའི་བུམ་པ། གནས་གང་དུ་བསྐུར་ན་ལུས། ལྷ་གང་གིས་བསྐུར་ན་རིག་པའི་ལྷ་མོས། སྒྲིབ་པ་གང་དག་ན་ལུས་ཀྱི་དྲི་མ། སྐལ་བ་གང་ལ་དབང་ན་བསྐྱེད་རིམ་བསྒོམ་པའི། གང་གི་སྣོད་དུ་རུང་ཚོགས་པ་ལ་བཤད་པ་ཙམ་གྱི་རྒྱུད་འཆད་པ་དང་དེ་ཉིད་བཅུ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྟེ་བཅུ་བསུམ་མོ། །ཁྱད་པར་གྱི་དྲུག་ནི། ལྟ་བ་ཕྱི་སྣོད་ནང་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་རྣམ་པ་ཙམ་དུ་རྟོགས་པས་སེམས་ཙམ་རྣམ་བདེན་པ་དང་ཆ་མཐུན་རྣམ་པ་ལྷར་ཤེས་པས་ཁྱད་པར་དུ་འཕགས་སོ། །རྒྱས་གང་གིས་འདེབས་ན་དེ་བཞིན་གཤེགས་པའི་རྒྱས་གདབ་སྟེ། ཕྱི་རོལ་དུ་སྣ་ཚོགས་པའི་ཆོས་ཐམས་ཅད་ཕུང་པོ་ལྔའི་རྒྱ་ལས་མི་འདའ་བ་དང་། ནང་དུ་སྣ་ཚོགས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ། དེ་བཞིན་གཤེགས་པ་ལྔ་གང་རུང་རིགས་བདག་ཏུ་འོང་བས་སོ། །དབུགས་གང་གིས་དབྱུང་ན་དེ་བཞིན་གཤེགས་པའི་དབུགས་དབྱུང་སྟེ། ལུས་ཐ་མལ་དུ་འཛིན་པ་ལས་ལྷར་ཤེས་པས་དབྱུང་བས་སོ། །སྤང་བྱ་གང་སྤོང་ན། ཐ་མལ་གྱི་ཆ། ཞེན་པའི་ཆ་གསུམ་སྤོང་ངོ་། །སྒོ་གང་འབྱེད་ན་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་། དགའ་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་སྒོ་འབྱེད་དོ། །ཏིང་ངེ་འཛིན་སྣང་སྟོང་ལྷན་ཅིག་སྐྱེས་པའོ། །གཉིས་པ་གསང་བའི་དབང་ལ། བྱང་ཆུབ་ཀྱི་སེམས་གཉིས་དབབ་པ་ལ་ཡུམ་མེད་དུ་མི་རུང་བའི་ཕྱིར་དེ་གཙོ་བས་མ་རྡོ་རྗེ་སློབ་དཔོན། དཀྱིལ་འཁོར་ལུས་དཀྱིལ། ཕྱོགས་ལྷོ། དུས་ནམ་ཕྱེད། སྟེགས་བདུད་རྩི་ལྔས་བྱུགས་པ། ཁྲི་པདྨ། རྫས་བྱང་སེམས་དཀར་དམར། གནས་མགྲིན་པ། ལྷ་ལོངས་སྐུའམ་གོང་བུའི་ལྷས། སྒྲིབ་པ་ངག་གི་དྲི་མ། སྐལ་པ་བདུད་རྩི་ལྔ་བསྟན་པའི། སྣོད་རྩ་རླུང་ཐིག་ལེ་སྒྱུ་ལུས་བསྒོམ་པའི། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་བཅུ་གསུམ། ཁྱད་པར་གྱི་དྲུག་ན། ལྟ་བ་ཕྱི་རོལ་གྱི་རྣམ་པ་ནི་སེམས་ཙམ་ཡིན་པས་གཟུང་བའི་དངོས་པོ་མེད་ལ། འཛིན་པའང་སྟོང་པ་སྟེ། གཟུང་བ་དང་འཛིན་པ་སྤངས་པའི་དོན་དམ་པ་ཡོད་པ་མཆོག་ཏུ་ཉམས་སུ་མྱོང་བ་ཙམ་གྱིས་རྣམ་པར་རིག་པ། སྟོན་ཀའི་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་རྣམ་པ་མེད་པར་རྟོགས་པས་རྣམ་རྫུན་པ་དང་ཆ་མཐུན། རང་རིག་གི་གསལ་བ་བདག་བྱིན་རླབས་ཀྱི་སྟོང་ཉིད་ལ་བྱེད་པས་ཁྱད་པར་འཕགས། རྒྱས་མི་བསྐྱོད་པས་གདབ་སྟེ། གཟུགས་སོགས་ཕུང་པོ་ལྷག་མ་བཞི་ཡིད་ཀྱི་རྣམ་པར་ཤེས་པས་བརྟགས་པ་བཞིན་དུ། ནང་དུ་རྣམ་སྣང་སོགས་དེ་བཞིན་གཤེགས་པ་བཞི་ལ་མི་བསྐྱོད་པས་རྒྱས་གདབ་པས་སོ། །ཆོས་ཐམས་ཅད་རང་རིག་རང་གསལ་དུ་དབུགས་ཕྱུང་བ་འདིའང་དེ་བཞིན་གཤེགས་པའི་དབུགས་དབྱུང་། སྤང་བྱ་ལས་རླུང་གི་རྒྱུ་བ་སྤོང་། སྒོ་རྣམ་སྨིན། མཆོག་དགའ། མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་འབྱེད། །ཏིང་ངེ་འཛིན་གསལ་སྟོང་ལྷན་ཅིག་སྐྱེས་པའོ། །དབང་གསུམ་པ་ལ། །སློབ་དཔོན་ལས་ཀྱི་ཕྱག་རྒྱ། དེ་མེད་ན་ཤེས་རབ་ཀྱི་ཡེ་ཤེས་ངོ་སྤྲོད་པའི་གཞི་མེད་པས་སོ། །དཀྱིལ་འཁོར་བྷ་ག །ཕྱོགས་ནུབ། དུས་ཐོ་རངས། །སྟེགས་བྱང་སེམས་གཉིས་ཀྱིས་བྱུགས་པ། ཁྲི་འཁོར་ལོའི་ནང་ཚངས་ཅན། དབང་རྫས་ཁུ་བའི་ཐིག་ལེ། གནས་ཡིད། ལྷ་བདེ་བའི་ལྷ། སྒྲིབ་པ་ཡིད་ཀྱི་དྲི་མ། སྐལ་བ་ཕོ་ཉའི་ལམ་བསྒོམ་པ། །སྣོད་སྦས་པ་བཤད་པའི། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་སྟེ་བཅུ་གསུམ། །ཁྱད་པར་གྱི་ནི། ལྟ་བ་མཐའ་བྲལ་ཟུང་འཇུག་ཏུ་རྟོགས་པས་དབུ་མ་རབ་ཏུ་མི་གནས་པ་དང་ཆ་མཐུན། ཟུང་འཇུག་ཞུ་བདེའི་བདེ་སྟོང་ལ་བྱེད་པས་ཁྱད་པར་འཕགས། རྒྱས་རྡོ་རྗེ་སེམས་དཔས་འདེབས་ཏེ། སྟོང་པ་ལ་བདེ་བས་བཏབ་པའི་ཕྱིར་རོ། དབུགས་རང་རིག་ཞེན་པ་དང་བྲལ་བའི་བདེ་བར་ཕྱུང་བས་རྡོ་རྗེ་འཆང་གི་དབུགས་དབྱུང་། སྤང་བྱ་གཟུང་འཛིན། སྒོ་རྣམ་ཉིད། ཁྱད་དགའ། སྨོན་པ་མེད་པའི་རྣམ་པར་ཐར་པ། ཏིང་ངེ་འཛིན་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དབང་བཞི་པ་ལ། སློབ་དཔོན་རང་སེམས་ཏེ་སོ་སོ་རང་གི་རིག་པར་བྱ་དགོས་ཀྱི། གཞན་རྐྱེན་གྱིས་མི་རྟོགས་པས་སོ། །དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས། མཻ་ཏྲི་པ་སིནྡཱུ་ར་ལ་བཞེད། ཕྱོགས་བྱང་། དུས་ནམ་ལངས། སྟེགས་བྱང་སེམས་དམར་པོ་བྱུགས་པ། ཁྲི་རྡོ་རྗེ་རྒྱ་གྲམ། དབང་རྫས་ངོ་སྤྲོད་ཀྱི་ཚིག མཻ་ཏྲི་པ་སིནྡྷུ་ར་ལ་བཞེད། །གནས་ལུས་ངག་ཡིད་གསུམ་མི་ཕྱེད་པའི་སྟེང་དུ། ལྷ་དོན་དམ་པའི་ལྷ། །སྒྲིབ་པ་འཇིག་པའི་བདེ་བ་འམ་ཟག་པ་དང་བཅས་པའི་ཡེ་ཤེས། སྐལ་བ་ཕྱག་རྒྱ་ཆེན་པོ་བསྒོམ་པ། སྣོད་མཐར་ཐུག་བཤད་པའི། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྟེ་བཅུ་གསུམ། ཁྱད་པར་གྱི་ཆོས་དྲུག་ནི། ལྟ་བ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་རྟོགས་པས་ཟུང་འཇུག་རབ་ཏུ་མི་གནས་པ་དང་ཆ་མཐུན། ཟུང་འཇུག་གི་བདེ་བ་མཆོག་ཏུ་མི་འགྱུར་བ་དང་། སྟོང་ཉིད་རྣམ་ཀུན་མཆོག་ལྡན་ལ་བྱེད་པས་ཁྱད་པར་དུ་འཕགས། རྒྱས་རྒྱུ་སྟོང་ཉིད་ལ་འབྲས་བུ་བདེ་བས་གདབ་ཅིང་། འབྲས་བུ་བདེ་བ་ལ་རྒྱུ་སྟོང་ཉིད་ཀྱིས་འདེབས་པས་རྡོ་རྗེ་སེམས་དཔའི་རྒྱས་འདེབས། དབུགས་བདེ་སྟོང་དབྱེར་མི་ཕྱེད་པར་ཕྱུང་བས་རྡོ་རྗེ་འཆང་གི་དབུགས་དབྱུང་། སྤང་བྱ་བཞི་པའི་གནས་སྐབས་ཀྱི་དྲི་མ། སྒོ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ། ལྷན་ཅིག་སྐྱེས་པའི་དགའ་བ། འདུས་མ་བྱས་པའི་རྣམ་པར་ཐར་པའི་སྒོ་ཕྱེད། ཏིང་ངེ་འཛིན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཀླུ་སྒྲུབ་དང་ཀུན་དགའི་སྙིང་པོ་སོགས་དཀྱིལ་འཁོར་གང་གིས་ཐོབ་པ་དེའི་དབང་གི་ཕྱོགས་མཐུན་དང་རྒྱུད་ཙམ་བླང་དུ་རུང་བར་བཞེད་ལ། འགའ་ཞིག་དཀྱིལ་འཁོར་གཅིག་དང་། དེའི་རྒྱུད་ཉིད་གཟུང་བར་འདོད་དོ་ཞེས་ཨ་བྷ་ཡས་གསུངས་ཤིང་། འདིར་ནི་དཀྱིལ་འཁོར་གཅིག་ཏུ་དབང་བཞི་རྫོགས་པར་ཐོབ་ན་དཀྱིལ་འཁོར་ཐམས་ཅད་ཀྱི་སྒྲུབ་པ་པོར་བཞེད་དེ། བདེ་མཆོག་རྩ་རྒྱུད་ལས། རྒྱུད་འདི་རུ་ནི་དབང་བསྐུར་བས། །དཀྱིལ་འཁོར་ཀུན་གྱི་སྒྲུབ་པ་པོ། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་ཐོབ་ནས་དམ་ཚིག་ལེགས་པར་བསྲུང་དགོས་ཏེ། དེ་ཉིད་ལས། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་སོ། །དམ་ཚིག་གི་རྣམ་པར་བཤད་པ་སྡོམ་པ་གསུམ་གྱི་རྒྱན་དུ་བཤད་ཟིན་མོད། འོན་ཀྱང་རྩ་བའི་ལྟུང་བ་བཅུ་བཞི་ལས། །དང་པོ་གསུམ་སྐྱབས་སུ་འགྲོ་བའི་མི་མཐུན་ཕྱོགས་ཏེ། དཀོན་མཆོག་གསུམ་ནི་དཔལ་ལྡན་རྒྱུད་དུ། སློབ་དཔོན་དག་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་ཡི་གཞི་ལ་ཆོས་ནི་དེ་ཡིས་བསྟན་པའོ། །དགེ་འདུན་གང་ཞིག་དེར་གནས་རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །ཞེས་པས་སོ། །བཞི་པ་དང་ལྔ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མི་མཐུན་ཕྱོགས་སོ། །གྲུབ་པའི་མཐའ་ལ་སྨོད་པ་ནི་ཐེག་པ་ཐམས་ཅད་ལ་སློབ་པའི་མི་མཐུན་ཕྱོགས་སོ། །དབང་བསྐུར་བ་ཐམས་ཅད་ཀྱི་སྤྱིའི་དམ་ཚིག་ནི་དེ་དང་ཁྱོད་ཅེས་བྱ་བ་ལ་སོགས་པ་ཤིན་ཏུ་གསང་བར་གདམས་པ་ཡིན་པའི་ཕྱིར། བདུན་པ་ནི་དབང་སྤྱིའི་མི་མཐུན་ཕྱོགས་སོ། །བུམ་པའི་དབང་གིས་ནི་ལུས་ཀྱི་ཚོགས་པ་སངས་རྒྱས་ཡབ་ཡུམ་ངེས་པར་མཛད་པའི་ཕྱིར། ཕུང་པོ་ཀུན་འབྱུང་གི་གཙོ་བོར་བཟུང་ནས་ཉམས་སྨད་པ་ནི་བུམ་དབང་གི་མི་མཐུན་ཕྱོགས་སོ། །གསང་དབང་ནི་ཡུམ་གྱི་གསང་གནས་མཚོན་བྱེད་དུ་བྱས་ནས་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་དུ་ངེས་པར་མཛད་པ་ཡིན་པས་དགུ་པ་གསང་དབང་གི་མི་མཐུན་ཕྱོགས་སོ། །ཤེར་དབང་གིས་ཕྱག་རྒྱའི་ལམ་ཉིད་ལ་བསྔགས་ཤིང་ཕྱག་རྒྱ་དང་འགྲོགས་པ་ནའང་བཤང་གཅི་ཟ་བ་དང་། བྷ་གའི་པདྨར་འོ་བྱེད་པ་སོགས་ཀྱི་བརྟེན་དགོས་པར་གསུངས་པས། ཁ་ལ་གཞན་དུ་བྱེད་ཅིང་སྙིང་ལ་གཞན་དུ་སེམས་པའི་གཡོ་སྒྱུ་གསུམ་པའི་མི་མཐུན་ཕྱོགས་སོ། །དབང་བཞི་པའི་དུས་འོད་གསལ་བའི་ཡེ་ཤེས་གོམས་པས་སངས་རྒྱས་ཀྱི་བདེ་བ་ཐོབ་པར་གསུངས་པ་ལ། དེ་ལས་གཞན་དུ་རྟོག་ན་དབང་བཞི་པའི་མི་མཐུན་ཕྱོགས་སོ། །ལྷག་མ་གསུམ་ནི་སྤྱོད་པའི་མི་མཐུན་ཕྱོགས་སུ་ཤེས་པར་བྱའོ། །ཡང་མདོ་ལམ་དང་སྔགས་ལམ་གྱི་ཁྱད་པར་ཞེས་པ། རྣམ་པར་གྲོལ་བའི་ལམ་ལ་ཁྱད་ཞུགས་པ་མ་ཡིན། སྟོང་པ་ཉིད་མཚན་ཉིད་པ་ཞིག་མ་རྟོགས་ན་གྲོལ་བར་མི་འགྱུར་ལ། སྟོང་པ་ཉིད་ལ། འདི་ནི་མདོའི། འདི་ནི་སྔགས་ཀྱི་ཞེས་རྣམ་པར་དབྱེ་རྒྱུ་མེད་པས་སོ། འོ་ན་གང་ལ་ཁྱད་པར་ཕྱེ་བ་ཞེ་ན། །རྣམ་པར་གྲོལ་བའི་ལམ་རྟོགས་པར་བྱེད་པའི་ཐབས་ལ་ཁྱད་ཞུགས་པ་སྟེ། སོ་སྐྱེའི་ལམ་དུ་ལྟ་ཞོག །མདོའི་ལམ་གྱིས་མཐོང་ལམ་ཐོབ་ནས་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྤྱོད་པ་དེ་དག་ལའང་སྔགས་ཀྱི་ལམ་ལ་བརྟེན་ན་འཚང་རྒྱ་བ་མྱུར་བ་དང་། མ་བརྟེན་ན་བུལ་བར་ཤེས་སོ། །གང་ལས་ཐེག་པ་ཆེན་པོའི་མཐོང་བའི་ལམ་ཐོབ་པ་དེའི་ཚེ། གསང་བའི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། དེའི་ཕྱིར་དཀྱིལ་འཁོར་དུ་མ་ཞུགས་པས་དབང་ཐོབ་པ་ནི་རྣམ་པ་ཀུན་ཏུ་མེད་ལ། ཐེག་པ་ཆེན་པོའི་འཕགས་པའི་ལམ་ཉིད་དབང་དུ་བཞག་པས། དབང་མ་ཐོབ་པར་དངོས་གྲུབ་ཐོབ་པ་མེད་པའང་རྣམ་པ་ཐམས་ཅད་དུ་དོན་ལ་གནས་པས་དངོས་གྲུབ་ནི་མཆོག་གི་དངོས་གྲུབ་ལ་བྱའོ། །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ་ཞེས་པའི་དངོས་གྲུབ་ནི་ཐུན་མོང་གིའོ། །གཉིས་པ་གྲོལ་བར་བྱེད་པའི་ལམ་ལ། རིམ་པ་གཉིས་ཀྱི་བསྒོམ་ཚུལ་སྤྱིར་བཤད། མངོན་པར་རྟོགས་པ་སོ་སོར་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི། རྡོ་རྗེ་འཆང་གིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བསྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །འདི་ལ། ཨིནྡྲ་བྷཱུ་ཏིས། དབང་པོ་རཏལ་འབྲིང་གཉིས་པོས་སྒོམ་པ་གསུམ་པ་ཡེ་ཤེས་ལ་དབང་དུ་གྱུར་པ་ཐོབ་ཀྱང་། རྫོགས་རིམ་མ་བསྒོམས་ན་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཞིང་འཚང་མི་རྒྱ་ལ། དབང་པོ་རྣོན་པོ་ནི་བསྐྱེད་རིམ་ལ་མ་བལྟོས་པར་དང་པོ་ཉིད་ནས་རྫོགས་རིམ་ལ་འཇུག་པར་གསུངས་ཏེ། གང་ཞིག་བར་མཐའ་གཉིས་པོ་ཉིད། །སྒོམ་པ་གསུམ་པ་གཙོ་བོ་ལས། །ཡང་དག་ཡེ་ཤེས་འབྱུང་བའི་དོན། །གང་དག་བྱ་བ་དབང་དུ་འགྱུར། །དེ་ཉིད་དམ་པར་འཚང་མི་རྒྱ། །ལམ་མ་བགྲོད་པར་དེ་ཉིད་མིན། །དེ་བས་ལམ་ལ་གནས་བདག་ཉིད། །བསྒྲུབ་ན་ཡེ་ཤེས་ཐོབ་འགྱུར་ཞེས། །ཞེས་གསུངས་པས་སོ། །སློབ་དཔོན་འཕགས་པ་ཡབ་སྲས། །སྐྱེ་བ་ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་ལ་མངོན་པར་ཞེན་པས་ཡོད་པ་དང་མེད་པ་དང་། གཅིག་དང་དུ་མ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་། ཡོད་པ་མ་ཡིན་པ་དང་མེད་པ་མ་ཡིན་པ་དང་། རྟག་པ་དང་ཆད་པ་ལ་སོགས་པའི་རང་བཞིན་གྱིས་བག་ཆགས་ཀྱི་རྒྱུས་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་ཞུགས་པ་རྣམས་རིམ་གྱིས་འཇུག་པ་ལ་སློབ་དགོས་པའི་ཕྱིར། དང་པོར་བསྐྱེད་རིམ་དང་། ཕྱིས་ནས་རྫོགས་པའི་རིམ་པ་བསྟན་པས་སྐས་ཀྱི་གདང་བུ་ལྟ་བུར་གསུངས་ཏེ། བསྐྱེད་པའི་རིམ་པར་ལེགས་གནས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པས་སོ། །སློབ་དཔོན་སངས་རྒྱས་ཞབས་རྗེས་འབྲང་དང་བཅས་པའང་དེ་དང་མཐུན་པར་བཞེད་དེ། གྲོལ་ཐིག་ལས། སྔགས་ཀྱི་སྐུ་དང་ཡེ་ཤེས་སྐུ། །ཡེ་ཤེས་སྐུ་འདི་ཡེ་ཤེས་དང་། །རྣམ་པར་དག་པའི་སྐུ་གཉིས་སོ། །ཞེས་པ་དེའི་འབྲེལ་པར་དམན་པ་ཞབས་ཀྱིས། །རྣམ་དག་གི་སྐུ་ལ་མཚན་ཉིད་ཀྱི་ཚུལ་དུ་གནས་པ་མི་བསླུ་བའི་སྐུ་དང་། དེ་ཇི་བཞིན་འབྲས་བུའི་སྐུ་གཉིས་སུ་བཞག་ཅིང་། །དེའི་སྔགས་སྐུ་ནི་བསྐྱེད་པའི་ཚུལ་ལ་བཞག་སྟེ། རྟོག་པས་ལྷའི་འཁོར་ལོ་བསྐྱེད་པ་ལ་གསལ་སྣང་བསྒྲུབ་པ་ཡིན་ལ། །དེ་ལའང་ལས་དང་པོ་པ་ཡེ་ཤེས་ལ་དབང་བ་ཡེ་ཤེས་ལ་ཆེར་དབང་བ། ཡེ་ཤེས་ལ་ཡང་དག་པར་དབང་བ་སྟེ་ཉམས་རིམ་གྱིས་ཕྱེ་བ་བཞི་བཞི་ཀའང་བསྐྱེད་པ་ལ་སློབ་པ་ཡིན་ཞིང་། དེའི་ཡེ་ཤེས་ལ་དབང་བ་ལྷ་ཕྲ་བ་ལ་གསལ་སྣང་བརྟན་པ་དེས་རྫོགས་རིམ་ལ་འཇུག་པ་ན། །ཐོག་མར་བགྲང་བ་ལ་སོགས་པའི་རིམ་གྱིས་རླུང་ལ་རྣལ་འབྱོར་དུ་བྱས་པས་ཁམས་གསུམ་རླུང་གིས་བྱས་པར་ཤེས་ནས་རླུང་ཉིད་ལྷར་སྦྱར་བ་ལ་སོགས་པ་དང་། དེ་སྒྱུ་མ་ལྟ་བུ་ལ་སོགས་པར་འཆར་བ་ནི་ཡེ་ཤེས་ཀྱི་སྐུ་སྟེ་བསྐྱེད་པའི་བསྐྱེད་པ་ཞེས་བྱ་ལ། དེའི་ཡང་སྔ་མ་ལ་མི་ཟབ་པ་བསྐྱེད་རིམ་དང་། ཕྱི་མ་ལ་ཟབ་པ་བསྐྱེད་རིམ་ཞེས་བྱ་བར་གནས་སོ། །དེ་ལྟ་བུའི་སྔགས་སྐུ་ནི་རིམ་པ་དང་པོ་ཉིད་དང་། ཡེ་ཤེས་ཀྱི་སྐུ་ནི་གཙོ་བོོར་རིམ་པ་དང་པོ་དང་། ཟབ་པ་བསྐྱེད་རིམ་ལ་བལྟོས་པའི་རྡོ་རྗེའི་བཟླས་པར་ཡང་འགྱུར་རོ། །མི་བསླུ་བའི་སྐུ་ནི་འབྲས་བུའི་གསལ་བ་མཚོན་བྱེད་སྟོང་པ་བཞིའི་ཡེ་ཤེས་སྒྱུ་ལུས་སུ་ཤར་བ་སྟེ། འདིའི་འཆར་གཞི་རིམ་པ་གཉིས་པ་དང་། ཤར་བ་ཉིད་ལ་རིམ་པ་གསུམ་པའི་དོན་གྲུབ་སྟེ། ད་དུང་རྣམ་པར་རྟོག་པ་ཕྲ་བ་དང་བཅས་པས་བསྐྱེད་པའི་རྫོགས་པ་ཞེས་དང་། དོན་དམ་པའི་འོད་གསལ་ལ་ཟབ་མོ་ཞེས་བསྙད་པ་དང་། དེའི་རང་སྣང་གསལ་བ་མི་ཕྱེད་པ་ནི་འབྲས་བུའི་སྐུ་སྟེ། འཆར་གཞི་དང་ཟུང་འཇུག་གཉིས་ཀྱི་དབྱེ་བས་རིམ་པ་བཞི་པ་དང་། ལྔ་པའི་དོན་གྲུབ་ལ། འདི་ལ་ནི་རྫོགས་པའི་རྫོགས་པ་ཞེས་བྱའོ། །དེ་ནི་ཤིན་ཏུ་ལེགས་པ་ཉིད་དོ། །གྲུབ་ཆེན་བི་རཱུ་པ་རྗེས་འབྲང་དང་བཅས་པ། ཐུན་སྟོད་ལ་བསྐྱེད་རིམ། ཐུན་སྨད་ལ་རྫོགས་པའི་རིམ་པ་སྟེ། སྟན་ཐོག་གཅིག་ཏུ་བསྒོམ་པ་མཉམ་པར་གནས་པའི་དོན་དུ་འཆད་དོ། །བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་ལས། མི་ཟབ་པ་བསྐྱེད་པའི་རིམ་པ་ཙམ་ནི་རྟོག་པའི་བསྒོམ་པ་ཡིན་པས་འཇིག་རྟེན་པའི་དངོས་གྲུབ་ཁོ་ནའི་རྒྱུར་བཞག་ལ། ཟབ་པ་བསྐྱེད་རིམ་ནི་རྫོགས་རིམ་གྱི་རྒྱུར་ཡང་གསུངས་ཏེ། བསྐྱེད་རིམ་དེ་གཉིས་ཀ་ལ་རྗེས་སུ་དཔག་པའི་བསྒོམ་པ་ཞེས་བཏགས་སོ། །དེ་ལྟར་ཡང་། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བཏགས་པ་གང་། དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣམས་ཀྱི་བསྒོམ་པའི་དོན། །དང་། རྡོ་རྗེ་སྙིང་འགྲེལ་ལས། བསྐྱེད་པའི་རིམ་པའི་ཡེ་ཤེས་ཏེ། །སངས་རྒྱས་བྱེད་པའི་མངོན་སུམ་མིན། །ཞེས་སོ། །འདིར་ནི་རིམ་པ་གཉིས་ཀྱི་དོན། ལྷའི་རྣལ་འབྱོར་གང་བཅོས་པའི་རིམ་པ་དང་། མ་བཅོས་པའི་རིམ་པ་སྟེ། བཅོས་པའང་རྒྱུ་རྐྱེན་ལས་བྱུང་བ་ཙམ་མ་ཡིན་གྱི། སྒྲ་དོན་ཅན་གྱི་རྟོག་པ་འཁོར་དང་བཅས་པས་བཅོས་པའོ། །འཁོར་ནི། མིག་སོགས་འཇུག་ཤེས་ལྔ་དང་། ཡིད་རྟོག་མེད་འོད་གསལ་གྱི་སྣང་བ་ཅན་མ་ཡིན་པ་རྣམས་སོ། །མ་བཅོས་པ་ནི་རང་བཞིན་གྱི་འོད་གསལ་བ་ཉིད་དེ། དེའི་ཕྱིར་དུས་ཀྱི་འཁོར་ལོར་རྫོགས་རིམ་ལ་མཚན་ཉིད་གསུམ་ལྡན་གསུངས་ཏེ། ལྷན་ཅིག་སྐྱེས་པ། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ་སྟེ། དང་པོས་བསྐྱེད་རིམ་རྣམ་པར་རྟོག་པའི་ཏིང་ངེ་འཛིན་གོམས་པའི་གསལ་སྣང་མཐའ་དག་གཅོད། གཉིས་པས་རྟོག་པ་མེད་པའི་བརྒྱལ་བ་དང་འགོག་པའི་ཏིང་ངེ་འཛིན་གཅོད། གསུམ་པས་སྣང་བ་མེད་ཅིང་རིག་པ་ཙམ་གྱི་ངོ་བོ་ལ་གནས་པ་དེ་གཅོད་དོ། །དེ་ཉིད་རྟོག་མེད་མ་འཁྲུལ་བ་ཡིན་པས་མངོན་སུམ་དང་། དེའང་ཉེ་བར་སྟོན་པར་བྱེད་པ་དང་། འཇུག་པར་དང་། ཐོབ་པར་བྱེད་ཅིང་ཉམས་སུ་མྱོང་བའི་མཚན་ཉིད་ཅན་དུ་འགྱུར་བས། དབང་པོ་དང་། ཡིད་དང་། རྣལ་འབྱོར་གྱི་དང་། རང་རིག་པའི་མངོན་སུམ་བཞིར་བཤད་དོ། །མངོན་སུམ་དེ་དག་སྐྱེ་བའི་རྟེན་ལས་དང་པོ་པ་ལ་ཤའི་མིག །མངོན་ཤེས་ཐོབ་ནས་ལྷ། ཆགས་པ་དང་བྲལ་ནས་སངས་རྒྱས། བྱང་ཆུབ་སེམས་དཔའ་ནས་ཤེས་རབ། སངས་རྒྱས་ནས་ཡེ་ཤེས་ཀྱི་སྤྱན་ཏེ་ལྔའོ། །རྗེ་བཙུན་མཻ་ཏྲི་པའི་བཞེད་པ་སློབ་དཔོན་རཱ་མ་ཕ་ལས་རིམ་པ་ལྔར་བསྟན་པ་ཇི་ལྟ་བུ་ཞེ་ན་བརྗོད་པར་བྱ་སྟེ། བསྐྱེད་རིམ་ཡང་མདོར་བསྡུས་པའི་རིམ་པ་དང་། རྡོ་རྗེ་བཟླས་པའི་རིམ་པ། མིང་གཞན་ཕྱིའི་བསྐྱེད་རིམ་དང་། ནང་གི་བསྐྱེད་པའི་རིམ་པ་ཞེས་བྱའོ། །རྫོགས་པའང་བདག་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པ་སྟེ། མིང་གཞན་རྫོགས་པ་དང་། ཡོངས་སུ་རྫོགས་པ་དང་། ངོ་བོ་ཉིད་ཀྱི་རིམ་པ་ཞེས་བྱ་བས་བསྟན་ཏོ། །དེ་ཉིད་ཕྱག་རྒྱ་བཞིའི་ངོ་བོའམ་རང་བཞིན་ཏེ། ཐམས་ཅད་གསང་བའི་རྒྱུད་ལས་ཤེས་པར་བྱའོ། །དེ་སྐད་དུ། ཕྱག་རྒྱ་ཆེན་པོ་ཡིད་ཀྱི་སྟེ། །དམ་ཚིག་ཕྱག་རྒྱ་ཀུན་ཏུ་འགྲོ། ཆོས་ཀྱི་ཕྱག་རྒྱ་ངག་ལ་སྟེ། །ལས་ཀྱི་ཕྱག་རྒྱ་ལུས་ཀྱིའོ། །ཞེས་བཤད་དོ། རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །བརྟག་པ་གཉིས་པར། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཞེས་རྫོགས་པའི་རིམ་པས་ཆོས་ཐམས་ཅད་རང་བཞིན་མེད་པའི་བདེ་བ་ཆེན་པོར་སྦྱོར་ནུས་བཞིན་དུ་བསྐྱེད་པའི་རིམ་པ་གསུངས་ནས་ཅི་ཞིག་མཛད་ཅེས་གསོལ་པ་ལ། སྟོན་པས། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་གྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཞེས་གསུངས་ཏེ། །དེའི་དོན་ཡང་། གཟུགས་མེད་ན་ཁུ་བ་མེད་ལ། ཁུ་བ་མེད་ན་བདེ་ལ་བརྟེན་པའི་བདེ་བ་ཇི་ལྟར་འབྱུང་། དེའི་ཕྱིར་བདེ་བ་ཆེན་པོ་རྫོགས་པའི་རིམ་པ་དང་། བསྐྱེད་པའི་རིམ་པ་ཕན་ཚུན་བལྟོས་ནས་གྲུབ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་བསྐྱེད་པའི་རིམ་པ་བསྟན་པ་སྟེ། ཁུ་བ་མེད་ན་བདེ་མི་འགྱུར། །ནུས་པ་མེད་ཕྱིར་བལྟོས་དང་བཅས། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། །ཞེས་གསུངས་སོ། །བསྐྱེད་རྫོགས་བལྟོས་པས་གྲུབ་པ་དེའི་ཕྱིར་ཟུང་འཇུག་ཏུ་བསྒོམ་པ་བསྔགས་ཤིང་། ཟུང་འཇུག་ཀྱང་ལུས་བསམ་གྱི་དབང་ལས་ཏེ། ལུས་ལ་བསམ་པ་རབ་ཞུགས་ནམ་མཁའ་བཞིན་དུ་རོ་མཉམ་པ་དང་བསམ་པའི་དབུས་སུ་ལུས་ཉིད་ཀྱང་། །རང་བཞིན་ཡོན་ཏན་དབང་ལས་ཁ་དོག་རྣམས་ཀྱི་དབྱེ་བ་རྣལ་འབྱོར་ལྡན་པས་ཤེས་པར་བྱ་བ་སྟེ། །སེར་པོ་ནག་པོ་དམར་པོ་དཀར་པོའི་ཁ་དོག་རྣམས་ནི་ས་དང་རླུང་དང་མེ་དང་ཆུ་རྣམས་སོ། །ཡེ་ཤེས་ནམ་མཁའ་དག་ཀྱང་ལུས་དང་བསམ་པའི་དབྱེ་བས་ལྗང་གུ་དང་ནི་སྔོན་པོར་འགྱུར། །ཞེས་སོ། །དེའང་བསྐྱེད་རིམ་པའི་ལུས་ལ་རྫོགས་རིམ་པའི་བསམ་པ་ཞུགས་པའི་ཟུང་འཇུག་ནི། །བསྐྱེད་རིམ་གྱི་ལུས་ལ་དག་པ་གསུམ་གྱི་བསམ་པ་ཞུགས་པ་ལྟ་བུ་སྟེ། བརྟག་གཉིས་སུ། བསྐྱེད་པའི་རིམ་པ་ཉིད་ཀྱི་ཕྱོགས། །སྲིད་དང་ཞི་བའི་རང་བཞིན་གྱིས། །ཞེས་སོ། །རྫོགས་རིམ་ཀྱི་ལུས་ལ་བསྐྱེད་རིམ་གྱི་བསམ་པ་ཞུགས་པའི་ཟུང་འཇུག་ནི། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་རྫོགས་རིམ་ཞི་གནས་ཆེན་པོའི་ལུས་ལ། བསྐྱེད་རིམ་ལྷའི་དེ་ཁོ་ན་ཉིད་ཀྱི་བསམ་པ་ཞུགས་པས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དམ་སྒྱུ་ལུས་སུ་བཞག་པ་ལྟ་བུའོ། །དེ་དག་བདེ་མཆོག་ལས་ཀྱང་། ཁྲག་འཐུང་དཔལ་གཉིས་མེད་སྦྱོར་བ། གང་གིས་ཤེས་པ་ཙམ་གྱིས་ནི། འདིར་ནི་འགྲུབ་པར་ཐེ་ཚོམ་མེད། །ཅེས་དང་། ཨ་བྷ་ཡས་ཀྱང་། བསྐྱེད་དང་རྫོགས་པ་འདི་དག་ནི། །ལྷན་ཅིག་སྐྱེས་པ་གསལ་བའི་ཕྱིར། །ཟུང་དུ་འཇུག་པའི་རང་བཞིན་དུ། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །ཞེས་གསུངས་སོ། །སློབ་དཔོན་མཻ་ཏྲི་ཞབས་ཀྱང་བཞེད་དེ། རྟེན་ཅིང་འབྱུང་ཙམ་གྱི་ཕྱིར། །བདེན་ཉིད་མ་ཡིན་སྟོང་པ་ནི། །གསལ་བ་ལྷ་ཡི་རྣམ་པ་ཡང་། །རང་བཞིན་མེད་པའི་རང་བཞིན་ཏེ། །ཞེས་བཤད་པས་སོ། །དེ་བས་ན་ཟུང་དུ་འཇུག་པའི་རྣམ་གཞག་འདི་མི་ཤེས་པའི་བསྐྱེད་རིམ་གོམས་པར་བྱས་པ་ཙམ་གྱིས་རྟོག་པ་ལ་གསལ་སྣང་ཕྱིན་པ་ཉིད་དུ་ཟད་པས། ཀུན་སློང་དགེ་ན་འདོད་པའམ་གཟུགས་ཀྱི་ལྷ། ངན་ན་ངན་འགྲོར་འཕེན་ལ། སེམས་བསྐྱེད་ཀྱིས་ཟིན་ན་ལམ་གོང་མའི་སྟེགས་སུ་འགྱུར་ཞིང་། འདོད་པའི་དངོས་གྲུབ་ཀྱི་དངོས་ཀྱི་རྒྱུར་ནི་མི་འགྱུར་རོ། །བསྐྱེད་རིམ་གཙོ་བོར་གྱུར་པའི་ཟུང་འཇུག་དེ་ལ་ནི། ཀླུ་སྒྲུབ་ཀྱིས། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཞབས་ཀྱིས་ས་བདུན་པ་དང་། བི་ཝ་པས་དྲུག་པ་ཚུན་ཐོབ་པར་བཤད་དོ། །གཉིས་པ་མངོན་པར་རྟོགས་པ་སོ་སོར་གཏན་ལ་ཕབ་པ་ལ། བསྐྱེད་རིམ་དང་། རྫོགས་རིམ་གཉིས་ལས། དང་པོ་ནི། དང་པོ་བཞི་སྟེ་ཡང་ན་དྲུག །མངོན་བྱང་ལྔ་སྟེ་བསྡུས་པའི་དོན། །བཞིས་ནི་རྡོ་རྗེ་རྣམ་པ་བཞི་དང་། ཡན་ལག་བཞི་འམ་རྣལ་འབྱོར་བཞིར་བཤད་པ་སོགས་བསྡུས་ལ། དྲུག་གིས་ཡན་ལག་དྲུག་པ་བསྟན་ཏེ། འོན་ཀྱང་འདུས་པ་དང་དུས་ཀྱི་འཁོར་ལོ་ལས་བསྐྱེད་རིམ་དབང་དུ་མཛད་ནས་རྡོ་རྗེ་རྣམ་པ་བཞི་དང་། རྫོགས་རིམ་དབང་དུ་མཛད་ནས་ཡན་ལག་དྲུག་པ་གསུངས་ཏེ། འདུས་པར། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པའང་རྣམ་པ་གཉིས་སུ་འགྱུར། །རྡོ་རྗེ་བཞི་ཡི་ཐུན་མོང་པ། །ཡན་ལག་དྲུག་པོ་རྣམས་ཀྱི་མཆོག །ཅེས་སོ། །བསྐྱེད་པ་ནི་སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་བསྐྱེད་པ་ཡིན་ལ། རིམ་པ་ནི་དེ་ཉིད་རིམ་གྱིས་སྦྱོང་བ་སྟེ་དེའི་ཕྱིར་བསྐྱེད་རིམ། ཡང་ན་བསྐྱེད་པ་ལྷ་ཡིན་ལ། རིམ་པ་འཁོར་ལོ་ལ་སོགས་པ་རྒྱས་པ་ལ་བྱའོ། །ཡང་ན་རྟེན་བརྟེན་པར་བཅས་པའི་སྙིང་པོ་བསྐྱེད་པ། དེ་རང་གི་ལུས་སུ་སོ་སོ་རང་རིག་གིས་ལེན་པའི་ཐབས་ནི་རིམ་པ་སྟེ། བསྐྱེད་རིམ་དང་། དཀྱིལ་འཁོར་དུའང་བཤད་དེ། དཀྱིལ་ནི་སྙིང་པོ་ཞེས་བྱ་སྟེ། །ལེན་པར་བྱེད་པ་འཁོར་ལོ་ཉིད། །ཅེས་སོ། །བཅུད་ཀྱི་སེམས་ཅན་ལ་སྐྱེ་གནས་བཞི་ལས། མངལ་ནས་སྒོ་ང་སྐྱེ་ཞིང་དེ་ལས་སྐྱེ་བ་དེའི་སྦྱོང་བྱེད་དུ། ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ས་བོན་ཆུད་པ་ལས་ལྷར་བསྐྱེད་པ་སྟེ། ངེས་བརྗོད་བླ་མར། སྒོང་སྐྱེས་གླུ་ནི་མེད་པ་སྟེ། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་སོ། །མངལ་སྐྱེས་སྦྱོང་བྱེད། ལྷ་ཡབ་ཡུམ་གྱི་མངལ་དུ་ས་བོན་ཞུགས་ཏེ་ཞུ་བ་ལས་གླུས་བསྐུལ་བའི་ཚུལ་གྱིས་བསྐྱེད་པ་སྟེ། མངོན་བརྗོད་བླ་མར། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །བསྒོམ་པ་རྣམས་ནི་ཡོངས་སུ་བསྟན། །ཞེས་སོ། །ཕྱིའི་དྲོད་གཤེར་ལས་སྐྱེས་པ་སྦྱོང་བྱེད། དྲོད་མཚོན་པ་ཉི་མའི་འོད་ཀྱི་ཕྱེ་བའི་པདྨ་དང་། གཤེར་མཚོན་པ་ཟླ་བའི་སྟེང་དུ་བར་དོའི་རྣམ་ཤེས་མཚོན་པའི་ས་བོན་ཙམ་ལས་སྐྱེད་པའམ། དྲོད་གཤེར་གྱི་བདག་ཉིད་པད་ཉིའི་སྟེང་དུ་ས་བོན་ཙམ་ལས་བསྐྱེད་པ་སྟེ། སྡོམ་འབྱུང་འགྲེལ་པར། ཟླ་བ་དང་ས་བོན་ཙམ་ལས་སྐྱེས་པ་ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ། ཞེས་སོ། །རྫུས་སྐྱེས་ནི་སྐད་ཅིག་ལ་ཡན་ལག་དང་། ཉིད་ལག་དང་། དབང་པོ་རྣམས་ཚང་བར་སྐྱེ་སྟེ། དེའི་སྦྱོང་བྱེད་ལྷ་སྐད་ཅིག་གིས་བསྐྱེད་པ་སྟེ། རྡོ་རྗེ་དྲིལ་བུ་པས། བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ས་བོན་མེད་པའི་རྣམ་པར་བསྒོམ། །ཞེས་སོ། །ཞིབ་མོར་བཤད་ན། རྣལ་འབྱོར་པའི་རྒྱུད་ལས། དང་པོར་སྣོད་བཅུད་ཞིག་པ་ལྟར་ཡེ་ཤེས་ཀྱིས་བསྒོམ་པ། ཆགས་པ་ལྟར་རྡོ་རྗེའི་ས་དང་གཞལ་ཡས་ཁང་བསྒོམ། དེ་ནས་བསྐལ་པ་དང་པོའི་མི་བརྫུས་ཏེ་སྐྱེ་བ་ལྟར་ལྷག་མོས་བསྒོམ། དེ་ནས་དེ་དག་ཐ་མལ་པའི་ལུས་སུ་གྱུར་པ་ལྟར་ལྷག་མོས་ལུས་ལ་བསྡུས། ཤི་ནས་བར་དོར་གནས་པ་ལྟར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱིས་དང་པོའི་མགོན་པོ་བསྐྱེད། སྐྱེ་བ་བླངས་པ་ལྟར་སྤྲུལ་སྐུར་སྒྱུར། མངལ་དུ་ཕུང་པོ་ཁམས་སྐྱེད་མཆེད་རྣམས་གྲུབ་པ་བཞིན་དུ་སྐུའི་དཀྱིལ་འཁོར་བསྐྱེད། མངལ་ནས་སྐྱེས་ནས་ལུས་ངག་ཡིད་གསུམ་རྫོགས་པ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། རིགས་དང་རྗེས་སུ་མཐུན་པའི་བག་མ་བླངས་པ་བཞིན་དུ་ཕྱག་རྒྱ་འདུ་བྱས་སྙོམས་པར་ཞུགས་པས་བུ་དང་བུ་མོ་བསྐྱེད་པ་བཞིན་དུ་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ། དེ་དག་གིས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་བཞིན་དུ་ལས་རྒྱལ་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱས་ནས་དུས་ལ་བབ་པ་དང་ཤི་བ་བཞིན་དུ་འོད་གསལ་ལ་ཐིམ། དེ་ནས་བུད་མེད་ལ་སོགས་པ་ངུ་བ་བཞིན་གླུས་བསྐུལ། སླར་ཡང་སྐྱེས་ནས་འདོད་ཡོན་ལ་སྤྱོད་པ་བཞིན་དུ་གླུའི་ངོར་བཞེངས་ཏེ་མཆོད་བསྟོད་བདག་གིར་མཛད་པ་སྟེ། ཐུན་བཞིའི་རྣལ་འབྱོར་མན་ངག་བཞིན་བསླབས་ནས་རིམ་གྱིས་རྟོག་པ་འགགས་ནས་ལྷའི་རྣམ་པ་གསལ་བ་དང་། རྐྱེན་གཞན་གྱིས་མི་བསྒུལ་བ་དང་། རང་གི་ངང་གིས་འཇུག་པར་གྱུར་པ་ན། དེ་མཐར་ཕྱིན་པར་འགྱུར་བ་སྟེ། དེ་ནི་གཅིག་ཏུ་ལྷ་དྲན་པའི་ཕྱིར་དང་། ལྷ་དང་གཅིག་ཏུ་དྲན་པའི་ཕྱིར་དྲན་པ་གཅིག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལོབས་ནས་རྟོག་པའི་རྣལ་འབྱོར་ལ་བསླབ་པར་བྱ་བ་ལ། མཆོག་ཐུན་མོང་གཉིས་ཀ་ལ་དམིགས་པ་ནང་དུ་མཆོག་ཏུ་གཞོལ་བའི་དང་། ཐུན་མོང་གི་དངོས་གྲུབ་ལ་དམིགས་པ་སྔགས་ལ་མཆོག་ཏུ་གཞོལ་བའི་རྟོག་པའི་རྣལ་འབྱོར་གཉིས་ཀྱི་དང་པོ་ལ་རྣམ་རྟོག་ཤས་ཆེ་བས་སྟེང་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོ་བསྒོམ་པ་དང་། ཉོན་མོངས་ཤས་ཆེ་བས་འོག་སྒོ་ལ་བརྟེན་པའི་ཐིག་ལེ་ཕྲ་མོ་བསྒོམ་པ་གཉིས་སོ། །དེ་གཉིས་གང་ལ་སློབ་ཀྱང་དྲན་པ་གཅིག་པ་ལ་བརྟན་པ་ཐོབ་པས་སློབ་སྟེ། དང་པོར་སེམས་ལ་དབང་ཐོབ་པར་བྱ་བའི་ཕྱིར་མཚན་མའི་ཐིག་ལེ་ཡུངས་འབྲུ་ཙམ་ཕྲ་ཞིང་རྟོགས་པར་དཀའ་བ་ལ་སློབ་པའི་ཕྱིར་མོའི་རྣལ་འབྱོར་རོ། །གཉིས་པ་ནི། དྲན་པ་གཅིག་པ་མཐར་ཕྱིན་ནས་བཟླས་པའི་ཏིང་ངེ་འཛིན་གང་ཡང་རུང་བ་ལ་གནས་ནས་བཟླས་པ་མཐར་ཕྱིན་པར་བྱེད་ཅིང་། དེ་ནས་ཟླ་བ་དྲུག་ཏུ་རིགས་པ་བརཏལ་ཞུགས་ཀྱི་སྤྱོད་པ་ལ་བྱང་བར་བསླབ་པར་བྱའོ། །མཆོག་སྒྲུབ་པས་ནི་སྤྱོད་པ་སྐབས་འདིར་མི་བྱེད་དེ། སྒྱུ་ལུས་སམ་སློབ་པའི་ཟུང་འཇུག་གི་སྐབས་སུ་བྱེད་དོ། །མངོན་པར་རྟོགས་པ་དེའང་དེ་ཉིད་བཞི་བཅུ་ཞེ་དགུར་བསྡུས་ཏེ། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཉིད་དབྱེ་བ་བཅོ་ལྔ་ཡིན། །དང་པོ་སྦྱོར་བ་བསྒོམ་པར་བྱ། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། དེ་ཉིད་དབྱེ་བ་བཞི་བཅུ་དགུ །བསྐྱེད་པའི་རིམ་པ་བསྡུས་པའོ། །ཞེས་བཞི་བཅུ་རྩ་དགུ་པོ་དེ་དག་ཀྱང་། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ། དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར་མཆོག །ལས་རྒྱལ་མཆོག་གི་རྣལ་འབྱོར་ཏེ་ཡན་ལག་དྲུག་ཏུ་འདུས་སོ། །རྡོར་འཕྲེང་ལས། ཐོག་མར་རེ་ཞིག་རྣལ་འབྱོར་དྲུག །རྣལ་འབྱོར་རིམ་པས་མཆོག་ཏུ་བསྒྲུབ། །ཅེས་དང་། དེ་དྲུག་ཀྱང་དང་པོ་སྦྱོར་བའི་ཏིང་ངེ་འཛིན་རྒྱལ་པོ་མཆོག་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་སྟེ་ཏིང་ངེ་འཛིན་གསུམ་དུ་འདུའོ། །རྡོར་འཕྲེང་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བས་མདོར་བསྡུས་པས། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་མཆོག་རྣལ་འབྱོར་མཆོག །ཅེས་སོ། །དེ་དག་བསྙེན་བསྒྲུབ་ཡན་ལག་བཞིར་འབྱེད་ན། ཡེ་ཤེས་ཀྱི་སའི་ཆ་བསྒོམས་ལྷག་མོས་མཛད་པ་དང་བཅས་བསྒོམས་ནས་ལུས་དཀྱིལ་དུ་བསྡུས་པ་བསྙེན་པ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གཉིས་ཀྱིས་ལྷའི་སྐུ་བསྐྱེད་པ་ཉེར་བསྒྲུབ། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་ནི་བསྒྲུབ་པ། དེ་མན་ཆད་ནི་བསྒྲུབ་ཆེན་ཏེ། རྩ་རྒྱུད་ལེའུ་བཅུ་གཉིས་པར། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཉེ་བར་བསྒྲུབ་པ་འབྱུང་བ་དང་། །བསྒྲུབ་པའི་དོན་གྱི་དམ་ཚིག་དང་། །བསྒྲུབ་པ་ཆེན་པོ་དག་དང་བཞི། །རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །བསྙེན་པའི་ཏིང་འཛིན་རབ་སྦྱོར་གང་། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་བསྒྲུབ་པ་གྲུབ་མཆོག་ལ། རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་བསྒོམ་པ་ཡི། །བསྒྲུབ་པའི་ཚེ་ན་སྐུལ་བར་གསུངས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་དང་། ཡང་ལྷག་མོས་ནི་བྱིན་རླབས་ཀྱི་རྣལ་འབྱོར། །རྣལ་འབྱོར་བཞི་མན་བཏགས་པ། ཞུ་བ་གླུས་བསྐུལ་གྱི་རྗེས་ལ་ལངས་པ་རྫོགས་པའི་རྣལ་འབྱོར་གསུམ་དུའང་བཤད་དེ། རྡོ་རྗེ་སྙིང་པོ་རྒྱན་ལས། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབ་དང་ཡོད་བཏགས་དང་། །གཟུགས་ཉིད་ཡོངས་སུ་རྫོགས་པ་སྟེ། །ཞེས་སོ། །ལྷ་བསྒོམ་པ་ན་རྣལ་འབྱོར་པ་དེའི་མིག་སོགས་ཀྱི་ཤེས་པ་ལ་ཐ་མལ་པའི་སྣང་བ་མ་ལོག་ཏུ་ཟིན་ཀྱང་ཡིད་ཀྱི་མོས་པས་ལྷའི་སྐུར་ཤིན་ཏུ་བརྟན་པར་ང་རྒྱལ་བསྐྱེད་པ་ནི་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཏེ། ཨ་དྷིཥྛ་ན་ཞེས་པའི། ཨ་དྷི་ནི་ལྷག་པ་དང་། ཥྛ་ན་ནི་བཞག་པ་དང་བྱས་པ་དང་བཀོད་པ་ཡིན་པས་བྱིན་རླབས་ཏེ། ལྷག་པར་བྱས་པ་ལ་ཨ་དྷི་མུཉྩྨ་ཞེས་མོས་པའི་སྐད་དོད་ཡོད་པས་ན་ལྷག་མོས། དོན་ལ་རྟོག་པས་ལྷག་པར་མོས་པར་བྱས་པ་ཞེས་བྱའོ། །ད་ནི་སྙིང་པོ་དགྱེས་པའི་རྡོ་རྗེའི་བསྐྱེད་རིམ་བཤད་པར་བྱ་སྟེ། བསྐྱེད་རིམ་བཟླས་པ་ཐུན་མཚམས་ཀྱི་ཆོས་གསུམ་ལས། དང་པོ་ལ་རྒྱུའི་ཧེ་རུ་ཀ་བསྐྱེད་པའི་ཆོས་བཅུ། འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་ཆོས་བཅུ་སྟེ་ཉི་ཤུ་ལས། དང་པོ་ནི། བླ་མ་དག་པ། ཚད་མེད་སྟོང་པ་བསྲུང་བ། ཆོས་འབྱུང་། འབྱུང་བ་རིམ་བརྩེགས། གཞལ་ཡས་ཁང་། རྒྱུའི་རྡོ་རྗེ་འཆང་མངོན་བྱང་ལྔས་བསྐྱེད། མཁའ་གསང་བྱིན་བརླབ། འཁོར་བསྐྱེད་པའོ། །གཉིས་པ། དྲི་ཟ་གཞུག་པ། གླུས་བསྐུལ་བ། ཆོ་ག་གསུམ་གྱིས་བསྐྱེད་པ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། ཡེ་ཤེས་པ་སྤྱན་དྲངས་ཏེ་བསྲེ་བ། དབང་བསྐུར། མཆོད་པ། བསྟོད་པ། བདུད་རྩི་མྱང་བ། ཏིང་ངེ་འཛིན་ནོ། །དེ་དག་ཡན་ལག་དྲུག་ཏུ་བཞག་སྟེ་རྣམ་སྣང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཡིན་ལ། གཞལ་ཡས་ཁང་ཡང་དེ་དག་པ་ཡིན་པར་ཆོས་མཐུན་པས་ཕོ་བྲང་རྣམ་པར་སྣང་མཛད་ཀྱི་ཡན་ལག་ཏུ་བཞག་གོ །རྡོ་རྗེ་སེམས་དཔའ་ལུས་ལ་བྱུང་བ་བདེ་ཆེན་གྱི་ལྷ་ཡིན་ལ། རྗེས་སུ་ཆགས་པས་ཀྱང་བདེ་ཆེན་སྐྱེད་པར་བྱེད་པས་རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག །རྡོ་རྗེ་ཕ་ལམ་གྱིས་ཕར་འཇོམས་ཤིང་ཚུར་གང་གིས་ཀྱང་མི་ཤིགས་པ་ལྟར། གཟུང་འཛིན་གྱི་རྣམ་པར་རྟོག་པས་མི་བསྐྱོད་པས་མི་བསྐྱོད་པ་ཞེས་བྱ་བ་ལ། དབང་བསྐུར་བས་ཀྱང་རྣམ་རྟོག་གི་དྲི་མས་མི་བསྐྱོད་པ་ཐོབ་པས་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་གོ །སྣང་བ་མཐའ་ཡས་ཨ་མྀ་ཏཱ་བྷ་སྟེ། དེ་ལ་ཡི་གེ་བསྣན་པའི་འཆད་ཚུལ་གྱིས་ཨམྲྀ་ཏ་འཆི་བ་མེད་པ་ཡིན་ཞིང་། བདུད་རྩི་ལའང་ཨམྲྀ་ཏ་འཆི་མེད་དུ་མཚུངས་པས་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག །མཆོད་པ་ནི་ལས་རིགས་ཀྱི་དམ་ཚིག་ཡིན་ལ། དོན་གྲུབ་ཀྱང་ལས་རིགས་ཀྱི་ལྷ་ཡིན་པས་དོན་གྲུབ་ཀྱི་ཡན་ལག །རིན་ཆེན་འབྱུང་གནས་ཡོན་ཏན་ལྔ་དང་ལྡན་པ་བཞིན་དུ། བསྟོད་པའང་དེ་ལྟ་བུའི་སྒོ་ནས་བསྟོད་པས་བསྟོད་པ་རིན་འབྱུང་གི་ཡན་ལག །ཕྲ་བར་བརྩིས་ན། ཕོ་བྲང་ཉིད་འབྱུང་བ་བཞི་བར་སྲིད་དང་ལྔ། དེ་རྣམས་འདྲེས་པ་སྟེ་ཡན་ལག་དྲུག །རྗེས་ཆགས་ཀྱི་རྡོ་རྗེ་པདྨ་དགའ་བ་གསུམ་རྣམས་ནི་ཡེ་ཤེས་ལྔ། ལྷན་སྐྱེས་ཡེ་ཤེས་དྲུག་པར་འགྱུར་རོ། །བདུད་རྩི་ལྔའི་ཆུ་ཡེ་ཤེས་ལྔའམ་རིགས་ལྔ་མཚོན་ཞིང་། དབང་ཉམས་སུ་མྱོང་བ་རྡོར་སེམས་ཏེ་དབང་ཡང་དྲུག་གོ །བདུད་རྩི་ལ་སྒྲོན་མ་ལྔ་སྟེ་མྱོང་བ་དྲུག །ལྷ་མོ་སྤྲུལ་ནས་འདོད་ཡོན་རྣམ་པ་ལྔས་མཆོད་པ་ཡེ་ཤེས་ལྔ། ཌོམྦི་ནིས་སྙོམས་འཇུག་གིས་མཆོད་པ་དྲུག་མཆོད་པས་དྲུག །སྐུ་གསུམ་ལ་སྐུ་ལྔར་ཕྱེ་བའི་སྒོ་ནས་བསྟོད་པ་ལྔ། ཐམས་ཅད་ཀྱི་དོན་མི་རྟོག་ཡེ་ཤེས་ཀྱི་ངོ་བོ་ལ་རྡོར་སེམས་སུ་བརྩི་བས་བསྟོད་པ་དྲུག་གོ །གཉིས་པ་བཟླས་པའི་སྔགས་ལ་སྔགས་ཀྱི་ངོ་བོ་དབྱངས་གསལ། དེས་ཚིག་སྤྱན་དྲངས་པའམ་དེ་ཁོ་ན་ཉིད་སྐུལ་བར་བྱེད་པ་སྟེ། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་སོ། །དབྱེ་བ་ནི་སྔར་རྡོ་རྗེ་སྙིང་འགྲེལ་ལས་བཤད་པ་དྲངས་པ་ལྟར་རམ། །རྗེ་བཙུན་མར་པས། སྔགས་མཚན་ཉིད་པ་དང་རྒྱུ་མཐུན་པ་ཞེས་གསུངས་སོ། །ཕྱི་མའི་དབང་དུ་བྱས་ནས། འབུམ་ལྔར། རྩ་བའི་སྔགས་ནི་སྐུ་རུ་འགྱུར། སྙིང་པོ་ཞེས་བྱ་མཐུ་ལྡན་གསུང་། །དེ་བཞིན་ཉེ་བའི་སྙིང་པོ་ནི། །ཐུགས་ཀྱི་སྔགས་སུ་བརྗོད་པར་འགྱུར། །ཡེ་ཤེས་ས་བོན་ཞེས་བཤད་པ། །ཡེ་ཤེས་སྔགས་སུ་དེ་བརྗོད་བྱ། །ཞེས་གསུངས། བཟླས་པའི་གྲངས་ཀྱང་། འཁོར་ལོའི་བདག་པོར་བཟླས་པ་འབུམ། །དཀྱིལ་འཁོར་ཅན་ལ་དེ་བཞིན་ཁྲི། །གཏོར་མ་སོགས་ཐུན་མཚམས་ཀྱི་ཆོས་སོ། །དེ་ནི་མངོན་པར་རྟོགས་པ་རྒྱས་པའི་དབང་དུ་བྱས་ལ། འབྲིང་དུ་ཆོ་ག་གསུམ་ལས་བསྐྱེད་པ་ཆིངས་བཅུ་དྲུག་པ་ཞིག་དང་། ཤིན་ཏུ་བསྡུས་པ་རྡོ་རྗེ་རྣམ་པ་བཞིས་བསྐྱེད་པ་ཆིངས་བཅུ་གཉིས་པ་གསུངས་ཏེ། རྡོ་རྗེ་རྣམ་པ་བཞི་ནི། ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། བཞི་པ་ལ་ནི་ཡིག་འབྲུ་འགོད། །ཅེས་གསུངས་པ་ཉིད་དོ། །དེའང་ཡེ་ཤེས་ཀྱི་ཚོགས་ཀྱི་འཆི་བ་འོད་གསལ་ཆོས་སྐུ་སྦྱོང་། དེའི་ངང་ལ་ནཱ་དར་ལངས་པ་བར་དོ་ལོངས་སྐུ། བསྲུང་བ་མན་ཆད་ཀྱིས་སྐྱེ་བ་སྤྲུལ་སྐུ་སྦྱོང་ངོ་། །དེ་ལྟ་བུའི་བསྐྱེད་རིམ་དེ་དག་ཀྱང་རྣམ་པར་རྟོག་པ་ཙམ་གྱི་དབང་དུ་བྱས་ན་གྲོལ་བར་མི་འགྱུར་བས་རྣམ་པར་རྟོག་པ་མེད་པའི་གསལ་སྣང་ལྷར་ལྡང་བ་ཤེས་དགོས་པས། དང་པོར་དེ་བཞིན་ཉིད་ཀྱི་དག་པ་བཤད་དེ། །ཤེས་རབ་ཀྱིས་བདག་དང་གཞན་དུ་བཟུང་བའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པས། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་གྲུབ་སྟེ། དེའི་རྒྱུན་ལ་མ་ཡེངས་པར་གནས་པ་ནི་ཆོས་ཐམས་ཅད་ཀྱི་ངང་ཚུལ་ཡིན་པས་དེ་བཞིན་ཉིད་ཀྱི་དག་པ་ཞེས་བྱ་སྟེ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་གསུངས་ལ། དེ་ཉིད་ཤཱུནྱ་ཏའི་སྔགས་དོན་ནོ། །དེ་ལས་མ་གཡོས་བཞིན་དུ་རྟེན་པར་བཅས་པའི་ལྷའི་འཁོར་ལོར་ལྡང་བ་དེ་ཉིད་ལྷ་རྣམས་ཀྱི་དག་པ་ཞེས་བྱ་སྟེ། ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །དེ་ལྟར་ལྷར་ལྡང་བའི་དུས་ནས་མཉམ་གཞག་ལས་ལོངས་པ་ཕྱིན་ཆད་ཞེན་པ་མེད་པ་སྒྱུ་མ་ཙམ་དུ་རང་གི་རིག་པར་བྱ་བ་སོ་སོ་རང་རིག་གིས་དག་པ་སྟེ། རང་རིག་དག་གིས་དག་པ་སྟེ། །དག་པ་གཞན་གྱི་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། རང་གི་རིག་པའི་བདེ་བའི་མཆོག །ཅེས་སོ། འབུམ་ལྔ་དང་དུས་ཀྱི་འཁོར་ལོར། སྲོག་ཆགས་རྣམས་ཀྱི་འཆི་བ་བར་དོའི་སྣང་བ་དང་བཅས་པ་ནི་སྟོང་ཉིད་ཀྱི་བྱང་ཆུབ། ཀུན་གཞི་དང་ཁུ་ཁྲག་ཚོགས་པ་ནི་ས་བོན་བསྡུ་བ། དེ་ནས་ཟླ་བ་བདུན་གྱིས་གཟུགས་རྫོགས་པ་ནི་གཟུགས་རྫོགས་པ། དེ་ནས་བཙས་ནས་དབང་པོ་དྲུག་སད་དེ་ཡུལ་ལ་འཇུག་པ་ནི་ཡི་གེ་འགོད་པའོ། །དེ་བཞིན་དུ་བསྐྱེད་རིམ་ལ། འབྱུང་བ་ཐིམ་པའི་རིམ་པ་བསྒོམ་པ་དང་། དེ་ལས་སྟོང་པ་ཉིད་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་བྱང་ཆུབ་པའོ། །མངོན་བྱང་དང་པོ་བཞི་ས་བོན་བསྡུ་བ། མངོན་བྱང་ལྔ་པ་གཟུགས་རྫོགས་པ། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་མིག་སོགས་བྱིན་གྱིས་རློབ་པ་ནི་ཡི་གེ་འགོད་པ་སྟེ། དང་པོར་སྟོང་ཉིད་བྱང་ཆུབ་ངེས་པ་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན། །དེ་ནས་གཟུགས་དག་བསྐྱེད་ཅིང་རབ་མཆོག་རོ་ཡི་རིགས་རྣམས་དག་ནི་ཡི་གེ་བཀོད་པ་ཡིན་ཏེ། །ཞེས་གསུངས་སོ། །དབང་བདུན་ཙམ་ཐོབ་པས་བསྒོམ་པར་བྱ་བའི་བསྐྱེད་རིམ་ནི་འདི་ཡིན་ལ། །མི་ཟབ་པ་བསྐྱེད་པའི་རིམ་པའོ། །འདི་བསྒོམ་པས་མཚན་མ་རྙེད་པ་ན་དངོས་གྲུབ་བསྒྲུབ་པ་ལ་འཇུག་པ་ཡིན་ཏེ། རྗེས་སུ་མཐུན་པའི་གནས་སུ་ཕྱི་རོལ་གྱི་དཀྱིལ་འཁོར་བཞེངས་པ་སྔོན་དུ་འགྲོ་བས། འཁྲུལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་ཚོགས་ལས་ཆེན་བཅུ་གཉིས་སམ། དེ་ལས་མཆོག་ཏུ་གྱུར་པས་དཀྱིལ་འཁོར་དེར་རྡོ་རྗེ་ལ་སོགས་པའི་རྫས་བཀོད་ནས་གྲུབ་པ་ཆེན་པོ་བརྒྱད་དམ་དགུ་སྒྲུབ་པར་བྱེད་དོ། །ཇི་སྐད་བཤད་པའི་རྡོ་རྗེ་རྣམ་པ་བཞིའི་བསྐྱེད་ཆོག་ནི་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་ལ། །དེ་དམན་པ་བྱིས་པ་སྐྱེས་མ་ཐག་སྦྱོང་བྱེད། སླར་ཡང་ལས་རྒྱལ་མཆོག་གི་བྱང་ཆུབ་པ་བཞི་ནི་ཉེར་བསྒྲུབ། འབྲིང་པོ་སྐྱེས་པའི་སྐབས་སྦྱོང་བྱེད། ཐིག་ལེའི་རྣལ་འབྱོར་ནི་བསྒྲུབ་པ། སོ་བརྗེ་བའི་སྐབས་སྦྱོང་བྱེད། ཕྲ་མོའི་རྣལ་འབྱོར་ནི་བསྒྲུབ་པ་ཆེན་པོ། ཆེན་པོ་ལོ་བཅུ་དྲུག་མན་གྱི་དར་མའི་གནས་སྐབས་སྦྱོང་བྱེད། ཟབ་པ་བསྐྱེད་རིམ་མཆོག་དོན་དུ་གཉེར་བའི་བསྒོམ་པར་བྱ་བ་སྟེ། འབུམ་ལྔར། བསྐྱེད་པའི་རིམ་པ་ཇི་ལྟ་བར། །བཤད་བྱ་རྡོ་རྗེ་སྙིང་པོ་ཉོན། །སྒོང་སྐྱེས་དང་ནི་མངལ་སྐྱེས་དང་། །སྲིད་པ་སྐྱེ་བའི་རིམ་པ་གཉིས། །ཚངས་པའི་སྒོ་ང་སྒོང་སྐྱེས་བརྗོད། །འཇིག་རྟེན་ཁམས་ནི་ཡང་དག་འབྱུང་། །བུད་མེད་མངལ་ནས་སྐྱེས་པ་ཡང་། །གཉིས་པ་མངལ་ནས་སྐྱེས་པའོ། །ཞེས་པ་ནས། །ལུས་བསྐྱེད་པ་ནི་བསྙེན་པར་འགྱུར། །སྲོག་འབྱུང་བ་ནི་བསྒྲུབ་པའོ། །གཉིས་སྐྱེས་སོགས་རྣམས་སླར་སྐྱེ་བ། །ཉེ་བའི་བསྒྲུབ་པར་བརྗོད་པར་བྱ། །ཤེས་རབ་ཐབས་ནི་སྙོམས་ཞུགས་པས། །བསྒྲུབ་པ་ཆེན་པོ་ཐ་མའོ། །ཞེས་པ་སྐྱེ་བ་བསྐྱེད་རིམ་འགྱུར། །ཞེས་གསུངས་སོ། །ཡང་སྙིང་འཁོར་ལོ་སྡོམ་པའི་བསྐྱེད་རིམ་བཤད་པར་བྱ་སྟེ། །ཇོ་བོ་ནཱ་རོ་ཞབས་དང་། མཻ་ཏྲི་པ་གཉིས་ཀ་མཆོག་བསྒྲུབ་པ་ལ་བཅུ་གསུམ་གྱི་འཁོར་ལོ་གཙོ་བོར་མཛད་ལ། ལུགས་གཉིས་ཀའང་། རྩ་རྒྱུད་དུ། སྒྲ་ཡི་ཚུལ་ལས་ངེས་འབྱུང་ཞིང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན། །ཞེས་གསུངས་པས། སྒོང་སྐྱེས་སྦྱོང་བྱེད་སྒྲའི་ཚུལ་ལས་བསྐྱེད་པའི་ཆོ་གར་མཐུན་ལ། འོན་ཀྱང་བསྐྱེད་ཚུལ་ལ་ཁྱད་པར་ཅུང་ཟད་སྣང་བས། དང་པོར་ནཱ་རོ་ལུགས་བཤད་པར་བྱ་སྟེ། རྣལ་འབྱོར་མ་ཀུན་སྤྱོད་ལས། བ་གླང་གནས་དང་སྟེང་དུ་ལྡིང་། །ལྷག་མ་སྐམ་རྩ་དེ་ནས་ནི། །བདེ་བ་ཆེན་པོའི་ངོ་བོར་བྱ། །མི་ཕྱེད་པ་དང་རུས་སྦལ་ལོ། །ཞེས་པས། རུས་སྦལ་སེམས་ཅན་དང་ཁོག་པ་སྟབས་སུ་སྐྱེ་བ་ལྟར་གཞལ་ཡས་ཁང་དང་ལྷ་ཅིག་ཅར་སྒྲ་ཚུལ་ལས་སྐྱེ་བ་སྟེ། དེའི་ལུགས་ཀྱི་སྣ་ཚོགས་རྡོ་རྗེའི་ལྟེ་བར་པཾ་ལས་སྣ་ཚོགས་པདྨ་འདབ་བརྒྱད་ཕྱོགས་བཞི་དམར་ལ་མེ་རླུང་སེར། བདེན་བྲལ་ལྗང་ལ་དབང་ལྡན་སྔོ། ལྟེ་བ་ལྗང་གུ །གེ་སར་སེར་པོ་ལ་ཕ་མའི་ཁུ་ཁྲག་མཚོན་པ་ཨཱ་ལི་ཀཱ་ལི་སྟེ། ཕ་མ་ནི་སངས་རྒྱས་རྣམས་ཡིན་ཏེ། མན་སྙེར། སངས་རྒྱས་རྣམས་ཁོ་ན་འདིའི་མ་དང་ཕའི་དངོས་པོར་ཉེ་བར་གནས་སོ་ཞེས་གསུངས་པས། ཕྱོགས་བཅུའི་སངས་རྒྱས་རྣམས་ཨཱ་ལི་ཀཱ་ལིའི་གཟུགས་སུ་ཡོངས་སུ་གྱུར་པར་བསྒོམས་ཏེ། དེའང་སངས་རྒྱས་རྣམས་ཀྱི་ཐབས་དཀར་ཆ་ཨཱ་ལི་དང་། ཤེས་རབ་དམར་ཆ་ཀཱ་ལི་སོ་བཞིའི་སྟེང་དུ་བྷ་ཌ་དྷ་ད་ཡ་ལ་དྲུག་བསྣན་པས་བཞི་བཅུ། དེ་དག་གཡོན་བསྐོར་གཡས་བསྐོར་ཉིས་འགྱུར་ལས་ཟླ་བ་དཀར་པོ་དབྱངས་སོ་གཉིས་ཀྱིས་མཚན་པ་ཕའི་ཁུ་བ་དང་། ཉི་མ་དམར་པོ་གསལ་བྱེད་བརྒྱད་ཅུས་མཚན་པ་ཁྲག་དང་འདྲེས་པའི་ཁུ་བ་སྟེ། འདི་ནི་རྣལ་འབྱོར་རོ། །སྡོམ་འབྱུང་ལས། དེ་དབུས་རྣལ་འབྱོར་བསྒོམ་པར་བྱ། །ཞེས་སོ། །དེ་ནས་ཉི་ཟླ་གཉིས་པོ་ཕ་མའི་ཁུ་ཁྲག་གི་དབུས་སུ་བར་སྲིད་ཀྱི་ངོ་བོ་ནམ་མཁའ་ན་གནས་པའི་ནཱ་ད་དེ་ཞུགས་ཏེ་ནཱ་ད་ལས་ཐིག་ལེ། དེ་ལས་མགོ་བོ། དེ་ལས་ཁོག་པ། དེ་ལས་ཞབས་ཀྱུ། དེ་ལས་ཧཱུཾ་དུ་རྫོགས་ཏེ། ཧཱུཾ་ཡིག་རྡོ་རྗེ་འཆང་གི་ངོ་བོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་འཁོར་ལོ་སྡོམ་པའི་ལྷ་ཚོགས་སྤྲོས། འགྲོ་བ་ཐམས་ཅད་འཁོར་ལོ་སྡོམ་པའི་ལྷ་ཚོགས་སུ་བྱས་ཏེ། སླར་འདུས་ནས་ཕྱོགས་བཅུའི་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཐབས་དང་ཤེས་རབ་རོ་མཉམ་པ་སྔོན་དུ་འགྲོ་བའི་སྦྱོར་བས་ཞུ་བར་བྱས་ཏེ་ཧཱུཾ་ཡིག་གི་ནཱ་ད་ལ་བཅུག་གནས་མཆོག་ཏུ་དགའ་བའི་རང་བཞིན་དུ་བསྒོམ་པ་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ནས་སྐད་ཅིག་གི་རྣམ་པའི་སྔགས་གསུམ་བརྗོད་པས་ཉི་ཟླ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྟེན་དང་བརྟེན་པ་དུར་ཁྲོད་བརྒྱད་དང་བཅས་པ་ཡོངས་སུ་རྫོགས་པ་བསྐྱེད་རིམ་གྱིས་གསལ་བཏབ། གོ་ཆ་བགོས། དབང་བསྐུར། མཆོད་བསྟོད་བཟླས་པ་རྣམ་དག་བསྒོམ་པ་དང་། རྗེས་ཀྱི་སྤྱོད་པའི་བར་ཤིན་ཏུ་རྣལ་འབྱོར་རོ། །རྫོགས་པའི་རིམ་པ་ནི་རྣལ་འབྱོར་ཆེན་པོའོ། ཇོ་བོ་མཻ་ཏྲི་པ། སྒྲ་ཚུལ་གྱི་ཧཱུཾ་ཡིག་ལས་ཆད་པའི་འབྱུང་བཞིའི་ས་བོན་ལས་རང་རང་གི་དཀྱིལ་འཁོར། སྣ་ཚོགས་པདྨ་དང་རྡོ་རྗེའི་ར་གུར་གྱི་ལྟེ་བར་བྷྲུཾ་ཡིག་གིས་གཞལ་ཡས་ཁང་བསྐྱེད་དེ། མངོན་བྱང་ལྔས་གཙོ་བོ་ཡབ་ཡུམ་དུ་ལྡང་ཞིང་འཁོར་རྣམས་སྐད་ཅིག་གི་རྣམ་པས་གསལ་འདེབས་པ། ཅུང་ཟད་སྤྲོས་པ་ཆེ་བའི་ཕྱིར་བླ་མ་དག་ལས་དང་པོ་ལ་ལ་འདི་མཁོ་བར་དགོངས་ནས་ཕྱག་བཞེས་སུ་མཛད་དོ། །དེའང་རྣལ་འབྱོར་གྱི་ཚུལ་དགུར་བཤད་དེ། ཚོགས་གཉིས་ལ་གནས་པ་དང་། གཞལ་ཡས་ཁང་དུ་ལྡང་བ་དང་། མངོན་བྱང་བཞི་ལ་འཇུག་པ་དང་། ལྷ་ཡོངས་སུ་རྫོགས་པ་དང་། གོ་ཆ་བགོ་བ་ནས་ཡེ་ཤེས་པ་གཞུག་པའི་བར་གྱི་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། མཆོད་པ་སྟེ། འདིས་བསྟོད་པ་དང་བདུད་རྩི་མྱང་བའམ་བསྡུའོ། །རྫོགས་པའི་རིམ་པ་དང་འབྲེལ་བའི་ཏིང་ངེ་འཛིན་བསྒོམ་པ་དང་། ཉེ་བར་བསྡུ་བའོ། །དེ་ནས་ལངས་ཏེ་སྙིང་པོ་ཉེ་སྙིང་རྩ་སྔགས་འཕྲེང་སྔགས་གོ་ཆ་བཞིའི་བཟླས་པ་བྱ་སྟེ། ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །ཞེས་སོ། །ཇི་ཙམ་བཟླ་ཞེ་ན། ཨ་བྷི་དྷ་ན་ལས། ཆོ་ག་བཞིན་དུ་འབུམ་དུ་བཟླ། །འཁོར་ལོའི་གསང་སྔགས་འབུམ་བཟླས་ཤིང་། །རང་གི་ལྷ་ཡང་འབུམ་དུ་བཟླ། །གཞན་ནི་ཁྲི་རུ་བཟླ་བར་བྱ། །སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླ་བྱ་གཅིག །ཉིས་འགྱུར་གསུམ་ལྡན་ལ་བཟླ་བྱ། །སུམ་འགྱུར་གཉིས་ལྡན་ལ་རབ་བརྗོད། །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་གྲངས་དང་། དུས་ཟླ་བ་བཞི། མཚན་མ་ཐོབ་པ་བརྟགས་ཀྱི་བསྙེན་པའོ། །དེ་ནས་གཏོར་མ་དང་རྗེས་སྤྱོད་ལ་བརྟེན་པར་བྱའོ། །དབང་པོ་རྣོན་པོས་བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པའི་སྤྲོ་བ་དང་ལྡན་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་གཟུགས་བརྙན་གྱི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ངེས་པར་བྱ་ནས་འོད་གསལ་བར་རབ་ཏུ་ཞུགས་པ་ལས་སྐད་ཅིག་གིས་ཡན་ལག་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་དཀྱིལ་འཁོར་པས་བསྐོར་བའི་བཅོམ་ལྡན་འདས་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པས་བདེ་བ་ཆེན་མོའི་རང་བཞིན་གྱིས་རིགས་ཀྱི་བདག་པོས་དབུ་བརྒྱན་ཞིང་། ཐུགས་ཀའི་ས་བོན་དང་ལྡན་པ། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་སྐལ་བ་ཇི་ལྟ་བར་ཆོས་སྟོན་པ་ལ་སོགས་པས་གཞན་ལ་ཕན་པ་རྣམས་མཛད་དེ་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་འཇོག་ཅིང་སྡུད་པ་བསམ་གྱིས་མི་ཁྱབ་པའི་སྐུར་འཆར་བར་བྱའོ། །དེ་ལྟར་ཡང་སྡོམ་འབྱུང་ལས། བསྐྱེད་པའི་རིམ་པའི་དཀྱིལ་འཁོར་བསྒོམ། །རཏལ་འབྲིང་དག་གིས་བསམ་པར་བྱ། །རྣོན་པོ་སྐད་ཅིག་རྣམ་པ་ཡི། །བསམ་གཏན་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་སོ། །དེ་དག་ཀྱང་མི་ཟབ་པ་དང་ཟབ་པའི་བསྐྱེད་རིམ་གཉིས་སུ་འགྱུར་ཏེ། དང་པོ་ལ་བྱིན་རླབས་དང་། ཡོངས་བརྟགས་གཉིས་ཏེ། བསྐྱེད་རིམ་གང་གིས་མིག་སོགས་ལྒོ་ལྔའི་ཤེས་པ་བཟློག་པར་མ་ནུས་ཀྱང་ཡིད་ཀྱིས་ལྷར་མོས་པའོ། །གཉིས་པ་ལྒོ་ལྔའི་ཤེས་པ་བཟློག་པར་ནུས་པའོ། །ཟབ་པ་བསྐྱེད་རིམ་ནི། འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་སྟོབས་ཀྱིས་ལྷའི་རྣལ་འབྱོར་དུ་བྱེད་པའོ། །དེ་ལའང་ལྷན་སྐྱེས་ཀྱི་སྟོབས་ཀྱིས་སྒོ་ལྔ་ཟློག་ནུས་པ་དང་། རྩ་བ་ཡན་ལག་གི་རླུང་ཟློག་ནུས་པ་དང་། ཁམས་འཆིང་ནུས་པ་གསུམ་ཡོད་དོ། །བསྒོམ་པའི་ཚེ་སེམས་མ་ཟིན་ན། །ལྷའི་ས་བོན་ལ་སེམས་གཟུང་། དེ་ནས་ཕྱག་མཚན་ལ། དེ་ནས་གཙོ་བོ་གཅིག་པུ་ལ། དེ་ནས་ཡུམ། དེ་ནས་འཁོར་ཐམས་ཅད་ལ་སླབས་པར་བྱའོ། །སེམས་ཟིན་པའི་རྟགས་སྣང་སྲིད་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟ་བུ་རྟེན་གཞལ་ཡས་ཁང་དང་། ངག་སྔགས་དང་། སེམས་རྣམ་པར་མི་རྟོག་པའི་རང་བཞིན་དུ་ཤེས་སོ། དེ་ཤེས་པས་བདག་གཞན་དུ་མི་རྟོག །དེས་ཕྱི་ནང་སྣོད་བཅུད་ལ་ཞེན་པའི་རྟོག་པ་སྤངས་ན་ཉོན་མོངས་པ་མི་སྐྱེ། དེའི་དུས་སུ་མི་སྣང་བ་སོགས་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་ལ། དེ་ལས་བོགས་འབྱིན་པ་ནི། ལྷའི་སྐུ་རགས་པ་དང་ཕྲ་བ་ལ་བསླབས་པས་གཞན་གྱིས་ཀྱང་ལྷར་མཐོང་། ལྷའི་ཕྱག་ཞབས་མང་པོར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་ནུས་ལ། དེ་ཙམ་ནས་དེ་བཞིན་གཤེགས་པའི་དབུགས་དབྱུང་དང་། རྡོ་རྗེ་འཆང་ཆེན་པོའི་དབུགས་དབྱུང་བ་ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ར་ལི་རྒྱས་པའི་སྤྱོད་པས་འཇིག་རྟེན་པའི་བསམ་གཏན་རྣམ་པར་བསལ་ཞིང་ཡིད་ལ་རེ་བ་རྣམས་སྤངས་ནས། རྟག་ཏུ་རབ་ཏུ་དགའ་བའི་ཡིད་ཅན་ཀྱི་རྣལ་འབྱོར་མ་དང་ལྷན་ཅིག་དགའ་བ་མྱོང་བཞིན་པས་ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་འདྲ་བར་ཕུང་པོའི་ཁོག་པ་བརྗེས་ཏེ་རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོ་མཆོག་དང་ལྷན་ཅིག་ཏུ་མི་སྣང་བར་གྱུར་ནས། །ཡོན་ཏན་བརྒྱ་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། འདུས་པར། དེ་དག་དང་ནི་དགར་སྤྱོད་ནི། །འདོད་པ་བཞིན་དུ་འགྲོ་འོང་ལྡིང་། །ལྷ་མོ་ཐམས་ཅད་གྲུབ་ཆེན་མོ། །འཁོར་ལོ་སྒྱུར་པ་རབ་ཏུ་འགྲུབ། །ཅེས་གསུངས་སོ། །དེ་བས་ན་བསྐྱེད་པའི་རིམ་པའི་སྐབས་འདིར་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལ་རང་བཞིན་ནམ། ནུས་པ་དངོས་པོ་ལ་གནས་ཀྱང་རྣམ་པ་དེ་དངོས་པོ་ལ་མི་གནས་པས་གང་ཟག་གིས་བློས་བརྟགས་ནས་བསྒོམ་པ་ཡིན་ནོ། །དེའི་ཕྱིར་བསྐྱེད་རིམ་ནི་བརྟགས་པ་བསྒོམ་པ་སྟེ། ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་རྟོག་པ་དེ་ངོ་བོ་ལེགས་པར་གནས་པ་དང་། དེ་ལས་མ་ཡེངས་པར་གནས་པ་རྣམ་པ་ལེགས་པར་གནས་པ་དང་། ལྡོག་ཆོས་ཀྱི་སྒོ་ནས་སོ། །དེའང་བརྟག་གཉིས་ལས། ལྷ་ཡི་རྣམ་པའི་གཟུགས་ཀྱི་ནི། །ཡན་ལག་ཁ་དོག་རྣམ་པ་ནི། །བསྐྱེད་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་སོ། །དེའི་རྒྱུ་མཚན་གྱིས་ཐ་མལ་པའི་རྟོག་པ་གཞོམ་པ་ལ་བསྐྱེད་རིམ་པ་བཤད་པ་ཡིན་ཏེ། རྡོ་རྗེ་གུར་ལས། ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་བསྒྲགས། རང་བཞིན་གནས་སྐབས་བསྒོམ་པ་ལས། །བསྒོམ་པ་མ་ཡིན་མི་བསྒོམ་མིན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱང་བའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གཟུགས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །དེའི་བསྒོམ་པ་མ་ཡིན་མི་བསྒོམ་མིན་ཞེས་པའི་དོན། བསྐྱེད་རིམ་དེའང་ཐ་མལ་གྱི་བག་ཆགས་དྲུངས་འབྱིན་པའི་བསྒོམ་པ་མ་ཡིན་ཡང་། ཐ་མལ་གྱི་རྟོག་པ་རྣམ་པར་སུན་འབྱིན་པ་སྟེ་མགོ་གནོན་དུ་བྱེད་པའི་བསྒོམ་པ་ཡིན་ཞེས་པའོ། །ཐ་མལ་གྱི་རྣམ་རྟོག་དེའང་གང་ཞེ་ན། སྣོད་བཅུད་རྣམས་ཡུལ་དུས་ཀྱི་ཚད་ཅན་དང་མཐའ་ཡས་པའི་སངས་རྒྱས་ཀྱི་རང་བཞིན་མ་ཡིན་པར་ཞེན་པས་དམན་པའམ། ཐ་མལ་པ་འམ། ཞེས་པ་ཞེས་བྱའོ། །དེའི་ཕྱིར་བཞི་བརྒྱ་ལྔ་བཅུ་པ་ལས། བདག་མེད་ཐ་མལ་མི་འཇོམས་ཀྱིས། །འཁོར་ལོ་མཆོག་མ་དེ་ཡོད་མིན། །དེ་བས་ཀུན་རྟོག་རྣམ་བསལ་ཞིང་། །ཀུན་ནས་འོད་ཟེར་རབ་འཕྲོ་བ། །བདག་ཉིད་ཀུན་ཏུ་བཟང་པོར་ནི། །བསྒོམ་པ་ཉིད་ཀྱི་བྱང་ཆུབ་འཐོབ། །ཅེས་བདག་མེད་རྟོགས་པའི་ལམ་ཁོ་ནས་ཐ་མལ་གྱི་ཀུན་རྟོག་མི་བཟློག་པར་ཡང་བཤད་དོ། །འོ་ན་རྣམ་པ་དངོས་པོ་ལ་མི་གནས་ན་བསྒོམས་ཀྱང་དོན་མེད་དོ་སྙམ་ན་མ་ཡིན་ཏེ། སེམས་ནི་རྣམ་པ་གང་དུ་ཁྲིད་པ་དེ་ལྟར་འགྱུར་ཏེ། མ་རིག་པས་རྐྱེན་བྱས་ནས་རྟེན་འབྲེལ་བཅུ་གཉིས་སུ་འགྱུར་བ་བཞིན། ལྷ་བསྒོམ་པ་གོམས་པ་ལས་ལྷ་ཉིད་དུ་འགྱུར་ཏེ། བརྟག་གཉིས་ལས། རྟག་ཏུ་གོམས་པའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་དང་། རྡོ་རྗེ་སྙིང་པོས། དྲག་པོ་ཆགས་བཅས་མཆོག་ཏུ་ཞི་བའི་གཟུགས། །གང་འདྲར་རྒྱལ་དབང་གང་གིས་བསྒོམ་གྱུར་པ། །དེ་འདྲར་དེ་ཡིས་རང་གི་སེམས་མཐོང་སྟེ། །གཟུགས་དེ་ཐམས་ཅད་སྨོན་པའི་སེམས་ཡིན་ནོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། ལྷ་ཉིད་རང་གི་སེམས་ཡིན་ཏེ། སེམས་ཉིད་ལྷ་ཡི་གཟུགས་སུ་འགྱུར། །ཞེས་སོ། །ལྷའི་འཁོར་ལོར་སྣང་བ་དེའང་རང་སེམས་སྣང་བ་ལས་ལྷའི་ངོ་བོར་གྲུབ་པ་མེད་ཅིང་སྣང་ཡང་རང་སེམས་སྣང་ལ། མཐོང་ཡང་རང་སེམས་མཐོང་བའོ། །འོ་ན་སེམས་ཀྱི་རང་བཞིན་ནི་ཁ་དོག་དང་དབྱིབས་མེད་པ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བ་ཡིན་པ་ལ། ལྷའི་སྐུ་མདོག་ལ་སོགས་པར་ཇི་ལྟར་སྣང་ཞེ་ན། ཐབས་དང་རྐྱེན་ལ་བརྟེན་ནས་ལྷར་སྣང་སྟེ། དཔེར་ན་རང་གི་བཞིན་རང་གིས་ལྟ་བར་མི་ནུས་ཏེ་མེ་ལོང་ལ་བརྟེན་ནས་ལྟ་བ་ལྟར། རང་སེམས་ཀྱི་ཉེ་བར་ལེན་པས་རྒྱུ་བྱས། ཚོགས་གཉིས་ཀྱིས་རྐྱེན་བྱས་ནས་ལྷའི་རྣམ་པར་སྣང་བ་སྟེ། སྣང་ཙམ་ཉིད་ནས་སྟོང་པས་ངོ་བོ་གྲུབ་པ་མེད་པའོ། །དེ་སྒྱུ་མའི་དཔེ་རྣམས་ཀྱིས་ཀྱང་གཏན་ལ་འབེབས་སོ། །ལྷའི་རྣལ་འབྱོར་བསྒོམས་པས་ལས་རླུང་ནང་དུ་བཟློག་པའི་རྟགས་རྡོ་རྗེ་ལ་སོགས་པ་ལུས་ལ་འདུ་བར་མཐོང་བ་ནས། རྟེན་བརྟེན་པའི་དཀྱིལ་འཁོར་རགས་པ་ཤིན་ཏུ་གསལ་བར་གྱུར་པ་མ་ཐོབ་པ་ཚུན་ཆད་དུ་ལས་དང་པོ་པ་ཞེས་བྱའོ། །རྟེན་བརྟེན་པ་རགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་གསལ་བ་ནི། མིག་ལ་སོགས་པ་ཕྲ་བའི་ལྷ་རྣམས་གསལ་བ་མ་ཡིན་པའི་ཚེ་ན་ཡེ་ཤེས་ཅུང་ཟད་པའམ་ཡེ་ཤེས་ལ་ཅུང་ཟད་དབང་བ་ཞེས་བྱའོ། མིག་ལ་སོགས་པ་ཕྲ་བའི་ལྷའང་ཡུད་ཙམ་གྱིས་གསལ་བར་ནུས་པ་དེའི་ཚེ་ཡེ་ཤེས་ལ་དབང་བ་ཞེས་སོ། །འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་ནང་དུའང་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་བར་ནུས་པ་དེའི་ཡེ་ཤེས་ལ་ཡང་དག་པར་དབང་བ་ཞེས་བྱ་སྟེ། སྤྱིར་ཡེ་ཤེས་ལ་ཅུང་ཟད་དབང་བས་ཐུན་མོང་རྣམས་བསྒྲུབ་ལ། ཡེ་ཤེས་ལ་དབང་བས་མཆོག་བསྒྲུབ་པར་དམན་པ་ཞབས་ཀྱིས། ཅུང་ཟད་ཡེ་ཤེས་དབང་གྱུར་པ། ཐུན་མོང་བསྒྲུབ་པར་ཤེས་པར་བྱ། །རྒྱུ་དང་མི་རྒྱུར་བཅས་པ་རྣམས། །སྒྱུ་འདྲར་སེམས་དང་དབྱེར་མེད་རྟོགས། །ཐུན་མོང་ཅིག་ཤོས་དངོས་གྲུབ་ཀྱི། །བསྒྲུབ་པ་ཡེ་ཤེས་དབང་གྱུར་པའོ། །ཞེས་གསུངས་ལ། དམིགས་གསལ་དུ། འདུས་པ་ལས། རྩེ་གཅིག་མ་གྱུར་པ་ཡིས་ཀྱང་། །བརཏལ་ཞུགས་བརྟེན་པས་འདི་དག་བྱ། །ཞེས་གསུངས་པས། ཏིང་ངེ་འཛིན་མ་ཐོབ་ཀྱང་ལས་ཚོགས་འགའ་ཞིག་འགྲུབ་པར་བཤད་དོ། །དེ་ལྟར་བསྒོམ་བྱ་ལྷའི་རྣམ་པ་དེ་ཉིད་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བརྡ་ཡིན་ཏེ། མིང་དང་། བརྡ་དང་། ཐ་སྙད་ལ་བརྟེན་ནས་རྣལ་འབྱོར་པའི་སེམས་གནས་པར་བྱེད་དོ། །ཇི་ལྟར་བརྡ་ཡིན་ཞེ་ན། བརྟག་གཉིས་ལས། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལས་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་ཀྱེད་ཉིད་ཀྱིས་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཤ་ནི་པུཥྐསི་རུ་བྱ། །དེ་བཞིན་ཁྲག་ནི་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་དང་། འབུམ་ལྔ་ལས། བདེན་དོན་རྣམ་པར་བཅུ་གཉིས་པ། །བཅུ་གཉིས་ཕྱག་གི་ཧེ་རུ་ཀ །ཡན་ལག་བཅུ་གཉིས་འགོག་པས་སོ། །གནས་སྐབས་ལས་ནི་ཞལ་བཞིའོ། །ཕྱག་ནི་བཅུ་དྲུག་ཟླ་བའི་ཆ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །བུ་ག་བརྒྱད་པོ་འགོག་པ་ཡི། །དབང་ཕྱུག་དམ་པ་ཞལ་བརྒྱད་པའོ། །ཟླ་བ་ཉི་མ་མུན་པ་མེ། །གང་ཞིག་ཞབས་ཀྱིས་འགོག་མཛད་པ། །ཟླ་ཕྱེད་རྣམས་ནི་བཀག་མཛད་ན། །ཉི་ཤུ་རྩ་བཞི་ཕྱག་རྣམས་ཀྱི། །ཞལ་བཞིན་རྣམས་ཀྱི་སྔ་མ་བཞིན། །དུས་ཀྱི་འཁོར་ལོ་ཡང་དག་འབྱུང་། །ཞེས་དང་། དྲི་མེད་འོད་ལས། གང་ཞིག་གཡས་པ་ཀུན་ནས་བསྐུམ་ཞིང་གཡོན་པ་ནས་རྒྱུ་བས་ན་གཡོན་བརྐྱང་གི་རྐང་སྟབས་ཞེས་བརྗོད་དོ། །གོ་རིམ་ཇི་ལྟ་བ་བཞིན་དུ་དབུས་མ་ཅིག་ཅར་རྩ་གཉིས་མཉམ་པས་མཉམ་པའི་རྐང་སྟབས་སུ་འགྱུར་རོ། །གཡོན་པ་བསྐུམ་པས་གཡས་བརྐྱང་གི་རྐང་སྟབས་སུ་འགྱུར་རོ། །དེ་བཞིན་དུ་ས་ག་དང་། ཟླུམ་པོ་དང་། རོལ་པ་དང་། པདྨའི་འདུག་སྟངས་དང་། རྡོ་རྗེའི་འདུག་སྟངས་གང་ཡིན་པ་རྣམས་ཇི་ལྟ་བའི་རིམ་པས་གཡོན་གྱི་རྩའམ་གཡས་ཀྱི་རྩ་ནས་ནམ་མཁའི་དཀྱིལ་འཁོར་དུ་རླུང་རབ་ཏུ་རྒྱུ་བ་ས་གའི་རྐང་སྟབས་སོ། །རླུང་གི་དཀྱིལ་འཁོར་དུ་རླུང་རབ་ཏུ་རྒྱུ་བ་ཟླུམ་པོའི་རྐང་སྟབས་སོ། །མེའི་དཀྱིལ་འཁོར་དུ་རླུང་རབ་ཏུ་རྒྱུ་བ་ནི་རོལ་པའི་རྐང་སྟབས་སོ། །ཆུའི་དཀྱིལ་འཁོར་དུ་རླུང་རབ་ཏུ་རྒྱུ་བ་ནི་པདྨའི་འདུག་སྟངས་སོ། །སའི་དཀྱིལ་འཁོར་དུ་རླུང་རབ་ཏུ་རྒྱུ་བ་ནི་རྡོ་རྗེ་གདན་གྱི་འདུག་སྟངས་སོ། །དེ་ལྟར་མཉམ་དང་མི་མཉམ་རྒྱུ་བས་རྣམ་པ་ལྔའི་སྲོག་རླུང་རབ་ཏུ་རྒྱུ་བ་གང་ཡིན་པ་དེ་ནི་ལྷ་རྣམས་ཀྱི་རྐང་སྟབས་དང་གདན་རྣམ་པར་དག་པ་སྟེ། འདུག་སྟངས་རྣམ་པར་དག་པ་གཡོ་བ་མེད་པའོ། །ཞེས་གསུངས་སོ། །དེའང་སོར་མོའི་རྩེ་མོས་ཚུར་ཤོག་ཅེས་པའི་བརྡ་སྦྱར་བ་སོར་མོའི་རྩེ་མོ་ཉིད་ལ་ལྟ་བར་བྱེད་པ་དེ་བཞིན་དུ། དེང་སང་སྔགས་པ་ཕལ་ཆེ་བའང་ལྷ་ཞེས་པ་ཞལ་ཕྱག་གི་རྣམ་པ་ཅན་ཞིག་ལ་རྟོག་པར་བྱེད་པའང་དེ་དང་འདྲ་སྟེ། ལངྐར་གཤེགས་པའི་མདོ་ལས། །བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་ལ་རྟེན་པར་བྱ་ཡི་ཡི་གེ་ལ་རྟོན་པར་མི་བྱའོ། །བློ་གྲོས་ཆེན་པོ་ཡི་གེའི་རྗེས་སུ་འབྲང་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི་བདག་ཀྱང་དོན་དམ་པ་ལས་ཉམས་པར་བྱེད་ཅིང་། གཞན་ལའང་ཁོང་དུ་ཆུད་པར་མི་བྱེད་དོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་ལས་གཅིག་ལ་སོར་མོའི་རྩེ་མོས་ཇི་བཞིན་བསྟན་ན། དེ་སོར་མོའི་རྩེ་མོ་ཉིད་ལ་ལྟ་ཞིང་འབྲང་བ་དེ་བཞིན་དུ། བློ་གྲོས་ཆེན་པོ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་བྱིས་པའི་རང་བཞིན་ཅན་ལྟ་བུ་སྒྲ་ཇི་བཞིན་གྱི་སོར་མོའི་རྩེ་མོ་ལ་མངོན་པར་ཆགས་ཤིང་ཞེན་ནོ། །མངོན་པར་ཞེན་ཅིང་དུས་བྱེད་དེ་སྒྲ་ཇི་བཞིན་པའི་སོར་མོའི་རྩེ་མོ་ལྟ་བུའི་དོན་སྤངས་ནས་དོན་དམ་པ་ཚོལ་བར་མི་བྱེད་དོ། དེ་བས་ན་དོན་འདོད་པས་དེ་བསྟན་པར་བྱའོ། །དེའི་ཕྱིར་ན་གང་སྒྲ་ཇི་བཞིན་པའི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་དེ་ནི་སྤང་བར་བྱའོ། །དོན་བཙལ་བར་བྱའོ་ཞེས་གསུངས་སོ། །གཉིས་པ་རྫོགས་པའི་རིམ་པ་ལ་མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྫོགས་པ་ནི་ཟུང་དུ་འཇུག་པའི་ལྷ་ཡེ་ཤེས་ཀྱི་སྐུའི་མིང་ཅན། རིམ་པ་ནི་དེ་སྒྲུབ་པར་བྱེད་པའི་ཐབས་ཏེ། མཚན་མ་དང་བཅས་པ་དང་མཚན་མ་མེད་པའོ། །དེ་ལ་མཚན་མ་དང་བཅས་པ་ནི་དབང་གཉིས་པ་དང་གསུམ་པ་དང་འབྲེལ་ལ། མཚན་མ་མེད་པ་ནི་དབང་བཞི་པ་དང་འབྲེལ་ལོ། དབང་དེ་གསུམ་གྱི་དུས་སུ་ཡེ་ཤེས་ངོ་སྤྲད་ནས་ལམ་དུས་སུ་དེ་སྒོམ་པར་བྱེད་པས་འབྲས་བུའི་དུས་སུ་ཁ་སྦྱོར་ཡན་ལག་བདུན་ལྡན་མངོན་དུ་བྱེད་པ་ཡིན་ནོ། །དེའང་རྣལ་འབྱོར་པའི་རྫོགས་རིམ་གྱི་དབང་དུ་མཛད་ནས། ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །འདི་ལ་ཀླུ་སྒྲུབ་ཀྱིས། བསྐྱེད་རིམ་ལོགས་སུ་མཛད་ནས་རྫོགས་རིམ་ལ་རིམ་པ་ལྔར་མཛད་ཅིང་། ལུས་དབེན་སྐྱེད་རིམ་གྱིས་བསྡུས་པར་བཞེད་པ་ལྟར། རྡོར་འཕྲེང་ལས། རྡོ་རྗེ་བཟླས་པའི་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པ་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག་ལ་བྱིན་རླབས་རིམ་པས་ཀྱང་། དངོས་གྲུབ་བརྒྱད་ནི་ཐོབ་པར་འགྱུར། །སྣང་བ་ལ་སོགས་དབྱེ་བ་ཤེས། །མངོན་པར་བྱང་ཆུབ་རིམ་པ་འཐོབ། །ཟུང་འཇུག་རིམ་པ་ལ་གནས་པ། །དངོས་གྲུབ་ཐམས་ཅད་བསྡུས་པ་འདི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དང་། དུས་འཁོར་རྒྱུད་ཕྱི་ལས། མདོར་བྱས་བརྫུན་གྱི་རིམ་པར་འགྱུར་ལ་ཡུལ་དང་ཡུལ་ཅན་སྒྲུབ་བྱེད་རྡོ་རྗེ་བཟླས་པ་ཡིན། །རང་བྱིན་བརླབ་པས་སྲོག་རྩོལ་རི་བོང་ཅན་དུ་བཞི་པ་འདིར་ནི་མངོན་པར་བྱང་ཆུབ་འདོད། །འདིར་ནི་ལྔ་པ་ཟུང་འཇུག་རིམ་པ་མཆོག་ཏུ་གྱུར་པ་དཔལ་ལྡན་གསང་བ་འདུས་པར་ཡང་། །ཞེས་གསུངས་ཤིང་། སྔགས་ཀྱི་སྐུ་ནི་རབ་སྒྲུབ་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཀུན་རྫོབ་བདེན་པ་མཐོང་བ་ཡི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པའི་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །བདེན་པ་གཉིས་པོ་སྦྱོར་པ་གང་། །འདི་ནི་བསྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་སློབ་དཔོན་ཟླ་གྲགས་ཀྱིས་བསྐྱེད་རིམ་དང་པོར་མཛད་ནས་རིམ་པ་ལྔར་གསུངས་ལ། སློབ་དཔོན་ཨཱརྻ་དེ་ཝས་འདི་དང་མཐུན་པར་དྲུག་ཏུ་བཤད་དོ། །ལུས་ཀྱི་དེ་ཉིད་རིགས་བརྒྱ་དང་། ལྔ་དང་། གསུམ་དང་། གསང་བ་ཆེན་པོ་རིགས་གཅིག་ཏུ་བདག་ཉིད་བརྟན་པར་བསྐྱེད་ནས་རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་བྱས་པ་ནི་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཞེས་བཤད་པ་དེ་ནི་ལུས་ལ་གང་ཟག་དང་ཆོས་སུ་རྟོག་པས་དབེན་པའམ་ཐ་མལ་དུ་རྟོགས་པས་དབེན་པས་ན་ལུས་དབེན་ནོ། །ཡང་ན་བགེགས་ཞེས་པ་རྣམ་པར་དབྱེ་བར་ཡང་འགྱུར་ཏེ། ལུས་ལ་རིགས་བརྒྱ་ལ་སོགས་པར་རྣམ་པར་ཕྱེ་ནས་དེ་ལ་ལྷ་བཀོད་པ་ནི། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་བ་ཡིན་ཏེ། རགས་པའི་རྣལ་འབྱོར་ཡིན་པའི་ཕྱིར་དང་། ལས་དང་པོ་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟར་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས་ངག་དབེན་ལ་འཇུག་གི །ལུས་དབེན་མེད་པར་ངག་དབེན་ཤེས་པར་མི་ནུས་ཏེ། པི་ཝཾ་གི་ཁོག་པ་ལེགས་པར་སྦྱངས་པ་ལས་སྒྲ་འབྱུང་གི་མ་སྦྱངས་ན་མི་འབྱུང་ངོ་། །དེ་ལ་ངག་དབེན་ནི་རྣལ་འབྱོར་པའི་ཡེ་ཤེས་ཡིན་ལ་བསྐྱེད་རིམ་པའི་ཡང་སྤྱོད་ཡུལ་མ་ཡིན་ཏེ་ཤིན་ཏུ་ཕྲ་བའི་ཕྱིར་རོ། །དང་པོར་བེམ་པོའི་རླུང་རགས་པ་ལ་མ་ནིང་གི་བཟླས་པ་མན་ངག་ཇི་ལྟ་བ་བཞིན་བསླབས་པས་རགས་པའི་རླུང་ཟིན་པའི་ཚེ་ཁམས་སྙོམས་པ་དང་། རླུང་རྒྱུ་བ་གསལ་བར་འགྱུར་རོ། དེ་ནས་བེམ་པོའི་རླུང་ཕྲ་བ་ལ་བསླབས་པས་རླུང་གཡས་གཡོན་སྤོ་ནུས་པ་དང་རེག་པ་བདེ་བ་སྐྱེའོ། །དེ་ནས་གསལ་བའི་རླུང་ཤེས་པ་དང་བསྲེ་བ་ལ་བསླབས་པས་རླུང་གནོད་པ་མེད་པར་བསྡམ་ནུས་པ་དང་། ཕྱི་ནང་བསྲེ་ནུས་པར་འགྱུར་རོ། །དེ་ལྟར་གསུང་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་པས་འཇིག་རྟེན་ཆོས་བརྒྱད་ཀྱིས་མཆིང་ཞིང་། ཟིལ་གྱིས་མནན་ནས་ས་བརྒྱད་པ་ཐོབ་པར་འགྱུར་རོ། །འདིའི་རླུང་གི་དེ་ཉིད་རྣལ་འབྱོར་དུ་བྱེད་པ་ལ། ཞག་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་འཁྲུལ་མེད་དུ་བགྲང་ནུས་པ་ཞིག་དགོས་ལ། དེའི་ཕྱིར་བསྐྱེད་རིམ་གྱི་ཡེ་ཤེས་ལ་དབང་བའི་གང་ཟག་གི་གྲུབ་ཀྱིས་སྔ་རོལ་དུ་མ་ཡིན་ནོ་ཞེས་དགོངས་ནས་ཟླ་གྲགས་ཀྱིས་རྡོར་བཟླས་བསྐྱེད་རིམ་དུ་བསྡུས་པ་དང་། དམན་པ་ཞབས་ཀྱང་བཞེད་དོ། །སློབ་དཔོན་འཕགས་པ་ནི་ཐོག་མར་མི་རྟོག་པའི་ཏིང་ངེ་འཛིན་ལས་སྣ་རྩེའི་མི་ཤིགས་པའི་ཐིག་ལེ་མངོན་དུ་བྱས་ནས། དེ་ཉིད་ལ་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་རླུང་གི་སྦྱོར་བས་རྣལ་འབྱོར་དུ་བྱེད་སྟེ། འདི་ལ་བསྐྱེད་པ་ལ་གནས་དགོས་པའི་ངེས་པ་མེད་པར་དགོངས་ནས་རྡོར་བཟླས་དང་པོར་མཛད་པ་ཡིན་ནོ། ངག་ཐ་མལ་པའི་རླུང་རྒྱུ་བ་དང་། ཕྱི་རོལ་གྱི་བཟླས་པ་དང་། །ཐ་མལ་གྱི་ངག་ཏུ་རྟོག་པས་དབེན་པའི་ཕྱིར། ངག་གི་རང་བཞིན་རླུང་དང་། སྒྲ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་རབ་ཏུ་འབྱེད་པའི་ཕྱིར་ངག་དབེན་ནོ། །དེ་ལྟར་ངག་རྣམ་པར་དབེན་པ་མེད་པར་སེམས་དབེན་ཤེས་མི་ནུས་པས། ངག་སེམས་ཀྱི་བཞོན་པ་རླུང་དབང་དུ་འདུས་པས་སེམས་དབེན་གྱི་ཏིང་ངེ་འཛིན་འབྱུང་ངོ་། །དེ་ལའང་སེམས་ཀྱི་ཆོས་ཉིད་རིག་པ་དང་ཆོས་ཅན་རིག་པ་གཉིས་ལས། འདིར་ནི་ཆོས་ཅན་རིག་པའི་ཡེ་ཤེས་ཏེ། དེའང་གདམས་ངག་བཞིན་དུ་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་སྐད་ཅིག་དང་པོ་ལ་སྣང་བ། གཉིས་པ་ལ་སྣང་བ་མཆེད་པ། གསུམ་པ་ལ་སྣང་བ་ཉེར་ཐོབ་རྣམས་ཇི་ལྟ་བར་ངོས་ཟིན་ནས་ཕྱིས་དེ་ཉིད་རྟག་ཏུ་སྒོམ་པར་བྱེད་པ་སྟེ། རིམ་པ་གཉིས་པར། ཡེ་ཤེས་འཇུག་པའི་ངོ་བོ་ཡིས། །དབྱེ་བ་ཇི་བཞིན་ཤེས་བྱས་ལ། །རང་བཞིན་དེ་ཉིད་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། །ཞེས་སོ། །དེ་ལྟར་བསྒོམས་པས་མཉམ་གཞག་ཏུ་སེམས་བདེ་གསལ་དུ་རིག་ཅིང་མྱོང་བ་བཞིན། རྗེས་ཐོབ་ཡུལ་རབ་འབྲིང་ཐ་མ་གསུམ་ཅིར་སྣང་ཐམས་ཅད་བདེ་བར་འཆར་ཏེ། རྡོ་རྗེ་ཕྲེང་བར། དེ་བས་གཉིས་མེད་མཐོང་བ་ཡི། །རྣལ་འབྱོར་པས་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང་། །དམ་པའི་ཡུལ་ལ་འཇུག་པར་འགྱུར། །ཞེས་སོ། །དེས་ན་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ལ་གནས་པས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ཀུན་རྫོབ་བདེན་པ་ལ་འཇུག་པར་འགྱུར་གྱི། སེམས་དབེན་མེད་ན་མི་ནུས་སོ། །དེ་ནས་སེམས་དབེན་གྱི་ཏིང་ངེ་འཛིན་མཐར་ཕྱིན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དོན་དུ་གཉེར་བ་དེས། བླ་མ་མཉེས་བར་བྱས་ནས་གསང་བའི་དབང་ཡན་ཆད་ཐོབ་པའི་རྗེས་སུ་བསྟོད་པ་སྔོན་དུ་འགྲོ་བས་གསོལ་བ་གདབ། དེ་ནས་བླ་མ་སྙིང་རྗེ་ཆེན་པོས་སྒྱུ་ལུས་ཀྱི་གདམས་ངག་བསྟན་ཏེ། དེ་ཁོ་ན་ཉིད་བསྒོམ་ཞིང་དོན་དམ་པའི་བདེན་པ་ལ་དམིགས་པས་སྒྱུ་མ་ལྟ་བུའི་ལྷ་སྐུ་མཐོང་བར་འགྱུར་ལ། དེ་ཉིད་དཔེའི་གཙོ་བོ་གསུམ་གྱིས་མཚོན་ཏེ་བཅུ་གཉིས་ཀྱིས་རྒྱས་པར་གཏན་ལ་ཕབ། དེ་ལ་བསླབ་པ་མཐར་ཕྱིན་ནས་དངོས་ཀྱི་རྟགས་སྣང་བ་ཐམས་ཅད་སྒྱུ་མར་ཤེས་པ་དང་། ལྷ་ལ་སོགས་པས་མཆོད་པ་དང་། གནས་དང་ཟས་གོས་སོགས་ཚེགས་མེད་དུ་རྙེད་པ་དང་། རྨི་ལམ་ཀྱི་རྟགས་སངས་རྒྱས་ལྔའི་བདག་ཉིད་མཐོང་བ་དང་། དེ་རྣམས་ཀྱིས་མཆོད་པ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ་སངས་རྒྱས་རྣམས་ཀྱི་དབང་བསྐུར་བ་ཐོབ་སྟེ། དེ་ནས་སྟོང་པ་བཅོ་བརྒྱད་ཀྱི་རིམ་པས་དོན་དམ་པའི་བདེན་པ་ལ་འཇུག་གི །ཀུན་རྫོབ་ཀྱི་བདེན་པ་མ་རྟོགས་ཤིང་བླ་མའི་གདམས་ངག་མེད་པར་དོན་དམ་མངོན་སུམ་དུ་བྱ་མི་ནུས་སོ། །དེ་ནས་སློབ་མ་བཟང་པོས་བླ་མ་མཉེས་བར་བྱས་ལ། ལེགས་པར་བསླབས་པའི་ཕྱག་རྒྱ་ཕུལ་གསོལ་བ་གདབ། བླ་མས་ཀྱང་དེ་ལ་ཐུན་མོང་གི་དབང་དགུ་སྔོན་དུ་འགྲོ་བའི་སྒོ་ནས་གསང་བའི་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པ་བསྟན་ཏེ། ཕྱིའི་མངོན་པར་བྱང་ཆུབ་པ་ནི། ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས་ཇི་སྲིད་ཉི་མ་ཤར་བའི་བར་འདི་ལ་ནི་འོད་གསལ་བ་དྲི་མ་མེད་པའི་རྣམ་པ་གསལ་ཞིང་ལུས་དང་། ངག་དང་། ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ། །ཉི་ཤར་སྣང་བ་མཆེད་པ། ཉི་མ་ནུབ་པའི་ཐུན་མཚམས་མ་རིག་པའོ། །ཟླ་ཤར་སྣང་བའོ། །ནང་གི་མངོན་བྱང་ནི། དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པ་མཐོང་། གཉིས་པ་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུ། གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུ། བཞི་པ་ནི་སྣང་བ་ཐོབ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་མ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པ་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །དེ་ལྟར་མན་ངག་ཐོབ་ཅིང་ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་བྱས་ནས་བསམ་གཏན་གཉིས་ལ་བསླབ་པར་བྱའོ། །དོན་དམ་པའི་བདེན་པའི་རྟོགས་པ་མ་ཐོབ་ཀྱི་བར་དུ་སྣང་བ་གསུམ་རྣམ་པར་དག་ནས་སྣང་བ་མེད་པ་ལས་ལངས་ཏེ་ཟུང་འཇུག་ཏུ་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱི་བརྒྱན་ནས་གནས་པར་འགྱུར་རོ། །དེ་ནས་དོན་དམ་མངོན་དུ་མ་བྱས་པར་འོད་གསལ་རྟོགས་མི་ནུས་ལ། འོད་གསལ་གྱི་ངང་ནས་ལུགས་བཟློག་གི་སྣང་བ་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་དག་པའི་སྒྱུ་མའི་སྐུར་བཞེངས་པ་ནི་ཟུང་འཇུག་ཡིན་ནོ། །མཻ་ཏྲི་པ་དཔོན་སློབ། སྔགས་ཀྱི་དེ་ཁོ་ཉིད་ནི། སྔགས་ཀྱི་ཡི་གེ་ཧཱུཾ་ལ་སོགས་པས་བསྐྱེད་པའི་ལྷ་དེ་རིམ་པ་དང་པོ་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་ནི་ལས་རྒྱ་ལ་བརྟེན་ནས་སྐྱེས་པའི་ལྷན་སྐྱེས་ཉིད་སེམས་དབེན་ཏེ། འདི་འདྲེན་བྱེད་ཀྱི་དགའ་བ་གསུམ་ལ་སྣང་གསུམ་གྱི་འགྲོས་མི་འགལ་བ་ཞིག་ཀྱང་ཡོད་ལ། ཟབ་མོ་བསྐྱེད་པ་བལྟ་བུའི་ལྷན་སྐྱེས་ཀྱང་སྣང་གསུམ་མཚོན་ནུས་པས་རིམ་པ་གཉིས་པ་དང་། བདག་གི་དེ་ཁོ་ན་ཉིད། ཕུང་སོགས་ཀྱི་ཆོས་རྣམས་གོང་གི་ཡེ་ཤེས་དེའི་མ་འགགས་པའི་རྩལ་ལས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ་ལྟ་བུར་འཆར་བ་རིམ་པ་གསུམ་པ་དང་། ཆོས་ཀྱི་དེ་ཁོ་ན་ཉིད། སྒྱུ་མར་སྣང་བཞིན་པ་ཉིད་རང་བཞིན་ཤེས་པའི་བསམ་གཏན་གྱིས་སྦྱངས་པས་གདོད་པའི་འོད་གསལ་རྟོག་བྲལ་དུ་མངོན་སུམ་དུ་གྱུར་པ་རིམ་པ་བཞི་པ། ལྷའི་དེ་ཁོ་ན་ཉིད། འོད་གསལ་དེ་ཉིད་ཀྱི་རྗེས་ཐོབ་ཏུ་སྤྲུལ་པས་འགྲོ་བའི་དོན་དུ་འཇུག་པ་ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔ། དེ་བས་ན་འདིའི་རིམ་པ་དང་པོ་གཉིས་ལ་བཅོས་མའི་ཀུན་རྫོབ་པའི་རིམ་པ་དང་། ཐ་མ་གསུམ་མ་བཅོས་པ་དང་། དོན་དམ་པའི་རིམ་པ་ཞེས་བཞེད་དོ། །དེ་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རྫོགས་རིམ་ཕྱག་རྒྱ་བཞི་གསུངས་ཏེ། ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་ཉིད། །དེའང་བུད་མེད་ཀྱི་རྟེན་ལ་ལས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་ལས་མང་པོས་འཛག་པའི་བདེ་བ་སྒྲུབ་པའི་ཕྱིར་རོ། སེམས་ཀྱི་བཏགས་པ་ལས་གྲུབ་པའི་ཤེས་རབ་མ་ལ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། ཏིང་ངེ་འཛིན་ལ་གསལ་བར་སྣང་བས་གཡོ་བའི་བདེ་བ་སྒྲུབ་པར་བྱེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། སྤངས་པ་ཆེན་པོ་དང་རྟོགས་པ་ཆེན་པོ་གཉིས་དང་ལྡན་པ་མི་འགྱུར་བའི་བདེ་བ་སྦྱིན་པར་བྱེད་པས་སོ། །འགྱུར་བ་མེད་པའི་བདེ་བའི་རང་བཞིན་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་འོད་གསལ་བ་ལ། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་སྟེ། དམ་ཚིག་ནི་འདུས་པའི་མིང་གི་རྣམ་གྲངས་ཡིན་ལ། དེའང་ཟུང་དུ་འཇུག་པའི་རང་བཞིན་ཡིན་ཏེ་དེ་སྒྲུབ་པར་བྱེད་པས་སོ། །བཞི་པོ་དེ་རྣམས་ལ་ཅིའི་ཕྱིར་ཕྱག་རྒྱ་ཞེས་བྱ་ཞེ་ན། རྒྱས་འདེབས་པར་བྱེད་པས་ཡིན་ཏེ། རྡོ་རྗེ་འདིས་ནི་གདབ་པ་ཉིད། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ལས་ཀྱི་ཕྱག་རྒྱའི་ལམ་ནི་མཚན་ཉིད་དང་ལྡན་པའི་རིག་མ་ལ་ཆོ་ག་བཞིན་དུ་སྙོམས་པར་ཞུགས་ནས་སྤྱི་བོའི་ཞུ་བ་ནོར་བུའི་རྩེའི་བར་དུ་སོན་པའི་དགའ་བ་བཅུ་དྲུག་གི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་ལམ་ནི། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལྷའི་རྣམ་པས་སྦྱངས་པས་གོམས་པ་བརྟན་པོར་སོང་སྟེ་དཀྱིལ་འཁོར་ཆོ་ག་ཇི་ལྟ་བའི་རེག་མཐོང་གི་མཚན་མ་རྙེད་ནས་ཤེས་རབ་མ་ཕག་མོའམ་བདག་མེད་མ་སོགས་དང་སྙོམས་པར་ཞུགས་པའི་སྦྱོར་བས་ཡེ་ཤེས་ཀྱི་མེ་སྦར་ཏེ་ཞུ་བའི་ཐིག་ལེ་རྡོ་རྗེ་དང་པདྨའི་ལྟེ་བར་འོངས་པ་ཡུལ་དང་དབང་པོ་ཐམས་ཅད་བདེ་བ་ཆེན་པོར་རོ་མཉམ་པའི་དགའ་བ་བཅུ་དྲུག་ལ་མཉམ་པར་གཞག་པའོ། །ཕྱག་རྒྱ་ཆེན་མོའམ་ཕྱག་རྒྱ་ཆེན་པོའི་ལམ་ནི། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཞེས་བྱ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལའང་མེད་ལ། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་གཟུང་བ་འདིའང་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་སམ་བཅུ་དྲུག་གིས་ཉེ་བར་མཚོན་པ་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་དེ་ལ་འཁྱུད་པའོ། །དམ་ཚིག་གི་ཕྱག་རྒྱའི་ལམ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་བསམ་གྱིས་མི་ཁྱབ་པའི་སྐུ་དག་པའི་སྒྱུ་མར་འཆར་བ་དང་གཉིས་སུ་མེད་པའི་རང་བཞིན་ལ་གནས་པའོ། །དང་པོའི་སངས་རྒྱས་ལས། ལས་ཀྱི་ཕྱག་རྒྱར་སྙོམས་ཞུགས་ནས། །ཡེ་ཤེས་ཕྱག་རྒྱ་དམིགས་པ་ཡིས། །ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། །མ་ཉམས་དེ་ཡི་འཕེལ་བར་འགྱུར། །ཞེས་དང་། ཆུ་སྐྱེས་སུ་ནི་རྡོ་རྗེ་རབ་གཞུག་པ་དང་མེར་ནི་རླུང་དང་ཐིག་ལེ་མ་ལྷུང་རིམ་པ་སྟེ། །དེ་ལྟར་རྣལ་འབྱོར་གསུམ་གྱིས་རབ་ཏུ་གསལ་བར་ངེས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱའོ། །ཆགས་དང་ཆགས་བྲལ་མཐའ་དང་དང་པོའི་བདེ་བ་དམ་པའི་གཏེར་ནི་སྦྱོར་བས་གོ་བྱ་ཕྱག་རྒྱ་བཞི། །ཕྱག་རྒྱ་རྣམས་ལས་ཡུམ་གྱི་མཆོག་གྱུར་རྣམ་པ་བཅུ་པོ་དེ་ནི་དཔལ་ལྡན་བླ་མའི་ཞལ་འདིའོ། །ཞེས་དང་། དེ་རྣམས་ཕྱག་རྒྱ་བཞི་ཡི་མི་འགྱུར་བདེ་འབྲས་སྟེར་བས་རྣལ་འབྱོར་པ་ཡི་བསྒོམ་པར་བྱ་བ་ནི། །དུས་རྣམ་ཀུན་ཏུ་རོལ་པའི་དགའ་བ་ཉིད་ལ་གནས་ན་འཇིག་རྟེན་ལམ་ལས་རྣམ་པར་གྲོལ་འགྱུར་ཏེ། །ཞེས་དང་། མཚན་བརྗོད་ལས། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞིའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ཅེས་དང་། རྣམ་སྣང་མངོན་བྱང་ལས་ཀྱང་། ལས་ཀྱི་ཕྱག་རྒྱ་ལེགས་སྦྱངས་ཏེ། །ཆོས་ཀྱི་ཕྱག་རྒྱ་བསྒོམ་པར་བྱ། །དེ་ཡི་སྟེང་དུ་ཕྱག་རྒྱ་ཆེ། །དེ་ཡི་དམ་ཚིག་ཡང་དག་འབྱུང་། །ཞེས་སོ། །རྒྱུ་དང་བསྒོམ་པ་ཐོབ་བྱ་དང་། །དེ་བཞིན་བཞི་པ་ལྷུན་གྱིས་གྲུབ། །ལས་ཀྱི་ཕྱག་རྒྱ་ལས་བྱུང་བ་རྒྱུ། ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་མངོན་དུ་མ་གྱུར་གྱི་བར་བསྒོམ་བྱ། ཕྱག་རྒྱ་ཆེན་པོ་ཐོབ་བྱ། དམ་ཚིག་གི་ཕྱག་རྒྱ་ནི་ལྷུན་གྱིས་གྲུབ་པའོ། །ལས་རྒྱ་ལས་བྱུང་བའི་ཡེ་ཤེས་ནི་དབང་བཞི་པའི་དཔེ་ཙམ་ཡིན་ལ། འཇིག་རྟེན་ཀུན་རྫོབ་ཏུ་དེ་ཁོ་ན་ཉིད་དུ་བརྗོད་དོ། །གང་ཟག་ཁྱད་པར་ཅན་འགའ་ཞིག་ཕྱག་རྒྱ་དང་པོ་གཉིས་ལ་མ་བརྟེན་པར་ཕྱག་རྒྱ་གསུམ་པའི་ལམ་ལ་འཇུག་ནུས་པའང་ཡོད་པས། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་སྤངས་ནས། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །ཞེས་སོ། །ནཱ་རོ་པའི་བཞེད་པ་ནི་དེ་ཡིན་ལ། མཻ་ཏྲི་པ། ལས་ཀྱི་ཕྱག་རྒྱ་ནི་རང་གི་ཆོ་ག་རྣམས་ལེགས་པར་བསླབས་པའི་ནུ་མ་དང་སྐྲར་ལྡན་པའི་མི་མོ་ལས་བྱུང་བའི་ཡེ་ཤེས་ཡིན་ལ། ཆོས་རྒྱའམ་ཡེ་རྒྱ་ནི་དེ་ལྟ་བུའི་ལས་རྒྱ་དང་སྙོམས་པ་བཞུགས་པའི་ལྷན་ཅིག་སྐྱེས་པའི་སེམས་དེས་དངོས་པོ་ཐམས་ཅད་ལ་རྒྱས་བཏབ་ནས་བསྒོམ་པའམ། ཡང་ན་གཅིག་ཏུ་བྲལ་གྱི་རིགས་པས་རྣམ་པར་དཔྱད་ནས་དངོས་པོ་རྣམས་རྒྱུ་མ་ལྟ་བུར་ཡེ་ཤེས་དེ་དང་མ་བྲལ་བར་བསྒོམ་པའོ། །ཕྱག་རྒྱ་ཆེན་མོ་ནི་འོད་གསལ་གྱི་ཏིང་འཛིན་ནོ། །དམ་རྒྱ་ནི་འོད་གསལ་དེའི་ངང་ནས་གཟུགས་སྐུ་གཉིས་ཀྱིས་དུས་རྟག་ཏུ་སེམས་ཅན་གྱི་དོན་བྱེད་པའོ། །ཞེས་བཞེད་དོ། ད་ནི་རྣལ་འབྱོར་ཡན་ལག་དྲུག་པ་གསུངས་པ། བསྙེན་པ་ཉེར་སྒྲུབ་བསྒྲུབ་པ་དང་། །བསྒྲུབ་ཆེན་ངོ་བོ་ཁྱད་པར་དུ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །གནས་སྐབས་བཞི་དག་པར་བྱེད་པས་ཡན་ལག་བཞིར་འགྱུར་བ་ཡིན་ཏེ། སད་པ་དག་པར་བྱེད་པ་སོར་བསམ་སྙེན་པའི་ཡན་ལག །རྨི་ལམ་དག་པར་བྱེད་བ་སྲོག་རྩོལ་དང་འཛིན་པ་ཉེ་བར་བསྒྲུབ་པའི་ཡན་ལག་དང་། གཉིད་འཐུག་དག་པར་བྱེད་པ་རྗེས་སུ་དྲན་པ་བསྒྲུབ་པའི་ཡན་ལག་དང་། བཞི་པ་དག་པར་བྱེད་པ་ཏིང་ངེ་འཛིན་སྒྲུབ་ཆེན་གྱི་ཡན་ལག་སྟེ། རྣམ་པ་ཐམས་ཅད་པའི་གཟུགས་བསྒྲུབ་པར་བྱ་བའི་ཕྱིར་དང་། གཞོམ་དུ་མེད་པའི་སྒྲ་རྟོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་རྣམས་ཀྱི་སེམས་ཀྱི་རྣམ་པ་འཆར་བའི་ཕྱིར་དང་། ཡིད་བཞིན་གྱི་ནོར་བུ་གཟུགས་སྣ་ཚོགས་པ་ལྟར་དངོས་པོ་ཐམས་ཅད་འཛིན་ཅིང་མཁྱེན་པའི་ཕྱིར། རིམ་བཞིན་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ། ཡེ་ཤེས་རྡོ་རྗེའི་ལམ་དུའང་བཞག་ཅིང་། དབྱིབས་དང་། སྔགས་དང་། ཆོས་དང་། རྣམ་པར་དག་པའི་རྣལ་འབྱོར་བཞིར་ཡང་བཤད་དོ། །ལེགས་སྦྱར་གྱི་སྐད་ལ། པྲ་ཏྱཱ་ཧཱ་ར་ཞེས་པ་སོ་སོར་སྡུད་པར་བསྒྱུར་ཏེ། དགག་པའི་བཤད་པ་དང་བསྒྲུབ་པའི་བཤད་པ་གཉིས་ལས། དང་པོའི་དོན་འཁོར་པའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ལས་བཟློག་པའི་ཕྱིར་སོ་སོར་སྡུད་པ་སྟེ། དྲི་མེད་འོད་ལས། འདིར་སོ་སོར་སྡུད་པ་ཞེས་པ་ལ། འཁོར་བ་པ་རྣམས་ཀྱི་སྡུད་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་འཛིན་པའོ། །དེ་ཡོངས་སུ་སྤོང་བ་ནི་སོ་སོར་སྡུད་པ་ཞེས་བརྗོད་དེ་ཞེས་སོ། །གཉིས་པ་ནི། ཤ་ལ་སོགས་པའི་དབང་པོས་ཡུལ་སོ་སོར་འཛིན་ཞེས་པ་སྟེ། དེ་ཉིད་དུ། སྟོང་པ་ཉིད་ཀྱི་གཟུགས་ལ་གཞན་ཤ་ལ་སོགས་པའི་མིག་ལ་སོགས་པ་རྣམས་ཀྱིས་འཛིན་པ་ནི་སོ་སོར་སྡུད་པའི་དོན་ཏོ། ཞེས་སོ། །དོན་ནི་མཚན་མོ་དང་ཉིན་མོའི་རྣལ་འབྱོར་གཉིས་ཀྱིས་རགས་པའི་རླུང་བཅིངས་པས། དེ་ལ་བརྟེན་པའི་རྣམ་པར་རྟོག་པ་ཕྱི་གཟུགས་སོགས་ཡུལ་དུ་འཛིན་པ་དང་། ནང་མིག་སོགས་ཡུལ་ཅན་དུ་འཛིན་པའི་རྟོག་པ་རགས་པ་འགགས་པའི་དེ་ཁོ་ན་ཉིད་ཀྱི་འབྲས་བུ་སྔ་རྟགས་སུ་གྱུར་པ་དུ་བ་ནས་ཐིག་ལེའི་མཐར་ཐུག་པ་འབྱུང་ཞིང་། དེ་ལས་ཁམས་གསུམ་པའི་གཟུགས་མཐོང་བའོ། །རིགས་རྣམས་ལས་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། ཡེ་ཤེས་ཀྱི་ཕུང་པོ་འོག་གི་ནམ་མཁའི་རྣལ་འབྱོར་གྱིས་སྦྱངས་པའི་ཕྱིར་རོ། །བདག་རྐྱེན་ཤའི་མིག་ལས་བྱུང་བའི་ཤེས་པ་དབང་པོའི་མངོན་སུམ་སྟེ་འཇུག་ཡུལ་གཞོམ་དུ་མེད་པའི་ཐིག་ལེ་སྟོན་པར་བྱེད་པས་སོ། །འབྲས་བུ་ནད་ཞི་བ་ལ་སོགས་པའི་སྔགས་རྣམས་ཀུན་རང་ཉིད་ཀྱི་བྱིན་གྱིས་རློབ་ནུས་ཤིང་ལས་བྱེད་པར་འགྱུར་རོ། །དྷྱ།་ན་ཞེས་བྱ་བ་བསམ་གཏན་ཏེ། བསམ་པ་ནི་ཡུལ་ལ་སེམས་པ་ཡིན་ལ། དེ་ཡུལ་ལ་འཇུག་པའི་རྒྱུན་མི་གཡོ་བར་བྱེད་པ་ནི་གཏན་པ་བཅས་ཏེ་བསྒོམ་པས་ན་བསམ་གཏན་ཏེ། ནཱ་རོ་པས། རྣམ་པར་རྟོག་པའི་འཁྲུལ་པ་སེལ་བའི་རྒྱུན་རབ་ཏུ་འཇུག་པའི་མཐོང་བ་ནི་བསམ་གཏན་དུ་བརྗོད་དོ། །ཞེས་སོ། །དོན་ནི་ཟླ་གྲགས། མིག་སོགས་ལྔ་དང་ཡུལ་སྣང་སྦྱོར་བ་བསམ་གཏན་དུ་བཞེད་ལ། ནཱ་རོ་པ་དབང་ཡུལ་གཉིས་ཀ་བསྡུས་ནས་རྣམ་ཤེས་དང་གཅིག་ཏུ་སྦྱོར་བ་བསམ་གཏན་དུ་གསུངས་ཏེ། ནང་གི་སེམས་གཉིས་སུ་གཡོ་བ་བྲལ་བའི་རྒྱུན་གཏན་པོར་འཇོག་པའི་ཕྱིར་རོ། །སོར་སྡུད་ཀྱི་སྐབས་སུ་དུས་གསུམ་པའི་གཟུགས་མཐོང་བས་ན། །གཉིས་སུ་སྣང་བ་དང་བཅས་པར་མཐོང་སྟེ་གཉིས་ནི་མ་ཡིན་ནོ། །གཉིས་མེད་པ་ལ་གཉིས་སུ་མཐོང་བ་ནི་སྟོང་པའི་གཟུགས་མཐོང་བའི་ཤའི་མིག་གི་སྐྱོན་མ་ཡིན་ཏེ། དྲུག་པ་ཡིད་ཀྱི་རྣམ་ཤེས་ལ་རྟོག་པ་དང་བཅས་པའི་དབང་གིས་གཉིས་སུ་སྣང་ངོ་། །དེས་ན་བསམ་གཏན་གྱི་སྟོང་པའི་གཟུགས་མཐོང་བའི་སེམས་དེ་ཉིད་དང་གཟུགས་དེ་ངོ་བོ་ཉིད་ཐ་དད་པར་སྒོམ་པར་བྱེད་པ་ཡིན་ལ། དེ་ཉིད་ཀྱང་རྟོག་དཔྱོད་དགའ་བདེ་སེམས་རྩེ་གཅིག་པ་ཆོས་མངོན་པའི་བསམ་གཏན་དང་པོའི་ཡན་ལག་རྣམ་པ་ལྔ་དང་མིང་ཙམ་མཐུན་པ་གསང་བ་འདུས་པར་གསུངས་ལ། དུས་འཁོར་ལས། ཤེས་རབ་དང་། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་རྩེ་གཅིག་པ་ཞེས་ལྔར་མཛད་དོ། །རྣམ་པར་ཤེས་པའི་ཕུང་པོ་དག་པའི་གནས་སྐབས་ཡིན་པས་མི་བསྐྱོད་པའོ། །བདག་རྐྱེན་ལྷ་མིག་གིས་བྱས་པའི་དབང་མངོན་ཉིད་དོ། །འབྲས་བུ་ནི་མཐུ་ཆེ་བ་རྣམས་གནས་ཡིད་ལ་བྱེད་པ་མངོན་ཤེས་ལྔ་ཐོབ་ཅིང་། མཐུ་ཆུང་བས་ཡིད་ལ་བྱེད་པ་ཅུང་ཟད་ཙམ་གྱིས་སོ། །པྲ་ཎཱ་ཡ་མ་སྲོག་རྩོལ་ཏེ། འདི་དགག་སྒྲུབ་གཉིས་ལས། སྟེང་འོག་གི་རྩ་དྲུག་ཏུ་རྒྱུ་བའི་རླུང་ནི་སྲོག་ཡིན་ལ། དེ་དག་གི་རྒྱུ་བ་འགོག་པ་རྩོལ་བ་ཡིན་ནོ། །དེ་ལྟར་ཡང་ནཱ་རོ་པས། སྟེང་དང་འོག་ཏུ་ལཱ་ལ་ན་ལ་སོགས་པའི་རྩ་དྲུག་པོ་རྣམས་སུ་སྲོག་དང་ཐུར་སེལ་གྱི་རླུང་དག་འཆད་པར་འགྱུར་བའི་རིམ་པས་ཡང་དག་པར་རྒྱུ་བའོ། །རྩོལ་བ་ནི་ཞེས་པ་ཡ་མུ་ཉེ་བར་འགོག་པ་ལའོ། ཞེས་པའི་ཁམས་ཀུན་ནས་ཞེན་པ་འགོག་པ་ནི་ཨཱ་ཡ་མ་སྲོག་རྩོལ་ཏེ། སྲོག་དང་ཐུར་སེལ་གྱི་རླུང་གཉིས་ཀའི་བགྲོད་པ་འགོག་པ་ལས་དབུ་མའི་རྩེར་རབ་ཏུ་ཞུགས་པའོ། །ཞེས་སོ། །སྒྲུབ་ཕྱོགས་ནས་སྲོག་འཚོ་བ་དང་། དེ་རིང་དུ་རྒྱས་པར་བྱེད་པའི་རྡོ་རྗེའི་བཟླས་པ་ལ་རྩོལ་བ་སྟེ་སྲོག་རྩོལ་ལོ། །དེའང་སྒྲོན་གསལ་ལས། སྲོག་ནི་འཚོ་བའོ། །གང་གི་འདུ་བྱེད་མཆེད་ཅིང་རིང་དུ་རྒྱས་པར་བྱེད་པ་དེ་ནི་སྲོག་དང་རྩོལ་བ་ཞེས་བྱར་བཤད། ཅེས་སོ། །དོན་ནི་རྡོ་རྗེའི་བཟླས་པས་བུམ་པ་ཅན་སྒྲུབ་པར་བྱེད་པའི་རླུང་གི་རྣལ་འབྱོར་རོ། །རླུང་གི་རྣལ་འབྱོར་ཡིན་པའི་ཕྱིར་དོན་གྲུབ་ཀྱི་རིགས་སུ་འགྱུར་ལ། མངོན་སུམ་ནི་ཡིད་མངོན་ཏེ། སོར་བསམ་གྱི་ནམ་མཁའ་ལ་མཐོང་བའི་འཇུག་པའི་ཡུལ་མི་ཤིགས་པའི་ཐིག་ལེ་དེ་འཁོར་ལོ་བཞིའི་ལྟེ་བར་འཇུག་པར་བྱེད་པའི་ཕྱིར་རོ། འབྲས་བུ་རོ་རྐྱང་གི་ལམ་གཉིས་པོ་འགགས་ནས་དབུ་མ་ཁོ་ནར་འབབ་པ་ངེས་ཤིང་བརྟན་པོར་གྱུར་པའི་ཚེ་སངས་རྒྱས་བྱང་སེམས་རྣམས་ཀྱིས་གཟིགས་ཤིང་སྔགས་ལ་དེས་སྒྲུབ་པ་པོའི་དགེ་རྩ་རྣམ་པར་འཕེལ་ལོ། །དྷ་ར་ཎི་འཛིན་པ་སྟེ་རླུང་སེམས་འཁོར་ལོ་ལྔའི་ལྟེ་བའི་མི་ཤིགས་པ་ལ་བསྡུས་ཏེ་འགྲོ་འོང་བྱེད་དུ་མི་སྟེར་བས་སོ། །རླུང་གི་རྣལ་འབྱོར་གྱི་རླུང་དང་སེམས་ལྟེ་བ་སྙིང་མགྲིན་དཔྲལ་བ་གཙུག་གཏོར་གྱི་མི་ཤིགས་པའི་ཐིག་ལེར་རྟོག་པ་མེད་པའི་རླུང་དུ་བ་སོགས་བཅུ་དང་། དེ་དག་རྗེས་སུ་མྱོང་བའི་སེམས་བཅུ་འང་དེར་འཛིན་པའོ། །རིན་པོ་ཆེའི་རིགས་ཏེ། གཏུམ་མོ་མེའི་ཁམས་བསྐྱེད་པས་སམ། འདི་ལས་བྱུང་བའི་ཏིང་འཛིན་གྱི་བྱེ་བྲག་དུ་མས་རིན་པོ་ཆེ་དང་འདྲ་བར་སེམས་ཅན་གྱི་དོན་རྫོགས་པར་བྱེད་པས་སོ། །མངོན་སུམ་ནི་ཡིད་མངོན་ནོ། །འབྲས་བུ་ནི་འོད་གསལ་བ་བརྟན་པོར་གྱུར་པས་འགོག་པ་ལ་གནས་པར་འགྱུར་ཞིང་སངས་རྒྱས་ཀྱི་སྤྱན་ནོ། །ཨ་ནུ་སྨྲྀ་ཏི། ཨ་ནུ་རྗེས་སུ་དང་། སྨྲྀ་ཏི་དྲན་པ་སྟེ། སྔར་གྱི་ལམ་གྱི་རྗེས་སུ་དྲན་ནས་སྤྲོ་བས་སོ། །དོན་ནི་འཛིན་པའི་ཕྱི་ལོགས་རང་ཉམས་ཀྱི་གཏུམ་མོ་འབར་བའི་མེས་སྤྱི་བོའི་བྱང་ཆུབ་ཀྱི་སེམས་བཞུ་ནས་ལྟེ་བར་འོངས་པ་ལས་སླར་ཡང་སྔར་གྱི་ལམ་སྟོང་གཟུགས་རྗེས་སུ་དྲན་ནས་གཙུག་གཏོར་གྱི་བར་དུ་མེ་དེ་སྤྲོ་ཞིང་། དེ་ལས་ཁམས་གསུམ་པའི་རྣམ་པ་སྤྲོ་བའོ། །དེའི་ཕྱིར་སྐབས་འདིར་ཕྱག་རྒྱ་དང་འགྲོགས་ཏེ་བྱང་ཆུབ་ཀྱི་སེམས་ལུས་ཐམས་ཅད་དུ་རྩ་ཐམས་ཅད་གང་བར་བྱ་བ་ཡིན་ནོ། །རིགས་ནི་འོད་དཔག་མེད་དེ། ཁུ་བའི་ཁམས་ཆུ་ཡིན་པས་སོ། །མངོན་སུམ་ནི་རྣལ་འབྱོར་མངོན་སུམ་ཡིན་ཏེ། འཇུག་པའི་ཡུལ་མི་ཤིགས་པ་དེ་ལ་རང་དབང་དུ་གྱུར་པ་ཐོབ་པའི་ཕྱིར་རོ། །འབྲས་བུ་འོད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་འབྱུང་ཞིང་སྤྲོ་ལ། བ་སྤུའི་བུ་ག་ནས་ཀྱང་འོད་ཟེར་ཆེན་པོ་ངེས་པར་འབྱུང་ཞིང་ཤེས་རབ་ཀྱི་སྤྱན་ནོ། །ས་མཱ་དྷི། ཏིང་ངེ་འཛིན་ཏེ། སྤྱི་བོ་ནས་ནོར་བུའི་བར་དུ་འོངས་བའི་བྱང་ཆུབ་ཀྱི་སེམས་དེ་སྒྲིབ་བྲལ་དུ་གྱུར་ནས། དེར་སྟོང་པའི་གཟུགས་དང་བདེ་བ་ཆེན་པོ་གཉིས་སུ་མེད་པའི་རྩེ་གཅིག་པ་ཡིན་པས་སོ། །དོན་ནི་གྲུབ་པའི་དངུལ་ཆུ་ཐིགས་པ་གཅིག་གི་ལྕགས་ཀྱི་ཁུ་བ་གསེར་དུ་བསྒྱུར་བ་ལྟར། མི་འགྱུར་བའི་བདེ་བའི་སྐད་ཅིག་མ་ཐོབ་པ་ན་ཕུང་པོ་ལ་སོགས་པ་ཐམས་ཅད་སྒྲིབ་བྲལ་དུ་བྱེད་པའོ། །རྣམ་སྣང་གི་རིགས་ཏེ། ཁམས་འཛག་མེད་དུ་འཆིངས་པས་སྲ་བའི་དངོས་པོ་ཐོབ་པའི་ཕྱིར་རོ། །མངོན་སུམ་ནི་རང་རིག་པའི་མངོན་སུམ་སྟེ། འཇུག་པའི་ཡུལ་མི་ཤིགས་པ་གཉིས་སུ་སྣང་བ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་སྤྱན་ཐོབ་ཅིང་གནས་སྐབས་ཀྱི་འབྲས་བུ་ནི། སྟོང་པ་ཉིད་ཀྱི་གཟུགས་ཀྱི་དོན་དམ་པ་ལ་སྒྲིབ་པ་དེ་རིམ་གྱིས་མེད་པར་གྱུར་ནས། ལོ་གསུམ་དང་ཕྱོགས་གསུམ་གྱི་སྤངས་པ་དེ་རྫོགས་པ་ན། དབང་ཐོབ་པའི་བྱང་ཆུབ་སེམས་དཔས་བརྙེས་པའི་ཡེ་ཤེས་ཀྱི་སྐུ་དེ་འགྲུབ་བོ། །མཐར་ཐུག་སངས་རྒྱས་སོ། །གསང་འདུས་དུས་འཁོར་མཁའ་འགྲོ་རྒྱ་མཚོ་སོགས་ནས་རྒྱས་པར་གསུངས་ལ། བདེ་མཆོག་རྩ་རྒྱུད་ལས། སྔགས་བཟླས་པ་དང་བསམ་གཏན་དང་། །བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཞེས། བསམ་གཏན། སྔགས་བཟླས་པ་ཞེས་པ་འཛིན་པ། བདེ་བ་ཏིང་ངེ་འཛིན་འབྲས་བུ་གསུམ་དངོས་སུ་དང་། རྒྱུ་སོར་སྡུད། སྲོག་རྩོལ་རྗེས་དྲན་གསུམ་ཤུགས་ལ་བསྟན་ནོ། །ཀྱེའི་རྡོ་རྗེར། ཡན་ལག་དྲུག་སྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་བཤད་དོ། །རིམ་གཉིས། རྫོགས་པའི་རིམ་པ་མཐའ་དག་དེ་འདིར་ཅིག་ཅར་བའི་ལམ་རིམ་དང་། རིམ་གྱིས་པའི་ལམ་རིམ་གཉིས་སུ་བཤད་ལ། དང་པོ་བརྒྱད་དུ་བསྟན་པའོ། །ལམ་ཁྲིགས་ཆགས་སུ་བཤད་པའི་དབང་གིས་བརྒྱད་དུ་བསྟན་པ་སྟེ། གཏུམ་མོ་ལས་ཀྱི་ཕྱག་རྒྱ་དང་། །སྒྱུ་མ་རྨི་ལམ་འོད་གསལ་དང་། །བར་དོ་འཕོ་བ་གྲོང་འཇུག་གོ །ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་སྒྲིབ་བྲལ་དུ་ཟ་བས་གཏུམ་པ་དང་། སྤྲོ་པ་དང་བྲལ་ཞིང་རང་བཞིན་མེད་པའི་ངོ་བོ། རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པ་རྡོ་རྗེ་བཙུན་མོའི་བདག་ཉིད་ཅན་ཡིན་པས་མོ་སྟེ་གཏུམ་མོ་ཞེས་བྱའོ། །སྲོག་རྩོལ་དང་རྣལ་འབྱོར་གྱི་སྟོབས་ཀྱིས་གཏུམ་མོ་འབར་བས་ཁམས་གསུམ་པའི་གཟུགས་བརྙན་གྱི་སྟོང་པའི་གཟུགས་མཐའ་ཡས་པ་སྤྲོ་བར་ནུས་པ་ཐིག་ལེ་དང་། དེ་ལས་མི་མཐུན་པའི་རྟོག་པ་གཞོམ་པའི་དཔའ་བོ་ཧེ་རུ་ཀའམ་རང་བཞིན་ཧཾ་ཡིག་ཞུ་བ་ནོར་བུའི་བར་དུ་སོན་པའི་དགའ་བ་ཉམས་སུ་མྱོང་བ་ལུས་ཅན་རྣམས་སྙིང་དགའ་བར་བྱེད་པས་དཔྱིད་དེ། དཔྱིད་ཀྱི་ཐིག་ལེ་ཞེས་ཀྱང་བྱའོ། །དེ་ཉིད་རྗེས་སུ་དྲན་པའི་མིང་དུ་གསུངས་ཏེ་སྔར་གྱི་སྟོང་པའི་གཟུགས་རྗེས་སུ་དྲན་ནས་རྣམ་པར་རྟོག་པས་ཅི་འདོད་འདོད་དུ་བསྒྱུར་བར་བྱ་བའི་ཕྱིར། དེ་བས་ན་གསང་བ་འདུས་པར། སངས་རྒྱས་དང་། ཆོས་དང་། རྡོརྗེ་དང་། རིགས་དང་། ཁྲོ་བོ་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། སྐུ་དང་། གསུང་དང་། ཐུགས་དང་། སྔགས་ཀྱི་གཟུགས་སྐུ་གསུང་ཐུགས་དང་། དམ་ཚིག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མ་སྐྱེས་པ་དང་། ཞེ་སྡང་གི་རིགས་ཀྱི་མཆོད་པ་རྗེས་སུ་དྲན་པ་སྟེ། རྗེས་སུ་དྲན་པ་བཅུ་དྲུག་གསུངས་ལ། ཐམས་ཅད་ཀྱང་རིམ་པ་གཉིས་དང་འབྲེལ་བར་སྒོམ་པས་སུམ་ཅུ་རྩ་གཉིས། དང་པོར་དྲུག་མདོར་བསྟན་པར་གསུངས་པའི་དགོངས་པས་དང་པོ་དྲུག་ཏུའང་ཤེས་པར་བྱའོ། །སྟེང་སྲོག་གི་གནས་ལ་གཙོ་བོར་གནད་དུ་བསྣུན་པས་སྟེང་སྒོའི་ལམ་མོ། །མུ་དྲ་ལ་མུ་དམ་དགའ་བ། རཱ་ཏི་ལེན་པ་སྟེ་འཁྱུད་པ་ལ་སོགས་པའི་ལས་ཀྱི་དགའ་བ་བཞི་ལེན་པས། ལས་གྱི་ཕྱག་རྒྱའོ། །དེ་ཉིད་འདོད་པའི་དངོས་གྲུབ་ཀྱི་གོ་འཕང་དུ་ཕོ་ཉ་ལྟ་བུ་མྱུར་བར་བགྲོད་པའི་ཐབས་ཡིན་པས་ཕོ་ཉའི་ལམ་མམ་བཙན་ཐབས་ཞེས་དང་། འོག་ཐུར་སེལ་གྱི་གནས་སུ་གནད་དུ་བསྣུན་པའི་ཕྱིར་འོག་སྒོའི་ལམ་ཞེས་ཀྱང་ཟེར་རོ། །སེམས་འོད་གསལ་བའི་རྫས་དང་། དེའི་གཞོན་པའི་རླུང་གི་སྔགས་ཀྱི་བསྒྲུབ་པ་ཁམས་གསུམ་པའི་གཟུགས་ཉིད་སྒྱུ་མ་ཡིན་ལ། དེ་མཐོང་བར་བྱེད་པའི་ཐབས་ཡིན་པས་རྒྱུ་ལུས་ཀྱི་ལམ། འོད་གསལ་བ་ལ་བདག་ཅེས་བརྗོད་ལ། དེ་ཉིད་ཁམས་གསུམ་བརྟན་པ་དང་གཡོ་བ་གཟུགས་བརྙན་གྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་བྱིན་གྱིས་བརླབ་པའི་ཕྱིར་བདག་བྱིན་བརླབ་ཅེས་ཀྱང་བྱ་ལ། རྣམ་པ་གཅིག་ཏུ་ན་སྣང་མཆེད་ཐོབ་པ་གསུམ་ལ་ལུས་ངག་ཡིད་དུ་བྱས་ཏེ། དེ་གསུམ་སོ་སོ་མེ་ཡིན་པར་བདག་ཉིད་གཅིག་ཏུ་གྱུར་པས་ཀྱང་བདག་བྱིན་བརླབས་ཞེས་བྱ་སྟེ། གང་ཞིག་རང་བདག་ཉིད་ཀྱིས་འགྱུར། །དེ་འདིར་རང་བྱིན་བརླབ་པའོ། །གཉིས་པ་ཉིད་ལས་ངེས་གྲོལ་བ། །བདག་གིས་སྒྲ་ཡི་མངོན་བརྗོད་བྱ། །ཞེས་པ་འཕགས་པ་ལྷས་སྙིང་པོ་བརྒྱ་པར་གསུངས་པའི་དོན་ཡིན་པར་སྒྲ་གཅན་གསང་བས་བཤད་དོ། །འདི་ལ་གསང་བ་འདུས་པར་ཀུན་རྫོབ་ཀྱི་བདེན་པ་ཞེས་ཀྱང་བཏགས་ཏེ། སྟོང་གཟུགས་འདིས་གནས་ལུགས་ཀྱི་འོད་གསལ་ལ་སྒྲིབ་པར་བྱེད་པའི་ཕྱིར་ཀུན་རྫོབ་ཡིན་ལ། འདི་ཉིད་ཀྱིས་སངས་རྒྱས་མཆོད་པ་དང་། སེམས་ཅན་གྱི་བྱ་བ་ལ་སོགས་པ་བྱེད་པས་མི་བསླུ་བའི་ཕྱིར་བདེན་པ་སྟེ། སྒྲོན་གསལ་ལས། དོན་དམ་པའི་བདེན་པ་དེ་ལ་ཡང་དག་པར་བྱེད་པའི་ཐབས་ཡིན་པས་རྨི་ལམ་གྱི་ལམ། ཆོས་ཐམས་ཅད་ཀྱི་རང་བཞིན་ཟབ་གསལ་གཉིས་སུ་མེད་པའི་ངོ་བོ། མ་རིག་པའི་དྲི་མས་མངོན་དུ་མ་གྱུར་པ་ལས་འདིར་མ་རིག་པ་དང་ཕྲལ་ཏེ་ཤིན་ཏུ་གསལ་བར་མངོན་དུ་འགྱུར་བའི་ཕྱིར་འོད་གསལ་ལམ། རྣམ་པ་མེད་པས་མངོན་པར་བྱང་ཆུབ་པ་ཞེས་ཀྱང་བྱའོ། །དེ་ཉིད་མི་འགྱུར་བའི་ཡེ་ཤེས་ཡིན་པའི་ཕྱིར་དོན་དམ་པའི་བདེན་པར་བཏགས་སོ། །དེའང་སྒྲོན་གསལ་དུ། རྨད་བྱུང་ཆེན་པོའི་ཆོས་རྣམས་ནི་དོན་དམ་པའི་བདེན་པ་སྟེ་རིགས་ལ་མང་པོའི་ཚིག་གོ །ཐམས་ཅད་དུ་ཁྱབ་པས་ན་དེ་ཉིད་ནི་ནམ་མཁའ་དང་མཚུངས་པའོ། །རྟོག་གེ་པ་རྣམས་ཀྱིས་རྣམ་པར་བརྟག་པར་མི་ནུས་པས་རྣམ་པར་མི་རྟོག་པའོ། །ཀུན་རྫོབ་ཀྱི་བདེན་པ་ཡོངས་སུ་དག་པས་ན་ཡོངས་སུ་དག་པའོ་ཞེས་སོ། །འཆི་བའི་འོད་གསལ་ལ་ཞུགས་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བ་ནི་བར་དོ་ལམ་དུ་བྱེད་པ་ཡིན་པས་བར་དོའི་ལམ་མོ། །ཐ་མལ་གྱི་ལུས་ལ་གོང་དུ་སྤོ་བའི་ཕྱིར་འཕོ་བའོ། །བཙན་ཐབས་ཀྱི་རྣལ་འབྱོར་ཡང་ངོ་། །རླུང་སེམས་འཇུག་པ་གཅིག་པས་སྦྲུལ་སྤགས་པ་བརྗེ་བ་བཞིན་ལུས་ཀྱི་གྲོང་གསར་པ་གཞན་ལ་འཇུག་པའི་ཕྱིར་གྲོང་འཇུག་གོ །ཡང་ན་དེ་དག་ཅིག་ཅར་ཐོད་བརྒལ་རིམ་གྱིས་པའི་བསྲེ་བསྐོར་གསུམ་དུ་སྟོན་ཏེ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་རྣམ་པ་གསུམ་དུ་འགྱུར། །གསུང་ལས་རླུང་ཉི་མའི་སྡེ་བཅིངས་པའི་བྱེད་པས་རྩ་རྣམ་དག་པ་སྤྲུལ་པའི་སྐུ་མངོན་དུ་བྱེད་པ་རིམ་གྱིས་པའི་བསྲེ་བསྐོར་གསུམ་རྡོ་རྗེའི་རྣལ་འབྱོར། སྐུ་རྩ་རྣམ་པར་སྦྱངས་པའི་བྱེད་པས་ལས་རླུང་དབུ་མར་ཟོས་པའི་སྲོག་གིས་གཟུགས་ལོངས་སྐུ་མངོན་དུ་བྱེད་པ་ཐོད་བརྒལ་བའི་བསྲེ་བ་གསུམ་གསུང་རྡོ་རྗེའི་རྣལ་འབྱོར་དང་། ཐུགས་ཐིག་ལེའི་འཕོ་བ་འཛག་མེད་དུ་འཆིངས་པས་རིག་མའི་སྐྱེས་བུ་ཆོས་སྐུ་འགྲུབ་པར་བྱེད་པ་ཅིག་ཅར་བའི་བསྲེ་བ་གསུམ་ཐུགས་རྡོ་རྗེའི་རྣལ་འབྱོར་ཏེ། རིམ་པ་བཞིན་དབྱིབས་དང་། སྔགས་དང་། ཆོས་ཀྱི་རྣལ་འབྱོར་པ་གསུམ་དུ་གཞག་པར་བྱ་བའང་ཡིན་ནོ། །དེའི་ཕྱིར་བཤད་ཚོད་ཀྱི་ལམ་འདི་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་དུ་ཚང་བར་དགོས་པ་མ་ཡིན་ཏེ། སྐལ་བའི་རྗེས་སུ་འབྲངས་ནས་སྟོན་པར་གསུངས་པའི་ཕྱིར་རོ། །དཔེར་ན་སྨན་གཞུང་ནས་བཤད་པའི་སྨན་ཐམས་ཅད་ནད་པ་གཅིག་ལ་ཚང་བར་གཏོང་མི་དགོས་ཀྱི། །ནད་གང་ལ་སྨན་ཡིན་པ་དེ་བཏང་བས་ནད་ཞི་བར་འགྱུར་བ་ཡིན་ནོ། །དེ་བས་ནད་གང་ཡིན་པ་དེར་སྨན་ཇི་ལྟ་བར་གཏོང་ཤེས་པ་སྨན་པ་མཁས་པར་བཞག་པ་བཞིན་དུ། རྒྱུད་ཚོད་དང་མཐུན་པས་སློབ་མ་བཀྲི་བར་ཤེས་ན་བླ་མ་དམ་པར་འགྱུར་བ་ཡིན་གྱི། བབ་ཅོལ་གྱིས་སམ། ཀ་དཔེ་མ་ཞིག་གིས་གཞན་ཁྲིད་པ་ནི་རང་གར་འགྲོ་གཏོལ་མེད་པར་མིའི་ས་མཁན་བྱེད་པ་ལྟ་བུར་ཤེས་པར་བྱའོ། །དེ་བས་ན་ལམ་དབྱེ་བསྡུ། འཇུག་ལྡོག །དང་མཐུན་པར་སྒྲིག་ཤེས་ན་ཆོས་ཀྱི་བསྡུ་བ་ཤེས་པར་འགྱུར་བ་ཡིན་པས། དེའི་ཕྱིར་སོ་སོར་རྒྱས་པར་བཤད་པ་སྔར་བརྩམས་པ་ཉིད་སློབས་ཤིག་ཅེས་གདམས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། གཏུམ་མོ་ལམ་གྱི་གཞི་མ། ལས་རྒྱ་ལམ་གྱི་བོགས་འདོན། སྒྱུ་ལུས་ལམ་གྱི་སྲོག་ཤིང་། རྨི་ལམ་ལམ་གྱི་དྲོད་ཚད། འོད་གསལ་ལམ་གྱི་སྙིང་པོ། བར་དོ་ལམ་གྱི་བློ་ཆོད། འཕོ་བ་ལམ་གྱི་བསུན་མ། གྲོང་འཇུག་ལམ་གྱི་འཐུད་མ་དང་བརྒྱད་ལས། དང་པོ་ལ། ལས་ཀྱི་གཏུམ་མོ། ཉམས་སམ་འབར་བའི་གཏུམ་མོ། མཆོག་གི་གཏུམ་མོ་དང་གསུམ་ལས། དང་པོ་ལ། ཙཎྜྻཱ་ལི་ཞིབ་མོར་གཏན་ལ་ཕབ་པ་དང་། རྒྱུད་སོ་སོར་བཤད་པ་མདོར་བསྟན་པས་གསུངས་གཉིས། དང་པོ་ལ། སྤྱིའི་གཏུམ་མོ་དང་། བྱེ་བྲག་གི་གཏུམ་མོ་གཉིས། དང་པོ་ལ། བཅའ་བ་ལུས་ཀྱི་གནད། ཞི་དྲག་རླུང་གི་གནད། གཅུན་པ་རྩའི་གནད། གནས་སྐབས་དུས་ཀྱི་གནད། དམིགས་པ་ཡུལ་གྱི་གནད་རྣམ་པ་ལྔ་ལས། དང་པོ་ནི། གཏུམ་མོའི་རྣལ་འབྱོར་རྒྱུད་ཡིན་ཏེ། །འདི་ལ་གནད་ནི་རྣམ་པ་ལྔ། །ལུས་རླུང་རྩ་དུས་ཡུལ་ལྔའོ། །གཏུམ་མོའི་རྣལ་འབྱོར་ནི་དངོས་པོར་གནས་པའི་ལུས་ངག་ཡིད་ཇི་ལྟ་བ་ལ་གནད་དུ་བསྣུན་པའི་སྒོམ་པ་ཡིན་པས་རྒྱུན་ཆགས་པའི་ཕྱིར་རྒྱུད་ཅེས་གསུངས་ལ། དེ་ལས་ལུས་ལ་གནད་དུ་བསྣུན་པའི་བྱེད་ཆིངས་བཤད་པ། ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་། །སྒལ་ཚིགས་རིན་ཆེན་བཙར་ལ་བརྒྱུས། །མཐོང་ག་རྒྱུན་དུ་ཡངས་པ་དང་། །སྟོང་སྐོ་ཤིན་ཏུ་སྦ་བར་བྱ། །ལྕེ་ནི་ཡར་རྐན་ཉིད་དུ་གཏད། །མཉམ་གཞག་ཕྱག་རྒྱ་ལྟེ་འོག་བཅིང་། །རྐང་པ་གཡས་སྟེང་དུ་སྟོན་པའི་རྡོ་རྗེའི་སྐྱིལ་ཀྲུང་བཅས། སྒལ་ཚིགས་རིན་པོ་ཆེའི་དོང་རྩེ་སྟར་ལ་བརྒྱུད་པ་ལྟར་བསྲང་། མཐོང་ག་རྒྱུན་དུ་ཡངས་པར་བྱ་བ་ནི་ཐལ་གོང་ཕྱིར་དགྱེ་བ་ཡིན་ལ། སྟོང་སྒོ་སྦ་བ་ནི་ཨོལ་སྐོས་མདུད་ནོན་རྩམ་པ་མགྲིན་པ་གུག་པའོ། །ལྕེ་རྩེ་བཟློག་སྟེ་ཡར་རྐན་ལ་གཏད་ཅིང་མཆུ་ལ་ཡིད་ཙམ་བར་ཡོད་པར་བྱ། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་ཏེ་བརྩེགས་པ་གཡོན་འོག་ཏུ་འོང་བའི་མཉམ་གཞག་སྟེ་བྱེད་ཆིངས་དྲུག །མིག་དང་ཤེས་པ་མ་འགྱུར་བར་མིག་སྣ་རྩེར་གཏད། དེ་ལ་ཤེས་པ་མ་འགྱུར་བའི་ལྟ་སྟངས་ཏེ་ཆོས་བདུན། རྣམ་སྣང་གངས་ཅན་མཚོ་དང་ཆོས་མཐུན་པས་སམ། གཟུགས་སྦྱངས་ནས་རྣམ་པར་སྣང་མཛད་དུ་བྱེད་པའི་ཕྱིར་རྣམ་སྣང་གི་ཆོས་བདུན་ཞེས་བྱའོ། །དེའང་གཡས་སུ་གཡོན་དང་པོར་གསལ། །དེ་ནས་གཟུང་རྟོག་ལངས། ཕོ་གདོན་གནོད། གཡོན་དུ་དང་པོར་བདེ། དེ་ནས་འཛིན་རྟོག་ལངས། མོ་གདོན་གནོད། དགུར་ན་ལུས་སྟོད་དུ་རླུང་འཐུམས་པས་ལུས་ལྕི་ཚིག་པ་ཟ། རྒྱལ་པོ་གནོད། མཐར་སྨྱོ་འབོག་ཏུ་འགྲོ །དགྱེས་ན་རླུང་ནང་དུ་མི་གནས་པར་ཤ་པགས་མཚམས་སུ་འཚོར། ཤ་བཀྲ་དང་། སྐྱ་རྦབ། ཡུན་རིངས་ན་དམུ་འཛིང་ངམ་མཛེར་འགྲོ །སྐེད་པ་ཉག་ན་ཐིག་ལེ་འཛག །གྲང་བ་སྐྱེ། མགྲིན་པ་གུག་དྲགས་ན། དང་པོར་སཾ་སྐྲི་ཏ་ལ་སོགས་པའི་སྐད་དུ་སྨྲ། མཐར་ལྕེ་ལ་འབྲུམ་པ་མང་པོ་དང་། སྐད་འགག །ཟས་འགག །ཟས་དྭང་ཁར་མི་འོང་། ངག་ལྡིབ། སྤྱི་བོ་གཏུམས་ན་གཉིད་ཆེ། མགོ་ལྕི། ཀླད་པའི་སྟེང་གི་ཁྲག་རྩ་སྦྲུལ་འཁྱིལ་བ་འདྲ་བར་རླུང་ཤོར་བས་མགོ་བོར་སྦྲུལ་གྱི་སྣང་བ་དང་། དེ་ནས་ཇེ་འཁྲུལ་ཏེ་ཀླུ་ནད་དུ་འགྱུར་ཉེན་ཡོད་པའི་ལུས་གནད་ཀྱི་སྐྱོན་ལེགས་པར་སེལ་བ་ནི་གེགས་མི་འབྱུང་བའི་གནད་དུ་ཆེའོ། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། ལུས་ཐ་མལ་གྱི་བྱ་བས་དབེན་པ་དེའི་ཚེ་ལུས་ཤིན་ཏུ་རྣམ་པར་དག་པར་ཤེས་པ་ཡིན་ལ། སྐྱིལ་ཀྲུང་གིས་ཐུར་སེལ། མཉམ་གཞག་གིས་མེ་མཉམ། ཐལ་གོང་དགྱེ་བས་སྲོག་འཛིན། མགྲིན་པ་གུག་པ་དང་ལྕེ་ཡར་རྐན་ལ་གཏད་པས་གྱེན་རྒྱུ། སྒལ་ཚིགས་བསྲང་བས་ཁྱབ་བྱེད། ཡིད་ཀྱི་རྣམ་ཤེས་ཕྱི་རོལ་གི་ཡུལ་ལ་འཇུག་པའི་སྒོའི་གཙོ་བོ་མིག་ཡིན་པས་ལྟ་སྟངས་ཀྱིས་ཡན་ལག་གི་རླུང་སྟེ། རླུང་བཅུ་འཆིངས་པས་སྲོག་ཡུན་རིང་པོར་ཕྱིར་རྒྱུ་བ་མེད་པ་ནི་ངག་དབེན། བཞོན་པ་དེ་དག་འཆིངས་པས་བྱང་ཆུབ་ཀྱི་སེམས་ཀྱང་མི་འཕོ་ལ། རྟེན་དེ་མ་འཛགས་པ་ལས་བརྟེན་པ་ཡིད་ཀྱང་རྣམ་པར་རྟོག་པ་དང་བྲལ་བ་སེམས་དབེན་པ། དེས་འོག་གི་བྱ་གདོང་མའི་ཁ་བྱེ། དེ་ནས་དབུ་མར་ཞུགས་ཏེ་དེས་འོད་གསལ་གྱི་འཆར་སྒོ་བདག་དང་སེམས་ཅན་དུ་སྣང་བ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་བདག་ཉིད་སྣང་བ་གསུམ་པོ་ནམ་མཁའ་ལྟ་བུའི་འོད་གསལ་དུ་སྦྱར་བ་ན་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པས་རྙེད་པའི་བདེ་བ་ཆེན་པོ་ཐོབ་པར་བྱེད་པས། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་གསུངས་ལ། དེ་ཉིད་ས་ར་ཧས། མིག་ནི་མི་འཛུམ་སེམས་འགོག་དང་། །རླུང་འགོག་པ་ནི་དཔལ་ལྡན་བླ་མས་རྟོགས་ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཇི་སྲིད་སྲོག་ཆགས་རྣམས་ཀྱི་སྲོག །སྒྱུ་མ་དེ་སྲིད་ཡང་སྲིད་པའོ། །སྲོག་གི་རྒྱུ་བ་རྣམ་ཞིག་ན། །འཆི་བ་མེད་ཅིང་ཡང་སྲིད་མེད། །ཅེས་དང་། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་སོ། །ཡང་ན་ལུས་ནི་ཙོག་པུར་བསྡད། །རེའུ་མིག་བཞིན་བསྣོལ་བར་བྱ། །སོར་བཞིའི་དཔངས་ཡོད་པའི་སྟན་ནང་ཚངས་ཅན་ལ་ཚང་ར་གཞག །རྐང་པ་རེའུ་མིག་བཞིན་བསྣོལ་བའི་མཐིལ་སར་ཕབ། ཉིས་ཁུག་གིས་མགོ་འཁོར་བ་བྱིན་གྱིས་བརླབས་པའི་པུས་འཁྱུད་ཀྱི་བསྡམ། གཞན་འདྲའོ། །དེ་ནི་གཏུམ་མོའི་མེ་སྦར་བའི་ཐབ་དང་འདྲ་བས་མེ་ཐབ་དྲུག་ཆིང་ཞེས་བྱའོ། །དོད་ཆུང་ན་འདི་ལ་དང་། དུས་རྒྱུན་དུ་སྒོམ་པ་ལ་སྔ་མ་ཉིད་མཆོག་གོ །གཉིས་པ་ཞི་དྲག་རླུང་གི་གནད་ལ་དངོས། འབྲས་བུ། ཡོན་པོ་བསྲང་བ། རླུང་གི་མན་ངག །རྡོ་རྗེ་བཟླས་པ་རྣམ་པར་ཕྱེ་བ་དང་ལྔ་ལས། དང་པོ་ནི་འཇམ་རླུང་གི་དབང་དུ་མཛད་ནས། རླུང་ལ་སྦྱོར་བ་བཞི་ལྡན་ཏེ། །རྔུབ་དང་དགང་དང་གཞིལ་བ་དང་། །འཕང་བར་བྱ་དང་རྣམ་པ་བཞི། །འཁོར་ལོ་བཞིའི་བྷ་གའི་ལྟེ་བར་འཇུག་པར་བྱེད་པས་རྔུབ་པ་དང་། ལུས་ཐམས་ཅད་དུ་བདེ་བའི་རླུང་གིས་ཁྱབ་པར་བྱེད་པས་དགང་བ་དང་། བསྡམས་པ་ན་གཡོ་བ་མེད་པར་བྱེད་པས་གཞིལ་བའམ་ཞི་བ་ཅན་དང་། ཕྱི་རོལ་དུ་དོར་བས་དབྱུང་བ་ཞེས་བྱ་སྟེ། རིམ་པ་བཞིན་བསྒོམ་པའི་ཚུལ་ནི། ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །ལུས་གནད་མི་གཡོ་བར་དམིགས་པས་སོར་བཅུ་དྲུག་ཙམ་གྱི་ཐད་ནས་ནང་དུ་དྲངས་ཏེ། དེ་ནི་རྩའི་ཞིང་དུ་རླུང་གི་དེ་ཉིད་དགུག་པར་བྱེད་པས་ལྕགས་ཀྱུ་ལྟ་བུ། བུམ་པ་བཞིན་དུ་དགང་བ་དང་། །ནང་དུ་ཤུགས་རྫོགས་པ་དང་ལྟེ་བར་ཕུལ་ཏེ་འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་འཛིན་པ་བུམ་པ་གང་བ་དང་ཆོས་མཐུན་པས་བུམ་པ་ཅན་ནམ། འདི་ལ་སྟེང་རླུང་མདུན་གྱི་འཐུར་དུ་ཕུལ་དྲགས་ན་ཆད་པའི་སྐྱོན་ཞེས་བྱ་སྟེ། སྲོག་ཐུར་སེལ་དང་བསྡོངས་ནས་རླུགས་པས་དྲོད་ཆུང་ཞིང་ནད་སྐྱེད་དོ། །འོག་རླུང་རྒྱབ་ནས་ཧ་ཅང་འཐེན་ཐལ་ན་ལྷགས་པའི་སྐྱོན་ཐུར་སེལ་སྲོག་དང་བསྡོངས་ཏེ་སྟོད་འཚངས་ནས་དྲི་ཆུ་བསྡམས་པ་ལ་སོགས་པའི་ནད་བྱེད་པས། སྟེང་རླུང་སུམ་གཉིས། འོག་རླུང་སུམ་ཆ་གཅིག་ཏུ་བྱས་ན་རན་པ་སྟེ། བུམ་པ་ལ་ཆ་གཅིག་སྟོང་པ། ཆ་གཉིས་ཆུས་འགེངས་པར་བཤད་པ་བཞིན་ནོ། །རྒྱ་མདུད་བཞིན་དུ་བསྡམས་ནས་སུ། །མི་ཐུབ་ལ་ཁད་པ་དང་། རྔུབ་ཆུང་བརྩེགས་གཡས་གཡོན་དབུགས་གསུམ་རྣམས་མནན་ཏེ་ཤིན་ཏུ་བསྡམས་པར་བྱ་བས་ན་རྒྱ་མདུད་ལྟར་རོ། །མདའ་ལྟར་གྱེན་དུ་འཕང་བར་བྱ། །དབྱུང་བ་དང་པོར་ཤེད་ཆུང་། དེ་ནས་ཆེ། མཐར་ཆུང་ངུས་རླུང་ལྷག་མ་མེད་པར་ཕྱིར་འཕངས་པས་མདའ་དང་མཚུངས་སོ། །ལྷག་ལུས་ན་སྨིན་མཚམས་དང་གདོང་གི་གཞན་ལའང་འབྲུམ་བུ་དང་། སྨིན་མ་བྱི་བའི་སྐྱོན་འབྱུང་ངོ་། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །འོག་ཏུ་རླུང་བཟུང་བས་དེ་ཧ་ལས་པའི་ཚུལ་གྱིས་གྱེན་དུ་རླུང་སྤྱི་བོར་འཚངས་ནས་ཤི་བ་དང་། བརྒྱལ་བ་ནི་རྣལ་འབྱོར་པ་བདག་ཉིད་ལ་འཕོ་བར་འགྱུར་བས་དག་པའི་གནས་སུ་འགྲོ་བའི་ཕྱིར་ཡོན་ཏན་ཡིན་ཀྱང་བསྒོམ་པ་དེ་ལ་གཞན་དག་སྨོད་པར་འགྱུར་བས་སྐྱོན་དུ་སོང་བ་ཞེས་བྱ་བ་ལ། སྦྱོར་བ་བཞི་ཤེས་པ་ལ་ནི་སྐྱོན་འདི་མེད་པ་ཉིད་དོ། །དྲག་རླུང་ནི། དེ་བཞིའི་སྔོན་དུ་རླུང་ལོག་མི་འབྱུང་བ་འབུད་པའི་གནས་ཅེས། འཇམ་པ་མིས་མ་ཚོར་བ་དང་། དྲག་པོ་ཤིན་ཏུ་ཐུང་བ་དང་། ལུས་གཅུ་ཞིང་འབུད་པ་སུམ་ཕྲུགས་གསུམ་སྟེ་དགུ་བསྣན་ནས་གནད་ལྔ་ཞེས་གསུངས་ལ། འཇམ་རླུང་གི་ཚེ་དེ་དག་སྦྱོར་བར་མཛད་པས་དངོས་གཞི་བཞིར་གཞག་གོ །འོ་ན་འཇམ་རླུང་དྲག་རླུང་ཞེས་ཁྱད་གང་གིས་འབྱེད་ཅེ་ན། རས་ཆུང་ཞབས་ཀྱིས། རྩུབ་རླུང་ནི་སྟེང་འོག་གི་རླུང་གཉིས་ཀ་ཟུག་རྔུ་དང་བཅས་ནས་ཐུབ་ཚད་དུ་འཛིན་པ་ཡིན་ཏེ། དཔེར་ཡུར་བ་ཆུས་བརྒྱངས་དྲགས་ན་འབོ་ཞིང་འདྲལ་བ་དང་འདྲ་བར། ལོག་མང་པོ་འོང་བས་མཛེ་ལ་སོགས་པའི་སྐྱོན་དུ་འགྲོ་ཉེན་ཡོད། འཇམ་རླུང་སྟེང་སུམ་ཆ་གཉིས། འོག་རླུང་སུམ་ཆ་བཟུང་ནས་བདེ་བའི་བར་དུ་འཛིན། ཟུག་རྔུ་བྱུང་ན་དལ་གྱིས་གཏོང་བ་སྟེ་ལོག་མི་འོང་བས་དེ་ལེགས་པ་ཡིན་ཞེས་སོ། །གཉིས་པ་ལ་འབྲས་བུ་ནི། སེམས་ཅན་དགུག་པའི་ཆེད་དུ་རླུང་དེ་དག་ལྟ་སྟངས་བཞི་དང་སྦྱར་ན་ལས་འགྲུབ་པར་གསུངས་ཏེ། རེ་ཙ་ཀ་ཡིས་ལྟུང་བར་བྱེད། །ཁྲོ་བོའི་ཉམས་ཀྱིས་མིག་འབྲས་གཉིས་ཀྱི་དབུས་ནས་མཉམ་པར་དཔྲལ་བར་གཏད་ནས་རླུང་ཕྱིར་དབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད་དོ། །ཀུམྦྷ་ཀ་ཡིས་དབང་དུ་བྱེད། །མིག་གཉིས་གཡོན་དུ་བཟློག་སྟེ་བལྟ་རླུང་གིས་ནང་གང་བ་བུམ་པ་ཅན་གྱི་དབང་དུ་བྱེད་དོ། པཱུ་ར་ཀ་ཡིས་ཀུན་ནས་འགུགས། །མིག་འབྲས་གཉིས་དཔྲལ་བའི་གཡས་ལོགས་སུ་བལྟ་བས་རླུང་ནང་དུ་སླར་གཞུག་པའི་དགང་བ་ཡིས་ནི་དགུག་པ་ཉིད་དོ། །ཞི་བ་ཡིས་ནི་རེངས་པར་བྱེད། །མིག་འབྲས་གཉིས་གཡས་གཡོན་སྟེང་འོག་མ་ཡིན་པར་ཐད་ཀར་ཕྱོགས་པས་བལྟ་ཞིང་། ནང་དུ་ཞུགས་ནས་གཡོ་མེད་དུ་གྱུར་པ་ཞིབ་ཅན་གྱིས་ནི་རེངས་པར་བྱེད་དོ། །རློན་པའི་ཤིང་ལ་ལྟ་སྟངས་བྱས་ན་དེ་ཉིད་དམ་འབྲས་བུ་འགྱེལ་ལམ་ལྟུང་ན་ལྟུང་བྱེད་འགྲུབ་པ་ཡིན་ཞིང་། དེ་བཞིན་མེ་ཏོག་ལ་བལྟས་པས་ཚུར་དུད་ན་དབང་དང་། ཤྲཱི་ཁནྡ་འོང་བའི་ཤིང་ལ་བལྟས་པས་ཚུར་དུད་ན་དགུག་པ་ཉིད་དང་། རླུང་གིས་བསྐྱོད་བཞིན་པའི་རྩ་ལ་བལྟས་ནས་མི་འགུལ་ན་རེངས་པ་གྲུབ་པར་མཚོན་ནོ། །དྲང་དོན་གྱི་འབྲས་བུའོ། །དགོངས་པའི་སྐད་གཞན་གྱིས་འཁོར་ལོ་བཞིའི་ཐིག་ལེའི་རྣལ་འབྱོར་བཞི་བསྟན་ཏེ། གཙུག་ཏོར་ལས་ནི་ཐིག་ལེ་ཉིད། །མེ་ཡིས་ཞུ་བ་ཉིད་ཀྱི་ལྟུང་། །བདེ་བ་ཆེན་པོའི་ཏིང་འཛིན་གནས། །སྟོང་ཉིད་ལྟ་སྟངས་ལྟུང་བར་བྱ། །གཙུག་ཏོར་ནས་ཐིག་ལེ་མེས་ཞུ་བ་ནི་རླུང་སྦྱོར་དབྱུང་བས་ལྟུང་བ་སྟེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་ནས་སྟོང་པ་ཉིད་ལ་ལྟ་བ་ནི་དབུ་མར་ལྟུང་བའི་ལྟ་སྟངས་སོ། །བུམ་པ་ཅན་གྱི་འཁོར་ལོར་སོན། །དཔྲལ་བ་ཞེས་བྱ་རབ་ཏུ་བསྒྲགས། །རྡོ་རྗེ་པདྨར་ཏིང་འཛིན་བརྟན། །ཁམས་གསུམ་པོ་ནི་དབང་དུ་བྱེད། །མགྲིན་པ་ཐིག་ལེས་གང་བ་ནི་བུམ་པ་ཅན་ཏེ་ལྕེ་ཆུང་ལས་བདུད་རྩིའི་ཆུ་འབབ་པའི་ཕྱིར་དཔྲལ་བ་ཅན་དང་གནད་གཅིག་ལ། རྡོ་རྗེ་པདྨ་མཉམ་པར་སྦྱོར་བའི་ཏིང་ངེ་འཛིན་གྱིས་ཁམས་གསུམ་པོ་དབང་དུ་བྱེད་པའི་ལྟ་སྟངས་སོ། །སྙིང་ག་ཕྱོགས་སུ་དག་པས་འགུགས། །མ་རུངས་ལས་ཅན་དེ་རྣམས་ཀུན། །ཧེ་རུ་ཀ་དཔལ་རང་བཞིན་ཕྱིར། །རྟག་ཏུ་ལྟ་ངན་གཞོམ་པར་བྱ། །སྙིང་ཀ་གང་བ་དགང་བ་སྟེ་ཐམས་ཅད་ཧེ་རུ་ཀའི་རང་བཞིན་དུ་བྱེད་པས་མ་རུངས་པ་སྟེ་ལྟ་བ་ངན་པ་འཇོམས་པའི་ཕྱིར་རོ། །ཁམས་གསུམ་དགུག་པར་བྱེད་པའི་ལྟ་སྟངས་སོ། །ཞི་བས་རེངས་པ་ནོར་བུའི་མཐའ། །རྒྱལ་བའི་གཟུགས་བརྙན་རྣམ་པར་བསྒོམ། །མཆོག་ཏུ་མི་འགྱུར་རྟོགས་གྱུར་པ། །དེ་ནི་མཉམ་ཉིད་མི་གཡོར་གསུངས། །ནོར་བུའི་ནང་དུ་རྒྱལ་བའི་གཟུགས་བརྙན་བསྒོམ་པ་མི་གཡོ་བའི་ཕྱིར་མཉམ་པ་ཉིད་ཞི་བས་ཏེ། མཆོག་ཏུ་མི་འགྱུར་བ་རྟོགས་པས་རྩ་ཐམས་ཅད་རེངས་པར་བྱེད་པའི་ལྟ་སྟངས་སོ། །ཡས་བརྟན་གྱིས་བཤད་ནས། ད་ནི་མས་བརྟན་པའི་དགའ་བའི་དབང་དུ་མཛད་ནས། རྔུབ་པ་ཡིས་ནི་དབང་དུ་བྱེད། །དེ་ནས་ཤིན་ཏུ་མྱུར་བ་ཉིད་དུ་རྡོ་རྗེ་ནོར་བུ་ནས་གྱེན་དུ་འཛག་མེད་ཀྱི་བྱང་སེམས་འཕེལ་བཞིན་པས་བདེ་སྟོང་གི་ཡེ་ཤེས་ཕུལ་དུ་བྱུང་བ་འགུགས་པར་བྱེད་པས་ཏེ། ཆུང་ངུས་ལྟེ་བར་རྒྱུ་མཐུན། འབྲིང་པོས་སྙིང་ཀར་རྣམ་སྨིན། ཆེན་པོས་མགྲིན་པར་སྐྱེས་བུ་བྱེད་པ། ཆེན་པོའི་ཆེན་པོས་དཔྲལ་བར་དྲི་མ་མེད་པ་ཉིད་ཀྱི་འབྲས་བུ་ལ་དབང་དུ་བྱེད་པའོ། །དགང་བ་ཡིས་ནི་རེངས་པ་དང་། །ལུས་ཐམས་ཅད་འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་རྩ་ཐམས་ཅད་རེངས་ཏེ་མདུད་པ་མེད་པར་གྱུར་པ་དང་། ཞི་བ་ཡིས་ནི་ཞི་བར་འགྱུར་བ་དང་། །རླུང་ཕྱིར་འཕོ་བ་མེད་པ་ཞི་བས་སམ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྒྲིབ་བྲལ་དུ་ཉེ་བར་ཞི་བ་དང་། མཉམ་པར་མ་རུངས་དཔྲལ་བ་ཅན། །ལུས་ཐམས་ཅད་བྱང་སེམས་གྱིས་གང་བའི་ཚེ་དཔྲལ་བ་ཅན་ཏེ་སྨིན་མཚམས་སུ་ཟུག་པའི་འཁོར་ལོ། །མ་རུངས་པ་སྟེ་རེངས་ནས་ཚངས་པའི་བུ་ག་ནས་སྤྱི་བོར་སོང་བས་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་ལ། དྷཱུ་ཏཱིར་ཚུད་ན་རྒྱུན་མི་འབབ། །བྱང་སེམས་ཁ་གྱེན་དུ་བལྟས་པས་སྦ་བ་སྦུབས་སུ་ནུབ་ཅིང་མཐར་རྩ་རླུང་ཐིག་ལེ་འཛག་པ་མེད་པའི་བདེ་ཆེན་གྱིས་འགྲོས་ཐམས་ཅད་དབུ་མར་ཐིམ་པས། རང་བཞིན་ཇི་ལྟ་བ་དེར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཐམས་ཅད་རོ་གཅིག་ཏུ་འགྲེས་པ་ལ་རྣམ་པར་དབྱེ་བའི་རྒྱུན་ཟད་པ་ཞེས་བྱའོ། །རླུང་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ཉིད་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་སོ། །མཐར་ཐུག་པའི་ངེས་དོན་བཤད་ནས་གནས་སྐབས་ཀྱི་འབྲས་བུ་གསུངས་ཏེ། དགང་བ་ཡིས་ནི་ལུས་བཀང་ན། །དུག་དང་རིམས་ཀྱི་ཚ་བ་འཕྲོག །སྦྱར་བ་ལ་སོགས་པའི་དུག་དང་རིམ་དང་ཚད་པ་ལ་སོགས་པ་འདུ་བ་འཁྲུགས་པའི་ནད་ཀྱིས་གནོད་མི་ནུས་ཏེ། འདུ་བ་རོ་སྙོམས་པའི་ཕྱིར་རོ། །བུམ་པ་ཅན་གྱི་སྒོ་བཅིངས་ན། །སྒོ་ཡི་བུ་ག་དག་པར་འགྱུར། །སྒོ་ལྔའི་ཤེས་པ་ལ་བུམ་པ་ཅན་དུ་བྱས་ན་མངོན་པར་ཤེས་པ་ལྔ་འཆར་བར་འགྱུར་རོ། །འཐོར་བ་སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། །འཇུག་ཤེས་སུ་འཐོར་བ་སྣ་ཚོགས་རྡུལ་ལྟར་ཕྲ་བ་ཡིད་ཀྱི་རྣམ་པར་ཤེས་པ་ལ་སྦྱོར་བ་ཞི་བ་ཅན་གྱིས་བདེན་འཛིན་ཞི་བས། ཏིང་ངེ་འཛིན་གྱིས་ལུས་ངག་ཡིད་གསུམ་དུ་འགྱུར་རོ། །གསུམ་པ་ཡོན་པོ་བསྲང་བ་ནི། ཡང་ན་ཨོལ་སྐོས་ཨོལ་མདུད་མནན། ཡོན་པོ་འགགས་པ་འདིས་ནི་རྒས་པ་དང་ན་བ་འཆིང་བའི་ཐབས་བཤད་ལ། ཡང་ན་འཇིང་པ་ལྟག་པ་མནན། །འདིས་ནི་འཆི་བ་བའི་རླུང་གནད་དེ་ཟུར་དུ་བཤད་ཟིན་ནོ། །གཡས་ན་རྒྱུ་ན་གཡས་རྩ་མནན། །རླུང་གཡོན་དུ་མི་རྒྱུ་བར་གཡས་འབའ་ཞིག་ཏུ་རྒྱུ་ན་ལག་པ་གཡོན་པ་རྡོ་རྗེའི་ཁུ་ཚུར་བཅངས་ཏེ་གཡས་པའི་མཆན་གྱི་འཕར་རྩ་མནན་ནས་ནུ་མ་གཅུད་ལ་བོར་བས། གཡོན་དུ་རླུང་འཕོ་བར་འགྱུར་ལ། གཡོན་ནས་རྒྱུ་ན་གཡོན་རྩ་མནན། །དོན་ལ་ནུ་མ་གཅུད་ལ་བོར། །གཡོན་ནས་རྒྱུ་བ་ལ་ལུས་གནད་དེ་ཉིད་བཟློག་སྟེ་སྐྱར་རོ། །སེང་གེ་རྣམ་རོལ་ཕྱག་རྒྱ་ནི། །རྣལ་འབྱོར་པ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་བྱ། །འདི་ནི་རླུང་ཕྱི་རོལ་དུ་རྒྱུ་བ་སེང་གེ་རྣམ་རོལ་གྱི་བྱེད་པ་བཅིངས་ནས་དགག་པ་སྟེ། །ཡོན་པོའི་རྒྱུ་བ་བྲལ་བ་ཙམ་གྱིས་ནི་ཚེ་རིང་པོར་འགྱུར་ལ། མཉམ་རྒྱུ་ཡང་འགགས་པ་ནི་ནམ་མཁའ་དང་མཉམ་པའི་ཚེར་འགྱུར་རོ། །བཞི་པ་རླུང་གི་མན་ངག་ནི། ཕོ་རླུང་འདུལ་ཞིང་མོ་རླུང་སྦྱང་། །མ་ནིང་རླུང་ལ་རྒྱུན་དུ་བཟླ། །ཕོ་རླུང་དྲག་པོ་བཙན་ཐབས་ཀྱི་བསྒོམ་ཚུལ། །མོ་རླུང་འཇམ་རླུང་གི །མ་ནིང་རླུང་གི་བསྒོམ་ཚུལ། དེ་གསུམ་ལ་སྤྱིར་བསྟན་བྱེ་བྲག །ཀ་བ་ལ་བརྟེན་ཏེ་བསྒོམ་པ། ཀ་མེད་ལྡིང་ཁང་གི་བསྒོམ་པ། དང་པོ་གཉིས་ལ་རེ་མིག་ལྟར་བསྣོལ་བ། ནམ་མཁའ་ལྟར་རྒྱ་བསྐྱེད་པ། འཁོར་ལོ་ལྟར་བསྐོར་བ། མདའ་ལྟར་འཕེན་པ། ལྕགས་ཀྱུ་ལྟར་དགུག་པ་སྟེ་སྒོམ་ལུགས་ལྔ་ལྔའོ། །ཕྱི་མ་ཉིད་དབུ་མར་དབྱེར་མེད་པའི་ཡན་ལག་གི་བཟླས་པར་བཤད་པ་ཡིན་ཏེ། འབྱུང་འཇུག་ཐམས་ཅད་དབུ་མའི་ལམ་ཉིད་ནས་བྱ་བས་སོ། །དགྱེས་རྡོར་འབུམ་ལྔར། དོན་གྱི་རྗེས་འགྲོའི་བཟླས་པ་ནི། །རང་བཞིན་མེད་པ་མཛེས་པ་ཡིས། །ཡན་ལག་དབྱེ་བ་མེད་པ་སྔགས། །མ་ནིང་གོ་འཕང་ལ་གནས་བཟླ། །ཞེས་སོ། །ལྔ་པ་རྡོ་རྗེའི་བཟླས་པ་རྣམ་པར་ཕྱེ་བ་ནི། བརྗོད་དང་དམིགས་པར་བཅས་པ་དང་། བརྡར་གྱུར་དང་ནི་དོན་དམ་མོ། །བརྗོད་པ་རྡོ་རྗེའི་བཟླས་པ་དང་། དམིགས་པ་རྡོ་རྗེའི་བཟླས་པ་དང་། བརྡར་རྒྱུར་རྡོ་རྗེའི་བཟླས་པ་དང་། དོན་དམ་རྡོ་རྗེའི་བཟླས་པ་སྟེ་བཞིར་གསུངས་ལ། ཚིག་གི་བརྗོད་པ་ཐུན་མོང་སྟེ། །རླུང་གི་རྒྱུ་བ་སྒྲའི་རྣམ་པར་བསམས་ནས་བཟླས་པ་ནི་ངག་ཏུ་བརྗོད་པས་བརྗོད་པ་རྡོར་བཟླས་ཞེས་བྱ་སྟེ་རྟོག་བཅས་ཡིན་པས་ཐུན་མོང་ངོ་། དམིགས་པར་བཅས་པ་སངས་རྒྱས་དངོས། །བཟླ་བྱའི་རླུང་དེ་ཉིད་དེ་བཞིན་གཤེགས་པ་ལྔའི་སྐུ་གསུང་ཐུགས་ཀྱི་ལྷར་དམིགས་ནས་བཟླ་བ་དམིགས་པ་རྡོར་བཟླས་སོ། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །མཚོན་བྱེད་ཨོཾ་ཨཱཿཧཱུཾ་གིས་བརྡའི་མཚོན་བྱའམ། བརྡ་ཅན་སྣང་བ་གསུམ་གྱི་ཆ་ཤས་དང་འབྲེལ་བར་བཟླ་བ་བརྡར་གྱུར་རྡོར་བཟླས་སོ། །དང་པོའི་དབང་དུ་བྱས་ནས། འཇུག་པ་ཨོཾ། གནས་པ་ཧཱུཾ། ལྡང་བ་ཨཱཿ རྗེས་སུ་དྲན་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བཟླས་པར་འགྱུར་ཏེ། ཟླ་བ་ཉི་མ་ཨཱ་སོགས་ཀཱ་སོགས་རྣམས་ཀྱི་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་སོགས་བཟླས་པ། །ཞེས་དང་། སྡོམ་འབྱུང་ལས། རྣལ་འབྱོར་པ་ནི་མཉམ་བཞགས་པས། །འཇུག་པའི་རླུང་ནི་བགྲང་བར་བྱ། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་བྲལ་བ་རྟག་ཏུ་བཟླ། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་པ་ནི། །ཚེ་ཉམས་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །རྟག་ཏུ་ནང་པར་ལངས་ནས་རླུང་། །སྟོང་ཕྲག་གཅིག་ཏུ་བགྲང་བྱ་སྟེ། །དེ་བས་རླུང་གི་རྣལ་འབྱོར་ལ། །རྟག་ཏུ་མཉམ་གཞག་གནས་པར་བྱ། །ཞེས་དང་། ཉི་ཟླ་སྒྲུབ་པ་ལས། འཇུག་དང་གནས་དང་འགྱུར་བ་གསུམ། ཡི་གེ་གསུམ་གྱི་རྩ་རླུང་སྦྱང་། །རྡོ་རྗེ་སྐྱིལ་ཀྲུང་ཙོག་གནས་པའི། །རྡོ་རྗེའི་བཟླས་པའི་རིམ་པ་ཡིས། །རླུང་ནི་ལམ་དུ་བྱེད་པར་འགྱུར། །ཞེས་སོ། །ཕྱི་མ་ནི། །རླུང་གི་ཁ་དོག་དང་ཡིག་འབྲུ་གཉིས་ཀ་ལ་མི་དམིགས་པར་འཇུག་གནས་དབྱུང་གསུམ་ལ་སེམས་གཏོད་པ་སྟེ། དེས་མགོན་པོ་སོ་སོའི་ངེས་པས་རྒྱུ་བ་འགགས་ནས་སྣང་བ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས་པའི་མཐར་མི་ཤིགས་པ་མཐོང་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་མཐོང་བ་ཡིན་ཞིང་། དེ་ཉིད་རླུང་དང་དབྱེར་མེད་དུ་སྦྱོར་བ་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རིམ་པས་རྡོ་རྗེའི་བཟླས་པ་ལ་སློབ་པའི་དོན་ཡིན་ནོ། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །སངས་རྒྱས་ཀྱི་གསང་བ་མི་ཤིགས་པ་བརྟན་གཡོ་ཐམས་ཅད་འཆར་གཞིར་གནས་པ་ལ་བཟླས་པ་བྱ་ཚུལ་ནི་འོད་ལྔའི་རླུང་ཡུངས་འབྲུ་ཙམ་དང་། དེ་དང་མི་ཕྱེད་པའི་སྣང་གསུམ་དུ་མཐོང་བའི་གསལ་བ་དག་པ་སྟོང་པ་བཞི་པར་མཐོང་བའི་འོད་གསལ་བའི་ལྷ་སྟེ། ལྷ་མོ་བཞིས་ཞུས་པ་ལས། ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་སོ། །དེའི་དང་པོ་གསུམ་གྱི་བཟླ་བྱའི་རླུང་འབྱུང་འཇུག་གི་མཚན་ཉིད་ཅན་གྱི་བེམ་རླུང་། ཐ་མ་གཉིས་ནི་ཕྲ་བ་དང་མི་ཤིགས་པའི་རླུང་ངོ་། །སྲོག་ནི་རྒྱུན་མི་འཆད་གྱུར་སྤྲོ། །ཨ་བ་དྷཱུ་ཏཱིའི་གནས་སོན་བཟླས། །བཟླ་བྱའི་ཡུལ་གྱི་གཙོ་བོ་ནི། །སྲོག་དང་ཐུར་སེལ་ཡིན་པས། ཐོག་མར་རྐང་པ་གཉིས་འདུག་སྟངས་སུ་བྱས་ནས། །འདོད་པའི་ལྷ་ཡབ་ཡུམ་བསྒོམས་ལ། དེའི་ལུས་ཀྱི་སྟེང་འོག་ཏུ་རྩ་གསུམ་གསལ་གདབ། རྟགས་རྡོ་རྗེ་རྩེ་ལྔ་པ་དང་འདབ་བརྒྱད་དུ་བསྒོམས་པའི་ཟེའུ་འབྲུའི་དབུས་སུ་ཡུམ་གྱི་ཀཱ་ཁ་ཐོན་ཞིང་། ཡབ་ཀྱི་རྡོ་རྗེའི་རྩེ་གཅིག་འབྱར་བར་བསྒོམས་ཏེ་དབུ་མ་ཉིད་ནས་འབྱུང་འཇུག་བྱེད་པའི་རླུང་དེ་ཡབ་ཡུམ་གྱི་རྩ་ཕྲད་པའི་སྣ་རྩེར་ཐིག་ལེ་ཕྲ་མོ་གནས་ཤིང་མི་གཡོ་བར་བསྒོམ་མོ། །དེའི་དུས་སུ་སྲིན་པོའི་ཞལ་བསྡམ་ཞིང་ཐུར་སེལ་གཟུང་བ་ཡང་ཡང་དུ་བྱའོ། །དེ་ལྟར་མང་དུ་བྱས་པའི་རྒྱུས་ཐུར་སེལ་ཅུང་ཟད་བརྟན་པ་ན་ལག་གཉིས་རྡོ་རྗེ་ཁུ་ཚུར་འཁྲིག་མ་བསྣོལ་ནས་སྙིང་ཀར་བཞག་སྟེ་སྟེང་གི་འབྱུང་འཇུག་ཐམས་ཅད་དབུ་མ་ཉིད་ནས་བྱེད་པར་བསྒོམས་ཏེ། རླུང་ལྡང་བར་བརྩོམ་པ་ན་ཨོྂ་ཡིག་གམ་ཟླ་བའི་གཟུགས་ཀྱི་དབུ་མ་ནས་གྱུར་སྟེ་སྣ་བུག་ཏུ་འཐོན་པར་བསམས། དེའི་ངང་ནས་ངལ་གསོ་ཞིང་སླར་ཡང་འཇུག་པ་ན་ཨཱཿཡིག་གི་རྣམ་པའམ་ཉི་མའི་གཟུགས་ཀྱི་སྣ་སྒོ་ནས་དབུ་མར་ཞུགས་པར་བསམ། གནས་པ་ན་ཧཱུཾ་ཡིག་གམ་སྒྲ་གཅན་ཀྱི་དབྱིབས་སུ་བསྒོམ། དེའང་ལྡང་བ་ན་རླུང་ཕྲ་ཞིང་དལ་བས་ཕྱིར་འབྱིན་ལ། རྔུབ་བའི་ཚེ་དྲག་ཅིང་རྩུབ་པས་གཞུག་གོ །སྟེང་འོག་གཉིས་ཀ་ལའང་དང་པོ་ཡུན་ཐུང་ངུ་། མི་བདེ་བ་ཙམ་ནས་ལྡང་ལ། གོམས་ནས་ཇེ་རིང་དུ་བསྡམ་པར་བྱའོ། །ཡང་མར་སྣའི་རྩ་གཉིས་ཕྲད་པའི་རྩེ་དང་། སྙིང་ཀའི་སྣ་རྩེར་མི་ཤིགས་པ་མཐོང་ན་སྔགས་དང་། དེ་དང་ཚོགས་པ་གཅིག་པའི་འོད་ལྔའི་རླུང་མི་ཕྱེད་པ་ལ་བརྟག་པར་ནུས་ན་མཆོག་གོ །འདུས་པ་ལས། ཡེ་ཤེས་ལྔའི་རང་བཞིན་དབུགས། །གོང་བུའི་གཟུགས་ཀྱིས་ཕྱུར་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་ཀར་བསམས་ནས་ནི། །སྲོག་ཉིད་ཐིག་ལེར་གནས་པར་བཤད། །ཅེས་གསུངས་སོ། །གཞན་ཡང་རྣལ་འབྱོར་པ་དེས་སྒྲ་གང་དང་གང་ཐོས་པ་དེ་དང་དེ་ལ་ཡིད་གཏད་པས་དང་པོ་སྒྲ་རྣམས་བྱུང་མ་ཐག་འགགས་མཚན་ཉིད་ཀྱི་སྐད་ཅིག་མར་རྟོགས་པར་འགྱུར་ལ། དེ་ལས་དངོས་པོ་མེད་པའི་ངོ་བོ་ཉིད་དུའང་རྟོགས་པར་འགྱུར་ཏེ། དེ་ལ་སྒྲ་མཐའི་ཏིང་ངེ་འཛིན་ཞེས་འདོགས་ལ། དེས་སྒྲ་བརྗོད་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་གཟུངས་ཐོབ་པར་འགྱུར་བ་ཡིན་ནོ། །འདིས་ལས་སུ་རུང་ནས་དབང་པོའི་སྒོ་སོ་སོ་དང་། ལུས་ཀྱི་གནས་གང་ཡང་རུང་བར་བཟུང་སྟེ་བཟླས་པ་ལ་བསླབ་པར་བྱའོ། །འདིས་རླུང་རྒྱུ་བ་འགགས་ཏེ་འོད་གསལ་ལ་ཞུགས་པས། སྔགས་ཀྱི་ཐེག་པ་འདིར་འགོག་པ་ལ་ཞུགས་པའམ་ཡང་དག་པའི་མཐའ་ལ་ཞུགས་པ་ཞེས་བརྗོད་དེ། །རྡོ་རྗེའི་བཟླས་པས་ས་བརྒྱད་ཐོབ་པར་བཤད་པ་དང་ལེགས་པར་འགྲིག་གོ །འོན་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ལམ་ཤེས་པ་ཉིད་ཉམས་སུ་ལེན་པ་ན་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་ཉོན་མོངས་པ་ལྟར་སྣང་བའི་ཆ་ཤས་ཀྱི་སེམས་ཅན་ཀྱི་དོན་ལ་འཇུག་པར་བཤད་པ་བཞིན་དུ། འདིར་ཡང་དེ་ལ་ཡུན་རིང་དུ་མི་གནས་པར་ཕྱག་རྒྱ་དང་འགྲོགས་པ་དང་སྤྱོད་པ་གསུམ་ལ་སོགས་པ་བྱ་བར་གསུངས་པ་ཡིན་ནོ། །གསུམ་པ་གཅུན་པ་རྩའི་གནད་ནི། རྩ་ཡི་གནད་ནི་འདི་ལྟ་སྟེ། །སྐད་ཅིག་ཙམ་གྱིས་ཡི་དམ་ལྷ། །སྒྱུ་མ་ལྟ་བུའི་ལུས་བསྒོམ་སྟེ། །ལུས་ལྷག་པའི་ལྷ་གང་ཡང་རུང་བ་རྗེས་སུ་དྲན་པས་རུང་མོད། འོན་ཀྱང་བླ་མ་དག་རྡོ་རྗེ་ཕག་མོ་བྱིན་རླབས་ཀྱི་ལྷ་ཡིན་ཞེས་སྒོམ་པ་ལ་བསྔགས་པ་མཛད་དེ། ཕྱི་ལྷ་སོར་མོ་མཐའ་ཚུན་ཆད་སྟོང་པ། སྒྱུ་མས་མཚོན་པའི་སྣང་བརྙན་ཙམ་དུ་གསལ་གདབ་པའོ། དུས་མེ་སྒྲ་གཅན་དེ་ནས་ཉི། །རི་བོང་མཚན་མས་མཚན་པའི་དབུས། །ཕུག་ནས་གཙུག་ཏོར་དུ་སོན་པ། །དེ་ནི་ཨ་བ་དྷཱུ་ཏཱིའི་རྩ། །ལྟེ་འོག་སོར་བཞི་ནས་དུས་ཀྱི་མེས་མཚན་པ་ནི་ལྟེ་བའི་འཁོར་ལོ་དང་། སྒྲ་གཅན་གྱིས་སྙིང་ཀ །ཉི་མས་མགྲིན་པ། ཟླ་བས་སྤྱི་བོའི་འཁོར་ལོ་སྟེ། དེ་རྣམས་ཀྱིས་དབུས་ཕུག་ནས་གཙུག་ཏོར་རམ་སྤྱི་བོར་ཟུག་པ་ངོ་བོ་ཆོས་ཉིད་མཚོན་པས་ན་སྟོང་པ། ཁ་དོག་བདེ་བ་མཚོན་པས་དམར་པོ། བྱེད་ལས་སྒྲིབ་པ་དག་པར་བྱེད་པས་མར་མེ་ལྟ་བུའི་འོད་ཅན། མཚན་ཉིད་ཆོས་ཐམས་ཅད་ཀྱི་སྲོག་ཤིང་ངམ་སྙིང་པོ་མ་བཅོས་པ་མཚོན་པས་དྲང་བ། སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་སྟེ་བསྒོམ་པའི་དུས་ཀྱི་ཨ་བ་དྷཱུ་ཏཱིའོ། རྐྱང་མ་རོ་མ་དང་སྦྱར་བ། །དེའི་གཡས་སུ་རོ་མ་གཡོན་དུ་རྐྱང་མ་འོག་སྤུ་ན་གུའི་མཚམས་ནས་དབུ་མའི་ནང་དུ་སོང་བ། གྱེན་དུ་དྲང་པོར་སྤྱི་བོར་ཕྱིན་ཏེ་སྣའི་སྒོ་གཉིས་སུ་ཟུག་པ། གདུགས་དང་ཤིང་རྟ་ལྟར་གནས་པའི། འཁོར་ལོ་བཞི་དང་བཅས་པ་བསྒོམ། །རྩ་གསུམ་ལ་གདུ་བུ་ལྟར་འཁྱུད་པའི་ལྟེ་བར་རྩ་འདབ་སྦུ་གུ་ཅན་དྲུག་ཅུ་རྩ་བཞི་ཁ་ཡར་བསྟན། སྙིང་གར་བརྒྱད་ཁ་མར་བསྟན། མགྲིན་པར་བཅུ་དྲུག་ཁ་སྟེང་། སྤྱི་བོར་སོ་གཉིས་འཐུར་དུ་ཕྱོགས་པ་ཐབས་ཤེས་ཀྱི་རང་བཞིན་ཅན་དུ་ཐམས་ཅད་ཁ་དོག་མེ་ཏོག་བནྡྷུ་ཛི་ཝ་ཀ་ལྟ་བུ་དམར་བ། དབྱིབས་གདུགས་ཀྱི་སྲོག་ཤིང་དང་རྩིབ་མ་བཞིན་ནམ། ཤིང་རྟའི་འཁོར་ལོ་སྲོག་ཤིང་དང་བཅས་པ་ལྟ་བུར་བསྒོམ་མོ། །བཞི་པ་གནས་སྐབས་དུས་ཀྱི་གནད་ནི། དེ་ལ་དུས་ཀྱི་གནད་བཤད་པ། གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །གཉིད་འཐུག་པོའི་དུས་སུ་སེམས་སྙིང་ཀར་གནས་ཤིང་། དེ་དུས་རླུང་དབུ་མར་རང་སྟོབས་ཀྱིས་འཇུག་གོ །དེ་བཞིན་དུ་རྨི་ལམ་གྱི་དུས་མགྲིན་པར་དང་། སྙོམས་འཇུག་གི་དུས་སྤྱི་བོ་དང་། ཐ་མལ་ལམ་གཉིད་སད་པའི་གནས་སྐབས་སུ་ལྟེ་བར་གནས་ལ། སེམས་ནི་འཁོར་ལོས་སྒྱུར་རྒྱལ་འདྲ། །འཁོར་ལོས་སྒྱུར་བ་གླིང་བཞིར་རེ་མོས་སུ་གནས་པ་དང་། དེའང་ཡུལ་གྱི་དབུས་འབའ་ཞིག་ཏུ་གནས་འཆའ་བ་བཞིན་དུ། སེམས་དེའང་གནས་སྐབས་བཞིར་དབུ་མའི་ནང་ཉིད་ཀྱི་ལྟེ་བ་ནས་ལྟེ་བར་འཕོ་ཞིང་གནས་སོ། །དེ་བས་འདིར་སད་པའི་གནས་སྐབས་ཀྱི་དྲི་མ་སྦྱོང་བར་བྱེད་པ་ཡིན་པས་ལྟེ་བའི་འཁོར་ལོ་ལ་གཙོ་བོར་གནད་བསྣུན་པར་གསུངས་སོ། །ལྔ་པ་དམིགས་པ་ཡུལ་གྱི་གནད་ལ། ཕྱིའི་གཏུམ་མོ། ནང་གི་གཏུམ་མོ། གསང་བའི་གཏུམ་མོ་གསུམ་ལས། དང་པོ་ནི། ཡུལ་གྱི་གནད་ནི་གསུམ་ཡིན་ཏེ། ཕྱི་རོལ་དཀར་དམར་རྣམ་པ་ཅན། །བརྟན་པ་སྣོད་ཀྱི་འཇིག་རྟེན་གཡོ་བ་བཅུད་ཀྱི་སེམས་ཅན་གྱི་གཟུགས་སོགས་ཡུལ་གཟུང་བའི་ཆ་ནི་མཆེད་པ་ཉི་མའི་བདག་ཉིད་ཡིན་པས་དམར་བ། ཡུལ་ཅན་ཤེས་པའི་ཕྱོགས་ནི་འཛིན་པའི་ཆ་སྣང་བའི་བདག་ཉིད་དཀར་བའི་རྣམ་པར་བསྟན་ཏེ། གཟུང་འཛིན་གྱི་སྣང་བ་འདི་ཉིད་ཀྱི་སྟེང་དུ་མཉམ་པར་བཞག་པས་ཇི་ཞིག་ན་རྣམ་པར་རྟོག་པ་མེད་པའི་རང་གཟུགས་རང་རིག་པའི་ཙཎྜྻཱ་ལི་འབར་བར་འགྱུར་ལ། དེས་བདེན་པར་ཞེན་པ་སྦྱངས་པའི་ནམ་མཁར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྣང་བར་འགྱུར་ཞིང་བསྒོམ་པ་གོམས་པས་སྟོང་ཉིད་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་བར་མ་ཟད། ནང་དུ་རྣལ་འབྱོར་ཇི་ཙམ་སྐྱེས་པ་ཙམ་གྱི་མཉམ་པར་མ་བཞག་པའི་དབང་པོ་རྣམས་ཀྱང་ཆེས་རྣོ་བར་འགྱུར་ཞིང་། དེའི་མཐུས་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་དག་ཀྱང་ཟུར་ཙམ་གྱིས་ཤེས་པར་འགྱུར་རོ། །སེམས་ཅན་རྣམས་ཀྱི་རང་གི་སྣང་བ་ལ་དོན་དུ་གཟུང་ནས་ཉོན་མོངས་སྐྱེ། དེས་ལས་གསོག་ལ་རྣལ་འབྱོར་པ་འདི་ལ་ནི་གང་སྣང་ཐམས་ཅད་སེམས་དྲི་མ་མེད་པའི་ངང་དུ་ཤེས་པས་རང་སྣང་ལ་གཞན་དུ་གཟུང་བ་མེད་པའི་ཕྱིར་འཁོར་བ་དག་པའི་རྒྱུར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་རྡོ་ཕྲེང་ལས། སྙིང་གི་དབུས་ན་མི་ཤིགས་པ། །སངས་རྒྱས་ཉི་མ་གསལ་བའི་འོད། །གཟུང་དང་འཛིན་པའིི་གཟུགས་ཀྱིས་ཀྱང་། །དེ་ནི་འོད་ཟེར་བཅུ་གཉིས་སོ། །ཞེས་དང་། རྗེ་བཙུན་གྱིས། །སྲོག་དང་ཙོལ་བས་འཛིན་དུས་སུ། །རྣམ་པར་མི་རྟོག་ལ་དམིགས་ཀྱང་རུང་། །ཞེས་སོ། །གཉིས་པ་ནང་གི་གཏུམ་མོ་ནི། རིག་མ་མཚན་ལྡན་གྲོགས་སུ་གཅེས། །རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་མོ་ཡིད་ཀྱིས་བརྟགས་པ་ལ་རེག་མཐོང་གི་མཚན་མ་རྙེད་ནས་དངོས་སུ་འཁྱུད་པ་ལ་སོགས་པའི་བྱ་བ་ནུས་པ་དེ་ཙམ་ཞིག་གྲོགས་སུ་བརྟེན་ཏེ། སྣང་གསུམ་གྱི་ཁ་ཕྱིར་ཕྱོགས་པའི་བདེ་བ་བདག་གིས་ཟོས་ནས་རང་རིག་པའི་གཏུམ་མོ་སྐྱེ་བས་འདོད་ཆགས་ཀྱི་རྟོག་པ་འཇིག་པ་ཡིན་གྱི། བདེ་བའི་ཆ་འཇིག་པར་མི་འགྱུར་ཏེ། རང་ཉམས་ཀྱི་གཏུམ་མོ་ལྷག་པར་འབར་བས་དྲོད་ཁྱད་པར་ཅན་འབྱུང་ཞིང་བདེ་བ་ཁྱད་པར་ཅན་སྐྱེ་བས་སོ། །དེ་ལྟ་བུའི་གསུམ་པས་རྟོག་པ་ཟོས་ཤིང་ནུབ་པ་དེས་ན་བཞི་པ་རྟོག་པ་མེད་པ་བསྒོམ་པར་བྱའོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་བ་ནི་སྒྲ་དོན་ཅན་གྱི་རྟོག་པ་དང་བྲལ་བ་ཁོ་ནའོ། །ཕྱག་ཆེན་ཐིག་ལེར། དགའ་བ་ཞེས་བྱ་སྣང་བ་ཡིན། །མཆོག་གི་དགའ་བ་མཆེད་པར་བསྟན། །མཆེད་པ་སྣང་བ་ཐོབ་ཅེས་བྱ། །རང་བཞིན་དེ་ནི་ཡང་དག་འོད། །དེ་ཡིས་དུས་སུ་སྐད་ཅིག་སྐྱེ། །ཞེས་སྣང་གསུམ་འདིའི་དགའ་བ་དང་པོ་གསུམ་གྱི་ཡུལ་ཡིན་ལ། དེ་ཐམས་ཅད་རྟོག་པ་མེད་པའི་སྣང་བ་ཡིན་པས་འོད་གསལ་གྱི་ཁྱབ་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་ནོ། །རྗེ་བཙུན་གྱིས། །ཕྱག་རྒྱ་མཚན་དང་ལྡན་པ་ལ་དམིགས་ཀྱང་རུང་ཞེས་སོ། གསུམ་པ་གསང་བའི་གཏུམ་མོ་ལ། འབར་བའི་རྣལ་འབྱོར། འཛག་པའི་རྣལ་འབྱོར། སྙོམས་པར་འཇུག་པའི་རྣལ་འབྱོར་གསུམ་ལས། དང་པོ་ནི། གཏུམ་མོ་ཨ་ཐུང་ཡུལ་གྱི་གནད། །རྫས་ཀྱི་ཐིག་ལེ་རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་བདག་ཉིད་མ་དག་པའི་ཁམས་ཐམས་ཅད་ཀྱི་གཤེད་མ་ཡིན་པའི་ཕྱིར་གཏུམ་མོ། ལྟེ་འོག་སོར་བཞིའི་ཐད་དེ་དོན་གསང་བའི་འཁོར་ལོའི་དབུས་གྱི་རྩ་དབུ་མ་སོར་ཕྱེད་པ་དེ་གསུམ་དུ་འཁྱོགས་པའི་ནང་བྱང་ཆུབ་ཀྱི་སེམས་དམར་པོས་གང་བའི་གཟུགས་པླཱུ་ཏའི་དབྱིབས་ཅན་གློག་གི་ཟེར་མ་ལྟ་བུ་བྱེ་བ་སྤྲོ་བ་དེ་ཡིན་ལ། དེ་ཉིད་ཨ་ཐུང་དུ་གནས་གྱུར་པ་ཡིན་པས་ཨ་ཐུང་ངོ་། །དེ་ལྟར་ཤད་དུ་ཡོད་ལ། ངོ་བོ་ཨ་ཡིན་པས་གཞི་མཐུན་བསྡུས་ནས། ཨ་ཤད་ཅེས་བཏགས་སོ། །འགའ་ཞིག་གཟབ་མའི་ཨའི་ལག་པ་དང་། ལཉྫྱའི་ཨའི་ལག་པ་ལྟ་བུ་ལ་འདོད་པ་ནོར་རོ། །ནང་གི་འཁོར་ལོ་བཞིར་གཏད་དེ། །དམིགས་པ་རྩའི་འཁོར་ལོ་ལ་གཏད་དེ། སྲོག་རྩོལ་སྦྱར་བའི་སྦྱོར་བ་ཡིས། །སྟེང་རླུང་སྲོག་དང་། འོག་རླུང་རྩོལ་བ་དེ་གཉིས་སྦྱར་ནས་དབུ་མར་གཞུག་གོ །ལྟེ་བའི་ཨ་ལས་མེ་སྦར་ཏེ། །འཁོར་ལོ་བཞི་སྲེག་རྩ་ཁ་འབྱེད། །རླུང་དེས་ལྟེ་འོག་གི་ཨ་ཤད་བསྐུལ་བས་མེ་ལྕེ་མདངས་དམར་བ། རེག་བྱ་ཚ་བ། བསྐྱོད་པ་མྱུར་བ། རྩེ་མོ་རྣོ་བས་རྩ་ཁ་ཕྱེ་ནས་ནང་དུ་ཞུགས་ཏེ་བཀང་ནས་རྩ་དེ་དག་མེ་དང་ཚོགས་པ་གཅིག་ཏུ་གྱུར་པ་ན་སྲེག་པ་སྟེ། བུད་ཤིང་བསྲེགས་པ་སོལ་བར་སོང་བ་ལྟ་བུ་མ་ཡིན་གྱི། མགར་གྱི་སོལ་མལ་དུ་ལྕགས་བསྲེགས་པ་ལྟ་བུའོ། །གཉིས་པ་འཇོག་པའི་རྣལ་འབྱོར་ནི། མེ་ལྕེ་ཧཾ་ལ་རེག་པ་ཡིས། །ནམ་མཁའི་བ་ནི་རིམ་བཞིན་འཇོ། །བདེ་ཆེན་གྱི་འཁོར་ལོའི་དབུས་སུ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཀྱི་བདག་ཉིད་དབུ་མའི་རྩ་གཟུགས་ཧཾ་ཐིག་ལེ་ནཱ་དས་བརྒྱན་པ་ལྟ་བུ་སོར་གཅིག་པ་མགོ་བོ་འཐུར་བསྟན་གྱི་ནང་བྱང་སེམས་དཀར་པོས་གང་བ། ཁ་བ་ལྟ་བུར་བསིལ་བའི་འོད་ཅན་གྱི་བདུད་རྩི་འཛག་ལ་ཁད་པ། དེ་ལ་མེ་ལྕེ་རེག་པས་སྤྱི་བོའི་ནམ་མཁའི་ལུས་ཅན་རྣམས་སྙིང་དགའ་བའི་འདོད་པ་འཇོ་བར་བྱེད་པའི་བ་ཧཾ་ཡིག་བཞོ་བར་བྱའོ། །བྱང་ཆུབ་སེམས་ཀྱིས་རྩ་རྣམས་འགེངས། །དེ་ལྟར་བཞོས་པས་ཡུངས་འབྲུ་ཙམ་དུ་ཕྲ་བའི་བདུད་རྩིའི་ཐིགས་པ་ཆིལ་གྱིས་བབས་ཏེ་མེ་ལྕེས་བསྲོས་པའི་རྩའི་ནང་ཐམས་ཅད་བཀང་བས་ཀུན་དའི་མེ་ཏོག་ལྟ་བུར་བྱས་པར་བསམ་མོ། །གསུམ་པ་སྙོམས་པར་འཇུག་པའི་རྣལ་འབྱོར་ནི། ཨ་ལ་བབས་ཤིང་ཐིགས་མ་ཆད། །བདེ་སྟོང་དབྱེར་མེད་དོན་ལ་གཟུང་། །དེ་ལྟ་བུའི་ཐིགས་པས་ཨ་ཤད་ལ་རེག་པས། དེ་གསོས་ཏེ་སླར་འབར་བས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱི་བོ་ནས་བརྩམས་ཏེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་དྲི་མ་མེད་པའི་ཆུ་རྒྱུན་ལྟ་བུས་ཨཱ་ལི་ཀཱ་ལི་བཞུ་བར་གྱུར་བས། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། ཆགས་པ་བར་མའི་རིམ་གྱིས་འབབ་བོ། །དེ་ལ་དམིགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་འཁྱུད་པའི་སོ་སོ་རང་གིས་རིག་པའི་བདེ་བ་བསྒྲུབ་པར་བྱའོ། །དེ་ནི་རྫས་ཀྱི་ཐིག་ལེ་ལ་དམིགས་པའི་ཕྱིར་མཚན་མ་རྫས་ཀྱི་ཙཎྜྻཱ་ལི་ཞེས་སམ། ལུས་རླུང་དམིགས་པ་སོགས་ལས་སྣ་ཚོགས་སྦར་བར་བྱེད་པས་ལས་ཀྱི་གཏུམ་མོ། །མཚན་མ་དང་བཅས་པས་ཕྱག་མཚན་བསྒོམ་པའི་ཙཎྜྻཱ་ལི་ཞེས་ཀྱང་བྱའོ། །འབྱུང་བ་རོ་སྙོམས་མ་ཤེས་ན། །བསྒོམས་ཀྱང་རྟོགས་པ་མི་འབྱུང་ངོ་། །དེའི་ཚེ་བྱིང་རྒོད་ཀྱི་སྐྱོན་ཤེས་པ་འདར་ན་རྣམ་པར་ཤེས་པ་རླུང་ལ་བསྐྱོན་ལ་སྣང་བའི་ལྷན་ཅིག་སྐྱེས་པ་རླུང་གིས་རོ་མཉམ། ཤེས་པ་དུས་ཐམས་ཅད་དུ་འཆར་ན་སྟོང་པའི་ལྷན་ཅིག་སྐྱེས་པ་ཆུས་རོ་མཉམ། ཤེས་པ་ཐོགས་རྡུགས་ཆེ་ན་ཚུར་ལ། བལྟས་ལ་དབང་གསུམ་པའི་ཉམས་དྲན་པར་བྱ་བ་ལ་མི་རྟོག་པར་གནས་ན་ནམ་མཁར་རོ་མཉམ་མོ། །གཉིས་པ་བྱེ་བྲག་གི་གཏུམ་མོ་ནི། བཅོས་ཐབས་བགྲང་གིས་མི་ལང་ཡང་། །སྟོང་པའི་གོ་ཆ་གཙིགས་སུ་ཆེ། །འདིས་བོགས་འདོན་དང་བསམ་གྱིས་མི་ཁྱབ་པའི་སྐོར་གཉིས་བསྟན་ཏེ། བོགས་འདོན་ལ་དྲོད་ལ་བོགས་འདོན་པ་ནི་ཤིང་ལ་གནས་པའི་མེ་བསྲུབས་ཏེ་འབྱིན་པ་དང་འདྲ་བས་ན་གཙུབ་ཤིང་མའོ། །བདེ་བའི་བོགས་འདོན་ནི། ཐིག་ལེ་དཀར་དམར་སྙོམས་པར་འཇུག་པའི་བདེ་བ་ལ་སློབ་པ་སྟེ། འབར་བས་ཀྱང་ཡིན་ལ་འཛག་པས་ཀྱང་ཡིན་པས་འབར་འཛག་གོ །གསལ་བའི་བོགས་འདོན་ནི། རང་རིག་ཙམ་གྱི་སེམས་ནམ་མཁའ་ལྟ་བུ་དེའི་སྟེང་དུ་རྣམས་པ་ཐམས་ཅད་པའི་གཟུགས་བསྒྲུབས་པས་ཐ་མལ་པའི་སྣང་བ་འགགས་ནས་འོད་གསལ་གྱི་སྣང་བར་འགྱུར་བའི་ཕྱིར་སྣང་བ་ལམ་ཁྱེར་རོ། །མི་རྟོག་པའི་བོགས་འདོན་ནི། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་རྩེ་གཅིག་པའི་ངང་དུ་གནས་ནས། རྣམ་པར་རྟོག་པའམ་ཉོན་མོངས་པ་མ་སྤངས་པར་ངོ་ཤེས་པ་ཙམ་གྱིས་དེའི་སྟེང་དུ་གློད་པས་མཚོ་ལ་ཁ་བ་བབས་པ་ཞུ་བ་ལྟར་ཐ་མལ་གྱི་སྣང་བ་དེ་ལས་ལོག་ནས། རྣམ་པ་མེད་པ་མངོན་པར་བྱང་ཆུབ་པའི་རང་བཞིན་དུ་འཆར་བས་ཕྱག་རྒྱ་ཆེན་པོ་ལམ་ཁྱེར་ཞེས་བྱའོ། །བསམ་གྱིས་མི་ཁྱབ་པ་ལ་བཞི་ལས། གསལ་བ་བསམ་གྱིས་མི་ཁྱབ་པ་ནི། ནང་སྟོང་པའི་གཟུགས་ལ་གོམས་ནས་དེ་ཕྱི་རོལ་གྱི་ཡུལ་ཐོག་ཏུ་བབ་པས་ཐམས་ཅད་ངོ་བོ་ཉིད་མེད་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དུ་འཆར་བའོ། །བདེ་བ་བསམ་གྱིས་མི་ཁྱབ་པ་ནི། རླུང་དང་ཙཎྜྻཱ་ལིའི་དྲོད་ཀྱིས་བདེ་བ་ཟུག་རྔུ་དང་བཅས་པ་ལྟེ་བར་སྐྱེ། དེ་འཁོར་ལོ་གཞན་དུ་དྲངས་ཤིང་ལུས་ཐམས་ཅད་དང་སྣང་བའི་སྟེང་དུ་འཁྱེར་བས། ཐམས་ཅད་བདེ་བ་ཆེན་པོར་འབར་བའོ། མི་རྟོག་པ་བསམ་གྱིས་མི་ཁྱབ་པ་ནི། ཀུན་གཞི་དྲན་པའི་ས་བོན་ལ་བསྡུས་ནས་མི་རྟོག་པར་འཇོག་པ་ཙམ་མ་ཡིན་པར་ཚོགས་དྲུག་འཛིན་མེད་ལྷུག་པར་འཆར་བའོ། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པར་རྟོགས་པས་རྣམ་པའམ་རྣམ་འགྱུར་ཐམས་ཅད་དེ་དང་ཟུང་འཇུག་ཏུ་འཆར་བ་སྟེ། འདི་ལ་སློབ་དཔོན་ཏོག་རྩེ་པས་གཞུང་དུ་མཛད་ལ། བླ་མ་དག་གིས་བསམ་གྱིས་མི་ཁྱབ་པ་ལྔར་ཕྱེ་ནས་བཀྲལ་བས་རྒྱས་པར་དེར་ཤེས་པར་བྱའོ། །དེས་ན་བོགས་འདོན་བཞི་རྒྱུ་དང་། བསམ་མི་ཁྱབ་བཞི་འབྲས་བུར་ཤེས་པར་བྱའོ། །ལུས་ནི་བསྒྲུབས་པར་གྱུར་པ་ན། །རྟགས་ནི་རྣམ་པ་སྣ་ཚོགས་འབྱུང་། །འདི་གསང་སྒྲུབ་ཀྱི་སྐོར་བཤད་དེ། །རླུང་རྟ་རུ་ཞོན་པནི། རྣམ་ཤེས་བླ་མའི་རྣལ་འབྱོར་གྱི་རླུང་སྦྱོར་གྱི་གནད་ཀྱིས་ལྟེ་བའི་འོག་གི་སྦུབས་སུ་རླུང་བརྟན་པར་བྱས་པས་འགྲུབ་པ་སྟེ། འབུམ་ལྔར། འོག་ཏུ་རྩེ་གསུམ་རྩ་རྣམས་ཀྱི། །གང་གི་སྦུབས་སུ་རབ་ཏུ་བརྟན། །སྐྱེ་བ་བདུན་པ་ཕྱུགས་ཉིད་ནི། །མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར། །ཞེས་གསུངས་ཏེ། དེ་གོམས་པས་ཉིན་ལམ་མང་པོ་ཡུད་ཀྱིས་བགྲོད་པར་ནུས་སོ། །རླུང་ཟས་སུ་ཟ་བ་ནི་ཚུལ་གཉིས་ཏེ། དུས་འཁོར་ལས། སྐྱིལ་ཀྲུང་བཅིང་བར་བྱས་ནས་ཕན་ཚུན་སོ་དག་རེག་པ་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་རོལ་རླུང་དག་བཀུག་སྟེ་དེ་དང་བདུད་རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། །ཀུན་ཏུ་གདུང་བ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡང་དག་འགོག །དཔྲལ་བར་ཐིག་ལེ་དཀར་པོ་དབྱངས་ཀྱིས་ཡོངས་སུ་བསྐོར་བ་བདུད་རྩི་སྤྲོ་བར་བྱེད་པ་ཡིས་ཀྱང་ངོ་། །ཞེས་ཁ་དང་འོག་གི་སྒོ་ནས་འཕོ་བ་རླུང་གིས་འགེངས་པའི་སྦྱོར་བས་ཁ་ཟས་ལ་མ་བསྟོས་པར་ལུས་ཚིམ་པར་བྱེད་པ་དང་། བདུད་རྩི་ལྟར་སྐོམ་དུ་འཐུངས་པས་བརྟས་པར་བྱེད་པའོ། །རླུང་གོས་སུ་བགོ་བ་ལ། ལུས་ཀྱིས་གནད་ཀྱི་དང་། དམིགས་པའི་གནད་ཀྱིས་བགོ་བ་གཉིས་ལས། ཕྱི་མ་ལ་མཁའ་འགྲོ་མ་འཁོར་ལོ་རྩེ་ལ་སོགས་པ་ལྔ་གསུངས་ཏེ། དེ་ལ་གསལ་སྣང་ཕྱིན་ན་དགུན་གངས་ཀྱི་ཁྲོད་དུའང་བལ་རས་རེས་དྲོས་པར་ནུས་སོ། །རླུང་སྨན་དུ་བཏང་བ་ནི་གེགས་སེལ་བ་སྟེ། ཐུར་སེལ་བསྐུམ་ན་འདོད་པར་འགྱུར་ཏེ་ལུས་མཆོག་དག་ལ་རླུང་གི་ནད་ནི་མ་ལུས་དག་ལའོ། །སྲོག་རྩོལ་དག་ནི་བད་ཀན་ལ་འགྱུར་སླར་ཡང་དེ་དག་གཏོང་བ་མཁྲིས་པ་དག་གི་སྐྱོན་ལའོ། །སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པས་དང་རིགས་ལའོ། །ལྟེ་བའི་འོག་ཏུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་བའི་རྩ་བར་གཞན་པ་དག་ཀྱང་ངོ་། །བསྐུམ་ཏེ་ཐུར་སེལ་རླུང་ནི་རྣམ་པ་གསུམ་གྱི་ལམ་དུ་བགྲོད་པ་དག་དང་སྲོག་ཉིད་སྟེང་ནས་ཀྱང་། །ཇི་སྲིད་ཡང་དག་ཕྲད་དེ་མེ་ནི་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་ཁྱབ་པར་རབ་གྱུར་པ། དམུ་ཆུ་སྐྲན་དང་གཞང་འབྲུམ་ནད་རྣམས་དག་ཀྱང་ལྟོ་བར་སོན་པ་ཞ་བའི་སྦྱོར་བས་འཇོམས་པ་སྟེ། །དབུགས་ལུད་དང་ནི་གློ་དང་རྣམ་པ་གསུམ་གྱི་དུག་དང་མིག་གི་གནད་ལ་སོགས་པ་དག་ཀྱང་ངོ་། །ཞེས་གསུངས་པ་བཞིན་ནམ། རྒྱས་པར་རྩ་བ་རྡོ་རྗེའི་ཚིག་རྐང་རྣམ་པ་ལྔའི་སྒོ་ནས་བསྒོམ་སྐྱོན་ཕྱོགས་མེད་དུ་བསལ་ཞིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རོ་མཉམ་པ་དང་། དམིགས་བསལ་འཁོར་བུར་ན་བ་ལ་ལུས་ངག་ཡིད་གསུམ་ཀྱི་འཁྲུལ་འཁོར་བསམ་གྱིས་མི་ཁྱབ་པའི་སྒོ་ནས་སྐྱོན་ཕྱོགས་མེད་དུ་བསལ་ཞིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རོ་མཉམ་སྟེ། གེགས་སེལ་ཡིད་བཞིན་གྱིས་ནོར་བུ་འམ་རླུང་གི་དེ་ཉིད་བདུན་ཅུ་ཞེས་སྐྱེས་མཆོག་མར་པས་མཛད་པ་ལས་ཤེས་པར་བྱའོ། །གཉིས་པ་རྒྱུད་སོ་སོ་ལས་བཤད་པ་མདོར་བསྟན་པས་གསུངས་པ་ལ། དགྱེས་པའི་རྡོ་རྗེ་ལས་བཤད་པ། ཀུན་ཏུ་ཁ་སྦྱོར་ལས་བཤད་པ། གདན་བཞི་ལས་བཤད་པ། འཁོར་ལོ་སྡོམ་པ་ལས་བཤད་པ། ཤུགས་ལས་རྡོ་རྗེ་སྙིང་པོ་རྒྱན་གྱིས་རྒྱུད་ལས་བཤད་པ་བསྟན་པ་ལྔ་ལས། དང་པོ་ལ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་མོ། དམ་ཚིག་གི་ཕྱག་བརྒྱ་བཞི་ལས། དང་པོ་ནི། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་གཉིས་པ་ཡབ་ཡུམ་སྟོང་རར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་སྣ་ཚོགས་པ་འདབ་མ་དྲུག་ཅུ་རྩ་བཞི། དེའི་ལྟེ་བར་ཨཾ་ནག་པོ་འོད་སེར་པོ་ཅན་ཁ་ཡར་ལྟ་བ། སྙིང་ག་ཆོས་ཀྱི་འཁོར་ལོ་དཀར་པོ་འདབ་མ་བརྒྱད་པ་དབུས་སུ་ཧཱུཾ་ཡིག་སྔོན་པོ་མགོ་ཐུར་བསྟན། འདབ་མའི་ཕྱོགས་བཞིར་བྷྲུཾ་ཨཾ་ཛྭཾ་ཁཾ། ཨེ་ཝཾ་མཱ་ཡ་མཚམས་བཞིར་འགོད་དོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་འདབ་མ་བཅུ་དྲུག་ཨོཾ་ཡིག་དམར་པོ་ཨོཾ་ལཾ་བཞིས་བསྐོར་བ་གྱེན་བསྟན། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་དཀར་པོ་འདབ་མ་སོ་གཉིས་ཧཾ་ཡིག་དཀར་པོ་ཐིག་ལེ་ནཱ་དས་བརྒྱན་པ་ཐུར་བསྟན་གྱི་འཁོར་ལོ་ཡང་དག་པར་བསྒོམས་ནས། །རླུང་སྦྱོར་བ་བཞིས་འོད་ཟེར་གྱི་ཚོགས་ནམ་མཁའ་ཁྱབ་པར་སྤྲོ་བ་དང་བསྡུ་བའང་དེ་ཉིད་ཀྱི་ནང་དུ་ཐིམ་པར་བསམས་ཏེ་རྗེས་སུ་ཆགས་པར་བྱའོ། །གཉིས་པ་ཆོས་ཀྱི་ཕྱག་རྒྱ་ནི། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །དེ་ནས་ཟླ་བ་དང་ལྡན་པ་ཨཾ་ཡིག་གི་ས་བོན་དང་བཅས་པར་བདག་མེད་མ་ཞུ། དེ་བཅོམ་ལྡན་འདས་ཀྱི་སྙིང་གའི་ས་བོན་ལ་ཐིམ་སྟེ། སླར་ཕྱེ་ནས་སྤྲུལ་པའི་ས་བོན་ལ་ཐིམ་ཞིང་། དེ་ལས་མར་མེ་དང་འདྲ་བའི་གཏུམ་མོ་སྦར་བས། ཆོས་ཀྱི་འཁོར་ལོ་ལ་གནས་པའི་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། སྤྱན་ལ་སོགས་པའང་བསྲེགས་ནས། ཨཱ་ལི་ཀཱ་ལི་ལྡན་པའི་ལོངས་སྤྱོད་ཀྱི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོའི་དབུས་ན་གནས་པའི་ཡེ་ཤེས་ཀྱི་གཟུགས་ཀྱི་ཧཾ་བསྲེགས་ཏེ་མི་ཤིགས་པའི་བདེ་བ་ཆེན་པོའི་གཟུགས་བྱང་ཆུབ་ཀྱི་སེམས་གཟུང་ནས་བཅོམ་ལྡན་འདས་དེ་དང་ལྷན་ཅིག་རོ་གཅིག་པར་གྱུར་ནས། ཡང་སླར་ལོག་སྟེ་ཉི་མ་དང་ཐོད་བ་གཟུང་ནས་སྙིང་གའི་ས་བོན་ལ་ཐིམ་པར་བསམ་མོ། །གསུམ་པ་ཕྱག་རྒྱ་ཆེན་མོ་ནི། དེ་ནས་ལུས་ལྷར་གསལ་བ་དེ་ཉིད་ཡས་མས་ཞུ་སྙིང་གའི་ས་བོན་ཉིད་དང་གཅིག་པུ་སྟེ་རིགས་ལྔའི་བདག་ཉིད་དུ་འོད་གསལ་བར་གནས་སོ། །ལུང་ལས། རྡོ་རྗེ་སེམས་དཔའ་ཐིག་ལེ་སྟེ། །མི་བསྐྱོད་པ་ཡང་དེ་ཉིད་ཡིན། །ཟླ་ཚེས་རྣམ་པར་སྣང་མཛད་དེ། །ར་ནི་རིན་ཆེན་འབྱུང་ལྡན་ནོ། །ཧེ་ནི་སྣང་བ་མཐའ་ཡས་ཡིན། །ཨུ་ནི་དོན་ཡོད་གྲུབ་པ་སྟེ། །སངས་རྒྱས་ལྔ་རུ་དེ་ཤེས་ནས། །ཞེས་སོ། དེའི་ནཱ་ད་ལས་མར་མེ་ལྟ་བུའི་འོད་འཕྲོས་ཏེ་ཨུ་ཕྲག་དོག་གི་རང་བཞིན་གྱི་གཟུགས་ཧ་ལ་ཐིམ། ཧ་འདོད་ཆགས་ཀྱི་རང་བཞིན་སེར་སྣའི་གཟུགས་ཟླ་ཚེས་ལ་ཐིམ། དེ་གཏི་མུག་གི་གཟུགས་ཐིག་ལེ་ལ། ཐིག་ལེ་ཕྱེད་ཞེ་སྡང་གི་ཐིག་ལེ་ལ་ཐིམ། དེ་ཆོས་ཀྱི་དབྱིངས་ཀྱི་གཟུགས་ཙམ་ལ་ཐིམ་མོ། །དེ་ལྟར་ཆོས་ཐམས་ཅད་གཉིས་སུ་མེད་པ་རྟག་པ་དང་། ཆད་པ་དང་། དབུས་མེད་པ་ཀུན་ལ་མི་གནས་པའི་བདེ་བ་ཆེན་པོ་སྟེ་ནཱ་ད་ཙམ་གནས་སོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་ལྔ་པ་ལས་ཆོས་རྣམས་སྐྱེ་མེད་གནས་མེད་པ། །ཚིག་ཏུ་བརྗོད་མེད་ཡིད་ཀྱི་ཡུལ་མེད་ལས། །འདི་ལྟར་སྐྱེས་པའི་ཆོས་རྣམས་རབ་ཏུ་གསུངས། །དེ་ལྟར་ཆོས་ནི་སྐྱེ་བ་མེད་པའོ། །ཞེས་སོ། །བཞི་པ་དམ་ཚིག་གི་ཕྱག་རྒྱ་ནི། དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སྣ་ཚོགས་པའི་སེམས་ཅན་གྱི་སེམས་ཇི་ལྟ་བ་འདུལ་བའི་དབང་གིས་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་སྤྲོས་ཏེ་སེམས་ཅན་མ་ལུས་པའི་དོན་བྱེད་དོ། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །འདི་ལས་དཀྱིལ་འཁོར་འབྱུང་བ་སྟེ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་བཞིན། །དེ་ལྟར་དཀྱིལ་འཁོར་ས་ལེ་བར། །གོམས་པར་གྱུར་ན་དེ་ལྟར་མཐོང་། །ཞེས་སོ། །དེ་ལྟར་ཁམས་གསུམ་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་ཉིད་དེ་ཆུ་ཟླ་དང་འདྲ་བར་རྟེན་འབྲེལ་ལས་སྐྱེ་བར་ཤེས་ནས་དབང་པོའི་སྒོ་མི་འགོག་ཅིང་། གང་ལའང་མི་བརྟེན་པ་ཐེ་ཚོམ་དང་བྲལ་བའི་རྣལ་འབྱོར་པས་ལྷའི་ང་རྒྱལ་ཇི་ལྟ་བར་བདེ་བར་སྤྱོད་པར་བྱེད་དོ། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དེ་གསུངས་པ། འདི་ནི་ཁམས་གསུམ་མིན་ཏེ་གཞལ་ཡས་ཁང་པ་ཡིན། །སྲོག་ཆགས་མིན་ཏེ་རྒྱལ་བའི་འཁོར་ལོའི་གཙོ་བོ་ཡིན། །ཡུལ་མིན་དབང་པོ་མིན་ཏེ་འབྱུང་བ་ལ་སོགས་མིན། །གཟུགས་ལ་སོགས་པ་མ་ཡིན་ཆོས་ཉིད་བདག་ཉིད་དོ། །དེས་ན་དཀྱིལ་འཁོར་པའང་འདིའོ་སྣ་ཚོགས་དཀྱིལ་འཁོར་འཁོར་ལོར་ཤེས་ཏེ་ཅི་སྟེ་འཁྲུལ་པར་བྱས་པས་ཡིན། །ཞེས་སོ། །དེ་ལྟར་བསྒོམས་པའི་དངོས་གྲུབ་ཀྱི་མཚན་མ་ནི་དང་པོ་སྤྲིན་གྱིས་བསྒྲིབས་པའི་ཉའི་ཟླ་བ་དང་འདྲ་བར་སྣང་ངོ་། །དེ་བས་ཀྱང་ཆེར་གོམས་པ་ལས་ནི་སྒྱུ་མ་དང་འདྲ་བར་སྣང་ངོ་། །དེ་བས་ཀྱང་ཆེར་གོམས་པ་ལས་ནི་རྨི་ལམ་དང་འདྲ་བར་སྣང་ངོ་། །ཤིན་ཏུ་གོམས་པས་རྣམ་པར་སྨིན་ནས་གཉིད་མ་ལོག་པ་དང་འདྲ་བར་སྣང་ངོ་། །དེ་ནི་འབུམ་ལྔར། རྐྱང་མ་དང་ནི་རོ་མ་ཡང་། །དེ་དག་སྦྱར་བའི་སྦྱོར་བ་ཡིས། །གཏུམ་མོ་ངེས་པར་འབར་བར་བྱེད། །ཅེས་སོགས་ཀྱིས་གསུངས་སོ། །ཡེ་ཤེས་ལེའུར། དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་སྐྱེད་པར་བྱེད་མ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་ཀྱིས་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། །འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། །ཞེས་དང་། སྡོམ་འབྱུང་ལས། དངོས་པོའི་ཚོགས་ནི་རྣམ་པར་བཅད་པས་བསྐུལ་ཞིང་ཤེས་རབ་མ་ཡིས་བསྐྱོད་པ་ལས། གཏུམ་མོ་འབར་ཞིང་རབ་ཏུ་གསལ་བ་འཕྲོ་བ་ཡང་དག་རིག་ཅིང་དྲི་མེད་ཉིད། །ཕུང་པོ་རྣམ་པར་རྟོག་པ་བསྲེགས་ཤིང་དམིགས་པ་མེད་པའི་ཡང་དག་རིག་པ་འཛག །ནམ་མཁའ་ཁྱབ་པའི་དངོས་པོ་མཐའ་དག་མཉམ་ཉིད་བདུད་རྩིའི་གོ་འཕང་ཡང་དག་ལྡན། །ཞེས་སོ། །གཉིས་པ་ཀུན་ཏུ་ཁ་སྦྱོར་ལས་བཤད་པ་ལ། འཁོར་ལོ་བཞི་ལ་བརྟེན་པ། གཉིས་ལ་བརྟེན་པ། རིམ་པ་བཞིས་དཔྱིད་ཀྱི་ཐིག་ལེ་ཞིབ་མོར་བཤད་པ་དང་གསུམ་ལས། དང་པོ་ནི། ཨེ་ཝཾ་བཞི་ཡི་བསམ་གཏན་བྱ། །ཨེ་ནི་སའི་ཁམས་རྣམ་པར་དག་པ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་སྙིང་རྗེ་ཆེན་པོ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལས་ཀྱི་ཕྱག་རྒྱ་ལྟེ་བ་སྤྲུལ་པའི་འཁོར་ལོར་ལྷ་མོ་སངས་རྒྱས་སྤྱན་མ་སྟེ། ཤེས་བྱ་མ་ལུས་པ་མངོན་སུམ་དུ་གཟིགས་པ་ནི་སངས་རྒྱས་ཀྱི་སྤྱན་ཡིན་ལ། དེ་དང་ལྡན་པས་སངས་རྒྱས་སྤྱན་མའོ། །ཝཾ་ནི་ཆུའི་ཁམས་རྣམས་པར་དག་པ་མཚན་མ་མེད་པའི་རྣམ་པར་ཐར་པ་དང་། བྱམས་པ་ཆེན་པོ་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཆོས་ཀྱི་ཕྱག་རྒྱ་སྙིང་ག་ཆོས་ཀྱི་འཁོར་ལོར་ལྷ་མོ་མཱ་མ་ཀཱི་སྟེ། མའི་སྒྲ་ལས་དྲངས་ནས་མཱ་ཏི་ཞེས་པ་སྐྱེད་བྱེད་ཀྱི་མ་ཡིན་ལ། དེས་ན་ཆུས་འབྲུ་ལ་སོགས་པ་སྐྱེད་པར་བྱེད་པ་བཞིན་དུ་འདིས་སྒྲིབ་པ་མེད་པའི་སངས་རྒྱས་རྣམས་སྐྱེད་པར་བྱེད་པས་མཱ་མ་ཀཱི་ཞེས་བྱའོ། །མཱ་ནི་མེའི་ཁམས་རྣམ་པར་དག་པ་སྨོན་པ་མེད་པའི་རྣམ་པར་ཐར་པ་དང་། དགའ་བ་ཆེན་པོ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཕྱག་རྒྱ་ཆེན་པོ་མགྲིན་པའི་འཁོར་ལོ་ལྷ་མོ་གོས་དཀར་མོ་སྟེ། འདི་ལ་ན་བཟའ་དཀར་མོ་ཡོད་པས་གོས་དཀར་མོ་ཞེས་ཡེ་ཤེས་སྙིང་པོས་གསུངས་སོ། །ཡ་ནི་རླུང་གི་ཁམས་རྣམ་པར་དག་པ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་དང་། །བཏང་སྙོམས་ཆེན་པོ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དམ་ཚིག་གི་ཕྱག་རྒྱ་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོར་ལྷ་མོ་དམ་ཚིག་སྒྲོལ་མ་སྟེ། འཁོར་བ་ལས་སྒྲོལ་བར་བྱེད་པས་ན་སྒྲོལ་མའོ། །དེ་ལྟར་ཡང་ཀུན་ཏུ་ཁ་སྦྱོར་ལས། ཨེ་ནི་ས་རུ་ཤེས་བྱ་སྟེ། །ལས་ཀྱི་ཕྱག་རྒྱ་དང་ནི་སྤྱན། །སྙིང་རྗེ་ཆེ་དང་ཐབས་ཆེན་པོ། །སྣ་ཚོགས་ཡུལ་ཏེ་སྣ་ཚོགས་གཟུགས། །ལྟེ་བའི་སྣ་ཚོགས་པདྨ་ལ། །སྤྲུལ་པའི་འཁོར་ལོར་གནས་པའོ། །ཝཾ་ནི་ཆུ་རུ་ཤེས་བྱ་སྟེ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་སྨོན་ལམ་རང་བཞིན་ཏེ། །ལྷ་མོ་རྡོ་རྗེ་རིགས་ཀྱི་གཙོ། །སྙིང་གའི་པདྨ་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོ་གནས་པའོ། །མཱ་ནི་མོ་རུ་བསྟན་པ་ཏེ། །ཕྱག་རྒྱ་ཆེ་དང་གོས་དཀར་མོ། །ལྷ་མོ་པདྨའི་རིགས་ཀྱི་བདག །དགའ་དང་སྟོབས་ཀྱི་སྦྱོར་བ་ཡིས། །མགྲིན་པའི་པད་འདབ་བཅུ་དྲུག་པ། །ལོངས་སྤྱོད་འཁོར་ལོར་གནས་པའོ། །ཡ་ནི་རླུང་གི་གཟུགས་ཅན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་པ། །དམ་ཚིག་ཕྱག་རྒྱ་ཆེན་པོ་དང་། །ལྷ་མོ་ལས་ཀྱི་རིགས་ཀྱི་གཙོ། །འཁོར་བ་ལས་སྒྲོལ་སྒྲོལ་མ་ཡིན། །བཏང་སྙོམས་ཡེ་ཤེས་སྦྱོར་བ་ཡི། །པད་འདབ་སུམ་ཅུ་རྩ་གཉིས་པ། །བདེ་ཆེན་འཁོར་ལོར་གནས་པས་སོ། །ཞེས་གསུངས་སོ། །འདི་ལ་ཁ་ཅིག་ཡི་གེ་དང་། །ཁ་ཅིག་དེ་བསྒྱུར་བའི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་སྒོམ་མོ། །ཇོ་བོ་ནཱ་རོ་པ། ཀུན་ཏུ་ཁ་སྦྱོར་ལས། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡི་རྣམ་པར་ཡང་དག་གནས། །སྙིང་ག་མགྲིན་པར་གནས་པའི་རྩ། །ཝཾ་གི་ཡི་གེ་འདྲ་བར་འདོད། །ཅེས་ཨེ་ཝཾ་གི་རང་བཞིན་ཅན་གྱི་འཁོར་ལོ་བཞི་པོ་དེའི་བྷ་གའི་ནང་ཤྲཱི་ཨ་བ་དྷུ་ཏཱིའི་དབྱིངས་སུ་ཆུད་པའི་མི་ཤིགས་པའི་ཐིག་ལེ་ཕྲ་མོ་དེའི་དཀྱིལ་དུ་རི་མོ་ནག་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་བལྟས་ཏེ་གཙུག་ཏོར་ཆེན་པོའི་ལྟ་སྟངས་ཅན་གྱི་བསམ་གཏན་དུ་བྱ་བ་ཞེས་པ་དེ་ཉིད་དུ་བུམ་པ་ཅན་བཅིངས་ནས། དེའི་དབུས་སུ་ཁམས་གསུམ་པའི་སྟོང་པའི་གཟུགས་ཀྱི་གཏུམ་མོ་བསྒྲུབས་པས། ཨེས་ཕུང་པོ་ཁམས་སུམ་ཅུ་རྩ་དྲུག་རང་བཞིན་གྱིས་འོད་གསལ་ཞིང་གཞོམ་དུ་མེད་པའི་རྣམ་པ་རྡོ་རྗེ་འཛིན་པར་འགྱུར་ཏེ། འགྲེལ་པ་གྲུ་གཟིངས་ལས་ཀྱང་། ཨེ་ཞེས་བྱ་བ་འོད་གསལ་བ། །དེ་ཡི་རྣམ་པ་རྡོ་རྗེ་འཛིན། །དཀྱིལ་འཁོར་དཀྱིལ་འཁོར་པ་རྣམས་ཀྱི། །དགའ་བའི་མཐར་ཐུག་ལས་སྐྱེས་བདེ། །ཞེས་དང་། ཝཾ་གིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཆེན་པོར་རོ་གཅིག་ཏུ་འདྲེས་པར་གྱུར་པའི་མི་འགྱུར་བའི་བདེ་བ་སྟེ། དེ་ལས། ཝཾ་ཞེས་བྱ་ལས་ཡེ་ཤེས་འབབ། །ཇི་ལྟར་ནམ་མཁའ་མི་བསྐྱོད་བཞིན། །དོན་དམ་དང་ནི་ཀུན་རྫོབ་གཟུགས། །རྣམ་དག་ཡེ་ཤེས་དེའི་རང་བཞིན། །ཞེས་སོ། །མས་ནི་རྩ་རླུང་ཐིག་ལེ་གསུམ་དབུ་མར་ཐིམ་པས་བདག་མེད་པའི་བདེ་བ་ཐོབ་པ་རྗེས་སུ་ཆགས་པ་ཆེན་པོའི་ཤེས་རབ་སྟེ། རྣལ་འབྱོར་པ་ནི་དབུ་མར་འཇུག །བདག་མེད་བདེ་བ་ཐོབ་པར་འགྱུར། །མཱ་ཡིག་ཕག་མོའི་ཡིད་ཀྱིས་ནི། །སེམས་དང་སེམས་བྱུང་རྗེས་ཆགས་པའོ། །ཞེས་སོ། །ཡ་ནི་གང་དུའང་ཁམས་སྒྲིབ་བྲལ་དུ་གྱུར་པའི་ཡེ་ཤེས་བདེ་བ་ཆེན་པོ་ཤེས་རབ་སྟོང་པ་ཉིད་ཀྱི་ནང་དུ་ཞུགས་ཤིང་དབྱེར་མེད་པ་སྟེ། ཁམས་ནི་དཔའ་བོ་ཡང་དག་འབྱུང་། །ཡ་ནི་གང་དུ་ལས་ཅན་རྣམས། །དེར་ནི་ཐམས་ཅད་རིགས་ཡེ་ཤེས། །རང་གི་རིག་པའི་ནང་ཞུགས་པ། །ཞེས་སོ། །ཚུལ་འདི་མངོན་བརྗོད་བླ་མར། ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །དེར་ནི་རེ་ཁཱ་ངེས་པར་སྦྱར། །སྟེང་དུ་འབར་བའི་ཚུལ་གྱིས་ནི། །འོག་ཏུ་འབར་བར་བྱེད་པ་ཡིན། །འཆི་མེད་ཐིག་ལེའི་ངོ་བོ་ནི། །ས་བོན་ཚུལ་དུ་འབབ་པར་འགྱུར། །ཞེས་སོ། །ཚུལ་དེས་རང་བྱིན་གྱིས་བརླབས་པ་ན་གང་ལ་གང་མོས་སུ་སྣང་ལ། དེར་ཞི་སོགས་ཀྱི་ལས་ཐམས་ཅད་མོད་ལ་འགྲུབ་སྟེ། འབུམ་ལྔར། དག་པའི་ས་ཡིས་རེངས་པ་ཡིན། །དག་པའི་ཆུ་ཡིས་ཞི་བའོ། །དག་པའི་མེ་ཡིས་དབང་དུ་བྱ། །དག་པའི་རླུང་གིས་རྣམ་སྡང་བྱེད། །ཅེས་དང་། བཟླས་པ་མ་ཡིན་བགྲང་འཕྲེང་མིན། །སྦྱིན་སྲེག་སྔགས་དང་མཆོད་པས་མིན། །ལས་རྣམས་ཐམས་ཅད་རྣལ་འབྱོར་པས། །བསམ་གཏན་ཙམ་གྱིས་འགྲུབ་པར་བྱེད། །ཅེས་ཏེ། རྗེ་བཙུན་ཆེན་པོས། ཨེ་ལྟེ་བ། ཝཾ་སྙིང་ག །མཱ་མགྲིན་པ། ཡ་སྤྱི་བོ། ཤྲཱི་ཨ་བ་དྷུ་ཏཱིར་ཞེས་གསུངས་པ་ཡིན་ནོ། །གཉིས་པ་འཁོར་ལོ་གཉིས་ལ་བརྟེན་པ་ནི། ལྟེ་བ་སྤྲུལ་སྐུར་དགའ་བཞི་སྐྱེད། དེས་གྱེན་དུ་འགྲོ་བའི་འཁོར་ལོ་ལྔའི་རླུང་སྐྱེ་བའི་རིམ་པས་གསང་གནས་ཀྱི་ལྟེ་བར་འདུས་ཤིང་། །ཐུར་སེལ་གྱི་རླུང་སྡུད་པའི་རིམ་པས་དེའི་ལྟེ་བར་འདུས་པས་སྲོག་ཐུར་འདྲེས་པ་ན་ཐིག་ལེ་ཙམ་གྱི་དམིགས་པ་ལས་ཀྱང་འདས་པའི་དམིགས་མེད་དུ་གྱུར་པས་ཟླ་བ་དྲུག་ལ་སོགས་པར་རྒྱུན་མི་འཆད་པར་སྲོག་འགོག་པ་ཐོབ་ལ། །སླར་ཡང་སྒྲ་དང་ཐིག་ལེར་ལྡན་པའི་ཧཾ་དང་། སྒྲ་དང་ཡོན་ཏན་ལྡན་པའི་ཨཾ་བསྒོམས་ནས། གཏུམ་མོ་འགྲོ་བ་དང་འོང་བའི་དུས་སུ་བདེ་བ་རོ་གཅིག་པ་ཉིད་ཀྱིས་སྙོམས་པར་འཇུག་པ་བསྒོམས་པས་བདེ་བ་ཆེན་པོ་འབྱུང་ཞིང་བུམ་པ་ཅན་བརྟེན་པས་ཁམས་གཉིས་ཀྱི་མ་དག་པའི་ཆ་ལོག་ནས་ལྟེ་བ་ཡན་ཆད་བྱང་ཆུབ་ཀྱི་སེམས་ཀྱིས་གང་སྟེ་ཨེ་ཝཾ་གཅིག་ཏུ་གྱུར་པའི་དགའ་བ་བཞིའི་ཡེ་ཤེས་འཆར་བར་འགྱུར་ཏེ། དུས་འཁོར་ལས། སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པ་བསྐྱོད་པ་ཉི་མའི་གཟུགས་སུ་འགྱུར་ཞེས་སོ། །སྡོམ་འབྱུང་ལས། སྟེང་དང་འོག་ཏུ་འགྲོ་བའི་རླུང་། །ཡིད་ཀྱི་ཁ་སྦྱོར་དུ་བྱ་སྟེ། །དེ་ཡི་རྣལ་འབྱོར་གོམས་པ་ཡིས། དེ་ནི་བརྟན་པའི་གོ་འཕང་འཐོབ། །ཅེས་དང་། བུམ་པ་ཅན་སྦྱོར་རྒྱལ་བ་ནི། །འཆི་ལས་རིང་འགྱུར་རབ་འཇུག་པ། །ཤེས་ནས་བུམ་པ་བརྟེན་བྱ་སྟེ། །འགོག་པ་ཡིས་ནི་ངེས་གནས་པ། །དེ་ཡི་བསྐལ་པ་སྟོང་ཕྲག་ཏུ། །འཆི་བ་འོང་བར་མི་འགྱུར་རོ། །ཞེས་སོ། །འདི་ནི་ས་མྦུ་ཊ་ལས། ཨེ་ནི་ཤེས་རབ་ཅེས་བརྗོད་དོ། །ཝཾ་ནི་ཐབས་ཀྱི་བདག་ཉིད་དོ། །ཞེས་གསུངས་པའི་འཁོར་ལོ་གཉིས་ཀྱི་གཏུམ་མོ་སྟེ། བྲུལ་ཚོར་གསུངས་པ་ནི་མཻ་ཏྲི་པའི་ལུགས་ཡིན་ནོ། །གསུམ་པ་རིམ་པ་བཞིས་དཔྱིད་ཀྱི་ཐིག་ལེ་ཞིབ་མོར་བཤད་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི་ལས། དང་པོ་ནི། ལྷ་ཡི་རྣལ་འབྱོར་དུས་སུ་ནི། །འཁོར་ལོ་སྡོམ་པའི་ལྷའི་རྣལ་འབྱོར་བསྒོམས་པའི་མཐར། གཞན་རྣམས་ཕག་མོ་ལ་བསྡུས་ཏེ། དེའང་འོད་དམར་པོའི་རང་བཞིན་དུ་ཞུ་བ་སྣ་གཡོན་ནས་ཞུགས་ཏེ་རྐྱང་མ་རྒྱུད། ལྟེ་བའི་ས་བོན་ལ་ཐིམ། དེའི་མདངས་ཀྱི་རྩ་གསུམ་འཁོར་ལོ་བཞི་ཡིག་འབྲུ་དང་བཅས་པ་རྟེན་བརྟེན་པའི་ཚུལ་དུ་གསལ་བར་བསྒོམས་ཏེ། ལྟེ་བའི་པདྨ་དམར་པོའི་དབུས་སུ་ཟླ་བ་ལ་མ་ནིང་གི་ཡི་གེ་བཞི་སྤངས་པའི་དབྱངས་བཅུ་གཉིས་ཀྱི་ཐ་མ་ཟླ་ཚེས་ནཱ་ད་དང་བཅས་པ། ཤར་ལ་སོགས་པའི་འདབ་མར་རྣམ་པར་ཐར་པ་བརྒྱད་དག་པའི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་བརྒྱད་བྲིས་པའི་ངོ་བོ་ཡོངས་སུ་བསྐོར་བ། དབུགས་གྱེན་དུ་འབྱུང་བའི་ངོ་བོ་ཡིན་པས་ཁ་གྱེན་བསྟན། སྡེ་ཚན་ཞེས་པ། ཨ་སྡེ་ཨ་ལི་བཅུ་དྲུག །ཀ་སོགས་ལྔའི་སྡེ་པ་དང་། ཡ་ར་ལ་ཝ་བཞི་ཡའི་སྡེ་དང་། འགའ་ཞིག་ཏུ་ཤ་ཥ་ས་ཧ་བཞི་ཤ་སྡེར་བྱས་ནས་ཀྴ་ནི་ཀ་དང་ཥ་བརྩེགས་པ་ཡིན་པས་ལོགས་སུ་མ་གསུངས་ཞེས་བསྟན་པ་ཡོད་ཀྱང་། འདིར་ནི་ཤ་ཥ་ས་ཧ་ཀྴ་རྣམས་ཤའི་སྡེ་ཚན་ཏེ། དེ་རྣམས་ལ་ཆགས་ཤིང་འབྲེལ་བའི་ཡི་གེ་ལྔ་བཅུ་ལས་ཡི་གེ་གཅིག་གིས་ཀྱང་མངོན་པར་འདོད་པའི་དོན་ཐམས་ཅད་བསྒྲུབ་པར་བྱ་བ་མཉམ་ཞིང་བྱེད་པ་མཚུངས་པས་མི་གསལ་བའི་རྣམ་པར་གནས་ནས། བརྗོད་པའི་དུས་སུ་བྷ་གའི་པདྨར་རླུང་གི་སྐྱེ་གནས་ཅན་རྣམས་མི་གསལ་བའི་རང་བཞིན་དུ་སྐྱེས་ནས་མགྲིན་པ་དང་རྐན་ལ་སོགས་པའི་བྱེད་པ་ལས་གསལ་བར་སྐྱེ་བ་ཡིན་པ་བཞིན་དུ་གསལ་གདབ་བོ། །དེ་ལྟ་བུའི་རླུང་སྔགས་ཀྱི་གཟུགས་ཀྱི་སྒྲུབ་པ་པོ་རྣམས་ཀྱི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཐམས་ཅད་བྱེད་པར་འགྱུར་རོ། །སྙིང་གའི་པདྨ་དཀར་པོ་ཟླ་བ་ལ་སྤྲོས་པ་རྣམས་ཀྱིས་མི་ཤིགས་པའི་ཕྱིར་ཆོས་སྐུ་མཚོན་བྱེད་ཡ་ནས་བགྲངས་པའི་བརྒྱད་པ་ཨཱུ་དང་ཟླ་ཚེས་ཐིག་ལེ་ནཱ་དར་ལྡན་པ། ཕྱོགས་བཞིར་ཨ་ཨི་ཨུ་ཨེ་སྟེ་དབྱངས་ལྔ་དང་། དབང་ལྡན་ནས་བརྩམས་ཏེ་ཡ་ར་ལ་ཝ་བཞི། རླུང་ནང་ནས་འཇུག་པའི་ལམ་ནས་གཏུམ་མོའི་འོད་ཟེར་འོག་ཏུ་ཟློག་པར་བྱེད་པའི་ཕྱིར་འཐུར་བསྟན། མགྲིན་པའི་པདྨ་དམར་པོ་ལྟེ་བ་ལ་ཟླ་བ། དབྱངས་དགུ་པ་མཐའ་ལ་གནས་པ་ཅན་ཨོཾ་ཡིག་མི་འགྱུར་བ་ལ་ཟླ་ཚེས་ཐིག་ལེ་ནཱ་དས་བརྒྱན་པ་ཡིག་འབྲུ་ཐམས་ཅད་ཀྱི་གསལ་བར་བྱེད་པ། ཕྱོགས་སུ་ཨཱ་ཨཱི་ཨཱུ་ཨཻ། མཚམས་སུ་ཡཱ་རཱ་ལཱ་ཝཱའོ། །སྤྱི་བོའི་སྣ་ཚོགས་པདྨ་ཟླ་གདན་ལ། མ་མོ་ཕྱེད་པ་ཐིག་ལེའི་གཟུགས་ཏེ་མ་མོ་ནི་དབྱངས། དེའི་ཕྱེད་པ་ནི་གསལ་བྱེད་དེ། གསལ་བྱེད་ནི་ཕྱི་མོ་ཕྱེད་པ་ཅན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཧ་ཡིག་མི་འགྱུར་བ་གཞོམ་མེད་ནི་མ་མོ་ཕྱེད་པའང་ཡིན་ལ། ཨ་ཡིག་ལ་གནས་པས་ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར་མཆོག་ཀྱང་ཡིན་ཏེ། ཨ་ཡིག་ནི་ཆོས་ཐམས་ཅད་སྐྱེ་མེད་དུ་རྗོད་བྱེད་ཡིན་པས་སོ། །སྤྱི་བོར་ཐིག་ལེའི་གཟུགས་ཀྱི་མཚན་མར་བྱས་པས་ཐིག་ལེའི་གཟུགས་དེ་མན་ངག་ལས་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པའོ། །རེ་རེས་བར་ཆོད་པའི་འདབ་མ་ལ་དབྱངས་བཅུ་དྲུག་ཟླ་ཚེས་ཐིག་ལེར་བཅས་པ་བ་མོ་འཛག་པ་ལྟ་བུ་འཐུར་བསྟན་བལྟས་ཏེ། རླུང་ལྡང་བ་དང་བསྟུན། ལྟེ་བར་ཐུང་ངུ་དབྱངས་གཅིག་བརྗོད་པའི་ཡུན། སྙིང་གར་རིང་པོ་མ་མོ་སྟེ་དབྱངས་གཉིས་ཀྱི་ཡུན། མགྲིན་པར་པླུ་ཏ་ཤིན་ཏུ་རིང་པོ་སུམ་ཡུན། སྤྱི་བོར་འདིའི་སྒྲ་སྟེ་ནཱ་དའི་ངོ་བོ་ཙམ་གཡས་ཀྱི་ཆ་ལ་བརྟེན་ནས་མས་ཡར་གསལ་གདབ། འཇུག་པ་དང་བསྟུན་གཡོན་གྱི་ཆ་ནས་ཡས་མར་ཏེ་གསལ་སྣང་བྱུང་བྱུང་དུ་དེ་ལ་བསླབ་པོ། །གཉིས་པ་སྔགས་ཀྱི་རིམ་པ་ནི། སྐྲ་ཡི་རྩེ་མོའི་ཁྱོན་ཙམ་གྱི། །འོད་ཟེར་གློག་སྟོང་འཁྱུག་པ་བཞིན། །རླུང་སྦྱོར་བ་བཞིའི་གནད་ཀྱིས་ཐབས་དང་ཤེས་རབ་སྦྱར་ནས་བསྐྱོད་པས་ལྟེ་བའི་དཀྱིལ་འཁོར་དུ་གཏུམ་མོའི་རང་བཞིན་དུ་འབར་ཏེ། དེའི་འོད་ཟེར་སྐྲའི་རྩེ་མོའི་ཁྱོན་ཙམ་དུ་ཕྲ་བ་གློག་སྟོང་འཁྱུག་པའི་ཟེར་མ་དང་མཉམ་པས་དམ་ཚིག་དང་། ཆོས་དང་། ལོངས་སྤྱོད་དང་། བདེ་ཆེན་གྱི་ཡིག་འབྲུ་རྣམས་བསྲེགས་ནས། བ་སྤུའི་ཁུང་བུའི་ཕྱོགས་མཚམས་ནས། །བྱུང་སྟེ་ཕྱོགས་བཅུར་གནས་པ་ཡི། །བ་སྤུའི་མཐར་ཐུག་པའི་ལུས་ཐམས་ཅད་གང་བར་བྱས་ནས་སྨིན་མཚམས་ཀྱི་མཛོད་སྤུར་ཞུགས་ཤིང་གནད་ཀྱི་ཁུང་བུ་ཕྱེ་བ་ནས་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སོང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་ཏེ་སྤྱི་བོའི་བུ་ག་ནས་གསེར་གྱི་སྒོར་ཞུགས་ཏེ། སྤྱི་མགྲིན་སྙིང་ལྟེ་བའི་བསྲེགས་པའི་དེ་བཞིན་གཤེགས་པ་རྣམས་དགྱེས་པ་བསྐྱེད་ནས་དེ་ཉིད་དུ་ངལ་གསོ་བར་བསམ་མོ། །གསུམ་པ་ཡེ་ཤེས་ཀྱི་རིམ་པ་ནི། ལྷ་དང་ལྷ་མིན་བསྡིགས་པར་མཛད། །འདིར་ལྷ་ནི་བྱང་ཆུབ་ཀྱི་སེམས་ཏེ། སམྦུ་ཊ་ལས། དངོས་པོ་འདི་དག་ཀུན་རང་བཞིན། །བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །དེ་ཕྱིར་དེ་ཉིད་ལྷ་ཡིན་ཞིང་། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་སོ། །དེའི་མ་དག་པའི་ཆ་ནི་ལྷ་མིན་དུ་བཞག་སྟེ། བསྡིགས་པ་ནི་གཏུམ་མོ་འབར་བས་ཆོས་ཐམས་ཅད་བདག་མེད་པར་བསྲེགས་པས་སམ། དེའི་རང་བཞིན་ཡིན་པས་བདག་མེད་མ་དང་། ཇི་ལྟར་རྒྱ་མཚོ་མ་ལུས་པ་རྟ་གདོང་གི་མེས་འཐུང་བ་བཞིན་ཕུང་སོགས་ཐམས་ཅད་སྟོང་པ་ཉིད་དུ་འཐུང་བས་རྒོད་མ་ཁའི་མེ་གཟུགས་ཞེས་ཀྱང་བྱའོ། །དེ་ལྟ་བུའི་གཏུམ་མོས་བསྡིགས་པའི་ཟླ་བ་ཞུན་མ་དེ་མེ་ལྕེས་སྦྱངས་པའི་རྩའི་ཞིང་རྣམས་གང་བས་ཡན་ལག་ཐམས་ཅད་ཁྱབ་སྟེ་ནང་གི་ཉི་ཟླའི་གཟུགས་ཐབས་ཤེས་ཀྱི་འདུས་པ་འཁོར་བའི་བར་དུ་རོ་མཉམ་པའི་བདེ་ཆེན་ཉམས་སུ་མྱོང་བ་ནི་དཔྱིད་ཀྱི་ཐིག་ལེའོ། །དེ་ཉིད་ཀྱང་སྤྱི་བོ་ནས་བཟུང་མགྲིན་པའི་བར་བདེ་བ་ཆུང་ངུ་དགའ་བ། དེ་ནས་སྙིང་གའི་བར་འབྲིང་པོ་མཆོག་དགའ། དེ་ནས་ལྟེ་བའི་བར་གྱི་ཆེན་པོ་ཁྱད་དགའ། དེ་ནས་གསང་གནས་ནས་ནོར་བུའི་བར་གྱི་ཆེན་པོའི་ཆེན་པོ་ལྷན་ཅིག་སྐྱེས་དགའ་སྟེ་འཇིག་རྟེན་པའོ། །དེ་བཞི་པོ་རེ་རེའང་ཆུང་འབྲིང་ཆེན་པོ་ཆེན་པོའི་ཆེན་པོར་དབྱེ་བས་བཞི་བཞི་བཅུ་དྲུག །ཉི་མའི་སྦྱོར་བ་ལ་བལྟོས་ཏེ། རེ་རེ་ལ་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །འདིའི་མཆོག་ཏུ་དགའ་བ་དང་ཁྱད་དགའ་གཉིས་བླ་མེད་ཀྱི་རྒྱུད་ནས་གསུངས་པའི་ལོངས་སྐུ་དང་སྤྲུལ་སྐུ་ཐབས་དང་ཤེས་རབ་ནས་ཡོན་ཏན་དང་སྐྱོན་གྱི་བར་ཉི་ཤུ་གསང་བའི་དེ་ཉིད་ནས་དང་། ལྷན་ཅིག་སྐྱེས་དགའ་ལ་རྡོར་སེམས་དང་། དཔལ་ཧེ་རུ་ཀ་དང་། མཁའ་འགྲོ་མ་དྲྭ་བ་སྡོམ་པ་ཞེས་དཔྱིད་ཐིག་ཏུ་གསུངས་སོ། །བཞི་པ་གསང་བའི་རིམ་པ་ནི། དེ་ལྟར་བསྒོམ་པས་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབུ་མར་ཐིམ། སེམས་འོད་གསལ་དུ་ཐིམ། སོ་དང་སེན་མོ་ལ་སོགས་པ་བསྐྱེད་པའི་ཁམས་རྣམས་གནས་འགྱུར་ཏེ་འཇའ་ཚོན་ལྟ་བུའི་སྐུ་ཐོབ་ནས་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་གྱུར་པ་ནི་འབྲས་བུའོ། །འདི་ལའང་འཛག་མེད་ཀྱི་ལྷན་སྐྱེས་དེ་ཁོ་ན་འཇིག་རྟེན་ལས་འདས་པའི་དགའ་བ་བཞིའི་ངོ་བོར་བཞག་སྟེ། ནོར་བུ་ནས་ལྟེ་བའི་བར་དུ་འཛག་མེད་ཀྱི་བྱང་སེམས་འཕེལ་བཞིན་པས་སྟེང་དུ་འགྲོ་སྟེ། བདེ་སྟོང་གི་ཡེ་ཤེས་ཕུལ་དུ་བྱུང་བ་འགུགས་པར་བྱེད་པ་དེ་ལ་ཆུང་ངུས་ལྟེ་བར་རྒྱུ་མཐུན་དང་། འབྲིང་པོས་སྙིང་གར་རྣམ་སྨིན་དང་། ཆེན་པོས་མགྲིན་པར་སྐྱེས་བུ་བྱེད་པ་དང་། ཆེན་པོའི་ཆེན་པོས་དཔྲལ་བར་དྲི་མ་མེད་པ་ཉིད་ཀྱི་བཅོམ་ལྡན་འདས་རྩ་པདྨ་འདབ་མ་བཞི་རུ་ཡང་དག་པར་འབྱུང་སྟེ། དེ་རེ་རེའང་བཞི་བཞི་ཡིན་ལ། ཉི་མ་ལ་བལྟོས་ནས་གསུམ་གསུམ་མོ། །སཾ་བུ་ཊ་ལས། དེ་ཡི་ཤེས་རབ་ལྷན་ཅིག་སྐྱེས། །དེར་ཕྱིན་གནས་པའི་གཟུགས་ཅན་མ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །བདག་མེད་མ་ཞེས་རྣམ་པར་བཤད། །དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །སྐྲ་ཡི་རྩེ་མོ་བརྒྱ་སྟོང་ལུས། །གློག་གི་ཟེར་མ་མཉམ་པའི་འོད། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུའི་ཁུང་བུའི་ཕྱོགས་མཚམས་ནས། །བྱུང་སྟེ་ཕྱོགས་བཅུར་གནས་པ་ཡིན། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །བསྲེགས་ནས་ལོངས་སྤྱོད་འཁོར་ལོར་སོང་། །སྣ་ཡི་ཁུང་བུ་གཡས་པ་ནས། །ཐམས་ཅད་དུ་ནི་བྱུང་ནས་ནི། མཛོད་སྤུར་སོང་བ་དག་གིས་ཀྱང་། །བུག་པ་ངེས་པར་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཤངས་ཀྱི་བུ་ག་གཡོན་པ་ནས། །ཞུགས་ནས་སྤྱི་གཙུག་འཁོར་ལོར་ནི། །ཀུན་བསྲེགས་རྣམ་པར་ཕྱུང་ནས་ནི། །སྔར་གསུངས་ཉིད་ཀྱི་བུ་ག་ནས། །ཡང་ནི་སྤྱི་གཙུག་གཞུག་པར་བྱ། །ཞེས་ཏེ། དེ་ནི་རྡོ་རྗེ་མཁའ་འགྲོ་ལས་ཀྱང་གསུངས་སོ། །གསུམ་པ་གདན་བཞི་པ་ནས་བཤད་པ་ལ། སྦྱོར་བ་དྲུག་གི་མན་ངག་དང་། །གཙུབ་ཤིང་མེའི་འཁོར་ལོ་གཉིས་ལས། དང་པོ་ལ། དངོས་པོར་གནས་པའི་སྦྱོར་བ་དྲུག །ལམ་ཉམས་སུ་ལེན་པའི་སྦྱོར་བ་དྲུག །འབྲས་བུ་མངོན་དུ་བྱེད་པའི་སྦྱོར་བ་དྲུག་ལས། དང་པོ་ནི། ལུས་སེམས་སྲོག་གི་དབྱུག་པ་ལ། སྦྱོར་བ་དྲུག་གི་མན་ངག་གནས། །ཕུང་པོ་ལྔའི་བདག་ཉིད་ཀྱི་ལུས་ལ། བྱང་ཆུབ་སེམས་ཆར་ཡང་ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་སྟོང་པའི་རྣམ་པས་སྦྱོར་བ་དྲུག་ཏུ་གསུངས་པ་ནི། ཡེ་ཐིག་ཏུ། སྲོག་གི་དབྱུག་པ་དེ་ནི་མཐའ། །ཏིལ་གྱི་མེ་ཏོག་རྒྱས་པ་ལྟར། །དེ་ནི་སྦྱོར་དྲུག་གི་རྣམ་ཤེས། །རྩ་དང་ཐིགས་པ་དང་ལྡན་ནོ། །ཞེས་དང་། ཕྱག་ཐིག་ཏུ། ཕུང་པོ་ལྔ་བདག་ལུས་ལ་ནི། །ལེགས་དགྱེས་དབང་མོ་འཁོར་ལོ་དྲུག །ཟླ་བ་ཕྱེད་བཞིན་ཆར་ཡང་ནི། །རླུང་གི་འཁོར་ལོ་རྣམ་པར་གནས། །ཞེས་ཏེ། །འཁོར་ལོ་དྲུག་གི་སྲོག་དབྱུག་དབུ་མའི་ལྟེ་བའི་དབུས་ན་ཟླ་བ་ཕྱེད་པའམ་རླུང་འཁོར་ལྟར་གཞུའི་དབྱིབས་སུ་གནས་པ་སྟེ། །ཡེ་ཤེས་ཀྱི་རླུང་ངམ་ཟླ་ཚེས་ཀྱི་ཐིག་ལེ་ཞེས་པའི་ཐ་སྙད་པའོ། །རྡོ་རྗེ་འཕྲེང་བར་ཡང་། ཕུང་པོ་ལྔ་ཡི་བདག་ཉིད་ལུས། །འཁོར་ལོ་དྲུག་གི་ཕུག་ནང་ན། །ཟླ་བ་ཕྱེད་པའི་ཆ་ལྟ་བུ། །སྟོང་ཉིད་རླུང་གི་འཁོར་ལོར་གནས། །ཞེས་སྟོང་ཉིད་ནི་ཆར་ཡང་འདིའོ། །ཆར་ཡང་འདི་ཉིད་ངེས་པའི་དོན་དུ་ན་རང་བཞིན་གྱི་དགའ་བ་ཞེས་པ་འོད་གསལ་ལྷན་ཅིག་སྐྱེས་པ་སྟེ། དེའི་མཚན་ཉིད་ལ་དགོངས་ཏེ་གསུངས་པ། ཕྱེད་མིན་གང་བ་ཡང་མ་ཡིན། །ཆུ་ཡི་ཟླ་བ་བཞིན་དུ་མཐོང་། །སྒྱུ་འཕྲུལ་ཆེན་མོ་འགྲོ་བའི་མ། །ཆར་ཡང་གྲངས་མེད་བརྟེན་པ་ཡིན། །དེ་ནི་མཆོག་དང་གཞན་མཆོག་ཕྲ། །སྐྱེ་མེད་གཉིས་མེད་བསམ་དུ་མེད། །རླུང་གི་འཁོར་ལོ་སྐྱེ་བྱེད་མ། །སངས་རྒྱས་ཀྱིས་ཀྱང་རྙེད་དཀའ་བའོ། །ཞེས་ཟླ་བ་ཕྱེད་པའམ་ཉ་གང་བ་ཞེས་གཅིག་ཏུ་གཟུང་དུ་ཡོད་པ་ཕྱིའི་ཟླ་བ་ལྟ་བུ་ནི་མ་ཡིན་གྱི། དེ་ལྟར་སྣང་ཡང་དེ་ཉིད་མ་ཡིན་པ་ཆུ་ཟླ་ལྟ་བུ་སྟེ། །ཀྱཻ་རྡོ་རྗེར། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མ་ཤེས་ཀྱིས། །ཞེས་གསུངས་སོ། །རང་ཉིད་སྐྱེ་བ་མེད་བཞིན་དུ་ཐམས་ཅད་ཀྱི་སྐྱེད་མ་ཡིན་པས་སྒྱུ་འཕྲུལ་ཆེན་མོ་སྟེ། རྒྱུད་ལས། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་ཡང་དག་སྡུད་མཛད་མ། །ཞེས་སོ། །ཁམས་གསུམ་མ་ལུས་པ་ལ་འགྲོ་བའི་ཆ་གཟུང་བས་འགྲོ་བའི་མའོ། །འོག་ཏུ་གྲངས་མེད་པ་ཡི་ཁམས་གསུམ་ནི། །རྒྱུ་དང་སྐྱེད་པར་བྱེད་པ་པོ། །ཞེས་པ་སྟེ་དེ་ཉིད་ཀྱི་ཕྱིར། །ཆར་ཡང་གྲངས་མེད་བརྟེན་པ་ཡིན། །མཆོག་གི་དགའ་བ་སྦྱིན་པས་མཆོག །རྨད་དུ་བྱུང་བའི་དགའ་བ་རྟོགས་པས་མཆོག་གཞན། །ནམ་མཁའི་མཚན་ཉིད་ཀྱི་ཕྱིར་སྐྱེ་མེད། །འཁོར་འདས་ཀྱི་ཕྱོགས་སུ་མ་ཆད་པས་གཉིས་མེད། །རང་བཞིན་གྱི་དགའ་བའི་ངོ་བོ་ཉིད་ཀྱི་ཕྱིར་བསམ་མེད། ཕྱི་དང་ནང་གི་བདག་ཉིད་ཀྱི་རླུང་གི་འཁོར་ལོ་ཐམས་ཅད་སྐྱེད་པར་བྱེད་པ་པོ་སྟེ། ཅིའི་ཕྱིར་ན་རང་བཞིན་གྱི་རླུང་ངམ་ཡེ་ཤེས་ཀྱི་རླུང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་དགོངས་པའི་ཕྱིར་རོ། །དེའང་། ཡེ་ཤེས་རླུང་དུ་རབ་ཏུ་གྲགས། །ཞེས་སོ། །གཉིས་པ་ལམ་ཉམས་སུ་ལེན་པའི་སྦྱོར་བ་དྲུག་ལ། ལུས་ཀྱི་སྦྱོར་བ་དྲུག །རྩའི་སྦྱོར་བ་དྲུག །རླུང་གི་སྦྱོར་བ་དྲུག །དམིགས་པའི་སྦྱོར་བ་དྲུག །དུས་ཀྱི་སྦྱོར་བ་དྲུག །ཉམས་ཀྱི་སྦྱོར་བ་དྲུག་ལས། དང་པོ་ནི། ཐབས་དང་བཅས་ན་ཞེས་པས། ལམ་ཉམས་སུ་ལེན་པའི་རྣལ་འབྱོར་ཚང་བར་བསྟན་པ་ལས། སྐབས་འདིར་རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པ་སྔར་བཤད་པའི་བྱེད་ཆིངས་དྲུག་གོ །བཉིས་པ་རྩའི་སྦྱོར་བ་དྲུག་ནི། རོ་བརྐྱང་དྷུ་ཏཱི་ལ་འཁྱུད་པའི་འཁོར་ལོ་དྲུག་གི་རྩ་འདབ་བརྒྱ་ལྔ་བཅུ་རྩ་དྲུག་འོད་ཀྱི་སྦུ་གུ་ཅན་དུ་གསལ་བར་བལྟ་བའོ། །གསུམ་པ་རླུང་གི་སྦྱོར་བ་དྲུག་ནི། རླུང་བརྟག་པ། ཞི་བ་སོ་མཉམ་པ། བརྔུབ་པ་དགང་གཞིལ་དབྱུང་བ་སྟེ། དང་པོ་མཉམ་དུ་རྒྱུ་བའི་དུས་ནི་བཟང་བས། དེའི་དུས་སུ་བསྒོམ་མོ། །གཉིས་པ་ནི་ཡོན་པོར་འཕོ་ན་སྔར་བཤད་པའི་ནུ་མ་གཅུད་ལ་བོར་བས་མཉམ་རྒྱུར་འགྱུར་རོ། །གཞན་བཞི་སྔར་དང་འདྲའོ། །བཞི་པ་དམིགས་པའི་སྦྱོར་བ་དྲུག་ནི། གཏུམ་མོ་ཨ་ཐུང་ལ་བསླབ་པ་ཞེས་པ། མེའི་འཁོར་ལོའི་ཤེས་བྱ་སྒྲའི་དེ་ཁོ་ན་ཉིད་ཀྱི་ཨ་ཐུང་ངུ་དམར་སེར་གློག་གི་དབྱུག་པ་ལྟ་བུ་ལ་དམིགས་ཏེ་རླུང་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་གྱི་རང་བཞིན་དེ་ལ་ཐིམ་པར་བསམ་སྟེ། དེ་རྣམ་པར་ཤེས་པ་སེམས་ལ། དེ་སེམས་ལས་བྱུང་བ་ལ་ཐིམ། སེམས་ལས་བྱུང་བ་མ་རིག་པ་ལ་ཐིམ། མ་རིག་པ་ཐམས་ཅད་སྟོང་པ་འོད་གསལ་བར་ཐིམ་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བྱེད་དེ། དགོངས་པ་ལུང་སྟོན་ལས། གསུམ་པོ་དེ་ཉིད་གཅིག་གྱུར་པ། འགྲོ་བ་མེད་ཅིང་འོང་བ་མེད། །ཅེས་སོ། གཙུབ་ཤིང་མེའི་འཁོར་ལོ་ལ་བསླབ་པ་ནི། གསང་བའི་སྣ་རྩེ་ནས་ཆར་ཡང་གི་རླུང་དང་མི་ཕྱེད་པའི་གཏུམ་མོ་འབར་བ་སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པའི་འོད་ལྗང་ཁུ། ལྟེ་བ་ནས་སེར་པོ། སྙིང་ག་ནས་དཀར་པོ། མགྲིན་པ་ནས་དམར་པོ། སྤྱི་བོ་ནས་ནག་པོ། གཙུག་ཏོར་ནས་གནམ་ཁ་ཐམས་ཅད་རས་བལ་གྱི་སྐུད་པ་བརྐྱང་པ་བཞིན་དུ་གྱེན་དུ་ཧཱུྃ་གི་སྒྲ་གྲག་བཞིན་པས་སྣའི་སྒོར་བྱུང་ནས་ཁམས་གསུམ་རླུང་དེའི་རང་བཞིན་ཙམ་དུ་བྱ་ཞིང་། སླར་ནང་དུ་ཞུགས་ནས་འཐུར་དུ་ཨོཾ་གྱི་སྒྲ་དང་གསང་བར་གནས་པ་ཨཱཿའི་སྒྲ་དང་བཅས་པར་བསམ་མོ། །བདེ་བའི་གཏུམ་མོ་ལ་བསླབ་པ་ནི། དེའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་བསྲེགས་ཏེ་གཡོན་པ་དང་གཡས་པའི་དཀྱིལ་འཁོར་གྱི་རྩར་བགྲོད་པ་རྣམ་པར་ཤེས་པ་ལ་སོགས་པ་དང་། ས་ལ་སོགས་པའི་རང་བཞིན་རྣམས་དཔྲལ་བའི་ཟླ་བ་ལ་རབ་ཏུ་ཞུགས་པས་གཅིག་ཏུ་འདྲེས་པར་བལྟའོ། །གཏུམ་མོ་འབར་འཛག་ལ་བསླབ་པ་ནི། དེ་ནས་གཏུམ་མོའི་ཡེ་ཤེས་ཀྱི་དྲོད་ཀྱིས་ཟླ་བ་ཞུ་བར་གྱུར་པ་ན་བྱང་ཆུབ་ཀྱི་སེམས་དེ་ཐིག་ལེའི་གཟུགས་ཀྱིས་འོག་ཏུ་བགྲོད་པ་མགྲིན་པ་དང་། སྙིང་ག་དང་། ལྟེ་བར་དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བའི་རང་བཞིན་དང་། །དེ་ནས་རྡོ་རྗེ་ནོར་བུ་ཇི་སྲིད་བར་ལྷན་ཅིག་སྐྱེས་དགའི་རང་བཞིན་ཏེ། དེ་ལྟར་ཆ་བཅུ་དྲུག་རྫོགས་པ་ནོར་བུའི་ནང་དུ་སོན་པ་གང་གི་ཚེ་བསྒོམ་པའི་སྟོབས་ཀྱིས་བདེ་བ་སྟེར་པ་ནི་འཛག་པའོ། །རྡོ་རྗེ་འཕྲེང་བ་ལས། གསང་བ་བྷ་ག་ཞེས་སུ་གསུངས། །བྷ་ག་དེ་བཞིན་ཆོས་འབྱུང་བ། །བདེ་བ་ཆེན་པོའི་གོ་འཕང་རྟེན། །དགའ་བ་སྐྱེད་པར་བྱེད་པའི་རྒྱུ། །རྡོ་རྗེ་སེམས་དཔའ་ཡི་ནི་གནས། །ཞེས་སོ། །སྣང་བ་དཀར་དམར་གྱི་གཏུམ་མོ་ལ་བསླབ་པ་ནི། འཁོར་ལོ་ལྔའི་སྙིང་གའི་པདྨའི་དབུས་སུ་ཟླ་བ་ལ། སྤྱི་བོར་ཧཾ། མགྲིན་པར་ཨོཾ། སྙིང་ག་དང་ལྟེ་བར་ཨེ། གསང་བར་ཨ་ཤད་དེ། དང་པོར་མགྲིན་པའི་ཨོཾ་ལས་འོད་འཕྲོས། ཧཾ་ལ་ཕོག །དེ་ལས་ཕྱིར་བྱུང་སྟེ་ཡུལ་གྱི་སྣང་བ་ཐམས་ཅད་བསྡུས་ལ་དེ་ལ་ཐིམ་པས། དེ་ཉིད་མར་མེའི་རྩེ་མོ་ལྟ་བུར་བསྒོམས་པའི་དྲོད་ཀྱིས་སྤྱི་བོའི་བྱང་ཆུབ་ཀྱི་སེམས་རང་ཤུགས་སུ་ཞུ་བ་ཟླ་བའི་འོད་ཟེར་ལྟ་བུའི་བདེ་བ་ཆེ་འབྲིང་ཆུང་གསུམ་སྐྱེ་བས་གོམས་པར་བྱའོ། །དེ་ནས་སྙིང་གའི་ཨ་སྣང་བ་མཆེད་པ་ཉི་མ་ལྟ་བུའི་འོད་དང་། སྤྲོ་བསྡུས་བསྲེ་ཞིང་ལྟེ་བའི་སྣང་བ་ཐོབ་པའི་ཨ་དང་ཡང་བསྲེས་པས་རང་བཞིན་ཕྲ་རགས་གསུམ་འགགས་པའི་བདེ་སྟོང་ལ་གོམས་པས་ཨ་ཤད་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་ཅན་དུ་གཞུག་པར་བྱའོ། དེའང་ཨཱརྻ་དེ་བས། སྙིང་གར་པདྨ་ཟླ་དབུས་སུ། །ཨོཾ་འོད་ཧཾ་སྤྲོས་ཕྱིར་བྱུང་སྟེ། །ཡུལ་རྣམས་འོད་དུ་ཚུར་འདུས་པས། །ཐམས་ཅད་འདུས་ནས་ཨོཾ་ལ་ཐིམ། །དེ་ཡང་མར་མེའི་རྩེ་ལྟར་ཏེ། །ཕྱི་ནས་ཟླ་བའི་འོད་ལྟར་བསྒོམ། །རང་བཞིན་ལངས་པ་དེ་ཉིད་བསྲེ། །རང་བཞིན་འགགས་པར་གྱུར་པ་དང་། །སྣང་ཕྱེད་ཉི་མ་རྡོ་རྗེ་ཨ། །སྤྲོ་བསྡུ་སོགས་པ་གོང་འདྲ་སྟེ། །ཐམས་ཅད་ཉི་འོད་རང་བཞིན་བསྲེ། །རང་བཞིན་འགགས་པར་གྱུར་པ་དང་། སྣང་བ་ཐོབ་པ་ཡི་གེ་ཨ། །ཨ་ལས་བྱུང་བའི་རང་བཞིན་བསྲེ། །ཞེས་སོ། །ཕྱག་རྒྱ་ཆེན་པོ་ལ་བསླབ་པ་ནི། སེམས་མ་བཅོས་པའི་ངང་དུ་གློད་ནས་འཇོག་པ་སྟེ། ས་ར་ཧ་ཆེན་པོས། ཀྱེ་མ་རང་གི་རང་ལ་དེ་ཉིད་ཅེར་ཏེ་ལྟོས། མ་ཡེངས་ཡིད་ཀྱི་ལྟ་དང་བྲལ་གྱུར་ན། །གཡེང་བའི་སེམས་ཀྱི་དེ་ཉིད་རྟོགས་པར་མི་གྱུར་ཏེ། །དངོས་པོའི་ཚང་ཚིང་ཁྲོད་དུ་དེ་ཉིད་ནོར་བུ་འཆོར། །ཞེས་སོ། །ལྔ་པ་དུས་ཀྱི་སྦྱོར་བ་དྲུག་ནི། དཔེ་རྙིང་འགར་རང་བཞིན་གྱི་འཇུག་པའི་དུས་ལ་བཤད་ཀྱང་། བླ་མའི་ཞལ་སྔ་ནས། སྲོག་དབུ་མར་ཞུགས་ནས་ཉིན་ཞག་གཅིག་འཆིངས་ན་ནད་མེད་པ་དང་། བཅོ་ལྔས་ནམ་མཁའ་ལ་འཕུར་བ། །ཟླ་བ་གཅིག་གིས་འཆི་བ་མེད། ཟླ་བ་དྲུག་གིས་བྱང་ཆུབ་སེམས་མི་འཕོ་བར་འཆིང་བ། ལུས་སྲོག་གི་གཟུགས་འགྲུབ། རྒྱུན་དུ་འགགས་པས་ཐར་པ་སྟེར་བའི་དུས་དྲུག་བརྗོད་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། སྲོག་ནི་ཉིན་མཚན་དབུ་མར་ཞུགས། །ནང་དུ་གནས་པས་ནད་འཇོམས་ཡིན། །ཆོས་ཀྱི་ཉིན་ཞག་སྲོག་བསྡམས་ན། །འདི་ཡི་མཁའ་ལ་སྤྱོད་པ་སྟེར། །སྙིང་གར་ཟླ་གཅིག་གིས་བསད་ན། རྣལ་འབྱོར་པ་ལ་འཆི་བ་མེད། །ལྟེ་བར་ཟླ་བ་དྲུག་གནས་པ། །འདི་ཡིས་ཐམས་ཅད་མཁྱེན་པ་སྟེར། །དཔྲལ་བ་མགྲིན་པའི་འཁོར་ལོ་དང་། །སྙིང་ག་ལྟེ་བ་རིམ་བཞིན་དུ། །མི་རྣམས་བརྒྱལ་དང་དེ་བཞིན་བཅིངས། སྲོག་དང་ཐུར་སེལ་འགགས་པ་ཡིས། །དགྲ་བཅོམ་ཆེན་པོ་ཉིད་དུ་འགྱུར། །ཞེས་སོ། །དྲུག་པ་ཉམས་ཀྱི་སྦྱོར་བ་དྲུག་ནི། དེ་ལ་ལྟེ་སྙིང་མགྲིན་དཔྲལ་གཙུག་ཏོར་གྱི་འཁོར་ལོ་རྣམས་སུ་འཛིན་པ་ཐོབ་པའི་མཐུས། སྟེང་འགགས་ན་འོག་འགགས་པའི་རིམ་པས་གཅི་བའི་ལམ་དུ་རླུང་དང་། ཁུ་བའི་ལམ་དུ་དུས་མེ་དང་། བཤང་ལམ་དུ་ས་འགགས་པས་སྲོག་ཐུར་གཉིས་ཕྲད་པ་ན། རང་ཉམས་ཀྱི་གཏུམ་མོ་འབར་ཞིང་སྤྱི་བོའི་ཟླ་བ་ཞུ་བར་བྱེད་ལ། བདུད་རྩིའི་རྒྱུན་བབས་པའི་དུས་དེར་རླུང་བྱང་ཆུབ་སེམས་ལ་ཞུགས་ནས་འགྲོ་ལྡོག་དུ་མར་བྱེད་དོ། །སྟེང་གི་གཡོན་པ་ཟླ་བའི་རྩ་འགགས་པས་ལྷའི་སྤྱན་ཐོབ་སྟེ། མིག་གིས་མ་མཐོང་བ་དང་སྲིད་པ་གསུམ་མཐོང་བར་འགྱུར་རོ། །འོག་གི་གཅི་བའི་རྩ་འགགས་པས་ལྷའི་རྣ་བའི་མངོན་པར་ཤེས་པ་ཐོབ་སྟེ་སྲོག་ཆགས་རྣམས་ཀྱིས་སྙིང་དང་ཁས་བརྗོད་པའི་སྒྲ་མ་ལུས་པ་ཐོས་པར་འགྱུར་རོ། །སྟེང་གི་སྒྲ་གཅན་གྱི་རྩ་འགགས་པས་གཞན་གྱི་སེམས་ཤེས་པའི་མངོན་ཤེས་འཐོབ་སྟེ། གཞན་གྱི་སེམས་ལ་གནས་པའི་བསམ་པ་ཐམས་ཅད་ཤེས་པར་འགྱུར་རོ། །འོག་ཏུ་དྲི་ཆེན་གྱི་རྩ་འགགས་པས་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་འཐོབ་སྟེ། སྲིད་པ་གསུམ་གྱི་སྔོན་གྱི་སྐྱེ་བ་མ་ལུས་པ་རྗེས་སུ་དྲན་པར་འགྱུར་རོ། །སྟེང་གི་ཉི་མའི་རྩ་འགགས་པས་རྫུ་འཕྲུལ་གྱི་མངོན་ཤེས་འཐོབ་སྟེ། དུས་ཐམས་ཅད་དུ་ནམ་མཁའ་དང་མཉམ་པར་ཀུན་ཏུ་འགྲོ་བའི་རྫུ་འཕྲུལ་ཐོབ་བོ། །འོག་ཏུ་དུང་ཅན་མའི་རྩ་འགགས་པས་ཟག་ཟད་ཀྱི་མངོན་ཤེས་འཐོབ་སྟེ། དུས་ཐམས་ཅད་དུ་གཞོམ་དུ་མེད་པའི་བདེ་བ་ཆེན་པོར་འགྱུར་རོ། །གསུམ་པ་འབྲས་བུ་མངོན་དུ་བྱེད་པའི་སྦྱོར་བ་དྲུག་ནི། སའི་ཁམས་སྒྲིབ་བྲལ་དུ་གྱུར་པ་སྲིད་གསུམ་ཀུན་ནས་དྭངས་པ་འཁོར་ལོའི་རིགས་སོ། །ཆུའི་ཁམས་སྒྲིབ་བྲལ་དུ་གྱུར་པ་ཆགས་ཆེན་པདྨའི་རིགས་སོ། མེའི་ཁམས་སྒྲིབ་བྲལ་དུ་གྱུར་པ་བདེ་བ་ཆེན་པོ་རིན་པོ་ཆེའི་རིགས་སོ། །རླུང་གི་ཁམས་སྒྲིབ་བྲལ་དུ་གྱུར་པ་ཉོན་མོངས་པ་ཟད་པ་རལ་གྲིའི་རིགས་སོ། །ནམ་མཁའི་ཁམས་སྒྲིབ་བྲལ་དུ་གྱུར་པ་ཡེ་ཤེས་ཀྱི་སྐུ་རྣམ་པར་མི་ཕྱེད་པ་རྡོ་རྗེའི་རིགས་སོ། །ཡེ་ཤེས་ཀྱི་ཁམས་སྒྲིབ་བྲལ་དུ་གྱུར་པ་མི་ཤེས་པ་གཅོད་པར་བྱེད་པའི་གྲི་གུག་གི་རིགས་སུ་གྲུབ་བོ། །ཉམས་དང་འབྲས་བུ་དེ་གཉིས་ཀའང་། ཤིན་ཏུ་འབར་ཞེས་པའི་གཞུང་གིས་བསྟན་པ་ཡིན་ནོ། །གཉིས་པ་གཙུབ་ཤིང་མེའི་འཁོར་ལོ་ལ། ལུས་གྱི་འཁྲུལ་འཁོར་གྱི་རྩ་རླུང་དངོས་སུ་དགོད་པ། ངག་གི་འཁྲུལ་འཁོར་གྱིས་རླུང་ནད་རྩ་ནད་འདོན་པ། སེམས་ཀྱི་འཁྲུལ་འཁོར་གྱིས་གཉུག་མ་གཏན་ལ་དབབ་པ་གསུམ་ལས། དང་པོ་ནི། ལྟེ་བར་ཆུ་ཤིང་སྙིང་པོ་གནས། ལུས་རེ་མིག་བཞིན་བསྣོལ། རྒྱ་མདུད་ལྟར་བཅིང་། མདའ་ལྟར་བསྲང་། ལྕགས་ཀྱུ་ལྟར་བཀུག །ལི་ཁྲི་ལྟར་སྒྲིམ། རང་ཡེ་ཤེས་དབང་ཕྱུག་མ་ཕྱག་གཉིས་མ་གསལ་བཏབ་པའི་གསང་གནས་སུ་རླུང་གི་དཀྱིལ་འཁོར་ནག་པོ་གཞུ་རྡུངས་པ་ལྟ་བུ་བ་དན་དང་ཡཾ་གྱིས་མཚན་པ་གཡོ་བའི་རང་བཞིན། དེའི་སྟེང་དུ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པ་རེག་བྱ་ཚ་བའི་ལྟེ་བ་ནས་དབུ་མ་ཆུ་ཤིང་གི་སྙིང་པོ་ལྟར་སྤྱི་བོ་ཚུན་ཐལ་མར་ཟུག་ཅིང་། དེའི་མེ་ཏོག་ལྟར་ཁ་ཅུང་ཟད་འོག་ཏུ་ཕྱོགས་པར་ཧཾ་ཡིག་བདུད་རྩི་འཛག་པ། མར་སྣར་ཨ། དེ་ནས་སྟེང་རླུང་མནན། འོག་རླུང་བསྡམ། བར་རླུང་དཀྲུགས་པས་རླུང་གཡོས་པས་མེའི་དཀྱིལ་འཁོར་འབར་ཞིང་ཨ་ལ་རེག་པས་མེ་མཚན་ཉིད་བཞི་ལྡན་དྷུ་ཏི་ནས་ཡར་སོང་། ཧཾ་ལ་ཐིམ་པས་ཞུ་སྟེ་ཐིགས་པས་མེ་འབར་བ་ལ་ཕོག་པས་ཅུང་ཟད་འདྲེས་ཤིང་སླར་མཆེད་དེ་ལུས་ཕྱི་ནང་ཐམས་ཅད་དུ་སོང་བས་སྣང་བ་ཐམས་ཅད་མགར་གྱི་སོལ་མལ་ལྟ་བུར་བསམ་པར་བྱའོ། །དེའི་ཚེ་ཕོ་བ་གཡས་གཡོན་དུ་བསྐོར་ཞིང་ཙམ་ཐུབ་ཀྱི་བར་བཙུབ་ཤིང་ལྟར་གཙུབ་བོ། །མ་ཐུབ་ན་ཁད་ཀྱིས་བཏང་། ཡང་སྔར་བཞིན་བྱའོ། གཉིས་པ་ངག་གི་འཁྲུལ་འཁོར་གྱིས་རླུང་ནད་རྩ་ནད་འདོན་པ་ལ། ཕྱི་རླུང་རྩ་ལ་རེངས་པ་འདོན་པ་དང་། ནང་རླུང་སེམས་ལ་རེངས་པ་འདོན་པ་གཉིས་ལས། དང་པོ་ནི། སྙིང་གར་ཡང་ནི་བསྒྲང་སྟེ་གནས། །ཨ་བ་དྷུ་ཏཱི་ཆུ་ཤིང་གི་སྡོང་པོ་དང་སྙིང་ཆུ་ཤིང་གི་མེ་ཏོག་ལྟ་བུར་ཁ་འཐུར་དུ་ཕྱང་ངེ་གནས་པ་དེ་ཁ་གྱེན་དུ་བསྒྲེང་སྟེ་ཐོར་ཐོ་ནས་བཞིར་ཤག་གིས་གས་པས་འདབ་མ་བཞིར་སོང་བའི་དབུས་སུ། རླུང་སེམས་འདྲེས་པའི་ཐིག་ལེ་ནང་སྟོང་པ། དེའི་དབུས་སུ་ཧཱུྃ་སྤུས་བྲིས་པ་ལྟ་བུ་ཞིག་བསམས་ཏེ། སྔར་བཞིན་བསྒོམས་པས་སྤྱི་བོའི་ཧཾ་ཞུ་བའི་རྒྱན་བའི་ནུ་མ་སྟེ་ལྕེའུ་ཆུང་ངུ་ཕབ། དེ་ལྕེ་རྩེས་ཅུང་ཟད་བསྒུལ་བའི་མཆིལ་མ་མིད་ཅིང་བདུད་རྩི་དེ་སྙིང་གི་ཐིག་ལེའི་ནང་དུ་སོང་ནས་ཧཱུྃ་ལ་འཕོག་པས་འོད་དཀར་པོ་རྣོ་སིབ་སིབ་པ་བ་སྤུའི་མཐར་ཐུག་པར་འཕྲོས་པས་སྙིང་དང་ལུས་ཐམས་ཅད་རླན་པར་བསམ་མོ། །མཐར་ལུས་སྤྲུག་ཅིང་ཧ་ཞེས་མང་དུ་འདོན་ནོ། །གཉིས་པ་ནང་རླུང་རྩ་ལ་རེངས་པ་འདོན་པ་ནི། རང་ཉིད་རྣལ་འབྱོར་ནམ་མཁའ་དང་། མདུན་དུ་ཡུམ་ཡེ་ཤེས་མ་བསམ་སྟེ། དེའི་བྷ་ག་བ་གླང་གི་རྨིག་པ་འདྲ་བ་དེར་རླུང་གི་ས་བོན་ཡི་གེ་ཧཱུྃ་ནག་པོ། གཡོན་དུ་མེའི་ས་བོན་དམར་པོ། སྙོམས་འཇུག་བྱས་པས་ཧཱུྃ་ནག་པོ་ལས་རླུང་གཡོས་དམར་པོ་ལ་ཕོག་མེར་འབར། མེ་ལྕེ་རྡོ་རྗེའི་བུ་ག་ནས་ཡར་སོང་བས་བྱང་སེམས་དཀར་པོ་ཕབ། ཡུམ་གྱི་བུ་ག་ནས་ཡར་སོང་བས་དམར་པོ་ཕབ། ཡབ་ཡུམ་གྱི་དབུ་མ་ཕྲད་པའི་སྣ་རྩེར་ཐིག་ལེ་དཀར་དམར་སྙོམས་པར་ཞུགས་པ་འདར་འཕར་གཡོ་བ་ལ་དམིགས་པས་དབང་གསུམ་པའི་ཉམས་མྱོང་གསོས་ནས་ཟག་མེད་ཀྱི་བདེ་བར་མེར་གྱི་འགྲོ་བའོ། །མཐར་སྔ་མ་བཞིན་ནོ། གསུམ་པ་སེམས་ཀྱི་འཁྲུལ་འཁོར་གྱིས་གཉུག་མ་གཏན་ལ་དབབ་པ་ནི། རྟག་ཏུ་སྟོང་པའི་སྒོ་ཡིན་ཏེ། མཁས་པས་རྒྱུན་དུ་བཟློག་པར་བྱ། །བསྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གི་ལམ་ནས་ཞུགས་གྱུར་ན། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བདག་གི་སྙིང་གར་འབྱུང་བ་བཞིའི་རང་བཞིན་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ། མེ་རླུང་གི་ངོ་བོ་དང་ས་ཆུའི་བདག་ཉིད་ཀྱི་ཉི་མ་དང་ཟླ་བའི་རང་བཞིན་གྱི་ཐིག་ལེ་སྲན་མ་ཕྱེད་གཤགས་ཙམ་ཁ་སྦྱར་བ། ནང་དུ་ཐིག་ལེ་དཀར་པོ་ཙ་ན་ཀ་ཙམ་ཉི་ཟླར་མ་རེག་པ། འོད་ཀྱི་སྐུད་པ་བ་ཐག་ལྟ་བུ་ལ་བརྒྱུས་པའི་ཨཱ་ལི་བཅུ་དྲུག་ཀཱ་ལི་སོ་བཞིའི་ཕྲེང་བ་ཉི་ཟླ་ཐིག་ལེ་གང་ལའང་མ་རེག་པར་ཐིག་ལེ་ལ་གཡས་སྐོར་དུ་ཚར་ཕྱེད་དང་བདུན་སྦྲུལ་འཁྱིལ་བ་ལྟར་བསྐོར་བ་བསམས་ཏེ། ཕྱིར་དབྱུང་བ་ན་ཕྲེང་བའི་མགོའི་ཨ་ལས་ཏོག་ཅེས་པའི་སྒྲ་བྱུང་བའི་སྟེང་གི་ཟླ་བ་ཕུག་སྟེ་བུ་ག་ནས་ཡར་རླུང་གི་ངོ་བོའི་སྔགས་འཕྲེང་། ཨོཾ་གྱི་རང་བཞིན་གྱི་སྣ་སྒོ་གཡས་ནས་ཕར་སོང་། ནང་དུ་འཇུག་པ་ཧཱུྃ་གི་སྒྲས་སྣ་སྒོ་གཡོན་ནས་བྱུང་སྟེ་ཟླ་བའི་བུ་ག་ལ་ཞུགས། གནས་པ་ཨཱའི་སྒྲའི་རང་བཞིན་ཐིག་ལེ་ལ་གཡོན་སྐོར་དུ་ལན་ཕྱེད་དང་བདུན་བསྐོར་བ་དམིགས་ཏེ་ཙམ་ནུས་སུ་བསྒོམ། མཐར་སྔགས་ཕྲེང་ཐིག་ལེ་ལ་ཐིམ་སྟེ་སེམས་ཀྱི་རྟེན་མི་བཅའ། ཆོས་ཐམས་ཅད་བསམ་དུ་མེད་པའི་ངང་དུ་ཡེངས་པ་མེད་པར་གཞག་གོ །དེས་རྩ་རླུང་གནས་སུ་ཆུད། ཕྱི་འབྱུང་བའི་དྲོད་ལ་བརྟེན་ནས་ཡེ་ཤེས་ཀྱི་དྲོད་སྐྱེ། རླུང་སེམས་གཉིས་དྷུ་ཏཱིར་འདྲེས་པས་བདེ་གསལ་མི་རྟོག་པའི་ཉམས་འབྱུང་ངོ་། །སྟོང་པའི་སྙིང་པོ་མཚོན་པ་ལས། །ཆུ་ཤིང་སྙེ་མའི་བདུད་རྩི་བཞིན། །ཆུ་ཤིང་གི་སྡོང་པོའི་ནུས་པ་ཟད་པ་ན་འབྲས་བུ་ཆགས་ཏེ། དེས་མཚོན་ནས་འཁོར་བའི་རླུང་འབྱུང་འཇུག་གནས་པ་ཟད་པ་ན། །འབྲས་པུ་རག་པའི་སྐྱེས་བུ་འགྲུབ་སྟེ། རིག་པ་ནི་དོན་དམ་པ། སྐྱེས་བུ་ནི་ཀུན་རྫོབ་སྟེ། དེ་གཉིས་དབྱེར་མེད་པའོ། །སམྦུ་ཊ་ལས། རིག་པའི་སྐྱེས་བུ་གྲུབ་པ་སྟེ། །གང་དུ་མི་གནས་གང་མི་གནས། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །གཉིས་མེད་སྲིད་གསུམ་སྣང་བ་སྤྲོ། །ཀུན་འགྲོ་ཐམས་ཅད་ཤེས་པ་སྤྲོ། །ཀུན་དོན་ཀུན་གྱི་སེམས་ཀུན་གནས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཡོན་ཏན་ཀུན་གྱི་རྒྱན་དུ་བྱས། །ཀུན་ཕན་ཞི་བ་མཚུངས་པ་མེད། །རྟག་ཆད་མགོན་སྐྱོབ་རྣམ་རྟོག་སྤངས། །དབྱིབས་དང་ཁ་དོག་ལས་འདས་པ། །རྒྱལ་པོ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས་སོ། །བཞི་པ་འཁོར་ལོ་སྡོམ་པ་ལས་བཤད་པ་ལ། སྒྱུ་ལུས་བསྐྱེད་པའི་རིམ་པ་ལྷའི་དེ་ཉིད་སེམས་ལ་དམིགས་པའི་དེ་ཉིད། ངག་རྡོ་རྗེའི་བཟླས་པའི་དེ་ཉིད། འོད་གསལ་རྫོགས་པའི་དེ་ཉིད། ཟུང་དུ་འཇུག་པའི་དེ་ཉིད་ལྔ་ལས། དང་པོ་ནི། ལྟེ་བ་ཆུ་སོ་མཚམས་འཁོར་ལོ། །གྲུ་གསུམ་དཀར་ཞིང་དམར་བ་ལ། །ལུས་གནད་རྐང་པ་བསྣོལ་བའི་ཙོག་པུ་ལག་པ་གཉིས་བར་ལྷུ་ནས་བཟུང་སྟེ་པུས་སྟེང་དུ་བཞག་པས་ཕྱིའི་ལུས་གྲུ་གསུམ་དུ་གནས་པ་དེ་རྡོ་རྗེ་ཨ་ར་ལིའི་རྟེན་ཡིན་པས་བཙུན་མོའི་བྷ་ག་ཞེས་བྱ་ལ། དེའི་ནང་ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་འབྱུང་བས་ཆོས་འབྱུང་ཞེས་ཀྱང་བྱ་བར་བཤད་དོ། །སངས་རྒྱས་བདེ་བ་ཆེན་པོ་རྣམས་ཀྱི་རྟེན་ཅིང་བསྔགས་པའི་རྩ་རོ་རྐྱང་དབུ་མ་གསུམ་འདྲེས་པའི་གྲུ་གསུམ་དག་པ་ཨའི་དབྱིབས་ཅན། རྩ་འཁོར་ལོ་བཞིའི་ལྟེ་བར་ཝཾ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་རོལ་པ་སྟེ་ཞུ་བ་ལས་བྱུང་བའི་དགའ་བ་བཞིའི་ཡེ་ཤེས་ཀྱི་རྟེན་ཡིན་པས། དེའི་ཕྱིར་སངས་རྒྱས་སྤྱན་ལ་སོགས་པའི་རྡོ་རྗེའི་བཙུན་མོའི་བྷ་ག་སྟེ་བདེ་བ་ཆེན་པོའི་རྟེན་ཞེས་ཀྱང་བྱ། ཆོས་དགའ་བཞིའི་ཡེ་ཤེས་འབྱུང་བའི་ཕྱིར་ཆོས་འབྱུང་ཞེས་ཀྱང་བྱ་སྟེ་ནང་རྩའི་གྲུ་གསུམ་མོ། །ལུས་ངག་ཡིད་གསུམ་དག་པས་གྲུ་གསུམ་ཨེའི་དབྱིབས། སྤངས་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་ཡངས་པའི་དབུས་སུ་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོ་རྡོ་རྗེ་འཆང་གིས་བརྒྱན་པ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱིས་བསྟེན་པས་བཙུན་མོ། །ཉོན་མོངས་པ་འཇོམས་པར་བྱེད་པས་བྷ་གའམ། བདེ་བ་ཆེན་པོ་འདིར་རྟེན་པར་བྱེད་པས་བྷ་ག་ཞེས་ཀྱང་བྱ་ལ། ཆོས་རྡོ་རྗེ་གསུམ་པོ་རྣམས་ཀྱི་བདེ་བ་ཆེན་པོ་རྡོ་རྗེ་འཛིན་པའི་བདག་ཉིད་དུ་འབྱུང་བས་ཆོས་འབྱུང་ངམ་ཆོས་ཀྱི་སྐུ། བདེ་སྟོང་ཡི་གེ་མེད་པའི་ཆོས་འབྱུང་གྲུ་གསུམ་ཞེས་བྱའོ། །དེ་ལྟར་གྲུ་གསུམ་ཉིད་དཀྱིལ་ནི་མཎྜྻ་སྟེ་སྙིང་པོ། འཁོར་ནི་ལ་སྟེ་ལེན་པ་ཡིན་པས་དཀྱིལ་འཁོར་ཞེས་བྱའོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། བསྐྱེད་རིམ་གྱི་ལྷ་གཞན་ཡུམ་ལ་བསྟིམ། དེ་འོད་ཀྱི་གོང་བུར་བྱས་ཏེ་སྣ་གཡོན་ནས་ལུས་ལ་བཅུག །དེའི་འོད་ཀྱིས་ལྟེ་བའི་འོག་ཆུ་སོའི་སྟེང་མདོམས་གྲུ་གསུམ་གྱི་གནས་འདིར་ཆོས་འབྱུང་དཀར་ལ་དམར་བའི་མདངས་ཀྱིས་མཛེས་པ་གྲུ་གསུམ་སྟེང་རྒྱས་པ། ཞབས་ཞུམ་པ་ཕུར་པ་ས་ལ་བཏབ་པའི་བུ་ག་ལྟ་བུ་བསྒོམ་མོ། །གཉིས་པ་སེམས་ལ་དམིགས་པའི་དེ་ཉིད་ནི། ཐིག་ལེ་ཁ་དོག་ལྔ་བསམས་ཏེ། །སངས་རྒྱས་ལྔ་རུ་མཚོན་པར་བྱ། །དེའི་ནང་དུ་ཐིག་ལེ་ཁ་དོག་རྣམ་པ་ལྔ་སངས་རྒྱས་ལྔའི་རང་བཞིན་དབུས་མཐིང་མདོག །ཤར་དཀར་པོ། ལྷོ་སེར། ནུབ་དམར། བྱང་ལྗང་བ་རྣམས་གསལ་བར་བལྟའོ། །གསུམ་པ་ངག་རྡོ་རྗེ་བཟླས་པའི་དེ་ཉིད་ནི། སྲོག་འགོག་པ་དང་ལྡན་བྱས་པས། །དེ་ནས་རླུང་ཁྲུ་གང་ཙམ་གྱི་ཐད་ནས་བརྔུབས་ཏེ་ནང་དུ་འཇུག་པ་ཨོཾ། ཞུགས་ནས་ཐིག་ལེ་རྣམས་ལ་ཐིམ་པ་ཨཱཿ མི་ཐུབ་པ་དང་དེ་ལས་བྱེ་སྟེ་ཕྱིར་གཏོང་བ་ཧཱུྃ་སྟེ་ཁ་སྦྱར་གྱི་བསམ་གཏན་བུམ་པ་ཅན་དུ་བྱས་ནས་སྲོག་ཕྱིར་རྒྱུ་བ་དགག་པར་བྱའོ། །བཞི་པ་འོད་གསལ་བའི་དེ་ཉིད་ནི། སྐད་ཅིག་ཉིད་ལ་འབར་འགྱུར་ཏེ། །དེས་ཐིག་ལེ་སོ་སོ་ལས་གཏུམ་མོའི་མེ་རང་རང་གི་མདངས་སུ་འབར། འཁོར་ལོ་བཞིའི་རྩ་བསྲེགས་ཏེ་སྤྱི་བོ་ནས་གཡས་རོ་མའི་སྣའི་བུ་ག་ནས་འཐོན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་ཚོགས་ཀྱི་ཤངས་གཡས་ནས་ཞུགས་ཏེ། དེ་དག་གི་འཁོར་ལོ་བཞི་བསྲེགས་ནས་བྱང་ཆུབ་ཀྱི་སེམས་བཞུ་བའི་རྒྱུན་དང་བཅས་སླར་ཤངས་གཡོན་ནས་དྲངས་ནས་བདག་ཉིད་ཀྱི་སྣ་བུག་གཡོན་པའི་ཆ་ནས་སྟེང་ཛཱ་ལན་དྷ་ར་ཚུན་འོངས་ཏེ། དེ་ནས་དབུ་མའི་ནང་དུ་ལྷུང་བར་ཡང་དང་ཡང་དུ་བསྒོམ་མོ། །དེས་གཏུམ་མོའི་མེའི་ནུས་པ་གྲུབ་ནས་ལུས་དྲོད་ཀྱི་རང་བཞིན་དུ་བརྟན་པོར་འགྱུར་ལ། དེའི་མཐུས་བྱང་ཆུབ་ཀྱི་སེམས་ཞུ་ཞིང་འཕེལ་བས་བདེ་བ་མཐའ་ཡས་པ་རྙེད་ཅིང་། དེ་ལ་ཞེན་པས་ཕྱི་རོལ་ལ་བློ་མི་འཇུག་པར་ནང་དུ་སེམས་འཆིངས་བའི་རྣམ་པར་མི་རྟོག་པ་བརྟན་ལ། དེའི་དབང་གིས་སྒྱུ་འཕྲུལ་གྱི་སྣང་བའི་འོད་གསལ་འབྱམས་ཀླས་པའི་ཞུགས་ཤིང་སོ་སོ་རང་གི་རིག་པའི་མེས་སྦྱངས་པ་འཐོབ་བོ། །ལྟ་བ་ཟུང་འཇུག་གི་དེ་ཉིད་ནི། འཇིག་རྟེན་ཁམས་རྣམས་མཆོད་པའི་གནས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །ཞུ་བའི་སེམས་དང་ཚོགས་པ་གཅིག་པའི་མེ་ལྟེ་བར་བརྟན་པས་ལྟེ་བའི་དཀྱིལ་འཁོར་དཀར་ལ་སྲ་ཞིང་བརྟན་པ་དང་། སྙིང་གར་མངོན་པར་ཤེས་པ་ལྔ་ཐོབ་པ་དང་། མགྲིན་པར་ཁམས་གསུམ་གྱི་རོ་ལ་ལོངས་སྤྱོད་ཅིང་ཚིག་གི་མཆོག་འགྲུབ་པ་དང་། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ་དང་། དཔུང་པར་རོ་སྟོད་འཕེལ་ཞིང་སྟོབས་ཚད་མེད་པ་དང་། སྤྱི་གཙུག་ཏུ་བརྟན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་ལྷན་ཅིག་རྡོ་རྗེ་འཆང་ཆེན་པོ་ཉིད་གྲུབ་པར་འགྱུར་ཏེ། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་ཅིང་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །ཇི་ལྟར་ལྟེ་བར་བརྟན་ནས་འཁོར་ལོའི་སྲོག་ཤིང་དབུ་མ་མཐོང་ལ། དེ་ནས་འཁོར་ལོ་བཞི་པོ་དེ་དག་གི་མི་ཤིགས་པའི་ཐིག་ལེར་གཏུམ་མོ་འཇུག་པ་དང་། གནས་པ་དང་། དེའི་འོད་ཟེར་གྱི་སྤྲིན་ལྡང་སྡུད་ལ་སྦྱངས་པས་ཐིག་ལེའི་དབུས་སུ་རིགས་ལྔའི་ཚོམ་བུ་མཐོང་བར་འགྱུར་ཏེ། འདུས་པར། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་ཡོངས་མི་སྤྲོ། །སངས་རྒྱས་འབར་བ་འདྲ་བའི་འོད། །མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ། །འཁོར་ལོ་རྡོ་རྗེ་རིན་ཆེན་སྤྲིན། །པདྨ་རལ་གྲི་མཚོན་ཆ་འཛིན། །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །ཞེས་པའི་འགྲེལ་པ་སྒྲོན་གསལ་དུ། །རིན་ཆེན་ཆེན་པོ་ནི་མི་ཤིགས་པར་གྲགས་པ་སྟེ་སངས་རྒྱས་ཀྱི་རིན་པོ་ཆེ་བསྐྱེད་པས་སོ། །ཁ་དོག་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ་ཞེས་བྱ་བ་ནི་ཐིག་ལེའི་གཟུགས་ཅན་ཡིན་པས་སོ། །སྣའི་རྩེ་མོར་ཞེས་བྱ་བ་ནི་སྙིང་གའི་པདྨའི་ལྟེ་བར་རོ། །ནན་ཏན་དུ་ཞེས་པ་ནི་བརྩོན་པ་ཉིད་ཀྱིས་འཇུག་པ་དང་། གནས་པ་དང་། ལྡང་བ་དང་། སྡུད་པའི་རྣལ་འབྱོར་གྱིས་རྟག་པར་ཉིན་མཚན་དུ་བསྒོམ་པར་བྱའོ། །བརྟན་པ་ནི་རྟག་པ་སྟེ། དེ་གང་ཞེ་ན་མི་ཤིགས་པའོ། །དེ་ལས་རིན་ཆེན་ཏེ་ཁ་དོག་ལྔ་པའི་འོད་ཟེར་གྱི་ཚོགས་སྤྲོ་བར་བྱ་ཞིང་། འཇུག་པ་དང་། གནས་པ་དང་། ལྡང་བས་བསྐོར་བར་བྱའོ། །བརྟན་པར་མ་གྱུར་ཞེས་བྱ་བ་ནི། མི་ཤིགས་པའི་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་རྣལ་འབྱོར་འདི་བྱའི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་སྤྲོ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་འབར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་འབར་བ་ནི་འོད་ཟེར་རྣམ་པ་ལྔའོ། །དེ་དང་འདྲ་བའི་འོད་དཀྱིལ་འཁོར་རྣམ་པ་བཞི་སྟེ་གཡས་པ་ལ་སོགས་པའི་དབྱེ་བས་དེ་བཞིན་གཤེགས་པའི་སྤྲིན་སྤྲོས་པས་ནམ་མཁའི་ཁོངས་སུ་གཏོགས་པ་དགང་བར་བྱའོ་ཞེས་བྱ་བ་སྟེ་མཐར་ཐུག་པའོ་ཞེས་གསུངས་ལ། འདིར་སྙིང་གར་ཞེས་པའང་། སྙིང་ག་ནི་ལྟེ་བའོ་ཞེས་དྲི་མེད་འོད་ལས་གསུངས་པ་བཞིན་འཁོར་ལོ་བཞི་ཀའི་ལྟེ་བ་ལ་བྱའོ། །དང་པོར་ལྟེ་བ་དེ་ནས་སྙིང་མགྲིན་སྤྱི་བོར་ཐིག་ལེའི་ནང་གི་སྐུ་དེ་མཐོང་ནས་བརྟན་པོར་གྱུར་པ་ན་སྤྲོ་བ་དང་། བསྡུ་བ་དང་། གནས་ཤིང་ཞུགས་པ་ཡང་ཡང་དུ་བསྒོམ་ཞིང་། སྤྲོ་བ་ན་སངས་རྒྱས་སུ་མ་ཟད་བྱང་ཆུབ་སེམས་པའི་ཚོགས་རྣམས་ཀྱང་སྤྲོ་བ་ཡིན་ལ་ཚད་ནི་ནམ་མཁའ་གང་བར་ཏེ། འདི་ཐམས་ཅད་སྟོང་གཟུགས་ཁོ་ནའོ། ལྔ་པ་ཤུགས་ལས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་པ་བཤད་པ་ལ། ལས་ཀྱི་ཙཎྜྻ་ལི། རྣལ་འབྱོར་གྱི་ཙཎྜྻ་ལི། ལྷན་གཅིག་སྐྱེས་པའི་ཙཎྜྻ་ལི་གསུམ་ལས། དང་པོ་ལ་རླུང་བསྲེ་བ། རླུང་སྦྱང་བ། རླུང་དཀྲུགས་པ་གསུམ། དང་པོ་ལ། ཉི་མ་དང་ལྷན་ཅིག་པའི་རླུང་གིས་སྟོང་བཞིའི་ཡུལ་བཙལ། ཟླ་བ་དང་རོ་གཅིག་པའི་རླུང་གིས་དགའ་བཞིའི་ཉམས་བསྐྱེད། སྒྲ་གཅན་དང་མི་ཕྱེད་པའི་རླུང་གིས་ཉི་ཟླ་འཛིན་པའི་གནད་བཤད་པ་གསུམ་ལས། དང་པོ་ནི། འོག་གི །ཀུན་ཏུ་འོད་ནི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །ཞེས་པ་བསྒོམ་པའི་ཐབས་སུ་བཤད་པ་སྟེ། ལུས་སྐྱིལ་ཀྲུང་། ལག་པ་པུས་མོ་ལ་གླན། མིག་གི་ལྟ་སྟངས་ཧུར་ཕྱུང་སྟེ་མདུན་དུ་གཏད། སེམས་ཀྱི་ལྷར་རྗེས་སུ་དྲན་པའི་ལུས་ཀྱི་དབུས་སུ་ཨ་བ་དྷུ་ཏཱི་འོད་ཀྱི་སྐུད་པ་ལྟ་བུ་ལས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འོད་ཟེར་འཕྲོས་པ་ལྟ་བུ་སྦུ་གུ་ཅན་དུ་བསྒོམས་ཏེ། འོག་སྒོ་དྲག་ཏུ་འཛུམ་པ་དང་ལྷན་ཅིག་ཤུགས་ཕྱུང་སྟེ་དྲངས་པའི་འོག་རླུང་ནག་པོ་གྱེན་དུ་འཚུབས་པས་བསྐུལ་བའི་གཏུམ་མོའི་མེ་ལྕེས་ལུས་ཐམས་ཅད་མ་རིག་པ་དང་བྲལ་བའི་ཉི་འོད་དམ་མགར་གྱི་སོལ་མལ་ལྟ་བུར་བྱས་པ་དམིགས་ཏེ། སྲིན་པོའི་ཞལ་བསྡམ་ཞིང་ཐུར་སེལ་གཡོ་བ་མེད་པ་བཟུང་བའི་མཐར་མི་ཐུབ་ན་ལུས་གཡོན་དུ་དྲག་ཏུ་ལན་གསུམ་གཅུས་ལ་སྣ་ནས་དལ་བུས་ལན་གསུམ་གཏོང་། དེ་ནི་འོག་གི་བུམ་ཅན་ནོ། །གཉིས་པ་ནི། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ལུས་གནད་དེ་ཉིད་ལ། དམིགས་པ་སྤྱི་བོའི་མི་ཤིགས་པའི་ཐིག་ལེ་མཆེད་དེ་འཛགས་པའི་རྒྱུན་ལྕེ་ཆུང་དུ་བབས་པའི་ནུ་མ་ལྟ་བུ་ལས་འོ་མ་བཞིན་འཛག་པའི་ཉིང་ཁུས་རྩ་ཐམས་ཅད་གང་བས་ལུས་ཟླ་བའི་འོད་ཀྱི་ཟླ་ཤེལ་དུ་བྱས་པར་དམིགས་ཏེ་བརྔུབ་པ་གསུམ་གྱིས་སྲོག་དྲག་ཏུ་མནན་པ་མི་ཐུབ་ན། མཐར་ལུས་གཡས་སུ་ལན་གསུམ་གཅུས་ལ་སྣ་གཡས་ནས་གཏོང་། དེ་ནི་སྟེང་གི་བུམ་པ་ཅན་ནོ། །གསུམ་པ་ནི། འོག་འཐེན་སྟེང་མནན་ཏེ་ཁ་སྦྱར་བ་ན། དང་པོར་སོར་གཅིག་མ་རེག་པ་དང་། དེ་ནས་བར་མེད་དུ་སྦྱར་བ་དང་། མཐར་རོ་གཅིག་ཏུ་འདྲེས་པས་ལུས་ཐམས་ཅད་བཀང་སྟེ་དབུ་མར་སེམས་ཞེན་དུ་བཅུག་པས་རྣམ་པར་མི་རྟོག་པ་གྲུབ་སྟེ། དེ་བརྟན་པས་ནན་གྱིས་མ་མནན་ཡང་ཕྱིར་མི་འབྱུང་བར་སྡོད་པ་ཕུས་བཏབ་པའི་ལྒངས་པ་སྐམ་པོ་ལ་བུ་ག་བཏོད་ཀྱང་རླུང་མི་འབྱུང་བ་བཞིན་ཡིན་པས་འགའ་ཞིག་ཏུ་ཞི་བ་ཅན་ཞེས་ཀྱང་བཤད་དོ། །དེ་ནི། ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའི་ཇི་བཞིན་རབ་ཏུ་གནས། །ཞེས་པའི་དོན་ནོ། །གཉིས་པ་རླུང་སྦྱང་བ་ལ། གསང་བའི་སྣ་རྩེ། སྟེང་གི་སྣ་རྩེ། སྙིང་གའི་སྣ་རྩེ་གསུམ་ལས། དང་པོ་ནི། ལུས་གནད་སྐྱིལ་ཀྲུང་། ལག་པ་ཐལ་མོ་སྦྱར་ལ་མཐེ་བོང་གུང་མོ་མཐེའུ་ཆུང་གསུམ་རྩེ་སྤྲད་ལ་ལྷག་མ་རྣམས་བསྐུམ་སྟེ་པུས་མོའི་ཁར་བཞག །རླུང་མི་ཐུབ་ལ་ཁད་པ་དང་ཕྱག་རྒྱ་དེ་པུས་མོ་ནས་ཡར་རིམ་པ་བཞིན་ཤུགས་ཕྱུང་ནས་སྤྱི་བོར་འཁྱེར། ཡང་རིམ་བཞིན་དབབ། མཐར་རླུང་དལ་བུས་གཏོང་། དམིགས་པ་ནི་རང་ལྷ་ཡབ་ཡུམ་དུ་གསལ་བའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས་རྡོ་རྗེའི་བུ་ག་ནས་བྱུང་ནས་པདྨའི་སྣའི་རྩེ་མོར་བྱང་ཆུབ་སེམས་ཀྱི་ཐིག་ལེའི་གཟུགས་སུ་བསྒོམ་པར་བྱའོ། །དེ་ཡང་། རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ཞེས་པའི་ངེས་པའོ། །གཉིས་པ་ནི། ལུས་གནད་དེ་ཉིད་ལ། གྱེན་དུ་འགྲོ་བའི་དབུགས་ནི་རིན་ཆེན་ཏེ་ཁ་དོག་ལྔ་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀུན་རྫོབ་པའི་སྣ་རྩེར་བྱུང་ནས་གོང་བུའི་གཟུགས་སུ་བརྟག་པར་བྱའོ། །དེས་འཚོ་བ་མཆེད་པའམ་རིང་དུ་རྒྱས་པར་བྱེད་པས་དབང་བསྐུར་བའམ་ལུས་རབ་ཏུ་གནས་པ་ཞེས་བྱ་བ་སྟེ། ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །ཞེས་པའི་བརྗོད་བྱའོ། །གསུམ་པ་ནི། ལུས་འདྲ་བུམ་པ་ཅན་གྲུབ་པས་རླུང་དང་སེམས་འདྲེས་པར་གྱུར་པ་ན། སྙིང་གའི་སྣ་རྩེ་འཁོར་ལོ་དྲུག་གི་ལྟེ་བའི་པདྨར་སྲོག་གི་རླུང་དབུ་མའི་ནང་ཉིད་དུ་ཕྱུང་ནས་བརྡེག་པ་སྟེ་འགྲོ་འོང་དང་བྲལ་བར་བྱའོ། །དེས་རྟོག་པ་མེད་པའི་རླུང་དུ་བ་སོགས་རྣམས་པ་བཅུ་ཉིད་དང་། དེ་དག་རྗེས་སུ་མྱོང་བའི་སེམས་བཅུའང་དེ་དག་གི་ཐིག་ལེར་ཟིན་པར་འགྱུར་ཏེ། འདུས་པར། རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་སོན་པར་འགོད། །འགགས་པ་རིན་ཆེན་དབང་པོར་བཅས། །གཟུངས་བར་བྱའོ་འཛིན་པར་བརྗོད། །ཅེས་འདི་ལ་ནཱ་རོ་ཞབས་ཀྱིས། །དེ་བཞིན་དུ་ཡིད་སྐྱོབ་པར་འགྱུར་བའི་ཕྱིར་རང་སྔགས་ཏེ་སྲོག་སྙིང་གར་ལྟེ་བའི་དབུས་སུ་བསམས་ནས་ཐིག་ལེར་སོན་པ་ནི་ཐིག་ལེའི་གནས་དཔྲལ་བ་སྟེ། དེར་དགོད་ཅེས་དགག་པར་བྱའོ། །འགག་པ་རིན་ཆེན་དབང་པོར་བཅས། །གཟུང་བར་བྱའོ་ཞེས་པ་འགྲོ་འོང་དང་བྲལ་བར་བྱའོ། །འཛིན་པར་བརྗོད་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དོ། །ཞེས་གསུངས་སོ། །སྒྲོན་གསལ་དུ། རང་དབང་ཞེས་བྱ་བ་ལ་རང་གི་གཟུགས་ལ་སོགས་པའོ། །དབང་པོ་ནི་མིག་ལ་སོགས་པ་སྟེ། དེ་ལ་རང་དབང་གཉིས་དགག་ཅིང་ངེས་པར་ཐིམ་ནས་དེའི་འོག་ཏུ་ཡུལ་དང་དབང་པོའི་རྟེན་དུ་གྱུར་པའི་རིན་པོ་ཆེ་སྟེ། སེམས་ཀྱི་རིན་པོ་ཆེ་ལ་སྲོག་དང་རྩོལ་བ་དང་བཅས་པར་དགག་ཅིང་ནུབ་པར་གྱུར་པའི་གཟུང་བ་གང་ཡིན་པ་དེ་ནི་འཛིན་པ་ཡིན་པར་བཤད་དོ་ཞེས་སོ། འཛིན་པའི་ངོ་ཏི་འོད་གསལ་ཏེ། འདུས་པར། འགོག་པ་རྡོ་རྗེར་བགྲོད་སེམས་ལ། །མཚན་མ་ངེས་པར་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །ཞེས་སོ། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ལས། སྔོན་ནི་ཇི་ལྟར་འོངས་པ་བཞིན། །རིམ་པ་འདི་ཡིས་ཐིམ་འགྱུར་ཏེ། །དང་པོར་ས་ནི་ཆུ་ལ་འཇུག །ཆུ་ནི་མེ་ལ་ཐིམ་འགྱུར་ཞིང་། །མེ་ནི་རླུང་ལ་ཐིམ་པར་འགྱུར། །རླུང་ནི་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་འཛིན་པར་གཤེགས་ནས་སུ། །འོད་གསལ་བར་ནི་དེ་ནས་ཞུགས། །ཞེས་དང་། རིམ་ལྔར། སྟོང་པ་གསུམ་ནི་རྣམ་དག་གང་། །འོད་གསལ་བར་ནི་འདིར་བཤད་དོ། །ཞེས་གསུངས་སོ། །དེ་འདྲ་བའི་འོད་གསལ་དེ་ཏིལ་ལ་ཏིལ་མར་བཞིན་སེམས་ཅན་ཐམས་ཅད་ལ་གནས་ཀྱང་བདེན་པ་མ་མཐོང་བར་དུ་མི་རྟོགས་པས། བདེན་པ་མ་མཐོང་བར་དུ་རྣམ་པར་ཤེས་པའི་ཁམས་དེ་མི་ཤེས་པར་གསུངས་སོ། །དེ་ཉིད་ཀུན་གཞི་རྣམ་པར་ཤེས་པ་ཡིན་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ། །ཞེས་ཡེ་ཤེས་རྡོ་རྗེ་ཀུན་ལས་གཏུས་པ་ལས་གསུངས་སོ། །འོད་གསལ་ཡང་སེམས་ཀྱི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་གཉིས་སུ་ཁ་ཆེ་ལཀྵཱི་བཞེད་ལ། སྐབས་འདི་ནི་སེམས་ཀྱི་འོད་གསལ་ཏེ། སེམས་རྣམ་པར་དབེན་པ་ཡིན་ནོ། །ཟླ་བས་ནི་རིན་པོ་ཆེ་ཞེས་པ། དབེན་གཞི་འོད་གསལ་ལ་བཞེད་ལ། ནཱ་རོ་པས་གང་གིས་དབེན་པའི་སེམས་ལ་བཞེད་པ་འབྲུ་ཙམ་ཐ་དད་ཀྱང་དོན་ཁྱད་མེད་དོ། །ཐ་མལ་གྱི་དབང་པོ་དྲུག་རྣམ་ཤེས་དྲུག་ཡུལ་དྲུག་སྟེ་བཅོ་བརྒྱད་ཀྱིས་དབེན་པར་མ་ཟད་ནང་གི་སྟོང་པ་ཉིད་ཀྱི་ཡུལ་འཛིན་པའི་དབང་པོ་དྲུག་དང་སེམས་དྲུག་དག་གིས་ཀྱང་དབེན་པས་ཀུན་རྫོབ་དང་སྒྲིབ་པར་བཤད་པའི་ཆ་རིགས་པར་འགོག་པས་འོད་གསལ་འདི་ལ་ཡང་དག་པའི་མཐའ་དང་འགོག་པར་བཤད་དོ། །འགག་གཞི་འོད་གསལ་བ་དེ་ཉིད་སྟོང་པའི་གཟུགས་རྣམ་པ་ཐམས་ཅད་པ་ཡིན་པས་ཉན་ཐོས་ཀྱི་འགོག་པ་དང་མཚན་ཉིད་ནི་མི་མཐུན་ལ། འགོག་པའི་བདེན་པའི་དགག་བྱ་ཆོས་མངོན་པ་ལས་བཤད་པ་དང་མིང་མཐུན་པ་ཙམ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་ལས། དེ་བཞིན་ཉིད་ལ་དམིགས་པས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགག་པ་དེ་འགོག་པའི་མཚན་ཉིད་དོ། །ཞེས་དང་། སྟོན་པས། གང་དུ་མིག་དང་རྣ་བ་དང་། །དེ་བཞིན་སྣ་དང་ལྕེ་དང་ལུས། །ཡིད་དང་དེ་བཞིན་མིང་དང་གཟུགས། །མ་ལུས་པ་ནི་འགག་གྱུར་པ། །ཞེས་དང་། གང་དུ་མི་འགག་པ་དང་། ཁ་དོག་གི་འདུ་ཤེས་མེད་པར་གྱུར་པ་དང་། ཆོས་ཀྱི་བར་དུ་འགག་པ་དང་། ཆོས་ཀྱི་འདུ་ཤེས་མེད་པར་འགྱུར་བ་དེ་ནི་གནས་སུ་རིག་པར་བྱའོ། །ཞེས་ཤེས་བྱེད་དང་བཅས་ཏེ་གསུངས་པ་ལྟ་བུའོ། །འདིར་ནི་དེ་བཞིན་ཉིད་ཀྱང་འོད་གསལ་དེ་ཉིད་ལ་བྱ་སྟེ་ཡང་དག་པའི་མཐའ་ཞེས་གསུངས་པའི་ཕྱིར་དང་། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་བཤད་པའི་ཕྱིར་རོ། །འདུས་པའི་ལེའུ་དྲུག་པ་ལས། །སེམས་ལ་དམིགས་པ་བདག་མེད་པས། །ངག་དང་ལུས་ཀྱང་རྣམ་པར་བསྒོམ། །རྣམ་གསུམ་སྦྱོར་བ་ནམ་མཁའ་དང་། །མཉམ་ཉིད་གནས་ནི་བསྒྲུབ་པར་བྱ། །ཞེས་གསུངས་པའི་འགྲེལ་པར། སེམས་ལ་དམིགས་པ་ནི་རིམ་པ་གཉིས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །དེས་བྱས་པ་ནི་སེམས་ཀྱི་བདག་མེད་པ་གང་ཡིན་པ་སྟེ་དེ་ནི་སེམས་ཀྱི་བདག་མེད་པའོ། །ངག་དང་ལུས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ངག་དང་ལུས་ཀྱང་བདག་མེད་པར་རྣམ་པར་བསྒོམས་པས་སེམས་སོ་སོར་རྟོག་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏེ། འདི་ནི་སྐུ་དང་། གསུང་དང་། ཐུགས་ཀྱི་མཚན་ཉིད་ཤེས་རབ་དང་། ཐབས་དང་། ཉེ་བར་ཐོབ་པ་གསུམ་སྟོན་པར་འགྱུར་བ་ཡིན་ནོ་ཞེས་གསུངས་ཏེ། སེམས་དབེན་པ་ནི་རང་བཞིན་བརྒྱད་ཅུའི་སེམས་སུ་མ་ཟད་སྐབས་དེར་སྣང་བ་གསུམ་ཡང་ཐིམ་ཞིང་འགགས་པ་ཡིན་ལ། དེའི་ཚེ་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཤེས་ལ། ཡང་དག་པ་ཇི་ལྟ་བ་དེའང་སེམས་ཀྱི་བདག་མེད་པ་ལ་བྱ་ཞིང་། སྤྱོད་བསྡུས་དང་རྣམ་སྣང་མངོན་བྱང་ལས། སེམས་ཀྱི་ཡང་དག་པ་ནི་གཞི་མེད་རྩ་བྲལ་དུ་རྟོགས་པ་ལ་གསུངས་པ་དང་། སེམས་དབེན་འདི་མཐོང་ན་ཕྱིན་ཆད་འཁོར་བར་སྐྱེ་བ་ལེན་པའི་ལས་གསར་པ་མི་གསོག་པ་ལས་ཀྱི་མཐའ་རྣམ་པར་འབྱེད་པས་གསུངས་སོ། །ཇི་ལྟར་ནམ་མཁའ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པའི་དུས་དང་། ཉིན་མོ་ཉི་མའི་འོད་ཀྱིས་ཁྱབ་པའི་དུས་ནའང་བྱིས་པ་རྣམས་ནམ་མཁའ་མཐོང་བར་ཐ་སྙད་བྱེད་པ་ལྟར། སྣང་བ་གསུམ་གྱི་ངོ་བོ་འདི་མཐོང་བ་ན་སེམས་ཀྱི་རང་བཞིན་མཐོང་ངོ་སྙམ་དུ་མོས་པ་སྐྱེ་བར་འགྱུར་ལ། ཐོ་རངས་ཀྱི་ནམ་མཁའ་སྣང་མུན་གྱིས་བསླད་པ་རགས་པ་དང་བྲལ་ན་ནམ་མཁའ་ལེགས་པར་མཐོང་ངོ་སྙམ་དུ་བྱིས་པ་ལ་བློ་སྐྱེ་བ་དེ་བཞིན་དུ་སྣང་གསུམ་ལས་འདས་པའི་འོད་གསལ་མཐོང་བ་ན་སེམས་ཀྱི་ངོ་བོ་ཉིད་མཐོང་ངོ་ཞེས་ཐ་སྙད་བྱེད་དེ། ཕྱོགས་མཐོང་བ་ཡིན་གྱི། དཔེར་ན་ནམ་མཁའི་ངོ་བོ་ཉིད་ནི་ཆོས་ཀྱི་སྐྱེ་མཆེད་ཡིན་པས་མིག་གི་ཤེས་པས་མཐོང་བ་མེད་དོ། །དེ་བཞིན་དུ་སེམས་རྣམ་པར་དབེན་པའི་གནས་སྐབས་འདིའི་འོད་གསལ་དེ་ནི་མངོན་སུམ་དུ་མཐོང་ཡང་ཆོས་ཉིད་ཟབ་གསལ་གཉིས་སུ་མེད་པ་དངོས་སུ་མཐོང་བ་མ་ཡིན་ལ། མངོན་པར་བྱང་ཆུབ་པའི་ཆོས་དངོས་སུ་མཐོང་བ་ཡིན་ནོ། །གང་གིས་དབེན་པ་ཞེས་པ་ནི་རྣམ་པ་བཞི་སྟེ། མིག་སོགས་དབང་ཤེས་ཐ་སྙད་དུ་མ་འཁྲུལ་བའི་རྣམ་པ་དང་། དུང་སེར་སྣང་སོགས་དབང་པོ་དྲུག་བསླད་པ་ལས་བྱུང་བའི་རྟོག་མེད་འཁྲུལ་པའི་སྣང་བ་དང་། སྒྲ་དོན་ཅན་གྱི་རྟོག་པ་ལ་ཕྱི་རོལ་ལྟར་སྣང་བའི་རྣམ་པ་དང་། ཏིང་ངེ་འཛིན་གྱི་མཐུ་ལས་ཟག་པ་དང་བཅས་པའི་མངོན་པར་ཤེས་པའི་ཡུལ་གསལ་བར་སྣང་བའི་ཀེང་རུས་ལ་སོགས་པ་གསལ་བར་སྣང་བའོ། །རྣམ་པ་དེ་དག་ལས་རྟོག་མེད་མ་འཁྲུལ་བའི་སྣང་བ་ནི་དམིགས་པའི་རྐྱེན་ལས་བྱུང་བ་ཡིན་ལ། རྟོག་མེད་འཁྲུལ་པ་རྣམས་ནི་ནད་ལ་སོགས་པས་དབང་པོ་དྲུག་བསླད་པ་ལས་བྱུང་བ་ཡིན་ཞིང་། རྟོག་པའི་སྣང་བ་ནི་བག་ཆགས་ཀྱིས་དཀྲུགས་པ་ལས་གྱུར་པ་དང་། ཏིང་ངེ་འཛིན་ལ་ཡང་དག་པ་དང་ཡང་དག་མ་ཡིན་པར་སྣང་བ་ནི་ཏིང་ངེ་འཛིན་གྱིས་ཡིད་ཀྱི་དབང་པོ་བཅོས་པ་ལས་བྱུང་བ་ཡིན་ནོ། །རྣམ་པ་དེ་དག་དང་བྲལ་བས་སེམས་དབེན་པ་ཞེས་གཞག་ལ། འོན་ཀྱང་དེ་ཡི་དབྱེ་ཡོད་དེ། མཚན་མོ་ཉིན་མོའི་མཚམས་བདག་ཉིད། །ཅེས་ཐོག་མའི་རང་རིག་དེ་ལ་ནམ་མཁའ་ལྟ་བུའི་རྣམ་པ་ནི་ཡོད་ལ། སྣང་བ་གསུམ་པོའང་རང་རིག་དེ་དང་དུས་མཉམ་པ་ནི་མ་ཡིན་ཏེ། རང་རིག་ཙམ་སྟེ་གོམས་པ་ལས་ཕྱིས་འབྱུང་བའི་ཕྱིར་རོ། །དེ་ཉིད། པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །ཞེས་བཤད་པའི་སྙིང་ངོ་། །གསུམ་པ་རླུང་དཀྲུག་པ་ལ། སྙིང་སྟོབས་ཀྱི་ནུས་པ་དཀྲུགས་ཏེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ་བ། རྡུལ་གྱི་ནུས་པ་དཀྲུགས་ཏེ་གསུང་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ་བ། མུན་པའི་ནུས་པ་དཀྲུགས་ཏེ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ་བ་གསུམ་ལས། དང་པོ་ནི། རྐང་པ་གཡོན་བརྐྱང་གཡས་བསྐུམ་ལ་ཕྱག་རྒྱ་སྔར་བཞིན་པུས་མོའི་ཁར་བཞག་ལ། རླུང་ཐུབ་ཚད་གཟུང་མི་ཐུབ་པའི་དུས་སུ་ཕྱག་རྒྱ་དེ་གཡས་སུ་ཤུགས་བསྐྱེད་ལ་འཁྱེར། ལུས་གཡས་སུ་དྲག་པོར་ལན་གསུམ་ཙམ་གཅུ། དེ་ཉིད་བཟློག་སྟེ་བྱའོ། །སྟོང་པའི་གཟུགས་བརྟན་ནས་གཟུགས་དེ་རྣམ་པར་རྟོག་པས་ཅི་འདོད་འདོད་དུ་བསྒྱུར་བར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བ་སྤུའི་བུ་ག་ནས་སྤྲོས་ཏེ་གཏི་མུག་ཅན་ལ་སོགས་པའི་དོན་མཛད་དེ་སླར་རང་ལ་ཐིམ་པར་བསྒོམ་ཞིང་ཞི་སོགས་ཀྱི་ལས་གང་འདོད་པ་དེའང་སྦྱར་ཏེ། དུས་འཁོར་ལས། ཁྱབ་བདག་གིས་ནི་དཔལ་ལྡན་སྔགས་དང་སངས་རྒྱས་གཟུགས་ཀྱང་རྣལ་འབྱོར་པ་ཡིས་དང་པོར་བསྒྲུབ་པར་བྱ། །ཕྱི་ནས་ཉི་མའི་དབྱེ་བ་རྣམས་ཀྱི་གནས་པ་ཡོན་ཏན་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར། །སྔགས་དང་གཟུགས་བརྙན་མ་གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། །དེ་ཕྱིར་དང་པོར་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལས་སྔགས་དང་གཟུགས་ནི་བསྒྲུབ་པར་བྱ། །ཞེས་དང་། བཞི་བརྒྱ་བཞི་བཅུ་རྩ་བཞི་པའི་འགྲེལ་པར། འདིར་གང་གི་ཚེ་རྣལ་འབྱོར་པས་ཨ་བ་དྷཱུ་ཏཱི་ལ་སྲོག་གནས་པ་གཟུགས་རྣམས་པར་གསལ་བ་མཐོང་བ་དེའི་ཚེ་གཟུགས་དེ་ཇི་ལྟར་རྣམ་པར་བརྟགས་པ་དེ་ལྟར་གཟུགས་དེ་མཐོང་བར་འགྱུར་རོ། །ཞེས་སོ། །དེ་ཡང་། བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །ཅེས་པའི་བརྗོད་བྱའོ། །གཉིས་པ་ནི། སློབ་དཔོན་ཨིནྡྲ་བྷུ་ཏཱིས། དེ་ལ་རེ་ཞིག་རྩ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དང་པོ་ཁོང་སྟོང་རྒྱུ་བའི་དབྱིབས་ཀྱི་རྩའོ། །གཉིས་པ་ནི་བྱང་ཆུབ་སེམས་ཀྱི་རྩའོ། །དེ་བཞིན་དུ་བྱང་ཆུབ་སེམས་སྐྱེད་པར་བྱེད་པ་རླུང་གི་རྩའོ། །གང་གི་ཚེ་རྩ་དེ་རྣམས་གནམ་སྟོང་དང་ཉ་དག་གི་མཐར་གང་བར་འགྱུར་ཞིང་མཐའ་དག་གི་ཆ་གཉིས་འདུས་པ་དེའི་ཚེ་བྱང་ཆུབ་སེམས་རྒྱུ་བར་མི་འགྱུར་རོ། །དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་ཀྱང་རྒྱུ་བར་མི་འགྱུར་རོ། །དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་དང་བྱང་ཆུབ་ཀྱི་སེམས་རོ་མཉམ་པ་ཉིད་དུ་འགྱུར་རོ། །དེ་རོ་མཉམ་པའི་ཕྱིར་ཤ་ཁམས་རྣམས་འཇུ་བར་འགྱུར་རོ། །དེ་ཞུ་བའི་ཕྱིར་རུས་པའི་ཁམས་འཇུ་བར་འགྱུར་རོ། །དེ་ཞུ་བའི་ཕྱིར་པགས་པའི་ཁམས་འཇུ་བར་འགྱུར་རོ། །དེ་དག་ཡོངས་སུ་ཟད་པའི་ཕྱིར་ལུས་ལ་སོགས་པའི་ཁམས་གསུམ་ཡོངས་སུ་ཟད་པར་འགྱུར་རོ། །དེ་ནས་དབང་པོ་དང་། ཕུང་པོ་དང་། འབྱུང་བའི་ཁམས་རྣམས་ཡོངས་སུ་ཟད་པར་འགྱུར་རོ། །དེ་བས་ན་གཟུང་བ་དང་འཛིན་པ་རྣམས་མི་དམིགས་སོ། །ཞེས་སྲོག་རྩོལ་གྱི་འབར་བའི་གཏུམ་མོས་དེ་ལྟ་བུའི་ཚུལ་གྱིས་ཕུང་པོ་ཡོངས་སུ་མ་སྦྱངས་ན་ནི་འཁོར་བའི་རྩ་བ་མ་འགགས་པས་འཁོར་བར་འགྱུར་གྱི་ཡེ་ཤེས་ཀྱི་སྐུ་མི་འགྲུབ་བོ། དེ་ནི། བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་མ་ཡིན། །ཞེས་སོ། །གསུམ་པ་ནི་འོད་གསལ་ལས་སྒྱུ་མའི་སྐུ་འབྱུང་བ་ན་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཅིག་ཅར་འབྱུང་བ་དང་། འོད་གསལ་ལས་སྟོང་པ་ཉིད་གསུམ་རིམ་གྱིས་འབྱུང་ལ། དེ་ལས་སྒྱུ་མའི་སྐུ་འབྱུང་བའི་རིམ་གྱིས་པ་སྟེ་གཉིས་ཡོད་ལ། སྐུ་དེ་ཉིད་སྒྱུ་མའི་དཔེ་ཐམས་ཅད་ཀྱིས་མཚོན་པར་བྱེད་པ་ཡིན་ནོ། །དེ་སྒྲུབ་པར་བྱེད་པ་ནི་སྤྱོད་པས་ཏེ། །སྤྱོད་པའང་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་གསུམ་ལས། དང་པོ་གཉིས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ལ། ཕྱི་མ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་མོ་ལ་བརྟེན་པའོ། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །ཞེས་པའི་དོན་ནོ། །གཉིས་པ་རྣལ་འབྱོར་གྱི་གཏུམ་མོ་ནི། དེ་ལྟར་སློབ་པ་ལས་རིམ་གྱིས་ཀུན་ཏུ་སངས་རྒྱས་པའི་ས་ཞེས་བྱ་བ་ས་བཅུ་པའི་ཁྱད་པར་གྱི་ལམ་དུ་རིགས་ལྔ་ལས་གང་ཡང་རུང་བའི་རིགས་སུ་གྱུར་པའི་དེ་བཞིན་གཤེགས་པའི་མིང་ཅན་རྣམས་ཐོབ་པའོ། །དེ་ཡང་། བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །ཅེས་པས་བཤད་ཅིང་། དེས་ཉམས་སུ་ལེན་པ་ནི་མངོན་པར་བྱང་ཆུབ་པ་ལྔ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ཅེས་གསུངས་ཤིང་། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་རྒྱ་ཆེར་བཤད་པ་སྟེ། བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། ས་ཆེན་རབ་ཏུ་འོད་གསལ་བ་ཞེས་སོ། །གསུམ་པ་ལྷན་ཅིག་སྐྱེས་པའི་གཏུམ་མོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ལ། དེ་ཐོབ་པ་ན་སངས་རྒྱས་ཀྱི་སྐུ་རྣམ་པ་བཞི་ཐོབ་པར་བཞག་པ་སྟེ། བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་པས་སོ། །འདི་ལ་གཏུམ་མོ་དགུ་སྐོར་ཞེས་ཀྱང་བྱ། ལུས་ཀྱི་འཁྲུལ་འཁོར་གྱི་གཏུམ་མོ་དང་། དྲོད་བཙན་ཐབས་སུ་དབབ་པ་ཞེས་ཀྱང་བྱའོ། །གཉིས་པ་ཉམས་སམ་འབར་བའི་གཏུམ་མོ་བཤད་པ་ལ། ཉམས་ཀྱི་གཏུམ་མོ་དང་། ཁྱད་པར་གྱི་གཏུམ་མོ་གཉིས་ལས། དང་པོ་ལ། རླུང་ཇི་ལྟར་ཟིན་པའི་ཚུལ། དེ་ལས་འདུས་པ་གསུམ་འབྱུང་ཚུལ། དེ་ནས་རླུང་ལས་སུ་རུང་བའི་ཚུལ། སྲོག་རྩོལ་གནད་དུ་ཚུད་པའི་ཡོན་ཏན་བཞི་ལས། དང་པོ་ནི། རྒྱུ་ལས་ཀྱི་གཏུམ་མོ་བསྒོམས་པ་ལས་འབྲས་བུ་ཐུན་མོང་བའི་ཉམས་ཀྱི་གཏུམ་མོ་སྐྱེ་ལ། དེ་གོམས་པ་ལ་ཁྱད་པར་གྱི་དང་། དེ་མཐར་ཕྱིན་པ་ལས་མཆོག་གི་གཏུམ་མོ་སྐྱེ་བས་རིམ་གྱིས་པ་དང་། དང་པོ་ཉིད་ནས་ཁྱད་པར་གྱི་ཉམས་འཆར་བ་ཐོད་བརྒལ་བ་དང་། མཆོག་གི་གཏུམ་མོ་ཉིད་ལ་ཚེགས་མེད་པར་འཇུག་པའི་ཅིག་ཅར་བ་གསུམ་ཡོད་པའི་ཕྱིར། དེ་ལས་འབྲས་བུ་འཆར་བ་ལ། །ཐུན་མོང་དང་ནི་ཁྱད་པར་དང་། མཆོག་དང་རྣམ་པ་གསུམ་ཡིན་ནོ། །ཞེས་གསུངས་སོ། །ཐུན་མོང་བའི་ཉམས་ཀྱི་གཏུམ་མོ་དེའང་གང་ལས་འབྱུང་ཞེ་ན། ཐུན་མོང་རིམ་པ་བསྟན་པ་ནི། རླུང་ནི་ཟིན་པར་གྱུར་པ་ཡི། །རླུང་ཟིན་པ་ནི་རྣམ་པ་ལྔ་སྟེ། རྒྱུ་བ་ཟིན་པ། རིང་ཐུང་། ཤུགས་ཁ་དོག །སྟོབས་ཟིན་པའོ། །དང་པོ་ནི། སེམས་ཅུང་ཟད་གནས་པས་ཉིན་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འདྲེན་ནུས་པ་ཙམ་ནས་གྲངས་ཇེ་ཉུང་དུ་སོང་བའོ། །གཉིས་པ་ཕྱིར་སོར་བཞི་ནས་བཅུ་དྲུག་གི་བར་རྒྱུ་བ་རྣམས་སོར་གསུམ་དང་བཅོ་ལྔ་ཙམ་དུ་ཕྱིན་ནས་ཟད་པའོ། །གསུམ་པ་ཕྱིའི་རྒྱུ་ཤེད་ཉམས་ནས་མི་མངོན་པ་ཙམ་མོ། །བཞི་པ་རླུང་སོ་སོའི་ཁ་དོག་རགས་པ་མཐོང་བ་སྟེ། དེ་དག་ནི་ཟིན་པའི་གྲངས་སུ་ཆུད་པ་ཙམ་མོ། ལྔ་པ་འབྱུང་བ་གང་ཡིན་པ་དེ་ཕྱིར་མི་འཕོ་བར་རང་གནས་སུ་ནུས་པ་ཐིམ་པ་སྟེ། འདི་ཙམ་ནས་གཏུམ་མོའི་མེའི་རྦ་རླབས་བརྟན་པར་འགྱུར་ཏེ། ཕྱོགས་ཀྱི་བུ་ག་མེད་པའི་ཁྱིམ་གྱི་མེ་ལྕེ་དྲང་པོར་འབར་བ་བཞིན་ནོ། །མྱ་ངན་ལས་འདས་པའི་རྩར་འཁོར་བའི་རླུང་འཇུག་པས། དེ་ལ་ཤོར་ཚུད་ཟིན་གསུམ་འབྱུང་བའི་ཤོར་ན་གཏི་མུག་ཚུད་ན་མི་རྟོག་པ་སྐྱེ་ཞིང་། ཟིན་ན་འོད་གསལ་མཐོང་བར་འགྱུར་རོ། །འདིར་ཚུད་པ་ནི་ཕྱིར་འཕོར་མ་བཅུག་པའི་རླུང་རྣམས་ཀྱིས་ནང་སྐོར་གྱི་རླུང་ཕུལ་བས་ཅུང་ཟད་ཙམ་མདུད་མཚམས་ཀྱི་བུ་གར་འཇུག་སྟེ། །འབས་འབུན་འདོད་པ་བཞིན་སྲོག་རྩོལ་གྱིས་དབུ་མར་ཞུགས་པ་ཞེས་བྱའོ། །དེར་ཟིན་པ་ལས་ནི་འབར་བ་སོགས་རྟགས་དྲུག་ཏུ་འགྱུར་རོ། །འཁོར་བའི་རྩར་འཁོར་བའི་རླུང་འཇུག་པ་ལ་བཞི་ལས། སྡུག་བསྔལ་གྱི་རྩར་སྡུག་བསྔལ་གྱི་རླུང་ཤོར་ན་ཞེ་སྡང་། ཚུད་ན་གསལ་ཉམས། ཟིན་ན་གསལ་བའི་ཉམས་མཐར་ཐུག་པ་སྐྱེ། བདེ་བའི་རྩར་བདེ་བའི་རླུང་ཤོར་ན་འདོད་ཆགས། ཚུད་ན་བདེ་ཉམས། ཟིན་ན་བདེ་ཉམས་མཐར་ཐུག །སྡུག་བསྔལ་གྱི་རྩ་ནང་དུ་བདེ་བའི་རླུང་ཤོར་ན། ཞེ་སྡང་གིས་བསླངས་པའི་ཆགས་པ་སྐྱེ། ཚུད་ན་གསལ་བ་དེའི་ཉམས་ཅུང་ཟད་ཙམ། ཟིན་ན་མཐར་ཐུག་པ། བདེ་བའི་རྩར་སྡུག་བསྔལ་གྱི་རླུང་ཤོར་ན། ཆགས་པས་བསླངས་པའི་ཞེ་སྡང་། ཚུད་ན་བདེ་གསལ། ཟིན་ན་མཐར་ཐུག་འགྲུབ་པར་འགྱུར་ལ། མྱང་འདས་ཀྱི་རྩར་མྱང་འདས་ཀྱི་རླུང་དང་། འཁོར་བའི་རྩར་མྱང་འདས་ཀྱི་རླུང་ཤོར་བ་ནི་མེད་ལ། ཚུད་པ་དང་ཟིན་པ་ནི་ཡོད་དེ་འོག་ཏུ་ཤེས་པར་འགྱུར་རོ། །ཞུགས་གནས་ཐིམ་གསུམ་དུ་བཤད་པའི་ཞུགས་པ་དང་ཚུད་པ། གནས་པ་དང་ཟིན་པ། ཐིམ་པ་དང་ནུས་པ་ཟད་པ་དོན་གཅིག་གོ །གཉིས་པ་དེ་ལས་འདུས་པ་གསུམ་འབྱུང་ཚུལ་ནི། དང་པོ་དྲོ་བ་ལྟ་བུ་འབྱུང་། །རླུང་བཙན་ཐབས་སུ་བཀག་པས་རྩ་མ་བྱང་བར་རླུང་ཞུགས་པའི་སྟོབས་ཀྱིས་རྩ་ཟུག་དང་རླུང་ཟུག་ལ་སོགས་པ་འབྱུང་བས་སྡུག་བསྔལ་གྱི་དུས་ཞེས་སམ། གཏུམ་མོ་འབར་བའི་དྲོད་ཀྱི་རྩའི་ཁ་བྱེ། དེར་རླུང་སེམས་འདུས་པས་འདུས་པ་དང་པོ་དྲོད་ཀྱི་དུས་ཞེས་ཀྱང་བྱའོ། །དེའང་ལས་དགེ་སྡིག་གི་དབང་གིས་ཉོན་མོངས་པ་ཆེ་ཆུང་། དེའི་བག་ཆགས་ཀྱི་རྩ་གཟུགས་ལ་ཁྱད་པར་སྣང་བས་འགའ་ཞིག་ལ་ངན་སོང་གི་གནས་སྦྱོང་། ལ་ལར་མཐོ་རིས། ལ་ལར་དག་པའི་སྣང་བ་འབའ་ཞིག་འཆར་བའམ་ཤེས་པར་བྱའོ། །འདིའི་དུས་ཟུག་རྔུ་དེ་དག་ཁྱད་དུ་བསད་ནས་ཤུགས་ཕྱུང་སྟེ་བསྒོམས་པས་མྱུར་དུ་སྡུག་བསྔལ་གྱི་དུས་འདས་ནས་བདེ་བར་འགྱུར་ཏེ། གཉིས་པ་བདེ་བ་འཆར་བ་དང་། །ལུས་ལ་རླུང་སེམས་རྣལ་དུ་ཚུད་པའི་དྲོད་སྐྱེས་པ་དང་། ལུས་ཟུངས་ཀྱི་འགྱུར་བའང་དྭངས་མར་ཤས་ཆེར་འགྲོ་ཞིང་རྩ་སྒོ་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་ཞུ་སྟེ་བདེ་བ་ལུས་ཐམས་ཅད་དུ་རྒྱས་པས་མྱ་ངན་ལ་སོགས་པའམ་ཤ་འཐེམས་པ་དང་མེས་རེག་པ་ལ་སོགས་པའི་རྐྱེན་གྱིས་འདུས་ཀྱང་རེག་བྱ་བདེ་བར་འཆར་རོ། །དེའི་ཕྱིར་འདུས་པ་གཉིས་པ་འདི་ལ་བདེ་བའི་དུས་ཞེས་བྱའོ། །གསུམ་པ་མི་རྟོག་སྐྱེ་བར་འགྱུར། །ནང་གི་བདེ་བས་སེམས་ཕྲོག་ནས་ཕྱི་རོལ་གྱི་ཡུལ་ལ་བློ་མི་འཇུག །རྒྱུ་དེས་རྣམ་རྟོག་རྒྱུན་ཆགས་ཀྱི་དུག་སྦལ་ཞི་ནས་སེམས་རྣལ་དུ་ཕེབས། དེས་རྦ་རླབས་མེད་པའི་ཞི་གནས་མངོན་དུ་གྱུར་ནས་འདུས་པ་གསུམ་པ་འདི་ལ་མི་རྟོག་པའི་དུས་ཞེས་བྱའོ། །དེ་ནས་རྣམ་རྟོག་ཤུགས་ཀྱིས་འགག །དེ་ལ་གོམས་པར་བྱས་པས་གཟུང་བ་དང་འཛིན་པ་མགོ་ནོན་ནས་རྟོག་པ་མངོན་གྱུར་བ་ཇེ་ཉུང་དུ་ཐལ་བས་བསམ་གཏན་གྱི་སྙོམས་འཇུག་ལ་ཡུན་རིང་པོར་འཇུག་ནུས་པར་འགྱུར་རོ། །འོན་ཀྱང་འདིའི་རྣམ་པར་མི་རྟོག་པ་དང་། རླུང་མ་གཅུན་པའི་རྣམ་པར་མི་རྟོག་པ་མི་འདྲ་སྟེ། རྗེ་བཙུན་རས་ཆུང་པ་ལ། འོ་ན་རླུང་གཅུན་པའི་དུས་ཀྱི་མི་རྟོག་པ་དང་། རླུང་མ་གཅུན་པའི་དུས་ཀྱི་མི་རྟོག་པ་འདྲའམ་ཞུས་པས། མི་འདྲ། རླུང་མ་གཅུན་པའི་མི་རྟོག་པ་དེ་ཚོར་བ་བཏང་སྙོམས་ཀྱི་མི་རྟོག་པ་ལྟེང་པོ་བྱ་བ་ཡིན། རླུང་གིས་བྱིང་རྒོད་ལ་སོགས་པའི་སྐྱོན་བསལ་ནས་མི་རྟོག་པ་རང་གི་མཚན་ཉིད་མངོན་སུམ་དུ་སྐྱེ་བ་ཡིན་གསུངས་པས། འདི་ནི་ཚོར་བ་བདེ་བ་དང་། གསལ་ཆ་ལྷག་པར་ཆེ་བ་ལ་དགོངས་སོ། །ཇི་ལྟར་གསལ་ཆ་ཆེ་བ་ཞེ་ན། དུ་བ་སྨིག་རྒྱུ་མེ་ཁྱེར་དང་། །སྐྱ་རེངས་ཤར་བ་ཇི་བཞིན་དང་། །ནམ་མཁའ་སྤྲིན་དག་ལྟ་བུ་འབྱུང་། །ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་སྟེ་འབྱུང་བ་ལྔའི་རླུང་རང་མལ་དུ་ཞི་བས་དུ་བ་ལྟར་སྐྱ་བོར་སྣང་བ་དང་། ཆུ་གཡོ་བའི་རྣམ་པ་སྨིག་རྒྱུ་དང་། དེ་ནས་སྲིན་བུ་མེ་ཁྱེར་འཕུར་བ་ན་མེ་སྟག་རྒྱུག་པ་ལྟར་སྣང་བ་ལྟ་བུ་དང་། སྐྱ་རེངས་གསུམ་པ་ཤར་བ་ལྟ་བུའམ་མར་མེ་འབར་བ་ལྟ་བུ་དང་། སྤྲིན་དང་བྲལ་བའི་ནམ་མཁའ་ལྟ་བུ་རིམ་པ་བཞིན་འབྱུང་ངོ་། །དེ་དག་ནི་མཚན་མ་སྟེ། ནཱ་རོ་པས། དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་སུ་གྱུར་པའི་ཕྱིར་མཚན་མའོ་ཞེས་གསུངས་ལ། དེ་དག་ཀྱང་སེམས་ཀྱི་སྣང་བ་ཙམ་སྟེ། དེ་ལས་གཞན་པའི་དངོས་པོའི་ཆོས་ཅིའང་མ་ཡིན་ནོ། འོན་ཀྱང་རྣམ་ཤེས་བརྒྱད་པ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བཤད་པ་དེའི་སྣང་བ་ནི་གཏན་མ་ཡིན་ཏེ། གལ་ཏེ་ཡིན་ན་འདི་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་སྣང་བར་གསུངས་པས་རྣམ་ཤེས་བརྒྱད་པ་དེ་ཏིང་ངེ་འཛིན་དུ་འགྱུར་བ་སྲིད་པར་ཐལ་བའི་ཕྱིར་རོ། །མ་བསླད་པའི་ཡིད་ཤེས་ཀྱི་སྣང་བ་ནི་ཡིན་ཏེ། སློབ་དཔོན་ཨཱརྻ་དེ་ཝ་ཡིད་ཀྱི་དབང་པོ་སྣང་བ་གསུམ་ལ་བཞེད་དོ། །འདི་དག་མངོན་གསུམ་གྱི་སྣང་བ་ཟུང་དུ་འཇུག་པ་ཞེས་རབ་ཏུ་བསྔགས་པ་དེའི་ཡ་གྱལ་དུ་གྱུར་ནས་རྒྱལ་བའི་སྐུ་ཆེན་པོར་འགྱུར་བས་སྔགས་ཀྱི་ཐེག་པ་ལས་གསང་བར་གསུངས་པའི་དོན་གྱི་གཙོ་བོ་ཞིག་ཀྱང་ཡིན་ཏེ། ཡེ་ལེའི་ཚིགས་བཅད་བརྒྱ་ཉི་ཤུ་པར། དུ་བ་ལ་སོགས་པ་རྣམས་ཀྱི་མཚན་མ་འཛིན་པ་དག་ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་བར་བྱ་ཞེས་སོ། རྒྱུད་གཞན་རྣམས་སུ་སྙིང་སྟོབས་རྡུལ་མུན་པའི་ཡོན་ཏན་གྱིས་རླུང་དབུ་མར་ཚུད་པ་ལས་འབར་བ། ཟླ་ཉི་སྒྲ་གཅན་གྱི་དཀྱིལ་འཁོར་དང་། ལྷོའི་མེའམ་གློག་ལྟར་སྣང་བ་དང་། ཟླ་བའི་དཀྱིལ་འཁོར་ལྟར་ཟླུམ་ཞིང་ཁ་དོག་ཅུང་ཟད་སྔོ་བའི་ཐིག་ལེ་སྣང་བ་གསུངས་ལ། ཟླ་འོད་གཞོན་ནུའི་རྣམ་པར་ཐར་པ་ལས་འབྱུང་བ་ལྟར་རམ། མདོར་ན་ཁམས་གསུམ་པའི་རང་བཞིན་གྱི་སྣང་བའི་རྣམ་པ་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། པྲ་ཕབ་པ་ལྟ་བུར་རྣལ་འབྱོར་པས་མཐོང་བར་འགྱུར་ཏེ། རྗེ་བཙུན་གྱིས། དབྱར་ཀའི་སྤང་ལ་ཅི་ཡང་སྐྱེ། །རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར། །ཞེས་དང་། རྒྱུད་ལས་ཀྱང་། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་སོ། །འདི་ནི་ཚོགས་ཀྱི་ས་ཞེས་བྱ་སྟེ། རྩ་ནང་དུ་རླུང་དང་བྱང་ཆུབ་ཀྱི་སེམས་དཀར་དམར་ཚོགས་པས་སོ། །སྟོང་ཉིད་ཀྱི་སྲིད་པ་དང་། སྣང་བརྙན་གྱི་ཞི་བ་ལ་མི་གནས་པར་མངོན་སུམ་དུ་གོ་བའི་ཕྱིར་ཐར་པའི་ཆ་དང་མཐུན་པ་ཞེས་བྱ་སྟེ། མཚན་ཉིད་ཐེག་པར་ཐོས་པའི་ཤེས་རབ་རབ་ཀྱི་མཐར་ཕྱིན་པ་ཐོབ་པར་བཤད་པ་བཞིན་ནོ། །འདིར་ཉེ་བར་མཁོ་བའི་མན་ངག་ནཱ་རོ་པས་ཆོས་བཅུ་དྲུག་གམ་སྦ་བཞི་ཞེས་པ་བཤད་དེ། ལམ་དེས་མྱུར་བར་ཁྱད་པར་གྱི་གཏུམ་མོ་སྐྱེ་བའོ། །གསུམ་པ་དེ་ནས་རླུང་ལས་སུ་རུང་བའི་ཚུལ་ནི། དུལ་ཞིང་བརྟན་པ་ས་ཡི་རླུང་། །རགས་པའི་ཁམས་དུལ་བས་ལུས་སྲ་ཞིང་མཁྲེགས་པ་དང་། འཁར་གཞོང་ནང་དུ་ཆུ་བླུག་བཞིན། །འཇམ་ཉལ་བྱེད་ན་ཆུ་ཡི་རླུང་། །ལུས་འཇམ་ཞིང་མཉེན་པ་དང་། །ཚ་ཞིང་ཐིབ་པ་མེ་ཡི་རླུང་། །དྲོད་དང་བཀྲག་མདངས་དང་། རྩེན་ཞིང་མགྱོགས་པ་རླུང་གི་རླུང་། །སྟོབས་ཡང་རྩལ་མགྱོགས་པ་དང་། གསལ་ཞིང་ཡང་བ་ནམ་མཁའི་རླུང་། །ཤེས་པ་གསལ་ཞིང་ལུས་ཤིང་བལ་ལྟར་ཡང་བ་ནམ་མཁའི་རླུང་ལས་སུ་རུང་བ་ཡིན་པས། ལས་སུ་རུང་བའི་རྟགས་ལྔའོ། །དེའི་ཚེ་རྐང་ལག་གི་ཚིགས་རྣམས་སུ་བུམ་པ་ཅན་བྱས་ན་གྲུབ་པ་དང་། སོར་མོའི་རྩེ་ལས་འབྱིན་པ་སོགས་ནུས་ཏེ་རླུང་གི་འཕྲང་ལས་ཐར་བ་ཡིན་ནོ། །བཞི་པ་སྲོག་རྩོལ་གནད་དུ་ཚུད་པའི་ཡོན་ཏན་ནི། སྲོག་རྩོལ་གནད་དུ་ཚུད་པ་ཡིས། །གཡས་གཡོན་འཕོ་དང་། ཡིད་གཏད་པ་ཙམ་གྱིས་གཡས་སམ་གཡོན་དུ་སྤོ་ནུས་པ་དང་། རྣ་བའི་རླུང་ལ་མིག་གི་རྣམ་པར་ཤེས་པ་བསྐྱོན་ནས་མིག་གི་ལམ་དུ་སྤོས་པས་རྣ་བའི་རྣམ་ཤེས་ཀྱིས་གཟུགས་མཐོང་བ་དང་། དེ་བཞིན་དུ་དབང་པོ་གཞན་གྱི་རླུང་རྣམ་པར་ཤེས་པ་དང་བཅས་པ་དེ་བཞིན་དུ་སྤོས་པས་ཡུལ་རྣམས་ལེན་པ་དང་བྱེ་བྲག་ཕྱེད། ཁ་དོག་གི་རྣམ་པ་དབང་པོའི་མངོན་སུམ་དུ་གསལ་བས་གྲངས་ཀྱི་རྣམ་པ་དང་། བརྟེན་པ་ཡིག་འབྲུ་གསུམ་གྱི་སྒྲའི་རང་བཞིན་གསལ་བ་དང་། གནས་དང་ཕྲ་རགས་ཀྱི་ཏིང་ངེ་འཛིན་དང་། མྱུར་བུལ་གྱི་རྣམ་པ་དང་། ལྕི་ཡང་གི་རྣམ་པ་ཤིན་ཏུའང་རྣལ་མར་ཤེས་པའོ། །ཚོར་བ་བདེ་དང་། རེག་པ་བདེ་བ་སྟེ། ཕྱི་རོལ་གྱི་རླུང་གིས་རེག་པ་ན། ཚད་པ་ཆེན་པོའི་ནང་དུ་བསིལ་བའི་བསེར་བུས་རེག་པ་ཙམ་གྱིས་བདེ་བ་དང་། གྲངས་དུས་སུ་ཉི་འོད་ཀྱིས་རེག་པ་ལྟ་བུའི་བདེ་བ་དང་རེག་པ་ཡང་བ་གཉིས་འབྱུང་ངོ་། རང་འདོད་དུ། བསྡམ་དང་། གནོད་པ་མེད་པར། བསྡམ་ནུས་པ་སྟེ། རླུང་གི་རླུང་རྒྱུ་དུས་སུ་ཕྱི་རོལ་དུ་མ་བཏང་བར་ནང་དུ་བསྡམས་ན་ནམ་མཁའ་ལ་འཕུར་བ་དང་། མེ་རླུང་གིས་ཕྱི་རོལ་གྱི་གྲང་བའི་རེག་པ་མེད་པ་དང་། ས་རླུང་གིས་གྱད་ལ་སོགས་པས་བསྒུལ་མི་ནུས་པ་དང་། ཆུ་རླུང་གིས་ཕྱི་རོལ་གྱི་མེས་མི་གནོད་པ་དང་། ནམ་མཁའི་རླུང་རྒྱུ་དུས་སུ་ཕྱིར་མ་བཏང་བར་ནང་དུ་བསྡམས་པས་རི་ཉིལ་བ་ལ་སོགས་པའི་འོག་ཏུ་ཆུད་ཀྱང་ཉམས་ཉེས་པར་མི་འགྱུར་བའོ། །ཕྱི་ནང་བསྲེ་བར་ནུས། ཕྱི་རོལ་སྟོང་གསུམ་གྱི་རླུང་ལུས་ཀྱི་བ་སྤུར་བཅུག་ནས་ལུས་ཀྱི་ནང་དུ་ཤོང་བར་བྱེད་པ་དང་། ནང་གི་རླུང་ཐམས་ཅད་ཀྱང་བ་སྤུའི་བུ་ག་ནས་ཕྱིར་བཏོན་ལ་སྟོང་གསུམ་གང་བར་བྱེད་པའོ། །ནང་གི་ཚ་གྲང་འདྲེས་པའི་རྟགས། །འདུ་བ་རྣམ་བཞིས་གནོད་མི་ཚུགས། །ནང་གི་འབྱུང་བཞིར་རོ་སྙོམས་པས། །རླུང་མཁྲིས་བད་ཀན་འདུས་པའི་ནད་མི་འབྱུང་ཞིང་། དུག་ཀྱང་བཅུད་ཀྱི་ལེན་ཉིད་དུ་འགྱུར་རོ། །མི་སྣང་ས་འོག་ནམ་མཁར་རྒྱུ། །རྐང་མགྱོགས་དེ་བཞིན་བཅུད་ཀྱི་ལེན། །གཞན་གྱིས་མི་མཐོང་བའི་མི་སྣང་བ་དང་། ས་འོག་སྟེ་ས་འོག་གི་བུ་གར་གནས་པའི་དངོས་གྲུབ་དང་། ནམ་མཁར་རྒྱུ་བ་མཁའ་སྤྱོད་དང་། །གྲུབ་པའི་སྔགས་དང་སྨན་རྐང་པ་ལ་བྱུགས་པས་གང་འདོད་པའི་གནས་སུ་སླེབ་པ་རྐང་མགྱོགས། དེ་བཞིན་དུ་དངུལ་ཆུ་ལ་སོགས་གྲུབ་པའི་རྫས་འགའ་ཞིག་ཟོས་པས་ཚེ་བསྐལ་པའི་བར་ཐུབ་པའི་བཅུད་ཀྱི་ལེན་རྣམས། མཁའ་འགྲོ་མ་རྣམས་ཁྱད་པར་དུ། །སྐད་ཅིག་དེ་ལ་སྦྱོར་སྐྱེད་དེ། །བདག་ཉིད་ཀྱི་རྩའི་འཁོར་ལོའི་ལྷ་མོ་རྣམས་མཉེས་པས་ཕྱི་རོལ་གྱི་མཁའ་འགྲོ་མ་ཡུལ་ཉེར་བཞི་ན་གནས་པ་རྣམས་མཉེས་ཏེ། རྣལ་འབྱོར་པ་དེའི་ཅི་བགྱི་བའི་བཀའ་བསྒོ་བ་མོད་དམ་སྐད་ཅིག་ལ་བྱེད་དེ་ཐམས་ཅད་སྦྱོར་བས་ཇི་ལྟར་འདོད་པ་དེ་སྐྱེད་པ་སྟེ་འགྲུབ་པར་བྱེད་ཅེས་པའོ། །སྲོག་རྩོལ་གྱི་རྩ་གཞན་རྣམས་ཀྱང་དབུ་མར་སྦྱོངས་པས་འཕགས་པའི་ལམ་ཉོན་མོངས་པའི་ཤིང་ཐམས་ཅད་སྲེག་པ་མེ་དང་འདྲ་བའི་དྲོད་སྔར་བྱུང་བས་དྲོད་ཅེས་བྱ་སྟེ་ངེས་འབྱེད་ཡན་ལག་དང་པོར་བཞག་གོ །དེའི་ཕྱིར་སོར་བསམ་གྱི་དུས་སུ་རྩ་དག་པ་ཞེས་ཀྱང་གསུངས་སོ། །གཞན་ཡང་ཐུན་མོང་གི་ཡོན་ཏན། རྗེ་བཙུན་ཆེན་པོས། ཕྱི་ཡི་ཚ་གྲང་བཟོད་པ་དང་། །སྐྱིགས་བུ་འདོན་པར་ནུས་པ་དང་། །ལུས་ལ་སྲོག་ཆགས་ཉུང་བ་དང་། །ཤ་བཀྲག་གཏིང་ནས་འབར་བ་དང་། །ལུས་ལ་དྲི་མ་མི་འཆགས་དང་། །ཤིང་བལ་ལྟར་ནི་ཡང་བ་དང་། །དབུགས་ཀྱི་འགྲོ་འོང་མི་ཚོར་དང་། །བརྐྱང་བསྐུམ་གང་ཡང་བདེ་བ་དང་། །ཁ་སྣ་སྣབས་ལུད་ཉུང་བ་དང་། །ལུས་ལ་དྲི་ཞིམ་འབྱུང་བ་དང་། །ཟས་སྐོམ་འདུ་ཤེས་ཆུང་བ་དང་། །གཉིད་ཀྱི་རྟོགས་པ་འགགས་པ་དང་། །རྣ་བར་སྒྲ་སྙན་ཐོས་པ་དང་། །དྲི་བའི་ལན་ལ་མཁས་པ་དང་། །སྨྲ་བ་སྙན་པར་སྨྲ་བ་དང་། །ཚིག་གི་སྡེབ་སྦྱོར་མཁས་པ་དང་། །ཕ་རོལ་སྐྱོན་རྣམས་འཆོས་པ་དང་། །རང་གི་ཡོན་ཏན་སྐྱིམ་པ་དང་། །སྨྲས་པའི་དོན་དང་མཐུན་པ་དང་། །རྫས་ལ་ཆོག་ཤེས་ཡོད་པ་དང་། །འཁོར་ལ་སྐྱོ་བ་སྐྱེ་བ་དང་། །དབེན་པའི་གནས་ལ་དགའ་བ་དང་། །གཅིག་པུར་སྡོད་སྙིང་འདོད་པ་དང་། །ཡང་ཡང་བསྒོམ་སྙིང་འདོད་པ་དང་། །ལུས་ཉིད་ཡོད་དུ་མི་ཚོར་དང་། །ཡུལ་ལ་ངེས་པ་མེད་པ་དང་། །གནས་གཅིག་ཐེར་ཟུག་མ་ཡིན་དང་། །མཁའ་འགྲོའི་ཚོགས་རྣམས་འདུ་བ་དང་། །རྨི་ལམ་ལུང་སྟོན་འབྱུང་བ་དང་། །ཆོས་ལ་བྱན་པོ་ཚུད་པ་དང་། །མངོན་ཤེས་རིམ་བཞིན་འབྱུང་བ་དང་། །ས་བླ་ས་སྟེང་ས་འོག་དང་། །རིལ་བུ་ལ་སོགས་འབྱུང་བ་དང་། །ནུས་པ་སྣ་ཚོགས་འབྱུང་གྱུར་ཀྱང་། །ཞེས་གསུངས་སོ། །རས་ཆུང་ཞབས་ཀྱིས་བཅུ་དྲུག་ཏུ་གསུངས་ཏེ། གོས་མི་དགོས་པ་དང་། ལུས་ཡང་བ་དང་། ཁམས་བདེ་བ་དང་། དབུགས་བདེ་བ་དང་། བྱིང་རྒོད་མེད་པ་དང་། ལམ་ཐམས་ཅད་ཀྱི་གཞི་མར་གྱུར་པ་དང་། ངལ་དུབ་མི་འབྱུང་བ་དང་། ཟས་འཇུ་བ་དང་། འགོ་བའི་ནད་མི་འཇུག་པ་དང་། ལྕེ་འབབ་པའི་འཇིགས་པ་མི་འབྱུང་བ་དང་། ཕྱིའི་གདོན་ཞི་བར་འགྱུར་བ་དང་། ལུས་ལ་སྲོགས་ཆགས་མི་འབྱུང་བ་དང་། ཤ་བཀྲག་གཏིང་ནས་འབར་བ་དང་། སྣབས་ལུད་མི་འབྱུང་བ་དང་། ལུས་ལ་དྲི་མ་མི་འཆགས་པ་དང་། ལུས་ལ་དྲི་མི་ཞིམ་པ་མི་འབྱུང་བ་ལ་སོགས་པའོ། །དེ་ལ་ཡིད་ཆེས་བྱར་མི་རུང་། །དེ་ལ་ངེས་ཤེས་སྐྱེས་པ་ན། །རྣམ་རྟོགས་བགེགས་ཀྱི་དབང་དུ་འགྲོ། །དེ་དེ་ཡིན་ཏེ་དེ་ཉིད་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཞེས་གསུངས་པས། དེ་ལྟ་བུའི་ཡོན་ཏན་ཅི་སྐྱེས་ཀྱང་སྤང་བློ་དང་དགའ་རློམ་མ་ཞུགས་པར་རྩལ་ཕྱུང་སྟེ་བསྒོམ་པར་བྱ་སྟེ། དྲི་ལན་དུ། མ་རིག་པ་རིག་པར་བྱེད་པ། མི་གནས་པ་གནས་པར་བྱེད་པ། གནས་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། གོམས་པའི་སྟོབས་ལས་འབྱུང་བ་ལས། །གཞན་དུ་འབྱུང་བར་ང་མི་འདོད། །ཅེས་གསུངས་པའི་ཕྱིར་ལམ་འདི་ལ་སེམས་ཁར་འཇོག་པའི་ཙཎྜྻཱ་ལི་ཞེས་བྱའོ། །དེ་བསྐྱངས་པས་འབྱུང་བཞི་གཅིག་ལ་གཅིག་ཐིམ་པས། ཙཎྜྻཱ་ལི་ནི་ཤུགས་ཀྱིས་འབར། །ཆུ་ཤེལ་ངེས་པར་འབབ་པ་གང་། །གསང་བའི་འཁོར་ལོར་དེ་ནས་བགྲོད། །འདི་ནི་ཕྱུགས་ཆེན་དུ་གསུངས་སོ། །བུམ་པ་ཅན་གྲུབ་ནས་སེམས་དང་རླུང་འདྲེ་བར་གྱུར་པས། ལྟེ་སྙིང་མགྲིན་པ་སྤྱི་བོར་ས་ཆུ་མེ་རླུང་གཅིག་ལ་གཅིག་ཐིམ་པའི་ཚུལ་གྱིས་བུམ་པ་ཅན་དུ་བྱས་པས། རང་ཉམས་ཀྱི་གཏུམ་མོ་འབར་ཏེ་གཙུག་ཏོར་པདྨའི་ལྟེ་བར་ལངས་པ་ཉིད་དུ་གྱུར་པ་ཧཾ་ཡིག་ཞུ་བར་བྱས་ནས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་བཞི་པོ་རྣམས་དགའ་བ་ལ་སོགས་པའི་དབྱེ་བས་རྡོ་རྗེ་ནོར་བུའམ་པདྨའི་ལྟེ་བར་དྲངས་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ནང་གི་སྐྱེ་བ་བདུན་པ་ཡིན་པས་ཕྱུགས་ཆེན་ཞེས་པའི་དགོངས་པའི་སྐད་ཀྱིས་གསུངས་སོ། །འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྟན་པ་གཡོ་བའི་རྩེ་མོར་ཕྱིན་པའམ་རྩོལ་བས་སྤྱི་བོར་རླུང་སེམས་འཛིན་ནུས་པའི་ཕྱིར་ངེས་པར་འབྱེད་པའི་ཡན་ལག་རྩེ་མོ་ཐོབ་པའི་གནས་སྐབས་ཡིན་ཏེ་རྩེ་མོའི་སྐད་དོད་མཱུདྡྷཱཿནི་སྤྱི་བོ་ལའང་འཇུག་པས། ལོ་ཙཱ་བ་འགའ་ཞིག་གིས་སྤྱི་བོ་དང་ཞེས་བསྒྱུར་བའང་མཛད་ལ། ཉི་མའི་སྙིང་པོ་ལས། དེ་བཞིན་གཤེགས་པས་གསུངས་པའི་གཟུངས་ཀྱི་དོན་བསྒོམ་པའི་ཉན་ཐོས་རྣམས་ལ་སྤྱི་བོར་གདུགས་ཕུབ་པའི་སྣང་བ་འབྱུང་བར་ཡང་གསུངས་སོ། །གཉིས་པ་ཁྱད་པར་གྱི་གཏུམ་མོ་ལ། ཐིག་ལེའི་རྣལ་འབྱོར། ནཱ་དའམ་ཕྲ་མོའི་རྣལ་འབྱོར། །ཡོན་ཏན་བཤད་པ་གསུམ་ལས། དང་པོ་ནི། ཁྱད་པར་རིམ་པ་བསྟན་པ་ནི། །དེ་ཡི་རྐྱེན་གྱིས་དྷུ་ཏཱི་རུ། །རླུང་རྣམས་ཚུད་པར་གྱུར་པ་ཡིས། །སྲོག་ཐུར་གོང་བུར་གྱུར་པའི་མེས། །ཐིག་ལེའི་ཚོགས་པ་གསང་བར་འགོག །དཀར་དམར་གྱི་འདུ་འཕྲོད་ཀྱིས་གནས་པའི་རྩ་ཐམས་ཅད་དབུ་མར་འབྱོངས་པ་དེའི་རྐྱེན་གྱིས་དྷུ་ཏཱིར་རླུང་རྣམས་ཀྱང་ཚུད་དེ། སྟེང་སྲོག །འོག་ཐུར་སེལ་ལམ། ཉི་མ་དང་ཟླ་བའི་རླུང་ཞེས་ཐ་དད་དུ་འབྱེད་མི་ཤེས་ཏེ་རོ་གཅིག་ཏུ་འདྲེས་པ་ཡེ་ཤེས་ཀྱི་རླུང་དུ་སོང་བའི་ཕྱིར་རོ། །དེ་བས་ན་གོང་བུར་གྱུར་པ་ཞེས་སྨོས་ཏེ། དེས་ཙཎྜྻཱ་ལི་རང་འབར་བས་སྤྱི་བོའི་བྱང་ཆུབ་ཀྱི་སེམས་བཀུག་པ་རྣམས་གསང་གནས་ཀྱི་མཐར་ཐུག་པར་གང་བར་འཛིན་པ་འགྲུབ་སྟེ། ཆུ་དང་བཅས་པའི་སྣོད་དུ་མར་མེ་བཙུགས་པ་སྟེང་ནས་སྣོད་བུ་ག་གཉིས་པ་མེད་པས་བཀབ་ན་ཆུ་ཐམས་ཅད་གྱེན་དུ་འགྲོ་བ་བཞིན་ནམ། ཡང་ན་ལུས་ཐམས་ཅད་དུ་གང་བར་འཛིན་ནུས་པས་བྱང་ཆུབ་ཀྱི་སེམས་མི་འཕོ་བར་འཛིན་ནུས་པ་སྟེ། རིལ་བ་ཞབས་ཚགས་ཅན་ཆུས་གང་ན་མི་འཛག་ལ། མ་གང་ན་འཛག་པ་བཞིན་ནོ། །དེ་ཉིད་མཚན་བརྗོད་དུ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་བྱང་སེམས། ལྕགས་ཀྱུ་རང་འབར་བའི་ཙཎྜྻཱ་ལི། ཞགས་པ་གསང་གནས་སུ་འཁྱིལ་བར་འཛིན་པ་ལ་བཤད་དོ། །འདི་ཙམ་ནས་རྣལ་འབྱོར་པ་ལ་ཡོན་པོར་རྒྱུ་བ་མེད་པས། སྲོག་རྩོལ་དང་འཛིན་པས་རླུང་དག་པ་ཞེས་གསུངས་ལ། རྣལ་འབྱོར་གྱི་ཚེ་ལས་གཞན་ཕྱིར་མཉམ་རྒྱུ་འབབ་པའོ། །ཐིག་ལེའི་གཟུགས་ཀྱི་འཛགས་པ་ཡིས། །བདུད་རྩི་ཁུ་བའི་གཟུགས་ཅན་ནི། །ཐིག་ལེའི་རྣལ་འབྱོར་ཞེས་བཤད་དོ། །རྣལ་འབྱོར་གྱི་རླུང་དབུ་མར་ཚུད་པ་དེ་ནས་རྗེས་དྲན་གཏུམ་མོའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕུང་པོ་ཁམས་སྐྱེ་མཆེད་རྣམས་བསྲེག་ནས་གཡས་གཡོན་གྱི་རླུང་བཅུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ཏེ། གཏུམ་མོ་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཟླ་བ་ཞུ་བར་གྱུར་པ་ཐིག་ལེའི་གཟུགས་ཀྱིས་གཙུག་ཏོར་ནས་སྨིན་མཚམས་ཀྱི་བར་དུ་དགའ་བ་སྟེ་དཀར་ཕྱོགས་ཀྱི་ཆ་དང་པོ་ལྔ་དང་། སྙིང་ཀའི་བར་དུ་མཆོག་དགའ་སྟེ་བཅུ་དང་། གསང་བའི་བར་དུ་ཁྱད་དགའ་སྟེ་བཅོ་ལྔ་དང་། ནོར་བུའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་ཆ་བཅུ་དྲུག་རྫོགས་པར་བསྒོམ་པའི་སྟོབས་ཀྱིས་བདེ་བ་སྟེར་བར་བྱེད་པ་འཛག་པ་མེད་པ་སྟེ་གཙུག་ཏོར་གྱི་བདེ་བ་དང་ཁུ་བ་ལ་མི་གནས་པ། ཆགས་བྲལ་ཕྱིར་འཛག་པ་ལ་མི་གནས་པས་མི་གནས་པའི་མྱང་འདས། ཆགས་པ་ཆེན་པོ་མི་འགྱུར་བའི་མངའ་བདག་ཡིན་པའི་ཕྱིར་ཐིག་ལེའི་རྣལ་འབྱོར་ཞེས་བྱ་སྟེ། ཆོས་ཆེན་པོ་ལ་བཟོད་པ་རབ་དང་ལྡན་ཏེ་བྱང་སེམས་དེ་ལས་ཉམས་པར་མི་འགྱུར་བའི་ཕྱིར་འོག་ཏུ་མི་ལྟུང་བས་ན་བཟོད་པའོ། བཟོད་ཐོབ་ངན་སོང་དུ་མི་འགྲོ་བར་བཤད་པའང་དགོངས་པའི་སྐད་འདིའོ། དབང་མདོར་བསྟན་ལས། གཙུག་ཏོར་སྟེང་གི་པདྨ་ལ། །ཤུ་ཀྲ་བྱུང་བ་དགའ་བ་ཡིན། །མགྲིན་པ་སྙིང་ག་མཆོག་དགའ་བ། །དེ་ནས་ཁྱད་པར་དགའ་བར་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་ལ། །གལ་ཏེ་གསང་བའི་པདྨར་སོང་། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བ། །རབ་ཏུ་མི་གནས་མྱ་ངན་འདས། །ཆགས་ཆེན་མི་འགྱུར་མངའ་བདག་གོ །ཞེས་སོ། །གཉིས་པ་ནཱ་དའི་རྣལ་འབྱོར་ནི། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །རྡོ་རྗེ་ནོར་བུའི་རྩེར་ཆ་བཅུ་དྲུག་པ་སོ་སོ་རང་རིག་པས་འཛིན་ནུས་པ་ཐོབ་པའི་དུས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལས་སྐྱེས་པའི་བདེ་བའི་ཆ་བཅུ་དྲུག་ལས། ཕྱེད་ཀྱི་ཕྱེད་ནི་བཞི་སྟེ་སྐུ་ལའོ། །དེ་ནི་ལྷག་མ་བཞི་གསུང་དང་། བཞི་ཐུགས་དང་། བཞི་ཡེ་ཤེས་ཀྱི་ཐིག་ལེར་ཤེས་པར་བྱའོ། །ཆ་མེད་ཆ་ལས་འདས་པ་སྟེ། །དེའང་དཀར་པོའི་ཆ་བཅོ་ལྔ་སྤངས་པས་ན་ཆ་ལས་འདས་པ། ནག་པོའི་ཆ་མ་ཞུགས་པས་ན་ཆ་མེད། བསམ་གཏན་བཞི་པའི་མཐའ་འཆང་བ། །རྒྱུ་མཐུན་གྱི་འབྲས་བུ་སྐུའི་ཐིག་ལེ་བཞི་འཛིན་པ་ཚེས་གཅིག་ལ་སོགས་པའི་དགའ་བའི་བདེ་བ་བསམ་གཏན་དང་པོ་དང་། རྣམ་སྨིན་གྱི་འབྲས་བུ་གསུང་གི་ཐིག་ལེ་བཞི་འཛིན་པ། དྲུག་པ་ལ་སོགས་པ་མཆོག་དགའི་བདེ་བ་བསམ་གཏན་གཉིས་པ། སྐྱེས་བུ་བྱེད་པའི་འབྲས་བུ་ཐུགས་ཀྱི་ཐིག་ལེ་བཞི་འཛིན་པ་བཅུ་གཅིག་ལ་སོགས་པ་ཁྱད་པར་གྱི་དགའ་བའི་བདེ་བ་བསམ་གཏན་གསུམ་པ་དང་། བྲལ་བའི་འབྲས་བུ་ཡེ་ཤེས་ཀྱི་ཐིག་ལེ་བཞི་འཛིན་པ་ཉའི་མཐར་ཐུག་པའི་ཆ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་བསམ་གཏན་བཞི་པ་སྟེ། དེའི་རྩེ་མོའི་མཐའི་ཆ་བདེ་བ་ཡོངས་སུ་རྫོགས་པ་ཉིད་འཆང་བ་འདི་ནི་དེ་བཞིན་གཤེགས་པའི་ཤེས་རབ་ཆེན་པོའི་ཡེ་ཤེས་སོ། །ལྟེ་བ་སྙིང་མགྲིན་སྤྱི་བོ་བཞིར་གང་བའི་མས་བརྟན་པའི་འགྲོས་ཏེ། རྩོལ་བ་དང་བཅས་པའི་ཕྱིར་རྒྱུའི་དེ་ཉིད་བཅུ་དྲུག་རིག་ཏུ་བཞག་ལ། དེ་བཞིན་དུ་ཁྲག་གི་འགྲོས་གཙུག་ཏོར་ནས་ནོར་བུར་སོན་པས་རྒ་ཤི་ལ་སོགས་པ་གསུམ་འགགས་པས་རགས་པའི་མཚན་ཉིད་ཅན་གྱི་ཐ་མལ་པའི་ལུས་འགགས། དེ་འགགས་པས་ལེན་པ་སོགས་གསུམ་འགགས་པས་སྲོག་རླུང་གི་མཚན་ཉིད་ཅན་ཐ་མལ་པའི་འགག །དེ་འགགས་པས་རག་པ་སོགས་གསུམ་འགགས་པས་ཁུ་བའི་མཚན་ཉིད་ཅན་ཐ་མལ་པའི་ཡིད་འགག །དེ་འགགས་པས་འཛག་པའི་མཚན་ཉིད་ཅན་ཀྱི་ཐ་མལ་པའི་ཡེ་ཤེས་འགགས་པའི་ཕྱིར་རྒྱུའི་བདེན་དོན་བཅུ་གཉིས་རིག་པའོ། །ནཱ་དའི་རྣལ་འབྱོར་ཞེར་བྱར་དྲན། །རྣལ་འབྱོར་པ་འདིས་སྲོག་གི་གཟུགས་སུ་གྲུབ་པར་བྱེད་པས་ནཱ་དའི་རྣལ་འབྱོར་ཞེས་བྱའོ། །གསུམ་པ་ཡོན་ཏན་བཤད་པ་ནི། འདིས་ནི་ནད་འཕྲོག་གཞན་གྱི་ནད་ལེན་པ་དང་སྤོ་བ་ནུས་པ་སྟེ། འབུམ་ལྔར། རྒྱལ་བ་ཡིས་ནི་ནད་རྣམས་འཕྲོག །ཅེས་སོ། །ཚེ་ཡངས་པ་སྲེག་པའི་བསྐལ་པ་བདུན་གྱི་བར་དུ་འདོད་ན་གནས་པར་ནུས་ཏེ། དེ་བཞིན་ཚངས་པ་ཁྱབ་འཇུག་ཕྱུགས། །གསང་བའི་འཁོར་ལོ་ངེས་ལྟུང་བ། །ཇི་སྲིད་བསྲེག་པ་བདུན་གྱི་བར། །ཚེ་ཉིད་ཡངས་པ་སྦྱིན་པར་བྱེད། །ཅེས་གསུངས་ལ། འདོད་ན་རླུང་ལ་དབང་ཐོབ་པས་འཆི་བ་བསླུ་བའི་ཐབས་འདིས་བསྒྲུབ་སྟེ། ཟླ་བ་ཉི་མ་འགོག་པ་མཉམ་དང་མི་མཉམ་བགྲོད་པ་ལས་ཏེ་དབུ་མ་མེ་ལ་རབ་ཏུ་ཞུགས། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ནས་དུས་མིན་འཆི་བ་བསླུ་བ་སྟེ། །ལག་པ་དང་བཅས་རྐང་པའི་མཐེ་བོའི་ཚིགས་དང་སེན་མོའི་མཐར་ནི་སྲོག་གི་ཀུན་ཏུ་གང་བྱས་ནས། །འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་འཇིགས་མེད་ལག་པའི་པདྨ་རྣལ་འབྱོར་པས་ནི་བསྒོམ་པར་བྱ། །ཞེས་སོ། །ཁྱད་པར་རྟགས་ལྔ་གཟུགས་དྲི་མ་མེད་པའི་འོད་ཟེར་དུ་འགྱུར་ཞིང་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་བར་འགྱུར་རོ། །དེ་ལྟར་ཡང་། རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལའོ། །ཞེས་སོ། །ཡོན་ཏན་བརྒྱད། སའི་ཡོན་ཏན་གྱིས་སྲེད་མེད་ཀྱི་བུའི་སྟོབས་ཐོབ་སྟེ། གླང་པོ་ཆེ་ཕལ་པ་བཅུའི་སྟོབས་སྤོས་ཀྱི་གླང་པོ་ཆེ་གཅིག་ལ་ཡོད་ལ། དེའི་བཅུ་ཚན་པོ་ཆེ་གཅིག་ལ། དེ་བཅུ་རབ་གནོན་གཅིག་ལ། དེ་བཅུ་ཡན་ལག་མཆོག་གཅིག་ལ། དེ་བཅུ་སྟོབས་མཆོག་གཅིག་ལ། དེ་བཅུའི་སྟོབས་སྲེད་མེད་ཀྱི་བུ་ལ་ཡོད་དོ། །ཆུའི་ཡོན་ཏན་མེས་བསྲེགས་ཀྱང་མི་འཚིག་པ་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ་བཞིན། མེས་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་འབྱིན་སྡུད་ནུས་ཤིང་ཆུར་མི་བྱིང་། རླུང་གིས་རྐང་མགྱོགས་དང་ལུས་ཤིང་བལ་ལྟར་ཡང་། ནམ་མཁའི་ཡོན་ཏན་འཕུར་བ་དང་། རྩིག་པ་དང་རི་ལ་ཐོགས་པ་མེད་པ་དང་ས་ལ་འཛུལ་བར་ནུས། ཟླ་བའི་རླུང་གི་ཡོན་ཏན་གྱིས་ཆུ་བོ་གྱེན་དུ་བཟློག་པའམ་ཁམས་ཐམས་ཅདྭ་དྭངས་མར་གྱུར་པས་དྲི་མ་མེད་པའི་ཤེལ་བཞིན་དུ་གྲིབ་མ་མི་འབྱུང་། ཉི་མའི་རླུང་གི་ཡོན་ཏན་ཉི་མ་སྟོད་དུ་གནོན་པའམ་སྙིགས་མ་ཐམས་ཅད་དག་ནས་ལུས་གཞན་གྱིས་མི་མཐོང་། རྫོགས་ཆེན་གྱི་གཞུང་ནས་དེའི་ཚེ་སྙིགས་མའི་ཁམས་ཐམས་ཅད་ཟད་དུ་མ་བཅུག་པར་སླར་གཟུང་བས་འཕོ་བ་ཆེན་པོ་ཆུ་ནང་གི་སྐུ་ཞེས་ཐམས་ཅད་ཀྱི་མིག་ཤེས་ལ་སྣང་བའི་ཚེའི་རིག་པ་འཛིན་པ་ཞིག་བཤད་དེ་ལེགས་སོ། །ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་སྐུའི་སྒོ་བུ་ག་དགུའི་རླུང་འཕོ་བ་འགག །གསུང་གི་སྒོ་འབྱུང་བ་བཞི་ཐ་དད་པའི་ལས་བྱེད་པ་འགགས་ཏེ། ཐུགས་ཀྱི་སྒོ་སྨིན་མཚམས་དང་། སྙིང་གའི་གནད་ཀྱི་སྒོ་གཉིས་བྱེ་བས་སྔར་མི་ཤེས་པའི་ཆོས་ཐམས་ཅད་ཤེས་ཤིང་ཚིག་དང་དོན་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །དེ་ལྟར་ཡང་། ཕུང་པོ་ཁམས་རྣམས་བཞུ་བ་ཡིས། །འཁོར་ལོ་བསྒྱུར་བ་ཉིད་སྦྱིན་བྱེད། །ཅེས་སོ། །མཁའ་ལ་སྤྱོད་དང་ཕྲ་སོགས་སྟེར། །མཁའ་སྤྱོད་ནི་གསུམ་སྟེ། ཆེན་པོ་སངས་རྒྱས། འབྲིང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ལུས་དང་། །ཉན་རང་ལ་སོགས་པའི་ཏིང་ངེ་འཛིན་གྱི་ལུས། ཐ་མ་གཟུགས་དང་འདོད་ལྷའི་རིག་འཛིན་ཏེ། འདིར་གཟུགས་ཀྱི་དབང་དུ་མཛད་དེ། ཕྲ་བ་སོགས་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པར་བཤད་པའི་ཕྱིར་རོ། །དེ་ལྟར་ཡང་། དབང་པོ་དང་ནི་ཡུལ་བསད་པ། །འདིས་ནི་མཁའ་ལ་སྤྱོད་ཉིད་སྟེར། །ཕྲ་ལ་སོགས་པའི་ཡོ་ཏན་ལྡན། །ཞེས་འབུམ་ལྔ་ལས་སོ། །སོགས་སྒྲས་མདོ་སྡེ་རྒྱན་དུ། བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་བསྒྲུབ་པའི་སྒོ་ནས་ཏེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །ཉན་པའི་ཕྱིར་དང་མཆོད་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་དང་། མངོན་པར་རྟོགས་པའི་རྒྱན་དུ། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་བྱ་བ་ལ་སོགས་པ་དང་། གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས་ཤིང་། རིན་ཆེན་ཕྱག་རྒྱ་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་རྣམས་སྐབས་འདི་ཉིད་དུ་གསུངས་པ་རྣམས་སོ། འོ་ན་འདིར་དོན་དམ་པ་མངོན་སུམ་དུ་མཐོང་བར་གསུངས་པ་དང་། དཀོན་མཆོག་སྤྲིན་ལས་ཆོས་མཆོག་འདི་སོ་སོ་སྐྱེ་བོར་གསུངས་པ་འགའ་ལོ་ཞེ་ན། དཀོན་མཆོག་སྤྲིན་ཉིད་དུ་སྐབས་འདིར་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། རིག་པ་གྲངས་མེད་པ་ཐོབ་པ་དང་། བསྐལ་པ་དཔག་ཏུ་མེད་པར་རྣམ་པར་མི་རྟོག་པའི་ཤུགས་ཀྱི་སྣང་བ་ཐོབ་པ་དང་། འདིའི་ལུས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནོན་པ་སོགས་ཡོན་ཏན་རྒྱ་ཆེན་པོ་བཤད་པས། དོན་ནི་ཉན་ཐོས་ཀྱི་མཐོང་ལམ་ཕར་ཞོག །མི་སློབ་པའི་དགྲ་བཅོམ་པ་རྣམས་ལས་རྟོགས་པ་མི་དམན་པའི་ཕྱིར་ཉན་ཐོས་ལ་སོགས་པ་ལ་བལྟོས་ན་ནི་འཕགས་པ་དང་། མདོ་སྡེ་ས་བཅུ་པ་ལས་གསུངས་པའི་རབ་ཏུ་དགའ་བ་ལ་བལྟོས་ན་ནི་སོ་སོ་སྐྱེ་བོར་རིགས་སོ་ཞེས་བྱ་བ་ཡིན་པས་འགལ་བ་མེད་དོ། །སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་སྒྲ་སྦྱོར་བམ་པོ་གཉིས་པར་ཡང་། ནི་རྦེ་དྷ་བྷཱ་གཱི་ཡཿཞེས་བྱ་བ། ནིཤྩ་ར་བེ་དྷ་ནིརྦེ་དྷ་བྷཱ་གཱི་ཡཿཞེས་བྱ་བ་སྟེ། ནི་ནི་ངེས་པའམ་གདོན་མི་ཟ་བ། བེ་དྷ་ནི་རྟོགས་པའམ་འབྱེད་པ། །བྷཱ་ག་ནི་ཆའམ་སྐུལ་བ། ཨཱི་ཡ་ནི་ཕན་པའམ་མཐུན་པ་ལྟ་བུ་ལ་བྱེད་དེ། དངོས་སུ་ན་འཕགས་པའི་ས་ནི་མ་ཐོབ་ལ། སོ་སོ་སྐྱེ་བོའི་ས་ལས་ནི་འདས་པ་ཡིན་ཏེ། འཕགས་པའི་ལམ་མཐོང་བ་དང་། བསྒོམ་པ་རྣམ་པ་གཉིས་ཡོད་པའི་ནང་ནས་མཐོང་བའི་ལམ་གྱི་ཆ་གཅིག་པ་དང་ཉེ་བས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་ཞེས་སྦྱོར་བའི་ལམ་མཐའ་དག་སོ་སོ་སྐྱེ་བོའི་ས་ལས་འདས་པར་བཤད་པའང་དེ་ཡིན་ནོ། །ལམ་འདི་ནི་ཐིག་ལེའི་རྣལ་འབྱོར་དང་ནཱ་དའི་རྣལ་འབྱོར་གཉིས་ཀྱིས་བསྡུས་པའི་ཕྱིར་ཐིག་ལེ་ནཱ་དའི་ཙཎྜྻཱ་ལི་ཞེས་སམ། ཁྱད་པར་གྱི་ཆོས་མང་པོ་དང་ལྡན་པས་ཁྱད་པར་གྱི་གཏུམ་མོའམ། གཏུམ་མོའི་མེའི་ཡོན་ཏན་ལྷག་པར་དུ་འབར་བས་འབར་བའི་གཏུམ་མོ་ཞེས་ཀྱང་བྱ་ལ། འདི་མངོན་དུ་བྱས་པའི་ས་ནི། འཇིག་རྟེན་པའི་ཆོས་ཀྱང་ཡིན་ལ། སྔོན་ཆད་མ་མཐོང་བའི་འཕགས་པའི་ལམ་ལྟ་བུ་འཇིག་རྟེན་པའི་ཆོས་དང་མི་མཐུན་པའང་འདིས་ཆ་མཉམ་པའི་རྒྱུ་མེད་པར་ཐོབ་པར་ནུས་ཏེ། འཇིག་རྟེན་གྱི་ཆོས་ཀྱི་ཕུལ་དུ་བྱུང་བས་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་ཀྱང་བྱའོ། །སྦྱོར་ལམ་དེ་དག་ཆོས་ཀྱི་དབྱིངས་ལ་མོས་པས་བསྒོམ་དེ་དེ་བཞིན་ཉིད་མ་མཐོང་བས་མོས་པས་སྤྱོད་པའི་ས་ཞེས་བྱའོ། །གསུམ་པ་མཆོག་གི་གཏུམ་མོ་ལ། སྤངས་པ་ཆེན་པོའི་ཙཎྜྻཱ་ལི་དང་། རྟོགས་པ་ཆེན་པོའི་ཙཎྜྻཱ་ལི་བཤད་པ་གཉིས་ལས། དང་པོ་ནི། མཆོག་གི་རིམ་པ་བསྟན་པ་ནི། །རྒྱུའི་རྒྱུད་སེམས་རང་བཞིན་གྱི་རྣམ་པར་དག་པ་ཡིན་པས་ན། དེའི་འབྲས་བུ་སེམས་དྲི་མ་མེད་པ་ཉིད་མཆོག་གི་གོ་འཕང་ཡིན་པའི་ཕྱིར་མཆོག་གི་ཙཎྜྻཱ་ལིའམ། གཞིའི་དུས་ཀྱི་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་བདག་ཉིད་ཁོ་ན་སྦྱངས་པའི་དུས་དེར་ཡང་ངོ་བོ་རྣམ་པ་གཞན་དུ་འགྱུར་བ་མེད་པའི་ཕྱིར་གཉུག་མ་དོན་གྱི་ཙཎྜྻཱ་ལི་ཞེས་སམ། སོ་སོ་རང་རིག་པའི་བདེ་སྟོང་གི་རྒྱས་ཆོས་ཐམས་ཅད་ལ་གདབ་པའི་ཕྱིར་ཕྱག་རྒྱ་དང་། དེ་ཉིད་སྒྲིབ་པ་མཐའ་དག་ཟད་པ་སྤངས་པ་ཆེན་པོ་དང་། མ་ལུས་པ་མཁྱེན་པའི་རྟོགས་པ་ཆེན་པོ་དང་ལྡན་པས་ཕྱག་རྒྱ་ཆེན་པོའི་ཙཎྜྻཱ་ལི་ཞེས་ཀྱང་བྱ་སྟེ། རྒྱུད་བླར། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱི་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱང་རྣམ་པ་གཉིས་ཡོད་པས་རིམ་པ་བཞིན་བསྟན་པ་ནི། དང་པོར་སློབ་པའི་དང་། ཕྱིས་ནས་མི་སློབ་པའི་ཟུང་འཇུག་ཤེས་པར་བྱ་དགོས་པའི་ཕྱིར། དེ་ལྟར་ཡང་དུས་འཁོར་རྩ་རྒྱུད་ལས། རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ། །དུང་ཅན་མ་འདི་ཕྱག་རྒྱ་ཆེ། དེ་ནི་གཏུམ་མོར་རབ་ཏུ་བརྗོད། །ཅེས་སོ། །ཉི་མ་དང་ནི་ཟླ་བའི་རླུང་། །འཕོ་མེད་དྷུ་ཏིའི་ཁྱིམ་དུ་ཐིམ། །གཡས་ར་སཱ་ན་གཟུང་བ་ཡུལ་གྱི་རླུང་ཉི་མའི་རང་བཞིན་དང་། གཡོན་ལ་ལཱ་ན་འཛིན་པ་ཡུལ་ཅན་གྱི་རླུང་ཟླ་བའི་རང་བཞིན་ཕྲ་བ་མི་ཤིགས་པའི་དབུ་མར་ཐིམ་པས། ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་དང་བྲལ་བར་རབ་ཏུ་ཞི། །དེ་ལ། བརྟན་པ་ཕྱི་གཟུགས་སོགས་ཡུལ་དུ་གཟུང་བ་དང་། ནང་མིག་སོགས་ཡུལ་ཅན་དུ་འཛིན་པའི་རྟོག་པ་མ་ལུས་པ་གདོད་ནས་ཞི་བའི་སྤྲོས་པ་དང་བྲལ་བའི་དབྱིངས་སུ་རང་ཞི་བར་འགྱུར་ཏེ། སྟོང་པ་ཉིད་ཀྱི་མེ་དེས་ལུས་འདིའང་དང་པོར་ཀུན་རྫོབ་ཀུན་ད་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཞུ་ནས་རྣོ་རྗེ་ནོར་བུ་ནས་བྱང་ཆུབ་ཀྱི་སེམས་རྣམས་ཁ་གྱེན་དུ་བལྟས། བྱང་ཆུབ་ཀྱི་སེམས་དེས་ལྕགས་ལ་སོགས་པའི་ཁམས་ལ་དངུལ་ཆུས་བཞིན། ལུས་ཀྱི་ཁམས་ཀྱི་མ་དག་པ་རྣམས་ཟོས་པའི་ལས་བྱས་ནས་གསེར་ལྟ་བུར་རྡོ་རྗེའི་སྐུ་ཉིད་དུ་བྱེད་དེ། རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་རྩེ་མོར་བྱང་སེམས་ནི། །འཛིན་པས་ལུས་ཀྱི་བརྟེན་པ་ཉིད། །དེ་ཡིས་དེ་ཉིད་བྱང་སེམས་ནི། །རླུང་གི་དེ་ཉིད་རབ་སྦྱོར་བས། །རིང་བས་སྟེང་དུ་བྱེད་པ་ནི། །རྒས་པ་མེད་པར་ཐེ་ཚོམ་མེད། །ཧཱུྃ་ཧོཿརིམ་བཞིན་ཤེས་པ་ནི། །འཛིན་པ་སྟེང་དུ་རྣམ་པར་སྤེལ། །སྔར་བཤད་པ་ཡི་བདུད་རྩི་ལྔ། །འདི་ནི་བཅུད་ཀྱི་ལེན་དུ་བརྗོད། །འདི་ཉིད་ཀྱིས་ནི་གྲུབ་པར་བྱེད། །ལྕགས་ཀྱི་གསེར་འགྱུར་བྱས་ནས་ནི། །རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པ་ཐོབ་པར་འགྱུར། །ཞེས་དང་། འདུས་པའི་ལེའུ་དང་པོར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཐོབ་པར་འགྱུར་རོ། །ཞེས་གསུངས་པའི་སྒྲོན་མ་གསལ་བར། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་གང་གི་ཕུང་པོ་ལ་སོགས་པའི་ངོ་བོ་རྣམས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྣམ་པས་ཟིལ་གྱིས་མནན་ཅིང་གཅིག་ཏུ་མཛད་ལ། དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པ་ཡིན་པས་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་འདི་ཐམས་ཅད་ཅེས་བྱ་བ་ནི་འདིར་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཁོང་སྟོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ཐབས་ཀྱི་ཡེ་ཤེས་སོ། །དེའི་ངོ་བོ་ཉིད་ནི་དེའི་རང་བཞིན་ནོ། །གནས་པར་གྱུར་ཏོ་ཞེས་བྱ་བ་ནི་བྱུང་བར་གྱུར་ཏེ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱི་ཞེས་བྱ་བ་ནི་ཐབས་ཀྱི་ཡེ་ཤེས་ཤར་བས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དབང་པོ་གཉིས་པོ་མཉམ་པར་སྦྱོར་བའི་ལས་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་ནས་མཆོག་ཏུ་དགའ་བའི་བདེ་བ་མྱོང་བར་གྱུར་ཏོ། །ཞེས་བྱ་བའི་དོན་ཏེ་སྦས་པའོ་ཞེས་གསུངས་ལ། འཕགས་པ་ཡབ་སྲས་ཀྱི་འདུས་པའི་གཞུང་དག་ལ་ཐ་མལ་གྱི་ལུས་འདི་ཉིད་ཟུང་འཇུག་རྡོ་རྗེའི་སྐུར་བསྒྱུར་བའི་ཚུལ་ཡོད་དམ་མེད་ཅེ་ན། ཡོད་པར་རིག་པར་བྱ་སྟེ། ལེའུ་བཅུ་དྲུག་པའི། རྡོ་རྗེའི་བདག་ཉིད་གསུམ་བཟླས་ནས། །རྡོ་རྗེ་ཡི་གེ་འཇིགས་མེད་འགྱུར། །ཞེས་པའི་སྒྲོན་གསལ་དུ། རྡོ་རྗེའི་ཞེས་བྱ་བ་ལ་སོགས་པས་ནི་སྤྱད་པའི་འབྲས་བུ་གསུངས་པ་ཡིན་ཏེ། རྡོ་རྗེའི་བདག་ཉིད་གསུམ་གྱི་རྣལ་འབྱོར་པས་འདའ་བར་གྱུར་ཅིང་མིའི་དངོས་པོ་སྤངས་ཏེ། །འཇིགས་པར་གྱུར་པས་ན་འཇིགས་པ་ནི་ཐ་མལ་པའི་ལུས་ཡིན་ལ། དེ་ཡོངས་སུ་གྱུར་པས་འགྱུར་མེད་དེ་རྣམ་པར་མི་ཉམས་པ་རྡོ་རྗེ་ལྟར་མི་ཕྱེད་པར་གྱུར་ཏོ། །ཞེས་གསུངས་པ་འདིར་ལུས་ཡོངས་སུ་གྱུར་ནས་ཞེས་གསུངས་པའི་ཕྱིར་ལུས་ཉིད་རྡོ་རྗེའི་སྐུའི་རྒྱུར་བྱེད་པ་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས། སྤུ་ལ་སོགས་པ་ཟླ་བའི་མཐའ་ནི་མཐའ་དག་ལུས་ལ་གནས་རྣམས་གང་ཞིག་ས་བཅུར་གསུངས་པ་རྣམས། །སྡེ་པ་དྲུག་དང་ས་སོགས་གཞན་རྣམས་འདི་དག་དུས་ཀུན་རྣལ་འབྱོར་རྣམས་ལ་བདེ་མཉམ་འབྲས་བུ་སྟེར། །དེ་ཕྱིར་བླ་མའི་ཞབས་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་ཐར་པའི་སླད་དུ་བཙལ་བར་བྱ། །ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་པ་མིན། །ཞེས་པའི་འགྲེལ་ཆེན་དུ་འདིར་བ་སྤུ་དང་སྐྲ་ནི་རབ་ཏུ་དགའ་བའོ། །པགས་པ་དང་ཤ་ནི་དྲི་མ་མེད་པ་དང་། ཁྲག་རྣམ་པ་གཉིས་ནི་འོད་བྱེད་པ་དང་། རོ་དང་ཆུ་ནི་འོད་འཕྲོ་བ་དང་། རུས་པ་དང་རྐང་ནི་སྦྱང་དཀའ་བ་དང་། །རྩ་དང་སྲོག་ནི་མངོན་དུ་གྱུར་པ་དང་། དུས་ཀྱི་མེ་དག་ཆགས་པའི་ཁམས་ནི་རིང་དུ་སོང་བ་དང་། སྒྲ་གཅན་ནི་མི་གཡོ་བ་དང་། ཉི་མ་ནི་ལེགས་པའི་བློ་གྲོས་དང་། ཟླ་བ་ནི་ཆོས་ཀྱི་སྤྲིན་ཏེ་ཆགས་པ་དང་། མུན་པ་དང་། རྡུལ་དང་། སྙིང་སྟོབས་ཀྱི་ཆོས་ཀྱི་ཀུན་རྫོབ་ལ་འཇུག་པའོ། །དེ་ལྟར་སྤུ་ལ་སོགས་པ་ཟླ་བའི་མཐའ་ནི་མཐའ་དག་ལུས་ལ་གནས་པ་དེ་རྣམས་ཀྱི་སྒྲིབ་པ་མེད་པ་ལས་ས་བཅུ་པོ་དེ་རྣམས་སོ་ཞེས་བྱ་བ་འདིའང་ཁུ་བའི་ཁམས་ཀྱིས་ཟོས་ནས་ལུས་དག་པའི་རིམ་པའོ། །བྱང་ཆུབ་སེམས་གྱེན་དུ་ཁ་བལྟས་པ་དེ་ཉིད་ལས། རྡོ་རྗེའི་རྩེ་མོར་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་ཟད་པ་ལས་དག་པའི་སྐུ། ནོར་བུར་ཐུགས་ཀྱི་ཐིག་ལེ་གཉིད་ལོག་ཟད་པ་ཆོས་ཀྱི་སྐུ། གསང་བར་གསུང་གི་ཐིག་ལེ་རྨི་ལམ་ཟད་པ་ལོངས་སྤྱོད་རྫོགས་པའི་སྐུ། ལྟེ་བར་སྐུའི་ཐིག་ལེ་སད་པའི་གནས་སྐབས་ཟད་པ་སྤྲུལ་པའི་སྐུའོ། དེ་དག་ཀྱང་འདོད་པ་དང་། དགའ་བ་དང་། གཡོ་བ་དང་། འདར་བ་སྟེ་དགའ་བ་དང་པོ། གང་བ་དང་། མཆོག་དགའ་དང་། སྐྱེ་བ་དང་། ནུབ་པ་བཞི་གཉིས་པ། འབར་བ་དང་། ཁྱད་དགའ་དང་། བརྒྱལ་བ་དང་། ཐིག་ལེ་བཞི་གསུམ་པ། ཨཊྚྷ་དང་། ལྷན་ཅིག་སྐྱེས་དགའ་དང་། གཉིད་དང་། ནཱ་ད་དེ་ལྷན་ཅིག་སྐྱེས་དགའི་འོ། །དེ་ནི་དུས་འཁོར་ལས་ཏེ། །ཕྱག་ཆེན་ཐིག་ལེར་མིང་གཞན་གསུངས་སོ། །དེ་ལྟ་བུའི་དགའ་བ་བཅུ་དྲུག་སྒྲིབ་བྲལ་དུ་འགགས་པའི་སྐུ་བཅུ་དྲུག་སྟེ་ཐབས་ཀྱི་ཆ། ཡང་ལྟེ་བར་བཞི་པའི་གནས་སྐབས་ཟད་པ་ཡེ་ཤེས་རྡོ་རྗེ། སྙིང་གར་གཉིད་འཐུག་ཟད་པ་ཐུགས། མགྲིན་པར་རྨི་ལམ་ཟད་པ་གསུང་། དཔྲལ་བར་སད་པ་ཟད་པ་སྐུ་རྡོ་རྗེ་སྟེ། རེ་རེའང་བཞི་བཞིར་ཕྱེ་བས་རྡོ་རྗེ་བཅུ་དྲུག་ཤེས་རབ་ཀྱི་ཆ། སྤྲུལ་སྐུ་དང་ཡེ་ཤེས། ལོངས་སྐུ་དང་ཐུགས་ཆོས་སྐུ་དང་གསུང་། དག་པའི་སྐུ་དང་སྐུ་རྡོ་རྗེ་ཐབས་ཤེས་ཏེ། དབང་མདོར་བསྟན་ལས། ནོར་བུར་ཐུགས་དང་གསང་བར་གསུང་། །ལྟེ་བར་སྐུ་ནི་བདེ་ཆེན་ཕྱིར། དག་པའི་སྐུ་ལས་སྤྲོ་བ་ནི། །ཆོས་དང་ལོངས་སྤྱོད་སྤྲུལ་པ་འདི། །འོག་ཏུ་ཐབས་གྱུར་རྒྱལ་པོ་ཀྱེ། །སྟེང་དུ་ཤེས་རབ་དག་ཏུ་འགྱུར། །དཔྲལ་བར་སྐུ་ཡི་རྡོ་རྗེ་ཡིན། །མགྲིན་སྙིང་ལྟེ་བའི་འདམ་སྐྱེས་ལ། །གསུང་ཐུགས་ཡེ་ཤེས་རྡོ་རྗེ་ནི། །སྤྲུལ་སོགས་འདི་རྣམས་སྤྲུལ་པར་མཛད། །ཕུང་པོ་ཁམས་སོགས་སྤྲོ་བ་ནི། །སྒྲིབ་པ་མེད་པས་བདེ་བའོ། །ཞེས་སོ། །དེ་དག་ཀྱང་། རྒྱུ་མཐུན་གྱི་འབྲས་བུ་ལ་ལུས་ངག་ཡིད་དབེན་པའི་རྒྱུ་མཐུན་གྱི་དབྱེ་བས་སྤྲུལ་སྐུ་གསུམ། རྣམ་སྨིན་ལ་སྣང་བ་དང་། སོ་སོར་སྣང་བ་དང་། རང་བཞིན་གྱི་སྣང་བའི་དབྱེ་བས་ལོངས་སྐུ་གསུམ། སྐྱེས་བུ་བྱེད་པ་ལ་སེམས་དང་། སེམས་བྱུང་དང་། མ་རིག་པ་འགགས་པའི་དབྱེ་བས་ཆོས་སྐུ་གསུམ། བྲལ་འབྲས་ལ་དགའ་བ་དང་པོ་གཉིས་དང་། ཁྱད་དགའ་དང་། ལྷན་ཅིག་སྐྱེས་དགའ་དྲི་བྲལ་གྱི་དབྱེ་བས་ཡེ་ཤེས་ཀྱི་སྐུ་གསུམ་སྟེ་བཅུ་གཉིས་སོ། །དེའང་མཆོག་ཏུ་མི་འགྱུར་བའི་བདེ་བས་འགྱུར་བའི་བག་ཆགས་འཇོམས་སོ། །དེ་བཅོམ་པས་འདོད་ཆགས་ཞེ་སྡང་གཏི་མུག་གི་བདག་ཉིད་མ་རིག་པ་འགག་གོ །དེ་འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་ཡན་ལག་བཅུ་གཉིས་འགག་གོ །དེ་འགགས་པས་ཕྱིར་ཟླ་བ་བཅུ་གཉིས། ཞག་སུམ་བརྒྱ་དྲུག་ཅུ། ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་སོགས་པ་འགག་གོ །ནང་དུ་ཡང་དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་ཀྱི་རླུང་འཕོ་བ་བཅུ་གཉིས་ཀྱི་དབུགས་རྣམས་འགག་གོ །དབུགས་འགགས་པས་ཕྲ་བའི་ལུས་ཀྱང་འགགས་ཏེ་ཁམས་བཅོ་བརྒྱད་པོ་རྣམ་པར་འགྱུར་བ་དང་བྲལ་ན་སྒྲིབ་པ་མེད་པའི་སངས་རྒྱས་ཉིད་དུ་གྱུར་ནས་འགྲོ་བའི་དོན་མཛད་པ་ཡིན་ནོ། །རྩ་བའི་རྒྱུད་ལས། སྲོག་ལ་སོགས་རླུང་མ་དག་པ། །ཡན་ལག་བཅུ་གཉིས་རིགས་འབྱུང་བ། །དེ་རྣམས་ཁྱིམ་དུ་ཡང་དག་བཤད། །དེ་རྣམས་ལ་ནི་གཟའ་རྣམས་འབྱུང་། །རྣམ་པ་བཅུ་གཉིས་འཁོར་ལོ་ནི། །ཡན་ལག་བཅུ་གཉིས་སྲིད་པར་བཤད། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །འཇིག་རྟེན་འདྲེན་པ་རྫོགས་སངས་རྒྱས། །ཞེས་སོ། །དེ་སྐུ་བཞིའི་མཚན་ཉིད་དེ་བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བསྒོས་པས་བྷ་ག་དང་དབང་པོའི་བདག་ཉིད་བཞི་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་ཀྱི་སྐུ་ཞེས་བྱའོ། སྲོག་གི་སྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་གྱི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཉིན་མོར་བྱེད་པའི་སྐུ་ཞེས་སོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་བྱའོ། །སྤངས་པས་ཕྱེ་བའི་དེ་ཉིད་བཅུ་དྲུག་དང་བདེན་དོན་རྣམ་པ་བཅུ་གཉིས་སྐུ་བཞིར་བཞག་པ་བཤད་ཟིན་ཏོ། །གཉིས་པ་རྟོགས་པ་ཆེན་པོའི་ཙཎྜྻཱ་ལི་བཤད་པ་ལ། དང་པོར་དབང་རྣོན་སངས་རྒྱས་པ་བྱང་ཆུབ་པའི་ཙཎྜྻཱ་ལི་དང་། དབང་པོ་རཏལ་པོ་ཟུང་འཇུག་ཏུ་རིམ་པར་ལྡང་བའི་ཙཎྜྻཱ་ལི་བཤད་པ་གཉིས་ལས། དང་པོ་ནི། མ་བཅོས་གཉུག་མ་ལྷན་ཅིག་སྐྱེས། །སེམས་རྣམ་པར་གཡོ་བའི་རྦ་རླབས་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་མ་བཅོས་པའོ། །གཟོད་མ་ནས་གནས་པའི་ཕྱིར་གཉུག་མའོ། །ཟབ་གསལ་དབྱེར་མེད་པའི་ངོ་བོ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའོ། །ཟག་པ་མེད་པའི་ཏིང་འཛིན་གནས། །དེ་ཟག་པ་ཐམས་ཅད་ཟད་པའི་ཤེས་རབ་ཀྱི་མིག་གིས་མཐོང་བ་ནས་ཕྱིན་ཆད། ཕྱི་རོལ་ཡུལ་གྱི་རྟག་མ་ཐུབ། སྣང་བ་ཧད་པོར་འཆར་བར་ངེས་ཏེ་སྣང་བ་ཐམས་ཅད་སྒྱུ་མ་མཁན་ལ་སྒྱུ་མ་བཞིན་དུ་འཆར་བས་འཆིང་བ་ནི་མེད་ལ། རིམ་གྱིས་པ་དེས་རྗེས་ཐོབ་ཏུ་ས་གོང་མ་ཡོངས་སུ་སྦྱང་བར་ཡང་བྱེད་དོ། །དེ་ལྟར་ཡང་རྗེ་བཙུན་ཆེན་པོས། ཡང་དག་དོན་གྱི་རྟོགས་ཚད་ནི། །དཔེར་ན་ལྐུགས་མའི་རྨི་ལམ་མམ། །གཞོན་ནུའི་དགའ་བ་ཇི་བཞིན་དུ། །མཚོན་པ་ཙམ་ལས་མ་རྟོགས་པར། །ཁ་ལྟ་དོན་དུ་ཁྱེར་བ་རྣམས། །དོན་དང་མཐུན་པར་ངས་མ་མཐོང་། །ལས་དང་སྐལ་བར་འཛོམ་པ་ལ། །བདུད་བཞིའི་དགྲ་ཡིས་ཚུགས་པར་དཀའ། །ཕྱི་རོལ་ཡུལ་གྱི་རྟག་མ་ཐུབ། །སྣང་བ་ཧད་པོར་འགྲོ་བར་ངེས། །ཞེས་དང་། ཡང་། གཏན་ལ་ཕེབས་པའི་ལྟ་བ་ནི། །རྨོངས་པ་ང་འདྲ་མ་ཡིན་པར། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །ལྐུགས་མའམ་གཞོན་ནུ་ཇི་བཞིན་དུ། །མཚོན་པ་ཙམ་ལས་མ་རྟོགས་པ། །འདི་འདྲ་བསྟན་པར་ནུས་མ་ཡིན། །ཞེས་དང་། ཉམས་སུ་བླངས་པའི་ཡོན་ཏན་གྱི། །ཉམས་མྱོང་གི་ཁྱད་པར་སྐྱེས། འབྲས་བུ་སྤྲོས་བྲལ་རྟོགས། ཁྱད་པར་ནི་རབ་འབྲིང་ཐ་མ་གསུམ། རབ་ཀྱི་ཡོན་ཏན་ནི་མཉམ་བཞག་རྗེས་ཐོབ་མེད། ཆོས་སྐུ་རྒྱུན་པར་གནས། འབྲིང་གི་ཡོན་ཏན་ནི། རྗེས་ཐོབ་སྟོང་པར་གནས། ཐ་མའི་ཡོན་ཏན་ནི། རྗེས་ཐོབ་སྒྱུ་མར་མཐོང་། ཡང་དག་ལ་ཁྱད་མེད་ཀྱང་། རྣམ་རྟོག་ལ་ཁྱད་དུ་སྣང་། ཞེས་གསུངས་ལ། དབང་མདོར་བསྟན་དུ་ཡང་། ཟླ་བ་རང་ངོས་ནས་འཕེལ་འགྲིབ་མེད་པ་དང་གྲིབ་མའི་དབང་གིས་འཕེལ་འགྲིབ་ཏུ་སྣང་བའི་དཔེས། ཡེ་ཤེས་རང་ངོས་ནས་སྐྱེ་འགྲིབ་མེད་ལ་རྟོགས་ཚུལ་ལ་མཐོ་དམན་དུ་སྣང་ངོ་། །དོན་ཅིག་ཅར་ཐོད་རྒལ་རིམ་གྱིས་པའི་དབང་གིས་འགྱུར་བ་མེད་པའི་བདེ་བ་གྲུབ་པའི་ཚུལ་གསུམ་སྟེ། ཤེས་རབ་ལ་སྤྲོས་ཟླ་བའི་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་བསྒྲུབ་པ་ལ། ཞེས་སོ། །དེའང་ཅིག་ཅར་བའི་དབང་དུ་མཛད་ནས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཟབ་གསལ་ལྷན་ཅིག་སྐྱེས་པ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཞིང་། ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ཏེ་དེས་ན་ལྷན་ཅིག་སྐྱེས་པ་ཤེས་པའི་དུས་དེ་ཉིད་དུ་ཆོས་ཐམས་ཅད་ཤེས་ཏེ། ཟོ་ཆུན་གྱི་འཁྲུལ་འཁོར་རྡོག་སྟབས་གཅིག་གིས་བསྐྱོད་པས་ཐམས་ཅད་འགུལ་བ་བཞིན་ནོ། །དེའང་བྱང་ཆུབ་ཀྱི་སེམས་ནོར་བུར་རྫོགས་པའི་དུས་སུ་ཆགས་པ་དང་ཆགས་བྲལ་གྱི་མཐའ་གཉིས་ལས་འདས་པའི་སྐད་ཅིག་སྟེ། སྐད་ཅིག་དེ་ལ་བྱང་ཆུབ་ཀྱི་སེམས་གྱེན་ལ་ལོག་ནས་གཙུག་ཏོར་གྱི་མཐར་ཐུག་པ་གང་བར་འགྱུར་ཏེ། རྩ་དང་། རླུང་དང་། སེམས་བདེ་བ་ཐམས་ཅད་གཙུག་ཏོར་གྱི་པདྨོར་དྲི་མ་མེད་པར་ཆོས་ཀྱི་དུང་ཡོངས་སུ་རྫོགས་པར་རབ་ཏུ་མི་གནས་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཐིམ་སྟེ་དོན་དམ་པའི་དབང་ཐོབ་ཅིང་མངོན་པར་རྫོགས་པར་སངས་རྒྱས་པས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དཔེར་ན་གྲུབ་པའི་དངུལ་ཆུས་ཕྱོགས་གཅིག་ཏུ་བསྐུས་པ་མེ་རྣོན་པོས་གདུངས་ན་དེས་ཀུན་ཏུ་འབིགས་ཤིང་ཁྱབ་པར་བྱེད་པའམ། དུག་སྦྲུལ་གྱི་མཆེ་བས་བཟུང་བའི་དུག་རྫོགས་པ་ན་ཚོར་བ་དྲག་པོས་སྡུག་བསྔལ་ལ་རྩེ་གཅིག་ཏུ་དབང་པོ་འདུས་ནས་ལུས་ལ་ཀུན་ཏུ་ཁྱབ་པས་འཆི་བ་བཞིན་ནོ། །དེ་ཡང་། དབུགས་ནི་བཅད་པའི་མཐའ་རུ་རྣམ་གསུམ་བགྲོད་པ་འདི་དང་རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ཏེ། །ཐིག་ལེ་བཀག་པར་གྱུར་ནས་ཀུན་ནས་མཆོག་གི་ཁྱབ་བདག་བདེ་བ་མཐའ་ཡས་དུས་སུ་འཇུག་པར་འགྱུར། །ཞེས་དང་། ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་རྟོགས་པ་པོ། །སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་གསུངས་པ་འདི་ལ་དགོངས་ནས། ཇོ་བོ་ནཱ་རོ་པ་འོད་གསལ་ཉིད་དམ་ཚིག་གི་ཕྱག་རྒྱར་བཞེད་པ་ཡིན་ནོ། །དེ་ལྟར་ས་ར་ཧས་ཀྱང་། རླུང་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་གསུངས། ཐོད་བརྒལ་བ་ཞིག་གིས་སྐད་ཅིག་དང་པོ་ལ་འོད་གསལ་ཏེ་མཐོང་བའི་ལམ་གྱི་སྤང་རྟོགས་རྫོགས་པར་བྱས་ནས། སྐད་ཅིག་གཉིས་པ་ནས་ཟུང་འཇུག་ཏུ་ལྡང་སྟེ། འདིའི་ཟུང་འཇུག་ནི་བསྒོམ་པའི་ལམ་མོ་ཞེས་གསུངས་ཏེ། མཻ་ཏྲི་པ་འོད་གསལ་ལངས་པའི་ཟུང་འཇུག་དམ་རྒྱར་འཇོག་པར་མཛད་པ་འདི་ལ་དགོངས་སོ། །སློབ་དཔོན་འཕགས་པ་ཡབ་སྲས་ཀྱིས་རིམ་གྱིས་པའི་དབང་དུ་མཛད་དེ། སྤྱོད་བསྡུས་སྒྲོན་མ་ལས། སྟོང་པ་ཆེན་པོ་བཅོ་བརྒྱད་ཀྱི་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་གོ །གང་གིས་རིལ་པོར་འཛིན་པ་དང་། །རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱི་ཡང་དག་པའི་མཐའ་ལ་ཞུགས་པ་དེའི་ཚེ་ཉོན་མོངས་པ་ཐམས་ཅད་རྣམས་པར་དག་པར་འགྱུར་རོ། གང་གི་ཚེ་ཡེ་ཤེས་རིམ་གྱིས་ལྡང་བའི་ཕྱིར་རང་བཞིན་གྱི་འོད་གསལ་བའི་བདེན་པ་གཉིས་ལ་གཉིས་སུ་མེད་པའི་རྣམ་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་སློབ་པར་འགྱུར་རོ། །ཞེས་འོད་གསལ་དང་། དེ་ལས་ལྡང་བའི་ཟུང་འཇུག་ལ་སངས་རྒྱས་ཀྱི་ཐ་སྙད་མཛད་པ་མཐོང་བའི་ལམ་པ་ཉིད་ཀྱི་གནས་སྐབས་ཡིན་ནོ། །དེའི་ཕྱིར་སྔར་འོད་གསལ་གྱིས་མངོན་བྱང་ཆུབ་པར་བྱས་ནས། ཕྱིས་ཐམས་ཅད་མཁྱེན་པ་ཞེས་པ་ཡོངས་སུ་སྦྱོང་བའི་ཚུལ་གཉིས་གསུངས་ཏེ། སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་། འདི་ལྟ་སྟེ་བྱང་ཆུབ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པ་ཉིད་ནི་སོ་སོར་རྟོགས་པའི་ཡེ་ཤེས་ལ་སོགས་པའོ། །འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཡུན་རིང་པོ་ནས་འགྲོ་བ་སྣ་ཚོགས་སྒྱུ་མ་ལྟ་བུར་གོམས་པ་དང་། ཡང་དག་པར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གོམས་པ་གཉིས་ཀ་མཛད་དེ། དེ་ལྟ་བས་ན་རྒྱུ་རྣམ་པ་འདི་གཉིས་ཀྱིས་འབྲས་བུ་ནི་སོ་སོར་རྟོགས་པ་ལ་སོགས་པའི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་རྣམ་པ་གཉིས་ཁོ་ན་ཡིན་ནོ། །མངོན་པར་རྟོགས་པའི་དུས་ན་སྐད་ཅིག་མ་དང་པོ་ལ་མཉམ་པ་ཉིད་དང་སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་ལྔ་པའི་རྣམ་པ་མེད་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པ་བྱུང་བ་ནི་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེའི་འོག་ཏུ་ནི་ཆོས་ཀྱི་སྐུའི་མིང་འཐོབ་བོ་ཞེས་འབྱུང་བའི་ཐམས་ཅད་མཁྱེན་པ་ཉིད་ནི་ཟུང་འཇུག་ལ་བརྗོད་དོ། །ཅིག་ཅར་བ་སྐད་ཅིག་གཅིག་ལ་མངོན་པར་འཚང་རྒྱ་བའི་ཚུལ་ནི། མངོན་པར་བྱང་ཆུབ་པ་ཉིད་ཡེ་ཤེས་ལྔར་འགྱུར་ཏེ། སྟོབས་དང་མི་འཇིགས་པ་སོགས་འཕགས་པའི་ཆོས་རྣམས་སྐྱེ་ཞིང་འབྱུང་བའི་རྒྱུ་དང་། དབྱིངས་སུ་གྱུར་པས་ན་ཆོས་ཀྱི་དབྱིངས། དེ་ཉིད་ལ་གློ་བུར་གྱི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤྲིན་དང་འདྲ་བ་དྭངས་ཤིང་བྱང་སྟེ་ནམ་མཁའི་དབྱིངས་དག་པ་དང་འདྲ་བས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ་སྟེ། ཡེ་ཤེས་གྲུབ་པ་ལས། གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། ཤིན་ཏུ་རྣམ་དག་ཅེས་བཤད་དོ། །ཞེས་སོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པས་ན་གཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པས་མེ་ལོང་ཕྱིས་པའི་ནང་དུ་ཅིའང་སྣང་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་སྟེ། དེ་ཉིད་དུ། མེ་ལོང་ཡེ་ཤེས་ཞེས་ཀྱང་བྱ། །ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་ལྟར། །དེ་བཞིན་ཆོས་སྐུར་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །ཞེས་སོ། །སངས་རྒྱས་ཀྱི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པའི་ཚེ། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པས་བདག་དང་གཞན་དུ་མི་འབྱེད་ཅིང་རོ་གཅིག་གམ་མཉམ་པ་ཉིད་དུ་མཁྱེན་པས་མཉམ་ཉིད་ཡེ་ཤེས་ཏེ། དེ་བཞིན་གཤེགས་ཀུན་ཡེ་ཤེས་དང་། །རང་གི་ངང་ནི་འགྲོ་བའི་ཡང་། །དངོས་ཉིད་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཞེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པས་གཟུངས་དང་། ཏིང་ངེ་འཛིན་དང་། བསམ་གཏན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་གཞིར་གྱུར་ལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པ་ཆོས་ཀྱི་ཆར་ཆེན་པོ་འབེབས་ཤིང་ཐེ་ཚོམ་སྣ་ཚོགས་གཅོད་པ་དང་སྐུ་བཻ་ཌཱུརྻ་ལ་སོགས་པ་རིན་པོ་ཆེའི་མདོག་ལ་སོགས་པར་སྟོན་པའི་རྒྱུ་ཡིན་པས་སོ་སོར་རྟོགས་པའི་ཡེ་ཤེས་ཞེས་བྱ་སྟེ། གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། སོ་སོར་རྟོག་པ་ཅན་ཞེས་བཤད། །ཅེས་སོ། །མིག་ལ་སོགས་པ་དབང་པོ་ལྔ་འི་རྣམ་པར་ཤེས་པ་གནས་གྱུར་པ་འཇི་རྟེན་གྱི་ཁམས་ཐམས་ཅད་དུ་ཐབས་སྣ་ཚོགས་དཔག་ཏུ་མེད་པས་སེམས་ཅན་མང་པོའི་དོན་མཛད་པའི་གཞིར་གྱུར་པ་ཡིན་པས་བྱ་བ་སྒྲུབ་པའི་ཡེ་ཤེས་ཞེས་བྱ་སྟེ། ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །མཛད་པ་ཐམས་ཅད་ལ་འཇུག་པས། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་སྒྲུབ་པ་ཞེས་བཤད་དོ། །ཞེས་སོ། །ཡེ་ཤེས་ལྔ་པོ་དེ་དག་ཀྱང་སྐུ་གསུམ་དུ་འགྱུར་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ་ཆོས་ཀྱི་སྐུ། ཇི་ལྟར་མི་གནས་ནམ་མཁའ་ནི། །ཁྱབ་ཅིང་མཚན་ཉིད་རྣམས་དང་བྲལ། འདི་ནི་དོན་དམ་དེ་ཉིད་དེ། །རྡོ་རྗེ་ཡེ་ཤེས་བླ་མེད་ཡིན། །ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །འདི་ནི་ཆོས་སྐུར་ཤེས་བྱ་སྟེ། །ཞེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོགས་པའི་ཡེ་ཤེས་གཉིས་ཀྱི་ཆོས་ཀྱི་ལོངས་སྤྱོད་དང་སྐྱིད་པ་ཆེན་པོ་མ་ལུས་པ་མྱོང་བར་མཛད་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བྱ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། ཇི་ལྟར་གདུལ་བྱའི་ཆོས་རྣམས་དང་། །འདོད་ཡོན་ཀུན་ལ་སངས་རྒྱས་རྣམས། །ཐམས་ཅད་ལོངས་སྤྱོད་གཅིག་པས་ན། །ལོངས་སྤྱོད་རྫོགས་པའི་སྐུར་འདོད་དོ། །ཞེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་སོ་སོ་ཅིས་འདུལ་བ་བཞིན་དུ་ཐབས་ཐབས་སུ་སྐུ་དང་། གསུང་དང་། ཐུགས་སྦྲུལ་ཏེ་སྣ་ཚོགས་སུ་སྟོན་པ་ལ་བྱ་བས་ན་སྤྲུལ་པའི་སྐུ་སྟེ། མཚན་རྣམས་སྐུ་དང་ཡང་དག་ལྡན། །སྣ་ཚོགས་སྐུ་སྟེ་མཚན་ཉིད་མེད། །སངས་རྒྱས་རྣམས་ཀྱི་སྤྲུལ་པ་བས། །སྤྲུལ་པའི་སྐུར་ནི་བཤད་པ་ཡིན། །ཞེས་སོ། །འདུས་པར། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བཤད་པ་ཡིན། །ཚོགས་པ་འདུས་པར་རབ་བརྗོད་དེ། །སངས་རྒྱས་ཐམས་ཅད་མངོན་བརྗོད་བྱེད། །ཅེས་སངས་རྒྱས་སུ་གྱུར་ཕྱིན་ཆད་ཐམས་ཅད་ལ་སྐུ་དང་། གསུང་དང་། ཐུགས་ཀྱི་ངང་ཚུལ་གཅིག་ཁོ་ན་ཡིན་ཞིང་། གང་ཐུགས་ཀྱི་མཁྱེན་པ་ལ་ཆེ་བ་དང་ཆུང་བའི་ཁྱད་པར་རམ། གསུང་ལ་བརྗོད་པར་བྱ་བའི་དོན་དང་རྗོད་པར་བྱེད་པའི་གདངས་མི་འདྲ་བར་དང་། སྐུ་ལ་ཁྲུན་ཆེ་ཆུང་དང་མཚན་དང་དཔེ་བྱད་ཚང་བ་དང་མ་ཚང་བའི་ཁྱད་པར་སྤུའི་རྩེ་མོ་ཙམ་ཡང་ཡོད་པ་མ་ཡིན་ཏེ། སེམས་ཀྱི་གནས་ལུགས་དྲི་མ་དང་བྲལ་བ་ཉིད་སྐུ་རྣམ་པ་ཐམས་ཅད་པ། གསུང་། ཐུགས་རྣམ་པ་ཐམས་ཅད་པར་བཞག་པའི་ཕྱིར་རོ། །རྡོར་འཕྲེང་དུ། སྐུ་གསུམ་དངོས་པོ་ཐ་དད་པར། །སྐྱོབ་པ་ཡིས་ནི་རབ་ཏུ་བསྟན། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཞེས་དང་། སྤྱན་རས་གཟིགས་ཀྱི་དོན་དམ་པའི་བསྙེན་པར། ཐམས་ཅད་མཁྱེན་པ་གཅིག་ཡིན་བླ་མ་གཅིག་ཉིད་དེ། །དེ་བཞིན་ཡེ་ཤེས་གཅིག་ཡིན་སྲིད་དང་ཐར་པ་གཅིག །གཅིག་མིན་རྒྱུ་རུ་ཡང་ནི་རྣལ་འབྱོར་ཉམས་པ་ཡིས། རང་དང་གཞན་གྱི་དོན་ཉམས་བྱེད་པའི་འཁྲུག་པ་བྱེད། །ཅེས་གསུངས་པའི་ཕྱིར་རང་བཞིན་གྱི་འོད་གསལ་བ་མངོན་དུ་བྱས་པ་ཉིད་དམ་རྒྱར་བཤད་པ་འདི་ལ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ་ཞེས་སངས་རྒྱས་ཐམས་ཅད་མགྲིན་གཅིག་པས་ཆེད་དུ་བརྗོད་པར་འགྱུར་རོ། །དེ་ཉིད་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་ཆེན་པོར་ཡང་བརྗོད་དེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་དོན་དམ་བདེན་པ་དེ་དང་སྒྲིབ་པ་མེད་པའི་བདག་བྱིན་རླབས་ཀུན་རྫོབ་ཀྱི་བདེན་པ་གཉིས་དངོས་པོ་གཅིག་ཏུ་གྱུར་པས་སྐུ་མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་ཡན་ལག་དང་། དེའང་ཁ་སྦྱོར་གྱིས་མཚོན་པའི་བདེ་བ་ལ་ལོངས་སྤྱོད་པ་ཁ་སྦྱོར་གྱི་ཡན་ལག་དང་། བདེ་བ་དེའང་ཟག་མེད་ཀྱི་བདེ་བ་ཡིན་པས་བདེ་ཆེན་གྱི་ཡན་ལག་དང་། བདེ་བའི་ཚེ་ན་གཟུང་འཛིན་གྱིས་མ་བསླད་པར་རང་བཞིན་མེད་པའི་ཡན་ལག་དང་། གཟུང་འཛིན་གྱི་རྟོགས་པ་མེད་བཞིན་དུ་གཟུགས་སྐུའི་སྣང་བ་འབྱུང་བས་ཐུགས་རྗེ་ཆེན་པོའི་ཡན་ལག་དང་། གཟུགས་སྐུ་གཉིས་པོ་རྒྱུན་མི་ཆད་པར་སྤྲོ་བ་རྒྱུན་མི་འཆད་པའི་ཡན་ལག་དང་། སྔར་བཤད་པའི་ཡན་ལག་དང་པོ་དེ་རེས་འགའ་བ་མིན་པར་གཏན་དུ་གནས་པའི་འགོག་པ་མེད་པའི་ཡན་ལག་སྟེ་བདུན་ནོ། །དེ་ལྟར་ཡང་། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེས་ངེས་གང་རྒྱུན་མི་འཆད་དག་འགོག་པ་མེད། །ཡན་ལག་བདུན་པ་ཉིད་དང་ལྡན་པའི་བསྒྲུབ་བྱ་འདི། །བདག་འདོད་ཚད་མ་བསྒོམ་པའི་བློ་ཆེན་རྣམས་ཀྱིས་ཀྱང་། །ཞེས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་གསུངས་སོ། །གཉིས་པ་དབང་པོ་རཏལ་པོ་ཟུང་འཇུག་ཏུ་རིམ་པར་ལྡང་བའི་ཙཎྜྻཱ་ལི་བཤད་པ་ནི། མངོན་པར་བྱང་ཆུབ་ལ་ཞུགས་ན། དེ་ནས་ཟུང་འཇུག་ཏུ་ལྡང་བའི་ཚུལ་ཏེ། དེའང་བེམ་པོའི་ཕུང་པོ་ཟད་པའི་སྐད་ཅིག་མ་ལ་མངོན་པར་བྱང་ཆུབ། དེའི་སྐད་ཅིག་མ་ནས་བྱང་ཆུབ་ཀྱི་སེམས་ཁ་གྱེན་དུ་བལྟས་ནས་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་བཞིའི་རིམ་པས་ས་གོང་མའི་ཡོན་ཏན་ཐོབ་པར་བྱ་བའི་རྟེན་དུ་གྱུར་ཅིང་། ས་དེ་ཉིད་ཡོན་ཏན་གྱི་གཞི་ཡིན་པས་ན་ས་ཞེས་བྱ་ལ། དེའང་དབུགས་ཀྱི་གྲངས་འཕེལ་ཏེ་ནོར་བུ་ནས་གསང་གནས། ལྟེ་བ། སྙིང་ག །མགྲིན་པ། །དཔྲལ་བ། གཙུག་ཏོར་དུ་སྲོག་ཟད་པས་བྱང་ཆུབ་ཀྱི་སེམས་ཀྱིས་ཕྱེད་དང་ཡོངས་སུ་གང་བའམ་ས་གཉིས་གཉིས་ཏེ་བཅུ་གཉིས་གསུངས་པའི་དང་པོ། ཀུན་ཏུ་འོད་ནི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། ས་དང་པོ་ལ་ཀུན་ཏུ་འོད་ཅེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་འཛག་བདེ་མ་རིག་པའི་མུན་པ་སེལ་བའི་ཉི་མའི་དཀྱིལ་འཁོར་ཆེན་པོ་ལྟ་བུའོ། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ས་གཉིས་པ་ལ་བདུད་རྩིའི་འོད་ཀྱི་ས་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་འཛག་པའི་དྲི་མ་དང་བྲལ་བའི་འོད་གསལ་བར་མངོན་དུ་གྱུར་པས་སྟོན་ཀའི་ཟླ་བ་ཉ་ལྟ་བུའོ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །ས་གསུམ་པ་ལ་ནམ་མཁའ་འོད་ཀྱི་ས་ཞེས་བྱ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་པ་ལ་རབ་ཏུ་གནས་པས་སོ། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ས་བཞི་པ་ལ་རྡོ་རྗེའི་འོད་ཅེས་བྱ་སྟེ། ལྷག་པའི་བསམ་པ་བརྟན་པོར་སྦྱོར་བས་རྟོག་པས་མི་ཕྱེད་པའི་ཡིད་དགའ་བ་དང་ལྡན་པས་སོ། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །ལྔ་པ་ལ་རིན་ཆེན་འོད་ཅེས་བྱ་སྟེ། མངོན་པར་དབང་བསྐུར་བ་ལ་གནས་པས་སོ། །པདྨའི་འོད་ནི་དྲུག་པ་སྟེ། །པདྨའི་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱི། །དྲི་མ་མེད་པ་ཡོངས་སུ་འཛིན། །དྲུག་པ་ལ་པདྨའི་འོད་ཅེས་བྱ་སྟེ། པདྨ་བཞིན་དུ་སེམས་རང་བཞིན་གྱིས་དག་ཅིང་དྲི་མ་མེད་པའི་ཆོས་ཡོངས་སུ་འཛིན་པས་སོ། །བདུན་པ་ལས་ཀྱི་འོད་ཅེས་པ། སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །ས་བདུན་པ་ལ་ལས་ཀྱི་འོད་ཅེས་བྱ་སྟེ། སངས་རྒྱས་ཀྱི་འཕྲིན་ལས་བྱེད་པའི་ཕྱིར་རོ། །བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་མ་ཡིན། ས་བརྒྱད་པ་ལ་དཔེ་མེད་པའི་ས་ཞེས་བྱ་སྟེ། ས་བདུན་པ་མན་ཆད་ཀྱི་དཔེ་ལས་འདས་པའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་ཕྱིར་རོ། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །ས་དགུ་པ་ལ་དཔེ་ལྡན་གྱི་ས་ཞེས་བྱ་སྟེ། །དཔེ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་དཔེ་སོ་སོར་རྟོགས་པར་བྱེད་པས་སོ། །བཅུ་པ་ཤེས་རབ་འོད་ཅེས་པ། སངས་རྒྱས་ས་ནི་བླ་ན་མེད། །ས་བཅུ་པ་ལ་ཤེས་རབ་འོད་ཀྱི་ས་ཞེས་བྱ་སྟེ། །སངས་རྒྱས་ཀྱི་ས་དང་པོའི་ཡེ་ཤེས་བླ་ན་མེད་པ་དང་ལྡན་པའི་ཕྱིར་རོ། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །ས་བཅུ་གཅིག་པ་ལ་ཐམས་ཅད་མཁྱེན་པའི་ས་ཞེས་བྱ་སྟེ། བསྒྲིབ་པའི་མུན་པ་ཐམས་ཅད་སེལ་བ་རབ་ཏུ་འོད་གསལ་བ་དང་ལྡན་པའོ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ས་བཅུ་གཉིས་པ་ལ་སོ་སོ་རང་གིས་རིག་པའི་ས་ཞེས་བྱ་སྟེ། རྣལ་འབྱོར་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་དག་ཀྱང་རྒ་ཤི་དང་གཞུ་སོགས་ཡན་ལག་བཅུ་གཉིས་དང་དུས་སྦྱོར་བཅུ་གཉིས་ལུགས་བཟློག་ཏུ་འགགས་པ་ཡིན་ནོ། །དེ་ནི་ས་རང་གི་ངོ་བོའི་དབང་དུ་བྱས་ཏེ་བཤད་པ་ཡིན་ལ། རྒྱུའི་དབང་དུ་བྱས་ན་དགྱེས་རྡོར་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚན་དོ་ཉེ་བའི་ཚན་དོ་དང་། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་བཅོད་ཉེ་བའི་འཐུང་བཅོད་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་པས། །ས་དང་པོ་སྦྱིན་པའི་ཕར་ཕྱིན་ལ་བརྟེན་ནས་གཞན་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟེན་ཡིན་པས་ན་གནས། གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་བརྟེན་ནས་དགེ་བཅུ་རྣམ་པར་དག་ཅིང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་དབང་དུ་བྱེད་པའི་རྟེན་ཡིན་པས་ཉེ་བའི་གནས། གསུམ་པ་བཟོད་པའི་ཕར་ཕྱིན་རབ་ཀྱི་མཐར་ཐུག་པས་ཟག་མེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ཀྱི་སྣང་བ་ཆེན་པོ་སྐྱེ་བ་ནི་ཞིང་ངོ་། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་བརྟེན་ནས་སྔར་ལས་ཡོན་ཏན་ལེགས་པར་སྐྱེ་བས་ཉེ་ཞིང་ངོ་། །ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་མངོན་པར་སྦྱོར་ཞིང་རྫོགས་པར་བྱེད་པ་ནི་ཚན་དོ་ཧའོ། །དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་ལ་བརྟེན་ནས་སྔར་བཤད་པའི་ཡོན་ཏན་ལ་ཤིན་ཏུ་མངོན་པར་སྦྱོར་བས་ཉེ་བའི་ཚན་དོ་ཧའོ། །བདུན་པ་ཐབས་ཀྱི་ཕར་ཕྱིན་ལ་བརྟེན་ནས་བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པའི་ཡོན་ཏན་རྣམས་མཚན་མ་མེད་པའི་རྩོལ་བས་འདུ་བར་བྱེད་པས་ན་འདུ་བའོ། །བརྒྱད་པ་སྨོན་ལམ་གྱི་ཕར་ཕྱིན་ལ་བརྟེན་ནས་སྣོད་བཅུད་ཀྱི་ཞིང་ཡོངས་སུ་དག་པ་འབད་མེད་ལྷུན་གྲུབ་ཏུ་ཐོབ་པར་བྱེད་པས་ན་ཉེ་བའི་འདུ་བའོ། །དགུ་པ་སྟོབས་ཀྱི་ཕར་ཕྱིན་ལ་བརྟེན་ནས་ཆོས་ཐམས་ཅད་བདག་མེད་པར་རང་གིས་རྟོགས་ནས་གཞན་ལ་སྟོན་པས་རང་གཞན་གྱི་དོན་རྫོགས་པར་བྱེད་པའི་ཕྱིར་དུར་ཁྲོད། བཅུ་པ་ཡེ་ཤེས་ཀྱི་ཕར་ཕྱིན་གྱིས་རང་གཞན་གྱི་དོན་མཐར་ཕྱིན་པ་དང་མཐར་ཐུག་པའི་དབང་པོ་རྫོགས་པར་བྱེད་པས་ཉེ་བའི་དུར་ཁྲོད། བཅུ་གཅིག་པ་པདྨའི་ཕར་ཕྱིན་ལ་བརྟེན་ནས་གནས་ངན་ལེན་གཅོད་པར་བྱེད་པས་འཐུང་གཅོད། བཅུ་གཉིས་པ་རྡོ་རྗེ་ལས་ཀྱི་ཕར་ཕྱིན་ལ་བརྟེན་ནས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པས་ཉེ་བའི་འཐུང་གཅོད་དོ། །འབྲས་བུའི་མིང་རྒྱུ་ལ་བཏགས་པའི་དབང་དུ་མཛད་ནས་དེ་དག་ཀྱང་རབ་ཏུ་དགའ་བ་ལ་སོགས་པའི་མིང་གིས་གསུངས་ཏེ། །དོན་ཆེན་པོ་སྔོན་འདྲིས་པ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དང་། བྱང་ཆུབ་དང་ཉེ་ཞིང་སེམས་ཅན་མང་པོའི་དོན་བསྒྲུབ་པ་གཟིགས་ནས་དགའ་བ་རླབས་པོ་ཆེ་སྐྱེ་བས་རབ་ཏུ་དགའ་བ་ཞེས་བྱ། ཚུལ་ཁྲིམས་འཆལ་བའི་ལྟུང་བ་ཕྲ་མོ་ཡན་ཆད་ཀྱང་བྱང་བས་ན་དྲི་མ་མེད་པ་ཞེས་བྱ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པའི་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པས་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པ་ཐོབ་པས་ན་འོད་བྱེད་པ་ཞེས་བྱ། ཉོན་མོངས་པ་སྲེག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་མེའི་འོད་འཕྲོ་བས་ན་འོད་འཕྲོ་ཅན་ཞེས་བྱ། ཉན་ཐོས་དང་རང་སངས་རྒྱས་ལས་འདས་པའི་འཕགས་པའི་བདེན་པ་བཞི་ལ་བསྒོམ་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་མི་གནས་པའི་ཤེས་རབ་ཡོངས་སུ་དག་པར་བྱ་བ་སྦྱངས་ཞིང་གོམས་པ་ཤིན་ཏུ་དཀའ་བས་ན། ས་དེ་ནི་གནོན་པར་དཀའ་བའམ་བསྒྲུབ་པར་དཀའ་བ་ལ་བྱ་སྟེ་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་ཤིང་མཚན་མ་མེད་པ་ལ་རང་གི་ངང་གིས་འཇུག་པའི་ཡེ་ཤེས་ལ་མང་དུ་གནས་ཤིང་མངོན་དུ་གཟིགས་པས་ན་མངོན་དུ་བྱ་བ་ཞེས་བྱ། མཚན་མ་མེད་པ་ལ་བགྲོད་པ་གཅིག་པུར་གྱུར་པའི་ལམ་དང་ཉེ་ཞིང་རིང་དུ་ཕྱིན་པས་ན་རིང་དུ་སོང་བ་ཞེས་བྱ། མཚན་མའི་འདུ་ཤེས་དང་མཚན་མ་མེད་པར་རྩོལ་བའི་འདུ་ཤེས་གཉིས་ཀས་བསྐྱོད་མི་ནུས་པས་ན་མི་གཡོ་བ་ཞེས་བྱ། སོ་སོ་ཡང་དག་པར་རིག་པ་བརྙེས་པས་ན་བློ་གྲོས་གཞན་ལས་འཕགས་པ་ཡིན་ཏེ་ལེགས་པའི་བློ་གྲོས་ཞེས་བྱ། གཟུངས་དང་ཏིང་ངེ་འཛིན་ཀུན་ལའང་སྤྲིན་དང་འདྲ་བར་ཁྱབ་ཅིང་ཐོས་པའི་ཆོས་རྣམས་ནམ་མཁའ་དང་འདྲ་བ་ལ་སྤྲིན་བཞིན་དུ་ཁྱབ་པས་ན་ཆོས་ཀྱི་སྤྲིན་ཞེས་བྱ། དེ་ལྟར་བྱང་ཆུབ་སེམས་པའི་ས་བཅུ་དང་། འོད་ཟེར་མང་པོ་བཀྱེ་བས་གདུལ་བའི་སེམས་ཅན་སྨིན་པར་མཛད་ཅིང་། ཆོས་ཀྱི་སྣང་བ་འོད་དང་འདྲ་བས་ཐམས་ཅད་ལ་གསལ་བར་བྱ་བས་ན་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དེ་བཅུ་གཅིག་གམ་རྟོག་གེའི་ཡུལ་མ་ཡིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པས་དཔེ་མེད་ཀྱིས། ངེས་པར་འབྱུང་བ་རྫོགས་པའི་བྱང་ཆུབ་དེ་མ་ཐག་ཏུ་ཐོབ་པར་འགྱུར་བའི་ཡེ་ཤེས་དང་ལྡན་པས་ཡེ་ཤེས་ལྡན་གྱིས། ཆོས་ཐམས་ཅད་ངོ་བོ་ཉིད་མ་ནོར་བར་ཐུགས་སུ་ཆུད་ཅིང་མངོན་པར་བྱང་ཆུབ་པས་མི་ཕྱེད་པའི་ཕྱིར་རྡོ་རྗེའི་ས་སྟེ་བཅུ་གསུམ་དུའང་མངོན་བརྗོད་བླ་མར་གསུངས་ཏེ། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་དང་། དགོངས་པ་ལུང་སྟོན་ལས་ཀྱང་། སངས་རྒྱས་རྣམས་ཀྱིས་གང་བསྟེན་པ། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་དང་། བཅུ་གཅིག་པ་སྤྲུལ་པའི་སྐུའི་ས་དང་། བཅུ་གཉིས་པ་ལོངས་སྤྱོད་རྫོགས་པའི་ས་དང་། བཅུ་གསུམ་པ་ཆོས་ཀྱི་སྐུའི་ས་དང་། བཅུ་བཞི་པ་ངོ་བོ་ཉིད་ཀྱི་སྐུའི་ས་སྟེ། རྡོ་རྗེ་ཕྲེང་བར། བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །ཞེས་དང་། དོ་ཧར། བཅུ་བཞི་པ་ཡི་ས་ལ་རྒྱུན་དུ་གནས། །ཞེས་དང་། ཕྱག་ཆེན་ཐིག་ལེའི་འགྲེལ་པར་དེ་བཞིན་དུ་གསུངས་སོ། །ཡེ་ཤེས་ཐིག་ལེར། མོས་པས་སྤྱོད་པ་ས་དང་པོ། གཉིས་པ་རབ་ཏུ་དགའ་བ། གསུམ་པ་དྲི་མ་མེད་པ། བཞི་པ་འོད་བྱེད་པ། ལྔ་པ་འོད་འཕྲོ་བ། དྲུག་པ་སྦྱང་དཀའ་བ། བདུན་པ་མངོན་དུ་གྱུར་པ། བརྒྱད་པ་རིང་དུ་སོང་བ། དགུ་པ་མི་གཡོ་བ། བཅུ་པ་ལེགས་པའི་བློ་གྲོས། དེ་རྣམས་ནི་བྱང་ཆུབ་སེམས་དཔའི་སའོ། །ཆོས་ཀྱི་སྤྲིན་ནི་སངས་རྒྱས་ཀྱི་ས་དང་། ཀུན་ཏུ་འོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་དང་། ཀུན་ཏུ་སྣང་བ་ཆེན་པོའི་འོད་ནི་དཔལ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ས། ཀུན་ཏུ་སྣང་བ་ཐོབ་པའི་འོད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ས། བརྗོད་དུ་མེད་པ་ཚད་མེད་པ་ནི་བདེ་བ་ཆེན་པོའི་ས་སྟེ། དེ་ཀུན་དགའ་བའི་བྱེ་བྲག་ལ། །སར་ནི་ཀུན་ཏུ་བཏགས་པའོ། །ཞེས་བཅོ་ལྔ་དང་། མཉམ་སྦྱོར་གྱི་འགྲེལ་པ་ལས། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དང་། པདྨོ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་བ་དང་། ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་རིམ་པ་བཞིན་དུ་སྦྱངས་པས་ཅིག་ཅར་ཐོབ་པའོ། །ཞེས་ཀྱང་གསུངས་སོ། །དེ་ལས་དང་པོ་ཐོབ་ནས་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པའི་མ་མཐོང་བའི་དོན་ཡང་དག་པར་མཐོང་ངོ་། །གཉིས་པ་ནས་བཅུ་གཅིག་པའི་བར་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཉིས་གྱི་མཐར་ཐུག་པ་ནས་ཉིས་འགྱུར་དུ་བསྒྲེས་ནས་སྟོང་ཉི་ཤུ་རྩ་བཞིའི་བར་དུ་མཐོང་ཞིང་། བཅུ་གཉིས་པས་མ་ལུས་པ་གཟིགས་པར་གསུངས་ལ། མཚན་ཉིད་ཀྱི་ཐེག་པར་ས་དང་པོ་ལ་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ནུས་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་རྣམས་ཀྱི་བྱིན་རླབས་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྐྱོད་པར་བྱེད་པ་དང་། སྣང་བར་བྱེད་པ་དང་། དེ་དག་ཏུ་འགྲོ་བར་བྱེད་པ་དང་། སེམས་ཅན་བརྒྱ་སྦྱོང་བ་དང་། ཆོས་ཀྱི་སྒོ་བརྒྱ་སྟོན་པ་དང་། བསྐལ་པ་བརྒྱར་འཇུག་པ་དང་། བསྐལ་པ་བརྒྱའི་སྔོན་དང་ཕྱི་མཐའ་ཤེས་པ་དང་། ལུས་བརྒྱ་སྟོན་པ་དང་། ལུས་རེ་རེ་ལ་བྱང་སེམས་ཀྱི་འཁོར་བརྒྱ་བརྒྱ་སྟོན་པ་སྟེ་བརྒྱ་ཕྲག་བཅུ་གཉིས། ས་གཉིས་པར་ཡོན་ཏན་བཅུ་གཉིས་པོ་དེ་དག་སྟོང་། གསུམ་པར་འབུམ་དང་། བཞི་པར་བྱེ་བ་ཕྲག་བརྒྱ། ལྔ་པར་བྱེ་བ་ཕྲག་སྟོང་། དྲུག་པར་བྱེ་བ་ཕྲག་འབུམ། བདུན་པར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ། བརྒྱད་པར་སྟོང་སུམ་བརྒྱ་ཕྲག་སྟོང་བསྡོམས་པའི་འཇིག་རྟེན་གྱི་རྡུལ་ཚད་ཅི་ཡོད་ཀྱི་གྲངས་མཉམ་དགུ་པར་གྲངས་མེད་བརྒྱ་ཕྲག་སྟོང་དུ་བསྡོམས་པ་ཕྲག་བཅུའི་རྡུལ་གྲངས། བཅུ་པར་ངག་གི་ཡུལ་ལས་འདས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་པའི་ཡོན་ཏན་ཐོབ་པར་བཤད་དོ། །ཕར་ཕྱིན་བཅུ་གཉིས་ཀྱི་སྦྱིན་པ་ནི། ཕྱི་ནང་གི་དངོས་པོ་མཐའ་དག་ཡོངས་སུ་གཏོང་ཞིང་རྣམ་པར་རྟོག་པའི་སྤྲོས་པ་དང་། ཡིད་ཀྱི་རྣམ་འཕྲུལ་མཐའ་དག་གཏོང་བའོ། །ཚུལ་ཁྲིམས་ནི། ལས་རྒྱ་དང་འགྲོགས་ཀྱང་བྱང་སེམས་འཛག་པ་མེད་པའོ། །བཟོད་པ་ནི་ཕ་རོལ་གྱི་ཡུལ་ལ་མངོན་པར་ཞེན་པ་མེད་པའོ། །བརྩོན་འགྲུས་ནི་རླུང་བཅུ་དབུ་མར་ཐིམ་པའོ། །བསམ་གཏན་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ལ་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་གཞོམ་དུ་མེད་ཅིང་ཀུན་ཏུ་སོན་པའི་སྐད་ཐམས་ཅད་པའོ། །ཐབས་ནི་ཕྱག་རྒྱའི་ཤེས་རབ་གསལ་བའི་དོན་དུ་བཙན་ཐབས་ཀྱི་སྦྱོར་བས་ཐིག་ལེ་འགོག་པའོ། །སྟོབས་ནི་བདེ་བ་ཆེན་པོའི་མཐུས་སྲིད་པ་གསུམ་མཐར་བྱེད་པའོ། །སྨོན་ལམ་ནི་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐད་ཅིག་འབྱུང་བས་ན་རང་གཞན་གྱི་དོན་ཐམས་ཅད་རྫོགས་པའོ། ཡེ་ཤེས་ནི་ནོར་བུའི་ལྟེ་བའི་ནང་བརྩམས་ཏེ་ལོག་ནས་གཙུག་ཏོར་གྱི་བར་གྱི་བདེ་ཆེན་ནོ། །པདྨའི་ཕར་ཕྱིན་ནི་འཁོར་བ་ལ་མི་གནས་པའོ། །རྡོ་རྗེ་ལས་ཀྱི་ཕར་ཕྱིན་ནི་མྱང་འདས་ལ་མི་གནས་པའོ། །ད་ནི་དེ་དག་ཏུ་བྱང་ཕྱོགས་སོ་བདུན་བཤད་དེ། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་བཅུ་གཉིས་ཚོགས་ལམ་དུ། དབང་པོ་ལྔ་དྲོད་རྩེ་མོར། སྟོབས་ལྔ་བཟོད་པ་དང་ཆོས་མཆོག་ན། བྱང་ཆུབ་ཡན་ལག་བདུན་ས་དང་པོ་ན། ས་གཉིས་པ་ཡན་ནས་འཕགས་ལམ་ཡན་ལག་བརྒྱད་དེ་ཕར་ཕྱིན་དང་མཐུན་པར་བཤད་པའོ། །དུས་འཁོར་དབང་ལེ་ལས། ལུས་ཚོར་གྱི་དྲན་པ་ཉེར་བཞག་ས་དང་པོར། སེམས་ཆོས་གཉིས་ས་གཉིས་པར། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཡན་ལག་གསུམ་ས་གསུམ་པར། དྲན་པ་དང་། ཆོས་རབ་ཏུ་འབྱེད་པ་དང་། བརྩོན་འགྲུས་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཞི་ས་བཞི་པར། རྫུ་འཕྲུལ་གྱི་རྐང་པ་བཞི་ས་ལྔ་པར། ཡང་དག་པར་སྦོང་བ་བཞི་ས་དྲུག་པར། དབང་པོ་ལྔ་བདུན་པར། སྟོབས་ལྔ་བརྒྱད་པར། འཕགས་ལམ་ཡན་ལག་བརྒྱད་དགུ་པ་དང་བཅུ་པར་གསུངས་ཤིང་། ཕྱག་རྡོར་གྱིས། རྫུ་ཕྲུལ་རྐང་བཞི་ས་དང་པོ། །དད་བརྩོན་དྲན་ཏིང་གི་དབང་པོ་གཉིས་པར། ཤེར་དབང་དང་སྟོབས་གསུམ་པར། བརྩོན་འགྲུས་དང་དྲན་སྟོབས་བཞི་པ། ཏིང་འཛིན་ཤེར་སྟོབས་ལྔ་པ། ཏིང་འཛིན་བརྩོན་འགྲུས་ཡང་དག་བྱང་ཆུབ་ཡན་ལག་དྲུག་པ། དགའ་བ་དང་ཤིན་སྦྱངས་བདུན་པ། ཆོས་རབ་ཏུ་རྣམ་འབྱེད་དང་དྲན་པ་བརྒྱད་པ། བཏང་སྙོམས་ཡང་དག་པའི་ལྟ་བ་དགུ་པ། རྟོག་པ་དང་ངག་བཅུ་པ། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་ཡང་དག་སྤོང་བཞི་བཅུ་གཅིག་པ། དྲན་པ་ཉེར་བཞག་བཞི་ཡང་དག་པའི་ཏིང་འཛིན་བཅུ་གཉིས་པར་གསུངས་སོ། །དང་པོ་ནི་ཟག་མེད་ལམ་གྱི་རྒྱུར་གྱུར་པ་ཟག་བཅས་ཀྱི་དྲན་པ་ཉེར་བཞག་སོགས་ཚོགས་སྦྱོར་དུ་བསྒོམ་པས་མཐོང་ལམ་ཡན་ཆད་དུ་ཟག་མེད་ཀྱི་རྟོགས་པ་སྐྱེད་པར་བྱེད་པའི་རྒྱུའི་དབང་དུ་བྱས་པ་ཡིན་ལ། མཐོང་ལམ་དུ་དྲན་པ་ཉེར་བཞག་བཞི་མེད་པར་མ་བཤད་དེ། མདོ་སྡེ་རྒྱན་ལས། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །སུམ་ཅུ་རྩ་བདུན་དེ་དག་ནི། །རྟག་ཏུ་མཐོང་བའི་ལམ་དག་དང་། ལྷན་ཅིག་ཏུ་ནི་གནས་པར་འདོད། །ཅེས་གསུངས་སོ། །གཉིས་པ་མན་ཆད་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ནི་མཁའ་འགྲོ་མ་དྲ་བ་ཡིན་ལ། དེ་རོ་མཉམ་གཅིག་ཏུ་གྱུར་པ་ནི་སྡོམ་པ་ཡིན་པས་ཐམས་ཅད་ཆོས་ཀྱི་སྐུ་རྫོགས་པའི་སངས་རྒྱས་ཀྱི་སར་གཅིག་ཀྱང་ཆ་ཐ་དད་ཀྱི་སྒོ་ནས་དབྱེ་ཞིང་། དོན་ལ་རེ་རེའང་ཐམས་ཅད་ཚང་བར་གནས་པ་ཡིན་ནོ། །ད་ནི་འགྱུར་བའི་ཕུང་ཁམས་སུམ་ཅུ་རྩ་དྲུག་མི་འགྱུར་བའི་ཕུང་ཁམས་སུམ་ཅུ་རྩ་དྲུག་ཏུ་གནས་གྱུར་པས་རིགས་སུམ་ཅུ་རྩ་དྲུག་སྟེ་འགྱུར་བའི་ཡེ་ཤེས་འགགས་པ་མི་འགྱུར་བའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་སྐུ་རྡོ་རྗེ་སེམས་དཔའོ། །མི་འགྱུར་བའི་རྣམ་པར་ཤེས་པ་ནི་མི་བསྐྱོད་པ་སྟེ་གཉིད་སོགས་གནས་སྐབས་བཞིའི་སེམས་སྒྲིབ་བྲལ་དུ་འགགས་པ་ཡིན་ནོ། །དེ་ཉིད་རྣམ་ཤེས་ཀྱི་ངོ་བོ་ཞེ་སྡང་སྒྲིབ་བྲལ་དུ་གྱུར་པ་མི་མཐུན་པའི་ཕྱོགས་སྒྲིབ་པ་རྣམས་ཀྱི་གཉེན་པོའི་ངོ་བོ་ཞེ་སྡང་འཇོམས་རྟོགས་གཉིས་ཡེ་ཤེས་ཀྱི་རྩེ་མོ་ལྔ་དང་ལྡན་པས་ཞེ་སྡང་རྡོརྗེའི་རིགས་ཏེ་རྣམ་པར་རྟོག་པ་ཀུན་གྱིས་བསྐྱོད་བྱ་མིན་པས་ན་མི་བསྐྱོད་པ་སྟེ། གདུག་པ་རྣམས་སྨིན་པའི་དོན་དུ་རྡོ་རྗེ་སེམས་དཔའ་སྤྲོས་སོ། །གཟུགས་ཀྱི་ཕུང་པོ་ནི་བེམ་པོ་དང་འཆིང་བའི་རང་བཞིན་ལས་གཏི་མུག་སྟེ། དེ་སྒྲིབ་བྲལ་དུ་འགགས་པར་གྱུར་པ་ན་གཟུགས་ཆེན་པོ་སྟེ་མི་འགྱུར་བའི་གཟུགས་ཕུང་དྲི་མ་ཐམས་ཅད་དང་བྲལ་བ་ལས་སྲིད་པ་གསུམ་མ་ལུས་པ་ཀུན་ནས་དྭངས་ཤིང་གསལ་བས་ན་རྣམ་པར་སྣང་མཛད་ཅེས་བྱ་ལ་རྨོངས་པ་རྣམས་སྨིན་པའི་དོན་དུ་སྤྲོས་སོ། །ང་དང་ང་ཡིར་འཛིན་པའི་ང་རྒྱལ་གྱིས་རང་བཞིན་ཚོར་བ་འཁོར་བའི་སྡུག་བསྔལ་རྣམ་པ་གསུམ་གྱིས་བསྡུས་པ་དེ་སྒྲིབ་བྲལ་དུ་འགགས་པར་གྱུར་པ་ཚོར་བ་ཆེན་པོ་མི་འགྱུར་བའི་ཚོར་བ་ནི་བླ་ན་མེད་པའི་དགའ་བ་རྒྱས་པར་བྱེད་པའི་རིན་པོ་ཆེའི་བདག་ཉིད་དུ་འབྱུང་བས་ན་རིན་ཆེན་འབྱུང་ལྡན་ནམ། བྱང་ཆུབ་ཀྱི་སེམས་ཀྱི་རིན་པོ་ཆེ་འབྱུང་བས་ན་རིན་ཆེན་འབྱུང་ལྡན་ཞེས་ཟླ་གྲགས་ཀྱིས་སོ། །དེའང་སྡུག་བསྔལ་དང་ལྡན་པ་རྣམས་སྨིན་པའི་དོན་དུ་སྤྲོས་སོ། །དངོས་པོ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་འདོད་ཆགས་ཀྱི་བདག་ཉིད་འཁོར་བའི་འདུ་ཤེས་སྒྲིབ་བྲལ་དུ་འགགས་པར་གྱུར་པ་མི་འགྱུར་བའི་འདུ་ཤེས་ཆེན་པོ་ནི་དཔག་ཏུ་མེད་པའི་ཤེས་བྱ་སོ་སོར་རྟོག་པའི་བདག་ཉིད་ཀྱིས་ན་འོད་དཔག་མེད་དོ། །འདོད་ཆགས་ཆེན་པོ་ནི་འོད་གསལ་བ་སྟེ། དེ་ལས་བྱུང་བ་ནི་འོད་དཔག་ཏུ་མེད་པའོ། །དེ་ཆགས་པ་ཅན་གྱི་དོན་དུ་སྤྲོས་སོ། །རྒྱུ་རྐྱེན་གྱི་རྟེན་འབྲེལ་གྱིས་བསྐུལ་ནས་འདུ་བྱེད་པའི་བདག་ཉིད་ཕྲག་དོག་གི་ངོ་བོ་འཁོར་བ་འཕེལ་བའི་འདུ་བྱེད་སྒྲིབ་བྲལ་དུ་འགགས་པ་ནི་གཞན་རྡོ་རྗེའི་འདུ་བྱེད་དམ་མི་འགྱུར་བའི་འདུ་བྱེད་ཆེན་པོ་སྟེ། ཉོན་མོངས་པ་ཐམས་ཅད་ཟད་པས་འགྲོ་བ་ཐམས་ཅད་ལ་ཕན་པ་སྒྲུབ་པར་བྱེད་པའི་རྒྱུ་ཉིད་ཀྱིས་ན་དོན་དམ་འབྲས་བུ་ཡོད་པར་གྲུབ་པས་ན་དོན་ཡོད་གྲུབ་སྟེ། སེམས་ཀྱི་བགེགས་བདུད་ལ་སོགས་པའི་སྒྲིབ་པ་འཇོམས་པའི་ཕྱིར་སྦྲོས་སོ། །འདུས་པ་ཕྱི་མར། སྡང་རྣམས་འཇོམས་རྟོགས་གཉིས་རྣམས་ཀྱིས། །རྣམ་ཤེས་ཞེ་སྡང་ཡིན་པར་བརྗོད། །གཟུགས་ནི་གཏི་མུག་ཅེས་བཤད་དེ། །སེམས་དང་འཆིང་བའི་རང་བཞིན་ལ། །ང་རུ་བྱེད་པའི་རང་བཞིན་ལས། །ཚོར་བ་རྒྱགས་པ་ང་རྒྱལ་བཤད། །འདུ་ཤེས་ཡན་ལག་ཆགས་བདག་ཉིད། །དངོས་ལ་ཞེན་པའི་མཚན་ཉིད་ཅན། །བརྟེན་ནས་བསྐུལ་བའི་བདག་ཉིད་ཀྱི། །འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རང་བཞིན་གྱུར་པའི་བྱང་ཆུབ་སེམས། །ཀུན་ནས་འབྱུང་ཞིང་ཡང་དག་འབྱུང་། །ཞེས་གསུངས་སོ། །ཞེ་སྡང་ཉམས་པ་ལས་ནམ་མཁའི་ཁམས་སྒྲིབ་བྲལ་དུ་གྱུར་པ་ལས་གཞན་ནམ་མཁའི་ཁམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །གཏི་མུག་ཉམས་པ་ལས་སའི་ཁམས་སྒྲིབ་བྲལ་དུ་གྱུར་པ་གཞན་སའི་ཁམས་ནི་སངས་རྒྱས་སྤྱན་མའོ། །ང་རྒྱལ་ཉམས་པ་ལས་ཆུའི་ཁམས་སྒྲིབ་བྲལ་དུ་གྱུར་པ་གཞན་ཆུའི་ཁམས་མ་མཱ་ཀིའོ། །འདོད་ཆགས་ཉམས་པ་ལས་མེའི་ཁམས་སྒྲིབ་བྲལ་དུ་གྱུར་པ་གཞན་མེའི་ཁམས་ནི་གོས་དཀར་མོའོ། །ཕྲག་དོག་ཉམས་པ་ལས་རླུང་གི་ཁམས་སྒྲིབ་བྲལ་དུ་གྱུར་པ་གཞན་རླུང་གི་ཁམས་སྒྲོལ་མའོ། །སེར་སྣ་ཉམས་པ་ལས་ཡེ་ཤེས་ཀྱི་ཁམས་སྒྲིབ་བྲལ་དུ་གྱུར་པ་གཞན་མི་འགྱུར་བའི་ཡེ་ཤེས་ནི་སྣ་ཚོགས་ཡུམ་མམ་བདག་མེད་མའམ། ཕག་མོ་རེག་བྱ་རྡོ་རྗེ་མ་ལ་སོགས་པའོ། །ཐ་མལ་པའི་མིག་གི་དབང་པོ་སྒྲིབ་བྲལ་དུ་འགགས་པར་གྱུར་པ་ཐམས་ཅད་ཀྱིས་མཐོང་བ་དང་། ཐ་མལ་པ་རྣམས་ཀྱིས་མ་མཐོང་བའི་གཟུགས་ནི་ཡིད་དང་ནམ་མཁའ་ལྟ་བར་བྱེད་ལ་གཞན་མིག་གམ་མི་འགྱུར་བའི་མིག་ནི་ས་སྙིང་ངོ་། །རྣ་བ་སྒྲིབ་བྲལ་དུ་འགགས་པས་ཐག་ཉེ་རིང་གི་སྒྲ་ཐམས་ཅད་རབ་ཏུ་གསལ་བར་ཐོས་པ་མི་འགྱུར་བའི་རྣ་བ་ཕྱག་རྡོར། སྣ་སྒྲིབ་བྲལ་དུ་འགགས་པས་མཆོག་གི་བདེ་བ་བྱེད་པ་མི་འགྱུར་བའི་དྲི་ཐམས་ཅད་འཛིན་པར་བྱེད་པ་དེ་ནི་མི་འགྱུར་བའི་སྣ་ནམ་སྙིང་། ལྕེ་སྒྲིབ་བྲལ་དུ་འགགས་པ་རང་གི་ཟླ་བའི་བདུད་རྩི་བདེ་བ་ཆེན་པོ་སྟེར་བ་རྟག་ཏུ་མྱོང་བར་བྱེད་པ་མི་འགྱུར་བའི་ལྕེ་ནི་འཇིག་རྟེན་དབང་ཕྱུག་གོ །ལུས་དབང་སྒྲིབ་བྲལ་དུ་འགགས་པ་རྡོ་རྗེའི་རེག་བྱ་ཀུན་ནས་འཕྲོག་པ་མི་འགྱུར་བའི་ལུས་དབང་ནི་སྒྲིབ་པ་རྣམ་སེལ་ལོ། །འཁྲིག་པ་སྒྲིབ་བྲལ་དུ་གྱུར་པའི་ཡིད་ཐབས་དང་ཤེས་རབ་འགྲོགས་པའི་བདེ་བ་རོ་མཉམ་པ་ལ་འཇུག་པ་མི་འགྱུར་བའི་ཡིད་དབང་ནི་ཀུན་ཏུ་བཟང་པོ་སྟེ་སེམས་དཔའ་དྲུག །ཐ་མལ་པའི་གཟུགས་སྒྲིབ་བྲལ་དུ་འགགས་པར་གྱུར་པ་སྒྲིབ་པ་མ་ལུས་པ་དང་བྲལ་བས་ཀུན་ནས་དྭངས་ཤིང་། གསལ་བ་འདུས་བྱས་ཀྱི་མཚན་ཉིད་དང་བྲལ་བས་གདོད་མ་ནས་མ་སྐྱེས་ཤིང་མ་འགགས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་བྱེད་པས། འཛག་པའི་བག་ཆགས་ཀྱི་གོས་པ་མེད་ཅིང་མི་འགྱུར་བའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་འགྲོ་བ་མཐའ་དག་གི་དབང་པོའི་རྟོགས་བྱ་མ་ཡིན་པའི་གཟུགས་གཞན་མི་འགྱུར་བའི་གཟུགས་ཆེན་པོ་རྟོགས་པས་དབྱེར་མི་ཕྱེད་པར་གྱུར་པ་དེ་ཉིད་གཟུགས་རྡོ་རྗེ་མའོ། །དེ་བཞིན་དུ་སྒྲ་སྒྲིབ་བྲལ་དུ་གྱུར་པ་མི་འགྱུར་བའི་སྒྲ་ནི་སྒྲ་རྡོ་རྗེ་མ། དེ་བཞིན་དུ་དྲི་སྒྲིབ་བྲལ་དུ་གྱུར་པ་མི་འགྱུར་བའི་དྲི་ནི་དྲི་རྡོ་རྗེ་མའོ། །རོ་སྒྲིབ་བྲལ་དུ་གྱུར་པ་མི་འགྱུར་བའི་རོ་ནི་རོ་རྡོ་རྗེ་མའོ། །རེག་བྱ་སྒྲིབ་བྲལ་དུ་གྱུར་པ་མི་འགྱུར་བའི་རེག་བྱ་ནི་རེག་བྱ་རྡོ་རྗེ་མའོ། །ཆོས་སྒྲིབ་བྲལ་དུ་གྱུར་པ་མི་འགྱུར་བའི་ཆོས་ནི་ཆོས་དབྱིངས་རྡོ་རྗེ་མ་སྟེ་སེམས་མ་དྲུག་གོ །ཁའི་དབང་པོ་སྒྲིབ་བྲལ་དུ་གྱུར་པ་མི་འགྱུར་བའི་ཁའི་དབང་པོ་དྲང་དོན་དུ་བདུད་བགེགས་རྣམས་འཇིག་པར་བྱེད་ཅིང་། ངེས་དོན་དུ་ཁམས་བཞི་པོ་འཕེལ་འགྲིབ་གྱིས་ལུས་གཟིར་བར་བྱེད་པས་ན་བགེགས་ཡིན་ལ། དེ་ཐབས་ཀྱི་ཡེ་ཤེས་ཤར་བས་འཇིགས་པར་བྱེད་པས་ན་བགེགས་མཐར་བྱེད་དོ། །མ་དག་པའི་ཉོན་མོངས་པ་དང་། ལས་ཐམས་ཅད་དང་། རྣམ་པར་རྟོགས་པའི་མཚན་ཉིད་ཅན་གྱི་བགེགས་ལ་གནོད་པར་བྱེད་པའི་ཕྱིར་ཉོན་མོངས་པའི་བདུད་ལས་མཆོག་ཏུ་རྒྱལ་བའོ། །ལག་པའི་དབང་པོ་སྒྲིབ་བྲལ་དུ་འགགས་པས་གཞན་ལག་པའི་དབང་པོ་ནི་ཤེས་རབ་ཀྱིས་ཉོན་མོངས་པ་འཇིགས་པར་བྱེད་པའམ་རྣམ་པར་རྟོག་པའི་བདག་ཉིད་ཅན་གྱི་ཤེས་རབ་རྣམས་འོད་གསལ་ལ་འཇུག་པས་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དམ། སེམས་ཀྱི་ངོ་བོའི་ཤེས་རབ་མཐར་བྱེད་པས་ལྷའི་བུའི་བདུད་ལས་རྒྱལ་བས་ན་ཤེས་རབ་མཐར་བྱེད། རྐང་པའི་དབང་པོ་སྒྲིབ་བྲལ་དུ་གྱུར་པས་གཞན་རྐང་པའི་དབང་པོ་ནི་པདྨ་ཆུས་མ་གོས་པ་བཞིན་དུ། ཉོན་མོངས་པ་རྣམས་ཀྱིས་གོས་པར་མ་གྱུར་ཅིང་དེ་ཉིད་འཇིག་པར་མཛད་པས་དང་། པདྨ་མཐའ་སྐྱེས་གནས་ཀྱི་ནང་དུ་བསྲུབས་པས་མཆོག་ཏུ་དགའ་བའི་བདེ་བ་སྐྱེད་པར་མཛད་པས་ན་པདྨ་མཐར་བྱེད་དམ་མ་དག་པའི་འདོད་ཆགས་ལས་སྐྱེས་པའི་ཐུན་མོང་བའི་ངག་ཕྱག་རྒྱ་དང་། སྙོམས་པར་འཇུག་པ་ལས་ཀྱང་མཐར་བྱེད་པའི་ཕྱིར་ཕུང་པོའི་བདུད་ལས་རྒྱལ་བའི་པདྨ་མཐར་བྱེད་དོ། །གཤང་བའི་དབང་པོ་སྒྲིབ་བྲལ་དུ་འགགས་པས་གཞན་གཤང་བའི་དབང་པོ་ནི་དམྱལ་བ་འཇིག་པར་མཛད་པའམ། གཤིན་རྗེ་རྨོངས་པའི་མུན་པ་དོན་དམ་པའི་བདེན་པས་འཇིག་ཅིང་མཐར་ཐུག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དམ། འཆི་བདག་ནི་གཤིན་རྗེ་ཡིན་ལ་དེའི་བདུད་ལས་རྒྱལ་བས་ན་གཤིན་རྗེ་མཐར་བྱེད། །བྷ་གའི་དབང་པོ་སྒྲིབ་བྲལ་དུ་གྱུར་པས་གཞན་བྷ་གའི་དབང་པོ་ནི་ཁམས་གསུམ་པ་ལས་ཤིན་ཏུ་འདས་པ་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ནི་གཙུག་ཏོར་ཏེ་འཁོར་ལོ་བཞིན་དུ་གདུལ་བྱ་རྣམས་ལ་བསྐོར་བར་བྱེད་པས་ན་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །དབང་པོ་མཆོག་སྒྲིབ་བྲལ་དུ་འགགས་པས་གཞན་དབང་པོ་མཆོག་ནི་བགེགས་རྣམས་ལ་གནོད་ཅིང་འཇིགས་པ་བསལ་བས་ན་གནོད་མཛེས་རྒྱལ་པོ་སྟེ་ཁྲོ་བོ་དྲུག་གོ །སྨྲ་བ་སྒྲིབ་བྲལ་དུ་འགགས་པས་གཞན་སྨྲ་བ་ནི་རེངས་བྱེད་མའོ། །ལེན་པ་སྒྲིབ་བྲལ་དུ་འགགས་པས་གཞན་ལེན་པ་ང་རྒྱལ་ཅན་མ། འགྲོ་བ་སྒྲིབ་བྲལ་དུ་འགགས་པས་གཞན་འགྲོ་བ་རྨུགས་བྱེད་མ། གཤང་བ་འཛག་པ་སྒྲིབ་བྲལ་དུ་འགགས་པས་གཞན་གཤང་བ་འཛག་པ་ནི་ཤིན་ཏུ་བརྩོན་འགྲུས་མ། གཅི་བ་འཛག་པ་སྒྲིབ་བྲལ་དུ་འགགས་པས་གཞན་གཅི་བ་འཛག་པ་ཤིན་ཏུ་སྔོན་མོ། །ཁུ་བ་འཛག་པ་སྒྲིབ་བྲལ་དུ་འགགས་པས་གཞན་ཁུ་བ་འཛག་པ་ནི་དྲག་སྤྱན་མ་སྟེ་ཁྲོ་མོ་དྲུག་གོ །དབང་མདོར་བསྟན་ལས། མི་འགྱུར་ཡེ་ཤེས་ཚོར་བ་ནི། །རྣམ་པ་དྲུག་པོ་དག་ཏུ་འདོད། །རྣམ་ཤེས་གཟུགས་དང་འདུ་བྱེད་དང་། །འདུ་ཤེས་ཕུང་པོའི་རིགས་དེ་རྣམས། །ཡེ་ཤེས་མེ་དང་ནམ་མཁའ་ས། །རིམ་པ་བཞིན་དུ་རླུང་དང་ཆུ། །ཡིད་དང་མིག་དང་རྣ་བ་ལུས། །སྣ་དང་ལྕེ་ནི་དེ་བཞིན་ནོ། །སྒྲ་དང་རོ་དང་ཆོས་ཀྱི་དབྱིངས། །དྲི་དང་རེག་བྱ་གཟུགས་དག་སྟེ། །རིགས་དྲུག་པོ་ནི་ཡོངས་སུ་དག །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་གསུངས་ཤིང་། །དེ་ལྟར་ཕུང་ཁམས་སོ་དྲུག་དག་པའི་རིགས་སོ་དྲུག་པོ་དེ་ནི་ཕུང་པོའི་གནས་སུ་རོ་དྲུག་ཅེས་པའི་རིགས་པས་ཤེས་རབ་གཉིས་སུ་ཕྱེ་བས་ཁམས་བདུན་ཅུ་རྩ་གཉིས་རྣམ་པར་དག་པའི་རིགས་བདུན་ཅུ་རྩ་གཉིས་ཀྱི་ལྷ་དང་ལྷ་མོའི་ཚོགས་སུ་འགྱུར་ཞིང་དམ་པ་རིགས་བརྒྱ་ནས་གྲངས་མེད་པའི་རིགས་ཀྱི་ལྷར་ཡང་འགྱུར་བ་ཤེས་པར་བྱའོ། །ད་ནི་སྙིང་གའི་རྩ་བཅུ་རླུང་བཅུ་འདོད་པའི་གནས་སྐབས་བཅུ་སྒྲིབ་བྲལ་དུ་གྱུར་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་སྒྲིབ་པ་མེད་པས་ཤེས་བྱའི་དངོས་པོ་གང་ལ་ཐོགས་པ་མེད་དེ་མཁྱེན་པ་འདི་བཅུའི་མཐུ་ཉན་ཐོས་ལ་སོགས་པ་གཞན་ལས་འཕགས་པ་ན་དེ་བཞིན་གཤེགས་པའི་སྟོབས་ཞེས་བྱའོ། །དེ་ལས་གནས་འདི་ལེགས་པར་སྤྱད་པས་འབྲས་བུ་ཡིད་དུ་འོང་བ་འགྲུབ་པ་དང་། ཉེས་པར་སྤྱད་པས་འབྲས་བུ་ཡིད་དུ་འོང་བ་མ་ཡིན་པར་འགྱུར་བ་ནི་གནས་ཞེས་བྱ་ལ། ལེགས་པར་སྤྱད་པས་འབྲས་བུ་ཡིད་དུ་མི་འོང་བར་གྱུར་པ་དང་། ཉེས་པར་སྤྱད་པས་འབྲས་བུ་ཡིད་དུ་འོང་བ་འགྲུབ་པར་འགྱུར་བ་སོགས་ནི་གནས་མ་ཡིན་པ་སྟེ། སྲིད་པ་དང་མི་སྲིད་པ་མ་ནོར་བར་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ། བླ་ན་མེད་པའི་ཡེ་ཤེས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ཡང་དག་པར་བླངས་པ་རྣམས་ཀྱི་རྣམ་པར་སྨིན་པ་ལས་རྒྱུ་གང་གིས་གནས་གང་དུ་འབྲས་བུ་སྨིན་པར་མཁྱེན་པས་ན་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཞེས་བྱ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁམས་གསུམ་ལ་དགའ་ཞིང་མོས་པ་རྣམ་པ་སྣ་ཚོགས་མཁྱེན་པས་ན་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ཞེས་བྱ། ཁམས་ཞེས་བྱ་བ་ནི་སྔོན་གྱི་བག་ཆགས་ཀྱིས་གྲུབ་པའི་བསམ་པའི་ཁམས་དང་། ཀུན་ནས་ཉོན་མོངས་པའི་ཁམས་དང་། རྣམ་པར་བྱང་བའི་ཁམས་ལ་སོགས་པ་ལ་བྱ་སྟེ། ཁམས་ཐ་དད་པ་མང་པོའི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་ཐུགས་སུ་ཆུད་པས་ན་ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་ཞེས་བྱ། །དད་པ་ལ་སོགས་པ་དབང་པོ་རབ་དང་། འབྲིང་དང་། ཐ་མའི་རིམ་པ་དང་རྣམ་གྲངས་མ་ལུས་པར་མཁྱེན་པས་ན་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ། འགྲོ་བ་ལྔར་སྐྱེ་བའི་ལམ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་སོགས་པ་ལམ་མོ་ཅོག་ཆུབ་པར་མཁྱེན་པས་ན་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཞེས་བྱ། བསམ་གཏན་དང་པོ་ལ་སོགས་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། སྟོང་པ་ཉིད་ལ་སོགས་པ་ཏིང་ངེ་འཛིན་མང་པོ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སོགས་པ་ལ། ཀུན་ནས་ཉོན་མོངས་པ་ནི་ལྟ་བ་དང་། དམིགས་པ་སྣ་ཚོགས་ཀྱིས་ཉོན་མོངས་པར་གྱུར་པ་ལ་བྱ། རྣམ་པར་བྱང་བ་ནི་འཁོར་བ་ལ་ཆགས་པ་མེད་པ་དང་། མི་དམིགས་དང་ལྡན་པས་ན་རྣམ་པར་དག་པ་ལ་བྱ། ལྡང་བ་ནི་ལུགས་དང་མཐུན་པ་དང་ཐོད་རྒལ་ལ་སོགས་པའི་ཚུལ་གྱིས་ལྡང་བ་སྟེ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས་ཞེས་བྱ། བདག་དང་སེམས་ཅན་གཞན་སྔོན་གྱི་ཚེ་རབ་གྲངས་མེད་པ་ཚུན་ཆད་ཀྱི་གནས་གར་སྐྱེས་པ་དང་། བྱད་གཟུགས་ཀྱི་རྣམ་པ་ཅི་འདྲ་བ་དང་། མཚན་དང་རྟགས་ཅི་ཡོད་པ་དང་། ལས་ཀྱི་རྒྱུ་གང་གིས་ཀྱང་བསྐྱེད་པ་མཁྱེན་པས་ན་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཞེས་བྱ། ལྷའི་སྤྱན་གྱིས་སེམས་ཅན་རྣམས་གང་ནས་ཤི་འཕོས་ནས་གང་དུ་སྐྱེས་པ་མ་ལུས་པར་གཟིགས་པས་ན་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཞེས་བྱ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་བག་ཆགས་ཡན་ཆད་ཟད་ཅིང་བྱང་བར་གཟིགས་པས་ན། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཞེས་བྱའོ། །འཁོར་ལོ་བཞིའི་རྩ་དང་། འབྱུང་བ་བཞིའི་རླུང་། མི་ཤིགས་པའི་ཐིག་ལེ་བཞི་སྒྲིབ་བྲལ་དུ་འགགས་པས་མི་འཇིགས་པ་བཞི་ཞེས་བྱ་སྟེ། འདི་བཞི་དང་ལྡན་པས་དེ་བཞིན་གཤེགས་པ་ཕལ་གྱི་ནང་དུ་བྱོན་ནས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ་ཚངས་པའི་འཁོར་ལོ་བསྐོར་ཞིང་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པས་ན་མི་འཇིགས་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཕྱག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་དང་འདྲ་བར་ཐུགས་སུ་ཆུད་དེ་མངོན་པར་བྱང་ཆུབ་པ་ཤེས་རབ་སྙེམས་པ་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་ལྷའི་མིག་དང་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། ལྷའམ་བདུད་ཀྱང་རུང་རྫུ་འཕྲུལ་དང་མཐུ་ཆེ་བའི་ཚངས་པས་ཀྱང་ཆོས་དང་མཐུན་པས་མངོན་པར་སངས་རྒྱས་མ་ཡིན་པར་བརྒལ་བའི་གཞི་དང་གཏན་ཚིགས་མེད་དེ་བརྒལ་གྱི་དོགས་པ་མེད་པས་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ཞེས་བྱ། ཟག་པ་ཞེས་བྱ་བ་ནི་ཉོན་མོངས་པའི་མིང་སྟེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་མ་བྲལ་ན། སྲིད་པའི་རྩེ་མོ་མན་ཆད་ཀྱང་སླར་འཛག་ཅིང་ལྟུང་བས་ན་ཟག་པ་ཞེས་བྱ། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་ཟད་པར་མཁྱེན་པ་ལ། ཟག་པ་མ་ཟད་བར་སུན་དབྱུང་ཞིང་ངན་རྟགས་ཀྱི་བརྒལ་དུ་མེད་དེ་མི་དོགས་པས་ན་ཟག་པ་ཐམས་ཅད་ཟད་པར་མཁྱེན་པ་ལ་མི་འཇིགས་པ་ཞེས་བྱ། བག་མེད་པ་དང་ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་ལ་སོགས་པ་འཕགས་པའི་ལམ་དང་དགེ་བའི་ཕྱོགས་ཀྱི་བར་དུ་གཅོད་པ་རྣམས་བར་ཆད་ཀྱི་ཆོས་ཡིན་ནོ། །ཞེས་ལུང་བསྟན་ཅིང་བཤད་པ་ལ་ཐོག་ཏུ་མ་བབ་པ་མེད་པས་བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བའི་ལམ་མྱ་ངན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཞིང་། སྡུག་བསྔལ་གྱི་མཐར་འབྱིན་པར་བཤད་པ་ལ་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་སུས་ཀྱང་བརྒལ་ཞིང་གཞན་དུ་བསྒྱུར་དུ་མེད་པས་ན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ་ཞེས་བྱའོ། །དང་པོ་གཉིས་ནི་སངས་རྒྱས་ཉིད་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་ཡིན་པས་རང་དོན་ཕུན་སུམ་ཚོགས་པ། ཕྱི་མ་གཉིས་ནི་གཞན་ལ་ཕན་པར་བྱ་བའི་ཕྱིར་བཤད་པ་ཡིན་པས་གཞན་གྱི་དོན་ཡིན་ཏེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ནོ། །རོ་རྐྱང་དབུ་མས་ཕྱེ་བའི་འཁོར་ལོ་དྲུག །ཉི་ཟླ་སྒྲ་གཅན་གྱི་རང་བཞིན་ཁམས་དྲུག་གི་རླུང་དང་ཐིག་ལེ་དྲུག །རྡུལ་མུན་སྙིང་སྟོབས་གསུམ་གྱིས་ཕྱེ་བ་སྒྲིབ་བྲལ་དུ་འགགས་པས་སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་བཅོ་བརྒྱད་དུ་འགྱུར་ཏེ། ཆོས་འདི་རྣམས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལའང་མི་མངའ་སྟེ། ཕལ་དང་ཐུན་མོང་དུ་གྱུར་པ་མ་ཡིན་ལ། སངས་རྒྱས་ཉག་གཅིག་ལ་ཡོན་ཏན་འདི་མངའ་བས་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱ། སྐུ་དང་། གསུང་དང་། ཐུགས་ཀྱི་འཕྲིན་ལས་མ་ནོར་ཅིང་ཐོག་ཏུ་མ་ཕབ་པ་མེད་པས། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་ཞེས་བྱ། དགྲ་བཅོམ་པ་ཁ་ཅིག་ལམ་ནོར་ནས་ཀུ་ཅོ་འབོད་པ་དང་། སྔོན་གྱི་བག་ཆགས་མ་བྱང་བས་ཅ་ཅོ་ཆེ་ཞིང་ཚིག་ལ་འཁྲལ་འཁྲུལ་ཡོད་པ་ལྟ་བུ་མ་ཡིན་པས་ན་ཅ་ཅོ་མེད་པ་ཞེས་བྱ། དགྲ་བཅོམ་པ་ལྟ་བུ་མ་ཡིན་པར་མ་དགོངས་པའི་ཡེ་ཤེས་མངའ་སྟེ་བསྙེལ་ནས་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་ཤོར་བ་དང་། དུས་ལས་ཡོལ་བ་ལྟ་བུ་མ་ཡིན་པས་ན་བསྙེལ་བ་མེད་པ་ཞེས་བྱ། དགྲ་བཅོམ་པ་དག་ནམ་ཏིང་ངེ་འཛིན་གང་ལ་བཞུགས་པ་དེའི་ཚེ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པ་ལྟ་བུ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཏིང་ངེ་འཛིན་མཆོག་བརྙེས་པས་ན། ཏིང་ངེ་འཛིན་ལ་བཞུགས་ཀྱང་རུང་མ་བཞུགས་ཀྱང་རུང་སྟེ། མཉམ་པར་མ་བཞག་པ་མེད་པས་ན། སེམས་མཉམ་པར་མ་བཞག་པ་མེད་པ་ཞེས་བྱ། དགྲ་བཅོམ་པ་དག་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་བྱེ་བྲག་ཏུ་འཛིན་ཅིང་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་སོགས་པ་ཐ་དད་དུ་འབྱེད་པ་ལྟ་བུ་མི་མངའ་སྟེ། སེམས་ཅན་མཉམ་པ་ཉིད་དང་། ཆོས་མཉམ་པ་ཉིད་དུ་གཟིགས་པས་ན་ཐ་དད་པའི་འདུ་ཤེས་མེད་པ་ཞེས་བྱ། དགྲ་བཅོམ་པ་དག་སེམས་ཅན་གྱི་དོན་ལ་མ་བརྟགས་པར་ཡལ་བར་འདོར་བ་ལྟ་བུ་མ་ཡིན་གྱི། སྐལ་བ་ཡོད་མེད་དང་དུས་ལ་བབ་མ་བབ་གཟིགས་ནས་དུས་དང་སྦྱོར་བ་མ་གཏོགས་པར་ཡལ་བར་འདོར་བ་མེད་པས་ན་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཞེས་བྱ། དགྲ་བཅོམ་པ་དག་སྤྱོད་ཡུལ་དམན་པས་དེ་བཞིན་གཤེགས་པའི་ས་ལ་མོས་ཤིང་བདུན་པ་མེད་དེ་ཉན་ཐོས་ཀྱི་བྱ་བ་ལ་མོས་ཤིང་འདུན་པ་ལྟ་བུ་མ་ཡིན་གྱི། སངས་རྒྱས་ནི་སེམས་ཅན་གྱི་དོན་མཛད་པ་དང་། དཀོན་མཆོག་གསུམ་གྱི་གདུང་མི་གཅད་པར་བྱ་བ་ལ་སོགས་པ་ལ་རྟག་ཏུ་འཇུག་པས་ན་འདུན་པ་ཉམས་པ་མེད་པ་ཞེས་བྱ། དེ་བཞིན་གཤེགས་པ་སེམས་ཅན་གཅིག་གི་ཕྱིར་བསྐལ་པར་ཆོས་འཆད་ཀྱང་སྐུ་དང་ཐུགས་གཡེལ་བར་མི་འགྱུར་བ་དང་། སེམས་ཅན་གཅིག་གི་ཕྱིར་ཡང་འཇིག་རྟེན་གྱི་ཁམས་གྲངས་མེད་པར་འདས་ཏེ་གཤེགས་པས་ན་བརྩོན་འགྲུས་ཉམས་པ་མེད་པ་ཞེས་བྱ། སེམས་ཅན་གྱི་སེམས་དང་། སྤྱོད་པ་དང་། བསམ་པ་དང་། མོས་པ་ལ་སོགས་པ་དང་། སེམས་ཅན་འདུལ་བའི་ཐབས་དང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་དང་། ཆོས་ཐམས་ཅད་ལ་ཇི་ལྟར་གཟིགས་ཤིང་དགོངས་པ་ལས་ཕྱིས་ཡེ་ཤེས་བརྟག་མི་དགོས་ཏེ་ཉམས་པ་མེད་པས་ན་དྲན་པ་ཉམས་པ་མེད་པ་ཞེས་བྱ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སྙོམས་པར་འཇུག་ཅིང་དེ་མི་གཡོ་བར་འཛིན་པས་ན་ཏིང་ངེ་འཛིན་ཉམས་པ་མེད་པ་ཞེས་བྱ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་མཁྱེན་པ་མི་ཟད་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་མི་ཟད་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་མི་ཟད་པ་མངའ་བས་ན་ཤེས་རབ་ཉམས་པ་མེད་པ་ཞེས་བྱ། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བས་ན་རྣམ་པར་གྲོལ་བ་ཉམས་པ་མེད་པ་ཞེས་བྱ། དགྲ་བཅོམ་པ་ཁ་ཅིག་ལུས་ཀྱི་ལས་བསམ་པ་བཞིན་མ་ཡིན་པར་བྱེད་དེ། དེ་ལྟ་བུ་མ་ཡིན་པར་འཇིག་རྟེན་གྱི་ཡིད་དང་འགལ་བ་མ་ཡིན་གྱི། སྤྱོད་ལམ་བཞི་པོ་ཀུན་གྱི་ཀྱང་སེམས་ཅན་འདུལ་ཏེ་ཡེ་ཤེས་ལྔར་འབྱུང་བའི་རྒྱུ་ལས་བྱུང་བས་ན་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན་ཞིང་། ཡེ་ཤེས་ལྷན་ཅིག་འབྱུང་བ་དང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པས་ན་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཆོས་བསྟན་པ་ལ་དོན་མེད་ཅིང་ཆུད་ཟ་བར་མི་འགྱུར་ལ། གསུང་གི་ཡན་ལག་དྲུག་ཅུ་དང་ལྡན་པས་ན་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ཞེས་བྱ། ཉོན་མོངས་པ་དང་སྤྲོས་པའི་བག་ཆགས་ཐམས་ཅད་དང་བྲལ་ཏེ་ཡང་དག་པའི་མཐའ་དོན་དམ་པའི་མཚན་ཉིད་དང་མ་བྲལ་བས་ན་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ཞེས་བྱ། དགྲ་བཅོམ་པ་ལྟར་འདས་པའི་དུས་ཀྱི་དངོས་པོ་གཅིག་ལ་བརྟག་པ་སྣ་གཅིག་མཁྱེན་གྱི། གཞན་ལ་ཐོགས་ཤིང་མི་མཁྱེན་པ་ལྟ་བུ་མ་ཡིན་གྱི། འདས་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་དང་། ས་ཆུ་མེ་རླུང་གི་རྡུལ་ཕྲ་མོའི་གྲངས་དང་། སེམས་ཅན་གྱི་བསམ་པ་དང་། སྤྱོད་པ་ལ་སོགས་པ་མ་ལུས་པར་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པའི་དུས་དང་སྦྱར་བ་མེད་ཅིང་། ཅི་ལའང་ཐག་ཐོགས་མེད་པར་ཐུགས་སུ་ཆུད་པས་ན་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་པ་ཞེས་བྱ། དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་གྱི་དུས་ལའང་སྦྱར་ཏེ་བཤད་དོ། །རོ་རྐྱང་དྷུ་ཏཱི་གསུམ་ཉི་ཟླ་སྒྲ་གཅན་གྱི་རླུང་དང་ཁམས་གསུམ་སྒྲིབ་པ་དང་བྲལ་བས་མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་སྟེ། གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པ། གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པ། གུས་པར་ཉན་པ་དང་གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པའོ། །དུང་ཅན་ལ་སོགས་པའི་འོག་གི་རྩ་གསུམ་རླུང་ཁམས་དང་བཅས་པ་སྒྲིབ་པ་དང་བྲལ་བས་རྫུ་འཕྲུལ་གྱི་ཆོ་འཕྲུལ། ཀུན་བརྗོད་པའི་ཆོ་འཕྲུལ། རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་གསུམ་དུ་འགྱུར་རོ། །རྩ་སོ་གཉིས་རླུང་སོ་གཉིས་ཁམས་སོ་གཉིས་སྒྲིབ་པ་དང་བྲལ་བས། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ། ཆོས་ཐམས་ཅད་ནི་བདག་གི་བ་མེད་པ་ཡིན་ན་སེམས་ཅན་ཐམས་ཅད་བདག་མེད་པར་མ་མོས་པས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ། ཆོས་ཐམས་ཅད་ནི་སེམས་ཅན་མེད་པ། ཆོས་ཐམས་ཅད་ནི་སྲོག་མེད་པ། ཆོས་ཐམས་ཅད་ནི་གང་ཟག་མེད་པ། ཆོས་ཐམས་ཅད་ནི་རང་བཞིན་མེད་པ། ཆོས་ཐམས་ཅད་ནི་གནས་མེད་པ། ཆོས་ཐམས་ཅད་ནི་གཞི་མེད་པ། ཆོས་ཐམས་ཅད་ནི་ང་ཡིར་བྱ་བ་མེད་པ། ཆོས་ཐམས་ཅད་ནི་བདག་པོ་མེད་པ། ཆོས་ཐམས་ཅད་ནི་དངོས་པོ་མེད་པ། ཆོས་ཐམས་ཅད་ནི་མ་སྐྱེས་པ། ཆོས་ཐམས་ཅད་ནི་འཆི་འཕོ་མེད་ཅིང་མ་སྐྱེས་པ། ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ། ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ། ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ་བ། ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བ། ཆོས་ཐམས་ཅད་ནི་འོང་བ་མེད་པ། ཆོས་ཐམས་ཅད་ནི་འགྲོ་བ་མེད་པ། ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པ། ཆོས་ཐམས་ཅད་ནི་སྤྲོས་པ་མེད་པ། ཆོས་ཐམས་ཅད་ནི་སྟོང་པ། ཆོས་ཐམས་ཅད་ནི་མཚན་མ་མེད་པ། ཆོས་ཐམས་ཅད་ནི་སྨོན་པ་མེད་པ། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་པས་ཡོངས་སུ་ཟིན་ཅིང་གནོད་སེམས་ཀྱི་ཐབས་དང་ཞིང་ལ་ཞུགས་པར་གཟིགས་པ། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕྱིན་ཅི་ལོག་དང་ལྡན་ཞིང་ལམ་ཉམ་ང་བར་ཞུགས་པ་ལམ་གོལ་བ་ལ་གནས་པ། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་བརྐམ་ཞིང་འདོད་པའི་ཟིལ་གྱིས་ནོན་པ་སྟེ་ཆོག་མི་ཤེས་ཤིང་གཞན་གྱི་ནོར་ལ་འཕྲོག་པ། །ཀྱེ་མ་སེམས་ཅན་འདི་དག་ནི་བུ་སྨད་དང་། ཁྱིམ་དང་། ནོར་དང་། འབྲུ་ལ་སྲེད་པས་འཁོལ་བ་སྟེ་སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་པ། ཀྱེ་མ་སེམས་ཅན་འདི་དག་ནི་མི་རིགས་པས་འཚོ་བ་སྟེ་གཅིག་ལ་གཅིག་འདྲིད་པར་གནས་པ། ཀྱེ་མ་སེམས་ཅན་འདི་དག་ནི་ཆོག་མི་ཤེས་པ་སྟེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་སྤྱོད་ཀྱང་བདག་ཅག་ནི་ཆོག་ཤེས་པའོ་སྙམ་དུ་འཛིན་པ། ཀྱེ་མ་སེམས་ཅན་འདི་དག་ནི་ཁྱིམ་གྱི་གནས་སྡུག་བསྔལ་གྱི་སྣོད་ཀུན་ནས་ཉོན་མོངས་པ་ཅན་ལ་རྟག་ཏུ་དགའ་བ། ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་སྟེ་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད། སེམས་ཅན་རྣམས་ནི་ཆགས་པ་མེད་པའི་ཡེ་ཤེས་དམ་པ་ཁྱད་པར་དུ་འཕགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་འདི་བཏང་ཞིང་། གང་འདི་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དམན་པ་འཚོལ་པ་ཡིན་གྱིས། དེ་དག་ལ་གང་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་དམིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་བློ་མོས་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ། །རྩ་དང་རླུང་ཐིག་ལེ་གནས་སྐབས་བཞི་སྤྲོ་བ་སྒྲིབ་བྲལ་དུ་དག་པས་བསྲུང་བ་མེད་པ་བཞི་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མེད་པས་དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཞེས་བྱ། དེ་བཞིན་གཤེགས་པ་ལ་གསུང་གི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མེད་པས་དེ་བཞིན་གཤེགས་པའི་གསུང་གི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཞེས་བྱ། དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མེད་པས། དེ་བཞིན་གཤེགས་པའི་ཐུགས་ཀྱི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཞེས་བྱ། དེ་བཞིན་གཤེགས་པ་ལ་འཚོ་བ་ཡོངས་སུ་མ་དག་པ་མེད་པས་དེ་བཞིན་གཤེགས་པའི་འཚོ་བ་ཡོངས་སུ་དག་པ་ཞེས་བྱའོ། །དཀར་ནག་གི་ཆ་བཅུ་དྲུག་པའི་བྱང་ཆུབ་སེམས། དེའི་བཞོན་པའི་རླུང་རྒྱུ་བའི་ལམ་གྱི་རྩ་སོ་གཉིས་སྒྲིབ་བྲལ་དུ་འགགས་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ། དབུ་གཙུག་ཏོར་དང་ལྡན་པ། དབུ་སྐྲ་གཡས་སུ་འཁྱིལ་བ། དཔྲལ་བའི་དབྱེས་མཉམ་པ། མཛོད་སྤུ་ཁ་བ་དུང་ལྟ་བུ། སྤྱན་མཐོན་མཐིང་ལ་བའི་རྫི་མ་ལྟ་བུ། ཚེམས་བཞི་བཅུ་མངའ་བ། ཚེམས་མཉམ་པ། ཚེམས་ཐགས་བཟང་བ། ཚེམས་ཤིན་ཏུ་དཀར་བ། རོ་བྲོ་བའི་མཆོག་དང་ལྡན་པ། འགྲམ་པ་སེང་གེ་འདྲ་བ། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ། ཚངས་པའི་དབྱངས། དཔུང་མགོ་ཤིན་ཏུ་ཟླུམ་པ། མདུན་མཐོ་པ། ཐལ་གོང་རྒྱས་པ། པགས་པ་སྲབ་ཅིང་མདོག་གསེར་འདྲ་བ། བཞེངས་བཞིན་དུ་མ་དུད་པར་ཕྱག་པུས་མོར་བསླེབ་པ། རོ་སྟོད་སེང་གེ་འདྲ་བ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ། བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ། སྐུའི་སྤུ་གྱེན་དུ་ཕྱོགས་པ། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ། བརླ་ལེགས་པར་ཟླུམ་པ། ཞབས་ལོང་བུའི་ཚིགས་མི་མདོན་པ། ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ། ཕྱག་དང་ཞབས་དྲྭ་བས་འབྲེལ་བ། སོར་མོ་རིང་བ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ། ཞབས་ཤིན་ཏུ་གནས་པ། ཞབས་ཀྱི་རྟིང་པ་ཡངས་པ། བྱིན་པ་རི་དྭགས་ཨེ་ནྱ་ཡ་ལྟ་བུའོ། །རང་བཞིན་བརྒྱད་ཅུ། དེའི་བཞོན་པའི་རླུང་། རྒྱུ་ལམ་གྱི་རྩ་སྒྲིབ་པ་དང་བྲལ་བས་དཔེ་བྱད་བཟང་པོ་བརྒྱད་ཅུར་འགྱུར་ཏེ། སེན་མོ་ཟངས་ཀྱི་མདོག་ལྟ་བུ། །སེན་མོ་མདོག་སྣུམ་པ། སེན་མོ་མཐོ་བ། སོར་མོ་རྣམས་ཟླུམ་པ། སོར་མོ་རྣམས་རྒྱས་པ། སོར་མོ་རྣམས་བྱིན་གྱིས་ཕྲ་བ། རྩ་མི་མངོན་པ། རྩ་མདུད་པ་མེད་པ། ལོང་བུ་མི་མངོན་པ། ཞབས་མི་མཉམ་པ་མེད་པ། སེང་གེའི་སྟབས་སུ་གཤེགས་པ། གླང་པོའི། ངང་པའི། ཁྱུ་མཆོག་གི་སྟབས་སུ་གཤེགས་པ། གཡས་ཕྱོགས་སུ་བཟློག་ཅིང་གཤེགས་པ། མཛེས་པར་གཤེགས་པ། མི་ཡོ་བར་གཤེགས་པ། སྐུ་འཁྲིལ་བག་ཆགས་པ། སྐུ་བྱི་དོར་བྱས་པ་ལྟ་བུ། སྐུ་རིམ་པ་འཚམ་པ། སྐུ་གཙང་བ། སྐུ་འཇམ་པ། སྐུ་རྣམ་པར་དག་པ། མཚན་རྫོགས་པ། སྐུ་ཁོ་ལག་ཡངས་ཤིང་བཟང་བ། གོམ་པ་སྙོམ་པ། སྐུ་ཤིན་ཏུ་གཞོན་མདོག་ཅན། སྐུ་ཞུམ་པ་མེད་པ། སྐུ་རྒྱས་པ། སྐུ་ཤིན་ཏུ་གྲིམས་པ། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ། དཀུ་ཟླུམ་པ། དཀུ་སྐབས་ཕྱིན་པ། དཀུ་མ་རྙོངས་པ། ཕྱལ་ཕྱང་ངེ་བ། ལྟེ་བ་ཟབ་པ། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ། ཀུན་ནས་མཛེས་པ། ཀུན་སྤྱོད་པ་གཙང་བ། སྐུ་ལ་སྨེ་བ་དང་ནག་ཐིག་མེད་པ། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ། ཕྱག་གི་རི་མོ་མདངས་ཡོད་པ། ཕྱག་གི་རི་མོ་ཟབ་པ། ཕྱག་གི་རི་མོ་རིང་བ། ཞལ་ཧ་ཅང་ཡང་མི་རིང་བ། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ། ལྗགས་མཉེན་པ། ལྗགས་སྲབ་པ། ལྗགས་དམར་བ། གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ། གསུང་སྙན་ཞིང་མཉན་ལ་འཇམ་པ། མཆེ་བ་ཟླུམ་པ། མཆེ་བ་རྣོ་བ། མཆེ་བ་དཀར་བ། མཆེ་བ་མཉམ་པ། མཆེ་བ་བྱིན་གྱིས་ཕྲ་བ། ཤངས་མཐོ་བ། ཤངས་གཙང་བ། སྤྱན་རྣམ་པར་དག་པ། སྤྱན་ཡངས་པ། རྫི་མ་སྟུག་པ། སྤྱན་དཀར་ནག་དབྱེས་ཤིང་པདྨའི་འདབ་མ་རེངས་པ་ལྟ་བུ། སྨིན་ཚུགས་རིང་བ། སྨིན་མ་འཇམ་པ། སྨིན་མའི་སྤུ་མཉམ་པ། སྨིན་མ་སྣུམ་པ། སྙན་ཤལ་སྟུག་ཅིང་རིང་བ། སྙན་མཉམ་པ། སྙན་གྱི་དབང་པོ་མ་ཉམས་པ། དཔྲལ་བ་ལེགས་པར་འབྱེས་པ། དཔྲལ་བ་དབྱེས་ཆེ་བ། དབུ་ཤིན་ཏུ་རྒྱས་པ། དབུ་སྐྲ་བུང་བ་ལྟར་གནག་པ། དབུ་སྐྲ་སྟུག་པ། དབུ་སྐྲ་འཇམ་པ། དབུ་སྐྲ་མི་འཛིངས་པ། དབུ་སྐྲ་མི་གཤོར་བ། དབུ་སྐྲ་དྲི་ཞིམ་པ། ཕྱག་དང་ཞབས་དཔལ་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བས་བརྒྱན་པ་སྡོང་རིས་སོ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྒྲིབ་བྲལ་དུ་དག་པས་ཡན་ལག་དྲུག་ཅུ་དང་སྡན་པའི་གསུང་སྟེ། མཉེན་པ། འཇམ་པ། ཡིད་དུ་འོང་བ། ཡིད་དུ་འཐད་པ། དག་པ། དྲི་མ་མེད་པ། གསལ་བ། སྙན་ཅིང་འཇེབས་པ། མཉན་པར་འོས་པ། མི་ཚུགས་པ། སྙན་པ། དུལ་བ། མི་རྩུབ་པ། མི་བརླང་བ། རབ་ཏུ་དུལ་བ། རྣར་སྙན་པ། ལུས་སིམ་པར་བྱེད་པ། སེམས་ཚིམ་པར་བྱེད་པ། སྙིང་དགའ་བར་བྱེད་པ། དགའ་བ་དང་བདེ་བ་སྐྱེད་པ། ཡོངས་སུ་གདུང་བ་མེད་པ། ཀུན་ཤེས་པར་བྱ་བ། རྣམ་པར་རིག་པར་བྱ་བ། རྣམ་པར་གསལ་བ། དགའ་བར་བྱེད་པ། མངོན་པར་དགའ་བར་བྱེད་པ། ཀུན་རིག་པར་བྱེད་པ། རྣམ་པར་རིག་པར་བྱེད་པ། རིགས་པ། འབྲེལ་བ། ཟློས་པའི་སྐྱོན་མེད་པ། སེང་གེའི་སྒྲའི་ཤུགས། གླང་པོ་ཆེའི་སྒྲ་སྐད། འབྲུག་གི་སྒྲ་དབྱངས། ཀླུའི་དབང་པོའི་སྒྲ། དྲི་ཟའི་གླུ་དབྱངས། ཀ་ལ་པིང་ཀའི་སྒྲ་དབྱངས། ཚངས་པའི་སྒྲ་དབྱངས་སྒྲོག་པ། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ། ལྷའི་དབང་པོའི་དབྱངས་ལྟར་སྙན་པ། རྔའི་སྒྲ། མ་ཁེངས་པ། མི་དམའ་བ། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ། ཚིག་ཟུར་ཆག་མེད་པ། མ་ཚང་བ་མེད་པ། མ་ཞུམ་པ། མི་ཞན་པ། རབ་ཏུ་དགའ་བ། ཁྱབ་པ། ཆུབ་པ། རྒྱུན་ཆགས་པ། འབྲེལ་བ། སྒྲ་ཐམས་ཅད་རྫོགས་པར་བྱེད་པ། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ། མ་སྨད་པ། མི་འགྱུར་བ། མ་རྟབས་པ། འཁོར་ཀུན་ཏུ་གྲགས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ་དྲུག་ཅུའོ། །དེ་ལྟར་རྒྱས་པར་བཤད་ནས་དོན་བསྡུ་ན། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཐམས་ཅད་མཁྱེན་པ་སྟེ་ཐམས་ཅད་གཟིགས་པ་ཉིད་ཀྱི་ཕྱིར་རོ། མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཡེ་ཤེས་སྐུ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར་རོ། །སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཅར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་རོ། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་པདྨའི་འདབ་མ་རྒྱས་པའི་སྤྱན་ཏེ་མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་ཅིག་ཅར་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་དོན་ཐམས་ཅད་གཟིགས་པའོ། །རྣམ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་གསུང་རྡོ་རྗེ་སྟེ་བདེན་དོན་རྣམ་པ་བཅུ་གཉིས་པ་སེམས་ཅན་གྱི་སྐད་ཀྱིས་ཆོས་སྟོན་པ་པོའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྐུ་རྡོ་རྗེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བ་རྣམས་ཀྱིས་སྤྲོས་པའི་སྐུའོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་རིས་སུ་བཅད་པ་དང་བྲལ་བའི་ཕྱིར་ཡོན་ཏན་མཐའ་དག་སུ་ཞིག་གིས་བགྲང་བར་ནུས། གྲངས་སུ་བཅད་པ་འདི་ཙམ་ནི་སེམས་ཀྱི་འོད་མ་དག་པའི་ཁམས་ལྟར་སྣང་བ་སྦྱངས་པ་ཉིད་ལས་ཡིན་ཏེ། དཔེར་ན་ཆང་གིས་མྱོས་པའི་ནུས་པ་སེམས་ལ་འབྱུང་བ་བཞིན་ནོ། དེའི་ཕྱིར་སངས་རྒྱས་ཀྱི་སར་དེ་ལྟ་བུའི་ཡོན་ཏན་རྣམས་གཤིས་དང་མི་མཐུན་པར་གསར་དུ་བྱུང་བ་མ་ཡིན་གྱི། གདོད་མ་ནས་སེམས་ཀྱི་གཤིས་ཟབ་གསལ་དབྱེར་མེད་ཡིན་པ་དེ་ཁོ་ནའི་ངང་ཚུལ་མ་བསྒྲིབ་པར་བསྟན་པ་ཡིན་ནོ། །དེ་དག་ཀྱང་བྱམས་མགོན་གྱིས། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་དང་། སློབ་དཔོན་ཏོག་རྩེ་པས། ས་ནི་བཅུ་གསུམ་ཞེས་གྲགས་པ། །རྡོ་རྗེ་འཛིན་ས་ཅན་དགེ་བ། །གྲུ་གསུམ་རྣམ་པར་ཡང་དག་འབྱུང་། །ཆོས་འབྱུང་ཞེས་ནི་དེ་ལ་བཤད། །ཅེས་དང་། དྲི་མེད་འོད་དུ། ཕྱག་རྒྱ་ཆེན་མོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་ཅན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་ཀྱི་ཡུམ་ཆོས་འབྱུང་གི་སྒྲས་བརྗོད་པར་བྱའོ། །དེའི་ཕྱིར་ཆོས་འབྱུང་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་འགྱུར་རོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཞེས་དང་། བརྟག་གཉིས་ལས། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་དེ་ཐབས་ལྡན་པ་ལ། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཐབས་དང་ཤེས་རབ་རང་བཞིན་ལས། །ཞེས་དང་། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །ཞེས་བྱ་བ་ལ་སོགས་པ་མཐའ་ཡས་པའི་ལུང་གིས་བསྟན་ནོ། །གཉིས་པ་ལས་རྒྱ་ལམ་གྱི་བོགས་འདོན་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེས་ཀྱང་བསྒོམ་སྐྱེད་མ་བྱུང་ཞིང་། གཏུམ་མོ་བསྒོམ་པ་དེས་ཀྱང་སྲོག་མ་འཆིང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན། དེའི་ཚེ་ནཱ་ད་གོམས་པས་བཙན་ཐབས་ཀྱིས་སྲོག་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་བསྒྲུབ་པར་བྱ་སྟེ། དཔལ་ལྡན་རྒྱུད་དུ། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། །ཞེས་སོ། །བསྐྱེད་པའི་ཐབས་ཙམ་དུ་མ་ཟད་སྐྱེས་ཟིན་བརྟན་པར་བྱ་བའི་ཆེད་དུའང་བསླབ་སྟེ། ཏིང་འཛིན་བརྟེན་པར་མ་གྱུར་ན། །ཞེས་སོ། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལས། །ལམ་ལྔ་འབྲས་བུ་ཐོབ་པར་བྱ། །འདིར་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྤྲོས་པ་དང་བཅས་པ། སྤྲོས་པ་མེད་པ། ཤིན་ཏུ་སྤྲོས་པ་མེད་པའོ། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་། རྡོ་རྗེ་འཆང་ཆེན་པོའི་དབུགས་དབྱུང་བ་ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ར་ལི་རྒྱས་པ་དེ་ནི་སྤྲོས་པ་དང་བཅས་པའོ། །རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་དུ་འགའ་ཞིག་ཏུ་རོལ་བ་དེ་ནི་སྤྲོས་པ་མེད་པའོ། འདུ་འཛི་ཐམས་ཅད་རྣམ་པར་སྤངས་ནས་བསམ་གཏན་གྱི་ཟས་དང་། གནས་འབའ་ཞིག་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམ་པར་འཇུག་པར་གོམས་པ་དེ་ནི་ཤིན་ཏུ་སྤྲོས་པ་མེད་པ་སྟེ། གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པ་ཚེ་འདི་ལ་ཤིན་ཏུ་མྱུར་བར་སྐྱེ་བ་ཉིད་དུ་བྱེད་པས་ལམ་འདི་ལ་ཕོ་ཉའི་ལམ་ཞེས་ཀྱང་གསུངས་སོ། །འདོད་ཆགས་ལ་སྤྱོད་པ་ནི་ངན་སོང་གི་རྒྱུ་ཡིན་པར་གསུངས་ན། ཇི་ལྟར་ན་དེ་བསྟེན་པས་བླ་ན་མེད་པའི་གོ་འཕང་གྲུབ་པར་འགྱུར་ཞེ་ན། དམིགས་པར་ལྟ་བ་རྣམས་ལ་འཁོར་བ་ནས་འཁོར་བར་འགྱུར་བའི་རྐྱེན་དང་། ངོ་བོ་ཉིད་ཡོངས་སུ་ཤེས་པ་རྣམས་ལ་ནི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཕྱིར་ཏེ། དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་ལྡང་གཏི་མུག་གསུམ། །འཛིན་པ་དུག་ཏུ་འགྱུར་བ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བསྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བའང་ཡིན། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་གྲོང་ཁྱེར་ཆེན་པོའི་ལུད་གང་ཡིན་པ་དེ་ནི་བུ་རམ་ཤིང་གི་ཞིང་དག་དང་། འབྲས་ཀྱི་ཞིང་དག་དང་། རྒུན་འབྲུའི་ཞིང་དག་ལ་ཕན་པར་འགྱུར་བ་ཡིན། འོད་སྲུངས། དེ་བཞིན་དུ་བྱང་ཆུབ་སེམས་པའི་ཉོན་མོངས་པའི་ལུད་གང་ཡིན་པ་དེའང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་འགྱུར་བ་ཡིན་ནོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་བའི་དུག་གིས་འཆིང་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཡེ་ཤེས་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །ཞེས་དང་། བརྟག་གཉིས་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་འཕྲེང་བར། བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམ་སྤངས་ཏེ། །པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། །ཞེས་དང་། ས་ར་ཧས། གཉིས་མེད་བརྟན་པའི་སེམས་ཀྱིས་གཞན་གྱི་དོན་བྱེད་ལ། །ཡུལ་གྱི་དུག་ཀྱང་བདུད་རྩིར་འགྱུར་བ་ཡིན། །ཞེས་སོ། གཉིས་པ་རྒྱས་པར་བཤད་པ་ལ། སྔོན་དུ་འགྲོ་བ་རྒྱུད་སྦྱང་བ་དང་། དངོས་གཞི་གནད་ཀྱི་གདམས་ངག་གཉིས་ལས། དང་པོ་ནི། སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང་། །སྟན་ཡང་གཅིག་ལ་མི་བསྡད་དེ། །བདེ་བ་ཆེན་པོའང་སྦྱོར་ཐབས་ཀྱི་བྱེ་བྲག་ཤེས་ན་རྙེད་དེ། མ་ཤེས་པར་བསྟེན་ན་འཇིག་རྟེན་ཕལ་བའི་འདོད་ཆགས་ཡིན་པས་མནར་མེད་ལ་སོགས་པའི་རྒྱུར་འགྱུར་བས་ཏེ། གལ་ཏེ་རྒྱ་ལ་བསྡད་གྱུར་ན། །ཤི་ནས་མནར་མེད་དམྱལ་བར་སྐྱེ། །འདོད་ཆགས་ལ་སོགས་ཤལ་མ་ལི། །ཡར་ལ་བཤལ་ཞིང་མར་ལ་འདྲུད། །དེ་ཕྱིར་སྦྱོར་ཐབས་མཁས་པས་བརྟེན། །རྡོ་རྗེ་གསང་བའི་རྒྱུད་ལས་ཀྱང་། །གཞན་ཡང་འདོད་པའི་བསྟན་བཅོས་སུ། །གསུངས་པའི་སྦྱོར་ཐབས་ཀུན་བྱས་ནས། །ལྔ་བཅུ་ནས་ནི་དྲུག་ཅུའི་བར། །རྣལ་འབྱོར་མ་རྣམས་བདེ་མེད་ཀྱང་། །སྦྱོར་ཐབས་མཁས་པའི་རྣལ་འབྱོར་པས། །བཅུ་གཉིས་མ་དང་བདེ་བ་མཉམ། །སྦྱོར་ཐབས་མི་ཤེས་བདེ་བ་ཉམས། །རླུང་མཁྲིས་བད་ཀན་ཀུན་ནས་སྐྱེ། །ཤེས་རབ་ཀྱིས་ཀྱང་ཐབས་ལ་སྟེ། །སྦྱོར་ཐབས་མཁས་པའི་ཤེས་རབ་མ། །ཐབས་ཀྱིས་རྟག་ཏུ་བསྟེན་པར་བྱ། །སྦྱོར་ཐབས་མཁས་པའི་རྣལ་འབྱོར་པ། །རྣལ་འབྱོར་མ་ཡིས་གསང་ལ་བརྟེན། །མིང་སྲིང་ཚུལ་ལམ་རྗེ་འབངས་ཚུལ། །ཕ་སྤད་ཚུལ་ལམ་མཁན་སློབ་ཚུལ། །གཞན་གྱིས་མི་རིག་ངོ་ཚ་བསྲུང་། །དབེན་པའི་གནས་སུ་སྦྱོར་བ་བྱ། །གལ་ཏེ་མ་བསྟེན་དམ་ཚིག་ཉམས། །ཚེ་འདི་ཉིད་དུ་དམྱལ་བར་ལྟུང་། །སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང་། །སྟན་ཡང་གཅིག་ལ་མི་འདུག་གོ །འདོད་ཆགས་བསམ་པ་ཡང་མི་བྱ། །གལ་ཏེ་དེ་འདྲ་བསྟེན་གྱུར་ན། །འཇིག་རྟེན་ཕལ་པའི་འདོད་ཆགས་ཏེ། །ཤི་ནས་མནར་མེད་དམྱལ་བར་འགྲོ། །འདོད་ཆགས་སྤྱོད་པ་ཤལ་མ་ལི། །ལྕགས་ཀྱི་སོར་ནི་བཅུ་དྲུག་པ། །ཡར་ལ་འཛེག་ཅིང་མར་ལ་འབབ། །ཐབས་མེད་རྣལ་འབྱོར་ངུ་འབོད་འགྲོ། །དེ་ཕྱིར་སྦྱོར་ཐབས་མཁས་པས་བསྟེན། །སྦྱོར་ཐབས་ལས་ནི་བདེ་བ་སྐྱེ། །དེ་བཞིན་བདེ་ཆེན་ཁྱད་པར་འཕགས། །ཞེས་གསུངས་ཏེ། །སྦྱོར་ཐབས་ལ་མཁས་པར་བྱའོ། །དེའང་བུམ་པ་ཅན་དང་། བཙན་ཐབས་དང་། མདའ་ལྟར་འཕང་བ་དང་འཁོར་ལོ་ལྟར་བསྐོར་བ་དང་། རྡོ་རྗེ་ཐོད་སྦྱོར། རླུང་དབུ་མར་འཇུག་པ། ཡི་གེ་དབུ་འཇུག །རླུང་སྤེལ་བ། རྩ་དབུ་མར་གཞུག་པ་རྣམས་ཀྱིས་སྟེང་རླུང་འོག་ཏུ་འདྲོངས་པ་དང་། འོག་རླུང་སྟེང་དུ་འདྲོངས་པ་དང་། རྩ་བའི་རླུང་ཡན་ལག་དང་། ཡན་ལག་གི་རླུང་རྩ་བར་འདྲོངས་པའམ། གལ་ཏེ་མ་ཐུབ་ན་རྡོ་རྗེ་ཆུ་འཐུང་ལ་སྦྱང་བ། སད་པ། སྤོགས་པའི་ཆོ་ག་དང་བཅས་པས་མཐར་ཐུར་མ་མེད་པ་ལ་འབྱོངས་པའི་བར་དུའོ། །གཞན་ཡང་འདི་དབབ་པའི་བྱེ་བྲག་འགའ་ཞིག་ཀྱང་བསྟན་ཏེ་འོག་ཉིད་དུ་བཤད་པར་བྱའོ། །གཉིས་པ་དངོས་གཞི་གནད་ཀྱི་གདམས་ངག་ལ། རང་ལུས་ཐབས་ལྡན་དང་། གཞན་ལུས་ཤེས་རབ་ཕྱག་རྒྱའི་ཉམས་ལེན་གཉིས་ལས། དང་པོ་ནི། བསྟན་པ་སྨོད་པས་འཇིགས་པ་ན། །རང་སེམས་ཙམ་ལ་མོས་པ་བྱ། །ཇི་ལྟར་རབ་ཏུ་བྱུང་བའི་དགེ་སློང་ཉན་ཐོས་ཀྱི་འདུལ་བའི་བསྟན་པ་སྲུང་བར་བྱེད་པ་དག་གམ། སྐྱེ་བོའི་ཡ་ག་སྐུར་བས་འཇིགས་ན་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ། དང་པོ་ཁོ་ནར་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་ཞིང་ཤེས་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་ཞིང་། ཐ་ན་ཏིལ་གྱི་འབྲུ་ཙམ་ལའང་དངོས་པོའི་ཞེན་པ་དོར་ཏེ་དོན་དམ་པའི་བདེན་པ་ལ་དད་པས་ལུས་དང་སྲོག་ལའང་བལྟོས་པ་མེད་པ་དང་། དངོས་གྲུབ་ཕྲ་མོ་ལ་འདོད་པ་མི་བསྐྱེད་པར་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཐོབ་པའི་ཕྱིར་རྩེ་གཅིག་པའི་བློས། ཕྱི་རོལ་གྱི་བུད་མེད་སྤངས་ནས་ཡིད་ཀྱི་བརྟགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་ནས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་གསད་པར་བྱ་ཞིང་། དེ་བཞིན་ཉིད་ལ་གཞུག་པར་བྱས་ན་ཤིན་ཏུ་མྱུར་བ་འདིས་རང་གི་ལུས་ཡོངས་སུ་བསྒྱུར་ཏེ་སྐལ་པ་བཟང་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཉིད་ལ་བྷུ་སུ་ཀུའི་སྤྱོད་པ་ཞེས་ཀྱང་བྱ་སྟེ། སྤྱོད་བསྡུས་ལས། །བྷུ་ཞེས་བྱ་བ་ནི་ཟས་ལོངས་སྤྱོད་པ་སྟེ། དེ་ཙམ་ཞིག་རྗེས་སུ་དྲན་པ་དང་། འདུ་འཛི་སྤོང་བར་བྱེད་ཅིང་དཀའ་ཐུབ་དང་བརཏལ་ཞུགས་སོ་ཞེས་གང་ལའང་བསམ་པར་མི་བྱའོ། །སུ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ། རྣམ་པར་ཤེས་པ་འདི་དག་མ་རིག་པས་ཉེ་བར་མཚོན་པས་མངོན་སུམ་དུ་བྱེད་དོ། །མ་རིག་པ་ལྕགས་ཀྱུ་ལྟ་བུ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་གང་ལའང་འདྲེ་བར་མི་བྱེད་དེ་འོད་གསལ་བ་ཉིད་མངོན་སུམ་དུ་བྱེད་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཀུ་ཞེས་བྱ་བ་ནི་བཤང་བར་འགྲོ་བས་ཏེ། བཤང་བ་དང་གཅི་བ་དོར་བ་དེ་ཙམ་ཞིག་རྗེས་སུ་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བར་བྱེད་ལ། ལུས་དང་། ཚོར་བ་དང་། ཡུལ་དང་། དབང་པོའི་ངོ་བོ་ཉིད་ལ་སེམས་པར་མི་བྱེད་དོ། །ཞེས་གསུངས་སོ། གསང་འདུས་ལས། སངས་རྒྱས་གཙོ་བོ་ཡུམ་དག་ལས། །མཉེས་པར་བྱས་ཀྱང་གོས་མི་འགྱུར། །ཞེས་སམ། བསམ་གཏན་ཡིག་གསུམ་རྡོ་རྗེ་ཅན། །ཕྱག་རྒྱའམ་སེམས་ཀྱིས་བསམ་པར་བྱ། །ཞེས་དང་། དབྱིངས་གྱུར་པ་ཡི་རྒྱལ་མོ་ཆེ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་དང་། དགོངས་པ་ལུང་སྟོན་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བརྗོད་དོ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །བཏགས་པ་དག་ནི་ཞི་གནས་ཡིན། །འདི་དག་དངོས་མེད་འགྱུར་བ་ཡི། །དེ་བཞིན་ཉིད་ནི་ཞི་བར་བཤད། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པས་ནི་སངས་རྒྱས་གཞུག །ཅེས་གསུངས་ལ། དུས་འཁོར་ལས། པདྨར་རྡོ་རྗེའི་སྒྲའམ་རང་གི་ལག་པའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བའི་སླད་དུ་སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་པས་ཡང་ན་དངོས་རིག་མཚོན་པར་བྱེད་པ་ལག་པ་གཡོན་པའི་རྒན་པོ་དང་སྲིན་ཞགས་མིག་ཏུ་བྱས་པ་ཕྱག་རྒྱར་བཏགས་ཏེའོ། །གཉིས་པ་གཞན་ལུས་ཤེས་རབ་ཕྱག་རྒྱའི་ཉམས་ལེན་ལ། སྔོན་དུ་འགྲོ་བ་ཡན་ལག་གི་ཆོས། དངོས་གཞི་གནད་ཀྱི་མན་ངག །རྗེས་ལམ་དུ་འཁྱེར་བ་དང་གསུམ་ལས། དང་པོ་ལ། ཕྱག་རྒྱ་བརྟག་པ། དགུག་པ། མི་སྣང་བ། སྲིད་བསྲུང་བ་བཞི་ལས། དང་པོ་ནི། པདྨ་ཅན་དང་དུང་ཅན་མ། །རི་མོ་ཅན་དང་རི་དྭགས་ཅན། །པདྨ་ཅན་ནི་གསུམ་སྟེ། ཚངས་པ་མོ་ནི་རྩ་ཤིན་ཏུ་ཕྲ་བ་འཁྲང་བ་རྡོ་རྗེའི་བུ་གར་འཇུག་ཏུ་རུང་བའོ། །པད་ཅན་ནི་ཁ་གྱེས་པ་རྡོ་རྗེ་ནོར་བུའི་མགོ་ཕར་འཇུག་ཏུ་རུང་བ་སྟེ་འཇིབ་པ་ཞེས་བྱའོ། །རལ་པ་ཅན་ནི་བྱང་ཆུབ་ཀྱི་སེམས་བཟློག་པའམ་རྩུབ་པས་བྱང་ཆུབ་ཀྱི་སེམས་འཛིན་པའོ། །དུང་ཅན་མ་ནི་རྩ་དུང་ལྟར་འཁྱིལ་བ། དེའི་ཕྱིར་ཤ་འཛེར་ཅན་འཇམ་པས་བྱང་སེམས་འབབ་ཏུ་མི་སྟེར་བའོ། །རི་མོ་ཅན་ནི་བྱང་སེམས་གོར་གོར་པོས་བཀག་པས་མཁྲང་བས་ཁུ་བ་འབབ་དཀའ་ཞིང་འཐས་པའོ། །རི་དྭགས་ཅན་ནི་གླང་པོ་ཆེའི་སྣ་ལྟར་བལྟབ་པས་བ་གླང་གི་ལྕེ་ལྟར་རྩུབ་པའོ། །དེ་ནི་གླང་པོ་ཅན་ཞེས་ཀྱང་ཟེར་རོ། །དེ་དག་ཐམས་ཅད་ཀྱང་སྤུ་མེད་པ་དང་། ཤ་ཆེ་བ་དང་། རུས་སྦལ་གྱི་རྒྱབ་ལྟར་མཐོ་བ་དང་། གླང་པོ་ཆེའི་ཟེ་བ་ལྟར་མཁྲང་བ་དང་། སྐྱེ་གནས་ཁ་ཡངས་ལ་ནང་དོག་པ་དང་། །ཁྲག་རྟག་ཏུ་འཛག་པ་སྟེ། སུ་བྷ་ག་དང་ལྡན་པའོ། །དེ་ལྟར་ཡང་འདུས་པར། རྩུབ་དང་འཇམ་དང་ཡན་ལག་ཕྲ། །འཛེར་པ་ཅན་ཞེས་བྱ་བ་ཡིན། །ཞེས་སོ། །རྗེ་བཙུན་གྱིས། །ང་ཕྱག་རྒྱ་བཞི་ལ་དམ་ཚིག་བཙལ། །པད་ཅན་མདངས་ལྡན་བདེ་བ་རྒྱས། །དུང་ཅན་ཉམས་དགའ་བདེ་བ་མྱུར། རི་མོ་གཏིང་ཟབ་ཟག་པ་མེད། །གླང་པོས་དངོས་པོའི་གནས་ལུགས་རྟོགས། །ཞེས་སོ། །ཕྱིའི་མཚན་ཉིད་ཀྱང་། ལྷ་མོ་བཞིས་ཞུས་ལས། རྣམ་བཞི་ཞེས་བྱ་བ་ནི། པདྨ་ཅན་དང་། དུང་ཅན་མ་དང་། རི་མོ་ཅན་དང་། གླང་པོ་ཅན་མའོ། །དེ་ལ་པདྨ་ཅན་ནི་པདྨའི་དྲི་བྲོ་བ་དང་། ངོ་ཟླུམ་པ་ལ་སོགས་པའོ། །དུང་ཅན་མ་ནི་བ་ཚའི་དྲི་བྲོ་བ་དང་། སྐྲ་དང་སྣ་རིང་བ་ལ་སོགས་པའོ། །རི་མོ་ཅན་ནི་ཤའི་དྲི་བྲོ་བ་དང་། ལུས་ཆུང་བ་དང་མཛེས་པ་ལ་སོགས་པའོ། །གླང་པོ་ཅན་ནི་ཆང་གི་དྲི་བྲོ་བ་དང་། བྱིན་པ་སྦོམ་པ་དང་། སྣ་ཡོ་བ་ལ་སོགས་པའོ། །ཞེས་གསུངས་ལ། དཔལ་བདེ་མཆོག་གི་རྒྱུད་ལས། པདྨ་ཅན་ནི་པད་དྲི་དང་གླང་ཆེན་མྱོས་པའི་སྟོབས་བཞིན་དུ། །དབྱངས་སྙན་སྙན་པར་སྨྲ་བ་དང་། མཉེན་ཞིང་ལང་ཚོ་འབར་བའི་གཟུགས། །ཡན་ལག་རྩུབ་ལ་པདྨ་ཡི། །འདབ་འདྲའི་མིག་ལ་སྐྲ་འཁྱིལ་ཞིང་། །སྣ་དང་སོ་ནི་ཕྲད་དེ་ཡང་། །སོར་མོ་ཐུང་ཞིང་ཡན་ལག་མཉེན། །སེན་མོ་འཇམ་ཞིང་ཟངས་ཀྱི་མདོག །བཞིན་ནི་རབ་ཏུ་ཞི་བ་སྟེ། །དཔལ་འདོད་པས་ནི་པདྨ་ཅན། །ཞི་བའི་ལས་ལ་སྦྱར་བར་བྱ། །གླང་པོ་ཅན་མ་གླང་པོའི་དྲི། །མཆུ་འཕྱང་བྱིན་པ་སྦོམ་པོ་དང་། །གླང་ཆེན་གོམ་པའི་སྟབས་སུ་འགྲོ། །སོར་མོ་རིང་ཞིང་ལུས་པོ་རིང་། །ནུ་མ་འཕྱང་ཞིང་རྩ་རྩུབ་ལ། །ལྟེ་བ་མཐོ་ཞིང་ནུ་མ་རྩུབ། །མིག་ནི་ཕྲ་ཞིང་སྦྲང་རྩི་སྲེད། །སྙན་པར་སྨྲ་ཞིང་སྐད་འཛེར་བ། །འདོད་ལྡན་རོ་སྨད་མཆུ་སྦོམ་ཉིད། །རྐང་མཐིལ་མཉམ་པར་གནས་པ་སྟེ། །ཆང་ལ་དགའ་ཞིང་དུས་རྟག་ཏུ། །ནོར་འདོད་གླང་པོ་ཅན་མ་སྟེ། །རྒྱས་པའི་སྦྱོར་བ་བརྩམ་པར་བྱ། །དུང་ཅན་མ་ནི་དུང་མདོག་དང་། །ཞི་བའི་གདོང་ཅན་བྱིན་པ་རིང་། །བྱ་རོག་སྐད་དང་བོང་བུའི་དྲི། །སོ་སྦོམ་སོར་མོ་རིང་བ་དང་། །སྐྲ་རྩུབ་ཡན་ལག་འཇམ་པ་དང་། །ལུས་བོང་ཐུང་ཞིང་མིག་ཆུང་ལ། །མགྲིན་པ་ཕྲ་ཞིང་སོ་ཚགས་ངན། །སྣ་མཐོ་མཆན་ཁུང་སྤུ་ཡོད་པ། །མཆུ་སྲབ་གདུགས་ཀྱི་རྣམ་པ་ཅན། །དུང་ཅན་མ་ནི་ཁྱིམ་ཐབ་གསོད། །དབང་གི་ལས་ལ་སྦྱར་བར་བྱ། །རི་མོ་ཅན་མ་རྟག་ཏུ་ནི། །རི་མོ་ལ་དགའ་སྣ་ཚོགས་མདོག །སྣ་ཚོགས་གཟུགས་ཅན་ནུ་མ་འཕྱང་། །སེན་མོ་མཉེན་ཞིང་སྐད་ཆུང་ལ། །ལུས་བོང་ཆུང་ཞིང་བྱད་ཀྱང་ཆུང་། །སྐྲ་ངན་བྱ་རོག་རང་བཞིན་ཅན། །བྱ་རོག་སྒྲ་སྐད་ཤ་ལ་དགའ། །ཚིག་རྩུབ་རོན་པའི་ནུས་དང་ལྡན། །ནག་པོའི་ལས་ལ་སྦྱར་བར་བྱ། །པདྨ་ཅན་མ་ལྷ་ཡི་རིགས། །གླང་པོ་ཅན་མ་གནོད་སྦྱིན་རྒྱུད། །དུང་ཅན་མ་ནི་མིར་ཤེས་བྱ། །རི་མོ་ཅན་མ་ཡི་དྭགས་རིགས། །ཞེས་གསུངས་ལ། །སྡོམ་འབྱུང་ལས། །པདྨ་ཅན་གྱི་དམ་ཚིག་བཤད། །བཞིན་ནི་དཀྱིལ་འཁོར་དབྱིབས་དེ་བཞིན། །ཏིལ་གྱི་མེ་ཏོག་དབྱིབས་ཀྱི་སྣ། །ཟངས་ཀྱི་སེན་མོ་རུས་སྦལ་རྒྱབ། །རྐང་པའི་མཐིལ་དག་མཉམ་པར་གནས། །ནུ་མ་ཏ་ལའི་འབྲུ་ཡི་ཚུལ། །དེ་བཞིན་ཁ་སྤུ་འཁྱིལ་བ་དང་། །གཉེར་མ་གསུམ་ཅན་སྐྱེ་གནས་མཆོག །དེ་ཡི་བྲང་ཡང་ཤིན་ཏུ་མཛེས། །གླང་ཆེན་མྱོས་པ་ལྟར་འགྲོ་མ། །པདྨའི་དྲི་དང་ངང་པའི་དབྱངས། །པདྨའི་བཅིངས་པས་འདོད་པར་བྱ། །རེག་པ་པདྨ་ལྟ་བུ་སྟེ། །སྐྲ་ནི་ལག་པས་ཡང་དག་གཟུང་། །མཆུ་ནི་སོ་ཡིས་བརྩིར་བྱ་སྟེ། །བྷ་གར་སོར་མོ་གཞུག་དེ་བཞིན། །པདྨ་ཅན་ལ་འདོད་པ་བྱ། །དེ་ནས་གཞན་ཡང་གླང་ཆེན་མའི། །མཚན་ཉིད་དེ་བཞིན་བཤད་པར་བྱ། །ཆང་གི་དྲི་ཅན་བྱིན་པ་སྦོམ། །སྣ་ཡོ་བ་སྤུ་འཁྱིལ་བ་དང་། །འདོད་པས་མྱོས་ཤིང་སྲེད་པ་དང་། །ལུས་ནི་སྦོམ་ཞིང་མི་བསྲུན་པ། །ཨུ་ར་པོ་ཊའི་བཅིང་བ་ཡིས། །དེ་ལ་རོལ་བར་བྱ་བ་སྟེ། །རི་ལུའི་རེག་པ་གླང་ཆེན་མ། །སྤྱི་བོར་ཨོཾ་མདས་བསྣན་བྱ་ཞིང་། །དྲག་པོ་ཡིས་ནི་ཀུན་ཏུ་འཁྱུད། །ནུ་མ་མཉེ་ཞིང་ཁ་ལ་རེག །སོ་དང་སེན་མོ་གདབ་པར་བྱ། །མཁས་པས་སེན་མོ་དྲང་བར་བྱ། །བཞད་ཀྱི་ང་རོ་གླང་ཆེན་མ། །གླུ་དང་རོལ་མོར་མངོན་པར་དགའ། །མཚན་ཉིད་འདི་དག་ཡང་དག་ལྡན། །གླང་ཆེན་མ་རུ་ཤེས་པར་བྱ། །དུང་ཅན་མ་ཡང་རབ་བཤད་བྱ། །སྐྲ་རིང་སྣ་ཡང་རིང་བ་སྟེ། །ཧ་ཅང་སྐེམ་མིན་སྦོམ་པ་མིན། །ནུ་མ་ན་རི་ཀའི་འབྲས་དབྱིབས། །ཞོ་དང་འོ་མའི་སྟོན་མོར་དགའ། །ལག་པ་གཡོན་པས་སྐྲ་གཟུང་དག །སོ་ཡིས་མཆུ་ནི་བཙིར་བར་བྱ། །ཤིན་ཏུ་དྲག་པོར་ཤིན་ཏུ་དགའ། །གཞིབ་པར་བྱ་ཞིང་སྙིང་གར་ནི། །སེན་མོ་བསྣུན་ཏེ་འདྲུག་པར་བྱ། །བ་ལང་ལྕེ་དང་བོང་བུའི་དྲི། །བྱ་རོག་དབྱངས་ནི་དུང་ཅན་མ། །མཚན་ཉིད་འདི་དག་ཡང་དག་རྫོགས། །རྟག་ཏུ་དུང་ཅན་མར་བརྗོད་བྱ། །དེ་བཞིན་ཙི་ཏྲི་ནིར་བརྗོད་བྱ། །ལུས་ཆུང་དེ་ཡི་བྲང་མཛེས་ཏེ། །དཔལ་འབྲས་རྣམ་པའི་ནུ་མའོ། །ངོ་ཚ་སྤངས་ཤིང་ཤིན་ཏུ་ཁྲོ། །རྟག་ཏུ་རྩོད་པ་ལ་དགའ་ཞིང་། །བྱ་རོག་ཟིན་པ་གན་རྐྱལ་ཉལ། །མཆུ་འཕྱང་ཕུག་རོན་དག་གི་དབྱངས། །ཤ་ཡི་དྲི་དང་ལྡན་པ་དང་། །དཔུང་པ་རྒྱས་པ་ཙི་ཏྲི་ནི། །དགའ་བས་རོལ་བར་བཤད་བྱ་སྟེ། །ཐོག་མར་ལག་པས་བྷ་ག་བཙིར། །འོ་བྱ་ནུ་མ་མཉེ་བ་དང་། །མགོ་ལ་སོར་མོ་བསྣུན་བྱ་ཞིང་། །ལུས་ནི་བསྐུམ་པས་དགའ་བ་དང་། །དྲག་པོ་ཉིད་དུ་འཁྱུད་པར་བྱ། །རང་གི་མཆུ་ནི་མྱང་དུ་གཞུག །ཚིགས་བཅད་སྙན་དང་གཙང་སྦྲ་དང་། །མཚན་ཉིད་འདི་དག་ཡང་དག་ལྡན། །ཙི་ཏྲི་ནི་སྟེ་གཟུགས་ངན་མོ། །ཞེས་སོ། །བྱེ་བྲག་པདྨ་ཅན་ལ་བརྟག་གཉིས་སུ། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ། །ཞེས་གསུངས་ལ། །དེའི་འགྲེལ་པར་ནཱ་རོ་པས། །འདིར་ཕྱག་རྒྱ་བཟང་མོ་ནི་ལུས་ཅུང་ཟད་ཕྲ་ཞིང་སྐྲ་ནག་པ། །རྐང་པ་དང་ལག་པ་འཇམ་པ། །སེམས་ཅན་ལ་མཉེས་གཤིན་པ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཅུང་ཟད་རིང་བ། །མིག་ཤིན་ཏུ་གཡོ་བ་མ་ཡིན་པ་ནི་པདྨ་ཅན་ཞེས་བརྗོད་པར་བྱའོ། །ཡང་གསུངས་ཏེ། །ཤིན་ཏུ་རིང་མིན་ཐུང་བའམ་མིན། །ཤིན་ཏུ་གནག་མིན་དཀར་བའམ་མིན། །ཤིན་ཏུ་སྦོམ་མིན་ཕྲ་བའམ་མིན། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་གདོལ་པ་ལ་སོགས་དང་། །འདི་ལ་ཁ་སྦྱོར་ཐིག་ལེ་ལས། །བྲམ་ཟེ་གཉིས་ལས་སྐྱེས་པ་ནི། །རྣམ་པར་སྣང་མཛད་རིགས་སུ་གསུངས། །རྒྱལ་པོའི་བུ་མོ་རྒྱལ་རིགས་ཉིད། །རིན་ཆེན་རྒྱལ་པོའི་རིགས་སུ་འགྱུར། །རྗེ་རིགས་བ་ལང་སྐྱོང་པ་ནི། །དཔག་མེད་རྡོ་རྗེའི་རིགས་སུ་གསུངས། །དམངས་ལས་སྐྱེས་མོ་ལས་ཀྱི་རིགས། །ཞེས་གསུངས་ལ། །དྲང་དོན་དུ་དེ་ལྟར་བསྟན་ལ། །དྲང་དོན་གྱི་ངེས་དོན་དུ་རིགས་གང་ལ་ཕྱག་རྒྱ་མོ་གང་ཡང་ཤིས་སོ། །དེ་དག་ཀྱང་ཕྱིའི་སྤྱོད་ལམ་རྡོ་རྗེའི་མཚན་མ་བྲི་ན་རྡོ་རྗེའི་རིགས། །འཁོར་ལོ་བདེ་བཤེགས། །རིན་ཆེན་རིན་བྱུང་། །པདྨ་སྣང་མཐའ། སྣ་ཚོགས་རྡོ་རྗེ་ལས་རིགས། །སྔོ་ན་རྡོ་རྗེའི་རིགས་ནས་ལྗང་བའི་བར་རོ། །ནང་གི་མཚན་མ་ལག་པ་གཡོན་པའི་སྲིན་ལག་གི་རྩ་བ་ན་རྡོ་རྗེ་ལ་སོགས་པ་ཡོད་ན་དེ་དང་དེའི་རིགས་ཏེ། ཀྱེའི་རྡོར་ལས། གང་གི་སྲིན་ལག་རྩབ་ན། །རྡོ་རྗེ་རྩེ་ལྔ་སྣང་འགྱུར་བ། །དེ་ནི་མི་བསྐྱོད་རྡོ་རྗེའི་རིགས། །ཞེས་པ་ལ་སོགས་པ་པས་གསུངས་སོ། །བྲམ་ཟེའི་རིགས་དང་ཆོ་ག་གཉིས་ལས་སྐྱེ་བས་བྲམ་ཟེ་མོ། །རྒྱལ་པོའི་རིགས་ལས་སྐྱེས་པས་རྒྱལ་རིགས་མོ། །ཚོང་དཔོན་ལ་སོགས་པའི་གཙོ་བོའི་རིགས་ལས་སྐྱེས་པས་རྗེ་རིགས་མོ། །གདོལ་བའི་རིགས་ལས་སྐྱེས་པས་གདོལ་པ་མོ་སྟེ། །བ་ལང་སྐྱོང་མ་ཞེས་ཀྱང་བཤད་དེ་རིགས་ངན་པའི་མཚོན་བྱེད་ཙམ་མོ། དམངས་ལས་སྐྱེས་པས་དམངས་རིགས། །ངེས་པའི་དོན་དུ་དམ་པའི་དོན་རིག་པས་བྲམ་ཟེ་མོ། །ཤིན་ཏུ་ཆགས་པའི་སྦྱོར་བས་ཅུང་ཟད་ཀྱང་མི་ཚིམ་པས་རྒྱལ་རིགས་མོ། །ཆ་ལུགས་དང་གཟུགས་སྣ་ཚོགས་པས་འདོད་པའི་བསྟན་བཅོས་ཀྱི་ཤིང་སྣ་ཚོགས་པ་འདོད་པས་རྗེ་རིགས་མོ། རི་རྩེ་ནས་ཆུ་འཛག་པ་བཞིན་ལྟེ་བ་ནས་བྱང་སེམས་འཛག་པས་དམངས་རིགས་མོ། །སྨྲར་མེད་ཅིང་རེག་ཏུ་མེད་པའི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་བ་གཡུང་མོའམ་གདོལ་པ་མོ། ལ་སོགས་པའི་སྒྲས། །འཚེད་ཕྱིར་ཤེས་རབ་ཆོས་མ་ཉིད། །ཁམས་ཉིད་གཡོ་ཕྱིར་གར་མ་སྟེ། །གཏུམ་པའི་ལས་རྣམས་བྱེད་པའི་ཕྱིར། །གཏུམ་མོ་ཞེས་ནི་ཡང་དག་བཤད། །མི་རེག་ཕྱིར་ན་གཡུང་མོར་ཤེས། །ཞེས་གསུངས་པ། ཁམས་གཡོ་བར་བྱེད་པ་གར་མ། བདེ་བས་འཚེད་པ་ཆོས་མ། ཐིག་ལེ་ཞུ་བར་བྱེད་པས་གཏུམ་མོ། རྩ་ཐམས་ཅད་དབུ་མར་འདུས་པས་གཡུང་མོ་ལ་སོགས་པའོ། །མ་དང་སྲིང་མོ་བུ་མོ་ཡང་། །མ་ནི་དབང་བསྐུར་སྦྱིན་པ་མོ། །སྲིང་མོ་ནི་རྡོ་རྗེ་ཐེག་པ་ལ་ཞུགས་པའོ། །བུ་མོ་ནི་གཉེས་གཤིན་མའམ་དེར་གཞག་པར་བྱ་བའོ། །ཡང་ན་འཇིག་རྟེན་གྱི་ཐ་སྙད་ཇི་ལྟ་བ་སྟེ། དེ་ལ་དགོངས་ནས། ཁྱད་པར་ཅན་གྱིས་བསྟེན་གྱུར་ན། །ཡོན་ཏན་འབྱུང་གི་སྐྱོན་དུ་མིན། །ཁྱད་པར་ཅན་དེ་བསད་གསོ་ནུས་པའམ་སྤྲུལ་སྒྱུར་སྟོན་པར་ནུས་པས་བསྟེན་པར་བཤད་དོ། །བུད་མེད་གཅིག་ལའང་གནས་སྐབས་ཀྱི་དབྱེ་བས། སེམས་ཀྱི་བསམ་པར་བྱ་བས་མ། རེག་པས་སྲིང་མོ། རྡོ་རྗེ་ཞུགས་པས་བུ་མོ། བྱེད་པ་དང་བཅས་པའི་དགའ་བ་མྱོང་བས་ཚ་མོ། ཐིག་ལེ་ལྷུང་བས་ཆུང་མ། འདོད་ཆགས་ཀྱི་བདེ་བ་ཉམས་པ་ལས་གཏུམ་མོ་ཞེས་ཀྱང་གསུངས་སོ། །ཡང་ངེས་པའི་དོན་དུ་ནི། ཀྱེ་རྡོ་རྗེར། གང་ཕྱིར་སྐྱེ་འགྲོ་སྐྱེད་པ་ཡི། །ཤེས་རབ་མ་ཞེས་བརྗོད་པར་བྱ། །གང་ཕྱིར་སྐལ་བ་སྟོན་པ་ཡི། །ཤེས་རབ་སྲིང་མོ་ཞེས་བྱ་ཉིད། །ཡོན་ཏན་འཇོ་ཕྱིར་ཤེས་རབ་ནི། །བུ་མོ་ཞེས་ནི་བརྗོད་པར་བྱ། །གང་ཕྱིར་བཅོམ་ལྡན་མི་རེག་པས། །དེ་ཕྱིར་གཡུང་མོར་བརྗོད་པར་བྱ། །ཞེས་འཆི་བའི་མཐར་བྱེད་པ་དང་། སྐྱེ་བའི་ཆ་དང་ལྡན་པར་བྱེད་པ་ཀུན་གཞི་རྣམ་པར་ཤེས་པས་བྱིན་གྱིས་བརླབ་པའི་དྲི་ཟའི་སེམས་ཅན་ནི་སྐྱེ་འགྲོ་སྟེ། །དེ་སྐྱེད་པར་བྱེད་པའི་རྡུལ་གྱི་ཁམས་ནི་མའོ། སྲིང་མོ་ནི་ཐབས་ཁུ་བའི་ཁམས་སྟེ། དེ་ནི་ཁམས་ཀྱི་ཆ་ཤས་སོ་སོ་ལ་མི་འདྲ་བ་སྤུ་དང་། རྩ་དང་། རུས་པ་དང་། རྐང་དང་། ཀླད་པ་དང་། ཁུ་བ་ཤ་ལ་སོགས་པ་སྟོན་པར་བྱེད་པས་བྷ་ག་སྐལ་བའམ་ཆ་ཤས་ལ་འཇུག་པ་ལས་འདིར་ཆ་ཤས་ལ་བཤད་དོ། །བུ་མོ་ནི་ཡོན་ཏན་སྒྲ་རེག་གཟུགས་དྲི་རོ་ཆོས་ཀྱི་དབྱིངས་ཀྱི་ཡུལ་རྣམས་འཇོ་བ་སྟེ་འཛིན་པར་བྱེད་པས་སོ། །དུ་ཧི་ཏའི་སྒྲ་ལས་དྲངས་པའོ། །ཚ་མོ་ནི་ཡུལ་དེ་རྣམས་ཀྱི་ཆ་ལ་འཇུག་པར་བྱེད་པ། ཆུང་མ་འཕོ་བའི་བདེ་བ་འཇུག་པར་བྱེད་པ། གཏུམ་མོ་འདོད་ཆགས་དང་བྲལ་བས་ཤེས་རབ་མ་ལ་མི་རེག་པའོ། །དེ་བཞིན་དུ་བལྟོས་པ་དང་བཅས་པའི་ཐབས་ཀྱི་རིགས་ཀྱང་ཤེས་པར་བྱའོ། །ཡང་ན་རྡོ་རྗེ་སྙིང་པོས་འདིར་མ་ནི་དེ་བཞིན་གཤེགས་པའི་རིགས་དང་། བྲམ་ཟེ་མོ་དང་། སྤྱན་མ་སྟེ་ལྟེ་བའི་པདྨ་ལའོ། །སྲིང་མོ་ནི་མཱ་མ་ཀཱི་དང་སྙིང་གར་དང་། རྡོ་རྗེའི་རིགས་ཅན་མ་དང་། གཡུང་མོའོ། བུ་མོ་ནི་མེའི་ཁམས་དང་། པདྨའི་རིགས་ཅན་མ་དང་། གར་མ་སྟེ་མགྲིན་པར་རོ། །སྲིང་མོའི་བུ་མོ་ནི་རླུང་གི་ཁམས་དང་། ལས་ཀྱི་རིགས་ཅན་མ་དང་། ཆོས་མ་སྟེ་དཔྲལ་བར་རོ། །ཆུང་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། ནམ་མཁའི་ཁམས་དང་། གཏུམ་མོ་དང་། རིན་པོ་ཆེའི་རིགས་ཅན་མ་སྟེ་གཙུག་ཏོར་དུའོ། །མཐར་སྐྱེས་མ་ནི་ཡེ་ཤེས་ཀྱི་ཁམས་དང་རྡོ་རྗེ་སེམས་དཔའི་རིགས་ཅན་མ་སྟེ་གསང་བའི་པདྨར་རོ། །ཞེས་སོ། །བཅུ་གཅིག་མ་དང་བཅུ་གཉིས་མ། །བཅུ་དྲུག་མ་དང་ཉི་ཤུ་མ། །ཉི་ཤུ་བཞི་ལོན་བར་དུ་བསྟེན། །ལོ་ཚིགས་བཅུ་གཅིག་མས་འཆི་བ་མེད་པའི་ཚེ་དང་། བཅུ་གཉིས་མས་འཛག་པ་མེད་པས་དུས་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པའི་དམ་ཚིག་མཆོག་དང་། བཅུ་དྲུག་མས་འདོད་པའི་དངོས་གྲུབ་ཆེན་པོ་དང་། ཉི་ཤུ་མས་མཁའ་སྤྱོད་དམ་ནམ་མཁའ་ལ་འཕུར་བ། ཉི་ཤུ་རྩ་བཞི་མས་རང་བྱིན་གྱིས་རློབ་པ་ཐོབ་པར་བྱེད་དོ། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས་ཏེ། །འཇིག་རྟེན་པའི་ཡེ་ཤེས་ཐམས་ཅད་ཀྱི་མཐར་ཐུག་པ་འདི་ལས་རྙེད་པའི་ཕྱིར་ཏེ། རྒྱུད་ལས། ཡེ་ཤེས་གསུམ་གྱི་རིམ་པ་ཡིས། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་སོ། །གཉིས་པ་ཕྱག་རྒྱ་དགུག་པ་ནི། མེ་ཏོག་རབ་སོང་སྦས་པ་ཡིས། །དེ་འོག་རྡུལ་གྱི་སྦྱོར་བས་ནི། །རྒྱལ་པོ་དང་ནི་བློན་པོ་དང་། །གཞོན་ནུ་མ་ཡང་དབང་དུ་འགྱུར། །དཔལ་འཁོར་ལོ་སྡོམ་པའི་ཏིང་ངེ་འཛིན་ལེགས་པར་བརྟན་པས། སེའུ་མ་སྐྱེས་པའི་བར་གྱི་བྱིས་པ་གཞོན་ནུ་ཤི་བའི་རོ་སྦས་པའི་སྔས་འོག་ནས་བཅུག་པའི་ས་ལ་ཡི་གེ་བདུན་པ་ལེགས་པར་བཏབ་སྟེ། དེས་རེག་ན་རྒྱལ་པོ་དང་། བློན་པོ་དང་། གཞོན་ནུ་མ་སོགས་གང་འདོད་པ་དབང་དུ་བྱེད་ཅེས་སོ། །གསུམ་པ་མི་སྣང་བར་བྱ་བ་ནི། མི་སྣང་བ་ཡི་ལས་བྱ་སྟེ། །ཕྱག་རྒྱ་སྦེད་པར་བྱ་བའི་ཕྱིར་རོ། །རྫས་གང་གིས་ཤེ་ན། བྱི་ལ་ནག་པོའི་ཤ་མ་ནི། །ཁམ་ཕོར་ཁ་སྦྱོར་ནང་དུ་བསྐམ། །བགེགས་བསྐྲད་པ་ཡི་ཆོ་ག་བྱ། །དེ་ལྟར་གྲིབ་བསྐམས་བྱས་པའི་རྫས། །ཕྱེ་མང་བཏགས་ཏེ་རང་ཉིད་ཀྱི། །མི་བསྐྱོད་པ་དང་རབ་སྦྱར་ནས། །སྲན་མ་ཙམ་གྱི་རིལ་བུ་བྱ། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་ནས། །ལྕགས་གསུམ་ནི་གསེར་དང་། དངུལ་དང་། ཟངས་ཏེ། སམ་བུ་ཊར། མེ་དང་། ཟླ་བ་དང་། ཉི་མའི་སྒྲས་གསུངས་པ་གསུམ་གྱིས་རིམ་པར་དཀྲིས་པ། སྐར་མ་རྒྱལ་ལ་ལག་པར་བཟུང་སྟེ་སྒྲུབ་ཅིང་། སྔོན་དུ་རང་གི་འདོད་པའི་ལྷའི་བཟླས་པ་འབུམ་བྱ་ཞིང་། བདག་ཉིད་དང་རིལ་བུ་རང་གི་ལྷའི་གཟུགས་སུ་བཏགས་ཏེ་སྔགས་བཟླས་པས་དྲོ་བ་དང་། དུ་བ་དང་། འབར་བར་གྱུར་ན་འགྲུབ་པར་འགྱུར་ཏེ། ཁ་ཡི་ནང་དུ་གཞུག་པར་བྱ། །དེ་ཁར་བཅུག་ན་དཔལ་དང་ལྡན་པའི་གནོད་སྦྱིན་ལྟར་སུས་ཀྱང་མི་མཐོང་བར་འདོད་པའི་གཟུགས་ཅན་དུ་རྣམ་པར་སྤྱོད་དོ། །འདིར་གསེར་དྲུག་ནམ་གསུམ། ར་ཏི་ཕྱེད་དང་གཉིས་དང་ར་ཏིའི་བརྒྱད་ཆ་གཅིག །དངུལ་དྲུག་ནམ་བཞི། ར་ཏི་བཞི་གསུམ་དང་ར་ཏིའི་བརྒྱད་ཆ། ཟངས་དྲུག་ནམ་ལྔ། ར་ཏི་ཕྱེད་དང་གཉིས་དང་ཐམས་ཅད་བསྡོམ་པས་ར་ཏི་བརྒྱད་དང་རྐང་པ་གཅིག་ཏུ་བྱའོ། །བཞི་པ་སྲིད་བསྲུང་བ་ནི། ཀུན་ཏུ་རུ་ཡི་སྐབས་སུ་ནི། །བུས་པའི་སྨན་ཡང་ལག་ཏུ་བཅང་། །ཞེས་པ་ནི་ཁྲིད་ཡིག་ཏུ་བཤད་ཟིན་ཏོ། །གཉིས་པ་དངོས་གཞི་གནད་ཀྱི་གདམས་ངག་ལ། ཇི་ལྟ་བུས་བརཏལ་ཞུགས་ཀྱི་སྤྱོད་པ་སྤྱད་པར་བགྱི་བ་དང་། ཇི་ལྟར་བསྒྲུབ་པར་བགྱི་བ་ལམ་རང་གི་ངོ་བོ་བཤད་པ་གཉིས་ལས། དང་པོ་ནི། རང་གི་དབང་བསྐུར་སྙིང་རྗེ་ཅན། །དེ་དང་དབེན་པའི་གནས་ཉིད་དུ། །ཉམ་ང་མེད་པའི་སྤྱོད་པ་བྱ། །བརྟག་གཉིས་ལས། ཚལ་དང་སྐྱེ་བོ་མེད་གནས་དང་། །བདག་གི་ཁྱིམ་གྱི་ནང་རྣམས་སུ། །གཅེར་བུ་བྱས་ལ་ཕྱག་རྒྱ་ཆེ། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཅེས་གསུངས་པས། སྤྲོས་པ་དང་བཅས་པའི་རིམ་པ་ནི། སྐྱེད་མོས་ཚལ་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པ་རྣམ་པར་དབེན་ཞིང་ཚུལ་དང་མི་མཐུན་པ་ལ་སོགས་པ་སྐལ་བ་ངན་པ་རྣམས་དང་བྲལ་བའི་གནས་སུ་ར་བ་བརྟན་པོས་བསྐོར་བའི་ཁང་པ་རྒྱན་གྱིས་བརྒྱན་པའམ་རང་གི་ཁྱིམ་དུའང་རུང་བར། ཐ་མལ་གྱི་ཕྱག་རྒྱ་སྦྱངས་པ་རང་གི་རིགས་སུ་སྨིན་པའི་བུད་མེད། ཕག་མོའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་དང་ལཱ་མ་ལ་སོགས་པར་བརྟགས་པ་ཕྱག་རྒྱ་བཅུ་གཉིས་ཀྱིས་བསྐོར་བའམ། ཡང་ན་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་གཽ་རི་ལ་སོགས་པའི་ལྷ་མོ་བརྒྱད་པོ་ཉིད་དམ། ཡང་ན་ལྷན་ཅིག་སྤྱོད་པ་དང་། རྗེས་སུ་སྤྱོད་པ་ལྷན་ཅིག་ཏུ་ཐ་མལ་པའི་ང་རྒྱལ་བསལ་བའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་དེར་ཇི་ལྟར་བྱ་བ་ནི། ནཱ་རོ་པས། དབེན་པའི་ཁྱིམ་དང་གསང་གནས་སུ། །རིགས་ཀུན་ཕོ་ཉ་གོས་བྲལ་བ། །སྒྲུབ་པོའང་ཕྱག་རྒྱ་ལྔ་ཡིས་བརྒྱན། །རྣལ་འབྱོར་མ་རྣམས་སྐྲ་གྲོལ་ཞིང་། །སྒྲུབ་པ་པོའང་གཙུག་ཕུད་བཅིང་། །གདན་རྣམས་བསྟབས་པར་བྱས་ནས་ནི། །རང་རང་གི་ནི་གནས་ལ་བཀོད། །དེ་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོའི་འཁོར་ལོས་སྒྱུར་བ་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་ཏིང་ངེ་འཛིན་གྱི་སྤྲོ་བ་སྔོན་དུ་འགྲོ་བས་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་ཁྱད་པར་འཕགས་པའི་ང་རྒྱལ་བསྐྱེད་ལ། དང་པོར་གཟུགས་ལ་སོགས་པ་ཡུལ་རྣམ་པ་གསུམ་ཉམས་སུ་མྱོང་ནས་དེའི་རྗེས་སུ་སྤྱད་པ་ལ་སོགས་པ་ཆོ་ག་རྣམ་པ་གསུམ་གྱི་ཚོགས་བཟའ་བ་ལ་སོགས་པ་ཐམས་ཅད་མངོན་པར་འདུ་བྱས་ནས། རང་བཞིན་གྱིས་གྲུབ་པའི་བདག་ཉིད་ཀྱི་ལུས་ཀྱི་ཐབ་ཁུང་དུ་དམ་ཚིག་སེམས་དཔའི་ཞལ་རྩེ་གསུམ་མེའི་དབུས་སུ་རྗེས་སུ་དྲན་པའི་སྦྱིན་སྲེག་བྱ་སྟེ། དེས་བདེ་བ་ཡོངས་སུ་ཞུ་ནས་ར་སཱ་ཡ་ནར་འགྱུར་རོ། །འདི་ལས་སྤྲོས་ཏེ་མཁའ་འགྲོ་མའི་བཀའ་དྲུག་བཤད་དོ། །བཟའ་བ་དང་བཏུང་བ་རྣམས་ཀྱིས་སྐུ་རྡོ་རྗེ་ཡང་དག་པར་ཚིམ་པར་བྱས་ནས། རེག་བྱའི་ཡུལ་ལ་སྤྱད་པའི་ཕྱིར་ལྷན་ཅིག་སྤྱོད་པ་སོགས་ལྷ་མོའི་འཁོར་ལོ་ལ་རྗེས་སུ་ཆགས་པ་ཅན་མཁས་པས་བརྟགས་ནས་འདོད་པའི་ཕྱག་རྒྱ་པང་དུ་ཉེ་བར་བཞག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པར་བྱའོ་ཞེས་ལྷག་པར་མོས་པ་བརྟན་པར་བསྐྱེད་ནས་འཁྱུད་པ་དང་། འོ་དང་། འཇིབ་པ་དང་། སེན་མོ་གདབ་པ་དང་། ཤིང་ཅེས་པ་དང་། ཁུ་བྱུག་དང་། བུང་བའི་གདངས་ཀྱིས་དང་པོར་རྩ་རྣམས་རབ་ཏུ་སད་པར་བྱས་ལ། དེ་བཞིན་གཤེགས་པའི་སྐྱིལ་ཀྲུང་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་སྐྱིལ་ཀྲུང་སོགས་བཅིངས་པས་ལས་ལ་གནས་པར་བྱའོ། དེ་ནས་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་རྡོ་རྗེ་སྐྱིལ་ཀྲུང་བསྐྱོད་པ་ལས་ལྷན་ཅིག་སྐྱེས་པའི་མེ་རབ་ཏུ་སྦར་བས་ཕུང་པོ་ལ་སོགས་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས། སྤྱི་བོ་ནས་བརྩམས་ཏེ་ནཱ་ཌི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཨཱ་ལི་ཀཱ་ལི་ཞུ་བའི་རྒྱུན་ཆགས་པ་དང་། ཁྱད་པར་གྱི་ཆགས་པ་དང་། ཆགས་པ་བར་མའི་རིམ་པ་གང་ཡིན་པ་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་སོ་སོ་རང་གིས་རིག་པར་བྱའོ། །ཤེས་རབ་ཀྱི་ཕར་ཕྱིན་དེའང་། ཆོས་འཕགས་ཀྱི་ལེའུར་ཆོས་ཐམས་ཅད་རོ་གཅིག་པ་དེ་ཡིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པ་ཉིད་དོ། །ཆོས་ཐམས་ཅད་མཐའ་ལས་འདས་པ་དེ་ཡིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ལས་འདས་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དེ་ཡིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དོ། །ཞེས་གསུངས་སོ། །དེ་ལས་ཆོས་འབྱུང་བ་ཨ་ར་ལི་ཆེན་པོ་དེར་རོལ་པའི་རང་བཞིན་བཅོམ་ལྡན་འདས་བདེ་བ་ཆེན་པོ་བལྟ་བའི་ཕྱིར་ཕན་ཚུན་ཡིད་མི་སྤྲོ་ཞིང་དགའ་བའི་དོན་དུ་སངས་རྒྱས་ཀྱི་གར་དུ་མཛད་དོ། ཕྱག་རྒྱ་དང་ཕྱག་རྒྱའི་ལན་བཅིང་བ་དང་། མཆོད་པ་དང་མཆོད་པའི་ལན་དང་གར་དང་གར་གྱི་ལན་དང་། གླུ་དང་གླུའི་ལན་དང་། ལུས་ཀྱི་བརྡ་དང་བརྡའི་སྐད་འབའ་ཞིག་གིས་ཐ་སྙད་དུ་བྱ་སྟེ། དེ་ལྟ་བུས་འཇིག་རྟེན་པའི་བསམ་གཏན་སྤངས་ཤིང་ཡིད་ཀྱི་འདོད་པ་བསལ་ནས། རྟག་ཏུ་ཡིད་རབ་ཏུ་དགའ་བ་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཡིད་དགའ་བ་སྟེ། དེས་བྱང་སེམས་འཕེལ་བ་དང་། རང་དང་སྣང་བ་ཐམས་ཅད་བདེ་བར་འཆར་བ་དང་། ཤ་སྐྱེ་བ་དང་། སྣང་བ་ཟིལ་གྱིས་གནོན་པ་དང་། འགྲོ་བ་དབང་དུ་སྡུད་པ་དང་། ཉོན་མོངས་པ་ཟིལ་གྱིས་གནོན་པ་དང་། སྲིད་པ་མི་འཕེལ་བ་དང་། ཚེ་རིང་བ་དང་། རྒས་བུལ་བ་དང་། སྐྲ་དཀར་དང་གཉེར་མ་མི་འབྱུང་བ་དང་། ལུས་ལ་གཞོན་ཤ་ཆགས་པ་དང་། སྣུམ་པ་དང་། མཁའ་འགྲོ་མ་འདུ་བའོ། ཁྱད་པར་ནི། དཔེར་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཞིན་དུ་ལུས་བསྒྱུར་ཏེ་རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོའི་འཁོར་དང་བཅས་པ་ལྷན་ཅིག་མི་སྣང་བར་གྱུར་ནས་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་མཛད་དོ། །གལ་ཏེ་འབྱོར་པ་མ་ཚང་ན་སྒྲུབ་པ་པོ་དེས་ཕྱག་རྒྱ་ལྔས་སྤྲོས་པ་མེད་པའི་སྤྱོད་པ་བརྩམ་ཞིང་། གལ་ཏེ་གཟུགས་རྡོ་རྗེ་མ་སོགས་ཀྱང་མེད་ན། དེའི་ཚེ་རེག་བྱ་རྡོ་རྗེ་མའམ། ཕག་མོའམ། བདག་མེད་མ་གཅིག་པུ་དང་ལྷན་ཅིག་ཀུན་ཏུ་སྦྱོར་བས་ཀྱང་བསྒྲུབ་པར་བྱ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུས་པ་ཡིན་ལ། ལྷ་མོ་ཐམས་ཅད་ནི་བཙུན་མོའི་ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུག་པ་ཡིན་ཏེ། དེ་བས་ན་མི་ཕྱེད་པའི་ང་རྒྱལ་གྱིས་རྣམ་པར་མི་རྟོག་པ་ལ་བསླབ་པར་བྱའོ། །དེ་ལྟར་འདུས་པ་ལས། ཆགས་ཆེན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །ཞེས་དང་། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་བརཏལ་ཞུགས་ཡང་དག་པར་ལེན་པའི་སྤྱོད་པ་ཉིད་གྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འབྱུང་ངོ་། །སྐུ་གསུང་ཐུགས་དང་རྡོ་རྗེ་རྣམས། །ལུས་དང་ངག་སེམས་བསྒོམ་པ་ནི། །གང་གི་ངོ་བོ་དེ་བྱས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལྷ་མོ་ཡིན་ནམ་མི་ཡང་རུང་། །རྙེད་ནས་རིག་པའི་བརཏལ་ཞུགས་སྤྱོད། །རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟེན། །ཞེས་དང་། བརྟགས་གཉིས་ལས། ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ཀྱིས་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་པས། འདོད་ཆགས་ཀྱང་འདོད་པ་ན་སྤྱོད་པ་བཞི་སྟེ། གཉིས་གཉིས་འཁྱུད་པ་དང་། ལག་པ་བཅང་བ་དང་། བལྟས་པ་དང་། རྒོད་པའོ། །འཁྲིག་པས་མཆོག་ཏུ་དགའ་བའམ་བདེ་བ་སྐད་ཅིག་ལ་ཉམས་སུ་མྱོང་བར་བྱེད་དེ། །དེ་སྦྱངས་པས་རྫོགས་པའི་གནས་སྐབས་སུའང་འཁོར་བ་དག་ལ་རྟག་ཏུ་དགའ་བའི་གཟུགས་ཅན་དུ་འགྱུར་ཏེ། །བདེ་མཆོག་ལས། དེས་ན་བདེ་བས་བདེ་བ་ཉིད། །སངས་རྒྱས་ཐམས་ཅད་ཉིད་ཐོབ་འགྱུར། །ཞེས་དང་། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །རྩོལ་བའི་ཆོ་གའི་འོག་ཏུ་ནི། །དགའ་བའི་སེམས་ཀྱིས་འགྲུབ་འགྱུར་བ། །བདེ་བ་ཆེན་པོ་ཞེས་བྱའོ། །གཉིས་པ་ཇི་ལྟར་བསྒྲུབ་པར་བགྱི་བ་ལམ་རང་གི་ངོ་བོ་བཤད་པ་ལ། རྩ་བཙལ་བ། དབབ་པ། གཟུང་བ། བཟློག་པ། ལུས་ཐམས་ཅད་ལ་ཁྱབ་པར་བྱ་བ་དང་ལྔ་ལས། དང་པོ་ནི། དབབ་པ་བསྒྲུབ་པའི་བྱེ་བྲག་གིས། །རང་གིས་རྩ་རྙེད་པར་མ་གྱུར་ན། འདུག་སྟངས་རྡོ་རྗེ་མཁའ་འགྲོར་བཤད་པའི་དྲུག་ཅུ་རྩ་བཞིའམ། བརྟག་གཉིས་སུ་བཤད་པའི་བཞི་ལ་སོགས་པའི་འདོད་པའི་བསྟན་བཅོས་ཀྱི་རིག་པ་ཤེས་པའོ། །དེ་ལྟར་ཡང་དུས་འཁོར་ལས། མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ། །ཤིན་ཏུ་དགའ་བ་དང་བྲལ་རྣལ་འབྱོར་པ་ལ་རྣལ་འབྱོར་མ་ཡི་འདོད་པའི་དངོས་གྲུབ་སྟེར་མི་འགྱུར། །ཞེས་སོ། །དེས་ཀྱང་མ་རྙེད་ན་རྩ་བཙལ་བའི་ཆོ་ག་ཁྲིད་དུ་བསྟན་པ་བཞིན་གྱིས་སོ། །གཉིས་པ་དབབ་པ་ནི། གསང་ལ་སྦྱོར་བའི་དུས་ཙ་ན། །བལྟ་དང་འཛུམ་དང་འཁྱུད་དང་རྒོད། །དེ་ལ་རྩེད་མོ་སྣ་ཚོགས་བྱ། །དེ་ནི་ཚོགས་གྱི་ལམ་དུ་འདོད། །དེ་ནས་སྔགས་པས་སྤྱི་བོ་དང་། །མགོ་བོ་དང་། མགྲིན་པ་དང་། རྒྱབ་དང་། རྐེད་པའི་ཕྱོགས་དང་ཕྱག་རྒྱའི་པདྨའི་རྩ་བསྐུལ་བ་ཇི་ལྟར་གསུངས་པའི་རིག་པ་དེས་སེམས་རླུང་གི་བཞོན་པ་ཅན་ཆགས་པ་ཆེན་པོའི་རང་བཞིན་གྱི་རྩ་རྣམས་སུ་འདུ་བར་བྱེད་པའི་ཕྱིར་ཚོགས་ཀྱི་ལམ་དུ་བཞག་གོ །ཨེ་ཝཾ་གཅིག་ཏུ་སྦྱར་བྱས་པས། །རྣམ་པ་སྣ་ཚོགས་སྦྱོར་བའི་ལམ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས་ཨེ་ཝཾ་སྟེ། རྣམ་པ་གཅིག་ཏུ་སྦྱར་བར་བྱའོ། །ཁ་སྦྱོར་བཞི་པོ་སྤྱོད་བསྡུས་ལས། ཡུལ་དང་དབང་པོ་དང་། རྡོ་རྗེ་དང་པདྨ་དང་། ཐབས་དང་ཤེས་རབ་དང་། ཤེས་པ་དང་ཤེས་རབ་སྙོམས་པར་ཞུགས་ཤིང་། ཞེས་གསུངས་པའམ། དབང་པོ་གཉིས། དུང་ཅན་དང་། གཡུང་མོ། ཐིག་ལེ་དཀར་དམར། དེའི་བཞོན་པའི་དུས་ཀྱི་མེ་གཉིས་སོ། །རྩེ་མོ་ཡུན་རིང་དྲུད་པ་ལས། །རྣམ་པར་སྨིན་པ་མཐོང་བའི་ལམ། །ཡུན་རིང་པོར་བསྐུལ་བས་དྲི་མ་མེད་པའི་འོ་ཐིགས་ཀྱིས་ལུས་ཐམས་ཅད་གང་བ་ཙམ་ནི་རྣམ་པར་མ་སྨིན་པ་ཡིན་དེའི་རྐྱེན་ལས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་གནས་ཡང་དག་པར་རིག་པ་ནི་རྣམ་པར་སྨིན་པ་སྟེ་མཐོང་བའི་ལམ་མོ། །དེ་ལྟར་ཡང་། དབང་མདོར་བསྟན་ལས། །ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་དང་། །ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། །མི་འགྱུར་བ་དེ་འཕེལ་བར་འགྱུར། །ཞེས་གསུངས་ལ། མྱོང་ནས་ཀྱང་གསུམ་པོ་དེ་ཀས་འཕེལ་བར་བྱེད་པའང་བསྟན་ནོ། །འོ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྦྱོར་བ་ནི་ཡོད་མོད། ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་ཅི་འདྲ་བ་ཞིག་ཅེ་ན། གཞན་གཉིས་བཞིན་དུ་འཁྱུད་པར་བྱེད་པའི་སྦྱོར་བ་ནི་མེད་ཀྱང་། ཕྱི་རོལ་རང་གི་ཉམས་སུ་བསྒོམ་པ་ཉིད་ཕྱག་རྒྱ་ཆེན་མོ་ལ་སྦྱོར་བའི་དོན་ནོ། །མཐོང་བའི་ལམ་དེའང་གང་གི་དུས་སུ་སྐྱེ་བ་ཞེ་ན། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། ཡུལ་གྱི་ཆ་ནས་སྟོང་པ་བཞི་དང་སྐད་ཅིག་མ་བཞི། ཡུལ་ཅན་གྱི་ཆ་ནས་དགའ་བ་བཞིར་ཕྱེད་ནས་བཤད་པར་བྱ་སྟེ། དེའང་རྡོ་རྗེ་དང་པདྨ་སྦྱར་བའི་རེག་བྱ་སྲ་བ་ནི་སའི་ཁམས། བསྐྱོད་པ་ལས་འདོད་པའི་ཆུ་འབྱུང་བ་ཆུ། འདོད་ཆགས་ཆེན་པོའི་དྲོད་ཚ་བ་མེ། མེ་དེས་སྟེང་ན་གནས་པའི་སྲོག་དང་རྩོལ་བའི་བདག་ཉིད་ཅན་དང་ཕུང་པོ་དང་ཁམས་ལ་སོགས་པ་བཞུ་ནས་ཁ་འཐུར་དུ་བལྟས་ཏེ་སོང་བ་རླུང་གི་ཁམས་སོ། ཞུ་བ་དེ་ཉིད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་རྩ་ཆེན་སུམ་ཅུ་རྩ་གཉིས་སུ་འདུས་ཏེ་སྤྱི་བོ་ནས་མར་ཐིག་ལེའི་རང་བཞིན་གྱི་གནས་སྦགས་པ་ཙམ་ན། རྟོག་མེད་ཀྱི་ཤེས་པ་སྣང་བའི་ཐད་ཀར་རྟོག་པ་སུམ་ཅུ་རྩ་གཉིས་མངོན་དུ་ཆུད་པའི་ལྡོག་པ་ནས་བདེ་བའི་སྣང་བ་སྟོང་པ་ཡིན་ལ། འོད་སྣང་གི་ཆ་ནས་ཟླ་བའི་འོད་ཟེར་ལྟ་བུ། དེ་ནས་ཁུ་བ་དེ་སྙིང་གའི་བར་དུ་འདུས་ཙ་ན། དེ་བས་ཀྱང་བདེ་བ་སྐྱེ་བའི་སྟོབས་ཀྱི་སྣང་བ་མཆེད་པའི་ཐད་ཀར་རྟོག་པ་བཞི་བཅུ་རང་ཤུགས་སུ་ཆོད་པའི་ལྡོག་པ་ནས་བདེ་བའི་སྣང་བ་ཤིན་ཏུ་སྟོང་པ་ཡིན་ལ། འོད་སྣང་གི་ཆ་ནས་ཉི་མའི་འོད་ཟེར་ལྟ་བུ། དེ་ནས་གསང་བའི་འཁོར་ལོའི་དབུས་སུ་སོན་པ་རྟོག་མེད་ཀྱི་ཤེས་པ། སྣང་བ་ཐོབ་པའི་ཐད་ཀར་རང་བཞིན་འཐུག་པ་བདུན་ཆོད་པའི་ལྡོག་པ་ནས་བདེ་བའི་སྣང་བ་སྟོང་པ་ཆེན་པོ་ཡིན་ལ། འོད་སྣང་གི་ཆ་ནས་མུན་ནག་ལྟ་བུའོ། །ནོར་བུའི་མཐར་ཕྱིན་ཙ་ན་རྟོག་མེད་ཀྱི་ཤེས་པ། འོད་གསལ་གྱི་ཐད་ཀར་ཕྲ་བའི་རྟོག་པ་ཆོད་པའི་ལྡོག་པ་ནས་བདེ་བའི་སྣང་བ་ཐམས་ཅད་སྟོང་པ། འོད་སྣང་གི་ཆ་ནས་སྟོན་གནམ་དྲི་མ་མེད་པ་ལྟ་བུའོ། །དེའང་དེ་ཁོ་ན་ཉིད་གྲུབ་པར། སྟོང་པ་ཉིད་གསུམ་མཉམ་སྦྱོར་བས། །ཐམས་ཅད་སྟོང་ཉིད་རབ་ཏུ་གསལ། །དེ་ཉིད་གསལ་བས་དག་པ་ནི། །མཆོག་གི་གོ་འཕང་དེ་གསལ་འགྱུར། །ཞེས་སོ། །རྡོར་འཕྲེང་དུ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཡེ་ཤེས་གསུམ་གྱི་ཆ་རིག་པ། །བློ་ལ་གོས་དང་མ་གོས་པ། །དེར་ནི་བདེ་བར་རབ་ཏུ་གནས། །ཞེས་སོ། །འཁྱུད་པ་ལ་སོགས་པའི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་དང་པོ། བདག་གི་བདེ་བ་ཟོས་པའོ་ཞེས་ཕྲོས་སུ་བྱེད་པ་རྣམ་པར་ཉེད་པའི་སྐད་ཅིག་མ་གཉིས་པ། བདེ་བ་ཟོས་པའི་རྣམ་པར་སྨིན་པའི་སྐད་ཅིག་ནི་གསུམ་པ། དེ་གསུམ་གྱི་མཚན་ཉིད་དང་བྲལ་བ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་བཞི་པའོ། །དེའང་བླ་མ་མེད་པར་རང་དགར་འཇུག་པ་དགག་པའི་ཕྱིར་རྒྱུད་དུ་དཀྲུགས་ནས་བསྟན་ནོ། །རྒྱུད་དུ། འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བ་ཡེ་ཤེས་ཟ་བ་ཉིད། །བདག་གིས་བདེ་བ་ཟོས་པ་ཡིས། །བྲོས་ནི་རྣམ་པར་ཉེད་པར་བརྗོད། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་སོ། །དེ་དག་ཉམས་སུ་མྱོང་བའི་ཆ་ནས་དགའ་བ་ལ་སོགས་པ་བཞིར་འབྱེད་དེ། སྐད་ཅིག་དབྱེ་བས་ཕྱེ་བ་ཉིད། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་དབྱེ་བས་བདེ་ཤེས་པ། །ཨེ་ཝཾ་རྣམ་པས་རབ་ཏུ་གནས། །ཞེས་དགྱེས་རྡོར་དུ་གསུངས་སོ། །དེའང་རྒྱུད་ཕལ་ཆེར་ལས་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་ལམ་ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་རྣམ་པ་བཞིའོ། །དེ་བཞི་པོ་སྤྱི་བོ་ནས་ནོར་བུའི་བར་དུ་བཞག་ལ། དབང་མདོར་བསྟན་ལས། མགོ་བོའི་པདྨར་གཙུག་ཏོར་ལས། །ཁུ་བ་འོངས་པ་དགའ་བ་སྟེ། །མགྲིན་པ་སྙིང་གར་མཆོག་དགའོ། །དགའ་བྲལ་དགའ་བ་དེ་ནས་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་དང་། གསང་བའི་པདྨར་གང་འོངས་པ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བ། །ཞེས་པ་ལ། ནཱ་རོ་པའི་དགོངས་པས་གཙུག་ཏོར་གྱི་པདྨ་ལས་དཔྲལ་བའི་འཁོར་ལོའི་དབུས་ཀྱི་ཆར་བྱང་ཆུབ་ཀྱི་སེམས་འོངས་པ་ལ་དགའ་བ་དང་། མཚམས་དེ་ནས་སྙིང་གའི་འཁོར་ལོའི་ལྟེ་བར་སླེབ་པའི་བར་ནི་མཆོག་དགའ་དང་། མཚམས་དེ་ནས་གསང་བའི་འཁོར་ལོའི་དབུས་སུ་སླེབ་པའི་བར་ནི་ཁྱད་དགའ་དང་། མཚམས་དེ་ནས་ནོར་བུའི་མཐའི་བར་དུ་ལྷན་ཅིག་སྐྱེས་པའོ་ཞེས་བྱ་བར་བཞེད་དོ། དེ་ལས་དགའ་བ་བཞི་སོ་སོའི་དོན་ལས་དགའ་བ་ནི། ཕྱག་རྒྱ་མའི་ལུས་ལ་རེག་ཅིང་འཁྱུད་པ་དང་། འོ་བྱེད་པ་དང་། དབང་པོ་གཉིས་རེག་ཅིང་ཕྲད་པར་འདོད་པ་བདེ་བ་ཆུང་ངུ་དང་ཁ་ཕྱིར་ཕྱོགས་ཀྱི་རྟོག་པ་ཆེན་པོ། མཆོག་དགའ་སྔ་མ་ལས་བདེ་བ་ཆེར་སྐྱེས་ནས་ནང་གི་བདེ་བ་ཉིད་འདོད་པས་ཕྱི་ལ་དམིགས་པའི་རྟོག་པ་རགས་པ་དེ་ལོག་ཅིང་འབྲིང་དུ་གནས་པའོ། །དགའ་བྲལ་ནི་ཕྱི་ལ་དམིགས་པའམ་འདོད་ཆགས་ཀྱི་རྟོག་པ་འཇིག་པ་ཉིད་དེ་རྟོག་པ་ཆུང་ངུར་གྱུར་པའོ། །དངོས་སམ་བརྒྱུད་པའི་རྒྱུ་གང་ལས་བདེ་བའི་རང་བཞིན་ཐམས་ཅད་རིག་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལ་གསུམ་པ་དེར་ཆགས་བྲལ་ཤེས་དང་། འདོད་ཆགས་འཇིག་པ་བདེ་བ་དང་ཡང་བྲལ་བར་འདོད་པ་དང་། རྟེན་ཁུ་བ་ཉམས་པར་འདོད་པ་ཡོད་མོད་ཀྱི་དགོངས་པ། ནཱ་རོའི་དབང་མདོར་བསྟན་ཀྱི་འགྲེལ་པར། དེའང་སྣ་ཚོགས་དགའ་བ་དམ་པར་འཁྱུད་པ་དང་། ཤཱི་ཏ་ཡིས་དང་། མགྲིན་པའི་ཀཱུ་ཛ་ན་ལ་སོགས་པ་ལྟེ་བ་དང་གསང་བར་ཡང་ཕྱི་རོལ་རྟོག་པ་ཁ་ཕྱིར་ཕྱོགས་པའི་བདེ་བ་བདག་གིས་ཟ་བར་བྱའོ་ཞེས་རྟོགས་པས་མཚོན་པའི་རང་རིག་པ་ཙམ་ཁྱད་དགའི་དགའ་བ་མཐར་ཐུག་པ་སྐྱེ་བ་ཡིན་གྱི། དགའ་བ་དང་བྲལ་བའི་བདེ་བ་འཛག་བཅས་ནི་མ་ཡིན་ནོ། །ཞེས་གསུངས་པས། ཁ་ཕྱིར་ཕྱོགས་ཀྱི་བདེ་བ་བདག་གིས་ཟོས་ནས་རང་རིག་པར་སྐྱེས་པས་འདོད་ཆགས་ཀྱི་རྟོག་པ་འཇིག་པ་ཡིན་གྱི། བདེ་བའི་ཆ་འཇིག་པ་མ་ཡིན་ཞེས་པའོ། །དེ་ལྟར་གསུམ་པས་རྟོག་པ་ཟོས་ཤིང་ནུབ་པས་དེས་ན་རྟོག་པ་མེད་པ་བསྒོམ་པར་བྱའོ་ཞེས་པ་སྟེ། རིམ་པ་གཉིས་ཀའི་ལྷན་ཅིག་སྐྱེས་པའི་དགའ་བ་སྒྲ་དོན་ཅན་གྱི་རྟོག་པ་དང་བྲལ་བ་ཁོ་ནའོ། །དེ་ལ་རྫོགས་པའི་རིམ་པའི་ལྷན་ཅིག་སྐྱེས་པས་ནི་དགའ་བ་གཞན་གསུམ་ལའང་ཁྱབ་པ་ཡིན་ཏེ། སྐྱེ་མེད་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་སོ། །དགའ་བ་དང་པོ་གསུམ་ལ་རྟོག་བཅས་ཀྱི་དགའ་བ་ཞེས་བྱ་སྟེ་བདེ་བ་ཆུང་འབྲིང་ཆེན་པོའོ། །དེ་ལྟར་ཡང་བརྟག་གཉིས་སུ། དགའ་བའི་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །དང་པོ་རེག་པར་འདོད་པ་དང་། །གཉིས་པ་བདེ་བར་འདོད་པས་དང་། །གསུམ་པ་འདོད་ཆགས་འཇིག་པ་ཉིད། དེས་ན་བཞི་པ་བསྒོམ་པར་བྱ། །ཞེས་སོ། །དགའ་བ་བཞི་པོ་དེ་དག་རེ་རེ་ལ་བཞི་བཞིར་སྔར་བཤད་པ་བཞིན་དབྱེ་ནས་དགའ་བ་བཅུ་དྲུག་ཏུ་བཞག་ལ། ཚུལ་འདིས་སེམས་ཅན་རྣམས་ལ་ཆ་བཅུ་དྲུག་པ་ལྷན་ཅིག་སྐྱེས་པ་ཅུང་ཟད་རེ་སྐྱེའང་ངེས་པར་མི་ནུས་ཤིང་། དེ་ལ་མཉམ་པར་འཇོག་པར་མི་བྱེད་ལ། རྣལ་འབྱོར་པ་རྣམས་ཀྱིས་བླ་མ་དམ་པའི་མན་ངག་གིས་ཇི་ལྟ་བ་བཞིན་གྱི་བཅུ་དྲུག་པའི་ཚེ་ལྷན་སྐྱེས་རིག་ནས་ལམ་དུ་འགྱུར་བ་ཡིན་ནོ། །མན་ངག་དེའང་དེ་ཁོ་ན་ཉིད་གྲུབ་པར། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །གང་ཚེ་ནོར་བུར་ཚུད་པ་ན། །མན་ངག་གིས་ནི་རླུང་བསྡུས་ཏེ། །དེ་ཚེ་ཡེ་ཤེས་མཐོང་བས་འགྲུབ། །བསྐལ་པ་མཐའ་ཡས་བར་དུ་ནི། །དེར་འདོད་པ་ཡི་ཡང་དག་གནས། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། དེ་བཞིན་གཤེགས་པའི་གཙུག་ཏོར་དཀར། །ཡིད་ནང་ཆུད་པ་དེ་ཡིས་སྤྱད། །ཅེས་གསུངས་སོ། །དེ་བཞིན་མཆོག་དགའ་སྲིད་པར་བརྗོད། །དགའ་བྲལ་ལས་ནི་མྱ་ངན་འདས། །དབུ་མ་དགའ་བ་ཙམ་ཉིད་དེ། །ལྷན་ཅིག་སྐྱེས་པ་འདི་རྣམས་སྤངས། །འདིར་ནཱ་རོ་པས། འདིའི་དོན་ནི་མཆོག་ཏུ་དགའ་བ་ཞེས་པ་ཉོན་མོངས་པ་ཅན་གྱི་བདེ་བའི་ཆའི་མཚན་ཉིད་དུ་གྱུར་པས་ན་སྲིད་པ་སྟེ་འཁོར་བ་པར་བཤད་དོ། །དགའ་བྲལ་ལས་ནི་མྱ་ངན་ལས་འདས་པ་དགའ་བྲལ་ལྟ་བའི་བདག་ཉིད་ཅན་དེ་ཡིས་ཀུན་ནས་ཉོན་མོངས་པ་ཅན་གྱི་འདོད་ཆགས་འཇིག་པའི་མཚན་ཉིད་གྱི་ཕྱིར་མྱ་ངན་ལས་འདས་པའི་ཚུལ་ཉིད་དོ། །དབུ་མ་དགའ་བ་ཙམ་ཉིད་དེ་ཞེས་པ་ནི། དང་པོའི་དགའ་བ་བདེ་བ་ཐུན་མོང་བའི་མཚན་ཉིད་དུ་གྱུར་པས་ན་བར་མ་ཞེས་པའི་དོན་ནོ། །དགའ་བ་གསུམ་པོ་འདི་རྣམས་སྤངས་པའི་ལྷན་ཅིག་སྐྱེས་པ་ནི་འབྲས་བུར་གྱུར་པ་ཞེས་པའི་དོན་ནོ། །ཞེས་གསུངས་པས། ཀུན་ནས་ཆགས་པའི་མཚན་ཉིད་ཅན་གྱི་མཆོག་དགའ་དང་། ཆགས་པ་དང་བྲལ་བའི་མཚན་ཉིད་ཅན་གྱི་དགའ་བྲལ་གྱི་དབུས་སུ། དང་པོའི་དགའ་བ་འཇིག་རྟེན་པའི་ལྷན་སྐྱེས་དབུས་མ་ཞེས་པའི་མིང་ཅན་གྱིས་བསྟན་ལ། དེའང་སྤངས་པའི་ལྷན་ཅིག་སྐྱེས་པ་མས་བརྟན་པའི་བདག་ཉིད་ཅན་ཤར་བར་བཤད་ལ། སླར་ཡང་དེ་ཉིད་ཀྱིས། དེ་བཞིན་དུ། མཆོག་དགའི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་པ་འདིའི་དོན་ནི། ལྷན་ཅིག་སྐྱེས་པ་ལ་བལྟོས་ནས་དབུས་མའང་ཡིན་ལ། དགའ་བྲལ་ཡང་ཡིན་པས་དགའ་བྲལ་དབུས་སུའོ། །མཆོག་དགའི་མཐའ་ཡང་ཡིན་ལ། དགའ་བྲལ་དབུས་ཡིན་པས་ན་འདི་ནི་མཆོག་གི་མཐའ་དང་དགའ་བྲལ་ལོ། །དེ་རྒྱུར་གྱུར་པའི་སྟོང་དང་སྟོང་མིན་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་འདི་ནི་ཧེ་རུ་ཀ་ཞེས་པ་སྟེ། །འབྲས་བུར་གྱུར་པ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ནོ། །ཞེས་གསུངས་པའོ། །རྡོ་རྗེ་འཕྲེང་བར་ཡང་། བྲལ་དགའ་མཐའ་སྟེ་མཆོག་དགའི་མདུན། །ལྷན་ཅིག་སྐྱེས་པ་མཆོག་ཏུ་ཕྲ། །ཇི་ལྟར་ཉི་ཟླ་གཟས་བཟུང་བ། །རླུང་རྣམས་ཇི་ལྟར་ཉམས་གྱུར་དུས། །ཞེས་གསུངས་སོ། །དེས་ན་མཆོག་དགའ་ལ་ཆགས་པ་སྟེ་ཕྱི་མོ་བྱེད་པ། ལོངས་སྐུའི་ཐིག་ལེ། བྲལ་དགའ་ལ་ཆགས་བྲལ་ཏེ་ཕྱིར་ཤོར་བས་བརྒྱལ་བ་སྤྲུལ་སྐུའི་ཐིག་ལེ། འཇིག་རྟེན་པའི་ལྷན་སྐྱེས་ཆགས་པ་དང་ཆགས་བྲལ་འདྲེས་པ་ཕྱི་མོ་ཆོས་སྐུའི་ཐིག་ལེ་སྟེ། དེ་ཁོ་ན་ཉིད་གྲུབ་པར། དགའ་བའི་བདེ་བ་ཅུང་ཟད་ཙམ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་ཆགས་པ་བྲལ་བ་སྟེ། །ལྷན་ཅིག་སྐྱེས་པ་དེ་དག་གསལ། །བརྒྱལ་དང་ཕྱི་མོའི་ཕྱེད་ཙམ་དང་། །ཕྱི་མོ་ཞེས་བྱའི་སྐད་ཅིག་གསུམ། །དམ་པ་བདེ་བའི་རྣམ་པའི་རོར། །དབྱེ་བས་ལྷན་ཅིག་སྐྱེས་པ་ཤེས། །བརྒྱལ་བས་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མོའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡེ་ཤེས་ཕྱི་མོ་ཉིད་དུ་འགྱུར། །དེ་ཕྱིར་དེ་ཉིད་ཡེ་ཤེས་ནི། །གཉིས་མེད་ཡེ་ཤེས་རབ་ཏུ་གསལ། །དེ་ལ་ཆགས་དང་ཆགས་བྲལ་མེད། །གཉིས་ཀ་མ་ཡིན་སྟོང་ཉིད་མིན། །ཡང་ན་ཐམས་ཅད་རྣམ་པར་ཐིམ། །ཇི་ལྟར་ཆར་གྱི་ཆུ་སྣ་ཚོགས། །རོ་གཟུགས་དུ་མ་གཞན་ཡིན་ཀྱང་། །སྣོད་གཅིག་ཏུ་ནི་ཞུགས་པ་ན། །ཞུ་ནས་རོ་གཅིག་ཉིད་དུ་འགྱུར། །དེ་བཞིན་ཡེ་ཤེས་བདེ་ཆེན་པོ། །རྣམ་པར་ངོ་བོ་ཉིད་ཀྱིས་གསལ། །ཞེས་སོ། །དེའང་རང་དང་ཕྱག་རྒྱའི་ཐིག་ལེའི་དྭངས་མ་གཉིས་དབུ་མའི་སྣ་རྩེར་ལྷུང་བས་གཉིས་ཤོར། །དེ་གཉིས་གཅིག་གིས་གཅིག་ལ་རྒྱས་བཏབ་པས་མཉམ་པ་ཉིད་དུ་གྱུར་པས་གཉིས་མཉམ་སྟེ། །དེའི་དབུས་སུ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དམ་བྲལ་བའི་གཟུགས་རྣམ་པ་ཐམས་ཅད་པ་སོ་སོ་རང་གིས་རིག་པའི་མིག་ལ་འཆར་བའོ། །དག་ཅེས་པ། སྟོང་པ་ཉིད་དེ་ཉིད་མངོན་པར་བྱང་ཆུབ་པའི་མིང་ཅན་གྱི་འོད་གསལ་ལམ། རྣམ་པ་མེད་པའི་སྙིང་རྗེ་ཆེན་པོའམ། མཆོག་ཏུ་མི་འགྱུར་བའི་བདེ་བར་དག་པའམ། གཅིག་ཏུ་གྱུར་པ་ཉིད་དེ། གསང་བ་ཐམས་ཅད་པའི་རྒྱུད་ལས། གཉིས་ཤོར་གཉིས་ནི་མཉམ་པའི་དུས། །རྡོ་རྗེ་ནས་ལྷུང་པདྨར་རེག །རྒྱུ་ལས་འབྲས་བུས་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་བཏབ། །འདི་ནི་བདེ་ཆེན་རྒྱལ་པོའོ། །ཞེས་རྒྱུ་སྟོང་ཉིད། འབྲས་བུ་བདེ་ཆེན། རྒྱས་བཏབ་པ་གཅིག་གིས་གཅིག་ལ་འཁྱུད་པས་མི་ཕྱེད་པའི་ཕྱིར་ཟུང་འཇུག་ཅེས་བསྟན་པ་ཡིན་ནོ། །དེ་ཁོ་ན་ཉིད་གྲུབ་པར། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། འབྲས་བུ་ལ་ཡང་རྒྱུས་རྒྱས་བཏབ། །རྒྱུ་འབྲས་གཅིག་ཏུ་རྒྱས་བཏབ་པས། །ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར། །གང་ཟག་རྒྱུའི་སྟོབས་ཅན་འགའ་ཞིག་ལ་ཆགས་པ་དང་པོ་ཉིད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྙེད་པའང་ཡོད་དོ། །དཔྱིད་ཀྱི་ཐིག་ལེར། གང་ཚེ་མགྲིན་པར་འདོད་ཆེན་གྱི། །གཟུགས་ཀྱི་ཟླ་བར་གནས་པ་ན། །སངས་རྒྱས་རྣམས་ཀྱི་དམ་པའི་སྐུ། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད། །གང་ཚེ་རྡོ་རྗེའི་རྩེར་གནས་པ། །དེ་ཚེ་དེ་ཡང་སྣ་རྩེ་རུའོ། །གང་ཚེ་ལོངས་སྤྱོད་རྫོགས་པའི་སྐུ། །ནུབ་པར་གྱུར་པ་དེ་ཡི་ཚེ། །བྷ་གའི་ནང་དུ་ཕྱིན་དེ་ཡང་། །ཡུངས་ཀར་ཙམ་དུ་རྣམ་བརྗོད་པ། །ཉི་མའི་གཟུགས་སུ་ཡང་དག་བཤད། །སྤྲུལ་པའི་སྐུར་ནི་བརྗོད་པ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་ཡིས་སྐྱེད་ཅིང་འཕྲོ་བའོ། །པདྨར་གར་གྱི་དབང་ཕྱུག་རྒྱལ། །པདྨ་འབྱེད་པའི་སྦྱོར་བ་ཅན། །སྤྲུལ་པ་ཡི་ནི་སྐུ་ཡི་གཟུགས། །ཉི་མ་དེར་ནི་ནུབ་པ་གང་། །དེ་ནི་རྫོགས་སངས་སེམས་ཞེས་བྱ། །གོང་བུར་གྱུར་པས་རྙོག་པ་མེད། །འཁོར་བའི་ལམ་ནི་རྣམ་གཅོད་ཅིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །གཉིས་མེད་མཆོག་ཏུ་དགའ་བའོ། །རྡོ་རྗེ་སེམས་དཔའི་རང་བཞིན་ཉིད། །ཅེས་པ་ནས། །རང་བྱུང་གི་ནི་ངོ་བོ་ཉིད། །ཆོས་ཀྱི་སྐུར་ནི་རབ་ཏུ་བསྒྲགས། །ཅེས་སོ། །དེ་ལ་མ་ཡེངས་བསྒོམ་པའི་ལམ་ཞེས་པ་ནི་ས་ཡོངས་སུ་སྤྱོད་པ་བསྒོམ་པའི་ལམ་སྟེ། འབྲས་བུ་བཞིའི་ཚུལ་གྱིས་གྱེན་དུ་བྱང་ཆུབ་ཀྱི་སེམས་ཕྲ་བའི་རླུང་གི་བཞོན་པ་ཅན་རྣམས་བརྟེན་པས་སོ། །འབྲས་བུ་བཞི། ཆོས་མངོན་པར། དགེ་བའི་ལས་དགེ་བ་ཕྱི་མ་དང་། མི་དགེ་བ་ལས་མི་དགེ་བ་ཕྱི་མ་འབྱུང་བ་ལྟ་བུ་རྒྱུ་དང་འབྲས་བུ་རིགས་འདྲ་བར་བྱུང་བ་རྒྱུ་མཐུན་གྱི་འབྲས་བུ་སྟེ། རྒྱུ་མཐུན་རྒྱུ་དང་འདྲ་བའོ། །རྒྱུ་ཟག་བཅས་ཀྱི་དགེ་བའམ་མི་དགེ་བ་ལས་དུས་ཕྱིས་སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་རྣམ་པར་སྨིན་པའི་ངོ་བོ་ལུང་དུ་མ་བསྟན་པ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་། །ལྷན་ཅིག་འབྱུང་བའི་མཚུངས་ལྡན་གྱི་རྒྱུ་གཉིས་པོའི་སྟོབས་ཀྱིས་སྐྱེས་བུས་བྱས་པ་བཞིན་དུ་དེའི་སྟོབས་ཀྱིས་སྐྱེ་བའི་འབྲས་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། དེ་ཡི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །གཉེན་པོའི་ལམ་གྱི་སྟོབས་ཀྱིས་སྤང་བྱ་ཉོན་མོངས་པའི་ས་བོན་དང་བྲལ་བར་བྱེད་པའི་འདུས་མ་བྱས་ནི་བྲལ་བའི་འབྲས་བུ་སྟེ། བྲལ་བ་བློ་ཡི་ཟད་པ་ཡིན། །ཞེས་གསུངས་ལ། འདིར་ནང་དུ་སྟེ། ནོར་བུའི་རྩེ་མོ་ནས་གྱེན་དུ་གཤེགས་པའི་ཚེ་ཐུར་སེལ་སྡུད་པའི་ཐབས་བྱེད་དགོས་པ་ལྟར་ལྟེ་བར་སྲོག་སྡུད་པའི་སྦྱོར་བ་བྱས་པས་རྒྱུ་མཐུན་ཞེས་བྱ་ལ། སྙིང་གར་སྲོག་སྡུད་པའི་རྩོལ་བ་ཆུང་ཡང་འབྲས་བུ་མཆོག་ཆེན་པོ་སྐྱེ་བས་ལས་ཆུང་བ་དང་འབྲས་བུ་ཆེ་བ་རྣམ་སྨིན་གྱི་འབྲས་བུ་ཞེས་བྱའོ། །མགྲིན་པར་ནི་རྨི་ལམ་དང་སད་པའི་གནས་སྐབས་ཀྱི་ཡུལ་སྣང་ཐམས་ཅད་བདེ་བར་འཆར་ལ། དེ་ལྟེ་བར་སྲོག་བསྡུས་པའི་དབང་ལས་ཡིན་པའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ། དེ་ནས་དཔྲལ་བར་ཕྱིན་པའི་ཚེ་རྣལ་འབྱོར་དེའི་གནས་སྐབས་བཞིའི་དྲི་མ་དག་པས་དྲི་བྲལ་གྱི་འབྲས་བུ་ཞེས་བྱའོ། །དེ་ལྟར་ཡང་ཀྱེར་རྡོར་ལས། ཨེ་ཝཾ་རྣ་པས་རྒྱུ་མཐུན་ཉིད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལ། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཉིད། །བདེ་བའི་འཁོར་ལོ་དྲི་མེད་ཉིད། །རྒྱུ་མཐུན་སོགས་ལས་རབ་ཕྱེ་བའི། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡི། །ལས་ལ་བཅོམ་ལྡན་ཤེས་རབ་བརྗོད། །ཇི་ལྟར་བྱས་པ་དེ་བཞིན་སྤྱོད། །རྒྱུ་མཐུན་ཞེས་ནི་རབ་ཏུ་བསྒྲགས། །ལས་ཆུང་འབྲས་བུ་ཆེ་བའི་ཕྱིར། །རྣམ་པར་སྨིན་པ་དེ་ལས་ལྡོག །རྣལ་འབྱོར་དག་ཕྱིར་དྲི་མེད་ཉིད། །སྐྱེད་པས་སྐྱེས་བུ་བྱེད་པ་ཉིད། །ཅེས་གསུངས་སོ། །དགག་སྒྲུབ་མེད་པར་ངོ་འཕྲོད་པས། །མཐར་ཐུག་ལམ་དུ་འདོད་པ་ཡིན། །གཞིའི་དབྱིངས་སུ་མངོན་པར་སངས་རྒྱས་ལ། གཞི་དེའང་བདེན་པ་གཉིས་གཉིས་སུ་མེད་པས་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ཡིན་ལ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་ཐོབ་པ་དང་ཐོབ་པར་བྱ་བ་དག་ཀྱང་གཉིས་སུ་མེད་ལ། ཐོབ་པ་དང་ཐོབ་པར་བྱ་བ་གཉིས་སུ་མེད་པས་སྒོམ་པ་དང་བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པ་ལ་ནི་སྒྲུབ་པ་པོ་དང་བསྒྲུབ་པ་དང་། བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུར་རོ། །དེ་དམིགས་པར་མི་འགྱུར་བས་འདིར་གང་ཞིག་ལ་ནི་དགག་པར་བྱ་བ་དང་། གང་ཞིག་ལ་ནི་བསྒྲུབ་པར་བྱ་བ་ཅི་ཡོད་དེ་མེད་དོ། །དེའི་ཕྱིར། དེ་ལས་གོང་དུ་བགྲོད་དུ་མེད་པས་མཐར་ཐུག་པའི་ལམ་ཞེས་བྱའོ། །དེའང་སྐུ་བཞིའི་མཚན་ཉིད་ཅན་ཏེ། བདག་ཉིད་གྱིས་མཚན་མ་མེད་པར་ཆོས་ཐམས་ཅད་ཐུགས་སུ་ཆུད་པས་བདག་གཞན་ལ་ཕན་པའི་གཞིར་གྱུར་པ་ནི་ཆོས་སྐུ་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་ལེགས་བྱས་བརྒྱ་ཡི་འབྲས་བུ་མཚན་དཔེར་སྣང་ཞིང་མཐའ་ཡས་པའི་ཆོས་གསུང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། མ་དག་པའི་འགྲོ་བ་རྣམས་ལ་མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་དང་། རིགས་དྲུག་གི་ལུས་དང་། རྩི་ཤིང་དང་ཆུ་བོ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ་ཡིན་ལ། ཆོས་སྐུ་དེ་ཉིད་ཀྱི་ངོ་བོ་ཡིན་ཀྱང་མཚན་མ་མེད་པ་ཙམ་གྱིས་མི་མཚོན་པར་བདེ་བ་ཆེན་པོར་གྱུར་པའི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུའོ། །དེ་ལྟར་ཡང་དུས་འཁོར་རྒྱུད་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ་དྲངས་པ། གང་དུ་ཡང་དག་མིན་ཞེས་བདེན་པ་དཀར་པོ་དགེ་བའི་ཚོགས་རྣམས་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །ཆོས་ལས་སོངས་སྤྱོད་རྫོགས་པའི་སྐུ་སྟེ་མཐའ་དག་སྐད་ཀྱི་ཚོགས་སོ་མཚན་དང་དཔེ་བྱད་རྣམས་ཀྱི་ནི། །ཕུང་པོ་སྤྲུལ་པའི་སྐུ་སྟེ་མཆོག་ཏུ་མི་འགྱུར་བ་ཡི་བདེ་བ་ཆོས་སྐུ་མ་ཡིན་དེ་ཡི་ཕྱིར། སྐུ་རྣམས་ཀྱི་ནི་མཚན་ཉིད་གང་དེ་འདིར་ནི་བདེ་བར་གཤེགས་དང་འཕགས་པ་ཀླུས་བོད་ཀྱིས་ཀྱང་སྟེ། །གང་ཞིག་གཅིག་མིན་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོས་བཞིར་གྱུར་པ། །དངོས་མེད་ཉིད་མིན་དངོས་པོ་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་རྣམ་པར་འགྱུར་བ་མེད་པ་ཞི་ཞིང་མི་མཉམ་མཉམ་ལ་ཁྱབ་པ་རབ་ཏུ་སྤྲོས་མེད་པ། །སོ་སོ་རང་གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། །གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་བྱས་བརྒྱ་ཡི་འབྲས་བུ་བདག་ཉིད་འབྱོར་པ་ནི། །བློ་ལྡན་རྣམས་ཀྱི་དགའ་བའི་རྒྱུར་ནི་འཁོར་གྱི་ནང་དུ་རྣམ་པ་སྣ་ཚོགས་རྒྱས་པ་སྟོན་མཛད་ཅིང་། །སངས་རྒྱས་རྣམས་ཀྱི་དམ་པའི་ཆོས་སྒྲ་རྒྱ་ཆེན་འཇིག་རྟེན་ཐམས་ཅད་དུ་ནི་རབ་ཏུ་སྤྲོ་མཛད་པ། །ལོངས་སྤྱོད་རྫོགས་སྐུ་འདིར་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གནས་པ་དེ་ལ་བདག་ནི་ཕྱག་འཚལ་ལོ། །གང་ཞིག་སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་འགའ་ཞིག་དག་ཏུ་མེ་བཞིན་འབར་བར་སྣང་བྱེད་ཅིང་། །གང་ཞིག་རྫོགས་པའི་བྱང་ཆུབ་ཆོས་ཀྱི་འཁོར་ལོ་ལ་ལར་ཡང་ནི་སླར་ཡང་རབ་ཏུ་ཞི་བ་སྟོན། །སྲིད་པ་གསུམ་གྱི་འཇིགས་པ་འཕྲོག་པ་སྣ་ཚོགས་ཐབས་ཚུལ་རྣམས་ཀྱི་རྣམ་པ་དུ་མར་རབ་འཇུག་པ། །ཐུབ་པ་རྣམས་ཀྱིས་སྤྲུལ་སྐུ་དོན་ཆེན་ཕྱོགས་བཅུ་རྣམས་སུ་རྗེས་སུ་སོན་པ་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ནམ་མཁའ་མཉམ་པར་གནས་པ་དངོས་པོ་ཐམས་ཅད་ཀྱི་རང་བཞིན། །དག་པ་ཞི་ཞིང་རྣལ་འབྱོར་རྣམ་པར་དབེན་ལ་མཆོག་ཏུ་ཞི་བའི་རང་བཞིན་རྣལ་འབྱོར་པ་ཡི་རྟོགས་བྱ་ཉིད། །རྟོགས་པར་དཀའ་ཞིང་རྣམ་པར་སྦྱང་དཀའ་རང་དང་གཞན་ལ་ཕན་པ་ཁྱབ་པ་མཚན་མེད་རྣམ་རྟོག་དང་། །བྲལ་བ་གཅིག་པུའི་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་མཉམ་པ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་སོ། །བསྒོམས་ན་སངས་རྒྱས་ཀུན་ཀྱང་རྒྱ། །མ་བསྒོམ་རྒྱ་ན་རྒྱ་བ་ཡིན། །གདམས་ངག་གི་ཁྱད་པར་ལས་སྒོམ་པའི་ཡུན་ལ་བལྟོས་མི་དགོས་པ་ཉིད་ཀྱིས་སངས་རྒྱས་ཐོབ་པར་བྱེད་པས་ཏེ། །མཆོག་གི་ཕོ་ཉ་མོ་དང་སྙོམས་པར་ཞུགས་པས་ཐབས་ཀྱི་རིགས་བདག་གི་ཁར་ཐིག་ལེའི་དྭངས་མ་མངོན་དུ་བྱས་པ་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བྱང་ཆུབ་པ། ཤེས་རབ་ཀྱི་རྩ་མཛེས་མའི་སྤྱི་བོར་རཀྟའི་དྭངས་མ་མངོན་དུ་བྱས་པ་ཉི་མ་མཉམ་པ་ཉིད། རླུང་སེམས་མ་འདྲེས་པ་ཡོངས་སུ་རྫོགས་པ་སོར་རྟོག །གཅིག་ཏུ་འདྲེས་ནས་དབུ་མར་ཐིམ་པ་བྱ་གྲུབ། །དེ་ནས་སྐུ་དང་ཡེ་ཤེས་མ་ལུས་པ་མངོན་དུ་མཛད་པ་ཆོས་དབྱིངས་ཡེ་ཤེས་སུ་བྱང་ཆུབ་པ་སྟེ། མངོན་བྱང་ལྔས་མངོན་པར་རྫོགས་པར་འཚང་རྒྱ་བས་ན། བདེ་མཆོག་ཉུང་ངུ་ལས། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན། །དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་འཐོབ། །བཟླས་བརྗོད་བསམ་གཏན་མཆོད་མེད་པར། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་གཟུང་བ་ནི། དྲི་མེད་འོད་དུ། ཤེས་རབ་འགྲོགས་ལས་གང་གི་དཀར་པོ་ཟགས། །དེ་ཡི་བདེ་བ་ཅི་ཡི་འཕེལ་བར་འགྱུར། །དཔྱིད་དང་འགྲོགས་ལ་མེ་ཏོག་མ་རྒྱས་པ། །ལྷུང་ན་ཙཱུ་ཏའི་འབྲས་བུ་ཅི་ཡིས་འབྱུང་། །ཞེས་དང་། ཇི་ལྟར་གཉིད་ལོག་ལ་ཡང་སྦྲུལ་གྱིས་ནི། །སོ་བཏབ་མི་འཚོ་དེ་བཞིན་དཀའ་ཐུབ་པ། །ཁུ་བ་སྡུད་པ་མེད་ཕྱིར་སྟོབས་མེད་མའི། །སྐྱེ་གནས་དེ་ཡིས་ཉམས་པར་བྱས་པའོ། །ཞེས་འཛག་པའི་ཉེས་པ་ཆེས་ཆེ་བ་གསུངས་པས། །ལས་དང་པོ་པས་དཀར་དམར་འདྲེས་པའི་ཐིག་ལེ་དེ་ཉིད། ནོར་བུའི་ནང་ལས་ཕྱིར་མི་འཛག་པར་བྱ་བའི་ཕྱིར་གསུངས་ལ། གཟུང་བ་འཁྲུལ་འཁོར་མན་ངག་དང་། །ཟངས་ཚགས་ཅན་དང་ཏིང་འཛིན་ནོ། །རྡོར་འཕྲེང་དུ། དེ་ཉིད་བྱང་ཆུབ་སེམས་ཀྱང་ནི། །འཛིན་པ་སྲོག་ནི་བསྡུ་བའོ། །རྡོ་རྗེ་པདྨ་འདྲེས་པའི་གདོང་། །ཞེས་དང་། རིམ་པ་གསུམ་པ་ལས། ཞབས་ཚགས་སོར་མོས་མནན་བྱས་པས། །བུག་པ་ཡོད་ཀྱང་འཇིག་མི་འགྱུར། །བླ་མ་དམ་པའི་མན་ངག་གི །ཉི་མ་ཟླ་བ་གཟས་ཟིན་ཚེ། །རྟེན་དང་བརྟེན་པའི་བདེ་བ་གནས། །ཞེས་དང་། གསང་བ་རྡོ་རྗེ་ཕག་མོའི་རྒྱུད་ལས། དེ་རུ་གཟུང་བ་རྣམ་པ་གཉིས། །རབ་ཀྱིས་དབུགས་དང་ཤེས་པས་གཟུང་། །དང་པོར་བཙན་ཐབས་སྦྱོར་བས་གཟུང་། །ཞེས་པས། བཙན་ཐབས་འདིར་འཁྲུལ་འཁོར་གྱིས་དང་། ཟངས་ཆགས་ཅན་ཞེས་པ་རིལ་བ་ཞབས་ཚགས་ཡོད་པས་མཚོན་པའི་རླུང་གི་གནད་དོ། །ཏིང་ངེ་འཛིན་ནི་དམིགས་པའི་གནད་དེ། ཤེས་པས་གཟུང་བའང་དེའོ། །བཞི་པ་བཟློག་པ་ནི། གནས་སུ་མ་འཁྱོལ་ན་ཆུ་དང་བསྡོངས་ནས་འཛག་པའི་ཕྱིར་མས་རིམ་ནས་འཁོར་ལོ་བཞི་ལ་དགུག་པ་སྟེ། བཟློག་པ་དུད་འགྲོའི་འགྱུར་བཞི་ལ། །སྦྱོར་བ་དྲུག་དང་བཞི་ལྡན་སྦྱར། །ལུས་ཀྱི་འཁྲུལ་འཁོར་རླུང་གི་གནད། །དམིགས་པའི་ཁྱད་པར་གསུམ་སྦྱོར་གྱིས་ཤེས་པར་བྱའོ། །ལྔ་པ་ལུས་ཐམས་ཅད་ལ་ཁྱབ་པར་བྱ་བ་སྟེ། འགྲེམས་པ་རྣམ་རོལ་ཕྱག་རྒྱ་དང་། །གཟེར་ཆེན་དག་གི་མན་ངག་གོ །སེང་གེ་རྣམ་རོལ་གྱིས་མཚོན་ནས་ཐིག་ལེའི་འཁྲུལ་འཁོར་ཇི་སྙེད་པ་གསུངས་པ་དང་། གཟེར་ཆེན་ཞེས་པ། བདེ་བ་དེ་འཁོར་ལོ་བཞིར་དྲངས་ཤིང་མཐར་ལུས་ཐམས་ཅད་དུ་སྟེ། དེས་དབང་པོ་གཉིས་སྦྱར་བ་ཇི་ལྟ་བའི་བདེ་བ་འབྱུང་ཞིང་། དེ་ནས་མིག་གི་དབང་པོའི་ལམ་ནས་རྒྱུ་བའི་རླུང་གི་རྟ་ལ་བསྐྱོན་པས་གཟུགས་སྣང་ཤར་ཙམ་ན་བདེ་སྟོང་གི་ཉམས་མྱོང་དུ་ལྷང་ལྷང་འགྲོ་ཞིང་། དེ་བཞིན་དབང་པོ་གཞན་གྱི་ལམ་དུའང་སྦྱར་བར་ཡུལ་རབ་འབྲིང་དམན་པ་གང་དང་གང་གི་རྣམས་པ་ཉམས་སུ་མྱོང་བ་དེ་དང་ཐམས་ཅད་བདེ་བ་ཆེན་པོ་འབའ་ཞིག་གི་རྐྱེན་དུ་འགྱུར་རོ། །དེས་བཅུད་ཤ་ལ་འདུས་ནས་ཤ་དཀར་ཞིང་འཕེལ་ལ། ཅུང་ཟད་དམར་བའི་མདངས་དང་ལྡན་ཏེ། ཧ་ཅང་འཕེལ་བས་གས་པ་ལ་སོགས་པར་གྱུར་ན་ཡོན་ཏན་སྐྱོན་དུ་སོང་བ་ཡིན་པས་རླུང་གི་གནད་ཀྱིས་ཤ་དབྲི་བར་བྱའོ། །བཅུད་རུས་པ་ལ་འདུས་ནས་རྒས་པ་མེད་ཅིང་ལུས་རྡོ་རྗེ་ལྟར་གང་གིས་ཀྱང་མི་ཆོད་པར་འགྱུར་རོ། །བཅུད་རྩ་ལ་འདུས་ན་ཤེས་པ་གསལ། །ཡིད་གཞུང་པ་དང་། མདངས་པདྨ་དང་། དཀྲག་ཉི་མ། རྩལ་གླང་པོ་ཆེ། ཡང་རྩལ་ཁྱུང་དང་འདྲ་བར་གྱུར་ཏེ། ཇི་ལྟར་ནང་དང་ཕྱི་རོལ་གྱི་དུག་རྣམས་དུག་མེད་པར་བཅུད་ཀྱིས་ལེན་དང་། ཆང་འོ་མ་དང་། རུས་པ་མེ་ཏོག །སོ་མུ་ཏིག །ཐོད་པ་པདྨ། ཤ་པུ་ཏྲ་ཀེ་ཤ། ཁྲག་སི་ར། གཅི་བ་གླ་རྩི། ཁུ་བ་ག་པུར། བཤང་བ་བཞི་མཉམ། བ་སྤུ་གུར་གུམ་གྱི་གེ་སར་དུ་འགྱུར་རོ། །གཞན་ཡང་ཕྲ་བ་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱང་ཐོབ་བོ། །ལུས་ལ་མ་ཁྲེམས་ན་ནང་དུ་འགྱུར་རོ། །གསུམ་པ་རྗེས་ལམ་དུ་འཁྱེར་བ་ནི། རྩའི་གནས་སུ་བསྲེ་བ། དེ་ནས་རྩ་ཡི་ནང་ཉིད་དུ། །གཡོན་པའི་སྲིན་ལག་ས་ལ་ནི། །དྲག་ཏུ་བཙུགས་ནས་ལུས་ལྕིད་ཕབ། །ཡང་ན་ལག་པ་གཉིས་ཀྱང་རུང་། །ཞེས་གསུངས་པའི་འཁྲུལ་འཁོར་གྱིས་སོ། །རླུང་དང་བསྲེ་བ། རླུང་དང་བསྲེ་བའི་མན་ངག་ནི། །སྟེང་རླུང་མནན་ཞིང་འོག་རླུང་བསྡམ། །ཞེས་པ་སྟེ། །རླུང་དང་མ་འདྲེས་ནས་དབང་དུ་ཤོར་ནས་བྱང་སེམས་སྙིགས་མར་འགྱུར་བས་མཐར་རླུང་བུམ་པ་ཅན་ཁམས་དྭངས་སྙིགས་སུ་མ་ཕྱེད་ཀྱི་བར་བསྒོམ་པར་བྱའོ། །དཔེར་ན་ནོར་བུ་རིན་ཆེན་དག །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ནོར་བུས་དངུལ་ཆུ་དང་། རིན་ཆེན་གྱིས་བྱང་ཆུབ་སེམས་ཏེ། དེ་གཉིས་དཔེ་དང་དཔེ་ཅན་དུ་སྦྱར་ནས་གསུངས་པ་སྟེ། དྲི་མེད་འོད་ལས། ཇི་ལྟར་དངུལ་ཆུ་མེ་ཡིས་རེག་པ་ལས། འབྲོས་པར་བྱེད་ཀྱི་གཡོ་བ་མེད་མི་འགྱུར། །དེ་བཞིན་ཐབས་དང་བྲལ་བའི་ཁུ་བ་ནི། །རྟག་ཏུ་སྐྱེ་གནས་རེག་པ་དག་ལས་སོ། །ཇི་ལྟར་གཡོ་བ་དེ་ཡང་སྨན་སོགས་ཀྱི། །སྟོབས་ཀྱིས་མེ་དང་ཡང་དག་ཕྲད་པས་འཆིང་། །དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས། །ཤེས་རབ་དག་དང་ཡང་དག་ཕྲད་པས་སོ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་ཀྱང་། །ཇི་ལྟར་འོ་མ་དང་། ཏིལ་དག་གིས་ཡང་དག་པའི་མངོན་པར་འདུ་བྱས་པ་མེད་པར་ཏིལ་མར་མི་འབྱུང་བ་དེ་བཞིན་དུ་སྔགས་དང་ཕྱག་རྒྱ་མངོན་པར་འདུ་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཐོང་བར་མི་ནུས་སོ། །བྷ་ག་དང་ལིངྒ་ཡང་དག་པར་སྦྱོར་བའི་ནུས་པ་མེད་པ་དེ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ་ཞེས་སོ། །ཕུག་པས་དགའ་བ་སྦྱིན་པའོ། །གསེར་འགྱུར་མཁན་གྱི་དངུལ་ཆུ་གྲུབ་པ་ན། ལྕགས་ལ་སོགས་པ་ལ་དངུལ་ཆུ་ཐིགས་པ་གཅིག་བླུགས་ཏེ་མེ་དྲག་པོའི་སྦྱོར་བས་བཞུ་བ་ན་ཐམས་ཅད་གསེར་དུ་འགྱུར་བ་བཞིན། ཐིག་ལེ་འགྱུར་བ་མེད་པའི་བདེ་བའི་སྐད་ཅིག་ཡང་དག་པའི་དྲན་པའི་མེས་གདུངས་པ་ན་ཐ་མལ་པའི་ལུས་ཕུག་སྟེ་ཡེ་ཤེས་ཀྱི་སྐུར་འགྱུར་རོ། །དེ་ལྟར་ཡང་། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་བ་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱི་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་སོ། །ཡང་ཐིག་ལེ་དག་ན་ཆོས་སྐུ་མངོན་དུ་འགྱུར་བར་ཇི་ལྟར་གཞག་ཅེ་ན། ཤེལ་དང་མཚུངས་པའི་སེམས་ལ་ནི། །སྦྱོར་བས་ཡུལ་ལ་འཇུག་པ་སྟེ། །འཁོར་བའི་སྐྱོན་གྱིས་གོས་པ་ཡིན། །སྐྱོན་དང་ཡོན་ཏན་སེམས་ལ་མེད། །ཆོས་ཐམས་ཅད་ལ་ཁྱབ་བྱེད་དུ་བཞུགས་པའི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་དེ་ཉིད། མ་དག་པའི་གནས་སྐབས་སུ་དྲི་མ་དང་བཅས་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་སྣང་ལ། སྣང་བའི་དུས་དེ་ཉིད་དུའང་རང་གི་ངོ་བོ་སྒྲིབ་པ་མེད་དེ། དཔེར་ན་དྲི་མ་མེད་པའི་ཤེལ་ཚོན་གྱིས་བསྒྱུར་བ་བཞིན་ནོ། །དེའི་ཕྱིར་ཀུན་རྫོབ་ཀྱི་སེམས་དེ་ཉིད་སྦྱངས་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པའང་། ཚོན་དང་བྲལ་བས་ཤེལ་རང་ཉིད་ཀྱི་རང་བཞིན་ཤེས་པར་འགྱུར་བ་བཞིན་ནོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་དང་པོ་ནས་སྒྲིབ་མ་མྱོང་བས་རང་བཞིན་རྣམ་དག །གནས་སྐབས་ཀྱི་དྲི་མ་སྦྱངས་ནས་མངོན་དུ་གྱུར་པས་གློ་བུར་དྲི་བྲལ་ཏེ། དག་པ་གཉིས་དང་ལྡན་པའི་ཕྱིར་ཆོས་སྐུ་ཞེས་གསུངས་སོ། དེ་ཡང་ཀུན་རྫོབ་ཀྱི་བྱང་སེམས་འཆིངས་བ་ཙམ་གྱིས་བྱེ་བྲག་དེ་ལ། སྦྱོར་བ་བདུན་པར། ཀུན་ལ་མ་ཁྱབ་ཅིང་ནོར་བུ་ཙམ་ལ་གནས་པས་རྒྱས་པ་མེད་དོ། །དབང་པོ་གཉིས་སྦྱོར་བའི་དུས་སུ་བརྒྱལ་ཞིང་ཚ་བའི་ཕྱིར་སིམ་པ་མེད་དོ། །ལས་རྒྱ་ལ་རྟོག་ཅིང་ཆགས་པའི་ཉོན་མོངས་པ་དང་བཅས་པའི་ཕྱིར་ཉོན་མོངས་པ་མེད་པ་མ་ཡིན་ནོ། །སྐད་ཅིག་གཉིས་ཙམ་ལས་མི་གནས་པའི་ཕྱིར་འཁོར་བའི་བར་དུ་གནས་པ་མེད་དོ། །མི་རྟག་པའི་རྒྱུ་མཚན་དེ་ཉིད་ཀྱི་ཡུད་ཙམ་གྱི་འགོག་པའི་ཕྱིར་བར་ཆད་མེད་པ་མ་ཡིན་ཞིང་འགོག་པ་མེད་པའང་མེད་དེ། །མས་བརྟན་གྱི་དགའ་བ་ནི་དེ་དག་ལས་བཟློག་སྟེ་རྒྱས་པ་དང་། སིམ་པ་དང་། ཉོན་མོངས་པ་མེད་པ་དང་། བར་ཆད་མེད་པ་དང་། ཁྱབ་པ་དང་། འགོག་པ་མེད་པ་དང་། འཁོར་བ་ཇི་སྲིད་བར་རྒྱུན་མི་འཆད་པའོ། །ཡང་དེ་ལ་རོ་མྱང་བའི་མཚན་ཉིད་བརྒྱད་དུའང་ཞལ་ལུང་ལས། །རྟག་པ་དང་ནི་མི་གདུང་དང་། །བསིལ་བ་དང་ནི་གཅིག་པ་དང་། །བདེ་བ་དང་ནི་དྲི་མེད་དང་། །དགའ་བ་དང་ནི་ཡིད་དང་བ། །འདི་ནི་བདེ་ཆེན་རོ་མྱང་བརྒྱད། །ཅེས་གསུངས་སོ། །འདི་ལ་སྤང་བ་གཉིས་ཡོད་དེ། །ཡོན་ཏན་མེད་ནས་སྤང་བ་དང་། །ཕོ་ཉའི་ལམ་འདིར་བྱང་ཆུབ་ཀྱི་སེམས་འཆིང་བར་མི་ནུས་ན་འཇུག་པར་མི་རུང་སྟེ། བྱང་ཆུབ་ཀྱི་སེམས་འཆིང་བ་ནི་རང་བཞིན་ཡོངས་སུ་ཤེས་པས་ཡིན་ལ། དེ་དང་བྲལ་ན་ཉོན་མོངས་པ་རྣམས་ཕྱིར་འཁོར་བའི་རྐྱེན་དུ་འགྱུར་བས་སོ། །ཁྱད་པར་འཕགས་ནས་སྤང་བའོ། །འཚང་རྒྱ་བའི་སྔ་རོལ་དུ་ལས་ཀྱི་ཕྱག་རྒྱ་བསྟེན་ནས་དབང་པོ་གཉིས་སྙོམས་པར་འཇུག་པ་ཞིག་ངེས་པར་དགོས་སོ། །དེས་ན་དགྲ་བཅོམ་པ་ལྷག་མེད་དུ་ཞུགས་པ་རྣམས་ཀྱིས་ཀྱང་དབང་པོ་གཉིས་སྦྱོར་བ་མེད་པར་སངས་རྒྱས་ཉིད་དུ་མི་འགྱུར་བས། སླར་ཡང་རགས་པའི་ལུས་སམ་རྡུལ་ཕྲན་ཚོགས་པའི་ལུས་བླང་དགོས་སོ་སྙམ་དུ་འགའ་ཞིག་སེམས་མོད་ཀྱི། དེ་ལྟ་བུ་ནི་གསུང་རབ་དང་འགལ་ཏེ། དགྲ་བཅོམ་ཐོབ་པ་ན་བདག་གི་སྐྱེ་བ་ཟད་དོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཕྱིན་ཅི་ལོག་ཏུ་ཐལ་བ་དང་། དགྲ་བཅོམ་ཚེའི་འདུ་བྱེད་བཏང་ནས་ཡིད་ཀྱི་ལུས་སུ་གནས་ཤིང་། ཐེག་པ་ཆེན་པོར་འཇུག་པ་ན་ཡིད་ཀྱི་ལུས་དེ་ཉིད་ཀྱིས་འཇུག་པས་ཡིད་ལུས་པས་ལས་རྒྱ་ལ་ཇི་ལྟར་བསམ་དགོས་སོ། །དེའི་ཕྱིར་འཚང་རྒྱ་བ་ལ་ལམ་འདི་མེད་དུ་མི་རུང་བའམ་མ་ཡིན་པའི་ཕྱིར། དང་པོ་ཉིད་དུ་དངོས་པོའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པས་གྲོལ་བ་དག་ལ་འདི་སྤངས་པས་ཆོག་གོ་ཞེས་སྦྱར་རོ། །འོ་ན་དེ་ལྟ་བུ་ཐམས་ཅད་ཀྱིས་སམ་ཞེ་ན། ཁྱད་པར་ཡོན་ཏན་ཅན་གྱིས་ཀྱང་། ཤེས་པ་སྐྱོན་བསྟེན་ཀྱང་རུང་། བསྟེན་ཀྱང་དེ་དག་གི་རྟོགས་པ་དེའི་རྐྱེན་ལས་ཆེས་ཆེར་ན་འཕར་བར་འགྱུར་བ་ཞིག་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་ཏུ་ཕྱག་རྒྱ་བསྟེན་པར་གསུངས་པའང་དགོས་པ་དང་ལྡན་པའི་ཕྱིར་རོ། །འགའ་དང་འགའ་ཡི་སྤྱོད་ཡུལ་ལས། །ཀུན་གྱིས་སྤྱོད་ཡུལ་འདི་མ་ཡིན། །ཞེས་པ། བདེ་མཆོག་ལས་ཀྱང་། ཕོ་ཉ་རལ་གྲིའི་སོ་དང་འདྲ། །ཞེས། རལ་གྲི་འཁོར་ལོ་བསྐོར་ལེགས་ན་ཕས་ཀྱི་དཔུང་འཇོམས་ཤིང་། ཉེས་ན་རང་གི་འཇོམས་པ་བཞིན། ལམ་འདིའང་འཁོར་བ་དང་མྱ་ངན་ལས་འདས་པའི་རྐྱེན་གང་དུ་འགྱུར་གང་ཟག་ལ་རག་ལས་པའི་ཕྱིར་དོན་དམ་པའི་བསྙེན་པར། བུད་མེད་སྦྱོར་བས་དམན་ལ་སྲིད་མེའི་སྡུག་བསྔལ་མེད། །བུད་མེད་སྦྱོར་བས་དམན་ལ་མཆོག་གི་བདེ་བའང་མེད། །དེ་བས་རང་གི་བློ་ཡིས་ལེགས་པར་བརྟགས་ནས་ནི། །སྔགས་པས་གང་ལ་འདོད་པ་ཡང་ནི་བླང་བར་བགྱི། །ཞེས་གསུངས་སོ།། །།གསུམ་པ་སྒྱུ་ལུས་ལམ་གྱི་སྲོག་ཤིང་ལ། ཤེས་བྱ་གཏན་ལ་དབབ་པ་དང་། བསྒོམ་བྱ་ཉམས་ལེན་དུ་བསྟན་པ་གཉིས་ལས། དང་པོ་ནི། ཕྱི་དང་ནང་དུ་རྣམ་ཕྱེ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཅན་བརྟན་པ་དང་གཡོ་བའི་ཆོས་སོ་ཅོག་གོ །ཐམས་ཅད་སྒྱུ་མ་ལས་གཞན་མིན། །སེམས་རྟོག་མེད་སྣང་བ་གསུམ་རང་རིག་ཙམ་དུ་ཤེས་པ་ཉེར་ལེན། དེ་དང་ཚོགས་པ་གཅིག་པ་འོད་གསལ་བའི་རླུང་འོད་ཟེར་ལྔ་པ་ལྷན་ཅིག་བྱེད་པའི་རྐྱེན་ཏེ། རྒྱུ་དང་རྐྱེན་དེས་དེ་དག་སྣང་ལ། བདེན་པའི་དངོས་པོར་མ་གྲུབ་པའི་ཕྱིར་ན་སྒྱུ་མ་ལྟ་བུ་ཞེས་བཞག་གོ །དེ་ལྟར་ཡང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ཀུན་རྫོབ་ཏུ་ནི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །ཞེས་དང་། རང་རིག་ཙམ་དུ་འོད་གསལ་བའི། །རླུང་དང་ལྡན་པའི་རྣམ་ཤེས་ནི། །ཆུ་ཟླ་འདྲ་ཞིང་གཟུགས་མེད་པའི། །ཆགས་མེད་ལུས་ནི་འགྲུབ་པར་འགྱུར། །ཞེས་དང་། སྤྱོད་བསྡུས་ལས། བདེན་པར་ནི། སེམས་ནི་ཁ་དོག་དང་དབྱིབས་དང་བྲལ་བ་སྣང་བ་ཙམ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རེག་པར་དཀའ་བའོ། །དེ་ལྟ་མོད་ཀྱི་སྣང་བ་ཙམ་གྱི་སྣང་བ་གསུམ་པོ་རླུང་ལ་བརྟེན་པར་གྱུར་པ་དང་ཐུན་མོང་དུ་གྱུར་ནས་ལྡང་སྟེ། དེས་ན་རླུང་གི་རྣམ་པར་ཤེས་པ་བཅིངས་པ་ཡིན་ནོ། །དེ་ནས་ཤེས་རབ་དང་ཐབས་ཀྱི་སྣང་བ་གཉིས་འོད་ཟེར་ལྔ་དང་བཅས་ཤིང་། སྣ་ཚོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། སྒྱུ་མ་ལྟ་བུའི་ལྷའི་སྐུ་འབྱུང་བར་འགྱུར་རོ། །ཞེས་སོ། །དེ་བས་འདི་ལྟར་འགྲོ་བ་ཀུན། ཞེས་པ་ཤེས་བྱ་དང་ཤེས་པར་བྱེད་པ་ཐམས་ཅད་འགྲོ་བའི་སྒྲས་བསྟན་ཏོ། །སྒྱུ་མ་ལྟ་བུ་འདིར་བཤད་དེ། །དེ་རྣམས་དེ་ལྟ་བུའི་སྒྱུ་མ་ཙམ་དུ་སྟོན་ཏེ། ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཉོན་མོངས་པ་རྣམ་པར་དག་པར་མཛད་པའི་ཕྱིར་རོ། །གཉིས་པ་བསྒོམ་བྱ་ཉམས་སུ་ལེན་པ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི། རྣམ་པར་སྨིན་པའི་སྒྱུ་ལུས་དང་། འདིས་ནི་མ་དག་པ་རྣམ་སྨིན་གྱི་སྒྱུ་ལུས་སྒྱུ་མར་སྦྱང་བ་སྤྱི་དོན་གྱི་སྒྱུ་མ་བསྟན་ནོ། །དག་པ་ལྷ་ཡི་སྒྱུ་ལུས་དང་། །འདིས་ནི་ཐུན་མོང་བའི་ཕྱོགས་ལ་སྦས་པ་བསྐྱེད་རིམ་གྱི་སྒྱུ་མ་དང་། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །འདིས་ནི་ཐུན་མོང་མ་ཡིན་པའི་བསྐྱེད་པ་མན་ཆད་ལ་སྦས་པ་རྫོགས་རིམ་སྒྱུ་མ་བསྟན་ནོ། །དེ་གཉིས་ཀས་བསྒྲུབས་པ་ནི་སྦས་དོན་གྱི་སྒྱུ་མ་ལྷའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའོ། །ཐམས་ཅད་དེ་དང་འདྲ་བར་མཐོང་། །ཞེས་པ་ནི། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱངས་པ་མཐར་ཐུག་པའི་སྒྱུ་མ་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ། གཉིས་བསྡུས་གྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་གསུམ་ལས། དང་པོ་ནི། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། །མེ་ལོང་དྲི་མ་མེད་པ་མདུན་དུ་བཞག་སྟེ། དེར་སྐད་ཅིག་ཙམ་གྱིས་ཡན་ལག་དང་ཉིང་ལག་རྫོགས་པར་སྣང་ཡང་། དེ་དང་དེའི་རང་བཞིན་མ་ཡིན་ཞིང་བདེན་པའི་ངོ་བོ་ཉིད་དུ་བསྟན་དུ་མེད་པས་དེ་ལ་ཐེར་ཟུག་སྟེ་ཁ་མི་སྤོ་བར་སེམས་འཇུག་ལ། དེ་ལ་གོམས་ནས་བར་དུ་གཟུགས་བརྙན་དེ་འདྲ་བ་དང་། མཐར་རང་དང་ཐ་མི་དད་པར་བསྒོམ་པའོ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །འཇའ་ཚོན་ནི་བར་སྣང་ན་རླན་གྱི་རླངས་འབྱུང་བ་ལྔའི་མདངས་སུ་གསལ་བ་ཡིན་པ་ལྟར། དེའང་རླན་ལྟ་བུའི་འོད་གསལ་གྱི་བཞོན་པ་རླུང་ལྔ་སོ་སོའི་འོད་ལུས་སུ་བརྟག་པའོ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །གནམ་གྱི་ཟླ་བ་གཅིག་ཉིད་ཆུ་སྣོད་ཐམས་ཅད་དུ་སྣང་བ་ལྟར་དངོས་པོ་དང་བྱ་བ་ཐམས་ཅད་ལ་ལུས་གཅིག་ཉིད་ཁྱབ་པར་བསམ་པའོ། །དེ་ནི་དཔེའི་གཙོ་བོ་གསུམ་ཡིན་ལ། མིག་ཡོར་གློག་དང་སྨིག་རྒྱུ་དང་། །བྲག་ཆ་དྲི་ཟའི་གྲོང་ཁྱེར་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་མཚུངས་པར། མེད་བཞིན་དུ་སྣང་བ་མིག་ཡོར་ལྟ་བུ། གསལ་ཡང་མི་སྡོད་པ་གློག་ལྟ་བུ། གཡོ་ཞིང་མི་བདེན་པ་སྨིག་རྒྱུ་ལྟ་བུ། བདག་གི་ཡིན་ཡང་གཞན་དུ་སྣང་བ་བྲག་ཆ་ལྟ་བུ། ལུས་དང་། གནས་དང་། ལོངས་སྤྱོད་དུ་མ་འགགས་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། སེམས་དང་བཅས་པ་རྨི་ལམ་གྱི་ཡུལ་ལྟ་བུ། རྒྱུ་རྐྱེན་ལས་སྐྱེས་པ་སྒྱུ་མ་ལྟ་བུ། ཁམས་ཕྲ་བ་རླུང་ཙམ་ལས་གྲུབ་པས་ཆུ་བུར་ལྟ་བུ། གཅིག་ཡིན་ཡང་དུ་མར་སྣང་བ་མིག་འཕྲུལ་ལྟ་བུ་དང་མཚུངས་པར་རོ། །གང་གིས་མཐོང་། དེ་ལྟ་བུ་རྒྱུན་ཆགས་སུ་ཡིད་ལ་བྱས་པས་བསྒོམ་པ་ལ་གསལ་སྣང་ཕྱིན་ཏེ་ཇི་ལྟར་བཏགས་པ་དེ་ལྟར་མངོན་དུ་འགྱུར་ཏེ། དཔལ་ཆོས་ཀྱི་གྲགས་པས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམ་གྱུར་པ། །བསྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་སོ། །དཔེ་དེ་དག་ཀྱང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སེམས་དང་སེམས་ལས་འབྱུང་བའི་རྣལ་འབྱོར་ཆེན་པོ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ནོ། །དེ་ནི་སྒྱུ་མའི་དཔེས་ཉེ་བར་མཚོན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ནི། སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་སྒྱུ་ལྟ་བུ་དང་། རྨི་ལམ་དང་། བྲག་ཆ་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། འཇའ་ཚོན་དང་། གློག་དང་། ཆུའི་ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ཏེ་ཞེས་སོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱི། །འགྲོ་བ་སྒྱུ་མ་ཇི་བཞིན་བརྟག །ནང་དུ་ཏིང་ངེ་འཛིན་བརྟན་པ་དང་། ཕྱིའི་གཟུགས་སོགས་གང་དང་གང་མཐོང་བ་ལ་དེ་དང་དེའི་དཔེས་ཤེས་པར་བྱ་བ་ཡུད་ཙམ་སྔོན་དུ་བཏང་ནས་སོ་སོར་བལྟས་པས་རང་བཞིན་ཅིའང་མེད་པའི་སྣང་བརྙན་ཙམ་དུ་འཆར་བར་འགྱུར་རོ། །གཉིས་པ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ལ། བསྐྱེད་རིམ་སྒྱུ་མ་དང་། རྫོགས་རིམ་སྒྱུ་མ་གཉིས་ལས། དང་པོ་ནི། མེ་ལོང་དྲི་མ་མེད་པ་ལ། རྡོ་རྗེ་སེམས་དཔའ་ལེགས་བྲིས་པའི། །གཟུགས་བརྙན་གསལ་བར་སྣང་མཚུངས་པས། །ཁང་བུ་འདོམ་གང་ལས་མི་ཆུང་བ་ཤར་ལྷོ་ནུབ་གསུམ་དུ་སྐར་ཁུང་ཆེ་ཆུང་རན་པ་བཏོད་པ། ནང་ཞལ་བས་དྭངས་ཤིང་ཕྱོགས་མཐུན་གྱི་རྩིས་བཀྲག་པ། དེར་རྡོ་རྗེ་སེམས་དཔའི་བྲིས་སྐུ་ཁྲུ་གང་ཙམ་སྔ་དྲོ་ནུབ་ནས་ཤར་དུ་བཀྲམ། དེའི་མདུན་གྱི་ཁྲུ་གང་ཙམ་དུ་མེ་ལོང་བཞག །དེར་གཟུགས་བརྙན་ལེགས་པར་བསྒྲུབས་ཏེ་མིག་མ་སྦྲིད་རིང་བལྟ། ཉིན་གུང་ལྷོ་དང་ཕྱི་དྲོ་ནུབ་ཏུ་བལྟས་ཏེ་སེམས་ཟིན་པ་ན་མེ་ལོང་གི་གཟུགས་བརྙན་ཇི་ལྟ་བར་རང་བསྒོམ་སྟེ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་རྗེས་སུ་དྲན་པར་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་མེད་པ། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཡེ་ཤེས་ཙམ་ལ་སྣང་བ། མཚན་དང་དཔེ་བྱད་ཀྱི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་གཟུང་བ་དེ་ནི་དང་པོར་བསམ་གཏན་ཡིན་ལ། དེའང་གཟུགས་བརྙན་སོགས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པར་བསྒོམ་པ་འདི་ནི། སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་རྗེས་སུ་དྲན་པའམ་རྗེས་སུ་བསམ་གཏན་ཞེས་བྱའོ་འཇའ་ཚོན་ལྟ་བུའི་ལུས་དག་ནི། །འཇའ་ཚོན་ཞེས་བྱ་བ་ནི་དབང་པོའི་གཞུ་སྟེ། དེའང་གང་ཞེ་ན་དངོས་སུ་འོད་ཟེར་ལྔས་ཉེ་བར་མཚོན་པ་སྟེ། ཇི་ལྟར་འཇའ་ཚོན་ནམ་མཁའི་དཀྱིལ་ན་ཁ་དོག་གི་དབྱེ་བ་ཡོངས་སུ་གསལ་བ་ཡིན་ཏེ། ལུས་ཀྱང་དེ་དང་འདྲ་བར་ཉེ་བར་མཚོན་པའི་ཕྱིར་རོ། ལུས་ངག་ནི་ཞེས་བྱའོ། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །བླ་མ་ལས་མན་ངག་ཡང་དག་པར་ཐོབ་ནས་དེ་ཁོ་ན་ཉིད་བསྒོམས་ཤིང་དོན་དམ་པའི་བདེན་པ་ལ་དམིགས་པས་ཐོབ་ཅེས་བྱ་བའི་དོན་ཏོ། །དེས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པའང་སྔར་བཞིན་ནོ། །དོན་དམ་པ་ལ་དམིགས་པ་ཞེས་བྱ་བ་ནི་ཡེ་ཤེས་ལ་དབང་ཐོབ་པ་སྟེ། དེའི་ཚེ་ལུས་དེར་འགྱུར་ལ། རྣམ་པར་ཤེས་པ་ཙམ་ལ་དབང་ཐོབ་པས་ནི་སྒོམ་པའི་ཚེ་གཞན་ལ་སྟོན་ནུས་པ་ཙམ་མོ། །ཡན་ལག་དྲུག་བསྒོམ། དེ་ཙམ་ནས་བསྐྱེད་པའི་རིམ་པ་ཡན་ལག་དྲུག་དང་སྦྱར་ཏེ་བསྒོམས་ན་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟ་བ་རང་སེམས་སྣང་བ་དང་བཅས་པ་དེ་ལྟ་བར་གྱུར་ནས་ཐ་མལ་གྱི་ལུས་ལས་འདས་ཏེ། དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་སྤྱོད་ཡུལ་གཅིག་ལ་སེང་གེ་རྣམ་པར་རྩེ་བ་སྟོན་པར་འགྱུར་རོ། །གཉིས་པ་རྫོགས་རིམ་སྒྱུ་མ་ནི། དེ་ལ་ནི། སླར་ཡང་རང་བྱིན་བརླབ་པ་ཡིས། །བྱིན་གྱིས་བརླབ་པར་བྱ་བ་ཡིན། །གང་ཡང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང་། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་ཞེས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང་དེ་རྣམས་དཔེས་མཚོན་པའི་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཡེ་ཤེས་ཙམ་གྱིས་ཡིད་ཀྱི་རང་བཞིན་གྱི་སྐུ་རྫོགས་པར་འགྱུར་བ་ཤེས་པར་མི་འགྱུར་ཏེ། བདག་བྱིན་གྱིས་བརླབ་པའི་ལམ་ཤེས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་མཐོང་བ་མེད། །ཅེས་གསུངས་སོ། །འདིར་བདག་བྱིན་གྱིས་བརླབ་པ་ཞེས་པ་ཡང་། དྲི་མེད་འོད་ལས། བདག་བྱིན་བརླབ་པ་དག་ནི་སྟོང་པ་ལ། ཁམས་གསུམ་པོ་ནི་མཐོང་བར་འགྱུར་བའི་མཚན། །ཞེས་གསུངས་པ་སྟེ། དེ་ཕྱིར་སོ་སོ་རང་གི་རིག་པ་རྣམ་ཀུན་མཆོག་ལྡན་གྱི་ཡུམ་ནི་རང་བྱིན་རླབས་ཀྱི་ངོ་བོ་དེས་བྱིན་གྱིས་བརླབ་པར་བྱ་རྒྱུ་ནི་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་དོ། །ཇི་ལྟར་བྱིན་གྱིས་བརླབ་པར་བྱ་ཞེ་ན། རྗེས་མཐུན་ཆོ་གའི་རིམ་པ་འདིས། །ཇི་ལྟར་ཕྱི་རོལ་གྱི་གཟུགས་སུ་གྱུར་པ་ཐམས་ཅད་ལ། ཆོས་ཀྱི་སྐྱེ་མཆེད་པའི་ནམ་མཁའ་རྗེས་སུ་ཞུགས་པ་བཞིན་དུ་རྣམ་པར་མི་རྟོག་པའམ་བསམ་དུ་མེད་པས་ནམ་མཁའི་ཁམས་ཇི་འདྲ་བའི་སེམས་རྟོག་པ་མེད་པའི་བསམ་གཏན་གྱིས་མངོན་སུམ་དུ་མཐོང་བ་ནི་སེམས་ཀྱི་རང་བཞིན་འོད་གསལ་མཐོང་བ་ཞེས་བྱ་བ་ཡིན་པས། སེམས་ཀྱི་བབས་ཇི་ལྟ་བ་དང་རྗེས་སུ་མཐུན་པ་ཞེས་བྱ་ལ། གོ་ཆ་དེས་བདག་ཉིད་ཀྱི་ཉོན་མོངས་པ་དང་། རྣམ་པར་རྟོག་པ་ཇི་སྙེད་སྐྱེ་བ་དེ་དག་སྐད་ཅིག་མ་ཡིན་པས། སེམས་ཕྱི་མས་ཀྱང་སེམས་སྔ་མ་ལ་མཚམས་སྦྱོར་མི་ནུས་ལ། རྣམ་པར་རྟོག་པ་སྐྱེ་བའང་སེམས་སྔ་མའི་སྣང་བ་གང་ཡིན་པ་དེ་ཉིད་ལ་སེམས་ཕྱི་མ་རྗེས་སུ་འཇུག་པ་ལྟ་བུར་སྣང་ན་འདི་ནི་ཆེས་འཁྲུལ་པའོ། །གློ་བུར་བའོ་ཞེས་ཁོང་དུ་ཆུད་པར་འགྱུར་བ་ནི་ཉེ་བའི་ཉོན་མོངས་པ་འགགས་པ་མཐོང་བ་དེ་བསམ་གཏན་གྱི་ལག་རྗེས་ཡིན་ནོ། །ཕྱི་ནས་མཚན་མ་མཚོན་པར་བྱ། །དེ་ལྟ་བུའི་བསམ་གཏན་ལ་བརྟེན་ནས་རྒྱུ་འདིས་འབྲས་བུ་དེ་ཁོ་ན་ཉིད་འགྲུབ་པར་བྱེད་པའི་མཚན་མ། རང་གི་སེམས་ཀྱི་འོད་ཕྱི་རོལ་ལྟ་བུར་མངོན་པ་འདི་དག་འབྱུང་སྟེ། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་དངོས། །བཞི་པ་མར་མེ་གསལ་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །དང་པོར་སྤྲིན་ལྟ་བུ་ལང་ལོང་དུ་སྣང་བ་དང་། དེའི་རྗེས་ནས་དུ་བ་ལྟར་སྐྱ་བོར་སྣང་བ་དང་། དེ་ནས་སྲིན་བུ་མེ་ཁྱེར་འཕུར་བ་ན་མེ་སྟག་རྒྱུག་པ་ལྟ་བུར་སྣང་བ། དེ་ནས་རྟེན་མེད་པའི་མར་མེ་འབར་བ་ལྟ་བུ། དེ་ནས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་འོད་གསལ་ཏེ་ལྔར་བཤད་ལ། འདུས་པ་རྒྱུད་ཕྱིར། དང་པོར་སྨིག་རྒྱུ་ལྟ་བུ་ཞེས་དང་། སྤྱོད་བསྡུས་ལས་ཀྱང་། སྨིག་རྒྱུ་ལྟ་བུ་ལ་ཞེས་དང་། །ལྭ་བ་པས། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུ་བའི་རྣམ་པ་ཡིན། །ཞེས་གསུངས་ལ། ཆུ་གཡོ་བའི་རྣམ་པ་སྨིག་རྒྱུ་སྟེ། འདིའི་སྤྲིན་ཡང་སྨིག་རྒྱུའི་བྱེ་བྲག་ཡིན་ནོ། །གོ་རིམ་དུས་འཁོར་ལས་དུ་བ་དང་པོར་གསུངས་པ་འདིར་འཐད་དེ། འདིར་རགས་པའི་ཁམས་ཕྲ་རིམ་ལ་ཐིམ་པར་བྱེད་པ་ཡིན་པས་ཏེ། ཕྱག་རྡོར་གྱིས། འདིར་བླ་མའི་ཉེ་བར་བསྟན་པས་ནམ་མཁའ་ལ་རྣལ་འབྱོར་པས་དང་པོར་དུ་བ་མཐོང་སྟེ་སྨིག་སྒྱུ་ནི་མ་ཡིན་ནོ་ཞེས་རང་གི་ཉམས་སུ་མྱོང་བས་ཤེས་པར་བྱ་བའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་ཐམས་ཅད་དུ་ནི་མ་ངེས་ཏེ། གཏུམ་མོ་ལྟ་བུ་བསྒོམས་པའི་ཚེ་མེའི་དྲོད་ཀྱིས་ཆུའི་རླུང་དང་པོར་འཆིངས་པས་སྨིག་སྒྱུ་དང་པོས་འཆར་ཞེས་དཔལ་ནགས་ཀྱི་རིན་ཆེན་གསུང་སྟེ་ཤིན་ཏུ་ལེགས་ལ། །གོང་གི་ལུང་དེར་ཡང་འདིར་ཞེས་པའི་ཚིག་ནུས་པ་ལྡན་པ་འདིས་རྟོགས་དགོས་སོ། །དུས་འཁོར་ལས། འབར་བ་ཟླ་ཉི་སྒྲ་གཅན་གློག་ཐིག་ལེ་རིམ་པ་བཞིན་མཐོང་བར་བཤད་ལ། ཐིག་ལེའི་དབུས་སུ་གཟུགས་ཐམས་ཅད་པ་མཐོང་བ་ནི་སྤྲུལ་པའི་སྐུ་ཞེས་བྱ་ཞིང་། དེ་ལས་སྣ་ཚོགས་པའི་སྒྲ་སྐད་མང་པོ་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། དེ་དག་ནམ་མཁའ་ལྟ་བུའི་འོད་གསལ་བའི་སེམས་དེའི་རང་བཞིན་དུ་དབྱེར་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱང་རྩ་བ་མེད་པའི་རྩ་བ་ཅན་དུ་མཐོང་བ་ཡིན་ཞིང་། །དེ་ཉིད་ཆོས་སྐུ་ལ་དེ་ལས་ཆོས་དང་གང་ཟག་ཅེས་བྱ་བའི་འགྲོ་བ་ཐམས་ཅད་ཀྱི་བདག་མེད་པའི་མཐའ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཤེས་རབ་སྐྱེ་བ་ཡིན་ཏེ། དེ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་ཆོས་སྐུ་ལ་ཡིད་ཆེས། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རང་བཞིན་དེ་ལྟ་བུ་ཡིན་པར་ཤེས་ནས་དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྒྲོལ་པའི་ཐབས་ཀྱི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྒོ་མཐའ་ཡས་པ་ལ་བླ་ན་མེད་པའི་མོས་པ་བསྐྱེད་ནས་དེ་དག་ལ་སློབ་པར་བྱེད་པས་འདི་ལས་འཕྲོས་ཏེ་ནཱ་རོ་པ་ལྕམ་སྲིང་གིས་སྒྱུ་མ་ལམ་རིམ་ཞེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་བློ་སྦྱོངས་པ་གསུངས་པ་ཡིན་ཞིང་། དེས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པའང་ལུགས་གཅིག་གོ །དེའང་དུས་འཁོར་ལས་ཀྱང་། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་པས་གསུངས་སོ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་སྟེ། །ཞེས་པས། སྐུ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ལུས་ཀྱི་རྟོག་པ་ཆོམས་པའི་ཚེ་ན་ནི་ལུས་ཀྱི་ངོ་བོ་ས་དང་ཆུར་ཐིམ་པའི་རྟགས་དང་རྟགས་ཅན་འབྱུང་བར་འགྱུར་ཏེ། རྟགས་ནི་གཟུང་ཆ་ལ་འོད་ཟེར་ལྔའི་ཚོགས་དང་པོར་མཐོང་ཞིང་། རྟགས་ཅན་གྱི་འཛིན་ཆ་ལ་སྨིག་རྒྱུ་ལྟ་བུ། གསུང་རྡོ་རྗེའི་ཏིང་ངེ་འཛིན་གྱི་རིམ་པས་ངག་གི་རྟོག་པ་ཆོམས་པའི་ཚེ། སེམས་སྣང་བ་དང་པོ་སེམས་ཐིམ་པར་གྱུར་པའི་རྟགས་ཟླ་བའི་འོད་ཟེར་ལྟ་བུ། རྟགས་ཅན་དུ་བ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཡིད་ཀྱི་རྟོག་པ་ཆོམས་པ་ན། སེམས་བྱུང་མ་རིག་པ་ལ་ཐིམ་པར་འགྱུར་པའི་རྟགས་ཉི་མའི་འོད་ཟེར་ལྟ་བུ། རྟགས་ཅན་མེ་ཁྱེར་ལྟ་བུ། ཡེ་ཤེས་རྡོ་རྗེའི་སྒོམ་པས་ཡེ་ཤེས་ཀྱི་རྟོག་པ་ཆོམས་པའི་རྟགས་མུན་ནག་ལྟ་བུ། རྟགས་ཅན་མར་མེའི་རྩེ་ལྟ་བུ། དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །དངོས་གྲུབ་ནི་བཅོས་མ་མེད་པའི་ལམ་གྱིས་མ་རིག་པ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་པའི་རྟགས་སྐྱ་རེངས། །རྟགས་ཅན་སྤྲིན་མེད་པའི་ནམ་མཁའ་ལྟ་བུ། ངེས་པར་འཇུག་པ་དོན་དམ་པའི་བདེན་པ་ཡེ་ཤེས་ཀྱི་མིག་གིས་མཐོང་བས་མཐོང་བའི་ལམ། དེས་རྫོགས་པའི་སངས་རྒྱས་ཤིན་ཏུ་རྙེད་སླ་བས་ཉེ་བ་ཡིན་ཞེས་བླ་མས་གསུངས་སོ། །རྟགས་འདིའི་དབང་དུ་མཛད་ནས་ཨཱརྻ་དེ་བས། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན། དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་ཞེས་གསུངས་སོ། །རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །སྟོང་པ་ཉིད་ཀྱི་གཟུགས་བརྙན་ལ་སེམས་བརྟན་ནས་གཟུགས་བརྙན་དེ་ལས་སྣང་གི་སྟེང་དུ་ཁྲིད་པས། དེ་དག་ཀྱང་འབྱུང་བའི་རླུང་རེངས་པའི་དག་པའི་སྟོང་གཟུགས་དེ་ཉིད་དུ་འགྱུར་བ་ཡིན་ནོ། །ཐུན་མོང་གི་ཕན་ཡོན་དགུ་སྟེ། ཀུན་རྫོབ་ལུས་ཀྱི་རང་བཞིན་སྒྱུ་མར་རྟོགས་པར་འགྱུར་བ་དང་། ལུས་ཀྱི་མངོན་ཞེན་བཟློག་པ་དང་། བསྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་དང་། སྣང་བའི་བདེན་ཞེན་བཟློག་པ་དང་། ཆོས་བརྒྱད་མགོ་སྙོམས་པ་དང་། རྒྱུ་ལམ་འབྲས་བུ་ཐམས་ཅད་སྒྱུ་མར་རྟོགས་པ་དང་། བདག་བྱིན་གྱིས་རློབ་པ་དང་། ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འགྱུར་བའོ། །གྲུབ་པའི་དུས་ན་དུ་བ་ལ་སོགས་པ་དེ་དག་དངོས་ཀྱི་བྱ་བ་བྱེད་པར་ནུས་པ། ཕྱག་རྡོར་གྱིས། གྲུབ་པའི་དུས་ན་གང་ཞིག་འཇིག་རྟེན་པའི་དུ་བ་ལ་སོགས་དང་། སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། དངོས་སུ་དུ་བ་དང་འབར་བར་བཤད་པ་ལ་སོགས་པས་བསྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གུར་ཀུམ་དང་། མེ་ཏོག་དང་། རིན་པོ་ཆེ་དང་། གསེར་གྱི་ཆར་ཡང་ངོ་། །ཞེས་གསུངས་སོ། །དེ་དུས་རི་མོར་བྲིས་པའི་བ་ལས་འོ་མ་འཇོ་བར་ནུས་སོ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་གྱུར་པ། །སྒྱུ་མ་ལྟ་བུར་ཉེ་བར་བརྟག །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། པགས་པའི་ཕྱོགས་ལ་འཇུག་པའི་རྣམ་པར་ཤེས་པ་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་དམིགས་པའི་དུས་སོ་སོར་རྟེན་དེ་དག་གི་སྟེང་དུ་སེམས་གཡོ་བ་མེད་པར་བཞག་ན། མིག་ལ་སོགས་པའི་རྩ་རྣམས་ཉིད་ཀྱི་ལས་ཀྱི་རླུང་ཡེ་ཤེས་རླུང་དུ་འདག་པས། མིག་ནི་རིམ་གྱི་སྤྱན་ལྔར་འགྱུར་ཏེ། ལས་དང་པོ་པ་མངོན་པར་ཤེས་པ་མེད་པས་ཤའི་མིག་གི་སྣ་ཚོགས་མཐོང་སྟེ། །ཁྱི་ལ་སོགས་པའི་མིག་གིས་གཟུགས་མཐོང་བ་བཞིན་སྤྱན་གོང་མ་བཞི་ལ་བལྟོས་ནས་དམན་པའོ། །དེ་ནས་མངོན་པར་ཤེས་པ་ཐོབ་པའི་མཚམས་ནས་ལྷའི་མིག་གིས་ཕྲ་བ་དང་ཆོད་པ་ལ་སོགས་པའི་གཟུགས་མཐོང་བ་བཞིན་དུ་ལྐོག་ཏུ་གྱུར་པའི་དོན་མཐོང་ཞིང་གཞན་གྱི་སེམས་ལ་སོགས་པ་མངོན་སུམ་དུ་ཤེས་སོ། །དེས་ན་འདོད་ཆགས་དང་བྲལ་བའི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་མཐོང་སྟེ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་གཞན་གྱི་སེམས་དང་རྟོག་པ་ལ་སོགས་པ་མངོན་སུམ་དུ་ཤེས་པ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱི་མཐོང་སྟེ་ས་ཐོབ་རྣམས་ཀྱི་དྲི་མ་རྣམ་པར་དག་པའི་སྤྱན་གྱིས་ཆོས་ཅན་དང་ཆོས་ཉིད་མཐོང་བ་བཞིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་དབང་གིས་ཡེ་ཤེས་ཀྱིས་མཐོང་སྟེ་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པ་དང་། ཉོན་མོངས་པ་དང་། ཤེས་བྱ་དང་། སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བ་སྟེ་ཡེ་ཤེས་གཞི་ལ་ཡོད་པའི་ཕྱིར་ཡེ་ཤེས་ཀྱི་སྤྱན་ནོ། །རྡོ་རྗེ་སྙིང་འགྲེལ་ལས། དང་པོའི་ལས་ཅན་རྣལ་འབྱོར་ལ། །དང་པོར་ཤ་ཡི་མིག་ལྡན་འགྱུར། །དེ་ནས་དེ་ཡི་ལྷ་ཡི་སྤྱན། །ཇི་ལྟར་ལྷ་ཡི་དེ་བཞིན་དང་། །དེ་བཞིན་སངས་རྒྱས་སྤྱན་དུ་འགྱུར། །ཉན་ཐོས་རྣམས་ཀྱི་ཇི་བཞིན་ནོ། །དེ་བཞིན་དུ་ནི་ཤེས་རབ་སྤྱན། །བྱང་ཆུབ་སེམས་དཔའ་ཇི་བཞིན་ནོ། །དེ་ནས་དེ་ཡི་ཡེ་ཤེས་མིག །བདེ་གཤེགས་ལ་སོགས་ཇི་བཞིན་ནོ། །སངས་རྒྱས་ལ་སོགས་ཇི་བཞིན་ཏེ། །རྣམ་པ་བཞི་པའི་ཡེ་ཤེས་ལ། ཡོད་ཕྱིར་དེས་ན་ཡེ་ཤེས་མིག །ཤེས་དང་ཤེས་བྱའི་རྣམ་དབྱེ་བས། །དངོས་པོ་གཉིས་སུ་གང་མཐོང་བ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་གང་། །དེ་ནི་ཡེ་ཤེས་སྤྱན་མིག་བརྗོད། །ཅེས་གསུངས་སོ། །གཞན་ཡང་ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང་། རྫུ་ཕྲུལ་གྱི་བྱ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་སྟེ་མངོན་པར་ཤེས་པ་དྲུག་ཐོབ་ནས། གང་གང་དབང་པོའི་ལམ་གྱུར་ཉིད། །དེ་དེའི་རང་བཞིན་ཉིད་ལས་གྲོལ། །དོན་དམ་ཉིད་ཕྱིར་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་ངོ་བོར་འགྱུར། །དབང་པོ་རྣམས་སྦྱངས་པས་མིག་གི་དབང་པོས་ཀྱང་སྒྲ་ཐོས་དྲི་འཛིན་རོ་མྱང་རེག་བྱ་ཚོར་བར་འགྱུར་ལ། དེ་བཞིན་དུ་རྣ་བས་གཟུགས་མཐོང་བ་སོགས་ཀྱང་ཤེས་པར་བྱའོ། །དེའི་ཚེ་ཇི་ལྟར་སེམས་མཉམ་པར་བཞག་པ་བཞིན་དུ་བདག་གི་སྟན་གྱི་སྟེང་དུ་མི་སྣང་བར་འགྱུར། ནམ་མཁའ་ལ་མངོན་པར་འཕགས་ཏེ་སྤྱོད་ལམ་རྣམ་པ་བཞི་བྱེད། ལུས་ཀྱི་སྟོད་ནས་མེ་འབར། སྨད་ནས་ཆུ་གྲང་མོའི་རྒྱུན་འབབ། རྫུ་ཕྲུལ་གྱི་ཡུལ་རྣམ་པ་མང་པོ་མྱོང་བར་བྱེད་པ་ཡིན། གཅིག་ཏུ་གྱུར་ནས་མང་པོར་འགྱུར། །མང་པོར་གྱུར་ནས་གཅིག་ཏུ་འགྱུར། །སྣང་བར་གྱུར་ཅིང་མི་སྣང་བར་ཡང་འགྱུར། །རྩིག་པ་དང་། ར་བ་དང་། རི་ལ་ཐད་ཀར་འགྲོ། ནམ་མཁའ་ལ་འཕུར་ཏེ་འདབ་ཆགས་བྱ་བཞིན། ས་ལ་ཡང་བྱེའུ་འཛུལ་བྱེད་དེ། ཆུ་ལ་བྱ་བཞིན་ཆུ་ལ་མི་ནུབ་ཏེ་ས་ལ་བཞིན། དུ་བ་འཐུལ་བར་བྱེད། འབར་བར་ཡང་བྱེད་དེ་མེའི་ཕུང་པོ་བཞིན། ལུས་ལས་ཆུ་རྒྱུན་ཆེན་པོ་འབྱིན་ཏེ་སྤྲིན་བཞིན། ཆུའི་རྒྱུན་དེས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བསྲེགས་ཤིང་ཚིག་པ་ཞི་བར་བྱེད། ཟླ་བ་དང་ཉི་མ་འདི་ལྟར་རྫུ་ཕྲུལ་ཆེ་བ་མཐུ་ཆེ་བ་གཟི་བརྗིད་ཆེ་བ་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད། ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱིས་མངོན་པར་དབང་བསྒྱུར་བར་བྱེད་དོ། གསུམ་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་ནི། ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པའི་ལྷུན་གྱིས་གྲུབ་པའི་སྦྱོར་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། གཟུགས་བརྙན་དང་མཉམ་པ་ཉིད་དང་། རྐྱེན་གྱིས་མ་བརྩམས་པ་དང་། ཕྱི་ནང་གི་ཡུལ་རྣམ་པར་དབེན་པ་དང་། སེམས་ཀྱི་ཕྱི་རོལ་ཏུ་ལྟ་བས་མཚན་མ་མེད་པའི་བྱིན་གྱིས་རླབས་དང་ལྡན་པ་རྣམས་རིམ་གྱིས་སའི་རིམ་པའི་ཏིང་ངེ་འཛིན་གྱི་ཡུལ་ལ་རྗེས་སུ་འཇུག་པ་དང་། ཁམས་གསུམ་དག་གི་སེམས་སྒྱུ་མར་ཤིན་ཏུ་མོས་པས་རབ་ཏུ་སྒོམ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་བའོ། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །སྟོང་པའི་གཟུགས་བརྙན་ཙམ་དེ་དག་ལ་གཏད་དེ། སེམས་ཀྱི་གནས་ལུགས་མ་བཅོས་པའི་ངང་ཉིད་དུ་ལྷུག་པར་གནས་པས་སྒྱུ་མ་ཙམ་དུ་འཛིན་པ་དེ་དག་ཀྱང་དག་སྟེ་མཐའ་བྲལ་སྒྱུ་མ་མངོན་དུ་འགྱུར་རོ། །བདག་བྱིན་རླབས་ལས། ཡོད་ཅེས་རྟོག་པ་ཇི་སྙེད་པ། །དེ་ཉིད་རྟག་པའི་ལྟ་བ་སྟེ། །ཡོད་པར་མངོན་པར་ཞེན་པས་ན། དེ་ཡང་སྒྱུ་མའི་མཚན་ཉིད་མིན། །མེད་ཅེས་རྟོག་པ་ཇི་སྙེད་པ། །དེ་ཉིད་ཆད་པའི་ལྟ་བ་སྟེ། །ཆད་པར་མངོན་པར་ཞེན་པ་ན། །དེ་ཡང་སྒྱུ་མའི་མཚན་ཉིད་མིན། །དབུས་སུ་རྟོག་པ་ཇི་སྙེད་པ། །མཐའ་གཉིས་མངོན་པར་ཞེན་པས་ན། དེ་དག་གཉིས་སུ་ལྟ་བ་སྟེ། །དེ་ཡང་སྒྱུ་མའི་མཚན་ཉིད་མིན། །ཞེས་མཐའ་བྲལ་དགོས་པར་གསུངས་ཤིང་། དེས་སྒྱུ་མར་འཛིན་པ་འཇིག་པའང་། དྲི་མེད་འོད་ལས། སྡིག་པ་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་དག་དེ་ཉམས་བྱེད། །དེ་བཞིན་རྣལ་འབྱོར་གང་གི་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པ་ཡིན། །ཞེས་པས་སྣང་བ་མེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཉིད་ལ་གནས་པ་ལས་རྨི་ལམ་ཙམ་དུ་རྗེས་སུ་ཐོབ་པ་སྐྱེ་བ་དང་། བྱ་བ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་རྡོ་རྗེའི་གཟུགས་ལྟ་བུས་དེ་བཞིན་གཤེགས་པའི་སྐུའི་རྗེས་སུ་སོང་བ། དེ་བཞིན་གཤེགས་པ་ཉིད་ཀྱི་སྤྲུལ་པ་དང་། སྟོབས་དང་། མངོན་པར་ཤེས་པ་དང་། དབང་དང་། སྙིང་བརྩེ་བ་དང་། སྙིང་རྗེས་དང་། ཐབས་ཀྱིས་བརྒྱན་པ། སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་བའི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་ནས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཁམས་གསུམ་སྒྱུ་མ་ཙམ་དུ་སྣང་བའམ་རིམ་གྱིས་གནས་འཕོས་པའི་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་པར་འགྱུར་རོ། །དེའང་རྟོག་པ་ཀུན་ལས་བཏུས་ལས། དག་པའི་སེམས་ནི་བཟུང་གྱུར་ནས། །རྡོ་རྗེའི་ལུས་ནི་རྣམ་བསྒོམས་པས། །བརྟན་ལུས་ཁོང་སྟོང་མ་ཡིན་པ། །རྡོ་རྗེའི་སྐུ་ནི་དེས་ཐོབ་འགྱུར། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཡོན་ཏན་རྒྱ་མཚོར་རབ་ཟབ་ཐུགས་རྗེ་ཅན། །མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག །ཅེས་དང་། བརྒྱད་སྟོང་པ་ལས། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ། །མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་གཞན་ཞིག་ཀྱང་། དེའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ། །ཞེས་སོ། །བརྒྱད་སྟོང་འགྲེལ་ཆེན་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ། ཞེས་གསུངས་པ་དེའི་ཕྱིར། དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུ་རབ་ཏུ་བཤད། །སྐུ་དེའི་མཚན་ཉིད་དམིགས་པ་མེད་པའི་དོན་དམ་བདེན་པ་དང་། དམིགས་པ་དང་བཅས་པའི་ཀུན་རྫོབ་ཀྱི་བདེན་པ་ཟུང་དུ་འཇུག་པར་བཤད་པས་ཟུང་འཇུག་གི་ཞེས་བྱའོ། །དེ་ཡང་། ཀུན་ནས་ཕྱག་དང་ཀུན་ནས་ཞབས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་སྙན་ལྡན་འཇིག་རྟེན་ན། །ཀུན་ཏུ་ཐམས་ཅད་གཡོགས་ནས་བཞུགས། །དཔའ་བར་འགྲོ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་དུ། །གཙུག་ཏོར་དང་། སྙན་དང་། བ་སྤུའི་བུ་ག་ཚུན་ཆད་ཀྱིས་ཀྱང་ལེན་པའི་བྱ་བ་བྱེད་པས་ན་ཀུན་ནས་ཕྱག་དང་། འགྲོ་བའི་བྱ་བ་བྱེད་པས་ཀུན་ནས་ཞབས། གཟིགས་པའི་བྱ་བ་བྱེད་པས་ཀུན་ནས་སྤྱན། དབུའི་བྱ་བ་བྱེད་པས་ཀུན་ནས་དབུ། སྨྲ་བའི་བྱ་བ་བྱེད་པས་ཀུན་ཞལ། ཉན་པའི་བྱ་བ་བྱེད་པས་ཀུན་ནས་སྙན་ཏེ། ལུས་ཐམས་ཅད་སྒྲིབ་བྲལ་དུ་དག་པས་དབང་སོགས་རེ་རེའང་དོན་ཐམས་ཅད་ལ་འཇུག་པས་དབང་པོ་ཐམས་ཅད་པ་ཡིན་ཏེ་ཀུན་ཏུ་ཐམས་ཅད་གཡོགས་པའམ་ཁྱབ་པ་ཞེས་བྱའོ། །རྡོ་རྗེ་ཐེག་པ་འདི་ཉིད་དུ། །མང་དུ་བཤད་པ་སྨོས་ཅི་དགོས། །དུས་ཀྱི་འཁོར་ལོ་ལས། དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་སྐྱེས་བུ་དཔེ་ཟླ་མེད་ཅིང་ཐམས་ཅད་དུ་འགྲོ་སྤྲོས་པ་མེད། །བརྩེགས་པ་ལ་གནས་རྣ་བ་སྣ་དང་ཁ་དང་མིག་དང་མགོ་སྟེ་ཐམས་ཅད་ནས་ནི་ཕྱག་དང་ཞབས། །འགྱུར་བའི་མཐའ་སྟེ་འབྱུང་བའི་མགོན་པོ་སྲིད་པ་གསུམ་པོ་མཆོག་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གི་བགྲོད་བྱས་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཞེས་དང་། བརྟག་གཉིས་ལས་ཀྱང་། གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །ཅེས་བྱ་བ་ལ་སོགས་པ་མང་དུ་གསུངས་པའི་ཕྱིར་རོ། །སྤྱོད་བསྡུས་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ཀྱིས་ཀྱང་ཇི་སྲིད་དུ་དོན་དམ་པའི་བདེན་པ་མངོན་པར་རྟོགས་པ་ཐོབ་པ་མ་ཡིན་པ་དེ་སྲིད་ཀྱི་བར་དུ་ནི་ཕྱིར་ལྡོག་པར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་སྣང་བ་གསུམ་རྣམ་པར་དག་པར་མ་གྱུར་པ་དེ་སྲིད་དུ་ནི་རྣམ་པར་ཤེས་པའི་ཀུན་ཏུ་རྟོག་པའོ། །ཇི་སྲིད་དུ་ཀུན་ཏུ་རྟོག་པ་དེ་སྲིད་དུ་ནི་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་ནོ། །ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་གྱིས་ནི་ཡང་སྲིད་པར་འགྱུར་བ་ཡིན་ལ། གང་སེམས་པ་གཞན་དག་དང་བྲལ་བ་དེ་ནི་རྣམ་པར་དག་པའི་གནས་ཏེ། ཞེས་གསུངས་པ། སེམས་ཀྱི་གནས་ལུགས་མ་རྟོགས་པའི་གནས་སྐབས་ཐམས་ཅད་ན་ཡང་སྲིད་པར་ལྡོག་ལ། ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་འདིར་སྒྱུ་ལུས་ཉིད་ཀྱི་མཐར་ཐུག་པའི་སྒྱུ་མ་མངོན་དུ་བྱེད་པའི་ཚུལ་བཤད་དེ། དོན་དམ་པ་ལ་སྒྲིབ་པའི་སྒྱུ་མའི་སྣང་བ་ཙམ་ཡང་ཡོངས་སུ་སྦྱང་བས་སོ། །དེ་སྦྱངས་ན་དོན་དམ་པ་ཅི་ནས་མི་མཐོང་སྟེ་སྒྲིབ་པའི་གཡོགས་མ་དང་བྲལ་བ་དང་ཡེ་ཤེས་ཀྱི་མིག་དང་ལྡན་པའི་ཕྱིར་རོ། །རྡོར་འཕྲེང་ལས། བདག་བྱིན་བརླབ་ཅེས་མ་གཏོགས་པ། །རིན་ཆེན་འདི་དག་གཞན་ན་མེད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་བཞིན་རྣམ་དག་འོད་གསལ་བའོ། །ཞེས་སོ། །བཞི་པ་རྨི་ལམ་ལམ་གྱི་དྲོད་ཚད་ལ། ཆོས་ཐམས་ཅད་རྨི་ལམ་དང་མཚུངས་པར་བསྟན་ཏེ་རྨི་ལམ་གྱི་གདམས་པ་ལམ་དུ་འཁྱེར་བ་གཉིས་ལས། དང་པོ་ནི། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། །རང་བཞིན་དག་པའི་དེ་ཉིད་ལ། །འཁྲུལ་པ་ལོག་པར་རབ་ཏུ་གསུངས། །ཇི་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱི་རླུང་རྣམས་སྙིང་གར་འདུ་བ་ན། གཉིད་ཀྱི་སྦྱོར་བའི་སྣང་བ་སྣ་ཚོགས་པ་སྣང་མཆེད་དང་འདྲ་བས་སྣང་མཆེད་དུ་བཏགས་པ་དེ་ལ་ཐིམ་ཞིང་། དེའང་ཉེར་ཐོབ་ཏུ་བཏགས་པའི་མུན་པ་ཅན་གྱི་རླུང་གིས་ཟིལ་གྱིས་མནན་པའི་སེམས་ཉེར་ཐོབ་དང་འདྲ་བ་གཉིད་ཀྱི་དངོས་གཞི་དེ་ལ་ཐིམ་ཞིང་། དེ་ལས་མུན་པ་དང་བྲལ་ཞིང་རྟོག་པ་མེད་པའི་ཤེས་པ་སྐད་ཅིག་མ་འོད་གསལ་འབྱུང་ལ། དེ་ལས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འབྱུང་སྟེ། རྨི་ལམ་དེའང་རང་བཞིན་གྱིས་སྟོང་ཡང་རང་བཞིན་ཅན་ལྟར་སྣང་ནས་རང་དང་མཐུན་པའི་བྱ་བ་སྣ་ཚོགས་བྱེད་ནུས་ལ། ཆོས་ཐམས་ཅད་དེ་བཞིན་ཏེ། དེའི་ཕྱིར་རྨི་ལམ་གྱི་སྒོ་ནས་ཆོས་ཐམས་ཅད་ཀྱང་གཟུགས་བརྙན་ཙམ་གྱི་ལྷའི་སྐུར་སོ་སོ་རང་གིས་རིག་པར་བྱའོ། །དེའང་གསང་འདུས་ལས་ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་ཀྱི་སེམས་དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་རྡོ་རྗེའི་གནས་ལྟ་བུ་སྟེ། བྱང་ཆུབ་ཀྱི་སེམས་དེའང་ལུས་ལ་མི་གནས། ངག་ལ་མི་གནས། སེམས་ལ་མི་གནས་སོ། །ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་སྐྱེ་བའང་མེད་དེ་འདི་ནི་ཡེ་ཤེས་འབྱུང་བའི་རྡོ་རྗེའི་གནས་དེ་ཡིན་ནོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྨི་ལམ། འདི་ནི་བདག་གིས་ཁམས་གསུམ་དུ་རྨི་ལམ་མཐོང་བར་བྱེད་དོ་སྙམ་དུ་མི་སེམས་མོ། །རྨིའང་བདག་གིས་མཐོང་ངོ་སྙམ་དུ་མི་སེམས་ཏེ་ཁམས་གསུམ་གྱི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་བུ་རྨི་ལམ་དང་འདྲ་བར་རྨི་ལམ་ལས་བྱུང་བའོ་ཞེས་དང་། གཞན་ཡང་། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་རྣམས། །ཤེས་པ་གཉིས་པོ་དེ་འདིར་རབ་བསྡུས་ནས། །སྟོང་ཆེན་གྱུར་པ་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར། །ཀུན་ཏུ་བརྟགས་པས་རྨི་ལམ་འབྲས་འདོད་པ། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང་། །ས་ཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་རླུང་ནི་སླར་ཡང་འཇུག་པ་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོ་འགྱུར། །ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། །དེ་ཡི་སྐུ་ལ་ཤ་རུས་རྐང་མེད་ཀྱང་། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ཡིན། །རིམ་པ་དེ་བཞིན་གཉིད་ལོག་སད་པའི་སེམས། །འབྲས་བུ་འདོད་པའི་རྣམ་རྟོག་དྲ་བ་ཅན། །དེ་བས་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །བདེན་དང་བརྫུན་པ་དག་ཀྱང་ཡོད་མ་ཡིན། །ཞེས་སོ། །གཉིས་པ་དེ་རྨི་ལམ་གྱི་གདམས་པས་ཉམས་སུ་བླང་བ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དོན་བཞིས་ཉམས་སུ་བླང་བར་བྱ། །དོན་རྣམ་པ་བཞི་གང་ཞེ་ན། དང་པོ་རྨི་ལམ་གཟུང་བ་དང་། དེ་ནས་སྦྱང་ཞིང་སྒྱུ་མར་བསླབ། །དེ་ཚེ་ཡ་ང་སྤང་བ་དང་། །ཁོ་ན་ཉིད་དོན་བསྒོམ་པའོ། །མགྲིན་པར་རྣམ་རྟོག་ལས་རླུང་དང་ལྷན་ཅིག་མངོན་པར་འདུ་བྱེད་པ་ཤིན་ཏུ་འཁྲུལ་པའི་གནས་སྐབས་དང་། དེར་རླུང་སེམས་འཆིངས་པས་ཉམས་ཀྱི་སྣང་བ་ཅི་རིགས་པར་འཆར་བའི་གནས་སྐབས་དང་། དེ་སྟོབས་ཀྱིས་དབུ་མར་སྲོག་ཆུད་པས་དག་པའི་སྣང་བ་འབྱམས་ཀླས་པར་འཆར་བའི་གནས་སྐབས་དང་། སྲོག་ཆོས་ཉིད་ཀྱིས་དབུ་མར་ཐིམ་པས་ཆོས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་འཆར་བའི་གནས་སྐབས་བཞི་ཡོད་པའི་ཕྱིར་རིམ་པ་བཞིན་ལམ་ལའང་གཟུང་བ་ལ་སོགས་པ་བཞིར་བཤད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། རྨི་ལམ་གཟུང་བ། རྨི་ལམ་སྦྱང་བ། རྨི་ལམ་སྒྱུ་མར་བསླབ་པ། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་བཞི་ལས། དང་པོ་ལ། འདུན་པའི་སྟོབས་ཀྱིས་འཛིན་པ། རླུང་གི་སྟོབས་ཀྱིས་འཛིན་པ། དམིགས་པའི་སྟོབས་ཀྱིས་འཛིན་པ་གསུམ་ལས། དང་པོར་གཟུང་བའི་མན་ངག་ནི། །དྲན་དང་འདུན་པས་མཚམས་སྦྱར་ཏེ། །ཞེས་པས། མངོན་པར་བྱང་ཆུབ་པའི་ཕྱོགས་ཀྱི་ཆོས་ཐམས་ཅད་དྲན་པ་དང་ཤེས་བཞིན་གྱི་རྩ་བ་ཅན་ཡིན་པས་དྲན་པ་རྒྱུན་ཆགས་འཛིན་འདོད་ཀྱི་འདུན་པ་རྗེས་འབྲང་དུ་བྱས་པས་ཟིན་པར་འགྱུར་ཏེ། རྨི་ལམ་ནི་བག་ཆགས་ཀྱི་ལུས་ཡིན་པའི་ཕྱིར་དང་། དཀོན་བརྩེགས་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་སོ། །གཉིས་པ་རླུང་གི་སྟོབས་ཀྱིས་འཛིན་པ་ནི། རྣམ་ཤེས་སྲོག་ནི་འདུ་བའི་རྟེན། མགྲིན་པར། འགྲིན་པར་རླུང་སེམས་ཞུགས་པའི་བྱེད་ལས་ཀྱི་རྨི་ལམ་གྱི་སྣང་བ་བསྐྱེད་པ་ལྟར་མགྲིན་པར་རླུང་སེམས་ཟིན་ན་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་འབྱུང་བའི་ཕྱིར། རླུང་གི་གནད་ཀྱིས་མགྲིན་པར་རླུང་བཅིང་བ་དང་། ཐབས་ཀྱི་གནད་ཀྱིས་རྣམ་པར་ཤེས་པའི་རྟེན་ཐིག་ལེ་མི་གཡོ་བར་བཅིངས་པ་དང་། འདུག་སྟངས་ཀྱི་གནད་གཡས་འོག་ཏུ་བཅུག་པའི་ལག་པ་གང་ཡང་རུང་བའི་མཐེབ་སྲིན་གྱིས་མགྲིན་པའི་རྦ་རླབས་ཧ་ཅང་མི་དྲག་ཙམ་མནན་ནས་ཉལ་བར་བྱའོ། །གསུམ་པ་དམིགས་པའི་སྟོབས་ཀྱིས་འཛིན་པ་ནི། སྔགས་ཀྱི་འཁོར་ལོ་བསྒོམ། མགྲིན་པར་རླུང་སེམས་བརྟན་པར་བྱེད་ནུས་ན་རྨི་ལམ་གྱི་གནས་སྐབས་སུ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དུ་དག་པར་བྱེད་ནུས་ཤིང་། དེ་འདྲ་བའི་འབྲས་བུ་དེ་ཉིད་ལམ་དུ་བྱེད་པའི་ཕྱིར། ལུས་ལྷར་གསལ་བའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་ཨོཾ། མཐར་ཨ་ནུ་ཏ་ར་བཞིས་བསྐོར་བའི་སྔགས་ཀྱི་འཁོར་ལོའམ། ཡང་ན་གསུང་རྡོ་རྗེའི་རང་བཞིན་གྱི་ཨཱཿཡིག་དམར་པོ་ལ་ཆེད་དུ་དམིགས་པའི་བསམ་གཏན་གྱིས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པའམ་ཟིན་པར་འགྱུར་རོ།། སླར་ཡང་རླུང་དང་ཤེས་སྦྱར་ནས། །ཐིག་ལེ་བཏིང་དང་བགོ་བར་བྱ། །གལ་ཏེ་མ་ཟིན་ན་སྤོགས་པའི་ཆོ་ག་བྱ་སྟེ། རླུང་བུམ་པ་ཅན་བདུན་དང་། འདུན་པ་བཅུ་གཅིག །དམིགས་པ་སྨིན་དབུས་ཀྱི་ཁམས་དང་བསྟུན་པའི་ཐིག་ལེའི་ནང་དུ་ཤེས་པ་བཅུག་པ་ཐིག་ལེ་གོས་སུ་བགོ་བ་ཞེས་བྱའོ།། དེས་ཀྱང་མ་ཟིན་ན་གསང་གནས་ཀྱི་མཐར་ཐིག་ལེ་ནག་པོ་བལྟས་པའི་རྩེར་དམིགས་ཏེ་རླུང་དང་འདུན་པ་ཉི་ཤུ་རྩ་གཅིག་གིས་ཟིན་པར་འགྱུར་ཏེ། ཐིག་ལེ་གདན་དུ་བཏིང་བ་ཞེས་བྱའོ། །གལ་ཏེ་སད་འབྱམས་དང་། དྲེད་འབྱམས་དང་། སྟོང་འབྱམས་དང་། སྡུག་འབྱམས་བྱུང་ན་ཁྲིད་ཡིག་བཞིན་གྱིས་བསལ་བར་བྱ་བ་ཤུགས་ཀྱིས་བརྟན་ནོ། །གཉིས་པ་སྦྱང་བ་ནི། དེ་ནས་སྦྱང་བའི་མན་ངག་ནི། །ངོ་མཚར་ཅན་གྱི་རྨི་ལམ་གང་། རྨི་བར་བྱའོ་སྙམ་པའི་བློས། ཟིན་ནས་གང་ལ་སྦྱང་བར་འདོད་པ་དེའི་འདུན་པ་གཏོང་བའོ། །དཔེར་ན་རྨི་ལམ་བུད་མེད་སྣང་། །སད་ནས་བུད་མེད་མང་པོར་སྦྲོ། །རྨི་ལམ་དུ་བུད་མེད་ལྟ་བུ་གཅིག་རྨིས་ན། དེ་རྨི་ལམ་དུ་ངོ་ཤེས་ནས་བུད་མེད་གཉིས་ལ་སོགས་པ་ནས་མང་པོར་བསྒྱུར་བ་རིགས་འདྲ་གཉེན་པོར་གཏོང་བ། དེས་མཚོན་ནས། དེར་ཤེས་པ་ཡི་དབང་གིས་སུ། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །མེ་དང་། ཆུ་དང་། གཡང་དང་། དུག་དང་། །མེ་མཚོན་ལ་སོགས་པ་གང་མི་ཕོད་པ་ལ་ཐོག་བརྫིས་བྱས་ཤིང་རྩལ་སྦྱོང་བ་དང་། ཆུ་རྨི་ན་མེ་སྤྲུལ་ཏེ་སྐམ་པ་དང་། མེ་རྨི་ན་ཆུས་ཞི་བར་བྱེད་པ་དང་། ཆུང་ངུའི་གཉེན་པོར་ཆེན་པོ་གཏོང་བ་དང་། བདུད་དང་མུ་སྟེགས་ལ་སོགས་པའི་གཉེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་རྨད་དུ་བྱུང་བ་སྤྲུལ་ཏེ་གཞོམ་པ་མཆོག་དམན་གྱི་གཉེན་པོ་སྟེ། ཐེག་དམན་ལྟར་གཉེན་པོས་ཆེད་དུ་སྤོང་བའི་ལམ་མ་ཡིན་ཡང་། །ནད་དང་སྨན་གྱི་འཕྲོད་ལྟར་སྤང་གཉེན་གྱི་སྦྱོར་ཚུལ་མཐའ་ཡས་པ་ཤེས་པས་ཐབས་ལ་མི་རྨོངས་ཤིང་སྤང་གཉེན་བྱར་མེད་ཀྱི་གསང་རིག་ནས་འཁྲུལ་པ་ལ་རྩལ་སྦྱངས་པས་འཁྲུལ་མེད་ལ་ངེས་པ་རྙེད་པར་འགྱུར་ཏེ། །ལྭ་བ་པས། རྣལ་འབྱོར་པ་ཡི་གང་ཟག་ལ། །འཁྲུལ་པ་ཡིས་ཀྱང་དོན་བྱེད་དེ། །དཔེར་ན་རྨི་ལམ་གནས་སྐབས་བཞིན། །ཞེས་སོ། །དེ་ནས་རྡོ་རྗེ་གདན་དང་། ཨོ་ཌི་ཡ་ན་དང་། དགའ་ལྡན་དང་། བདེ་བ་ཅན་དང་། མངོན་པར་དགའ་བ་སོགས་སངས་རྒྱས་ཀྱི་ཞིང་དུ་བགྲོད་པའི་འདུན་པ་བཏང་ནས། རྨི་ལམ་ངོ་ཤེས་པའི་གནས་སྐབས་དེར་འདུན་པ་བསྒྱུར་བས་ཞིང་དེ་དག་ཏུ་བགྲོད་དེ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཚོགས་ཆེན་པོས་མདུན་དུ་བདར་བ་མཐོང་སྟེ། ལེགས་པར་གོམས་ནས་བདག་ཉིད་བཞེད་པ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཞིང་དུ་གཤེགས་པར་བྱེད་དོ། །དེའང་འདུས་པ་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །ཞིང་ན་བཞུགས་པ་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་འཆད་ཡིད་དུ་འོང་བ་གསོལ། །ཆོས་ཀྱི་འཁོར་ལོ་སྒྱུར་བའི་ལུས། །སེམས་ཅན་ཀུན་གྱིས་ཡོངས་བསྐོར་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བས་མཐོང་བར་འགྱུར། །ཞེས་གསུངས་སོ། །འགའ་ཞིག་གི་འདོད་པས། ཡུན་རིང་པོར་གཉིད་ལོག་ནས་ལུས་ཀྱི་ཁོག་པ་བོར་ཏེ་རྨི་ལམ་དུ་སུམ་ཅུ་རྩ་གསུམ་ལ་སོགས་པའི་གནས་སུ་སོང་ནས་འདོད་པ་བསྒྲུབས་ཏེ་ཡང་ལུས་འདིར་འོངས་ནས་རྨི་ལམ་དགེ་བ་དང་མི་དགེ་བའི་འབྲས་བུ་ཐོབ་པར་བྱེད་དོ་སྙམ་མོད། །དེ་ནི་བདེན་པར་མེད་པའི་དཔེར་རྨི་ལམ་སྨོས་པ་ལ་བདེན་ཞེན་གྱི་སྨྲ་བར་ཟད་དོ། །འོ་ན་གང་ཡིན་ཞེ་ན། ཇི་ལྟར་པྲ་ཕབ་པའི་བུ་མོས་ཤེལ་ལ་སོགས་པའི་ནང་དུ་ཅིའང་མཐོང་མོད། མཐོང་ཡང་དེར་དེ་དག་འོངས་པའང་མེད་ལ། བུ་མོའི་སེམས་ཀྱིས་དེ་དང་དེ་དག་ཏུ་ཕྱིན་པའང་མེད་ཀྱང་། སྔགས་དང་ཤེལ་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་སྣང་བ་ཙམ་ཡིན་པ་བཞིན་དུ། འདུན་པའི་བག་ཆགས་ཀྱི་ཉེར་ལེན་དང་། རླུང་གིས་ལྷན་ཅིག་བྱེད་པའི་རྐྱེན་ལས་རྨི་ལམ་ཙམ་དུ་སྣང་བ་ཡིན་གྱི། དེར་ལུས་བཞག་ནས་བགྲོད་པ་ལ་སོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་དང་། ད་ལྟར་གྱི་སྣང་བ་འདིའང་མཚུངས་ཏེ། བདེན་པའི་ངོ་བོ་མེད་པ་ཞེས་བྱའོ། །དེ་ལྟར་རྗེ་བཙུན་གྱིས། ལར་རྨི་ལམ་དང་མངོན་སུམ་གང་ལ་ཡང་། །བདེན་པར་བཟུང་ན་འཁྲུལ་པ་ཡིན། །སྒྱུ་མར་ཤེས་ན་ལམ་དུ་འགྲོ། །ཁྱོད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །ཅེས་སོ། གསུམ་པ་རྨི་ལམ་སྒྱུ་མར་བསླབ་པ་ནི། གསུམ་པ་སྒྱུ་མར་བསླབ་པ་ནི། །བདག་མེད་མ་ཡི་རྣམ་པར་བསྒོམ། །དེ་ཡི་སྤྲུལ་པ་རྣམ་མང་པོས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། །ཁེངས་པར་གྱུར་པ་རབ་བལྟས་ན། །དེ་བཞིན་དུ་ནི་འགྱུར་བ་ཡིན། །བདག་ཉིད་བཅོམ་ལྡན་འདས་མ་བདག་མེད་མའམ། དེས་མཚོན་ནས་ལྷག་པའི་ལྷ་གང་ཡིན་པ་ཞིག་སྒྱུ་ལུས་ཀྱི་དུས་སུ་མཚན་ཉིད་བཤད་པ་བཞིན་གསལ་བཏབ། དེ་ཐེབས་པ་དང་གང་སྣང་ཞིག་དེ་བཞིན་དུ་བསྒོམས་ཏེ་མཐར་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམས་པས་ཡིད་ཀྱིས་བཏགས་པ་དེ་ལྟ་བུར་ཡིད་ལ་འཆར་བར་འགྱུར་ཏེ། འདུས་པར། དེ་ལ་འདི་ནི་རྨི་ལམ་ཆེན་པོའི་དམ་ཚིག་གི་གནས་ཏེ། བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པས། །སངས་རྒྱས་འོད་ནི་བཟང་པོ་མཐོང་། །སངས་རྒྱས་ལོངས་སྤྱོད་རྫོགས་པ་ཡི། །སྐུར་ཡང་བདག་ཉིད་མྱུར་དུ་མཐོང་། །སེམས་དཔའ་ཆེན་པོ་ཁམས་གསུམ་པས། །མཆོད་པར་བྱེད་པ་དེས་མཐོང་ངོ་། །ཡེ་ཤེས་ཆེན་པོ་འོད་འདྲའི་གཟུགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །རྟག་ཏུ་མཆོད་པར་བྱེད་པ་མཐོང་། །ཞེས་གསུངས་སོ། །རྨི་ལམ་གྱི་ཐུན་མོང་གི་ཡོན་ཏན། ཉིན་མཚན་ཁྱད་མེད་པར་འགྱུར་བ། སྣང་བ་སེམས་སུ་ཤེས་པ། སེམས་ལ་དབང་སྒྱུར་ནུས་པ། སྒྱུ་ལུས་ལ་བོགས་འདོན་ནུས་པ། བག་ཆགས་གྱི་མཚམས་སྦྱོར་ནུས་པ། དེའི་རྒྱུ་རྐྱེན་སྤོང་ཤེས་པ། །དེ་སྤོང་བའི་ཚོགས་ཤེས་པ། བར་དོའི་མཚམས་སྦྱོར་དུ་འགྱུར་བ་ཡིན་ལ། ཆོས་རྣམས་རྨི་ལམ་ལྟར་ཤེས་ན། །སེམས་ཅན་དོན་དུ་རབ་ཏུ་འཇུག །སྒྱུ་མ་ལྟ་བུར་ལམ་ཁྱེར་བས། །སྒྱུ་མ་ལྟ་བུར་འཚང་ཡང་རྒྱ། །ཉིན་སྣང་གི་དཔེར་རྨི་ལམ་དང་། མཚན་སྣང་གི་དཔེར་སྒྱུ་མ་ཤེས་ནས། གོམས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། དེ་ལ་སྦྱངས་པས་དུས་དེའི་ཚེ་སྤྲུལ་པ་མང་པོས་སེམས་ཅན་གྱི་དོན་སྒྲུབ་པར་ནུས་ཤིང་། བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་དང་འདྲ་བར་གནས་ཁང་དང་གོས་ཟས་ལ་སོགས་པ་བསམ་པ་ཙམ་གྱིས་ནམ་མཁའ་ལས་འབྱུང་བར་འགྱུར་ཏེ། སྒྱུ་མའི་ལུས་ཀྱི་འབད་མེད་པའི། །འདོད་པ་ཐམས་ཅད་ནམ་མཁའ་ལས། །འབད་པ་མེད་པར་རྙེད་འགྱུར་ཏེ། །བདག་དང་གཞན་རྣམས་བདེ་བར་འཚོ། །ཞེས་གསུངས། ཚེ་འདི་ལ་འཚང་རྒྱ་བར་འགྱུར་བའམ། ཡང་ན། དེ་ནས་འཆི་བའི་དུས་བྱུང་ཡང་། །བར་དོ་ངོ་ནི་ཤེས་པར་འགྱུར། །གལ་ཏེ་གློ་བུར་དུ་འཆི་བ་བྱུང་ནའང་། བར་དོ་གཉིས་པ་ལ་བློ་ཆོད་གྱིས་གྲོལ་བར་འགྱུར་རོ། །བཞི་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། །ཁོ་ན་ཉིད་དོན་བསྒོམ་པ་ནི། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱང་། །རྨི་ལམ་གྱི་སྟེང་དུ་འཁྲུལ་པའི་བརྫུན་མཚང་ཞིག་སྟེ། སེམས་ཀྱི་རྡོ་རྗེའི་རང་ཞལ་མཐོང་བས། སྤེལ་བསྒྱུར་སྦྱང་བ་སོགས་རྨི་ལམ་གྱི་གནས་སྐབས་ཀྱི་བཅོས་མའི་རྩོལ་བ་ཟད། དེའི་ཚེ་ཉིན་མཚན་ཐ་དད་དུ་འཛིན་པའི་ཞུགས་ཤིང་འོད་གསལ་གྱི་མེས་སྦྱངས་པས་མངོན་པར་སངས་རྒྱས་ཏེ། སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། དེ་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་པའི་སྐུ་རྡོ་རྗེ་ཀུན་ཏུ་གནས་སོ། །སྐུ་ཇི་སྙེད་ཀྱི་གསུང་དང་། སྐུ་དང་གསུང་ཇི་སྙེད་ཀྱི་ཐུགས་དག་ཀུན་ཏུ་གནས་ཏེ། སེམས་ཅན་གྱི་ཁམས་ཚད་མེད་པ་ཡིན་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཚད་མེད་པ་སྟེ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་སམ་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ།། །།ལྔ་པ་འོད་གསལ་ལམ་གྱི་སྙིང་པོ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། འོད་གསལ་ངོས་འཛིན་མན་ངག་འདིར། །གཞི་ལམ་འབྲས་བུར་རབ་ཤེས་བྱ། །གཞིའི་སྐབས་སུ་ཆོས་ཉིད་རྣམ་དག་དང་། ཆོས་ཅན་རྣམ་དག་དབྱེར་མེད་པས་ཆུ་དང་རླབས་ལྟ་བུ་སྟེ། ལམ་གྱི་སྐབས་སུ་སྒྱུ་ལུས། འོད་གསལ་དུ་བསྲེ་བའི་ཚུལ་གྱིས་ཉམས་སུ་བླངས་པས། འབྲས་བུའི་དུས་སུ་སྐུ་དང་ཡེ་ཤེས་དབྱེར་མེད་པ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པས་གཞི་ལམ་འབྲས་བུའི་འོད་གསལ་གསུམ་དུ་རྣམ་པར་ཕྱེ་བ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་བཤད་པ་གསུམ་ལས། དང་པོ་ནི། རང་བཞིན་སྤྲིན་དང་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། སྤྱིར་འོད་གསལ་ཞེས་པ་ཙམ་ནི་འོད་གསལ་གྱི་ལྷ་དང་། ནོར་བུ་དང་། སྒྲོན་མེ་ལ་སོགས་པའི་སྣང་བྱེད་མང་པོའི་བརྡ་ལ་ཡོད་མོད། འདི་དེ་དག་དཔེ་ཙམ་དུ་བཀོད་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱི་འོད་གསལ་དེ་ཉིད་གོ་བར་བྱ་བ་ཡིན་ནོ། །དེའང་མུན་པ་ནག་པོར་སྒྲོན་མེ་བཏེག་ན་གསལ་བར་སྣང་ཡང་སྒྲོན་མེ་གཞན་དུ་སོང་བའི་ཚེ་སྔར་གྱི་མུན་པ་འཐུག་པོ་དེ་ཉིད་དུ་འགྲོ་བ་གསལ་བྱེད་རྐྱེན་གཞན་ལ་བལྟོས་པ་ལྟ་བུ་ནི་རང་བཞིན་གྱི་འོད་གསལ་བར་མ་སོང་བས་རང་བཞིན་གྱི་འོད་གསལ་བ་དགོས་ལ། དེའང་རང་བཞིན་འོད་གསལ་དང་། རང་བཞིན་དག་པ་དང་། རང་བཞིན་གྱི་སྒྲིབ་པ་མེད་པ་རྣམས་དོན་གཅིག་སྟེ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་བརྗོད། །ཅེས་འབྱུང་བས། ནམ་མཁའ་རང་བཞིན་གྱིས་དག་པ་ཡིན་ཡང་། གློ་བུར་བའི་སྤྲིན་གྱི་རྐྱེན་གྱིས་དྲི་མ་ཅན་དུ་སྣང་བ་བཞིན། སེམས་རང་བཞིན་གྱིས་དག་པ་ཡིན་ཡང་། རང་བཞིན་བརྒྱད་ཅུའི་རྟོག་པ་གློ་བུར་བའི་རྐྱེན་གྱིས་དྲི་མ་ཅན་དུ་སྣང་ངོ་། །དེའི་ཕྱིར། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། ཞེས་དང་། སེམས་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་མདོ་དང་། དེའི་བསྟན་བཅོས་རྣམས་ནས་གསུངས་པ་དང་། གསང་འདུས་སོགས་རྒྱུད་དང་མན་ངག་རྣམས་ལས་གསུངས་པའི་འོད་གསལ་གཉིས་སེམས་ཉིད་རང་བཞིན་གྱི་འོད་གསལ་བར་གསུངས་པ་ཙམ་ལ་ནི་ཁྱད་པར་མེད་ལ། འོད་གསལ་དེ་ཉིད་དག་པ་ཡེ་ཤེས་ཀྱི་སྒྱུ་མ་ཆེན་པོ་བདེན་པ་གཉིས་དབྱེར་མེད་པའི་མཚན་ཉིད་ཅན་དུ་སྟོན་པ་ནི་རྫོགས་རིམ་ཁོ་ནའི་ཁྱད་ཆོས་སོ། །དེའི་ཕྱིར་འོད་གསལ་རང་གི་ངོ་བོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པས་ཟག་པ་དོན་དམ་པའི་བདེན་པ་ཞེས་བྱ་བ་དང་། གང་དུའང་ཐོགས་པ་མེད་པར་རང་བཞིན་གྱིས་འཆར་བ་གསལ་བ་ཀུན་རྫོབ་ཀྱི་བདེན་པའི་མིང་ཅན་གཉིས། རང་གི་མཚན་ཉིད་སོ་སོ་རང་གི་རིག་པར་བྱ་བས་ཐ་དད་དུ་འབྱེད་མི་ཤེས་པ་ཟུང་འཇུག་སྟེ་གཞན་རྐྱེན་གྱིས་རྟོགས་པར་བྱེད་མི་ནུས་པའི་གཤིས་དེ་ལ་བྱའོ། །ངེས་ཚིག་ནི་གནས་ལུགས་ཀྱི་རང་འོད་མ་འགགས་པར་ཡུལ་མེད་དུ་གསལ་བས་འོད་གསལ་ཏེ། ངོ་བོ་རང་བཞིན་གྱིས་གསལ་བ་སྟེ་གློ་བུར་དུ་མ་བྱུང་། རྣམ་པ་ཅིར་ཡང་གསལ་བས་ཕྱོགས་སུ་མ་ཆད། བྱེད་ལས་སྒྲིབ་པ་བསལ་བས་གསལ་བྱེད་གཞན་ལ་མ་བལྟོས་པ་སྟེ། ཉི་མའི་འོད་དེ་དག་རང་གྲུབ་དུས་ནས་གསལ་བ་དང་། གསལ་བྱེད་གཞན་ལ་མ་བལྟོས་པ་དང་། བྱེད་ལས་མུན་པ་སེལ་བ་སྟེ་ཆོས་གསུམ་དང་ལྡན་པ་བཞིན་ནོ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་ནས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །ཞེས་དཔེ་བཤད་ནས། དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་སྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་སྣང་བ་གསུམ་གྱི་རྒྱུས་བསྐྱེད་ནས་ཕྱི་རོལ་གྱི་ཡུལ་སྣ་ཚོགས་ལ་འཇུག་ཅིང་སྣང་མཆེད་ཐོབ་གསུམ་དབྱིངས་སུ་ཐིམ་ནས་འོད་གསལ་བའི་སེམས་སུའང་བྱེད་དོ། །དེ་ཉིད་འཆར་བའི་དུས་ལྔ་སྟེ། འཆི་བའི་དུས་དང་གཉིད་ལོག་དང་། །མཉམ་པར་གཞག་དང་དབུ་མར་གནས། །མཉམ་རྗེས་རོ་གཅིག་གྱུར་པ་ཡིན། །ཞེས་གཞིའི་གནས་སྐབས་ཀྱི་འཆི་དུས་དང་། གཉིད་འཐུག་གི་གཉིས། ལམ་དུ་མཉམ་པར་བཞག་པ་དབུ་མར་ཐིམ་པ་དང་། རྗེས་ཐོབ་རླུང་སེམས་དབུ་མར་གནས་པ་གཉིས། །འབྲས་བུའི་གནས་སྐབས་སུ་མཉམ་རྗེས་འདྲེས་པས་ཡང་དག་པའི་མཐའ་ཆེན་པོ་ལ་རྟག་ཏུ་མཉམ་པར་གཞག་པའི་སྐབས་ཏེ་ལྔའོ། །སྤྱིར་རླུང་སེམས་དབུ་མར་རང་བཞིན་གྱིས་འཇུག་པའི་དུས་བརྒྱད་ཡོད་ཀྱང་། དེ་ཕལ་ཆེར་ཉམས་ཀྱི་འོད་གསལ་ལམ་ཐལ་བྱུང་གི་སྟོང་པ་འཆར་བའི་དུས་སུ་འགྱུར་བས་འདིར་འོད་གསལ་ལ་སྒྲིབ་པར་བྱེད་དོ། །གཉིས་པ་ལམ་གྱི་འོད་གསལ་ལ། ཉིན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་གཉིས་ལས། དང་པོ་ནི། འོད་གསལ་དེ་ཉིད་བླ་མའི་མན་ངག་བཞིན་ཉམས་སུ་བླངས་པས། སེམས་ཉིད་ཀྱི་རང་འོད་ལུས་སོགས་ཀྱི་རྣམ་པར་འགྱུར་བ་ལྟར་སྣང་བ་ཞིག་ནས་ངོ་བོ་འཁྲུལ་པ་མེད་པ་དེ་ཉིད་མངོན་པར་གསལ་བར་འགྱུར་བ། དཔེར་ན་བུམ་ནང་གི་མར་མེ་བུམ་པ་བཅག་ན་གསལ་པོར་སྣང་བར་འགྱུར་བ་བཞིན་ཏེ། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །འོད་གསལ་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་སོ། །དེ་ཉིད་ཕྱི་ནང་གི་མངོན་པར་བྱང་ཆུབ་པ་གཉིས་ཀྱིས་མཚོན་པར་སྟོན་པའི་ཕྱིར། སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །གསུམ་པ་ཆེན་པོ་སྟོང་པ་དང་། བཞི་པ་ཐམས་ཅད་སྟོང་པ་ནི། །ནཱ་རོ་ཞབས་ཀྱི་བཞེད་པ། མཚན་མོའི་ཆ་ནི་སྣང་བ་ཡིན་ལ། རྡོ་རྗེ་ཉི་མའི་ཉིན་མོ་སྣང་བ་མཆེད་པ། ནུབ་པའི་ཉིན་མཚན་གྱི་མཚམས་སྣང་བ་ཉེ་བར་ཐོབ་པ། སྐྱ་རེངས་ཤར་ནས་ནུབ་མོ་འདས། ཉི་མ་མ་ཤར་བའི་བར་སྐད་ཅིག་མ་དེ་ནི་ཐམས་ཅད་སྟོང་པ་འོད་གསལ་ལོ། །དེ་ནི་ཆོས་ཉིད་ཀྱི་དཔེ་ཡིན། དུས་ཡིན། རྟགས་ཡིན། མཚོན་བྱེད་ཡིན་པས་སོ། །དེ་དྲང་དོན་ཡིན། ངེས་དོན་དུ། ནང་གི་མངོན་པར་བྱང་ཆུབ་པ་སྟེ། མངོན་བྱང་གི་སྔོན་དུ་དབང་གསུམ་པ་བསྐུར་ལ། དུས་དེར་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཤིང་བསྲུབས་པ་ལས་ཐིག་ལེས་རྡོ་རྗེའི་རྩ་བར་བསླེབ་ཙ་ན་རང་བཞིན་སུམ་ཅུ་རྩ་གསུམ་འགགས་བདེ་བའི་ཡེ་ཤེས་དེ་ལ་སྟོང་པས་རྒྱས་བཏབ་ཏེ་བསྒོམ། དེ་ནི་ལམ་གྱི་ཡེ་ཤེས་སྣང་བ། ཐིག་ལེས་རྐེད་པར་བསླེབ་ཙ་ན་རང་བཞིན་བཞི་བཅུ་འགགས་ཏེ་བདེ་བའི་ཡེ་ཤེས་དེ་ལ་ཤིན་ཏུ་སྟོང་པས་རྒྱས་བཏབ་ནས་བསྒོམ། ལམ་གྱི་ཡེ་ཤེས་མཆེད་པ། ཐིག་ལེས་རྡོ་རྗེའི་བུམ་པར་བསླེབ་ཙ་ན་རང་བཞིན་བདུན་འགག །བདེ་བའི་ཡེ་ཤེས་དེ་ལ་སྟོང་པ་ཆེན་པོས་རྒྱས་བཏབ་ཏེ་བསྒོམ། ལམ་གྱི་ཡེ་ཤེས་སྣང་བ་ཉེ་བར་ཐོབ་པའོ། །ཐིག་ལེ་གཉིས་ཤོར་གཉིས་གནས་ཀྱི་དུས་སུ་དངོས་པོ་ངོ་བོ་ཉིད་ཀྱི་རྟོག་པ་ལོག་སྟེ་བདེ་བའི་ཡེ་ཤེས་ཐམས་ཅད་སྟོང་པ་འོད་གསལ་ལོ། །དེ་ནི་རང་བཞིན་གྱི་ཟུང་འཇུག་ཏུ་གནས་ཏེ་གཉིས་མེད་དུ་ཤེས་པ་ལམ་མཐར་ཐུག་གིའོ། །དེ་བདེ་སྟོང་ཕྱག་ཆེན་དུ་ཤར་བའི་ལམ་མོ། །དེས་མཚོན་ནས། གང་དུ་སྟོང་པ་གསུམ་རྣམ་པར་དག་ཅིང་འགགས་པའི་ཐམས་ཅད་སྟོང་པ་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་རྟོག་པ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོ་རང་གི་ངོ་བོ་ཙམ་ཉམས་སུ་མྱོང་བའི་མཐར་ཐུག་པས་མར་མེ་དང་ནོར་བུའི་འོད་ལྟར་ཤིན་ཏུ་གསལ་བའི་ཡེ་ཤེས་མངོན་དུ་གྱུར་པ་ནི་ནང་གི་མངོན་བྱང་སྟེ་ངེས་དོན་ནོ། །དེ་ལྟར་རྡོ་རྗེ་འཕྲེང་བ་ལས། །སྣང་བ་མཚན་མོའི་ཆ་རུ་འགྱུར། །ཉིན་མོ་སྣང་བ་མཆེད་པའོ། །མཚམས་ནི་སྣང་བ་ཐོབ་པའོ། །དེ་ལྟར་སྣ་ཚོགས་མཚན་ཉིད་ནི། །མཚན་མིན་མཚམས་དང་ཉིན་མོ་མིན། །ཀུན་རྟོག་རླུང་ནི་སྤོང་བར་བྱེད། །དེ་ནི་སྐད་ཅིག་མངོན་བྱང་ཆུབ། །མཚན་ཉིད་སྐད་ཅིག་མར་ནི་བརྗོད། །ཅེས་དང་། ནང་གི་ནི། ཐ་མར་འབྱུང་དང་ཐོག་མར་འབྱུང་བའམ། །དབུས་མིན་འབྱུང་བའམ་དབུས་སུ་འབྱུང་བའམ། །མཐའ་མེད་འབྱུང་བའམ་མཐར་ནི་འབྱུང་བ་རྣམས། །དེ་དག་ཐམས་ཅད་སྟོང་པ་དམ་པར་རབ་ཏུ་གསུངས། །ཞེས་སོ། །ནག་པོ་པ་དང་། པཎྜྻི་ཏ་བཙུན་མོ་ཅན། མཚན་མོ་དང་། སྨག་དང་། ཉི་མ་དང་། འཆར་ཀ་བཞིའི་དཔེས་ནི་དགག་བྱ་གློ་བུར་བའི་རྟོག་པ་དང་བྲལ་བའི་ཁྱད་པར་བཞིའི་ཆ་ནས་མཚོན་པ་ཡིན་ལ། ནང་གི་མངོན་པར་བྱང་ཆུབ་པ་ནི་བསམ་གཏན་གཉིས་ཀྱིས་སྒྱུ་མ་འོད་གསལ་དུ་འཇུག་པའི་ཉམས་སུ་མྱོང་བའི་ཆ་ནས་བྱས་པ་ཡིན་ཟེར་རོ། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །ལུགས་སུ་འབྱུང་བའི་དུས་སུ། སྟོང་ཉིད་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་གསུམ་རྣམ་པར་དག་པ་རྒྱུ། ཐམས་ཅད་སྟོང་པ་འབྲས་བུ་ལུགས་ལས་བཟློག་པའི་ཚེ། ཐམས་ཅད་སྟོང་པ་རྒྱུ། གཞན་གསུམ་འབྲས་བུ་སྟེ། རྒྱུ་དང་འབྲས་བུའི་ཁྱད་པར་དེ་དང་ལྡན་པར་ཤེས་པར་བྱའོ། །སྟོང་པ་ཆེ་ལ་མཉམ་པར་གཞག །བསམ་གཏན་འདི་ནི་རྣམ་དག་མིན། །དང་པོར་སྟོང་པ་ཆེན་པོ་ཐལ་བྱུང་གི་སྟོང་པ་མངོན་དུ་བྱས་པ་དེ་ཙམ་ནི་བསམ་གཏན་རྣམ་པར་དག་པ་མ་ཡིན་ཏེ། འདི་ནི་རྒྱ་ཆེ་རོལ་པར་མི་གཡོ་བའི་ཏིང་ངེ་འཛིན་ཞེས་གསུངས་པ་དེའོ། །རིམ་ལྔ་ལས། དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་བཞིན་དུ་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་གཏོག །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་འཐོབ་ཏེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་བ། །འོད་གསལ་བ་ནི་དེ་དམིགས་ཤིག །ཅེས་དང་། དེ་ནས་ཏིང་འཛིན་མི་གཡོ་བཏད། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱི་དེ་ཉིད་དམིགས། །ཞེས་གསུངས་པས་སོ། །ཐལ་བྱུང་གི་སྟོང་པ་དེ་ལ། སོ་སོ་རང་རིག་པའི་ཤེས་རབ་ཀྱི་ཞེན་པའི་མཐའ་བསལ་ཏེ། དེ་ཉིད་ལ་གནད་དུ་བསྣུན་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་སྣང་གསུམ་གྱི་རིམ་པས་འོད་གསལ་དུ་ཞུགས་ཏེ། དེས་ལུས་ཡོངས་སུ་སྦྱངས་པའི་རིམ་གྱིས་ཟུང་འཇུག་མངོན་དུ་བྱའོ་ཞེས་སྟོན་པའི་ཕྱིར། དེ་ཉིད་རིག་ལ་གང་གི་གནས། །ཡེ་ཤེས་གསུམ་ནི་རྣམ་དག་ངེས། །མངོན་པར་བྱང་ཆུབ་ཤེས་པར་འགྱུར། །སྤྱོད་བསྡུས་ལས་རིམ་པ་འདི་ཉིད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེ་གོལ་གྱི་སྒྲས་བསྐུལ་བར་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་ནས་མཚན་ཕྱེད་ཀྱི་དུས་སུ་འོད་གསལ་བ་མངོན་དུ་མཛད་དེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེངས་ནས་འགྲོ་བ་རྣམས་ལ་ཆོས་སྟོན་པར་མཛད་པ་ཡིན་ནོ། །དེ་ནས་བརྩམས་ཏེ་དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་བླ་མའི་ཁ་ནས་བླ་མའི་ཁར་བརྒྱུད་པ་ཡིན་ནོ། །ཞེས་གསུངས་སོ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །དེ་ལྟ་བུའི་འོད་གསལ་དེ་ཉིད་ཀྱི་ངོ་བོའི་དབང་དུ་བྱས་ནས་སྟོང་པ་སྣང་བ་མ་ཡིན། མི་སྟོང་པ་མཆེད་པ་མ་ཡིན། དབུ་མ་ཐོབ་པ་མ་ཡིན། དེ་བཞིན་དུ་སྟོང་པས་ཆགས་པ་མིན། སྟོང་མིན་གྱི་ཆགས་བྲལ་མ་ཡིན། དབུས་ཀྱི་ཆགས་པ་དང་ཆགས་བྲལ་འདྲེས་པ་མ་ཡིན་ཏེ། སྣང་བ་གསུམ་སོགས་ལས་འདས་པའི་ཕྱིར་རོ། །དེ་ལྟར་ཡང་རིམ་ལྔར། སྟོང་པ་གསུམ་གྱི་རྣམ་དག་གང་། །འོད་གསལ་བ་ནི་འདིར་བཤད་དེ། །ཞེས་གསུངས་སོ། །རྟོགས་པའི་དུས་ཀྱི་དབང་དུ་བྱས་ནས། ཡར་ངོ་དང་མར་ངོའི་ཚིགས་མཚམས་སུ་ཉི་ཟླ་ལ་སྒྲ་གཅན་འཇུག་པ་དང་། ནང་དུ་ཆགས་པ་དང་ཆགས་བྲལ་གྱི་མཚམས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་རིག་པ་དང་། སྟོང་དང་སྟོང་མིན་མཚམས་སུ་རྣམ་པ་ཐམས་ཅད་མཁྱེན་པའི་སྟོང་ཉིད་འཆར་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པའང་མུན་པ་དང་སྣང་བའི་མཚམས་ཏེ། ཕྱི་ནང་གི་རྟེན་འབྲེལ་འགྲོས་གཅིག་པའི་དབང་གིས་སོ། །ཉམས་ལེན་དུ་བྱ་བའི་དབང་དུ་བྱས་ནས། ཉིན་མོའི་རྟོག་པ་སྔ་མ་འགགས་པ་སྟོང་པ་དང་། ཕྱི་མ་རྟོག་པར་ལྡང་བ་སྟོང་མིན། དེ་གཉིས་ཀྱི་དབུ་མ་མ་རིག་པས་བསླད་པའི་སྟོང་པ་ཙམ་པོ་བ། ཐལ་བྱུང་གི་སྟོང་པའང་མིན་པ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མིག་དང་ལྡན་པ་ལ་རང་བཞིན་གྱིས་འོད་གསལ་འཆར་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་ངོས་ཟིན་པར་འགྱུར་ལ། དེ་ཕྱིན་ཆད་སྣང་གྲགས་ཀྱི་ཆོས་ཐམས་ཅད་དེའི་ངང་དུ་འཆར་བས་ཉིན་སྣང་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བའི་འོད་གསལ་ཞེས་བྱའོ། །དེ་ལྟར་ཡང་། རྗེ་བཙུན་གྱིས། རྟོག་པ་སྔ་ཕྱིའི་སོ་མཚམས་སུ། །ཡེ་ཤེས་རྒྱུན་དུ་འཆར་ཏེ་བྲོད། །ཅེས་གསུངས་སོ། །དེ་བས་ན་སེམས་ཉིད་ཀྱི་ངང་ལ་ཇི་ལྟ་བར་འཇོག་པའི་མ་ཡེངས་པའི་ཉམས་ལེན་ཞིག་མེད་ན་དེ་དག་མིང་ཙམ་དུ་ཟད་ལ། ལམ་དེ་ནི་ཕྱག་རྒྱ་ཆེན་པོའི་ལམ་དུ་ཞིབ་མོར་ཕྱེ་ཟིན་ཏོ། །གཉིས་པ་མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་ནི། འོད་གསལ་བར་ནི་གཉིད་ལོག་ན། །གཉིད་འཐུག་པོ་འོད་གསལ་དུ་སྦྱོར་བའི་མན་ངག་འདོད་ན་ཞེས་པའོ། །ཇི་ལྟ་བུས་ཤེ་ན། ཞག་ནི་དུ་མར་མཚམས་བཅད་ནས། །འཛིན་པར་བྱ་བའི་སྔོན་ཟླ་བ་ཙམ་གྱི་བར་དུ་མཚམས་དམ་པར་བྱའོ། །གཉིད་མི་ཉལ་བར་སེམས་ཀྱི་གསེང་། དེ་ནས་ཞག་གསུམ་ཙམ་དུ་གཉིད་དགག་སྟེ་སྤྱོད་ལམ་ཇི་ལྟར་འོས་པས་སོ། །དེ་ནས་ཁྲུས་དང་བྱུག་པ་དང་། །བསྐུ་མཉེའི་སྦྱོར་བ་ལ་འབད་ཅིང་། །མཐུན་པའི་ཟས་དག་བསྟེན་པར་བྱ། །ཁྲུས་དང་། སྣུམ་བསྐོལ་བའི་བྱུག་པ་དང་། དྲིལ་ཕྱིས་དང་། མཐུན་པའི་ཁ་ཟས་དང་བཏུང་བ། སྤྱོད་ལམ་བསྟེན་པར་བྱའོ། །དེ་ནས་ཉལ་བར་གྱུར་པ་ན། །སྙིང་གི་པདྨ་ཁ་ཕྱེ་སྟེ། །འདབ་བཞི་དབུས་ཀྱི་ལྟེ་བ་ལ། ཨ་ནུ་ཏ་ར་ཧཱུྃ་བསྒོམས་ནས། །བླ་མ་ལ་གསོལ་བ་བཏབ། བླ་མའམ་གྲོགས་མྱོང་བ་ཅན་རྩར་གཞག །དྲན་པ་དང་འདུན་པས་མཚམས་སྦྱར་ཏེ། རང་ཉིད་ལྷག་པའི་ལྷར་གསལ་བའི་སྙིང་པདྨ་འདབ་བཞིར་གྱེས་པའི་དབུས་སུ་ཧཱུྃ་ཡིག །མདུན་ནས་གཡས་སྐོར་དུ་ཨ་ནུ་ཏ་རའི་ཡིག་འབྲུ་མཐིང་ཤུན་གྱིས་བྲིས་པ་ལྟ་བུ་གྱེན་དུ་མགོ་ཕྱོགས་པར་བལྟས་ཏེ་གཉིད་ཀྱི་ཐིམ་རིམ་དང་བསྟུན་མདུན་ནས་རིམ་པ་བཞིན་ཤེས་པ་གཏད། མཐར་མི་ཤིགས་པའི་རྟེན་ཧཱུྃ་ཕྲ་མོ་ལ་དམིགས་པས་རྣམ་པར་ཤེས་པ་ཡུལ་དང་ཡུལ་ཅན་དུ་འདྲེས་ཕུང་པོ་ལ་སོགས་པ་ཁམས་ཕྲ་བ་ལ་འཇུག་གོ །ཁམས་ཕྲ་བ་ནི་སེམས་ལ། སེམས་ནི་སེམས་ལས་བྱུང་བ་ལ། སེམས་ལས་བྱུང་བ་ནི་མ་རིག་པ་ལ་འཇུག་སྟེ་དེ་ལྟར་སྦྱོར་ནས་གཉིད་ལོག་པར་བྱེད་དོ། །དེ་ནས་འོད་གསལ་བའི་སེམས་སུ་སད་ནས། དེ་ལ་གོམས་པར་བྱས་པས་གཉིད་དུས་དེའི་ཤེས་པ་ཐམས་ཅད་འོད་གསལ་དུ་དེངས་པས་ལམ་དང་རང་བཞིན་གཅིག་ཏུ་འགྲོ་བའི་ཕྱིར། མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་ཞེས་བྱའོ། །ཞལ་ལུང་ལས། ཤི་དང་བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིགས་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བ་རབ་བསྒོམས་ན། །ལུས་ཅན་ཡིད་ཀྱི་དྲི་མ་སྦྱོང་། །ཞེས་གསུངས་ཤིང་། བརྟག་གཉིས་སུ། གཉིད་ནི་སྤང་བར་མི་བྱ་ཞིང་། །དབང་པོ་རྣམས་ནི་མི་དགག་གོ །ཞེས་རྐང་པ་དང་པོ་གཉིད་དུས་དང་ཕྱི་མས་ཉིན་མོའི་འོད་གསལ་སྦྱོང་བ་བཤད་པ་ཡིན་ནོ། །འདི་ལ་བླ་མ་གོང་མ་འགའ་ཞིག །སྔོན་དུ་གང་འགྲོ། མཚམས་གང་གིས་སྦྱོར། ངོས་གར་འཛིན། དཔེ་གང་གིས་མཚོན། ལམ་དུ་གང་གིས་འཁྱེར་ཞེས་ལྔ་ཚན་གྱི་རྣམ་བཞག་མཛད་དོ། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཇི་ལྟར་དབུགས་ཀྱི་རླངས་མེ་ལོང་ལ་ཐིམ་པར་འགྱུར་བ་དེ་ལྟར་ཆོས་ཐམས་ཅད་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་སུ་བཅུག་ཅིང་ཐིམ་པར་བྱེད་དེ། དེའི་ཚེ་རྣམ་པ་མེད་པའི་འོད་གསལ་ཁོ་ན་ལས་གཞན་སྣང་བར་མི་འགྱུར་བས་ཡང་དག་པའི་མཐའ་ཞེས་བྱ་སྟེ་ལས་དང་ཉོན་མོངས་པ་ཟད་པའི་མཐའ་ཡིན་པས་སོ། །མཐའ་ནི་ཟད་དང་འཇུག་ཆ་དང་། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་འདོན་པས་སོ། །ཐབས་གང་གིས་འཇུག་པར་བྱེད་ཅེ་ན། རིལ་པོར་འཛིན་པའི་རིམ་པ་དང་། །དེ་བཞིན་རྗེས་སུ་གཞིག་པས་སོ། །ཇོ་བོ་ནཱ་རོ་པས། སངས་རྒྱས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གཅིག་རླུང་དང་རྣམ་པར་ཤེས་པ་ཙམ་ལས་བསྐྱེད། དེ་ནི་ལོངས་སྐུ། དེས་སེམས་ཅན་གྱི་དོན་མི་བྱེད་པས་སྤྲུལ་པའི་སྐུ་སངས་རྒྱས་མི་བསྐྱོད་པ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གཅིག་ཏུ་བསྒྱུར་ལ། དེའི་ཐུགས་ཀར་ཧཱུྃ། དེའི་འོད་ཟེར་གྱིས་སྤྱི་བོ་ནས་རྐང་པའི་བར་དུ་བཞུ་སྟེ་ཧཱུྃ་ལ་བསྡུས། ཧཱུྃ་གི་ཞབས་ཀྱུ་ཧ་ལ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། སྒྲ་རིས་དེའང་སྟོང་ཡལ་གྱིས་བཏང་ངོ་། །དེའང་ཁ་བའི་གོང་བུ་ཆུར་བསྐྱུར་པ་ལྟ་བུ་ཇེ་ཆུང་ཇེ་ཆུང་དུ་ཞུ་བ་ལས་མཐར་ཆུར་ཐིམ་པ་ལྟ་བུ་སྟེ་རིལ་འཛིན་ནོ། །དེའང་རིམ་ལྔར། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །ཞེས་སོ། །མི་བསྐྱོད་པའི་ཐུགས་ཀར་ཧཱུྃ་བསྒོམ་པ་ཡན་འདྲ་བ་ལས། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། ཡང་ནང་བཅུད་ཀྱི་སེམས་ཅན་ཡང་འོད་དུ་ཞུ། འོད་དེ་སྟོང་པར་ཡལ་ཏེ་གཏོང་པ་རྗེས་གཞིག་སྟེ་མེ་ལོང་གི་དབུགས་སྡུད་པ་ལྟ་བུའོ། དེ་ཡང་། ཕྱི་ནང་དངོས་པོ་སྣོད་བཅུད་བཅས། །དང་པོ་འོད་གསལ་བར་བྱས་ཏེ། ཕྱི་ནས་དེ་ཡི་བདག་ཉིད་བྱེད། །རྗེས་སུ་གཞིག་པ་ཞེས་བྱའོ། །ཞེས་གསུངས་པས་མཚོན་ཏེ། ལྷ་གང་གི་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་སྔགས་དང་། ཐུགས་རྡོ་རྗེ་ས་བོན་གྱི་ཡི་གེ་ལ་དམིགས་ནས་ལུས་ཅིག་ཅར་དུ་གཞིག་པ་དང་། །སྣོད་བཅུད་བསྡུས་པའི་མཐར་གཞིག་པའི་བསམ་གཏན་གཉིས་པོ་བྱ་བ་ཡིན་ནོ། །གསུམ་པ་འབྲས་བུའི་འོད་གསལ་ནི། འོད་གསལ་མངོན་དུ་གྱུར་པ་ན། །དེ་ལྟར་རྣལ་འབྱོར་གཉིས་ཀྱིས་གོམས་པར་བྱས་པས། ཐམས་ཅད་སྟོང་པ་འོད་གསལ་རྟགས་སྐྱ་རེངས། རྟགས་ཅན་སྤྲིན་མེད་པའི་ནམ་མཁའ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུར་གསལ་བ་ལ་ཉིན་མཚན་ཁྱད་མེད་པར་གནས་པར་འགྱུར་ཏེ། དུས་དེའི་ཚེ། སྟོང་བཞི་གཅིག་ཏུ་གྱུར་པའི་ཤེས། །སྒྱུ་མའི་རླུང་ལྡན་ཟུང་འཇུག་འཆར། །ཇི་ལྟར་དྭངས་བའི་ཆུ་ཀླུང་ནས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་ནི་འོད་གསལ་ལས་ལྡང་བའི་ཚུལ་ནི། ལུས་དང་། ངག་དང་། སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྣང་བ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་པའི་རང་བཞིན་སྨྲ་བསམ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པ་མྱ་ངན་འདས་པའི་ཁམས་གཟུགས་མེད་པ། རིག་པར་དཀའ་བ། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ། ཉི་མ་དང་། ཟླ་བ་དང་། ནོར་བུའི་འོད་ཀྱི་ངོ་བོ་ཉིད་བཞིན་དུ་ཤིན་ཏུ་གསལ་བ། ཐམས་ཅད་སྟོང་པ་འོད་གསལ་ཞེས་བཞག་པ་དེ་ལས། མུན་པའི་སྣང་བ་ཉེར་ཐོབ། དེ་ལས་གསལ་བའི་ཉི་མའི་འོད་ཟེར་གྱི་སྣང་བ་ཚ་བའི་ངོ་བོ་ཉིད་མཆེད་པ། དེ་ལས་གསལ་བའི་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བས་ཁྱབ་པའི་སྣང་བ་སྟེ། དེའང་སྤྱོད་བསྡུས་ལས། དེ་བས་ན་སྟོང་པ་བཞི་པོ་དེ་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བྱེད་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་བཅད་དུ་མེད་པ་དང་གཞིག་ཏུ་མེད་པའི་རྡོ་རྗེ་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་ཟག་པ་མེད་པ་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ། འདོད་པ་ཙམ་གྱིས་དབང་དུ་གྱུར་པ་དང་། ཆུ་ལས་ཉ་ལྟ་བུའམ་མྱུར་བར་གཉིད་ལོག་པ་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་བྱུང་བར་གྱུར་པའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །ཞེས་གསུངས་ཤིང་། གསང་བ་གྲུབ་པ་ལས། གྲིབ་མ་སྒྱུ་མ་ལྟ་བུའི་མཆོག །མཆོག་གི་དབྱིངས་དང་ཡང་དག་ལྡན། །ཡེ་ཤེས་ཆུ་རླབས་འཕྲོས་པ་ཡི། །རྣམ་པ་སྣ་ཚོགས་དཔག་མེད་གཟུགས། །འཇའ་ཚོན་ལྟ་བུའི་ལུས་འདི་ཉིད། །དེ་ཉིད་བསྒོམ་པས་ཐོབ་པར་འགྱུར། །ཞེས་གསུངས་སོ། །འདི་ལ་ཉོན་མོངས་ཀྱི་བག་ཆགས་ལས་གྲོལ་བར་བཤད་པས་རགས་པའི་ལུས་ངག་ཡིད་གསུམ་མེད་པ་དང་། ཁམས་ཕྲ་བ་ཡོད་པར་བཤད་པའི་ཁམས་ཕྲ་བ་ནི་རླུང་ཤིན་ཏུ་ཕྲ་མོ་སྟེ། དེ་ཡོད་པའི་ཕྱིར་ཁུ་ཁྲག་གི་ཁམས་ཤིན་ཏུ་ཕྲ་བའང་ཡོད་དེ། དེ་དག་གང་ན་གཅིག་ཡོད་པར་ཀུན་འབྱུང་བའི་ལྟོས་གྲུབ་ཡིན་པས་སོ། །དེས་ན་དེ་ལ་ཁུ་ཁྲག་རླུང་གསུམ་ངོ་བོར་གྱུར་པ་མེད་ཀྱང་ཤིན་ཏུ་ཕྲ་བ་ཡོད་པས་མ་རིག་པའི་བག་ཆགས་ཀྱང་ཡོད་དེ། དེ་སྤང་བའི་ཕྱིར་ལམ་ལ་གོམས་པར་བྱེད་པ་ཡིན་ནོ། །རགས་པའི་འཕོ་བ་བཅུ་གཉིས་དག་པས་གཟུངས་བཅུ་གཉིས་ཏེ། དབང་བསྐུར་ལྡན། ཡེ་ཤེས་ལྡན། སྒྲ་དབྱངས། སྒྲ་དབྱངས་རྣམ་པར་དག་པ། མི་ཟད་པའི་ཟ་མ་ཏོག །འཁྱིལ་བ་མཐའ་ཡས་པ། རྒྱ་མཚོའི་ཕྱག་རྒྱ། པདྨ་བཀོད་པ། ཆགས་པ་མེད་པའི་སྒོར་འཇུག་པ། སོ་སོ་ཡང་དག་པར་རིག་པ་ངེས་པར་འཇུག་པ། སངས་རྒྱས་ཀྱི་རྒྱན་གྱིས་བྱིན་གྱིས་བརླབ་པ་ཁ་དོག་མཐའ་ཡས་པ། སངས་རྒྱས་ཀྱི་སྐུའི་ཁ་དོག་ཡོངས་སུ་རྫོགས་པར་མངོན་པར་བསྒྲུབ་པའོ། །རགས་པའི་རླུང་བཅུ་སོགས་དག་པས་བྱང་ཆུབ་སེམས་པའི་སྟོབས་བཅུ་སྟེ། བསམ་པའི་སྟོབས། ལྷག་པའི་བསམ་པའི་སྟོབས། སྦྱོར་བའི་སྟོབས། ཤེས་རབ་ཀྱི་སྟོབས། སྨོན་ལམ་གྱི་སྟོབས། ཐེག་པའི་སྟོབས། སྤྱོད་པའི་སྟོབས། རྣམ་པར་འཕྲུལ་པའི་སྟོབས། བྱང་ཆུབ་ཀྱི་སྟོབས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་སྟོབས་སོ། རྩ་བཅུ་དག་པ་ལས་དབང་བཅུ་སྟེ། ཚེ་ལ་དབང་བ། སེམས་ལ་དབང་བ། ཡོ་བྱད་ལ་དབང་བ། ལས་ལ་དབང་བ། སྐྱེ་བ་ལ་དབང་བ། མོས་པ་ལ་དབང་བ། ཆོས་ལ་དབང་བ། སྨོན་ལམ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། ཡེ་ཤེས་ལ་དབང་བའོ། །འབྱུང་བཞིའི་ཁམས་དག་པས་བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞི་སྟེ། གཟུངས་ཀྱི་ཐོས་པ་འཛིན་ཞིང་དོན་བསྟན་པ་ལ་མི་འཇིགས་པ། བདག་མེད་པ་ཁོང་དུ་ཆུད་པས་གཞན་གྱིས་འཚེ་བའི་མཚན་མ་མི་འབྱུང་ཞིང་རང་བཞིན་སྤྱོད་ལམ་སྨད་དུ་མེད་པའི་ལས་གསུམ་ཡོངས་སུ་དག་པའི་བསྲུང་བ་ཆེན་པོ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པ། ཆོས་གཟུང་བ་ཡུན་དུ་མི་བརྗེད་པ་དང་ཐབས་དང་ཤེས་པར་མཐར་ཕྱིན་པས་སེམས་ཅན་སྒྲོལ་ཞིང་དད་པ་སྟོན་པ་དང་དགེ་བའི་བར་ཆད་དུ་མི་འགྱུར་བའི་མི་འཇིགས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མ་ཉམས་ཤིང་ཐེག་པ་གཞན་གྱི་མི་འབྱུང་བར་དབང་ཡོངས་སུ་རྫོགས་པ་དང་སེམས་ཅན་གྱི་དོན་རྣམ་པ་ཐམས་ཅད་དུ་ཡང་དག་པར་བྱ་བ་ལ་མི་འཇིགས་པའོ། །ཟླ་ཉི་མུན་ཅན་གྱི་རླུང་འཁོར་ལོ་དྲུག་གི་དབྱེ་བས་ཕྱེ་བ་སོགས་དག་པས་བྱང་ཆུབ་སེམས་དཔའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དེ། མ་བསྟན་པའི་སྦྱིན་པ་རྣམས། མ་བསྟན་པའི་ཚུལ་ཁྲིམས་རྣམས། མ་བསྟན་པའི་བཟོད་པ་ཅན་རྣམས། །མ་བསྟན་པའི་བརྩོན་འགྲུས་ཅན་རྣམས། །མ་བསྟན་པའི་བསམ་གཏན་ཅན་རྣམས། །མ་བསྟན་པའི་ཤེས་རབ་ཅན་རྣམས། །སྡུ་བའི་དངོས་པོ་སེམས་ཅན་སྡུད་པ་རྣམས། །ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པ་རྣམས། །ཐབས་མཁས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་དབང་གིས་ཐེག་པ་མཆོག་གི་འབྱུང་བ་སྟོན་པ་རྣམས། ཐེག་པ་ཆེན་པོ་ལ་མ་ཉམས་པ་རྣམས། འཁོར་བ་དང་མྱ་ངན་འདས་པའི་སྒོ་སྟོན་པ་རྣམས། །ཟུང་དང་སྣྲེལ་ཞིའི་རྒྱུད་ལ་མཁས་པ་རྣམས། །ཡེ་ཤེས་སྔོན་དུ་འགྲོ་བས་མངོན་པར་འདུ་མི་བྱེད་ཅིང་ཁ་ན་མ་ཐོ་བ་མེད་པར་ཚེ་རབས་ཐམས་ཅད་དུ་མངོན་པར་ཞུགས་པ་རྣམས་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་དགེ་བ་བཅུ་དང་ལྡན་པ་རྣམས། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟོད་པའི་ལུས་ལེན་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་མི་གཏོང་བ་རྣམས། འགྲོ་བ་ཐམས་ཅད་མངོན་པར་དགའ་བར་སྟོན་པ་རྣམས། བྱིས་པ་དང་ཉན་ཐོས་ཀྱི་མི་ཟད་པ་ཇི་སྙེད་པ་གཅིག་གི་ནང་ནའང་དགེ་བ་མང་པོའི་རིན་པོ་ཆེའི་ཤིང་དཔག་བསམ་ལྟར་བརྟོན་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡོངས་སུ་མ་ཉམས་པ་རྣམས། ཆོས་ཐམས་ཅད་ཀྱི་ཐབས་སྦྱིན་པས་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་སྩལ་བར་བསྟན་པ་ལ་མི་ལྡོག་པ་རྣམས་སོ། །ཐིག་ལེ་བཞིའི་བཞོན་པའི་རླུང་སོགས་དག་པས། སོ་སོ་ཡང་དག་པར་རིག་པ་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ། དོན། ངེས་པའི་ཚིག །སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། དེ་ལྟར་ཡོན་ཏན་མང་པོ་རྣམ་པར་སྨིན་པའི་སྟོབས་ཀྱི་དབང་དུ་གྱུར་ཀྱང་། དབང་དུ་མ་གྱུར་པ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་མང་པོ་ཡོད་པས། དེ་དག་ལ་དབང་དུ་གྱུར་པ་ཐོབ་པར་བྱ་བའི་ཕྱིར་སློབ་པ་ལས། རིམ་གྱིས་ཀུན་ཏུ་སངས་རྒྱས་པའི་ས་ཞེས་བྱ་བ་ས་བཅུ་པའི་ཁྱད་པར་གྱི་ལམ་དུ་རིགས་ལྔ་ལས་གང་ཡང་རུང་བའི་རིགས་སུ་གྱུར་པའི་དེ་བཞིན་གཤེགས་པའི་མིང་ཅན་རྣམས་ཐོབ་པར་འགྱུར་རོ། དེའང་འདུས་པར། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་གསུང་རྡོ་རྗེའི་ཡི་གེའི་ཚིག་འདི་ཐོས་ནས་རབ་ཏུ་ངུས་སོ་ཞེས་ནས། དེ་ཅིའི་ཕྱིར་ཞེ་ན། གསང་བའི་ཡི་གེ་རྣམ་པར་དག་པའི་ཕྱིར་ཞེས་པའི་བར་དུ་གསུངས་པ་དེ་ཙམ་ཡང་འབྲས་བུ་མཐར་ཐུག་མ་ཡིན་ཏེ་མི་ཤེས་པ་ཅུང་ཟད་ཡོད་དོ་ཞེས་བསྟན་པའོ། །ཟུང་འཇུག་ཏུ་ལྡང་བའི་རིང་བའི་ཉེར་ལེན་གྱི་རྒྱུ་ཀུན་རྫོབ་བདེན་པ་སྒྱུ་མ། ལྷན་ཅིག་བྱེད་པའི་རྐྱེན་འོད་གསལ། ཉེ་བའི་ཉེར་ལེན་སྣང་བ་གསུམ་ལུགས་ལས་བཟློག་པ། ལྷན་ཅིག་བྱེད་པའི་རྐྱེན་འོད་ཟེར་ལྔ་པའི་རླུང་། འབྲས་བུ་རང་གི་ངོ་བོ་སྐྱེད་པར་བྱེད་པས་ཉེར་ལེན་གྱི་རྒྱུ་དང་། འབྲས་བུ་དེའི་ཁྱད་པར་སྐྱེད་པས་ལྷན་ཅིག་བྱེད་པའི་རྐྱེན་ཞེས་བྱའོ། །རྗེ་བཙུན་རས་ཆུང་པ་ཡོན་ཏན་བཅུར་ཡང་གསུངས་ཏེ། །དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྤོང་བར་འགྱུར་བ་དང་། གང་ཟག་གི་བདག་རྩ་བ་དྲུངས་ནས་སྤོང་བ་དང་། ཆོས་སུ་སྣང་བ་སྒྱུ་མར་རྟོགས་པར་འགྱུར་བ་དང་། ཉོན་མོངས་པའི་སྒྲིབ་པ་བག་ལ་ཉལ་དང་བཅས་པ་སྤོང་བ་དང་། ཉོན་མོངས་པའི་དབང་གིས་ལས་མི་གསོག་པ་དང་། ཕྱིར་མི་ལྡོག་པ་དང་། ཕུང་པོ་ལྷག་བཅས་ལྷག་མེད་ཀྱི་ཚུལ་དུ་འཚང་རྒྱ་བ་དང་། བར་དོའི་སྣང་བ་མི་འབྱུང་བ་དང་། དེའི་རྟོག་པ་རྐྱེན་དུ་མི་འགྱུར་བ་དང་། ཡེ་ཤེས་གོང་ནས་གོང་དུ་འཕོ་བ་རྣམས་སོ། །མཐར་ཐུག་པའི་འབྲས་བུ་ནི། ཐམས་ཅད་སྟོང་གསལ་ལས། སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་ཐམས་ཅད་སྟོང་གསལ་ཏེ་ཐམས་ཅད་སྟོང་པའི་འོད་གསལ་གྱི་ངོ་བོ་མཐར་ཐུག་དོན་དུ་བྱས་པ་ཡིན་པའི་ཕྱིར་རོ། །སྒྱུ་འཕྲུལ་དྲ་བ་ནི་དེའི་རྣམ་པར་འགྱུར་བ་དྲི་མ་མེད་པ་རྟོགས་པ་སྟེ་ཆོས་སྐུ་དང་གཟུགས་སྐུ་གཉིས་སོ། །དེ་ཡང་རྒྱུད་བླར། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་གསུངས་ཤིང་། སྐུ་དེ་དག་ཐ་དད་དུ་འབྱེད་མི་ཤེས་པའི་ཕྱིར་ཟུང་འཇུག་གོ །དེའང་དྲིལ་བུ་པས། འདི་ནི་ངོ་བོ་ཉིད་ཀྱི་སྐུ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པ། །མ་ནིང་ཞེས་བྱར་གྲགས་པ་སྟེ། །འགའ་ཞིག་ཏུ་ནི་ཟུང་འཇུག་ཅེས། །སྒྲིབ་པ་མེད་པའི་ཆོས་ཀྱི་ནི། །ཕུང་པོ་ལ་སོགས་འདི་ན་གནས། །རྟེན་དང་བརྟེན་པའི་མཚན་ཉིད་ནི། །ཐམས་ཅད་དཀྱིལ་འཁོར་ཉིད་ཡིན་ནོ། །ཞེས་དང་། ནཱ་རོ་ཞབས་ཀྱིས། ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱང་དོན་དམ་པའི་བདེན་པ་འོད་གསལ་བ་ཡོངས་སུ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་བརྟེན་པའི་ཚོགས་དང་། ཁང་པ་བརྩེགས་པ་ལ་སོགས་པའི་རྟེན་གྱི་དཀྱིལ་འཁོར་ཡང་སྟེ། དེ་ཉིད་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཉིད་དང་། སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཉིད་ཀྱིས་ཀྱང་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་གསུངས་སོ། །བདེན་པ་གཉིས་གཉིས་སུ་མེད་པའི་རང་བཞིན་འདི་ཉིད་ཟུང་དུ་འཇུག་པ་ཞེས་བརྗོད་དེ། དེའི་ཕྱིར་ཟུང་དུ་འཇུག་པའི་སྐུ་ཉིད་ཆོས་ཀྱི་སྐུ་སྟེ་ལོངས་སྤྱོད་རྫོགས་པ་དང་རང་བཞིན་དག་ལས་ཐ་དད་པར་གྱུར་པ་རྣལ་འབྱོར་པས་སོ་སོ་རང་གིས་རིག་པར་བྱའོ། །ཞེས་གསུངས་སོ། །འོ་ན་འདིར་ཆོས་སྐུ་རང་བཞིན་གྱི་སྐུ་ལས་ཐ་དད་པར་བཤད་པས་དྲིལ་བུ་པའི་ལུང་དང་འགལ་བར་མི་འགྱུར་རམ་སྙམ་ན་མི་འགྱུར་ཏེ། སྐུ་བཞིར་འཆད་པ་ན་རང་བཞིན་དང་ཆོས་སྐུ་མཚན་ཉིད་ཐ་དད་པར་བསྟན་པའི་ཚད་ཙམ་ཡིན་པར་དགོངས་པའི་ཕྱིར་རོ། །ཟུང་འཇུག་དེ་ཉིད་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་བསྟན་པའི་དེ་ཁོ་ན་ཉིད་ཡིན་པར་སྤྱོད་བསྡུས་ལས་བཤད་དེ། །མཐོང་བའི་ཆོས་ལ་མྱ་ངན་འདའ། །བྱ་བ་བྱས་པའང་དེ་ཉིད་ཡིན། །མཐོང་བའི་ཆོས་ཞེས་བྱ་བ་ནི་ཚེ་འདི་གང་ཞེས་པའི་དོན་ཏོ། །མྱ་ངན་འདའ་ཞེས་པ་ནི་འཚང་རྒྱ་ཞེས་པ་དང་བྱ་བ་བྱས་པའང་དེ་ཉིད་ཡིན། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ་ཞེས་བྱ་བ་ལ་སོགས་པས་བསྔགས་པའི་དགྲ་བཅོམ་པའམ་རིག་པའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པའི་སྤྱོད་བསྡུས་སུ་བཤད་པའི་མིང་དྲུག་ཅུ་རྩ་བརྒྱད་ཀྱིས་བཏགས་པའང་དེ་ཡིན་ཞེས་བྱ་བའོ།། །།དྲུག་པ་བར་དོ་ལམ་གྱི་བློ་ཆོད་ལ། སྐུ་བཞི་མངོན་གྱུར་གྱི་སོ་མཚམས་ལག་ལེན་བསྟན། བར་དོ་ངོ་སྤྲོད་ཀྱི་ཆོས་ཞིབ་མོར་བཤད་པ་གཉིས་ལས། དང་པོ་ནི། འཆི་བ་སྟོང་པ་ཆོས་སྐུ་ལ། །ལམ་འཆི་བའི་སྲིད་པ་ལ་འགྱུ་བ་གནད་གཅོད་ཀྱི་འཕྲང་ཕྱི་ནང་འབྱུང་བའི་སྐྱེ་མཆེད་རིམ་གྱིས་ཐིམ་པའི་རྗེས་ལ་ཉོན་མོངས་པའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བ་ནམ་མཁའ་སྤྲིན་མེད་པ་ལ་ཉི་ཟླ་ཤར་བ་ལྟ་བུ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་མ་བཅོས་པ་ཇི་ལྟ་བ་དུས་དེར་འཆར་བས་དེ་ཀ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས་ཏེ། ངོ་ཤེས་པར་བྱེད་པ་ལ། ད་ལྟ་བླ་མ་དམ་པས་ངོ་སྤྲོད་པའི་གནས་ལུགས་ལྟ་བའི་དོན་གོ་བ་དང་། དང་པོ་སྣང་བ་གསུམ་གྱི་ནི། །ཐིམ་པའི་འོད་གསལ་ངོས་གཟུང་བ། །རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྣང་བ་རྟོགས་པས་དེ་ཐིམ་པའི་མཚོན་བྱེད་ལམ་གྱི་འོད་གསལ་ལ་སྦྱང་ངོ་། །བར་མ་དོ་ནི་ལོངས་སྤྱོད་རྫོགས། །ལམ་སྲིད་པ་བར་མ་དོ་ལ་སྔོན་བྱུང་ཡིད་ཀྱི་གཟུགས་ཅན་ལས་ཀྱི་གཤེད་མས་འཚེ་བའི་འཕྲང་སྣང་མུན་འོད་ཀྱི་བར་དོ་རུ། དབང་པོ་ཀུན་ཚང་ཐོགས་པ་མེད་ཅིང་ལས་ཀྱི་རྫུ་འཕྲུལ་འོད་དང་ལྡན་པའི་ལུས་ཤིག་ཡོད་དེ། དེ་ཀ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། ཟུང་འཇུག་ལྷའི་སྣང་བ་སྒྱུ་མ་ལྟ་བུར་བཞེངས་ནས་བག་ཆགས་སྔ་མའི་ལྷག་ལུས་སྦྱོང་བ་ཡིན་པས་དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ། གཉིས་པ་དག་དང་མ་དག་པས། །སྒྱུ་མ་ལྟ་བུའི་སྒོ་ནས་ནི། །བར་མ་དོར་ནི་འཚང་རྒྱའི་ཐབས། །ད་ལྟ་མ་དག་པ་བསྐྱེད་པའི་རིམ་པ་ལྷའི་སྐུ་ལ་དམིགས་པ་གསལ་བ་དང་། དག་པ་མཚོན་བྱེད་ལམ་གྱི་སྒྱུ་མ་རྨི་ལམ་སྦྱང་དགོས་སོ། །སྲིད་པར་སྐྱེ་བ་སྤྲུལ་པའི་སྐུ། །ལམ་སྲིད་པ་ཐ་མ་ལས་ཀྱི་རླུང་གིས་རང་དབང་མེད་པར་བསྐྱོད་པའི་འཕྲང་དྲི་ཟ་མངལ་གྱི་སྐྱེ་གནས་འཚོལ་བའི་དུས་དེར་ཕོ་མོ་སྦྱོར་བ་བྱེད་པ་ལ་ཆགས་སྡང་སྐྱེ་བས་སྔར་གྱི་གདམས་ངག་དྲན་པའི་གནད་ཀྱིས་རང་ཉིད་བདེ་སྟོང་གི་ཉམས་དང་མི་འབྲལ་བར་གཉེན་པོའི་རྩལ་མཐར་ཕྱིན་པས་ལས་ཀྱི་སྣང་བ་མི་འཆར་ཞིང་། དུས་ཕྱིན་ཆད་བསམས་ནས་སྐྱེ་བ་ལེན་པ་ཞིག་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ། གསུམ་པ་མངལ་སྒོ་འགག་པ་དང་། ད་ལྟ་གྲོལ་ལམ་གཏུམ་མོ་དྲོད་ཀྱི་ཡེ་ཤེས་སྐྱེས་པ་དང་། ཆགས་ལམ་ལས་རྒྱ་ལ་བརྟེན་ནས་དབང་གསུམ་པ་རྫོགས་པའི་དོན་ཉམས་སུ་མྱོང་བས་ཕྲག་དོག་དང་མིག་སེར་སྦྱང་དགོས་སོ། །སྐྱེ་བའི་ཆ་ནི་ཐབས་ཡིན་ལ། །འགགས་པ་ཤེས་རབ་སྲིད་མཐར་བྱེད། །དེ་ཁོ་ན་ཉིད་ཤེས་ཀྱང་རྐྱེན་མ་ཚང་བས་རྒྱུད་ལས་ཇི་སྐད་གསུངས་པའི་ཟུང་འཇུག་སྒྲུབ་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པས་ཀྱང་། ལྟ་བ་ཐམས་ཅད་རྣམས་པར་སྤངས་ནས་འཆི་བར་འགྱུར་པ་ནི་ཤེས་རབ་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཐབས་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས་ཐ་མལ་པའི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བར་བྱའོ། །ཞེས་སེམས་བསྐྱེད་དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུའང་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་བ་འདི་ནི་སྐུ་གསུམ་རོ་གཅིག་ཐ་མི་དད་པར་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ཤེས་པར་བྱེད་པ་ལ། གང་འདོད་མངལ་སྒོ་གདམས་པའོ། །རྒྱུ་ཁྱད་པར་ཅན་ཡོངས་སུ་བསྒྱུར་བས་ཡོངས་སུ་གྱུར་བཞིན་པས་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འགྱུར་བ་ལ་སྦྱང་དགོས་ཏེ། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ན་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་པས། དེའང་སྤྱོད་བསྡུས་སུ། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །བདེན་གཉིས་དེ་ལ་ཟུང་དུ་འཇུག་པ་ནི། །མི་ཕྱེད་བཞིན་དུ་དེ་དག་ཁྱད་པར་མེད། །མིང་གཉིས་ཐ་མ་གཅིག་པུ་ཁོ་ནར་ནི། །ཤེས་པ་དེ་འདིར་བཅིངས་ལས་གྲོལ་བ་ཡིན། །རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འདོད་ཀྱང་ནི་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །ཞེས་སོ། །གཉིས་པ་བར་དོ་ངོ་སྤྲོད་ཀྱི་ཆོས་ཞིབ་མོར་བཤད་པ་ལ། བར་དོ་ལམ་དུ་བྱེད་པའི་ཆོས་དྲུག་ངོས་གཟུང་། སྐུ་གསུམ་ལམ་ཁྱེར་གྱིས་བློ་ཆོད་དུ་བྱ་བའི་ཚུལ་བཤད་པ་གཉིས་ལས། དང་པོ་ནི། རྗེ་བཙུན་གྱིས། གཞི་བར་དོའི་ཆོས་དྲུག་ཤེས་ཀྱང་འཚལ། །ལམ་སྲིད་པ་གསུམ་གྱི་འབྱུང་འཇུག་གི །གནས་ཁམས་གསུམ་འཁོར་བར་ཡང་ཡང་འཁྱམས། །འཕྲང་འཇུར་མིག་གསུམ་གྱི་སོ་མཚམས་སུ། །བར་དོ་དང་པོ་འགྱུ་བ་གནད་གཅོད་ཀྱི་འཕྲང་། བར་དོ་གཉིས་པ་ལས་ཀྱི་གཤེད་མས་འཚེ་བའི་འཕྲང་། གསུམ་པ་རིག་པ་ལས་ཀྱི་རླུང་གིས་རང་དབང་མེད་པར་བསྐྱོད་པའི་འཕྲང་སྟེ་འཇུར་མིག་གྱི་འཕྲང་གསུམ་ཞེས་བྱའོ། །བཤུལ་རིང་གི་འགྲོན་པོ་མི་གསུམ་ལ། གཞི་ཁམས་གསུམ་གྱི་འཁོར་བར་མི་ཁོམ་པ་བརྒྱད་ཀྱིས་ཐང་ཆད་ཅིང་སྐྱེ་སྲིད་འཆི་སྲིད་བར་སྲིད་གསུམ་ནས་ཡུན་རིང་ཤེད་པས་ལུས་ངལ་དུབ་ཏུ་གྱུར་པའི་འགྲོན་པོ་གསུམ་ཡོད་དེ། གདམས་ངག་ཀྱང་ཡོད་ལ་ཉམས་སུའང་བླངས་པའི་གང་ཟག་དང་། གདམས་ངག་ཡོད་ལ་ཉམས་སུ་མ་བླངས་པའི་གང་ཟག་དང་། གདམས་ངག་ཀྱང་མེད་ལ་ཉམས་སུའང་མ་བླངས་པའི་གང་ཟག་གོ །སྔ་མ་དེ་ནི་སྲིད་པའི་ལམ་དང་། འཇིགས་པའི་འཕྲང་དང་། བདུད་ཀྱི་བསྐུངས་གང་ལའང་ཡ་ང་བ་མེད་དེ་སྒོམ་པའི་སྟོབས་ཀྱིས་ཚེ་འདིར་གྲོལ་ཟིན་པའི་ཕྱིར་རོ། །ཕྱི་མ་ནི་སྐྱེ་བོ་ཐ་མལ་པ་སྟེ། ཡ་ང་བ་དང་བཅས་པའི་འཕྲང་དེ་རྣམས་སུ་རང་བཞིན་གྱི་བདུད་ཀྱིས་འཁྲིད་དེ་ཁམས་གསུམ་འཁོར་བའི་གནས་སུ་སྐྱེ་འཆི་བར་མ་ཆད་པར་ཟོ་ཆུན་ཁྱུད་མོ་ལྟ་བུར་ལོངས་སྤྱོད་པའོ། །བར་མ་དེ་ལ་ཡ་ང་བ་དང་བཅས་པའི་ལམ་འཕྲང་གི་འཇིགས་པ་དག་བསལ་ཞིང་བར་ཆད་བདུད་ཀྱི་ཕྱག་བརྙན་བརྟག་པའི་གདམས་ངག་དགོས་ལ། དེའང་ཅིག་ཅར་བ་དང་། ཐོད་བརྒལ་བ་དང་། རིམ་གྱིས་པའི་གང་ཟག་གསུམ་དུ་ཤེས་པར་བྱའོ། །མཛའ་བཤེས་གཉེན་གྱི་བྱ་ར་བས། །དགའ་བྲོད་གདོང་ནས་བསུ་བ་ཡོད། །འཆི་བ་འོད་གསལ་ཆོས་སྐུ། བར་དོ་དག་པ་ལོངས་སྤྱོད་རྫོགས་སྐུ། །སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ་དེའང་རང་ལ་རང་ཆས་སུ་ཡོད་པའི་ཕྱིར་ཉེ་བས་གཉེན་ནམ་མཛའ་བཤེས་ཞེས་བྱའོ། །བསུན་མ་དེ་དང་མ་མཇལ་ན། །དགྲ་སྡང་གཤེད་མའི་ཕྱག་བརྙན་པས། །བྱ་སྤྱོད་ལྟ་མྱུལ་འོངས་ཏེ་མཆི། །བསུན་མ་དེ་དག་ལས་གང་ཡང་རུང་བ་ཞིག་དང་མ་ཕྲད་ན། འཁོར་བར་འཁྲིད་པའི་དགྲ་བོའི་ཕྱག་བརྙན་པས་མྱུལ་བར་འགྱུར་རོ། །དཔུང་དེད་དཔོན་གསུམ་དང་མ་འགྲོགས་ན། །བསུན་མ་དེ་དང་ཕྲད་པར་བྱེད་པ་ལ་དཔུང་དེད་དཔོན་གསུམ་དང་འགྲོགས་དགོས་ཏེ། བར་དོ་དང་པོའི་སྐབས་སུ་རྣམ་སྨིན་གྱི་ལུས་ལ་བརྟེན་པའི་ཐིམ་རིམ་གྱི་སྣང་བ་ངོས་བཟུང་སྟེ་འོད་གསལ་དུ་སྦྱངས་པས། དེས་འཆི་ཀའི་འཁྲུལ་སྣང་ཐམས་ཅད་དག་ནས། འཆི་དུས་དེར་རྟོགས་གྲོལ་དུས་གཅིག་ཏུ་འབྱུང་ངོ་། །འདི་ནི་འཆི་བ་འོད་གསལ་དོན་དམ་པའི་བདེན་པ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པའོ། །འདི་ལ་རང་སྣང་གི་བར་དོ་མེད་ཀྱང་བར་དོ་དང་པོའི་ཐ་སྙད་བྱས་པ་ནི། ཐ་མལ་པ་རྣམས་བར་དོའི་སྣང་བ་རྩོམ་པའི་ཐོག་མ་ཡིན་པས་བར་དོ་དང་པོ་ཞེས་བཞག་ལ་ཉམས་ཀྱི་འོད་གསལ་གཙོ་བོར་བཏོན་པའི་རྣལ་འབྱོར་པ་ལ་འོད་གསལ་དེ་ཉིད་ཀྱང་ཉམས་ཀྱི་འོད་གསལ་དུ་འཆར་ལ། དེ་ལས་རྣལ་འབྱོར་པ་ལ་སྣང་བ་རྐྱེན་གྱི་བར་དོ་འབྱུང་བས་ཀྱང་བར་དོ་དང་པོ་ཞེས་བྱའོ། །གཞུང་ལུགས་པས་འཆི་བའི་སྲིད་པ་ཞེས་བཏགས་སོ། །སྲིད་པ་བར་དོའི་སྐབས་སུ་ཡིད་ལ་ལུས་བརྟེན་པའི་སེམས་སྔ་ཕྱིའི་བར་དུ་ངོས་འཛིན་པ་དེ་སྒྱུ་མ་འོད་གསལ་དུ་བསྲེ་བའི་ཚུལ་གྱི་ཉམས་སུ་བླངས་པས། དེས་བར་དོའི་འཁྲུལ་སྣང་ཐམས་ཅད་སྦྱངས་ནས་དག་པའི་སྒྱུ་མ་སྒྲུབ་པར་བྱེད་དོ། །བར་དོ་དང་པོ་དང་གཉིས་པའི་གནད་མ་ཟིན་ཀྱང་། མངལ་དུ་ཉིང་མཚམས་སྦྱོར་བའི་ཚེ། མངལ་ངན་པ་དགག་པ་དང་། བཟང་པོ་གདམ་པ་དང་། དེ་གཉིས་ཀའང་ཏིང་ངེ་འཛིན་གྱི་རྩལ་དང་འདུན་པའི་འོད་གསལ་ཁ་བསྒྱུར་བས་ཇི་ལྟར་འདོད་པ་བཞིན་འཇུག་པ་ལ་སོགས་བྱེད་དོ། །འགྲོགས་པར་བྱ་བའི་དེད་དཔོན་གསུམ་ནི་དེའོ། །དེ་དག་དང་མ་འགྲོགས་ན། རྒྱུས་མེད་འཇིགས་བཅས་ཚོང་པ་རྣམས། །མ་མཐོང་འཇིགས་པའི་བསྐུངས་ས་ནས། །ལུང་སྟོན་བདུད་ཀྱི་ཕོ་ཉ་གསུམ། །འོད་གསལ་ཆོས་སྐུ་ངོ་མི་ཤེས་པ་དང་། བར་དོ་ལ་བར་དོར་ངོ་མི་ཤེས་པ་དང་། སྐྱེ་གནས་མི་ཤེས་པ་སྟེ་བདུད་ཀྱི་ཕོ་ཉ་གསུམ་ཞེས་བྱ་སྟེ། དེ་དག་གི་མདུན་ལས་ཐར་དུ་མེད་པའི་རླུང་འཁྲུལ་པའི་སེམས་ཀྱི་ཇག་པའི་བསྒུགས་པས་ཟིན་ཏེ། འདྲ་མིན་སྤྲུལ་པའི་གཟུགས་འཛིན་ཅིང་། །བསླུ་བའི་ཚིག་གིས་ཡིད་བསྒྱུར་ཏེ། །ལམ་གོལ་ལོག་པར་ཁྲིད་ནས་ཀྱང་། །སྣང་མུན་སྲིད་པའི་བར་དོ་རུ། །ཚ་གྲང་སྡུག་བསྔལ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་རྗེས་འབྲངས་ཏེ། །སླར་ཡང་འཁོར་བའི་བཙོན་རར་འཇུག །རླུང་སེམས་ཀྱི་སྣང་བ་ལས་འཇིགས་པའི་སྒྲ་བཞི། ཉམ་ང་བའི་གཡང་ས་གསུམ། ཁྲོ་བོ་དང་ཁྲོ་མོ་ལ་སོགས་པའི་སོད་ཅིག་པའི་སྒྲ་དང་། རླུང་དམར་ཆར་རླུང་སོགས་ཀྱིས་ཡིད་སྔས་པར་བྱས་ཏེ་ལམ་གོལ་བ་རྣམ་བྱང་གི་ལམ་ལྔར་ཁྲིད་ནས་བདུན་ཕྲག་བདུན་དུ་སྡུག་བསྔལ་སྣ་ཚོགས་མྱོང་ནས་ལས་ཀྱི་རྗེས་སུ་འབྲངས་ནས་སླར་འཁོར་བའི་བཙོན་རར་འཇུག་པར་བྱེད་དོ། ད་ནི་དེད་དཔོན་གསུམ་དང་འགྲོགས་པར་བྱེད་པ་ལ། བར་དོའི་ཆོས་དྲུག་གསུངས་པ་ལ། །ད་རེས་འཁོར་འདས་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་འབེབས་ཀྱང་འཚལ། །རྨོངས་པས་འཁོར་བ། རྨོངས་པ་མེད་པས་མྱང་འདས། དེའི་ཕྱིར་རིག་མ་རིག་གང་གི་གནས་སྐབས་སུའང་སེམས་ཀྱི་གནས་ལུགས་སྒྲིབས་པ་མེད་པར་འཆར་བ། བླ་མའི་ཞལ་གྱི་ངོ་སྤྲོད་པས། འཁོར་འདས་སུ་འཛིན་པའི་འཁྲུལ་པ་རང་སར་གྲོལ་བར་འགྱུར་ཞིང་། འཁྲུལ་པའི་རྩ་བ་གཞན་ན་མེད་པར་ཤེས་པ་ན་སྒྲོ་འདོགས་ནང་དུ་ཆོད་པའི་ཕྱིར་ལྟ་བ་གཏན་ལ་ཕེབས་པ་ཞེས་ཟེར་བ་དེ་ཉིད་འདིར་ལམ་འདི་ཐམས་ཅད་ཀྱི་གཞིར་སྔར་བཤད་པའི་ཕྱིར་གཞུང་དུ་དངོས་སུ་མ་གསུངས་སོ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱང་ཕྱིར། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །སྐྱེས་ནས་མ་ཤིའི་བར་ནི་སྐྱེ་ཤིའི་བར་དོ། སྣང་བ་ཞེས་པ་ནི་གཉིད་སད་པའི་གནས་སྐབས་སྨོས་པ་སྟེ། གཞུང་ཉིད་ལས། དེ་ལ་སྐྱེ་ཤི་བར་དོ་རུ། །བསྒོམས་ཏེ་འཚང་རྒྱ་གཏུམ་མོ་དང་། །སྒྱུ་མའི་སྐུ་ལ་བསླབ་པར་བྱ། །སྒྱུ་མའི་སྐུས་ནི་བསྐྱེད་པའི་རིམ་པ་དང་། མཚན་མ་དང་བཅས་པའི་རྫོགས་རིམ་འགའ་ཞིག་དང་། གཏུམ་མོས་རྫོགས་པའི་རིམ་པ་མཐའ་དག་བསྟན་ནོ། །མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉིས་ཀ་ཞེས་བྱའོ། །དེ་ལ་བསླབ་པར་བྱ་དགོས་སོ། །རང་བཞིན་ལམ་གྱི་བར་དོ་རུ། །གཉུག་མ་ཡེ་ཤེས་ངོས་གཟུང་ཕྱིར། །སྙན་རྒྱུད་ཀྱི་གདམས་ངག་སྒོམ་ཡང་འཚལ། །འདིའང་གཞུང་ལས། དེ་ལ་གོམས་པར་འགྱུར་བ་དང་། །རྨི་ལམ་སྒྱུ་ལུས་ཉིས་བསྲེས་ལ། །རྨི་ལམ་ཞེས་པ་གཉིད་འོད་གསལ་དུ་ཤར་བ་མཚོན་བྱེད་དེ་སྲབ་མོའི་ངང་འཐུག་པོའི་འོད་གསལ་ལས། འདི་འཐུག་པོའི་འོད་གསལ་ལོ། །སྒྱུ་མ་ནི་རྣམ་པ་དང་བཅས་པའི་སྟོང་ཉིད་དེ། དེ་གཉིས་བསྲེས་པས་ལམ་དང་རང་བཞིན་གཅིག་ཏུ་འདྲེ་བའི་ཕྱིར་རང་བཞིན་ལམ་གྱི་བར་དོ་ཞེས་བྱའོ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་བསྒྱུར་པའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །གཞུང་ལས། རྨི་ལམ་བར་དོ་སྦྱང་བར་བྱ། །ཞེས་རྨི་ལམ་བག་ཆགས་ཀྱི་ལུས་ཐོག་མར་ཉམས་དང་། དེ་ནས་རྟོགས་པའི་འོད་གསལ་དུ་སྦྱང་པར་བྱའོ། །ཐ་མ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་གྱུར་ནས་ཀྱང་། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གཞུང་ལས། རྨི་ལམ་སྒྱུ་ལུས་འབྱོངས་པ་དང་། །འཆི་ཀ་དུས་ཀྱི་བར་དོ་རུ། །འོད་གསལ་བ་དང་འདྲེས་པ་ལས། །སྒྱུ་ལུས་རིལ་འཛིན་རྗེས་གཞིག་གིས། །བག་ཆགས་ཐམས་ཅད་བསྲེག་པའི་ཕྱིར། །འོད་གསལ་མེ་ཡིས་སྦྱངས་ནས་ནི། །ཟུང་དུ་འཇུག་པའི་སྐུར་སངས་རྒྱ། །བར་དོ་དང་པོ་འོད་གསལ་ངོས་གཟུང་། དེས་སྒྱུ་ལུས་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་སྦྱངས་པས་ཆོས་སྐུའི་ཞིང་དུ་བགྲོད་པ་དང་། བར་དོ་གཉིས་པར་ལོངས་སྐུའི་དང་། གསུམ་པར་སྤྲུལ་སྐུའི་ཞིང་དུ་བགྲོད་པར་བྱེད་པ་སྟེ་འོག་ཏུ་རྒྱས་པར་འཆད་དོ། །གལ་ཏེ་མངོན་དུ་མ་གྱུར་ན། སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པས་མཚམས་སྦྱར་ནས། །རྒྱུ་འབྲས་མི་སླུའི་རྟེན་འབྲེལ་གྱིས། །དལ་འབྱོར་འཛོམ་པའི་ལུས་ཐོབ་ཅིང་། །སྔ་མའི་ལས་འཕྲོ་སད་ནས་ཀྱང་། །ལམ་གྱི་རྟོགས་པ་མཐར་ཕྱུང་སྟེ། །རིང་པོར་མི་ཐོགས་དེ་ཉིད་དུ། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། །གལ་ཏེ་སྐུ་གསུམ་མངོན་གྱུར་གྱི་དུས་མཚམས་ལག་ལེན་དུ་མ་ཁེལ་ན། སྨོན་ལམ་དགེ་བས་མཚམས་སྦྱར་ཏེ་སྐྱེ་བ་ཕྱི་མར་དྲན་པ་མི་ཉམས་པས་སྔགས་ཀྱི་ལམ་ཐམས་ཅད་རྫོགས་པར་བྱེད་དོ། །དེའང་བར་དོ་གསུམ་དང་ལུས་གསུམ་བསྲེ་བ་གསུམ་དུ་བསྡུས་ཏེ། སྐྱེས་ནས་མ་ཤིའི་བར་སྐྱེ་ཤི་བར་དོ། གཉིད་དུ་སོང་ནས་མ་སད་པའི་བར་རྨི་ལམ་བར་དོ། ཤི་ནས་མ་སྐྱེས་ཀྱི་བར་སྲིད་པ་བར་དོ་སྟེ་བར་དོ་གསུམ་པོ། །དང་པོ་ལ་རྣམ་སྨིན་གྱི་ལུས། གཉིས་པ་ལ་བག་ཆགས་ཀྱི་ལུས། གསུམ་པ་ཡིད་ལུས་ཏེ་གསུམ་མོ། །དང་པོ་ལ་འདོད་ཆགས་དང་ལྷན་ཅིག་སྐྱེས་པར་བསྲེས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ། དེ་འབྱོངས་ནས་གཉིས་པར་གཏི་མུག་དང་འོད་གསལ་དུ་བསྲེས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ། དེ་འབྱོངས་ནས་གསུམ་པ་ལ་ཞེ་སྡང་ཆོས་ཉིད་དུ་བསྲེས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པ་ནི་བསྲེ་བ་གསུམ་མོ། །གཉིས་པ་སྐུ་གསུམ་ལམ་ཁྱེར་གྱིས་བློ་ཆོད་དུ་བྱ་བའི་ཚུལ་ལ། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་འཁྱེར། གཉིས་པ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལམ་འཁྱེར། གསུམ་པ་སྐྱེ་བ་ལེན་པ་སྤྲུལ་སྐུའི་ལམ་འཁྱེར་དང་གསུམ་ལས། དང་པོ་ནི། རིམ་གྱིས་འཇུག་པའི་གང་ཟག་གིས། །འཆི་བ་རིམ་གྱིས་པའི་གང་ཟག་གི་དབང་དུ་བྱས་ནས། ཤེས་པ་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་ཞེས་མདོར་བསྟན་ནས། རྒྱས་པར་བསྟན་པའི་ཕྱིར། གོང་དུ་བསྟན་པ་དེ་དག་ཀྱང་། རྒྱས་པར་བཤད་ན་འདི་ལྟ་སྟེ། །དང་པོ་ལུང་རིག་མན་ངག་གིས། །རྒྱུད་ལ་རྟོགས་པ་ཤར་ཙ་ན། །ཞེས་པ་ནི་བར་དོ་དང་པོ་ལམ་དུ་བྱེད་པའི་གང་ཟག་བསྟན་ནོ། །སྣང་བ་འགག་ལུགས་བསྟན་པ་ནི། །གཟུགས་ནི་སྒྲ་ལ་ཐིམ་པར་འགྱུར། །སྒྲ་ཡང་དྲི་ལ་དྲི་ཡང་རོ། །རེག་བྱའི་བར་དུ་རིམ་གྱིས་ཐིམ། །གང་ལམ་དུ་བྱེད་པའི་ཐིམ་རིམ་བཤད་པ་སྟེ། གཟུགས་ཕུང་འོད་གསལ་དུ་འཇུག་པའི་རྟགས་སུ་ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམ་ཆུང་ཞིང་ནུས་པ་མེད་པར་འགྱུར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་རབ་རིབ་ཏུ་འགྱུར། སའི་ཡོན་ཏན་ཐིམ་པས་ཐམས་ཅད་སྐེམ་པར་འགྱུར། མིག་དབང་ཐིམ་པས་མིག་འགྱུར་ཞིང་ཟུམ་པར་འགྱུར། ཡུལ་གྱི་གཟུགས་ཐིམ་པས་ལུས་ཀྱི་མདངས་མེད་པས་ཉམས་སད་པར་འགྱུར། དེ་ལྟར་རྣམ་སྣང་གི་རིགས་རྣམས་དོན་དམ་པར་འཇུག་གོ །དེ་ནས་རིན་འབྱུང་གི་རང་བཞིན་ཚོར་བའི་ཕུང་པོ་ཐིམ་པས། རླུང་མཁྲིས་བད་ཀན་འདུས་པ་ལ་སོགས་པའི་ཚོར་བ་ཉམས་སུ་མི་མྱོང་ངོ་། །མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་དྲན་པར་མི་འགྱུར་རོ། ཆུའི་ཡོན་ཏན་ཐིམ་པས། རང་གི་ལུས་ཀྱི་ཁ་ཆུ་རྡུལ་དང་། གཅིན་དང་། ཁྲག་དང་། ཁུ་བ་ལ་སོགས་པ་སྐེམ། ནམ་མཁའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་ཐོས། ཡུལ་སྒྲ་ཐིམ་པས་རང་གི་ལུས་ཀྱི་སྒྲ་མི་ཐོས་སོ། །པདྨའི་རིགས་ཀྱི་རང་བཞིན་འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་རྐང་གཉིས་ལ་སོགས་པའི་སེམས་ཅན་མི་དྲན་ནོ། །སོར་རྟོག་ཡེ་ཤེས་ཐིམ་པས་ཕ་མ་བུ་སྲིང་ལ་སོགས་པའི་མིང་མི་དྲན། མེའི་ཡོན་ཏན་ཐིམ་པས་ཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་གི་རླུང་དལ་གྱིས་འགྲོའོ། །ཡུལ་དྲི་ཐིམ་པས་རང་གི་ལུས་ཀྱི་དྲི་མི་གནམ་མོ། །ལས་ཀྱི་རིགས་ཀྱི་རང་བཞིན་འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་གྲུབ་ཡེ་ཤེས་ཐིམ་པས་འཇིག་རྟེན་པའི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར། རླུང་གི་ཡོན་ཏན་ཐིམ་པས་རླུང་བཅུ་རང་གི་གནས་ནས་འཕོའོ། །ལྕེ་དབང་ཐིམ་པས་ལྕེ་སྦོམ་པ་དང་། ཐུང་བ་དང་། རྩ་བ་སྔོན་པོར་འགྱུར་རོ། །ཡུལ་རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་ངོ་། །རིགས་པ་ཐིམ་ཞེས་པ་མདོར་བསྟན་ནས། ས་དང་ཆུ་དང་མེ་དང་རླུང་། །དེ་རྣམས་རིམ་གྱིས་རྣམ་ཤེས་ལ། །ནང་གི་རླུང་འབྱུང་བའི་ཐིམ་ལུགས་ནི། ས་ཆུ་ལ་ཐིམ་པས་རང་གི་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད་ཅིང་ང་ཐེག་ཟེར་བ་འབྱུང་། རྟགས་ཅན་སྨིག་རྒྱུ་ལྟ་བུ། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ་ཞིང་ལྕེ་རྐན་སྦུབས་སུ་འབྲོས། རྟགས་ཅན་དུ་བ། མེ་རླུང་ལ་ཐིམ་པས་ལུས་དྲོད་མཐའ་ནས་སྡུད། རྟགས་ཅན་སྲིན་བུ་མེ་ཁྱེར་ལྟ་བུ། རླུང་སེམས་ལ་ཐིམ་པའི་རྟགས་དབུགས་ཕྱི་རུ་རིང་ནང་དུ་སྡུད་མི་ཤེས། ཅུང་ཟད་སྡུད་ཀྱང་རྩུབ་ལ་ཐུང་བར་སྡུད། རྟགས་ཅན་མར་མེ་ལྟ་བུ། འདིའི་དུས་སྡིག་ཅན་ལ་གཤེད་མས་འཚེ་བ་སོགས་གནད་གཅོད་ཀྱི་སྡུག་བསྔལ། དགེ་བ་ཅན་ལ་བླ་མ་དང་ལྷའི་བསུན་མ་སོགས་དག་སྣང་འབྱུང་། འོད་གསལ་གྱིས་སྣང་བ་དག་པར་བྱེད་ནུས་ན་འོག་ཏུ་ཕྲ་བ་ཐིམ་པར་འགྱུར་ལ། གཞན་འཕོ་ནུས་འདིས། དགེ་བས་མཐོ་རིས་མི་དགེ་བའི་སྣང་བས་ངན་འགྲོའི་བག་ཆགས་འཇོག་པ་ཡིན་ནོ། །དེ་ནས་ཕྱི་དབུགས་ཆད། ནང་དབུགས་གནས་པའི་བར་དེར། རྟོག་པ་ཐིམ་དང་། རྣམ་ཤེས་སྣང་བ་ལ་ཐིམ་ཚེ། །ཕྱི་རུ་ཟླ་ཤར་ལྟ་བུ་ལ། །ནང་རྟགས་དུ་བ་ལྟ་བུ་འབྱུང་། །སེམས་སྣང་དང་པོའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགག །གཟུང་འཛིན་གྱི་རྣམ་རྟོག་རགས་པས་སྟོང་པས་ན་སྟོང་པའམ། ཤེས་པའི་རང་མདངས་གསལ་བར་སྣང་བས་ན་སྣང་བ་ཞེས་བྱ་བའི་ཉམས་འཆར། ཕྱི་གཟུང་ཆ་ལ་རྟགས་ཟླ་བ་ལྟར་སྐྱ་ལམ་པ་འབྱུང་། ནང་འཛིན་ཆ་ལ་རྟགས་ཅན་དུ་བ་ལྟ་བུ། དེའི་དུས་སྤྱི་བོ་བདེ་ཆེན་དང་ལོངས་སྤྱོད་ཀྱི་འཁོར་ལོ་རལ་ནས་དཀར་ཆ་འཐུར་དུ་བབས་ཏེ་སྲོག་དང་ལྷན་ཅིག་སྙིང་གར་འདུ། སྣང་བ་དེ་ཉིད་མཆེད་པ་ལ། །ཐིམ་སྟེ་ཕྱི་རྟགས་ཉི་ཤར་འདྲ། །ཤེས་པ་མར་མེ་ལྟ་བུ་འབྱུང་། །སྣང་བ་དེ་སེམས་བྱུང་ལ་ཐིམ་ནས་འདོད་ཆགས་ལ་སོགས་པའི་རང་བཞིན་བཞི་བཅུ་འགག །སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པའམ། གཟུང་འཛིན་གྱི་རྟོག་པས་ཆེར་སྟོང་པས་ན་ཤིན་ཏུ་སྟོང་པ་ཞེས་བྱ། གཟུང་ཆ་ལ་རྟགས་ཉི་མ་ཤར་བ་ལྟ་བུ་དམར་ལམ་པ་འགྱུར། འཛིན་ཆ་ལ་རྟགས་ཅན་མེ་ཁྱེར་ལྟ་བུ། །དེ་དུས་ལྟེ་བ་དང་གསང་གནས་ཀྱི་རྩ་མདུད་རལ་ནས་དམར་ཆ་མའི་རང་བཞིན་སྲོག་དང་ལྷན་ཅིག་སྙིང་གར་འདུ། མཆེད་པ་ཐོབ་པ་ལ་ཐིམ་པས། ཕྱི་རྟགས་མུན་པ་ལྟ་བུ་འབྱུང་། །ཤེས་པ་མར་མེ་ལྟ་བུ་འཆར། །སྣང་བ་མཆེད་པ་སེམས་བྱུང་མ་རིག་པ་ལ་ཐིམ་པས་བཏང་སྙོམས་སོགས་གཏི་མུག་གི་རྟོག་པ་བདུན་འགག །སེམས་འགག་པ་ལ་ཕྱོགས་པས་སྣང་བ་ཉེར་ཐོབ་བམ་གཟུང་འཛིན་གྱི་རྟོག་པས་ཤིན་ཏུ་ཆེས་ཆེར་སྟོང་པས་ན་སྟོང་པ་ཆེན་པོ་ཞེས་བྱ་བ། གཟུང་ཆ་ལ་རྟགས་མུན་ནག་ལྟ་བུ་ནག་ཐིང་སྟེ་འགྲོ། འཛིན་ཆ་ལ་རྟགས་ཅན་བུམ་ནང་གི་མར་མེ་ལྟ་བུ་འབྱུང་ངོ་། །སྙིང་གར་དཀར་དམར་འདུ་འཕྲོད་མུན་ཅན་གྱི་རླུང་གིས་བཅིངས་པའི་དུས་སོ། །ཕྲ་བ་ཐིམ་ཞེས་པས། ཐོབ་པ་འོད་གསལ་ལ་ཐིམ་པས། །ཕྱི་རྟགས་ཐོ་རངས་དུས་ཚོད་ཀྱི། །སྐྱ་རེངས་ཤར་བ་ལྟ་བུ་འབྱུང་། །ནང་གི་ཤེས་པ་ནམ་མཁའ་ནི། །སྤྲིན་དག་འདྲ་བ་འཆར་བའོ། །མ་རིག་པ་འོད་གསལ་ལ་ཐིམ་ནས་འོད་གསལ་གྱི་ཉམས་ཤར་བའི་དུས་སུ་སྣང་བ་གསུམ་འགགས། ཐམས་ཅད་སྟོང་པ་འོད་གསལ་ཤར། །གཟུང་བའམ་ཡུལ་གྱི་ཆ་ནས་རྟགས་སྐྱ་རེངས་ལྟ་བུར་གསལ་བ། འཛིན་ཆའི་ཡུལ་ཅན་གྱི་ཆ་ནས་རྟགས་ཅན་སྤྲིན་མེད་པའི་ནམ་མཁའ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའོ། །གདམས་ངག་མེད་པ་རྣམས་ལ་འདིར་ཕྱི་དབུགས་ཆད་ཀའི་ཤེས་པ་སྐོར་ཅིག་གིས་འཕོ་བ་དེས་བཞག་པའི་ནུས་པའམ་བག་ཆགས་ལྡང་སྟེ། དེས་འོད་གསལ་བསྒྲིབས་ནས་རིག་པར་མི་འགྱུར་ལ། རྣལ་འབྱོར་པས་འཕོ་དུས་དེ་ཀ་སྣང་བ་མེད་པའི་འོད་གསལ་དུ་སྦྱངས་པས་བག་ཆགས་མ་བཞག་པས་འདིར་འོད་གསལ་སྒྲིབ་པར་བྱེད་མཁན་མ་བྱུང་སྟེ། དེའི་ཕྱིར་ངོས་ཟིན་པ་ཡིན་ལ། འོད་གསལ་ལ་སྒྲིབ་པའི་ནུས་པ་མེད་པས་ཕྲ་བ་ཐིམ་པ་ཞེས་བྱའོ། །དེ་ལྟར་ཡང་འཇམ་དཔལ་གྱི་ལྟ་བ་མདོར་བསྟན་པར། ཡེ་ཤེས་ཀྱིས་ནི་སེམས་ཕུག་ན། །འགར་ཡང་བག་ཆགས་མེད་པའོ། །ཞེས་གསུངས་སོ། །ཐིམ་པའི་རྗེས་སུ་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འབྱུང་། །ཞེས་པ། ལམ་གོམས་པ་ཞེས་བྱ་བ་འདི་ནི་ཐིམ་རིམ་གྱི་སྣང་བ་ཉིད་མ་ཡེངས་པའི་ལམ་གྱིས་རྟོགས་པའི་འོད་གསལ་དུ་སྦྱངས་པས་དེར་འཛིན་པ་དག་པ་སྟེ་འོད་གསལ་བུའོ། །དེས་རང་བཞིན་གྱིས་འཆར་བའི་འོད་གསལ་མ་ངོ་ཤེས། དེ་ཤེས་ན་དེ་ལ་གནས་པར་འགྱུར་ཏེ། འདི་ཀ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་བྱའོ། །ཐིམ་རིམ་ལ་སོ་བྱ་ཉ་ལ་བསྒུག་པ་ལྟ་བུར་བྱས་ནས་འོད་གསལ་དུ་སྦྱངས་བར་བཤད་པ་རྣམས་ནི་རྣམ་པ་མེད་པའི་འོད་གསལ་དུ་མ་གྱུར་པས་བཞི་པའི་འོད་གསལ་ཡང་ཉམས་ཀྱིས་བསྒྲིབས། དེས་རྣལ་འབྱོར་པ་ལ་སྣང་བ་རྐྱེན་གྱི་བར་དོར་འགྱུར་ཏེ། སྔ་མ་ནི་རྟོགས་པའི་འོད་གསལ། ཕྱི་མ་ལ་ཉམས་ཀྱི་འོད་གསལ་ལམ་སྲབ་མོའི་འོད་གསལ་ཞེས་བྱ་སྟེ་དོན་སྣང་བ་གསུམ་གྱི་ངོ་བོར་སོང་ངོ་། དེ་ཡི་རྗེས་ལ་ཟུང་འཇུག་གི་སྐུ་ནི། ཡང་དག་པའི་མཐའ་ལ་ཞུགས་ནས་དངོས་པོ་མེད་པར་གྱུར་པ་འོད་གསལ་གྱི་ངང་ལས་སྔོན་གྱི་འཕེན་པས་རྒྱུ་བྱས། ཏིང་ངེ་འཛིན་གྱིས་གསོས་བཏབ། རྗེས་སུ་དྲན་པས་མཚམས་སྦྱར་ནས་ལུགས་བཟློག་གི་སྣང་བ་གསུམ་ཡེ་ཤེས་གྱི་རླུང་དང་བཅས་པ་ལས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་འཆང་གི་སྐུར་ཆུ་ལས་ཉ་ལྡང་བའི་ཚུལ་དུ་སྐད་ཅིག་ལ་བཞེངས་པ་ཟུང་འཇུག་གི་སྐུ་སྟེ། དེ་ཡང་། རྣམ་པ་གཉིས་འབྱུང་སྟེ། སློབ་པ་དང་ནི་མི་སློབ་གཉིས། །ཟུང་འཇུག་དེ་ཉིད་འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱ་ལ། དེའི་ཚེ། འཁོར་འདས། བདེན་གཉིས། རིམ་གཉིས་ལ་སོགས་པའི་གཉིས་ཆོས་ཐམས་ཅད་གཉིས་མེད་དུ་འདྲེས་པས་ན་ཟུང་དུ་འཇུག་པ་ཡིན་ལ། དེ་ཐོབ་ནས་ལམ་གཞན་ལ་བསླབ་པར་བྱ་བ་ནི་མེད་ཀྱི། སྒྲིབ་པའི་ལྷག་མ་སྤོང་བ་དང་། མི་སློབ་པའི་ཟུང་འཇུག་ཐོབ་པར་བྱ་བའི་ཕྱིར་དེ་ཉིད་ལའང་སློབ་ཅིང་མཐར་ཕྱིན་པར་བྱེད་པ་ནི་ཡོད་པས་སློབ་པའི་ཟུང་འཇུག་ཅེས་བྱ་སྟེ། འོད་གསལ་དེ་ལས་ལངས་པ་ཡི། །ཟུང་འཇུག་ངོས་ནི་གཟུང་བྱ་སྟེ། །མངོན་པར་བྱང་ཆུབ་འོད་གསལ་མེས། །བག་ཆགས་ཐམས་ཅད་སྦྱོང་དུས་སུ། །སློབ་པའི་ཟུང་འཇུག་ཅེས་པའོ། །ཞེས་བཤད་པས་སོ། །མི་སློབ་པར་ནི་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །དེ་ལྟར་བསླབས་པས་སྤང་བྱ་ཟད་པར་སྤངས། རྟོགས་བྱ་མ་ལུས་པར་རྟོགས། དོན་གཉིས་མཐར་ཕྱིན་པས་མི་སློབ་པའི་ཟུང་འཇུག་སྟེ་རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེའི་སར་ཕྱིན་པ་ཡིན་ནོ། །དེ་ཡང་། སྦྱང་གཞི་སྦྱོང་བྱེད་མེད་ཙ་ན། །གོམས་པ་མཐར་ཕྱིན་གྱུར་པ་སྟེ། །མི་སློབ་ཟུང་འཇུག་ཅེས་བྱའོ། །འབྲས་བུ་ཐོབ་པར་གྱུར་པ་ཡིན། །ཞེས་བཤད་དོ། །བར་དོ་གཉིས་པ་ལོངས་སྤྱོད་རྫོགས་སྐུའི་ལམ་འཁྱེར་ནི། དེ་ལས་སྲིད་པའི་བར་མ་དོར། །དེའང་སྣང་བ་གསུམ་འོད་གསལ་གྱིས་རྣམ་པར་དག་པར་བྱེད་མ་ནུས་ཤིང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་ཤེས་པ་རྣམས་སྔོན་གྱི་འཕེན་པས་རྒྱུ་བྱས། རྣམ་རྟོག་གི་བཞོན་པ་རླུང་གི་རྐྱེན་བྱས་ནས་འོད་གསལ་གྱི་ངང་ལས་སྣང་བ་ཉེར་ཐོབ། དེ་ལ་སྣང་མཆེད། དེ་ལས་སྣང་བ། དེ་ལས་རླུང་གི་ཁམས་ཀྱིས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲེད་པས་རྗེས་སུ་བཅིངས་པ་ལ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་གཟུང་བ་དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་ལྡན་པ་བྱིས་པ་ལོ་ལྔ་པ་དང་མཉམ་པ་གང་དུ་སྐྱེ་འགྱུར་གྱི་སྲིད་པའི་གཟུགས་ཅན་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་ལ། མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་བདུན་གྱི་འཕོ་བའི་བར་ལ་གནས་ནས་སྐྱེ་བའི་རྐྱེན་མ་རྙེད་ན་བར་དོ་དེ་ཉིད་དུ་སྐྱེས་ནས། ཞག་བདུན་བདུན་ན་འཆི་འཕོ་བ། བདུན་ཕྲག་བདུན་ནས་ཅིས་ཀྱང་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །དེ་ནི་བར་མ་དོའི་སྲིད་པ་ཞེས་བྱའོ། །སྒྱུ་ལུས་ཟུང་འཇུག་སྐུར་བསྒྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །དེ་ལ་གོམས་པས་མངལ་སྒོ་ཁེགས། །དེ་ཞག་ཕྱེད་དང་བཞི་ཚུན་ནི་བརྒྱལ་བས་བར་དོ་ལ་བར་དོར་ཤེས་པ་མེད་ལ། དེ་ནས་ཡོད་པས། དེའི་དུས་སུ་དག་པ་ལྷའི་སྒྱུ་མ་དྲན་པས་གསལ་ཐེབས་པའི་ཚེ་འོད་གསལ་དྲན་པས་འོད་གསལ་དེའི་ངང་ནས་ལོངས་སྤྱོད་རྫོགས་པའི་སྐུའམ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུར་གྱུར་ཏེ་དག་པའི་ཞིང་དུ་སྐྱེ་བ་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱེད་དོ། །འདིའི་འོད་གསལ་ནི་ཉམས་སོ་ཞེས་ཤེས་པར་བྱའོ། །དུས་གནད་དེ་ལ་ཡོལ་དགོས་པའི་ཕྱིར་འབྲིང་དུས་ཀྱི་ས་ཞེས་དང་། གདམས་ངག་བློ་ལ་དྲན་པ་ཙམ་གྱིས་ལམ་ཆོད་པའི་ཕྱིར་བར་དོ་བློ་ཆོད་ཀྱི་གདམས་པ་ཞེས་བྱ་སྟེ། ཁྱི་བདུན་གྱིས་བདས་པའི་དུས་སུ་ཡང་དྲན་པ་ཞིག་བྱུང་ན་འདིར་དྲན་པར་འགྱུར་བ་ལ་དགོངས་ནས་བརྗེད་ཐོར་དཔལ་རྒྱལ་བའི་དབང་པོས་གདམས་ངག་གསོལ་འདེབས་སུ་བསྙད་པར་མཛད་དོ། །བར་དོ་གསུམ་པ་སྐྱེ་བ་སྤྲུལ་པའི་སྐུའི་ལམ་འཁྱེར་ནི། གལ་ཏེ་ཟུང་འཇུག་མ་ཤེས་ན། །སྲིད་པའི་སྐྱེ་བ་མི་ཁེགས་པས། །དུས་དེར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ན། རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐྲུན་པར་གྱུར་བའི་སྣང་བ། ས་རླུང་གིས་རི་བསྙིལ་བ་དང་། ཆུ་ཀླུང་གིས་རྒྱ་མཚོའི་རླབས་འཆོལ་བའི་སྒྲ་དང་། མེ་རླུང་གིས་ནགས་མེས་ཚིག་པ་ལྟ་བུ་དང་། རླུང་གི་རླུང་གིས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲས་སྔངས་ཏེ་བྲོས་པ་དང་། སྣང་བ་གསུམ་གྱི་དཀར་དམར་ནག་པོའི་གཅོང་གཡང་གང་ཡང་རུང་བ་ལ་ལྷུང་བ་དང་། འོད་དཀར་པོ་ལྷ། དམར་པོ་མི། སེར་པོ་དུད་འགྲོ། སྔོན་པོ་ཡི་དྭགས། ནག་པོ་དམྱལ་བའི་ལམ་སྟེ་འོད་ལམ་དེ་དག་ཏུ་ཕྱིན་པ་དང་། འོད་དང་ཐིག་ལེ་ཐིག་ཕྲན་གྱི་དབུས་ནས་ཁྲོ་བོ་ལ་སོགས་པས་རྒྱོབ་ཅིག་སོད་ཅིག་པའི་སྒྲས་བྲེད་དེ་བྲོས་པ་ལ་སོགས་པས་སྐྱེ་བའི་རྒྱུ་རྐྱེན་རྙེད་ནས་འགྲོ་བ་ལྔ་པོ་གང་ཡང་རུང་བར་ཉིང་མཚམས་སྦྱོར་བར་བྱེད་དོ། །གཞལ་མེད་ཀྱི་ཁང་མཆོག་ཏུ་ཕྱིན་པ་དང་། ལྷའི་བུ་འདོད་པ་སྤྱོད་པ་མཐོང་ན་ལྷའི་གནས་སུ་སྐྱེ་བ་དང་། ཕ་མ་སྦྱོར་བ་བྱེད་པའམ་ཁང་བཟང་ཉམས་དགའ་བ་འཛམ་བུའི་གླིང་པ། ངང་པས་བརྒྱན་པའི་མཚོ་ཤར་གླིང་། ཁྱུ་མཆོག་གིས་བརྒྱན་པའི་མཚོ་ནུབ་གླིང་། རྟས་བརྒྱན་པ་བྱང་གླིང་དུ། ཕུག་པ་དང་། གྲོག་པོ་དང་། སྡོང་དུམ་ལ་སོགས་པར་བསྐྱབས་ན་དུད་འགྲོ་དང་ཡི་དྭགས། སྲོག་གཅོད་པའི་གཤེད་མས་བཙོན་བཞིན་དུ་ཁྲིད་པ་དང་། ལྕགས་ཀྱི་ཁང་བཟང་མེ་རབ་ཏུ་འབར་བར་ཚུད་པ་དམྱལ་བ། རྫུས་སྐྱེས་གནས། དྲོད་གཤེར་དྲི་རོ། སྒོང་སྐྱེས་དང་མངལ་སྐྱེས་ཕ་མ་ལ་སྲེད་པས་སོ། །ཆགས་སྡང་སྣང་བ་ཀུན་སྤངས་ལ། །འཇུག་བྱ་གང་ཟག་རང་ཉིད་ལྷར་རམ། སྒྱུ་མར་གསལ་བས་སམ། འཇུག་ཡུལ་གྱི་ཕ་མ་བླ་མའམ་ཡི་དམ་ཡབ་ཡུམ་དུ་ཤེས་ནས་དབང་ཞུ་བ་དང་། ཡང་ན་ཆགས་སྡང་བཟློག་པ་དང་། སྒྱུ་མར་བསྒོམ་པ་དང་། སྟོང་པར་བསམ་པ་སྟེ་ལྔས་དགག་པར་གསུངས་སོ། །བདུན་ཕྲག་དང་པོ་ལ་ཁེགས་ན་ཕྱི་མ་ལ་ཁེགས་སླའོ། །འདིར་རྫོགས་ཆེན་ནས་ཡེ་ཤེས་ཀྱི་ཟེར་ཐག་ལ་འཇུ་བ་ལ་སོགས་པ་གསུངས་པ་ནི་ཐམས་ཅད་ལ་འབྱུང་བ་མ་ཡིན་ཏེ། དེས་སྔར་ཐོད་བརྒལ་གྱི་ལམ་ལ་སྦྱངས་པའི་བག་ཆགས་བཞག་པ་ལས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་བར་དོ་སྤྱི་ཆིངས་ལ་འདི་ནས་འབྱུང་བ་བཞིན་ལ། རྣལ་འབྱོར་པ་སོ་སོ་ལ་ནི་སྔར་གང་ལ་སྦྱངས་པ་དེ་དང་དེ་ནས་འབྱུང་བ་བཞིན་ནོ། །དེའི་ཕྱིར་སྣང་བ་མི་མཐུན་པའང་འགལ་མེད་དུ་ཤེས་པར་བྱའོ། །དྲན་པའི་སྤྱན་མས་མཚམས་སྦྱར་ཏེ། །མངལ་སྒོ་གདམ་པའི་སྦྱོར་བ་བྱ། །ཇི་ལྟར་འདོད་པའི་འཇིག་རྟེན་དུའོ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གང་འདོད་གནས་སུ་སྐྱེ་བར་འགྱུར། །ཕ་མ་ཡི་དམ་ཡབ་ཡུམ་དུ། །ཡི་དམ་གྱི་རང་བཞིན་ནམ། བྱེད་ལས་སམ། རྣམ་པ་གང་རུང་རྗེས་སུ་དྲན་པས་ཞུགས་ཏེ་རང་ཉིད་ཀྱང་རིགས་ཀྱི་སྲས་པོར་བྱིན་གྱིས་རློབ་པར་འགྱུར་ཞིང་། འཇིག་རྟེན་གྱི་སྐྱེ་བོ་ཀུན་གྱི་ཡིད་དགའ་བར་མཚོན་ལྟས་བཟང་པོ་དང་བཅས་ཏེ་སྐྱེ་བའམ་སྐྱེ་གནས་ལ་སོགས་པ་གཞལ་ཡས་ཁང་རང་ཉིད་ལྷའི་སྣང་བར་བྱས་ཏེ་བསམས་བཞིན་དུ་འཕོ་བས་མངོན་པར་དགའ་བའི་འཕོ་བ་ཞེས་བྱའོ། །དེས་ཚེ་ཕྱི་མར་སྔར་གྱི་དྲན་པ་མི་ཉམས་ཏེ་ལམ་གོང་མ་ལ་རིམ་གྱིས་སྦྱངས་ནས་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །བར་དོའི་ཡོན་ཏན་བརྒྱད་དེ། བར་དོ་ངོ་ཤེས་པར་འགྱུར་བ་དང་། བར་དོའི་འཇིགས་སྐྲག་མེད་པ། ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པ་དང་། མངལ་གྱི་སྒོ་ཁེགས་པ་དང་། ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་དང་། ལམ་མ་རྫོགས་པ་རྫོགས་པར་འགྱུར་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། འཚང་མི་རྒྱ་ནའང་རང་དབང་ཡོད་པར་ལུས་ལེན་པའོ།། །།བདུན་པ་འཕོ་བ་ལམ་གྱི་སྐྱེལ་མ་ལ། འཕོ་བའི་རྣལ་འབྱོར་རྣམ་པར་དབྱེ་བ། འཕོ་བའི་མཚན་ཉིད་བཤད་པ། འཕོ་བའི་འབྲས་བུ་བསྟན་པ་གསུམ་ལས། དང་པོ་ནི། འཕོ་བའི་བྱེ་བྲག་ཤིན་ཏུ་མང་། །སྦྱངས་ཏེ་འཕོ་དང་། ཧི་ཀ་ཉི་ཤུ་རྩ་གཅིག་མའི་འཕོ་བ་དང་། འཁྲུལ་འཁོར་དྲུག་གི་འཕོ་བ་གཉིས་སོ། །ཏིང་འཛིན་དང་བསྐྱེད་རིམ་གྱི་ངང་ནས་སྣོད་བཅུད་བསྡུས་ཏེ་འཕོ་བའོ། །སྲོག་དང་རྩོལ་བས་འཕོ་བ་དང་། །ཞེས་པ་རླུང་བཙན་ཐབས་སུ་བཀག་པས་འཕོ་བའོ། །རྣམ་ཤེས་བླ་མར་འཕོ་བ་དང་། །བླ་མའི་རྣལ་འབྱོར་གྱི་འཕོ་བའོ། །བཙན་ཐབས་དག་ཏུ་འཕོ་བ་དང་། །འདི་ནི་སྡིག་ཅན་ལ་སོགས་པ་ལུས་བཅོས་པའི་འཕོ་བ་དང་། །མགྲོན་བུ་བསྲེགས་པའི་ཐལ་བ་དང་། ཁབ་ལེན། རྒྱ་ཚྭ་སྦྱར་བའི་ཁུ་བ་སྤྱི་བོར་བྱུག་པ་རྫས་ཀྱི་དང་། འཆི་དུས་དམིགས་པ་སྤྱི་བོར་གཏད་ཅིང་སྐྲ་རྩེ་ནས་འཐེན་པ་ལ་སོགས་པའོ། །སྤྲོས་མེད་ཆོས་སྐུའི་འཕོ་བ་དང་། །འཕོ་བྱ་འཕོ་བྱེད་དང་བྲལ་བའི་ཡེ་ཤེས་ཆེན་པོའི་གོ་འཕང་མངོན་དུ་གྱུར་པས་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་སྤངས་ཏེ། གཉིས་སྣང་ཐམས་ཅད་གཉིས་མེད་ཡེ་ཤེས་སུ་འཕོ་བའི་ཕྱིར་འཕོ་བའི་ཐ་སྙད་ཀྱང་རུང་ངོ་། །སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང་། འཆི་དུས་སུ་འོད་གསལ་མ་བུ་འདྲེས་པའི་རྒྱུ་དང་། ཕྲ་བའི་རླུང་གི་རྐྱེན་བྱས་ནས་ཡེ་ཤེས་ཀྱི་རྫུ་འཕྲུལ་མཐའ་ཡས་པ་དང་ལྡན་པའི་དག་པའི་སྒྱུ་ལུས་གཟུགས་ཀྱི་སྐུར་ལངས་ནས་ལོངས་སྐུའི་ཞིང་རབ་འབྱམས་ལ་རྩལ་སྦྱོང་བ་སྟེ། འདི་ནི་རྣམ་པ་ཐམས་ཅད་དག་པའི་རྣམ་འགྱུར་དུ་འཕོ་བར་བྱེད་པའི་ཕྱིར་འཕོ་བར་གཞག་གོ །ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང་། འཆི་ཀར་ཉམས་ཀྱི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་ཞིང་། དེ་ཉིད་གསལ་བ་སྤྲུལ་སྐུ། བདེ་བས་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དེ་གསུམ་དབྱེར་མེད་པས་ངོ་བོ་ཉིད་ཀྱི་སྐུ་བཞི་ཚང་བའི་འོད་གསལ་དུ་འཕོ་བ་ཡོན་ཏན་རྫོགས་པའི་བར་དོ་ཞེས་བྱ་བ་དེ་མ་དག་པའི་སྒྱུ་ལུས་མཚན་དཔེས་བརྒྱན་པའི་དག་པའི་སྒྱུ་ལུས་སུ་འཕོ་བའི་ཕྱིར་ལོངས་སྤྱོད་རྫོགས་སྐུའི་འཕོ་བ་ཞེས་བྱའོ། །འདིས་རྨི་ལམ་གྱི་འཕོ་བའང་བསྟན་ཅིང་། སྣང་བ་སྒྱུ་མ་གོམས་པ་འཇའ་ལུས་སུ་འཕོ་བའང་བཤད་དོ། །སྤྲུལ་པ་སྐུ་ཡི་འཕོ་བ་དང་། །སྨོན་ལམ་གྱིས་མཚམས་སྦྱར་ཏེ་སྤྲུལ་པ་སྐུའི་ཞིང་གང་འདོད་པ་དེར་འཕོ་བས་སྐྱེ་བ་འཛིན་པ་སྤྲུལ་སྐུའི་འཕོ་བ་ཞེས་བྱའོ། །ཡིད་འོང་མཁའ་འགྲོའི་འཕོ་བའོ། །སྲོག་རྩོལ་མཐར་ཕྱིན་པས་ལས་རླུང་ཐམས་ཅད་སྦྱངས་ཏེ་སྲོག་གི་གཟུགས་སུ་འཕོ་བ་ལས་རླུང་ཉི་མའི་སྡེ་འཆིངས་པའི་ཕྱིར་རིག་མའི་སྐྱེས་བུ་ཞེས་སམ་མཁའ་འགྲོ་མར་འཕོ་བ་ཞེས་ཀྱང་གཞག་གོ །གཉིས་པ་འཕོ་བའི་མཚན་ཉིད་བཤད་པ་ནི། རྣལ་འབྱོར་བསྒོམ་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས། དེ་དག་ཐམས་ཅད་རོ་གཅིག་པར། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །སྦྱངས་ཏེ་འཕོ་བ་ཐམས་ཅད་ལ་སྔོན་འགྲོ་དང་། དངོས་གཞི་དང་། རྗེས་གསུམ་དུ་བཤད་པའི། དང་པོ་རླུང་དགག་པའི་ཐབས་ནི། བུམ་པ་ཅན་དང་སེང་གེ་རྣམ་རོལ་ལོ། །ཁེགས་པའི་ཚད་ནི། པུས་མོ་བསྐོར་ཞིང་སེ་གོལ་བརྡབ། །བརྒྱ་དང་རྩ་བརྒྱད་ཟིན་པའི་ཚད། །པུས་མོ་ལ་ལན་གསུམ་བསྐོར་ཅིང་སེ་གོལ་བརྡབ་པ་དྲུག་གཅིག་ཏུ་བྱས་པའི་སུམ་ཅུ་རྩ་དྲུག་ལ་ཐ་མ། ཉིས་འགྱུར་འབྲིང་། སུམ་འགྱུར་ཆེན་པོ་སྟེ། སྡོམ་འབྱུང་ལས། བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། །ལག་པས་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་གསུམ་ཅུ་རྩ་དྲུག་ཙམ། །དེ་སྲིད་བུམ་པ་ཅན་བྱ་སྟེ། །གསུམ་འགྱུར་མཆོག་གི་གཞོམ་པ་ནི། །བརྒྱད་ལྷག་པ་ཡི་བརྒྱ་ཙམ་མོ། །དབུགས་ཀྱི་གོ་འཕང་འདོད་པ་ཡིས། །འབད་པས་དེ་ཉིད་ཤེས་པར་བྱ། །ཞེས་སོ། །སྙིང་གར་ཟིན་ནས་ལྐོག་མར་གཟུང་། །དབུགས་ནི་ངལ་བར་གྱུར་པ་ན། །སྙིང་གར་ཆ་མཉམ་ངལ་གསོ་བྱ། །དེ་ཙམ་ལྟེ་བ་དང་སྙིང་གར་ཟིན་ནས་མགྲིན་པར་གཟུང་ཞིང་། ངལ་ན་སྙིང་གར་ཆ་མཉམ་སྟེ་སྣ་རྩེའི་བར་དལ་བུས་བཏང་ལ་ངལ་གསོ་བ། རང་འདོད་དབུ་མར་ཟིན་གྱུར་ན། །ཡང་དང་ཡང་དུ་ནན་ཏན་བྱས་ཏེ་བསྒོམས་པས་ཇི་ཙམ་འདོད་པར་འཛིན་ནུས་ཤིང་རང་དབང་ཡོད་པ་སྙམ་བྱེད་པ་འོང་ངོ་། །བདེ་བའི་འཁོར་ལོར་དྲང་བྱ་སྟེ། །དེ་ནས་སྤྱི་བོར་བུམ་པ་ཅན་དུ་བྱའོ། །དངོས་གཞི་ནི། བུམ་པ་སྔོན་དུ་བརྩམས་ནས་ནི། །རླུང་བུམ་པ་ཅན་བཀག་ནས། །ཉི་ཤུ་རྩ་གཅིག་དབུགས་དག་གི །གནས་ནས་དྲག་ཏུ་དྲངས་ནས་སུ། །མཐར་ཕྱིར་འབུད་ཐེངས་གཅིག་ལ་ངག་འདྲེན་ཉི་ཤུ་རྩ་གཅིག་ཏུ་བྱ་སྟེ། དམིགས་པ་གང་ཡིན་པ་དེས་གྱེན་དུ་དྲངས་སོ། །དམིགས་པའང་། གཞུང་ཚིགས་ནང་ཡར་པདྨ་ཡི། །འཁོར་ལོ་ཉི་ཤུ་རྩ་གཅིག་བསམ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ །འདི་ནི་སྦྱངས་ཏེ་འཕོ་བའི་དབང་དུ་མཛད་ལ། །དབུགས་ཐེངས་རེ་རེས་ཚིགས་རེ་རེར་འདྲེན་པར་བྱ་བས་སོ། །ཡར་ཟློག་མར་ཟློག་ས་བོན་གྱི། །སྦྱང་པ་ཡི་གེ་ཕྱེད་དང་གཉིས། །ཡར་འདྲེན་པའི་ཚེ་ཧི་ཅེས་ངག་ཏུ་འབྱིན་ཞིང་། ཐུར་དུ་བཟློག་པའི་ཚེ་ཀ་ཞེས་འབེབས་པས། ས་བོན་ཕྱེད་དང་བཅས་པའི་ཡེ་གེ་གཉིས་སོ། །དེའང་སྦྱང་བའི་དབང་དུ་བྱས་ཏེ་ལས་ལ་སྦྱོར་བ་ལ་གྱེན་དུ་དྲངས་བ་ཉིད་ཀྱིས་ཆོག་པའི་ཕྱིར་རོ། །ང་རོ་དྲག་ཏུ་བརྗོད་པ་ཡིས། །སྐད་ཀྱི་གདངས་དྲག་པོར་བརྗོད་ཅིང་། །དེའི་ཚེ་རྒྱ་མཚོ་རི་རབ་ལ་སྦྱར་བ་སོགས་སྦྱོར་བ་དྲུག་ཚང་བར་བྱ་བ་ཡིན་ནོ། །ཤེས་པ་བདེ་བ་ཅན་དུ་གཏད། །ཡིད་ནི་བྱང་ཆུབ་ཀྱི་སེམས་ཧཾ་གི་གཟུགས་སུ་གནས་པ་དེར་གཏད་དེ། འདི་ཉིད་ལུས་ཅན་རྣམས་བདེ་བའི་དགའ་སྟོན་གྱི་བྱེད་པ་པོ་དེའི་གནས་ཡིན་པའི་ཕྱིར་བདེ་བ་ཅན་ནོ། །དུས་ཀྱི་མཚན་ཉིད་བཤད་པ། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །རྗེ་བཙུན་ནཱ་རོ་ཞབས་ཀྱི་འཆི་ལྟས་བརྟག་པའི་ཡིག་ཆུང་དུ་བཤད་པའི་ཐུན་མོང་གི་འཆི་ལྟས་གང་བྱུང་ཡང་བཟློག་པའི་ཆོ་གར་བཤད་པ་བཞིན་བྱ་ལ་གལ་ཏེ་ཐུན་མོང་མ་ཡིན་པའི་འཆི་ལྟས་ཞུགས་ཏེ་བཟློག་པར་མ་ནུས་ན་འཕོ་བ་བྱ་སྟེ། སྦྱངས་པ་ཅན་རྣམས་ཀྱང་གནད་བཅོད་ཀྱི་སྡུག་བསྔལ་མི་འབྱུང་བར་བྱ་བའི་ཕྱིར་དང་། སྦྱངས་པ་མེད་པ་ནི་དེའི་རྐྱེན་གྱིས་མཁའ་སྤྱོད་དུ་འགྱུར་བའི་ཕྱིར་དུའོ། །གཞན་དུ་ནི་ཕུང་པོ་ཁམས་སྐྱེ་མཆེད་ལྷའི་རང་བཞིན་ཡིན་པས་དེ་བསད་པའི་ཕྱིར་ལྟུང་བར་ཡང་འགྱུར་ཞིང་། བསྐྱེད་རིམ་མ་བསྡུས་པར་འཕོས་པ་ལའང་དེའི་ཉེས་པ་འབྱུང་བར་མར་པ་ཡབ་སྲས་བཞེད་དོ། །འཆི་ལྟས་བྱུང་ནས་ཀྱང་། རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ལ། །ཞེས་གསུངས་པས། རིམས་ལ་སོགས་པ་མ་བྱུང་བའི་དུས་སམ། བྱུང་ཡང་དྲན་པ་གསལ་བའི་དུས་དེར་བརྩམ་པར་བྱ་དགོས་སོ། །འཕོ་བའི་ལམ་སྒོའི་མཚན་ཉིད་བཤད་པ། འཆི་བའི་དུས་ལ་བབ་པ་ན། །མཚན་མ་ཤེས་པར་བྱ་བ་སྟེ། །འཆི་བའི་དུས་དེར། རང་གང་དུ་སྐྱེ་འདོད་པ་དེའི་སྒོ་ལས་འཕོ་དགོས་པའི་ཕྱིར་སྒོའི་མཚན་ཉིད་ཤེས་པར་བྱའོ། །གང་ཞེ་ན། །ལམ་བཟང་པོ་ལ་ཡིད་འོང་གནས། །བཟང་པོའི་ལམ་མམ། སྒོ་གང་ནས་འགྲོ་བ་བཟང་པོར་སྐྱེ་བས་སོ། །ལམ་ངན་གྱིས་ནི་སྲིད་པར་སྐྱོན །ལམ་ངན་པ་སྟེ་དམན་པ་ལས་འཕོས་ན་ངན་སོང་གསུམ་གྱི་སྲིད་པར་བྱེད་ལ། སྐྱོན་ཞེས་པས། དེར་སྡུག་བསྔལ་ལོ་ཞེས་པའི་ཐ་ཚིག་གོ །ཐིག་ལེ་ལྟེ་བ་སྟེང་དང་ནི། །མིག་སྣ་སྲིད་སྒོ་རྣ་བ་དང་། །ཆུ་དང་ཆུ་མིན་སྒོ་མཚན་ཉིད། །ཐིག་ལེ་སྟེ་མཛོད་སྤུ་དང་། ལྟེ་བ་དང་། སྟེང་སྟེ་སྤྱི་གཙུག་དང་། མིག་དང་། སྣ་དང་། སྲིད་སྒོ་སྟེ་ཁ་དང་། རྣ་བ་དང་། ཆུ་སྟེ་ཆུ་ལམ་དང་། ཆུ་མིན་གཅི་བའི་ལམ་སྟེ་དགུ་ལས་བརྒྱད་ནི་འཁོར་བའི་སྒོ་ཡིན་པའི་ཕྱིར་ནཱ་རོ་པས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །ཞེས་གསུངས་ལ། ཚངས་པའི་བུ་ག་ནི། སྒོ་གཅིག་ཐར་པ་ཆེན་པོའི་ལམ། །ཞེས་ཐར་པའི་ལམ་དུ་གསུངས་སོ། །སྒོ་དེ་དག་ལ། ལྟེ་བ་ལས་ནི་འདོད་ཁམས་ལྷ། །ལྟེ་བའི་སྒོ་ནས་འཕོས་ན་འདོད་ཁམས་ཀྱི་ལྷར་སྐྱེའོ། །ཐིག་ལེའི་གཟུགས་ཅན་མཐོ་རིས་ཏེ། །ཐིག་ལེ་སྨིན་མའི་དབུས་ཀྱི་བུ་ག་ནས་མཐོ་རིས་ཏེ་གཟུགས་ཁམས་ཀྱི་ལྷའོ། །སྟེང་ནས་འགྲོ་བ་སྟེང་གི་ནི། །འགྲོ་བ་དག་ཏུ་རབ་ཏུ་བརྟག །ཚངས་བུག་ནས་བྱང་སེམས་ལ་སོགས་པའི་གནས་སུ་སྐྱེ་ཞིང་འགྲོ་བ་ཁྱད་པར་ཅན་དུ་འགྲོ་བ་དང་འོང་བར་གྲགས་སོ། །སྡོམ་འབྱུང་ལས། འདི་ལས་གཟུགས་མེད་དུ་སྐྱེ་བར་བཤད་པ་གཉིས་འགལ་ལོ་ཞེ་ན་མ་ཡིན་ཏེ། སྔ་མ་ནི། ལམ་སྦྱངས་པ་ཅན་གྱི་དབུ་མ་སྦྱངས་པས་དབུ་མའི་ཡས་ཞུགས་ཏེ་འཕོ་བའི་ཕྱིར། དུས་འཁོར་ལས། དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱི་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །མངོན་ཤེས་ལྔ་ཡི་རང་བཞིན་དུ་འགྱུར་སླར་ཡང་འདི་ནི་རྣལ་འབྱོར་པ་རྣམས་དག་གི་སྣ་ཚོགས་ཡུམ། །ཞེས་གསུངས་ལ། ལུས་བཅོས་པ་སོགས་ཀྱི་བཙན་ཐབས་སུ་འཕོས་པ་དེ་དག་ནི་སྙིང་ག་ནས་དབུ་མ་ལས་གཞན་དུ་སོང་སྟེ། གདོད་སྤྱི་གཙུག་ཏུ་འོང་བས་འཕོ་སྟེ། སྡོམ་འབྱུང་བཞིན་དུ་འགྱུར་བས། བླ་མའི་ཞལ་གྱིས་འགལ་བ་མེད་པར་ཤེས་པར་བྱའོ། །དེའི་ཕྱིར་རྣམ་ཤེས་ལུས་ལ་ཡོད་པའི་བར་རྩ་རྣམས་ཀྱང་ཡལ་བར་མི་འགྱུར་རོ། །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །སྣ་གཡས་པ་ལས་གནོད་སྦྱིན་ཕལ་པའི་གནས་དང་། གཡོན་པ་ནས་གསང་བ་པའི་བདག་པོ་གནས་པར་རོ། །རྣ་བ་དག་ལས་གྲུབ་པའི་ལྷ། །རྣ་བ་གཡས་ལས་རྫས་རལ་གྲི་ལ་སོགས་པའི་རིག་འཛིན་གྲུབ་པའི་ལྷའི་གནས་སུ་དང་། གཡོན་པས་གྲུབ་པའི་ལྷ་སྟེ་རྫས་ལ་མ་བལྟོས་པར་སྔགས་གྲུབ་པས་མཁའ་ལ་འགྲོ་བ་ལ་སོགས་པ་གྲུབ་པའི་ལྷ་ཞེས་བཞག་པའི་ནང་དུ་དང་། སྡོམ་འབྱུང་ལས། རྣ་བ་དག་ལས་མིའམ་ཅི། ཞེས་མིའམ་ཅི་ནི་རིག་འཛིན་གྱི་ཁོངས་སུ་གཏོགས་སོ། །གལ་ཏེ་མིག་ལས་ཡེ་ཤེས་འཕོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །གལ་ཏེ་མིག་གཡོན་ནས་རྣམ་ཤེས་འཕོ་ན་མི་རྣམས་ཀྱི་རྒྱལ་པོར་སྐྱེས་ལ། གཡས་པས་ནི་ཕལ་པར་རོ། །སྲིད་པའི་སྒོ་ནས་ཡི་དྭགས་དང་། ཁ་ལས་ཡི་དྭགས་ཀྱི་གནས་སུ་དང་། །དེ་བཞིན་ཆུ་ལས་དུད་འགྲོ་སྟེ། ཆུ་ལམ་ནས་དུད་འགྲོ། ཆུ་མིན་གྱིས་ནི་དམྱལ་བ་བརྒྱད། །གཅི་ལམ་ནས་དམྱལ་བ་བརྒྱད་ནི་མཚོན་པ་ཙམ་མོ། །འདི་ལྟའི་སྒོ་ཡི་ཁྱད་པར་ལས། །འཁོར་བའི་བྱེ་བྲག་ཏུ་འགྱུར་བས། །ཞེས་འཁོར་བའི་ནང་ཚན་དེ་དང་དེར་སྐྱེ་ཞེས་པའོ། །ཚངས་པའི་སྒོ་ནས་འཕོ་བར་བྱ། །འཕོ་བར་བྱ་བའི་སྒོ་ནི་ཚངས་པའི་སྒོ་འམ། ཚངས་པའི་བུ་ག་ཞེས་གྲགས་པ་དེ་ནས་སོ། །གསུམ་པ་འཕོ་བའི་འབྲས་བུ་ནི། ཐུན་མོང་གི་ཡོན་ཏན་དགུ་སྟེ། འཆི་ཀར་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། ཡན་ལག་མི་གཡོབ་པ་དང་། བཤང་གཅི་མི་འབྱུང་བ་དང་། མིག་མི་ཟློག་པ་དང་། དབུགས་ངར་ངར་པོ་མི་འབྱུང་བ་དང་། སྙིང་གར་རྡུལ་མི་འབྱུང་བ་དང་། ཁུ་ཚུར་མི་འཆང་བ་དང་། ནམ་མཁའ་ལ་མི་མྱང་བ་དང་། ཇི་ལྟར་འདུག་པ་དེ་ལྟར་འཆི་བ་དང་། ཁྱད་པར་ནི། ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་དང་འདོད་པས་ལོངས་སྤྱོད་རྣམས། །འདི་ཡི་ལམ་གྱི་འགག་པར་འགྱུར། །མཚམས་མེད་པ་ལ་སོགས་པ་བྱས་པའི་སྡིག་པོ་ཆེའང་བཙན་ཐབས་ཀྱི་འཕོ་བའི་ནུས་པས་གཟུགས་མེད་དུ་སྐྱེ་བར་བྱེད་ལ། རེ་ཞིག་སྡུག་བསྔལ་འགགས་པ་དེའི་ཕྱིར། སྡིག་གིས་གོས་པར་མི་འགྱུར་ཏེ། །འབྲས་བུ་རྣམ་པར་སྨིན་པར་མི་འགྱུར་ཞེས་པའོ། །སྲིད་པའི་དངོས་པོ་རིང་བར་འགྱུར། །ལྷ་དང་མིའི་འཁོར་ལོས་སྒྱུར་བ་ལ་སོགས་པའི་མངལ་གདམས་ནས་སྐྱེ་བའི་ཕྱིར་སྲིད་པའི་དངོས་པོ་རིང་བ་ཞེས་བྱ་སྟེ། གང་འདོད་པའི་སྐྱེ་བ་ཕ་རོལ་འཐུད་པའི་ཕྱིར་རོ། །ཇི་ལྟར་འདམ་ལ་སྐྱེས་པ་ཡི། །པདྨའི་འདབ་ནི་མཛེས་པར་འགྱུར། །དེ་བཞིན་འདམ་འདྲའི་ལུས་དག་ལས། །ཡེ་ཤེས་སྐུ་ནི་རང་དགར་འབྱུང་། །འོད་གསལ་མ་ཟིན་ཀྱང་མ་དག་པའི་སྒྱུ་མའི་ལུས་ལས་དག་པ་ཡེ་ཤེས་ཀྱི་སྒྱུ་མ་རང་དགར་འབྱུང་བ་འདམ་ལས་འདམ་གྱི་སྐྱོན་མེད་པར་པདྨ་འབྱུང་བ་བཞིན་ནོ། །རྡོ་རྗེ་དྲིལ་བུ་མི་ལྡན་པ། །རྡོ་རྗེའི་སྒྲུབ་པ་རིང་བར་འགྱུར། །རྡོ་རྗེ་ནི་ཐབས་སྒྱུ་མ། དྲིལ་བུ་ནི་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཅན་གྱི་སྟོང་ཉིད་དེ་ཐབས་ཤེས་ཟུང་དུ་མ་ཆུད་པའི་ཕྱིར། རྡོ་རྗེའི་ས་སྒྲུབ་པར་བྱེད་པ་ལ་ཡུན་རིང་པོར་འགྱུར་རོ་ཞེས་སོ། །དེ་ཉིད་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་སྐལ་བ་མཉམ་པའི་མཁའ་སྤྱོད་ཀྱི་མིང་ཅན་དུ་བཞག་སྟེ། །དེ་དག་དང་ཡེ་ཤེས་ཀྱི་ལུས་མཚུངས་པས་སོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །སྦྱངས་ནས་ཕ་རོལ་བརྒལ་བར་འགྱུར། །འབྲས་བུའི་འོད་གསལ་ངོས་ཟིན་ནས་དག་པའི་སྒྱུ་ལུས་སུ་ལངས་པ་ཟུང་དུ་འཇུག་པའི་མིང་ཅན་གྱི་སྐུ་ཐོབ་ནས་བག་ཆགས་ལྷག་མ་སྦྱངས་པས་འཁོར་བའི་ཕ་རོལ་ཏུ་བརྒལ་བ་མི་སློབ་པའི་ཟུང་འཇུག་ཐོབ་པར་འགྱུར་རོ། །མཚན་མོ་ཟླ་བ་མེད་པ་ཡིས། །མཚན་མོ་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ལ། ཟླ་བ་སྟེ་འབྲས་བུ་ཐབས་མི་འགྱུར་བའི་བདེ་བ་སྙིང་རྗེ་ཆེན་པོའི་རྒྱས་གདབ་པ་མེད་ན་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་བྲལ་བའི་ཕྱིར། འདུས་བྱས་པའི་འཁོར་བ་ལས་བརྒལ་བར་ཇི་ལྟར་འགྱུར་ཏེ། འདིར་རྒྱས་དེས་བཏབ་པས་ཇི་སྲིད་གྱི་སྐད་ཅིག་དང་པོ་ལ་མངོན་པར་བྱང་ཆུབ་པའོ། །ཉིན་མོ་ཟླ་བ་ཇི་ལྟར་སྣང་། །ཉིན་མོ་དང་ལྷན་ཅིག་པའི་ཟླ་བ་གསལ་བར་སྣང་བ་བཞིན་ནམ། རྒྱུ་སྟོང་པ་ཉིད་དེས་ཐབས་བདེ་བ་ཆེན་པོ་ལ་རྒྱས་བཏབ་པ་རྡོ་རྗེ་འཆང་གི་དབུགས་དབྱུང་བ་སྟེ། དེ་མིན་ཐམས་ཅད་མཁྱེན་པར་མི་འགྱུར་བའི་ཕྱིར། འདིར་སྐད་ཅིག་གཉིས་པར་དེའི་རྒྱས་བཏབ་པས་འདུས་མ་བྱས་པའི་འཁོར་བ་ལས་གྲོལ་བས་དོན་མི་གནས་པའི་མྱང་འདས་བཤད་པ་ཡིན་ནོ། །དེའི་ཕྱིར་འཆི་བ་ཞེས་བྱ་བ་འདི་ཉིད་དོན་དམ་པའི་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་སྟེ། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡིས་མཆོད་པ་ཡི། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། ལོ་ཙཱ་བ་ཆེན་པོས། དུས་ལན་ཅིག་འཆི་བའི་ཚུལ་སྟོན་ཏེ། རྣམ་སྨིན་གྱི་ལུས་རྒྱ་གྲོལ་བའི་ཚེ། །འདའ་ཀ་འཆི་བྲོད་ཀྱི་གདེང་ཡོད་དེ། །རྒྱལ་མཚན་རོལ་མོའི་སྒྲ་དང་བཅས། །བདེ་ཆེན་མཁའ་སྤྱོད་ཀྱི་གནས་སུ་འགྲོ། །ཞེས་གསུངས་སོ། །གཞན་ཡང་རྗེ་བཙུན་དེས། འཕོ་བའང་། བསྒོམས་ནས་འཚང་རྒྱ་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་བ་ཡིན། །ཞེས་པས། མ་བསྒོམས་པར་འཚང་རྒྱ་བའི་ལམ་དུ་བཞག་གོ །བརྒྱད་པ་གྲོང་འཇུག་ལམ་གྱི་འཐུད་མ་ལ། སྦྱང་བ། སད་པ། ལས་ལ་སྦྱར་བ་གསུམ་ལས། དང་པོ་ནི། སྒྱུ་མ་ལྟ་བུར་ཤེས་པས་སམ། །རླུང་སེམས་ལས་སུ་རུང་བས་སྦྲུལ་པགས་པ་བརྗེ་བ་བཞིན། གྲོང་གཞན་དུ་འཇུག་པའི་ཆོ་ག་བཤད་པར་བྱའོ། །གྲོང་དུ་འཇུག་པ་བཤད་པར་བྱ། །བསྐྱེད་པའི་རིམ་པའི་འཕོ་བ་ལས། །བྱེ་བྲག་གསལ་བར་བསྟན་པ་སྟེ། །སྦྱངས་ཏེ་འཕོ་བ་ལ་གསལ་སྣང་ཐོན་པ་འགའ་ཞིག་གིས་བྱ་བའི་ཕྱིར་རོ། །དང་པོ་སྔོན་འགྲོ་སྦྱངས་ནས་སུ། །ཞེས་པ་ནི་བསྐྱེད་པའི་རིམ་པའི་འཕོ་བ་ལ་དམིགས་པ་གསལ་ཞིང་རེག་མཐོང་ཙམ་གྱི་རྣམ་པར་ཤེས་པ་ལ་དབང་ཐོབ་པར་བྱའོ། །གཉིས་པ་སད་པ་ནི། དངོས་གཞི་དམིགས་པ་གསལ་བའི་ཚེ། །སེམས་ཅན་རྨ་མེད་དག་ལ་ཡང་། །རླུང་སེམས་རྩལ་ནི་སྦྱང་བར་བྱ། །ལག་མཐིལ་དུ་རས་བལ་ལམ་ཤིང་བལ་བཞག་སྟེ་དེ་ལ་འབྱིན་པའི་རླུང་བརྡེག །དེ་འགུལ་ནས་འཕར་འཕར་གཡོ་བ་དང་། དེ་ནས་ཁྲུ་གསུམ་དང་བདུན་ཙམ་དུ་རིང་བར་བསྣར་ཏེ་སྦྱོང་། དེ་ནས་སྦྲང་བུ་ལ་སོགས་པའི་རོ་ལ་བསླབ་ཅིང་། ཐོད་པ་ཧཱུྃ་བྲིས་པ་མཎྜྻལ་གྱི་སྟེང་དུ་བཞག་པས་ཏེ། དེ་འགུལ་བ་དང་རྣམ་པར་ཤེས་པ་གཞན་གྱི་གྲོང་དུ་འཇུག་ནུས་པའི་ཕྱིར། དང་པོ་ཁྲུ་གང་བར་ཁྲུ་གསུམ། །མཐའ་མར་ཁྲུ་བདུན་པ་ཡིན་ཏེ། །དམིགས་པ་རྣོ་ལ་ངར་ལྡན་པས། །སྟེང་འོག་སྤོ་བར་ནུས་པ་ཡི། །རྣལ་འབྱོར་པས་ནི་འགྲུབ་པར་གསུངས། །སྟེང་ནི་སྲོག་གོ །འོག་ནི་ཐུར་སེལ་ལོ། །རླུང་དེ་གཉིས་གཞན་ལ་སྤོ་ནུས་པས་སོ། །གསུམ་པ་ལས་ལ་སྦྱར་བ་ནི། ལས་ལ་སྦྱར་བའི་དུས་ཚོད་དུ། །དམ་ཚིག་ལྡན་པའི་གྲོགས་མཆོག་གཅེས། །སྒྲུབ་པའི་གྲོགས་མཚན་ཉིད་དང་ལྡན་པ་དགོས་སོ། །རྒན་པོ་མ་ཡིན་རྨ་མེད་ཅིང་། །མཛེ་དང་ཤུ་ཅན་ལ་སོགས་སྤང་། །རང་ཉིད་ཀྱི་ལུས་འདི་རྒས་ཏེ་བསྒོམ་མི་ནུས་ན། རིམས་དང་ལྐུགས་ནས་ཤི་བ་དང་། །མཛེ་ཅན་ལ་སོགས་པའི་སྐྱོན་དང་། རྨ་ལ་སོགས་པ་རྣམས་མེད་པ་དང་། མ་རུལ་མ་སུམ་པ་གསར་པའི་རོ་བླངས་ཏེ་ཁྲུས་བྱས་གོས་བསྐོན་རྒྱན་བཏགས་ནས། ཤིན་ཏུ་མཉམ་པར་གཞག་པ་ཡིས། །འབྱུང་པོའི་ཉི་མ་ལ་བསྒྲུབ་བྱ། །ཉི་ཤུ་དགུ་ལ་རང་ཉིད་དང་རོ་ལྷའི་རྣལ་འབྱོར་ཡན་ལག་དྲུག་ལ་སོགས་པར་བཤད་པ་ཇི་ལྟ་བ་བཞིན་བསྒོམས་ནས། བདུད་རྩི་ལྔ་ཡི་ཁྱད་པར་ལས། །ལྷ་ཡི་ཆུ་ཡིས་བཀྲུ་བར་བྱ། །མཎྜྻལ་གྲུ་བཞི་བྱས་ནས་ནི། །དེ་དབུས་འབད་པས་གྲུ་གསུམ་བྱ། །དཀྱིལ་འཁོར་སྟེང་དུ་ཐོད་པ་ནི། །མཚན་ལྡན་གཅིག་ལ་ཧཱུྃ་བྲིས་ཏེ། །དེ་ལ་ཤེས་པ་གཏད་པ་དང་། །གསལ་ཞིང་དྭངས་ལ་ཡང་བ་ཡིས། །རིག་པ་བདེ་བ་སྐྱེ་བར་འགྱུར། །ཐོད་པ་ལ་སོགས་པར་ཇི་ལྟར་སྤྱོད་པའི་དུས་བཞིན། དཀྱིལ་འཁོར་གྱི་སྟེང་དུ་རོ་ལྷར་བསྐྱེད་པའི་སྙིང་གར་ཡང་ཧཱུྃ་བསམས་ཏེ། དེ་ལ་ཤེས་པ་གཏད། དབུགས་ཐུབ་ཚད་དུ་བསྡམ། རླུང་དང་རྣམ་པར་ཤེས་པ་དང་། །ཕྱི་རོལ་ལྷ་དང་རང་ཉིད་བསྲེ། །དེ་ནས་རླུང་དང་ཤེས་པ་རོ་ལ་ཟིན་ནས་དགའ་བ་སྐྱེ་ཞིང་འདུག་ཙ་ན་རོའི་སྙིང་གའི་ཧཱུྃ་ལ་ཤེས་པ་སྲིལ་རྩེར་གཏད་དེ་ཤེས་པ་བཅུག་ལ་ཚུར་མི་དྲང་བར་བཞག་པས། དེ་ལངས་ནས། ལུས་བརྗེས་སེམས་ཅན་དོན་བྱའོ། །ལུས་རྙིང་པ་གཤེགས་ཏེ། གསར་པ་དེ་ལས་གཞན་གྱི་དོན་ལྷུར་བླང་བའི་སྤྱོད་པ་སྤྱད་པར་བྱའོ། །དེའི་ཐུན་མོང་གི་ཡོན་ཏན་ནི། གྲོང་གཞན་ལ་མངོན་སུམ་དུ་འཇུག་པར་འགྱུར་བ་དང་། །གཞན་ངོ་མཚར་དུ་བྱེད་པ་དང་། སྒྱུ་མའི་དོན་ལ་ངེས་ཤེས་སྐྱེ་བ་དང་། ཏིང་ངེ་འཛིན་ལས་སུ་རུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དང་། ཐབས་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བ་དང་། རླུང་སེམས་ལ་དབང་ཐོབ་པར་འགྱུར་བ་དང་། །སེམས་རྟེན་འབྲེལ་གྱི་སྟོབས་ལས་སྐྱེ་བར་རྟོགས་པའོ། །ཁྱད་པར་ནི་ལུས་ཕྱི་མ་ལས་ལམ་རིམ་གྱིས་བགྲོད་དེ་འཚང་རྒྱ་བའམ། ལུས་གཅིག་ནས་གཉིས་ལ་སོགས་པས་ཉི་ཟླ་གནས་ཀྱི་བར་དུ་སྡོད་པ་ལ་སོགས་པའོ།། །།གསུམ་པ་འབྲས་བུ་སྐྱེ་བའི་རིམ་པ་ལ། གཞི་ཟུང་འཇུག །ལམ་ཟུང་འཇུག །འབྲས་བུ་ཟུང་འཇུག་གསུམ་ལས། དང་པོ་ནི། འབྲས་བུ་སྐྱེ་བའི་རིམ་པ་ནི། །རྡོར་ཕྲེང་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེ། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །རྣམ་རྟོག་མེད་པར་ཞུགས་ནས་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ཅེས་འདོད་པའི་དངོས་གྲུབ་ཆེན་པོའམ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བཤད་པ་སྟེ། དེའང་ཟུང་འཇུག་གསུམ་གྱི་མཚན་ཉིད་ཅན་ཡིན་ལ། གསུམ་ཡང་ནཱ་རོ་ཞབས་ཀྱིས་གཞི་ལ་སོགས་པ་གསུམ་དུ་གསུངས་ལ། འགའ་ཞིག །སྣང་སྟོང་ཟུང་འཇུག །འགོག་པ་ཟུང་འཇུག །འབྲེལ་པ་ཟུང་འཇུག་ཅེས་དང་། ལ་ལ་སྒྲུབ་པ་ཟུང་འཇུག །ཐིམ་པ་ཟུང་འཇུག །འབྲེལ་བ་སྣང་བ་ཟུང་འཇུག་ཟེར་རོ། །ངེས་ཚིག་ནི། ཡུ་ག་ན་དྭ། ཡུ་ག་ཟུང་། ན་དྭ་ནི་གཉིས་མ་ཡིན་པ་སྟེ། དེའི་ཕྱིར་ཟུང་འཇུག་ཅེས་བཏགས་སོ། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཐོག་མ་མེད་པར་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པའི་འཆིང་བས་དར་གྱི་སྲིན་བུ་བཞིན་དུ་རང་ཉིད་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མངོན་པར་འདུ་བྱས་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་ཉེ་བར་བསགས་པའི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་ནས་འཆི་བ་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངས་སུ་སྤངས་ཏེ་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་གྱིས་ཡང་སྲིད་པར་འགྱུར་བས་འཁོར་བ་ཞེས་བྱའོ། །འཁོར་བའི་འཆིང་བ་དེ་ལས་ངེས་པར་གྲོལ་བ་ནི་མྱ་ངན་འདས་པ་སྟེ། འཁོར་བ་དང་མྱང་འདས་གཉིས་སུ་འཛིན་པའི་སྤྲོས་པ་རྣམ་པར་སྤངས་ནས་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་གང་དུ་ཡང་དག་པར་འཇོག་པར་མཛད་པ། གཉིས་སུ་བཅོས་མའི་ཟོལ་རྡིབ་པའི་ཕྱིར་དངོས་པོ་གཅིག་ཏུ་གྱུར་པས་འདི་ལ་འཁོར་འདས་ཟུང་འཇུག་ཅེས་བྱའོ། །ཀུན་ནས་ཉོན་མོངས་དང་རྣམ་བྱང་། །དོན་དམ་ཉིད་དུ་ཤེས་ནས་སུ། །གང་གིས་གཅིག་ཏུ་སྤྱོད་གྱུར་པ། །དེ་ཡིས་ཟུང་འཇུག་ཤེས་པའོ། །རྩ་བ་དང་ཉེ་བའི་ཉོན་མོངས་པ་འབྲས་བུ་སྡུག་བསྔལ་དང་། རང་གི་རིགས་འདྲ་ཕྱི་མ་དང་། སྲིད་པར་མཚམས་སྦྱོར་བ་སྐྱེད་པར་བྱེད་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་རྣམ་པར་བྱང་ཞིང་བསལ་བས་ན་རྣམ་བྱང་སྟེ། སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་ལ། ཉོན་མོངས་པ་དེ་དག་གི་ངོ་བོ་ཉིད་ཤེས་པས་དེ་དག་ཉིད་དེའི་རྣམ་པར་བྱང་བར་སྣང་བའི་ཕྱིར། འཁྱག་པ་དང་ཆུ་བཞིན་དུ་དབྱེར་མི་ཕྱེད་པས་ཉོན་མོངས་པ་ལམ་དུ་བྱེད་པ་ནི། སྲིད་ཞི་ཟུང་འཇུག་ཅེས་བྱའོ། །དངོས་པོ་རྣམ་བཅས་ཀུན་རྟོག་དང་། །དངོས་པོ་མེད་པར་རྟོག་པ་དག །གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་བྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །དངོས་པོ་སྟེ་རྣམ་པ་དང་བཅས་པར་རྟོག་པ་དང་། དངོས་པོ་མེད་པ་ཞེས་སྟོང་རྐྱང་དུ་རྟོག་པ་བལྟ་བྱ་གཟུང་བ་དང་། ལྟ་བྱེད་འཛིན་པའི་དབང་གིས་ནོར་བར་ཤེས་པ་སྟེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་བལྟ་བར་བྱ་བ་དང་ལྟ་བར་བྱེད་པའི་འཁྲུལ་པ་སངས་པས་གཉིས་འཛིན་གྱི་སྐོར་མགོ་བུད། ཡོད་མེད་ཀྱི་སྒྲོ་བཏགས་ཞིག་ནས། ཡུལ་སྣང་བ་ཉིད་སྟོང་པའི་རང་མདངས་སུ་ཤར། ཡུལ་ཅན་རྣམ་ཤེས་ཉིད་རང་རིག་པའི་ཡེ་ཤེས་སུ་རྟོགས་པས་སྣང་སྟོང་ཟུང་འཇུག་དང་། རྣམ་ཤེས་དང་ཡེ་ཤེས་ཟུང་དུ་འཇུག་པ་ཞེས་བྱའོ། །གཉིས་པ་ལམ་ཟུང་འཇུག་ནི། བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །དམིགས་པ་ལ་བལྟོས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་སྟོན་ཏེ། བསྐྱེད་པ་ནི་ལྷར་གསལ་འདེབས་པ་ཡིན་ལ། དེས་ཐ་མལ་དང་། སྣང་བ་དང་། ཞེན་པའི་ཆ་སྦྱོང་བ་ནི་རིམ་པ་སྟེ་བསྐྱེད་རིམ། རྫོགས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས། སོ་སོ་རང་རིག་གིས་རྟོགས་པར་བྱེད་པ་ནི་རིམ་པ་སྟེ་རྫོགས་རིམ། བསྐྱེད་རིམ་གྱི་དུས་དེ་ཉིད་དུ། སྐྱེ་བ་མེད་པའི་རང་མདངས་ལྷར་ཤེས་པའི་རོ་མཉམ་གྱི་དག་པས་བསྐྱེད་རྫོགས་གཉིས་སུ་མེད་པར་བྱས་པ་ནི་བསྐྱེད་རིམ་རྫོགས་རིམ་དང་ཟུང་འཇུག་ཅེས་སོ། །རིལ་པོར་འཛིན་དང་རྗེས་གཞིག་དང་། །འཇུག་དང་དེ་བཞིན་གནས་པ་དང་། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །སྒྱུ་ལུས་དུས་གཅིག་ལ་གཞིག་པ་རིལ་འཛིན། སྣོད་བཅུད་གཉིས་རིམ་པས་གཞིག་པ་རྗེས་གཞིག །ཚུལ་དེས་སྟོང་པར་འཇུག་པ་དང་། འོད་གསལ་ལ་གནས་པ་དང་། དེ་ནས་ཆུ་ལས་ཉ་ལྟར་དག་པའི་སྒྱུ་མར་ལྡང་བ་ཐམས་ཅད་འོད་གསལ་གྱི་འཆར་སྒོ་ལས་བྱེད་ལ། བྱེད་དུས་དེར་ཡང་གཤིས་འོད་གསལ་གྱི་ངང་ལས་མ་གཡོས་པའི་ཕྱིར་སྣང་སྟོང་ཟུང་འཇུག །དེ་ཉིད་ཤེས་པའི་རིམ་ཤེས་ནས། །བདག་བྱིན་བརླབ་དང་འོད་གསལ་བ། །དེ་ཉིད་ལ་ནི་འདུས་པ་གང་། །ཟུང་དུ་འཇུག་པའི་རིམ་པའོ། །སེམས་ཀྱི་གནས་ལུགས་ཟབ་པ་གང་གིས་ཀྱང་མི་མཚོན་པས་མངོན་བྱང་། གསལ་བ་ཐམས་ཅད་ཀྱི་དཔེར་རུང་བ་བདག་བྱིན་རླབས་ཀྱི་ལྷ། ཟབ་པ་དེ་ལས་གསལ་བ་འགོག་པ་མེད་པར་རང་བྱུང་ཞིང་། གསལ་བ་དེའང་ཟབ་པའི་ངོ་བོར་བྱང་ཆུབ་པས་གསལ་སྟོང་ཟུང་འཇུག་གོ །ཆགས་དང་ཆགས་བྲལ་ལས་གྲོལ་ཞིང་། །མཆོག་ཏུ་དགའ་བའི་ལུས་དང་ལྡན །འཁོར་བ་སྲིད་དུ་གནས་བྱེད་པ། །ཟུང་དུ་འཇུག་པར་སྒོམ་བྱེད་པའོ། །ཆགས་པ་སྟེ་འཇིག་རྟེན་པའི་ལྷན་སྐྱེས་ཀྱི་དགའ་བ་དང་། ཆགས་བྲལ་ཏེ་ཐིག་ལེ་ཉམས་པ་ལས་གྲོལ་པ། བྲལ་བའི་གཟུགས་རྣམས་པ་ཐམས་ཅད་པའི་ཡུམ་ནི་མཆོག་སྟེ། །དེས་འཁྱུད་པ་མི་འགྱུར་བའི་བདེ་བ་ཆེན་པོའི་ལྷ་ནི་དགའ་བ་སྟེ་ཡབ་ཡུམ་ཞལ་སྦྱོར། དེ་མངོན་དུ་བྱས་པ་དེ་ལས་ནམ་མཁའ་ཇི་སྲིད་དུ་སེམས་ཀྱི་ངང་གཅིག་ལ་གནས་པ་བདེ་སྟོང་ཟུང་འཇུག་སྟེ་གསུམ་ནི་རྫོགས་རིམ་བསྐྱེད་རིམ་དང་ཟུང་དུ་འཇུག་པ་ཞེས་བྱའོ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །ཐམས་ཅད་བསྡུས་ནས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་འགྱུར། །ཐབས་ནི་སྦྱིན་སོགས་དཀར་པའི་ཆོས། ཤེས་རབ་ནི་ཤེར་ཕྱིན་ཏེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་རང་བཞིན་མེད་པའི་ཤེས་རབ་ཀྱིས་ཟིན་པར་སྤྱོད་པའི་རྣལ་འབྱོར་ཆེན་པོ་གང་ལ་གནས་པ་ནི་ཐབས་ཤེས་ཟུང་འཇུག་གོ །སྟོང་ཉིད་སྙིང་རྗེ་གཅིག་པ་ནི། །ཤེས་ནས་གང་དུ་འཇུག་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཡུལ་ལམ་རྟེན་གྱི་ཆ་ནས་སྟོང་པ་ཉིད་བཅུ་དྲུག་དང་། ཡུལ་ཅན་ནམ་བརྟེན་པའི་ཆ་ནས་སྙིང་རྗེ་བཅུ་དྲུག་སྟེ། ཡུལ་ཡུལ་ཅན་ནམ་རྟེན་བརྟེན་པ་མི་ཕྱེད་པའི་ལམ་ཤེས་ནས་འདོད་ཆགས་ལ་སོགས་པའི་སྤྱོད་པ་ལ་འཇུག་པ་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གོ །འདི་ནི་འདོད་ཆགས་ཉིད་ཀྱིས་འདོད་ཆགས་ཆེན་པོར་སྦྱོང་བའི་ལམ་བཟློག་པའི་སྒོམ་པ་ཡིན་པས་སངས་རྒྱས་ཀྱི་སྤྱོད་ཡུལ་ཞེས་སྨོས་སོ། །འདི་ནས་སྙིང་རྗེ་ཞེས་པ་ནི། ཚེས་གཅིག་ནས་ལྔའི་བར་སེམས་ཅན་ལ་དམིགས་པའི། ལྔ་ནས་ཚེས་བཅུའི་བར་ཆོས་ལ་དམིགས་པའི། དེ་ནས་ཚེས་བཅོ་ལྔ་དང་ཆ་བཅུ་དྲུག་པ་དམིགས་མེད་ཀྱི་སྙིང་རྗེ་ཞེས་བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནས་ནོར་བུ་དང་། ནོར་བུ་ནས་གཙུག་ཏོར་གྱི་མཐར་ཐུག་པ་གཤེགས་པའི་མྱོང་བ་ལ་བཤད་པ་ཡིན་ནོ། །དེའི་སྟོང་པ་བཅུ་དྲུག་ཀྱང་། འཕོ་བ་བཅུ་དྲུག་དག་པའི་ཆ་དང་། ཐིག་ལེ་བཅུ་དྲུག་སྒྲིབ་བྲལ་གྱི་ཆ་ནས་སོ། །གསུམ་པ་འབྲས་བུ་ཟུང་འཇུག་ནི། གང་དུ་ལྷག་མར་བཅས་པ་དང་། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་ན། །དེ་ནི་ཟུང་དུ་འཇུག་པའོ། །ཐེག་དམན་དགྲ་བཅོམ་པ་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཕུང་པོ་ཙམ་མ་བོར་བ། ཕུང་པོ་ལྷག་མར་བཅས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ཉོན་མོངས་པ་ཐམས་ཅད་སྤངས་ལ་ཕུང་པོ་ལྔའི་སྡུག་བསྔལ་གྱི་མེ་ཡང་ཞི་བ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱ། དེ་ལྟ་བུའི་རྟོག་པ་མེད་པ་མི་གནས་པའི་མྱ་ངན་ལས་འདས་པ་ནི་འབྲས་བུ་ཟུང་དུ་འཇུག་པ་ཞེས་བཤད་ནས། དེའི་ཉེར་རྒྱུ་སློབ་པ་དང་། ངོ་བོ་མི་སློབ་པ་གཉིས་ལ། སློབ་པའི་དབང་དུ་བྱས་ནས། གང་དུ་གང་ཟག་བདག་མེད་པ། །ཆོས་ལ་བདག་མེད་པ་དག་གི །རྟོག་པ་གཉིས་ལས་རྣམ་གྲོལ་བ། ཟུང་དུ་འཇུག་ཅེས་དེ་ལ་བཤད། །ངའམ་ང་ཡིར་འཛིན་པའི་གཞི་ཡིན་པས་ན་གང་ཟག་གི་བདག །ཕུང་པོ་ལས་གཞན་པའི་བདག་མ་དམིགས་པ་ནི་གང་ཟག་གི་བདག་མེད་པ་ཞེས་བྱའོ། །ཕུང་སོགས་བདེན་པར་འཛིན་པའི་གཞི་ནི་ཆོས་ཀྱི་བདག །ཕུང་སོགས་ཁོ་རང་གི་ངོ་བོར་མ་གྲུབ་པ་ཆོས་ཀྱི་བདག་མེད་དེ། གང་ཟག་དང་ཆོས་སུ་འཛིན་པའི་རྟོག་པ་ལས་རྣམ་པར་གྲོལ་བའི་གང་ཟག་ནི་སློབ་པར་བསྟན་ནོ། །ནམ་སློབ་པའི་དུས་ནི་བདེན་པ་མཐོང་ནས་ཏེ། རྟག་དང་ཆད་པའི་བློ་དག་ནི། །གང་ཞིག་སྤངས་ནས་རབ་གནས་པའི། །ཟུང་དུ་འཇུག་པའི་རིམ་པ་ནི། །དེ་ཉིད་ཤེས་ན་མཁས་པ་ཡིན། །ཡོད་པར་ལྟ་བ་རྟག་ལྟ། མེད་པར་ལྟ་བ་ཆད་ལྟ། གང་ཞིག་གི་སྒྲ་ཡོད་མེད་གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་འཛིན་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། མཐའ་བྲལ་དུའང་མ་ལྷུང་བའི་དབུ་མའི་ལམ་ལ་རབ་ཏུ་གནས་པས་ཟུང་འཇུག་གི་རིམ་པ་དེ་ཉིད་ཤེས་ན་མཁས་པ་ཡིན་ལ། གཞན་དུ་མཐའ་བྲལ་བཤད་ཀྱང་མཐར་འཛིན་པའི་ཕྱིར་ཟུང་འཇུག་མཚན་ཉིད་པ་མི་རྟོགས་སོ། །གང་ལ་སློབ་ན། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་ནས་སུ། །གང་དུ་ཡང་དག་ཤེས་གྱུར་ཏེ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །སཾ་བྲྀ་ཏི་སཏྱ། སཾ་ཡང་དག་པའམ་ཀུན། བྲྀ་ཏི་སློབ་པའམ་སྒྲིབ་པ། ས་ཏྱ་བདེན་པ་ལ་འཇུག་པས། རྣམ་པར་རྟོག་པ་དང་བཅས་པས་དངོས་པོའི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་བདེན་པའམ་ཡང་དག་སྒྲིབ་ཅེས་ཀྱང་བྱ་ལ། འོད་གསལ་གྱིས་སྦྱང་བ་མ་བྱས་པའི་སྐབས་སོ། །འདིར་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ལས་འཇིག་རྟེན་གྱི་མཚོན་པའི་དངོས་པོ་སྒྱུ་མ་ཙམ་དུ་སྣང་བ་ནི་སྣང་དེར་བདེན་པའི་ཕྱིར་ཀུན་རྫོབ་བདེན་པ་ཞེས་བྱའོ། །པ་ར་མ་ཨརྠ་ས་ཏྱ། པ་ར་མ་ནི་མཆོག་གམ་དམ་པ། ཨརྠ་དོན་དམ་དགོས་པ་སྟེ། གཅིག་ཏུ་ན་དོན་དུ་བསྒྲུབ་ཅིང་དགོས་པར་བྱ་བའི་མཆོག །སྡུག་བསྔལ་ཐམས་ཅད་དང་བྲལ་བ་མྱ་ངན་ལས་འདས་པ་ལ་བྱ་ལ། རྣམ་པ་གཞན་དུ་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་གི་དམིགས་པའི་སྤྱོད་ཡུལ་ལ་མངོན་དུ་གྱུར་པ་སྟེ། འཕགས་པ་ཕྱིན་ཅི་མ་ལོག་པར་གཟིགས་པ་རྣམས་ཀྱི་ངོར་བདེན་པ་དོན་དམ་པའི་བདེན་པ་སྟེ། མི་སློབ་པ་དང་སློབ་པའི་ཆས་གཉིས་སུ་བཤད་དོ། །ཟག་པ་མེད་པའི་བདེ་བ་ཆེན་པོ་གཅིག་ཉིད་རྣམ་པ་ཇི་སྙེད་པའི་མཆོག་ཐམས་ཅད་ཀྱི་སྟོང་པ་ཉིད་དུ་འཆར་བས་བདེན་གཉིས་ཟུང་འཇུག་སྟེ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་གྱི་དུ་མར་གར་མཛད་དོ། །ཞེས་སོ། །ཇི་ལྟ་བུར་སློབ་ན། དྲན་དང་དྲན་མིན་ལས་གྲོལ་ཞིང་། །རྟག་འབྱུང་བ་ཡི་མཚན་ཉིད་ཅན། །རྣལ་འབྱོར་པ་ནི་འདི་བཞིན་སྤྱོད། །ཟུང་འཇུག་རིམ་པ་གནས་པའོ། །ཡིད་ལ་དྲན་པ་དང་མི་དྲན་པ་གཉིས་སུ་ཕྱེ་བའི་དྲན་པ་རང་རྒྱུད་པ་ལས་འདས་པ། དགག་སྒྲུབ་དང་། སྤང་བླང་དང་། ཚད་འཛིན་གྱི་དམིགས་གཏད་ཞིག །གནས་ལུགས་ཀྱི་ངང་དེར་རྟག་ཏུ་རྩོལ་མེད་ཡང་དག་གི་དྲན་པ་ལ་ལྷུག་པར་གནས་པ་སྟེ། འདི་ལ་དྭགས་པོའི་རིང་ལུགས་པ་རྣམས་སྐྱེ་མེད་ལ་བརྟན་པ་ཐོབ་ནས་འགག་མེད་ལ་རྩལ་སྦྱོང་བ་ཞེས་གསུངས་སོ། །དེ་ལ་གནས་པའི་ཡོན་ཏན་ནི། །གཟུགས་ཕྲ་རེག་ན་ཡང་བ་དང་། །ཁྱབ་དང་ཡང་དག་ཐོབ་པ་དང་། །རབ་ཏུ་སྣང་དང་བརྟན་པ་དང་། །དབང་བསྒྱུར་འདོད་དགུར་བསྒྱུར་བ་སྟེ། །དབང་ཕྱུག་བརྒྱད་ཅེས་དེ་ལ་བཤད། །རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ཀྱི་ཕྲ་བ། ལུས་ཡང་བས་རེག་པ་ཡང་བ། འཇིག་རྟེན་གསུམ་པོ་མཐའ་དག་ཁྱབ་པར་བྱེད་པས་ཤིན་ཏུ་ཆེ་བ། སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་ཐོབ་པས་གར་ཡང་ཕྱིན་པ། ཡེ་ཤེས་ཀྱི་སྣང་བ་རབ་ཏུ་གསལ་བས་རབ་ཏུ་སྣང་བ། དེ་ལ་བརྟན་པར་གྱུར་པ་ཉིད་ཀྱི་དབང་པོ། སྐྱེ་བོ་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་པ་ཉིད་ཀྱིས་དབང་བསྒྱུར་བ། འདོད་དགུར་བསྒྱུར་བས་གང་དུ་འདོད་པར་གནས་པའོ། །དྲུག་ནི་ལམ་ཡིན་གཉིས་པོ་ནི། །གཞན་དོན་ཤུགས་ལས་འབྱུང་བ་ཡིན། །དང་པོ་དྲུག་ནི་རང་དོན། ཐ་མ་གཉིས་ཀྱིས་ཤུགས་ལས་གཞན་དོན་འབྱུང་ངོ་། །གཉིད་ལོག་པ་དང་སད་པ་སྟེ། །གནས་སྐབས་གཉིས་པོ་སྤངས་པ་ནི། །གཉིད་ལོག་པ་དང་རྣམ་བྲལ་བ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། །གཉིད་ནི་མ་རིག་པའི་གནས་སྐབས། །གཉིད་སད་པ་ནི་མ་རིག་པ་དེ་དང་བྲལ་བའི་སྐབས་ཞེས་རྣམ་པར་དབྱེ་བ་མེད་དེ་དུས་རྟག་ཏུ་མ་རིག་པའི་གཉིད་ལས་སངས་པའི་ཕྱིར་རོ། དེ་ཉིད་པདྨ་ཁ་བྱེ་ཞིང་རྒྱས་པ་དང་འདྲ་བར་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པས་རྒྱས་པ་སྟེ། ཟུང་དུ་འཇུག་པ། དེའི་ཕྱིར་སངས་རྒྱས་སོ། །དེ་ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །ཞེས་གསུངས་སོ། །བྱ་བ་དང་ནི་བྱེད་པ་དག །མི་ཕྱེད་པ་ཡི་ངོ་བོ་ཉིད། །གནས་ནས་རྣལ་འབྱོར་པས་ཤེས་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཟུང་འཇུག་དེ་ཉིད་གཞན་གྱི་དོན་ཐམས་ཅད་པའི་བདག་ཉིད་ཡིན་པའི་ཕྱིར་བྱ་བ་དང་བྱེད་པ་པོ་ཞེས་རྣམ་པར་དབྱེ་བ་མེད་དེ། འཇུག་པར། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་སོ། །མཉམ་པར་བཞག་དང་མ་བཞག་དང་། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །དེ་ཉིད་གཞན་དོན་བྱེད་པ་ན་མཉམ་པར་བཞག་ན་ཤེས། མ་བཞག་ན་མི་ཤེས་པ་ལྟ་བུ་ལ་སོགས་པ་མེད་པའི་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཐམས་ཅད་ཀྱི་བརྒྱན་པའོ། །དེ་ཉིད་བྷ་ག་ཝཱན། བདུད་བཞི་བཅོམ་པས་ན་བཅོམ་པའམ། ཡང་ན། །བྷ་ག་ནི་ལེགས་པ་རྣམ་པ་དྲུག་སྟེ། གཟུགས་དང་། གྲགས་པ་དང་། དབང་ཕྱུག་དང་། དཔལ་དང་། ཤེས་རབ་དང་། བརྩོན་པ་སྟེ། འདི་དྲུག་གི་སྤྱི་ལ་བྱའོ། །ཝཱ་ནི་ལྡན་པ་སྟེ། མདོ་སྡེ་ལས། མཚན་འཇིག་རྟེན་ལས་འདས་པའོ། །ཞེས་ཀྱང་འབྱུང་བས་ན་འཇིག་རྟེན་པའི་བྷ་ག་ཝཱན་ལས་ཁྱད་པར་དུ་འདས་ཞེས་བླ་ཐབས་སུ་བསྣན་ཏེ་བཅོམ་ལྡན་འདས་ཞེས་བཏགས་སོ། །ལེགས་པ་དྲུག་གི་དབང་ཕྱུག་ཅེས་བྱ་བ་དེའང་བརྒྱད་དུ་བཤད་དེ། སྐུ་དང་གསུང་གི་དབང་ཕྱུག་དང་། །ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱན། །འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། །ལྷུན་གྲུབ་ཏུ་སེམས་ཅན་གྱི་དོན་ལ་སྐུ་མཐའ་ཡས་པ་ཅིག་ཅར་དུ་སྟོན་ནུས་པ་སྐུའི་དབང་ཕྱུག་དང་། ཐམས་ཅད་ཀྱི་སྐད་དུ་ཐམས་ཅད་པའི་ཆོས་ཐམས་ཅད་པའི་སེམས་ཅན་ལ་ཅིག་ཅར་སྟོན་པ་གསུང་གི་དབང་ཕྱུག་དང་། ཡིད་ལ་བྱེད་པ་ཙམ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རིན་པོ་ཆེ་སྣ་ཚོགས་པ་འཇུག་པར་བྱེད་པའམ་རྟོག་པ་མེད་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་ཐུགས་ཀྱི་དབང་ཕྱུག་དང་། ཐུགས་བསྐྱེད་པ་ཙམ་གྱིས་མཐའ་ཡས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟོན་པ་རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཐོགས་མེད་དུ་ཁྱབ་པ་ཀུན་འགྲོའི་དབང་ཕྱུག་དང་། འདོད་པ་ཙམ་གྱིས་རང་གཞན་གྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་ནུས་ཤིང་བདེ་བ་ཐམས་ཅད་ལ་ལོངས་སྤྱོད་པ་ཅི་འདོད་གྱི་དབང་ཕྱུག་གོ །འདོད་པ་ཙམ་གྱིས་བརྟན་གཡོ་སྣ་ཚོགས་པའི་གཟུགས་སུ་སྐྱེད་པ་ནི་སྐྱེད་པར་བྱེད་པ་པོའི་དབང་ཕྱུག་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་བའི་ཡོན་ཏན་གྱིས་བརྒྱན་པའི་སྐུར་སྟོན་ཅིང་། ཐུན་མོང་མིན་པའི་ཡོན་ཏན་སྟོབས་བཅུ་ལ་སོགས་པ་དང་ལྡན་པ་ཡོན་ཏན་གྱི་དབང་ཕྱུག་སྟེ་བརྒྱད་དང་ལྡན་པའོ། །གཉིས་པ་རིམ་གྱིས་འཇུག་པའི་ལམ་ལ། ཐེག་པ་ཐུན་མོང་པ་དང་མཐུན་པར་བསླབ་པ་དང་། དེ་ནས་རྣལ་འབྱོར་ཆེན་པོའི་ལམ་དུ་དཀྲི་བའི་ཚུལ་གཉིས་ལས། དང་པོ་ནི། སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་ནི་རིམ་གྱིས་འཇུག་པས་རྣམ་པར་དག་པར་འགྱུར་ཏེ་ཅིག་ཅར་ནི་མ་ཡིན་ནོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི། །ཅིག་ཅར་ནི་མ་ཡིན་ནོ་ཞེས་དང་། དཔའ་བར་འགྲོ་བའི་མདོ་ལས། བློ་གྲོས་བརྟན་པ་འདི་ལྟ་སྟེ། འཕོང་གི་སློབ་དཔོན་ནི་འཕོང་སློབ་པ་ན་ཐོག་མར་བ་ལང་གི་ཀོ་བ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་བ་ལང་ཀོ་བ་ལ་ཕོག་པ་དེའི་ཚེ་ཤིང་ལེབ་ལ་ཕོག་པར་བྱེད་དོ། །ཤིང་ལེབ་ལ་ཕོག་པ་དེའི་ཚེ་འབེན་ལ་ཕོག་པར་བྱེད་དོ། །གང་གི་ཚེ་འབེན་ལ་ཕོག་པ་དེའི་ཚེ་དབྱུག་གུ་ལ་ཕོག་པར་བྱེད་དེ། །གང་གི་ཆེ་དབྱུག་གུ་ལ་ཕོག་པ་དེའི་ཚེ་སྐྲ་བརྒྱ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་བརྒྱ་ལ་ཕོག་པ་དེའི་ཚེ་སྐྲ་བཅུ་ལ་ཕོག་པར་བྱེད་དོ། །གང་གི་ཚེར་སྐྲ་བཅུ་ལ་ཕོག་པ་དེའི་ཚེ་སྐྲ་གཅིག་ལ་ཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་གཅིག་ལ་ཕོག་པ་དེའི་ཚེ་སྒྲས་མཚོན་པ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་སྒྲས་མཚོན་པ་ལ་ཕོག་པ་དེའི་ཚེ་མི་འཆོར་བར་འཕོག་གོ །མི་འཆོར་བར་ཕོག་པ་དེའི་ཚེ་འཕོང་སློབ་པ་ཚད་དུ་ཕྱིན་པ་ཡིན་ཏེ། དེ་འདོད་ན་མུན་ནག་གི་ནང་ནའང་མི་དང་མི་མ་ཡིན་པ་གང་དང་གང་སྒྲ་གྲག་པ་དེ་དང་དེར་ལྷུན་གྱིས་གྲུབ་ཅིང་མི་འཆོར་བ་ཉིད་དུ་མདའ་འགྲོའོ། །སྒྲས་མཚོན་པ་ལ་ཕོགས་པར་བྱེད་པ་ལ་གནས་པས་ཕྱིས་གང་དུའང་མི་སློབ་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ན་འཕོག་པར་བྱ་བ་ཐམས་ཅད་ལ་མངོན་སུམ་དུ་འགྱུར་རོ། །ཞེས་གསུངས་ལ། རྡོ་རྗེའི་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཀྱང་རིམ་པ་འདི་ཉིད་ཀྱིས་བསླབ་པར་བྱའོ། །རིམ་པའང་། ཐོག་མར་སངས་རྒྱས་ཀྱི་ཐེག་པའི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བསླབས་པ་དེ་ཡོངས་སུ་སྤྱོད་པར་བྱའོ། །དང་པོ་ཉོན་མོངས་འདུལ་བ་ནི། །འདིར་ཆོས་ཀྱི་ལམ་གང་དང་གང་གིས་ཉོན་མོངས་པ་འདུལ་བར་བྱེད་པ་ཡིན་ཏེ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྟེན་འབྲེལ་བསྒོམ་པ་ལ་སོགས་པའོ། །ཁམས་ཀྱི་རབ་ཏུ་དབྱེ་བར་བྱ། །སློབ་དཔོན་ཙཱརྻ་པའི་བཞེད་པ་ལྟར། ཉོན་མོངས་པ་དུག་ལྔ་ཤས་གང་ཆེ་བ་སོ་སོའི་གཉེན་པོ་དང་སྦྱར་བའི་ཕྱིར་ཁམས་ལྔའམ་དྲུག་གིས་དབྱེ་བས་ཕྱེ་ནས་འབྱུང་བ་རོ་སྙོམས་པ་ལ། ཟད་པར་ས་ཆུ་མེ་རླུང་ནམ་མཁའ། ཁ་དོག་གིས་ཕྱེ་བས་ཟད་པར་སྔོ་སེར་དམར་དཀར། ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་བཅུ་བསྒོམ་ཞིང་ཕུང་པོའི་ཞིག་རལ་བསྒོམ་པར་བྱ། ཟིལ་གྱིས་ནོན་པའི་སྐྱེ་མཆེད་བརྒྱད་བསྒོམ་པའོ། །དེས་འབྱུང་བ་རྣམས་ཟིལ་གྱིས་ནོན། འབྱུང་བའི་གནོད་པས་མི་ཚུགས། སྣང་བ་ཟིལ་གྱིས་ནོན། མཐོང་ན་མི་མཐུན་པ་མེད་པ། རྣམ་རྟོག་ཟིལ་གྱིས་ནོན། གང་བསྒོམས་པ་དེ་ལ་གསལ་སྣང་ཕྱིན་ནས་གཞན་ལ་སྟོན་ནུས་པ་འབྱུང་ངོ་། །གཉིས་པ་རྣལ་འབྱོར་ཆེན་པོའི་ལམ་དུ་དཀྲི་བ་ལ། བསྐྱེད་རྫོགས་གཉིས་ལས། དང་པོ་ནི། གང་ཡང་རུང་བའི་བུམ་པའི་དབང་བསྐུར་ནས། བསྐྱེད་རིམ་གཞུང་ལས་ཤེས་པར་བྱ། །ཞེས་བསྐྱེད་པའི་རིམ་པ་ལ་བསླབ་བོ། །གཉིས་པ་རྫོགས་རིམ་ལ། རྡོ་རྗེའི་བཟླས་པའི་རིམ་པ། སེམས་ལ་དམིགས་པའི་རིམ་པ། བདག་བྱིན་གྱིས་བརླབ་པའི་རིམ་པ་གསུམ་ལས། དང་པོ་ནི། ལུས་མ་སྦྱངས་པར་ངག་དག་པར་མི་འགྱུར་བའི་ཕྱིར། ཕུང་ཁམས་སྐྱེ་མཆེད་ཐ་མལ་པའི་ང་རྒྱལ་དུ་གནས་པ་བསལ་ནས། ཕུང་པོ་ལྔ་རིགས་ལྔ། དེ་གཅིག་ཏུ་གྱུར་པ་རྡོ་རྗེ་འཆང་། ཁམས་འབྱུང་བ་ལྔ་ཡུམ་ལྔ། སྐྱེ་མཆེད་ཐམས་ཅད་བྱང་ཆུབ་སེམས་དཔའ། ཡུལ་དྲུག་གཟུགས་རྡོ་རྗེ་མ་ལ་སོགས་པ་ཁམས་དཔའ་བོ། རྩ་དཔའ་མོ་སོགས་གང་སྣང་དེ་བཞིན་གཤེགས་པས་བསྒྲུབས་པའི་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཙམ་དུ་ལྟ་བར་བྱེད་པ་ཡིན་ལ། དེ་དག་ཀྱང་གསང་བའི་རིགས་ལྔར་བསྡུས་ནས་བསྒོམ། ལྔ་པོ་དེའང་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དུ་བསྡུས་ནས་བསྒོམ་མོ། །དེའང་རྡོ་རྗེ་འཆང་ཆེན་པོའི་མིང་ཅན་གྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དུ་འཇུག་པར་བྱེད་དོ། །ཡང་བསྐྱེད་པའི་རིམ་པ་དང་། འདི་སྦྱར་བའི་ཚེ། རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་བསྒོམ་པ་རིགས་བརྒྱ། དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་རིགས་ལྔ་སྐུ་གསུང་ཐུགས་བྱིན་རླབས། རིགས་གསུམ་ཏིང་ངེ་འཛིན་སེམས་དཔའ་གསང་ཆེན་རིགས་གཅིག་གི་རྣལ་འབྱོར་ཞེས་བྱ་བར་འགྱུར་རོ། །ངག་དབེན་པ་དང་རླུང་བསྒོམ་པ། །བླ་མའི་ཞལ་ལས་ཤེས་པར་བྱ། །ངག་རྣམ་པར་དབེན་པ་ནི་རླུང་གི་དེ་ཁོ་ན་ཉིད་འཇུག་གནས་ལྡང་བ་གསུམ་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་འབྲུ་གསུམ་དང་སྦྱར་ཏེ་རླུང་ནང་དུ་འཇུག་པ་ཨོཾ་དཀར་པོ། གནས་པ་ཨཱཿདམར་པོ། ལྡང་བ་ཧཱུྃ་མཐིང་ཁར་བྱས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་སྦྱར་བས་རླུང་ལས་རྣམ་པར་རྒྱལ་བ་སྒྲའི་དེ་ཁོ་ན་ཉིད་ཚིག་ཐམས་ཅད་ཨཱ་ལི་དང་ཀཱ་ལི་ལས་ཡང་དག་པར་བྱུང་བས་སྒྲ་ཐམས་ཅད་ཕོ་མོ་མ་ནིང་གི་སྔགས་སུ་ཤེས་པར་འབྱུང་ཞིང་། ཕྲ་བའི་རླུང་རིགས་བརྒྱ། དེ་ཉིད་རིགས་ལྔ་རིགས་གསུམ་གསང་ཆེན་རིགས་གཅིག་ཏུ་ཤེས་པས་ཡུལ་སྣང་ཐམས་ཅད་ལྷར་དག་པར་ཡང་འགྱུར་རོ། །གཉིས་པ་སེམས་ལ་དམིགས་པའི་རིམ་པ་ནི། སེམས་ལ་དམིགས་པའི་མན་ངག་ནི། །བདེ་བ་ཆེན་པོའི་མན་ངག་གོ །བླ་མའི་ཞལ་གྱིས་རྟོགས་པར་བྱ། །སེམས་རྣམ་པར་དབེན་པ་ལ་ཤེས་བྱ་སེམས་ཀྱི་མཚན་ཉིད་ཤེས་པ་དྲི་མ་བཅས་པའི་གནས་ལུགས། དེ་ལས་རྟོག་མེད་ཀུན་ཏུ་སྣང་བའི་སེམས། རིག་པ་བྱང་ཆུབ་ཀྱི་སེམས་གསལ་ལ་རྟོག་པ་མེད་པ། ཡུལ་ལ་འཇལ་ན་སྒོ་ལྔའི་ཤེས་པ་ལ་རྟོག་མེད་དུ་སྤྱོད་པའོ། །རྟོག་བཅས་རང་བཞིན་གྱི་སྣང་བ་ནི། ཤེས་པ་གཟུང་འཛིན་གྱིས་བསྡུས་པ་རང་བཞིན་བརྒྱད་ཅུ་པོ་རྣམས་སོ། །སེམས་ལ་དམིགས་པ་ནི་ཡེ་ཤེས་ཀྱི་མཚན་ཉིད། སེམས་དེའི་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པ་དང་། ཆོས་ཅན་སེམས་ཀྱི་མཚན་ཉིད་སེམས་འོད་གསལ་དུ་རྟོགས་པའོ། །སེམས་དེའི་ཆོས་ཉིད་རིག་པའི་ཡེ་ཤེས་ལམ་དུ་བྱེད་པ་ལ། བདེ་བ་ལམ་དུ་སློང་དགོས་པས། འོག་སྒོ་གཞན་ལུས་ཤེས་རབ་ལ་བརྟེན་ནས་སྣང་བ་གསུམ། སེམས་སྐད་ཅིག་མ་ལས་དགའ་བའི་ཡེ་ཤེས་ངོས་ཟིན་པ་དང་། གསལ་བ་རང་རིག་པ་བདེ་སྟོང་དུ་རྟོགས་པར་བྱས་པའི་ཞུ་བདེ་ལྷན་སྐྱེས་དེས་ཡུལ་སྣང་ཐམས་ཅད་རིགས་བརྒྱར་བསྡུས་ནས་རྒྱས་བཏབ་ཏེ་བསྒོམ། དེ་རིགས་ལྔ་གསུམ་གཅིག་ཏུ་བསྡུས་ནས་ཀྱང་ངོ་། །ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །བདེ་བ་སྤྲོས་བྲལ་རྟོག་མེད་དུ་འཆར་བར་བྱེད་པའམ། ཆོས་ཅན་སེམས་ཀྱི་མཚན་ཉིད་རིག་པའི་ཡེ་ཤེས་ལམ་དུ་བྱེད་པ་ནི། སློབ་དཔོན་ལྭ་བ་པའི་བཞེད་ཚིག་སྡེ་བཞི་གསུམ་བཅུ་གཉིས་སུ་སྡུད་པས་ཚིག་བསྡུས་ཏེ་ཕྱག་རྒྱ་ཆེན་པོའི་དོན་བཤད་པ་དེར་ཤེས་པར་བྱའོ། །གཏུམ་མོ་འོད་གསལ་སྦྱང་བ་ལ། །སྟེང་སྒོ་རྣམ་པར་གྲོལ་པ་རང་ལུས་ཐབས་ལྡན་བདེ་ཆེན་བྱང་ཆུབ་སེམས་ཀྱི་མན་ངག་ཅེས་བྱ་སྟེ། ལྟེ་བའི་རྩ་མདུད་རང་བཞིན་གྱིས་གཏུམ་མོ་ཨ་ཐུང་ངུ་དེ་ལ་རོ་རྐྱང་གཅིག་ཏུ་སྦྱར་བའི་སྦྱོར་བས་གནད་དུ་བསྣུན་ཏེ་བདེ་བ་བསྡུ་བ། བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞི་ལྟེ་བ་ནས་ནོར་བུའི་སྣ་རྩེར་དགུག་པ་དང་། དེ་ལས་ཕྱིར་མི་འཆོར་བར་འཛིན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་འཆར་བར་བྱེད་པ་དང་། དེ་ནས་གསང་བ་རིན་པོ་ཆེ་སྦས་པའི་འཁོར་ལོ་ལ་བརྟེན་ནས། འདྲེན་གྱི་གནད་ཀྱིས་ཐིག་ལེ་གྱེན་དུ་དྲངས་པ་དང་། འབེབས་ཀྱི་གནད་ཀྱིས་རྩ་ལས་སྙིགས་མ་འཐུར་དུ་དབབ་པ་དང་། བར་རླུང་བུམ་པ་ཅན་ཁ་སྦྱོར་ཆེན་པོར་བཅིངས་པའི་གནད་ཀྱིས་དྭངས་མ་ལུས་ལ་ཁྲེམས་པར་བྱ་བ་སྟེ། རིན་ཆེན་འཁོར་ལོའི་འཁྲུལ་འཁོར་ཡན་ལག་གསུམ་ཞེས་བྱ་སྟེ་སྟེང་འོག་གཉིས་ཀའི་ཐུན་མོང་གི་གདམས་པའོ། །དྭངས་མ་ལུས་ལ་ཁྲེམས་པའི་བདེ་བ་དེས་རིགས་བརྒྱ་རིགས་ལྔ་གསུམ་གཅིག་གིས་ཡུལ་སྣང་ཐམས་ཅད་ལ་སྤྲོ་བའམ་རྒྱས་གདབ་པར་བྱའོ། །འདིར་འོད་གསལ་ཞེས་པ་ནི་ཡས་བརྟན་གྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་དྲི་མ་མེད་པར་རྟོགས་པ་ལ་བྱའོ། །གསུམ་པ་བདག་བྱིན་རླབས་ཀྱི་ལམ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སྒྱུ་མ་ལྟ་བུའི་ལུས་བསྒོམ་ལ། །སློབ་པ་དང་ནི་མི་སློབ་གཉིས། །ཀུན་རྫོབ་འོད་གསལ་དུ་འཇུག་པར་བྱེད་པ་ལ། བར་དོ་སྦྱོང་བྱེད་སློབ་པའི་ཟུང་འཇུག་གི་སྐབས་བཞིན་དང་། འབྲས་བུ་མཐར་ཐུག་མི་སློབ་པའི་ཟུང་འཇུག་གི་སྐབས་ཤིག་སྟེ་གཉིས་ཡོད་ལ། སློབ་པ་ལའང་གཉིས་ཡིན་ཏེ། །མངོན་པར་རྟོགས་པའི་རིམ་པ་དང་། །རང་ཉིད་ལྷག་པར་གནས་པའོ། །འདིར་སློབ་པའི་ཟུང་འཇུག་དེའང་ཐེག་པ་ཐུན་མོང་དང་མཐུན་པར་ལམ་བགྲོད་ནས་རྡོ་རྗེའི་ཐེག་པར་ལྷའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུར་བསྒོམ་པ་མངོན་པར་རྟོགས་པའི་རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་གྱི་ལམ་དུ་རང་ཉིད་ལྷག་པར་གནས་པ་རང་རིག་རང་གསལ་བ་གཉིས་མེད་འོད་གསལ་རྟོགས་པར་བྱེད་པའི་རིམ་པ་སྟེ་གཉིས་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། མངོན་པར་རྟོགས་པའི་རིམ་པ་དང་། །རང་ཉིད་ལྷག་པར་གནས་པའི་རིམ་པ་གཉིས་ལས། དང་པོ་ནི། མངོན་པར་རྟོགས་པའི་རིམ་པ་ལ། །གསང་བའི་དབང་གི་དུས་དག་ཏུ། །ཀུན་རྫོབ་སྒྱུ་མ་ལྟ་བུར་ངོ་སྤྲད་པའི་དུས་ནམ་ཞིག་གི་ཚེ་ཞེ་ན་གསང་བའི་དབང་བསྐུར་ནས་སོ། །ཇི་ལྟར་ངོ་སྤྲོད་ཅེ་ན། མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །རྡོ་རྗེ་སེམས་དཔའི་བྲིས་སྐུ་འགྱིང་ལོག་འོད་ཀོར་འཇའ་ཚོན་རིས་ཟླུམ་པོར་བྱས་པའི་ནང་དུ་བཞུགས་པ་མེ་ལོང་གཡའ་དག་པའི་ནང་དུ་འཆར་དུ་བཅུག །བླ་མ་ལ་སྒྱུ་ལུས་ཀྱི་བསྟོད་པ་བྱས་ཏེ། མིག་དེ་ལ་གཏད། རང་ཉིད་ལུས་གནད་རྣམ་པར་སྣང་མཛད་དང་ཆོས་མཚུངས་པ། སེམས་གྲིམས་དྲགས་པ་དང་ལྷོད་དྲགས་པའི་སྐྱོན་སྤངས་ཏེ་རྣམ་རྟོག་གིས་མ་བསླད། གཉེན་པོས་མ་བཅོས་པར་རང་སོ་ལ་མ་ཡེངས་པར་བཞག་པས། དང་པོ་གཟུགས་བརྙན་གསལ་བ་སྣང་བ། དེ་ནས་གཟུགས་བརྙན་ལོགས་སུ་ཆད་པ་ལྟར་སྣང་བ་མཆེད་པ། དེ་ནས་གཟུགས་བརྙན་མི་གསལ་བར་ནག་ཐིབ་ཏེ་སོང་བ་ཉེར་ཐོབ། དེ་ནས་དྭངས་པ་ནམ་མཁའ་ལྟ་བུའི་ངང་ནས་ཉམས་སྣ་ཚོགས་པ་སྐྱེ་བས་སྟོང་ཉིད། དེའི་གཟུགས་བརྙན་ནམ། ཡང་ན་མེ་ལོང་ནང་གི་ལྷའི་གཟུགས་བརྙན་ཤར་བ་ལ་སེམས་གཟུང་། དེ་ལ་སེམས་གར་བཞག་རུང་བརྟན་པ་དང་རང་དང་མེ་ལོང་གི་བར་དུ་བཞག་ལ་སེམས་གཟུང་། དེ་བརྟན་པ་དང་དེ་རང་ལ་བསྟིམ། རང་ཡི་དམ་གྱི་གཟུགས་དེ་ལྟ་བུར་གསལ་བར་མ་གྱུར་བར་དུ་སེམས་གཟུང་། དེའི་གསལ་སྣང་བརྟན་ནས་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་ལྷའི་སྣང་བརྙན་དུ་གསལ་བ་དེ་ལ་བརྟན་པ་མཉམ་རྗེས་མེད་པར་བྱུང་ན་སྣང་བ་སྒྱུ་མ་ལ་རྩལ་འབྱོངས་པ་ཡིན་ནོ། །གལ་ཏེ་མ་གྲུབ་ན་སྤོགས་པའི་ཆོ་ག་ལྷང་མ་ལྷང་ཚེར་ལ་རྨ་བྱའི་ཁྲག་གིས་རྡོ་རྗེ་སེམས་དཔའ་བྲིས་ལ་ཏིང་ཕོར་དུ་ཆུར་བཅུག་སྟེ་ཉི་མ་ལ་བཞག་ན་དེའི་འོད་ཀྱིས་རྩིག་ངོས་ལ་ཕོག་པ་དེ་ལ་དགའ་མི་དགའི་སྤྱོད་པ་སྣ་ཚོགས་བྱས་པས་ཁྱད་མི་འདུག་ན། དེ་དང་རང་ཐ་མི་དད་དུ་བསྒོམ་མོ། །གཉིས་པ་རང་ཉིད་ལྟག་པར་གནས་པའི་རིམ་པ་ལ། མ་བསྒོམས་པར་འཚང་རྒྱ་བ་འཕོ་བ། དེའི་ཡན་ལག་གྲོང་འཇུག །བག་ཆགས་དག་པས་འཚང་རྒྱ་བ་རྨི་ལམ། དོན་ཤེས་པས་འཚང་རྒྱ་བ་བར་དོ་དང་བཞིའོ། །དང་པོ་ལ་བསྐྱེད་པའི་རིམ་པའི་ཚུལ་ལས་འཕོ་བ་དང་། སྒྱུ་མ་དངོས་ཀྱི་འཕོ་བ་དང་། འོད་གསལ་བའི་འཕོ་བ་གསུམ་ལས། དང་པོ་ནི། རང་ཉིད་ལྷག་པར་གནས་པ་ལ། འཕོ་བ་དང་གྲོང་དུ་འཇུག་པ་དང་། རྨི་ལམ་བར་དོ་རྣམ་པ་བཞི། གོང་དུ་འཕོ་བ་རྣམ་གསུམ་སྟེ། །བསྐྱེད་པའི་རིམ་པའི་ཚུལ་དང་ནི། །སྒྱུ་མ་དངོས་དང་འོད་གསལ་ལོ། །ཞེས་མདོར་བསྟན་ནས། རྒྱས་པར་བཤད་པའི་ཕྱིར། བསྐྱེད་པའི་རིམ་པའི་ཚུལ་ལ་ནི། ཀྵུཾ་ལ་སོགས་པའི་ཡི་གེ་ཡིས། །བུ་ག་དག་ཀྱང་དགག་བྱ་སྟེ། །རང་གི་སེམས་ནི་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་བསྒོམ་པའམ། །ཡང་ན་ཧཱུྃ་ལ་བསྡུ་བྱ་སྟེ། །ཚངས་པའི་བུ་ག་དག་ཏུ་འདོན། །འོག་མིན་གནས་སུ་ཡང་དང་ཡང་། །རྒྱུན་མི་འཆད་པར་གནས་པར་བྱ། །འདི་ནི་རྡོ་རྗེ་གདན་བཞི་ལས་གསུངས་པའི་འཕོ་བའི་རྣལ་འབྱོར་རྒྱས་པ་སྟེ། བླ་མའི་མན་ངག་ལས་བྱུང་བ་བཞིན་སྦྱང་བའོ། །དེ་ལྟར་གོམས་པ་བརྟན་གྱུར་ན། །དུས་ཀྱི་རྟགས་རྣམས་ཤེས་བྱས་ཏེ། །འཕོ་ཀར་ཤེས་པ་གནས་སུ་བསྐྱལ། །དེ་ལྟར་བྱས་པས་འཕོ་བར་འགྱུར། །ཞེས་པས་ནི་ལས་སྦྱོར་བསྟན་ནོ། །གཉིས་པ་སྒྱུ་མ་དངོས་ཀྱི་འཕོ་བ་ནི། སྒྱུ་མ་དངོས་ཀྱི་འཕོ་བ་ནི། །འོག་ནས་བྱུང་བའི་རྨི་ལམ་ལ། །གོམས་པར་བྱ་སྟེ་སུམ་ཅུ་ནི། །རྩ་གསུམ་གནས་སུ་འཕོ་བར་བྱ། །རྨི་ལམ་འབྱོངས། དེ་སྒྱུ་མར་བསྲེ་ཐུབ་པ་སྣང་བ་ལ་གང་བྱ་བྱ་བཏུབ་པས། ལྷའི་འདུན་ས་ཆོས་བཟངས་སམ། ཨར་མོ་ནིར་གའི་སྟེང་དུ་སེམས་ཀྱི་མདའ་རླུང་གི་གཞུ་དང་སྦྱར་ཏེ་འཕངས་པས་དེར་སླེབ་པར་འགྱུར་ལ། དེ་རུ་སྔར་ནི་གང་བསྒོམས་པར། །གོམས་པས་ཁྲིད་དེ་གོམས་གྱུར་ན། །བདེ་སྟོང་སྐྱེ་བའི་གནད་ཡིན་པས། །མི་རྟོག་ཡེ་ཤེས་ཐོབ་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་པའི་འགྲོ་ས་མཆོག་ཡིན་ཏེ། །མཚན་ཉིད་པ་ནི་ལྟུང་བར་འགྱུར། །རྩའམ། རླུང་ངམ། བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་སོགས་ཀྱི་ལམ་གང་ལ་མོས་པ་དེས་འདོད་ཡོན་ལམ་དུ་འཁྱེར་བས་དབང་པོ་ཡུལ་ལ་སྤྱོད་པའི་ཚོགས་དྲུག་བདེ་བར་ཤར་ཏེ་རྣམ་པར་མི་རྟོག་པ་ལྷག་མཐོང་གི་ཡེ་ཤེས་མཆོག་ཐོབ་ནས་ཚེ་འདི་ཉིད་ལ་འཚང་རྒྱ་བར་འགྱུར་རོ། །འདི་ནི་སྒྱུ་མ་འབྱོངས་པས་འདོད་པའི་ལྷ་དང་སྐལ་པ་མཉམ་པའི་རིག་འཛིན་བྱས་ནས་རྟེན་དེ་ལས་མཆོག་བསྒྲུབ་པའི་ཚུལ་བཤད་ཅིང་། དེས་མཚོན་ནས་གཟུགས་ཁམས་མཐར་ཐུག་པའི་གནས་ལུས་ལོངས་སྤྱོད་ཙམ་གྱི་སྒྱུ་མ་གཟུང་ནས་རྟེན་དེ་ལས་མཆོག་བསྒྲུབ་པའང་ཤེས་པར་བྱ་སྟེ། འདི་ནི་རགས་ལུས་སྒྱུ་མར་འབྱོངས་ཀྱང་འོད་གསལ་མཚན་ཉིད་པ་མ་རྟོགས་པས་ཕྲ་བའི་ལུས་དག་པར་བྱེད་མ་ནུས་པའི་ཕྱིར་དེ་དག་ཏུ་ཅི་དགར་འཇུག་པ་ཡིན་ནོ། །མཚན་ཉིད་པ་ལྟུང་བ་ཤེས་པའང་དེ་དག་ལ་འདོད་པ་མ་སྤངས་པར་ལམ་དུ་བྱེད་པ་དང་བྲལ་བས་ཏེ། མཚན་ཉིད་ཀྱི་ལམ་ནི་སྤང་བྱ་སྤོང་པའི་ལམ་མོ་ཞེས་གསུངས་པས་སོ། །གསུམ་པ་འོད་གསལ་གྱི་འཕོ་བ་ནི། འོད་གསལ་བ་ཡི་འཕོ་བ་ནི། །འཆི་བའི་དུས་ནི་ཤེས་བྱ་སྟེ། །མི་རྟོག་པ་ལ་སེམས་གནས་ནས། །ལུས་ཀྱི་རྩོལ་བ་དག་གིས་ནི། །འོད་གསལ་བར་ནི་གཞུག་བྱ་སྟེ། །བར་དོར་མྱ་ངན་འདའ་བ་ཡིན། །བསླབས་ནས་འཕོ་བ་དེ་རྣམས་ཡིན། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་འཆི་ལྟས་རྣམས་ཤེས་པས་འཆི་ཀའི་དུས་ཀྱི་ཚེ་ལུས་བསམ་གཏན་གྱི་ཡན་ལག་ལྔ་དང་ལྡན་པས་རླུང་ལྔ་དབུ་མར་ཞུགས་པ་རང་བཞིན་གྱི་འོད་གསལ་མ་ཡིན་ཡང་རྣམ་པར་མི་རྟོག་པའི་འོད་གསལ་དུ་བཅུག་སྟེ། དེ་ལས་རྣལ་འབྱོར་པ་ལ་སྣང་བ་རྐྱེན་གྱི་བར་དོར་སྒྱུ་མར་ལྡང་བ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ཕྱིན་ཏེ་རང་བཞིན་འོད་གསལ་མངོན་དུ་བྱས། དེས་སྦྱངས་པའི་དག་པའི་སྒྱུ་ལུས་སམ་ཡེ་ཤེས་ཀྱི་སྐུར་འཕོས་ཏེ་བག་ཆགས་ཀྱི་ལྷག་མ་སྦྱངས་ནས་མི་སློབ་པའི་ཟུང་འཇུག་ཏུ་འཕོ་བར་བྱའོ། །འོད་གསལ་བ་ལ་སེམས་གནས་ནས། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །མ་བསླབས་པར་ཡང་འཕོ་བ་ཡོད། །ཡང་དབང་པོ་རྣོ་བ་ལམ་ལ་སྦྱངས་པས་རང་བཞིན་འོད་གསལ་མངོན་དུ་བྱེད་ནུས་ན། འཆི་ཀའི་ཐིམ་རིམ་བྱུང་ཡང་དེ་ཉིད་ཀྱི་ངང་དུ་གནས་ཏེ། འོད་གསལ་མ་བུ་འདྲེས་ནས་བག་ཆགས་ལྷག་མ་སྦྱངས་བའི། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ནི་གང་ལའང་མི་སློབ་ཏེ། །གཉིས་མེད་རྟོགས་པ་མཐར་ཕྱིན་པས། །སྐུ་བཞི་རོ་མཉམ་གྱུར་པའོ། །སློབ་པའི་ཟུང་འཇུག་ལ་བསླབ་པ་མཐར་ཕྱིན་ནས་བསླབ་བྱ་སློབ་བྱེད་ཟད་པ་མི་སློབ་པའི་གོ་འཕང་སྐུ་བཞིའི་མཚན་ཉིད་ཅན་དུ་འཕོ་བར་འགྱུར་བ་ཡིན་ནོ། །གཉིས་པ་དེའི་ཡན་ལག་གྲོང་འཇུག་ནི། སྒྱུ་མར་མོས་པ་དྲག་པོ་དང་། དམིགས་པ་རྣོ་བ་དང་། འཕོ་བ་འབྱོངས་པས་གྲོང་འཇུག་ལ་བསླབ་པ་སྟེ། དེ་ལ་གྲོང་དུ་འཇུག་པ་ནི། མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་ཤེས་པ་འཐོན་པར་གཏད། །དེ་ལ་དམིགས་བ་བྱང་བ་དང་། །དམིགས་པ་ཇེ་གསལ་ཇེ་གསལ་འགྱུར། །དེ་ལ་ཡུན་དུ་གོམས་བྱས་ནས། །རང་གི་ཕུང་པོ་དོར་བྱ་སྟེ། །བསོད་ནམས་ཅན་གྱི་ལུས་བླངས་ནས། །སེམས་ཅན་དོན་ནི་མ་ལུས་བྱའོ། །ཞེས་གསུངས་པའི་ཚུལ་བགྱིའོ། །གསུམ་པ་བག་ཆགས་དག་པས་འཚང་རྒྱ་བ་རྨི་ལམ་ལ། དྲན་པ་དང་འདུན་པ་སྔོན་དུ་བཏང་ནས་ཤེས་བཞིན་གྱི་བྱ་ར་བ་འཛུགས་པ། བླ་མའི་གདམས་ངག་གིས་སྒྱུ་མ་ལྟ་བུར་ཤེས་པར་བྱ་བ། གང་སྣང་སྤེལ་ཞིང་རིག་པའི་རྩལ་ཕྱོགས་མེད་དུ་སྦྱངས་བ། བླང་དོར་དང་བྲལ་བས་གོམས་པར་བགྱིད་པ། གོང་དུ་འཕོ་བའི་གདམས་པ་དང་ལྔ་ལས། དང་པོ་ནི། རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང་། །སྦྱངས་དང་གོམས་པར་འཁྲིད་པ་དང་། །གོང་དུ་འཕོ་བ་ཤེས་པར་བྱ། །ཞེས་བསྡུས་ཏེ་བསྟན་ནས་ཞིབ་མོར་བཤད་པའི་ཕྱིར། དྲན་པ་ཤེས་བྱའི་སྒོ་ལ་ནི། །གཉིད་མ་ལོག་པའི་དུས་སུ་ཡང་། །འདུན་པ་དག་ནི་སྔོན་བཏང་ནས། །ཉིན་སྣང་སྒྱུ་མ་ཙམ་དུ་དྲན་པར་བྱ་ཞིང་། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བྱའོ། །ལོག་ཀ་མ་ཡི་ཤེས་པ་ནི། །དྲན་པས་ཡང་དང་ཡང་དགུག་ལ། །སྲོད་ཀྱི་དུས་མགྲིན་པའི་སྔགས་ཀྱི་འཁོར་ལོའི་རྟེན་ལ་གཉིད་ལོག་ཀའི་སེམས་དྲན་པས་བཅིང་ངོ་། །དགུག་པས་ལོག་རེས་ལན་རེ་བཞིན། །རབ་རིབ་སད་དུས་འབྱུང་བར་འགྱུར། །སྤོགས་པའི་ཆོ་ག་སྟེ་སྨིན་མཚམས་ཀྱི་མཛོད་སྤུར་ཐིག་ལེ་ལ་སེམས་འཛིན་པ་སོགས་སོ། །གཉིས་པ་བླ་མའི་གདམས་ངག་གིས་སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་ནི། དེ་ལྟར་དྲན་པ་བརྟན་གྱུར་ནས། སྒྱུ་མ་དག་ཏུ་ཤེས་བྱ་སྟེ། །རྨི་ལམ་ངོ་ཤེས་པ་བརྟན་ནས་རྨི་ལམ་སྒྱུ་མར་སྦྱང་བའོ། །དེ་ནས་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མར་ཤེས་ནས། མ་ལོག་པའི་དུས་སུའང་། སྣང་སྲིད་སྒྱུ་མར་ཤེས་བྱའོ། །ཉིན་མོའི་སྣང་བ་རྨི་ལམ་དང་བསྲེས་ཏེ་སྦྱངས་པས། སྒྱུ་མ་དངོས་ནི་རྨི་ལམ་ཡིན། །ཆོས་ཐམས་ཅད་རྨི་ལམ་ཙམ་དུ་ཤེས་པའི་ཚེ་སྒྱུ་མ་འབྱོངས་པ་ཡིན་ནོ། །འདི་ཉིད་སྒྱུ་མར་མ་ཤེས་པས། །བར་དོ་སྒྱུ་མར་མ་ཤེས་ནས། །བར་དོའི་སྲིད་པ་མི་ཁེགས་པས། །སྐྱེ་བ་ཡང་དང་ཡང་བླངས་ཏེ། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །སྐྱེ་ཤིའི་བར་དོ་ལ་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་ངོ་མ་ཤེས་པས། རིག་པ་ཨ་འཐས་གཟུང་འཛིན་གྱི་དངོས་པོར་ཞེན་ནས་སྲིད་པ་བར་དོར་སྒྱུ་མ་ལྟ་བུར་མི་འཆར། དེར་ཆགས་ལྡང་གིས་ཉིང་མཚམས་སྦྱར་བས་འཁོར་བར་འཁྱམ་མོ། །དེ་ལྟར་རྨི་ལམ་དངོས་དག་ལ། །བློ་ནི་འཇུག་ཏུ་མ་བཏུབ་ན། །སྔོན་དུ་འགྲོ་བ་དག་བྱ་སྟེ། །འདི་ནི་འབྱམས་གཅད་པ་སྟེ། བླ་མ་དང་ལྷ་ལ་མཆོད་ཅིང་ཚོགས་དང་གཏོར་མ་ཀུ་སཱ་ལིའི་ཚོགས་གསོག་སོགས་བྱས་པས་སེམས་རྣལ་དུ་ཕེབས་རྨི་ལམ་ཟིན་སྦྱངས་སོགས་འགྲུབ་བོ། །མ་ལོག་པ་ཡི་དུས་སུ་ཡང་། །སྣང་སྲིད་སྐྱུ་མར་ཤེས་པར་བྱ། །ཉིན་པར་སྣང་བ་ཐམས་ཅད་སྒྱུ་མ་ཡིན་སྙམ་དྲན་པ་རྒྱུན་ཆགས། འདུན་པ་རྗེས་འབྲང་དུ་བྱ་བ་དང་། བསྐྱེད་པའི་རིམ་པའི་རྟགས་བརྟན་དང་། །འདུ་འཛི་ཤིན་ཏུ་ཉུང་བ་དང་། །སྔར་གྱི་གོམས་པར་འཁྲིད་པ་དང་། །མོས་པ་ཤིན་ཏུ་དྲག་པོ་དང་། །དགུག་པའི་དུས་དག་ཤེས་པའོ། །བགེགས་ཀྱི་བར་ཆད་འབྱུང་བ་ཡིན་པས་ཁྲོ་བོའི་སྔགས་ཀྱིས་བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ་པ་དང་། ལྷའི་འཁོར་ལོ་རྣམ་པ་གསལ་བ་དང་། ངོ་བོ་སྟོང་པ་དང་མཚན་ཉིད་གཉིས་སུ་མེད་པ་ཟུང་འཇུག་གི་ཉམས་བདེ་སྟོང་དུ་བསྒོམ་པར་བྱ་བ་དང་། གནས་གཡེང་བ་ཆེས་ན་མི་ཟིན་པས་གཡེང་བ་མེད་པ་དང་། སྔར་གང་བསྒོམས་པའི་ལམ་ལ་འཁྲིད་པ་དང་། བླ་མ་ལ་མོས་པ་དྲག་པོས་གསོལ་བ་གདབ་པ་དང་། རླུང་གི་གནད་བུམ་པ་ཅན་བཅིང་བ་དང་། ཡུལ་གྱི་གནད་མགྲིན་པ་སྨིན་མཚམས་གསང་གནས། དུས་ཀྱི་གནད་ཐོ་རངས། དམིགས་པའི་གནད་སྔགས་དང་ཐིག་ལེ་ལ་ཤེས་པ་བསྟིམ་པའོ། །གསུམ་པ་གང་སྣང་སྤེལ་ཞིང་རིག་པའི་རྩལ་ཕྱོགས་མེད་དུ་སྦྱང་བ་ནི། གཉིད་མ་ལོག་པའི་དུས་སུ་ཡང་། །དྲན་པ་དེ་ཉིད་སྒྱུ་མ་རུ། །ཤེས་བྱ་བསམ་པ་སྔོན་བཏང་ལ། །ནན་ཏན་དུ་ནི་བསྒོམ་པར་བྱ། །དྲན་པ་དེ་ཉིད་ཇི་ལྟར་སྦྱང་འདོད་པ་དེ་ལ་བསྒྱུར་ཏེ་འདུན་པས་མཚམས་སྦྱར་བས། རྨི་ལམ་དུ་དེར་འཆར་བས་སོ། །དེ་ལྟར་དུ་ནི་གོམས་པ་དང་། །ཕན་ཚུན་དག་ཏུ་ཕྱིན་པ་དང་། །ངལ་དུབ་དག་ནི་འོང་བ་དང་། །འགྲངས་ལྟོགས་དག་ནི་འོང་བ་དང་། །ལུས་ཀྱི་སྤྱོད་ལམ། ངག་གི་བརྗོད་པ། སེམས་ཀྱི་རྟོག་པ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པ་དང་། ཆོ་འཕྲུལ་དག་ནི་སྟོན་པ་དང་། །དེ་ལ་སོགས་པའི་མཚན་མ་རྣམས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྣ་ཚོགས་ལ་བསླབས་པ་སྟེ། མ་ལོག་པ་ཡི་དུས་སུ་ཡང་། །གོམས་པར་བྱས་པའི་བག་ཆགས་ཀྱིས། །ལོག་ཀ་མ་ཡི་དུས་སུ་ནི། །མཚན་མོའི་དྲན་པ་དེ་སྙེད་ལ། །བག་མི་ཚ་བར་སྤྱད་པར་བྱ། །དེ་དག་གི་ཉིན་མོའི་སྣང་བ་སྒྱུ་མ་ལམ་དུ་འཁྱེར་བའི་དུས་སུ་སྦྱངས་པའི་བག་ཆགས་ཀྱི་གཉིད་དུས་སུའང་དེ་དག་བག་མི་ཚ་བར་སྤྱོད་ལ། རྨི་ལམ་ལ་གོམས་པས་ཕྱི་རོལ་གྱི་ཡུལ་དང་། ཡ་ང་བ་དང་། བག་ཚ་བ་མེད་པར་བསྲེ་ཐུབ་སྟེ། དེའི་ཚེ་རྣལ་འབྱོར་པ་དེ་ལ་ཉིན་མཚན་ཁྱད་པར་མེད་དོ། །བཞི་པ་བླང་དོར་དང་བྲལ་བས་གོམས་པར་བགྱིད་པ་ནི། དེ་ལྟར་སྒྱུ་མར་ཡང་དང་ཡང་། །ཉིན་མཚན་དག་ཏུ་བསམས་ནས་སུ། །སྒྱུ་མར་ཤེས་པའི་མཚན་མ་ནི། །ཡ་ང་བ་དང་བག་མི་ཚ། །སྤྲུལ་བསྒྱུར་ནུས་པ་དམ་དུམ་འབྱུང་། །དེ་ལྟར་གོམས་པ་བརྟན་པར་བྱ། །ཡ་ང་བ་དང་བག་མི་ཚ་བའི་སྤྱོད་པ་བླང་དོར་དང་བྲལ་ཞིང་། འབྱུང་བ་བཞི་ཟིལ་གྱིས་གནོན་པ་ལ་སོགས་པའི་སྤྲུལ་བསྒྱུར་ནུས་པ་འབྱུང་ལ། དེའི་ཚེ་དེ་ལ་གོམས་པར་ནི་བགྱིད་ལ་བདེན་པར་ཞེན་པ་མི་བྱ་སྟེ། སྣང་བ་ལ་བདེན་པར་ཞེན་པའི་གཉེན་པོར་རྨི་ལམ་སྒྱུ་མ་བསྒོམ་པ་ཡིན་གྱི། རྨི་ལམ་ལ་བདེན་པར་ཞེན་པ་ནི་གེགས་ཆེན་པོ་ཡིན་ནོ། །ལྔ་པ་གོང་དུ་འཕོ་བའི་གདམས་པ་ནི། དེ་ལྟར་བརྟན་པར་གྱུར་ནས་ནི། །འཕོ་བ་དག་ནི་བྱ་བར་བཤད། །རྨི་ལམ་ལ་གོམས་པ་བརྟན་ནས་གོང་དུ་འཕོ་བར་བྱ་སྟེ། ཚུལ་ཇི་ལྟ་བུས་ཤེ་ན། གཉིད་མ་ལོག་པའི་དུས་སུ་ཡང་། །སེམས་ནི་གང་དགར་བཏང་བ་དང་། །འགྲོ་སར་སེམས་ནི་བཏང་བྱས་ནས། །ལོག་ཀ་མ་ཡི་དུས་སུ་ཡང་། །དེ་རིང་བག་ཆགས་དྲན་བྱས་ཏེ། །ཉིན་མོ་སྦྱངས་པའི་དམིགས་པ་ལ་ནུབ་མོ་བསླབ་པ་སྟེ། འཇིག་རྟེན་པའི་རྣམ་པར་ཐར་པ་ལ་སྦྱང་བ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་ཐར་པ་ལ་སྦྱང་བའོ། །དང་པོ་ནི། ལྷ་ཡུལ་བལྟ་བར་འདོད་ན་ཉིན་མོ་དེའི་གནས་སོགས་དྲན་པ་དང་བགྲོད་འདོད་ཀྱི་འདུན་པ་བཏད། ཉལ་ཀར་ཡང་དེ་བཞིན་དུ་བྱས་ཏེ། ཉལ་ནས་རྨི་ལམ་རྨི་བའི་ཚེ་དེར་ཕྱིན་ནས་གང་བསྒོམས་པ་དེའི་ལམ་ལ་བསླབ་པར་བྱའོ། །དེ་བཞིན་ས་དང་ས་འོག་བལྟ་བའང་ཤེས་པར་བྱའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་རྣམ་པར་ཐར་པ་ནི། རང་གི་བླ་མ་དང་མཇལ་བའམ། དགའ་ལྡན་དུ་བྱམས་པ་དང་། པོ་ཊ་ལར་སྤྱན་རས་གཟིགས། ཨུ་རྒྱན་མཁའ་འགྲོ་མ། འོག་མིན་དུ་རྡོ་རྗེ་འཆང་། བདེ་བ་ཅན་དང་མངོན་པར་དགའ་བ་ལ་སོགས་པའི་སྟོན་པ་མཇལ་ཏེ་མཆོད་པ་དང་ཆོས་ཉན་པ་སོགས་འདུན་པ་རྗེས་འབྲང་དྲན་པ་རྒྱུན་ཆགས་སུ་བྱས་པའི་བག་ཆགས་ཀྱི་རྨི་ལམ་ན་དེ་དང་དེའི་སྣང་བ་དང་པོ་འོལ་སྤྱི་ཙམ་དང་། དེ་ནས་ཇེ་གསལ་ཇེ་གསལ་ཕྱིས་མངོན་པར་ཤེས་པ་ལྟར་ཇི་ལྟ་བ་མཐོང་ངོ་། །དེ་ལྟར་རང་གི་རིག་པ་ཡིས། །དཔྱད་ཅིང་གང་ལྟར་བདེ་བར་འཕོ། །འཕོ་བའི་ཡུལ་དང་། འཕོ་བའི་ཐབས་དང་། འཕོ་བར་འགྱུར་བའི་གནད་གང་ཡང་རུང་བས་འཕོ་བར་བྱའོ། །གོང་དུ་བསྟན་པ་དེ་དག་གི་དོན་བསྡུ་བ་ནི། འཕོ་བ་བརྟན་པར་གྱུར་ནས་ནི། །སྒྱུ་མར་སྦྱངས་པའི་མཚན་ཉིད་ཀྱིས། །སྔར་གྱི་གོམས་པ་བགྱིད་པར་བྱ། །རྨི་ལམ་དེ་ཉིད་དུ་རིག་པ་གང་འདོད་དུ་འཕོ་ནུས་པར་གྱུར་ནས་སྔར་བསྐྱེད་རྫོགས་གང་བསྒོམས་པའི་འཕྲོ་ལ་བསླབ་ཅིང་། ལོག་ཀར་ཡང་དང་ཡང་དུ་བསྒོམ། །དེ་ལྟས་རྨི་ལམ་སྦྱང་དུས་སུ། །དམ་དུམ་བག་རེ་འབྱུང་བར་འགྱུར། །ཉིན་མོའམ་གང་ལ་སྦྱངས་པ་དེ་ལ་མཚན་མོའི་དུས་སུ་རྩལ་སྦྱང་བར་བྱའོ། །དེ་ལྟས་རྨི་ལམ་སྦྱང་བ་ལ། །གང་ཡང་བཟང་ངན་མི་བལྟ་སྟེ། །སེམས་སྣང་ཙམ་དུ་ཤེས་པར་བྱ་བའི་ཕྱིར་སྒོམ་གྱི་རྟོག་པའི་ཕྱིར་ནི་མ་ཡིན་ནོ། །རྟགས་མ་བྱུང་བར་ཟིན་པ་ཡོད། །རང་གི་རིག་པས་རྟོག་བྱ་བ། །མ་རྟོགས་པ་ན་འབད་ཅིང་བརྟག །རྩོལ་བ་དག་ནི་བསྐྱེད་བྱས་ལ། །ཤེས་པ་ཚར་ནི་གཅད་པར་བྱ། །བླ་མའི་བྱིན་རླབས་ཀྱིས་རྨི་ལམ་རང་ཟིན་ཡོང་བའང་ཡོད། དྲན་པའི་སྤྱན་མས་མཚམས་སྦྱར་ནས་རིག་པ་སྲངས་སུ་ཚུད་པའི་དུས་སུ་ཉིན་སྣང་དང་། མཚན་སྣང་སྒྱུ་མར་ཤར་རམ་མ་ཤར་བལྟས་ནས། མ་ཤར་ན་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱིས་འཁྲུལ་པ་ཚར་བཅད་ནས་བླ་མའི་གདམས་པས་སྐུ་གསུང་ཐུགས་སུ་བརྟག་སྟེ། དེ་ལྟར་ཡང་དང་ཡང་བྱས་པས། །མོད་དུ་ཟིན་པ་དག་ཀྱང་ཡོད། །ལོངས་སྤྱོད་ལ་སོགས་རྒྱུད་སྦྱངས་པས། །ལོ་ཡི་ཟིན་པ་དག་ཀྱང་ཡོད། །ལོངས་སྤྱོད་ཀྱི་འཁོར་ལོའི་ཡི་གེ་ལྔའམ་གཅིག་ལ་བརྟེན་ཏེ་རྒྱུད་སྦྱངས་པས་ཕྱི་མཐའ་ལོ་ཡིས་ཟིན་པར་འགྱུར་ལ། ཡེ་མ་ཟིན་པ་དག་ཀྱང་ཡོད། །དམ་ཚིག་ཉམས་པའི་སྐྱོན་གྱིས་སམ། །བག་ཆགས་འཐུག་པས་ཡེ་མི་ཟིན་པ་ཡོད་ལ། དེ་ལ་བཤགས་བསྡམ་བསག་སྦྱངས་ལ་འབད་དུ་བཅུག་པས་རིང་པོ་ཞིག་ནས། དེ་ལྟར་ཡང་དང་ཡང་བསྒོམས་པས། །རྨི་ལམ་བྱིན་གྱིས་རློབ་པ་ཡིན། །རྨི་ལམ་སྒྱུ་མར་འཆར་རོ། །དེ་ཡི་བར་དོ་སློངས་པར་འགྱུར། །ཉིན་མོའི་འཁྲུལ་རྟོག་རྨི་ལམ་དུ་མི་འཆར་འཆར་ན་རང་ཞིག་ནས་སྒྱུ་མར་ལམ་དུ་སློངས་པ་དེས་སྲིད་པ་བར་དོའི་ལུས་དག་པའི་སྒྱུ་ལུས་སུ་བྱིན་གྱིས་བརླབས་ནས་འོང་ངོ་། །བཞི་པ་དོན་ཤེས་པས་འཚང་རྒྱ་བ་བར་དོའི་གདམས་པ་ལ་སྦྱངས་པ་ཅན་དབང་པོ་ཡང་རབ་བར་དོ་དང་པོ་ཉིད་དུ་འཚང་རྒྱ་བ། སྦྱངས་པ་འབྲིང་ཡོན་ཏན་རྫོགས་པའི་བར་དོར་འཚང་རྒྱ་བ། སྦྱངས་པ་ཐ་མ་སྣང་མུན་འོད་ཀྱི་བར་དོར་འཚང་རྒྱ་བ་གསུམ་ལས། དང་པོ་ནི། གོང་མའི་རྨི་ལམ་སྒོམས་པ་ཡིས། །འཆི་ཀའི་ཤེས་པ་གསལ་བྱས་ཏེ། །འཆི་ཀའི་རྟགས་རྣམས་ཚང་བ་དང་། །སྔར་གོམས་པ་ལ་སེམས་བཞག་སྟེ། །འོད་གསལ་བར་ནི་འཇུག་པར་བྱ། །དེའང་སྐྱེ་ཤི་བར་དོར་རྣམ་སྨིན་གྱི་ལུས་ལ་བརྟེན་ནས་སྒྱུ་ལུས་སྦྱངས་ཏེ་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས། རྨི་ལམ་གྱི་བར་དོར་བག་ཆགས་ཀྱི་ལུས་ལ་བརྟེན་ནས་སྒྱུ་ལུས་སྦྱངས་ཏེ་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས། རྨི་ལམ་གྱི་བར་དོར་སྒྱུ་ལུས་འོད་གསལ་དུ་བཅུག་ནས་ཉམས་སུ་བླངས། ཐབས་བླ་མའི་གདམས་པ་དང་རང་གི་སྔོན་དུ་བྱས་པའི་ལམ་དང་། ཉམས་མྱོང་གི་འཕྲོ་དང་། འོད་གསལ་ངོས་ཟིན་པའི་གདེངས་དང་ལྡན་པ་དེས་ཕྱི་ནང་གསང་བའི་ཐིམ་རིམ་རྣམས་བྱུང་བའི་ཚེ་བསམ་གཏན་གྱི་འོད་གསལ་ལ་སྦྱངས་པས། དེས་སྔར་འདྲིས་ཀྱི་མི་བཞིན་རང་བཞིན་གྱི་འོད་གསལ་དང་ཕྲད་ནས་འོད་གསལ་གཉིས་པོས་བསུ་སྐྱེལ་བྱས། འོད་གསལ་མ་ལ་བུ་ཐིམ་སྟེ་གཅིག་ཏུ་འདྲེས་པས། དེས་བག་ཆགས་ལྷག་མ་སྦྱངས་པས་རྣམ་པ་གཟུགས་སྐུ་ལ། ངོ་བོ་ཆོས་སྐུར་གནས་པའི་དུས་སུ་སྐུ་གཅིག་གིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ་དང་། གསུང་གཅིག་གདུལ་བྱ་སོ་སོའི་སྐད་དུ་གོ་བ་དང་། ཐུགས་ཏིང་ངེ་འཛིན་གཅིག་ལས་མ་གཡོས་པར་ཏིང་ངེ་འཛིན་ཐམས་ཅད་ལ་འཇུག་ཅིང་སྤྲོ་བསྡུ་བྱེད་དོ། །བསམ་གཏན་གྱི་འོད་གསལ་ལ་མཉམ་པར་འཇོག་པའི་ཚུལ་ཡང་། འཆི་ཀར་གཉིད་ནི་ལོག་པ་ན། །གཉིད་འོད་གསལ་དུ་ལོག་པ་བཞིན། ཤེས་པ་ཡུལ་ལ་འཕྲོ་ན་རླུང་སེམས་གཉིས་མེད་དུ་བསྡུ་ཞིང་སྙིང་གར་ཆོས་ཀྱི་འཁོར་ལོ་ཧཱུྃ་ལ་ཐིམ་རིམ་གྱིས་བསྟིམ་ཞིང་། སྒྲ་རིས་ཙམ་དང་དེ་འོད་གསལ་དུ་ཡལ་དུ་བཅུག་ནས་སེམས་སྤྲོས་བྲལ་ཆོས་སྐུའི་ངང་དུ་བཞག་གོ །གཉིས་པ་སྦྱངས་པ་འབྲིང་ཡོན་ཏན་རྫོགས་པའི་བར་དོར་འཚང་རྒྱ་བ་ནི། དྲན་པ་དག་ནི་སྔོན་བཏང་ནས། །འཆི་ཀའི་སྔོན་དུ་ལམ་འོད་གསལ་དང་མ་བྲལ་ཞིང་དེའི་ངང་ལ་གནས་པ་རང་འཆི་བ་ལ་འཆི་བར་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བཏང་ངོ་། །ས་བོན་སྐྱེ་གནས་རིམ་ཁྱབ་པ། །གཞི་དང་ཁང་པ་ཉིད་དང་ནི། །ལས་ལ་སྦྱོར་བ་རང་ནུས་ལ། །རང་གི་ངོ་བོ་ཐིག་ལེར་བཅས། །སློབ་དཔོན་ཙཱརྻ་པ་ལུས་གྲུབ་ཚུལ་ལ་བཤད། སློབ་དཔོན་ཀླུ་སྒྲུབ་བར་དོ་ལ་བཤད། །ལྭ་ཝ་པ་སྐྱེ་ཤི་བར་དོའི་ལམ་སྦྱོང་བའི་གནས་ལ་བཤད། སུ་མ་ཏི་གཞན་ལུས་ལ་བཤད། མ་ཏཾ་ཀི་འཕོ་བ་ལ་བཤད། ཏིལླི་པ་ཐམས་ཅད་བདེན་གསུངས་ཤིང་། འདི་ནི་ནཱ་རོ་ཞབས་ཀྱི་རྗེས་སུ་འབྲངས་ཏེ། དེས་འདོད་ཆགས་ཅན་ལ་ནི་སྐྱེ་ཤི་བར་དོར་ལམ་དུ་སློང་བ་དགའ་བཞིའི་གནད། ཞེ་སྡང་ཅན་ལ་སྲིད་པ་བར་དོར་ལམ་དུ་སློང་བ་སྒྱུ་ལུས་ཀྱི་གནད། གཏི་མུག་ཅན་ལ་རྨི་ལམ་བར་དོར་ལམ་དུ་སློང་བ་འོད་གསལ་གྱི་གནད་དེ། དེ་དག་ཀྱང་བསྟན་ལ། རྒྱུ་སེམས་ཅན་སྲིད་པའི་བར་མ་དོ་དང་། ལམ་རྣལ་འབྱོར་པ་བསྒོམ་བྱ་ལམ་དུ་འཁྱེར་བ་དང་། འབྲས་བུ་དག་པ་ཡེ་ཤེས་ཀྱི་རྟོགས་པའི་ཐབས་མཚོན་པ་དང་གསུམ་དུ་འདུས་པ་ཡིན་ཞེས་བཞེད་པས། ས་བོན་ནི་བྱང་སེམས་དཀར་དམར་གྱི་ཐིག་ལེ། སྐྱེ་གནས་ནི་རྩ། རིམ་ཁྱབ་པ་ནི་བཞོན་པའི་རླུང་། གཞི་ནི་ཀུན་གཞི་རྣམ་པར་ཤེས་བའི་ཁམས་ལ་ཞུགས་པ། ཁང་པ་ནི་སྙིང་གའི་རྩ་མདུད་ཀྱི་ལྟེ་བ། ལས་ནི་ཕྱི་སྣང་བ། ནང་འབྱུང་བཞི། གསང་བ་རྟོག་པ་བརྒྱད་ཅུ་ཐིམ་པའི་རྟགས་དང་རྟགས་ཅན། སྦྱོར་བ་ནི་ཟུང་འཇུག་སྟེ་རང་བཞིན་གྱི་འོད་གསལ་ངོས་ཟིན་པ་དང་། རང་ནུས་སྣང་གསུམ་གྱི་འོད་གསལ་རང་རིག་ཙམ་མངོན་དུ་བྱས་པ་སྟེ། དང་པོ་ནི་རང་གི་ངོ་བོ་ཆོས་ཉིད་ཇི་ལྟ་བས་བསུ་ལ། གཉིས་པ་ནི་ཐིག་ལེར་བཅས་མི་ཤིགས་པའི་ཐིག་ལེ་དང་ཚོགས་པ་གཅིག་པའི་ཉམས་ཀྱི་འོད་གསལ་གྱིས་བསུའོ། །བཅུ་གཉིས་མཐའ་ཡི་ཚིག་གི་དོན། །ཡུལ་ཡུལ་ཅན་འདྲེས་པ་ལྔ། འབྱུང་བཞི། སྣང་གསུམ་ཐིམ་པས་བཅུ་གཉིས་ཞེས་བཤད་དོ། །མཐའི་ཚིག་གི་དོན་ནི། བཅུ་གཉིས་ཀྱི་མཐར་རང་བཞིན་འོད་གསལ་འཆར་བས་སོ། །རང་གིས་རྟག་ཏུ་གོམས་གྱུར་ན། །ད་ལྟ་སྦྱངས་པའི་འོད་གསལ་ཏེ། །དེས་ནི་དངོས་གྲུབ་བདེ་བ་ཡིས། །འོད་གསལ་མ་བུ་འཕྲོད། རྒྱུ་དེ་དང་ཡེ་ཤེས་ཀྱི་རླུང་གི་རྐྱེན་གྱིས་དག་པའི་སྒྱུ་ལུས་སུ་ལངས་ཏེ་དུས་ཀྱི་སར་བག་ཆགས་རིམ་གྱིས་སྦྱོང་བའི་ཕྱིར་ལམ་དེ་ཉིད་ལ་གནས་ཏེ་བདེ་བ་ཆེན་པོའི་ས་རབ་ཏུ་དགའ་བ་ནས་ཡེ་ཤེས་ལྡན་གྱི་བར་དུ་སློབ་པ། རྡོ་རྗེ་འཛིན་པར་རང་ཉིད་འགྱུར། །རིལ་འཛིན་དང་རྗེས་གཞིག་གི་སྒྱུ་ལུས་འོད་གསལ་མེས་སྦྱངས་ནས་ཟུང་དུ་འཇུག་པ་བཅུ་གསུམ་རྡོ་རྗེའི་ས་ཐོབ་པར་བྱེད་དོ། །ཉམས་ཀྱི་འོད་གསལ་ཙམ་ལས་མངོན་དུ་བྱེད་མི་ནུས་པ་ནི་མ་དག་པའི་སྒྱུ་ལུས་སུ་ལྡང་ཞིང་། དེ་ཉམས་ཀྱི་འོད་གསལ་དུ་སྦྱངས་པས་རིག་པ་འཛིན་པ་མཁའ་སྤྱོད་ཀྱི་གནས་ཀྱི་འཇའ་ལུས་པར་གྱུར་ནས་འོད་གསལ་དེ་ཉིད་རྟོགས་པའི་རྒྱུ་ལ་འབད་པའི་ཕྱིར་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་འགྲོའོ། །གསུམ་པ་སྦྱངས་པ་ཐ་མ་སྣང་མུན་འོད་ཀྱི་བར་དོར་འཚང་རྒྱ་བ་ནི། སྐྱེ་བ་སྔ་མའི་ལུས་བོར་ཡང་། །སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །འོད་གསལ་གང་ཡང་བརྡ་མ་འཕྲོད་པས། བག་ཆགས་ཀྱིས་སྔོན་དུས་ཀྱི་སྲིད་པའི་ཤ་ཚུགས་སྲིད་པ་བར་མ་དོ་གྲུབ་ཏེ་སྣང་མུན་འོད་ཀྱི་བར་དོར་འཁྱམས་པའི་དུས་དེར། སྔར་གྱི་གདམས་ངག་དྲན་པའི་གནད་ཀྱིས་མངལ་སྒོ་དགག་པར་བྱ་སྟེ། བར་དོ་དེ་ཡི་མིག་ལྔ་རུ། །ཐབས་དང་ཤེས་རབ་མཐོང་བ་ལ། །བླ་མ་དག་ཏུ་དམིགས་བྱས་ཏེ། །གསང་བའི་དབང་ནི་དྲན་བྱས་ནས། །མིག་སེར་ཞེ་སྡང་ཀུན་སྤངས་ཏེ། །བདེ་བའམ་མི་རྟོག་པ་བསྒོམས་པས། །ཡང་ན་སྔར་དུ་གང་བསྒོམས་པའི། །གོམས་པ་ཁྲིད་དེ་བསྒོམ་པར་བྱ། །དུས་སུ་དྲན་པར་གྱུར་ནས་ནི། །དང་པོའི་སྲིད་པ་ཁེགས་པར་འགྱུར། །དེ་ནས་བདུན་ཕྲག་དྲུག་གི་བར། །གོང་མ་བཞིན་དུ་གོམས་བྱས་ནས། །བཞི་བཅུ་རྩ་དགུ་འདས་པ་དང་། །འཁོར་བའི་སྲིད་པ་ཁེགས་པ་ཡིན། །ཞེས་པའོ། །དེ་ལྟར་སྒྱུ་མར་གནས་པ་ལ། །འོད་གསལ་བ་ཡིས་སྦྱངས་བྱས་ཏེ། །དེ་ལྟར་མ་དག་པའི་སྒྱུ་མར་གནས་པ་ཉིད། ཉམས་ཀྱི་འོད་གསལ་གྱིས་སྦྱངས་པས་དག་པའི་སྒྱུ་ལུས་སམ་འཇའ་ལུས་སུ་སོང་། རྟེན་དེ་ལ་རང་བཞིན་གྱི་འོད་གསལ་རྟོགས་པའི་ཐབས་ལ་འབད་པས་འོད་གསལ་མཚན་ཉིད་པ་རྙེད་པ་ན་རིལ་འཛིན་དང་རྗེས་གཞིག་གཉིས་ཀྱིས་སྒྱུ་ལུས་སུ་སྦྱངས་ནས། འོད་གསལ་བར་ནི་འཇུག་པར་འགྱུར་ཞེས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་རིམ་གྱིས་པའི་ལམ་འདི་ནི་སྒྲ་བསྒྱུར་མར་པས་ཞིབ་མོར་འགྲེལ་པར་མཛད་པས་འདིར་མདོར་བསྡུས་ཏེ་གོ་བདེ་བར་བཤད་པ་ཡིན་ནོ། །གསུམ་པ་བཤད་ཟིན་རྗེས་ཀྱི་བྱ་བ་ནི། དཔལ་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་པ་གཙིགས་ཀྱི་རྒྱ་རིམ་པ་བདུན་གྱིས་བཏབ་པ་རྫོགས་སོ། །གསུང་བ་པོ་སངས་རྒྱས་ཀྱི་བཀའ་རྒྱས་བཏབ་པ་དང་གཅིག །སྡུད་པ་པོས་རྒྱས་བཏབ་པ་དང་གཉིས། ཌཱ་ཀི་མ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་བཀའ་རྒྱས་བཏབ་པ་དང་ལྔ། དེ་ནས་བླ་མ་རྣམས་ཀྱིས་བཀའ་རྒྱས་བཏབ་པ་དང་དྲུག །ཆོས་སྐྱོང་རྣམས་ཀྱིས་བསྲུང་བའི་རྒྱས་བཏབ་པ་དང་བདུན་ནོ། །བླ་མ་ཏིལླི་པས་འོག་མིན་གྱི་གནས་ནས་སྤྱན་དྲངས་པ་ཞེས་པ་ནི། གཞུང་འདི་རྫོགས་པར་སྤྱན་འདྲེན་པ་པོ་ཡིན་པའི་ཕྱིར་དེ་སྐད་དུ་གསུངས་སོ། །ཇོ་བོ་ནཱ་རོ་པ་དང་། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ལེགས་པར་སྦྱར་བའི་སྐད་ལས། བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་ཏེ་དག་པར་མཛད་པ་ནི། མཚན་ཉི་ཟླ་ལས་ཀྱང་ཆེར་གྲགས་པའི་ལོ་པཎ་དེ་གཉིས་སོ། །བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་གྱི་གཞུང་འདི་ཉིད་རྗེ་བཙུན་བཞད་པ་རྡོ་རྗེ་དང་། རས་ཆུང་ཞབས། ཅོག་རོ་བོན་སྟོན་གསུམ་གྱིས་གདམས་ངག་བརྗེད་གྱི་དོགས་ཡིག་རིས་སུ་བཏབ། འཆལ་གྱི་དོགས་ནས་བླ་མའི་མན་ངག་མེད་པས་སྒྲིག་མི་ཐུབ་པར་དཀྲུགས་ཏེ་བཞག་པས། དིང་སང་ཡང་རེ་རེ་ཙམ་གྱི་སྤྱོད་ཡུལ་ལས་ཀུན་གྱི་གླེགས་བམ་ཙམ་ལ་གུས་པར་བྱེད་པ་འདི་བྱུང་བ་ཡིན་ནོ། །འོན་ཀྱང་གྲུབ་པ་དེ་དག་གི་ཞལ་སྐྱིན་གྱི་ཡི་གེ་རིས་སུ་བཀོད་པ་ལ་ཞིབ་མོར་བརྟགས་ན་ལྷག་ཆད་མེད་པར་ཡང་ཤེས་པར་ནུས་ཏེ། བར་སྐབས་སུ་འགྲེལ་ཉོག་རྩོམ་པ་མང་པོས་གཞུང་འཁྲུགས་མ་ལ་དག་མ་དག་ཅི་རིགས་པ་བཟོས་འདུག་པ། བླ་མའི་ཞལ་ལས་རྙེད་པ་བཞིན་དུ། གནས་འདི་ལ་ཚིག་དང་དོན་གྱི་གཟུངས་ཐོབ་པའི་བཙུན་པ་པདྨ་དཀར་པོ་བདག་གིས་ཞུས་ཤིང་དག་པར་བྱས་ཏེ་འགྲེལ་བཤད་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་འདི་བརྩམས་སོ།། །།མཐའ་དྲུག་ཚུལ་བཞི་ཕྱི་ནང་གཞན་གསུམ་གྱི། །ཚིག་ཏུ་སྦས་པའི་གཏེར་རྣམས་མཐོང་འདོད་པ། མན་ངག་མཐོན་མཐིང་དབྱིག་གི་མིག་འདི་ཉིད། །ཐོབ་པ་ལས་ལོགས་ཐབས་གཞན་ག་ལ་ཡོད། །རྡོ་རྗེ་འཆང་གི་དགོངས་པའི་འཇིག་རྟེན་ཁམས། །མ་ལུས་གསལ་བྱེད་འགྲེལ་པའི་འོད་ཟེར་འདིས། །ནག་ཕྱོགས་ཀུ་མུ་ཏ་ལ་ཉམས་པ་དང་། །ཐར་འདོད་རྣམས་ལ་ནང་གི་ཉིན་བྱེད་སྦྱིན། །དངོས་པོའི་གནས་ལུགས་དྲི་མེད་ཟླ་བའི་ཤེལ། །བག་ཆགས་ཚོན་གྱི་རྗེས་སོང་འཁོར་བའི་མདངས། །རྣམ་གྲོལ་དྲི་མ་མེད་པའི་ཡོན་ཏན་དུ། །རིག་པ་ལས་གཞན་སྨིན་བྱེད་དབང་དེ་གང་། །སེམས་འཛིན་མི་གཡོའི་བསམ་གཏན་བཏང་བའི་མཐར། །བཅོས་མ་བདུད་སྡེའི་དཔུང་ལས་རྒྱལ་བའི་མོད། །ཟུང་འཇུག་སངས་རྒྱས་ཐོབ་ཏེ་ཆོས་ཕུང་ནི། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འབྱུང་ཁུངས་གཉེར། །ཕུང་ཁམས་སྐྱེ་མཆེད་འཛམ་བུའི་འབྲས་བུ་ནི། །བསྐྱེད་རིམ་མ་དྲོས་ཀླུང་དུ་ལྷུང་བའི་ཚེ། དཀྱིལ་འཁོར་འཁོར་ལོའི་ནཱ་དིར་སོང་བའི་མདངས། །སྣང་གྲག་ལྷ་སྔགས་གུར་གུམ་སྣང་བ་བསྒྱུར། །དུས་མེའི་ཁ་ནང་ཟླ་ཉིའི་དབུགས་ཐིམ་པས། གཡུང་མོའི་ལུས་རྒྱས་གློག་མཚུངས་འགྱུ་བའི་སྲེད། །ཕུང་ཁམས་བཞུ་བའི་ཐབས་དང་རྗེས་ཆགས་ཀྱི། །ཟློས་གར་མཐའ་དེར་འཇའ་ལུས་མངལ་གྱིས་སྤྲུལ། །མཁའ་འགྲོའི་གདོང་པད་བཞིབས་པའི་སྦྲང་རྩིའི་རྒྱུན། །འཕོ་མེད་ཧཾ་ཡིག་ཚངས་དཀྱིལ་རྩ་རླུང་སེམས། །བདེ་བའི་བུང་བ་ཡང་དག་མཐར་གཉིད་པ། །སྙིང་རྗེའི་བསེར་བུས་སད་དེ་སྐུ་བཞིར་ལྡིང་། །རང་རིག་སྔགས་ཀྱིས་བཏབ་པའི་རླུང་གི་རྫས། །དག་པའི་སྒྱུ་མར་གྲུབ་ལ་སྲིད་པ་གསུམ། །འགྲན་པའི་འཇའ་ཚོན་དེ་ཡང་རྣམ་རྟོག་གི །རྦ་རླབས་རྩེ་མོས་སྤྲུལ་པས་ཅི་ལ་མཚོན། །དྲན་པའི་དེད་དཔོན་རྨི་ལམ་ཆུ་གཏེར་དུ། །ཆོས་ཀུན་གདེངས་ཅན་གྱིས་བཏུད་སྒྱུ་འཕྲུལ་གྱི། །ནོར་བུའི་དཔྱས་ཚིམ་གནས་ལུགས་རང་ཁྱིམ་ནས། །གཞན་ཕན་ཆར་དུ་འབེབས་པའི་དགའ་སྟོན་སྦྱོར། །ལས་རླུང་མིའུ་ཐུང་གྱུ་ཡི་སྲིད་པའི་ཁམས། །སྟོབས་ལྡན་བསླུས་ཀྱང་མཉམ་བཞག་རྒན་པོའི་མདའ། །མ་བཟོད་མངོན་བྱང་འདམ་བུའི་ནགས་ཁྲོད་དུ། །རང་རིགས་སྡེ་དང་བཅས་པ་བརླག་པར་གྱུར། །བར་དོའི་ལས་སྣང་གཤེད་མའི་མདས་བསྣུན་པར། །ཁྲོས་པའི་བསམ་གཏན་གོམས་པའི་ཁ་ནས་ནི། །སྤྲོས་པའི་འོད་གསལ་མེ་དེས་ཡིད་སྲུབ་ལུས། །བསྲེགས་ནས་དབུ་མར་སླར་ཡང་རོལ་བས་བྲེལ། །གོང་དུ་འཕོ་བའི་གོམ་པ་རེ་རེའི་ཁྱོན། །དཔག་མེད་སྲིད་པ་སྐྱོད་ཀྱང་སྐུ་ཡི་མཐའ། །མ་རྙེད་རང་བཞིན་གནས་སུ་ངལ་གསོ་བའི། །རྫུ་འཕྲུལ་ཅན་དེས་ཕྱི་ནས་རེ་དོགས་བསྐྱུང་། །རྣམ་སྨིན་ལུས་ཀྱི་རླུང་སེམས་དགའ་ལྡན་བདག །སྒྱུ་འཕྲུལ་ལུས་ལ་ཞུགས་ནས་གང་འདོད་ཀྱི། །ངོ་མཚར་སྟོན་དེ་གང་གིས་ཐོས་པ་ཡི། །རྣ་བ་དེས་ཀྱང་བདུད་རྩིའི་བཅུད་ལེན་གྲུབ། །དངོས་འཛིན་སྲོག་བཅད་སྟོང་པའི་སོར་འཕྲེང་འཛིན། །རང་ཉིད་ཤེས་པའི་སྟོན་པས་རྗེས་བཟུང་བས། །བླང་དོར་མེད་པའི་སྒྱུ་མར་དགྲ་བཅོམ་དེ། །སྤྲོས་བྲལ་འཇམ་དབྱངས་ལས་ཀྱང་རྩོད་པ་རྒྱལ། །ཇི་སྲིད་འཁོར་བ་གནས་པ་དེ་སྲིད་དུ། །ཟབ་མོའི་ལམ་འདི་འགྲོ་བའི་མིག་གྱུར་ནས། །མཆོག་ཏུ་འགྱུར་མེད་བདེ་བའི་ས་མཐོང་སྟེ། །ཟུང་འཇུག་ཆེན་པོའི་གོ་འཕང་འཇུག་གྱུར་ཅིག །གང་ཞིག་དབྱར་གྱི་ནགས་ལ་མྱུ་གུ་ལྟར། །ལམ་འདི་སྒོམ་པར་བྱེད་པའི་རྣལ་འབྱོར་པས། །སྲིད་པའི་ར་བ་འདི་ནི་རྟག་གང་སྟེ། །ཉན་བཤད་བསྒྲུབ་པའི་བྱ་བས་འཚོ་གྱུར་ཅིག །རྒྱལ་བའི་གཞུང་དོན་མཐའ་མི་འཚལ་བས་རྒྱ་ཆེ་ཧ་ཅང་ཟབ་པས་ཇི་བཞིན་བསྙད་བགྱིར་མི་ནུས་པས། །མཁས་དང་གྲུབ་པའི་བསྙེམས་པ་དར་བའང་བཤད་པའི་ལམ་དུ་བརྡེག་འཆོས་གྱུར་ན་ཉམ་ཆུང་བདག་གིས་ནི། །དོན་བཞིན་མ་ལགས་ཅུང་ཟད་བཤད་ན་མཁའ་འགྲོའི་དབང་མོ་རྣམས་ཀྱིས་བཟོད་པར་འོས་མོད་འོན་ཀྱང་འདིར། །བླ་མའི་ཞལ་སྐྱིན་བཞིན་བསྟན་ཉེས་པ་མེད་སྙམ་ཡུས་འདི་བདེན་པ་ཡེ་ཤེས་སྤྱན་གྱིས་གཟིགས་པར་འོས།། །


previousཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་འགྲེལ་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ།no next