Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
ཏིལླིའི་གསང་ཚིག
   
   
   
   
   
   
   
   
   
   
   
   
   
   
   


 
previousཏིལླིའི་གསང་ཚིགnext

ཏིལླིའི་གསང་ཚིག

ཏིལླིའི་གསང་ཚིག་བཞུགས་སོ། །རྒྱ་གར་སྐད་དུ། ཏིལླི་མནྟྲི། བོད་སྐད་དུ། ཏིལླིའི་གསང་ཚིག་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཨེ་ཝཾ་རྣམ་དག་གོ་འཕང་ལ། །ཕྱག་བྱས་རྡོ་རྗེ་ཅན་གསུང་བའི། །སྤྱོད་པའི་གསང་ཚིག་ཏིལླི་པས། །ཕ་རོལ་དོན་དུ་བཤད་པར་བྱ། །མི་ཤེས་རྨོངས་པའི་སེམས་ཅན་གང་། །ཡེ་ཤེས་ཐབས་ནི་རྣམ་པར་སྤངས། །ཕྱི་རོལ་དངོས་པོར་མངོན་ཞེན་པས། །རྟོག་པའི་དྲྭ་བས་དྲྭ་བར་བྱས། །དང་པོའི་སྒོམ་པ་གོམས་པས་ནི། །སྤྲོས་པའི་རོལ་མོ་རྣམ་བསལ་བའི། །རྣམ་པར་མི་རྟོག་དམིགས་མེད་པ། །གང་ལས་སངས་རྒྱས་འབྱུང་འགྱུར་བའི། །ཤེས་རབ་ལྷ་མོ་བླ་ན་མེད། །འདི་ནི་ཕ་རོལ་ཞེས་བྱར་བརྗོད། །ཐབས་ཀྱི་དེ་ནི་བསྐུལ་བའི་ཕྱིར། །སྔགས་པས་རང་ལུས་དེ་ཉིད་དང་། །རྡོ་རྗེ་ཅན་དངོས་དབྱེར་མེད་པའི། །སྤྱོད་པ་སྣ་ཚོགས་གསལ་གྱུར་པ། །རྡོ་རྗེ་རང་བཞིན་དེ་ཀུན་བཟང་། །གཉིས་མེད་ངེས་པར་བྱས་ནས་ནི། །འཇིག་རྟེན་པ་ཡིས་གང་སྨད་པ། །དེ་དེའི་གཟུགས་སུ་གནས་བྱས་ལ། །སྒྱུ་མའི་སེམས་དང་རྗེས་མཐུན་པས། །དམ་ཚིག་སྤྱོད་པ་གསང་བའོ། །སྟེང་དང་འོག་ཏུ་གཉིས་གཉིས་འཁྱུད། །ཨཱ་ལི་ཀཱ་ལི་མཉམ་པར་སྦྱར། །ཨཱ་ལི་བུང་བ་ཞེས་བྱར་བརྗོད། །བུང་བ་རྡོ་རྗེ་འཇིགས་བྱེད་ཉིད། །འཇིགས་བྱེད་རྡོ་རྗེའི་སྒྲ་ཡིས་ནི། །རྫོགས་པའི་རྣལ་འབྱོར་སྦྱོར་བས་སུ། །རླུང་དང་མེ་དང་བདུན་པའི་དོན། །རྡོ་རྗེ་ཅན་གྱི་ས་བོན་སྦྱར། །ཐིག་ལེ་སྒྲ་ཡི་ཡང་དག་གནན། །ཆར་གྱི་རྒྱུན་ཞེས་བརྗོད་པར་བྱ། ཕྱོགས་བཅུ་རྣམས་ནས་མཛེས་སྤྱིར་དགུག །དབྱངས་ཀྱི་དང་པོ་མཆོག་ས་བོན། །དེ་ཡི་དབུས་སུ་གཟུང་བར་བྱ། །ཀཱ་ལི་མེ་ཏོག་ཤེས་པར་བྱ། །མེ་ཏོག་རྡོ་རྗེ་ཅན་གྱི་ལུས། །ཡེ་ཤེས་ཆུ་བོ་རྒྱ་མཚོ་འདི། །ཤེས་རབ་ཆུ་སྲིན་དབྱངས་ཀྱི་ཉས། །གཉིས་སུ་མེད་སྲུབས་འདམ་གྱི་དབུས། །ཕ་རོལ་ཕྱིན་དྲུག་སྦྱོར་བ་ཡིས། །ཐབས་ཀྱི་རྣམ་པའི་མྱུ་གུ་ནི། །བནྡྷུ་ལྟ་བུར་ཕྱེ་བ་ཉིད། །སྦྲང་རྩི་དང་ནི་བདུད་རྩིའི་གནས། །ཀཱ་ལི་བདུད་རྩི་ཉིད་ཀྱི་ཡང་། ཆུ་དང་མེ་ཏོག་ནང་དུ་འཕོར། །ཧཱུྃ་གི་གླུ་ཡི་རྣམ་པ་ཡིས། །རྣལ་འབྱོར་མ་ཀུན་མཉེས་པར་བྱེད། །རྡོ་རྗེ་ཡན་ལག་དགྱེས་པའི་མཐུས། །སྤྱན་གྱིས་གཟིགས་པར་མཛད་པ་ཡིན། །ཡི་གེ་དང་པོའི་རང་བཞིན་གྱིས། །སྟོང་པར་རོལ་པ་ཉིད་ཀྱི་ནི། །དངོས་དང་དངོས་མེད་རྣམ་སྤངས་ལ། །སྙིང་པོ་ཡང་ནི་འཚལ་བ་ཉིད། །མ་ལུས་པ་ཡི་བསམ་པ་དང་། །ཡི་གེ་ཐམས་ཅད་གཞོམ་པར་གྱིས། །རིག་མའི་སྐྱེས་སྒྲུབ་བརཏལ་ཞུགས་ཡིན། །དང་པོར་འཁོར་ལོ་ཆེན་པོ་ནི། །སྙིང་ག་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་པ་ཡི། །རང་གི་ནང་དུ་ཞུགས་པ་དེས། །གཉིས་མེད་ཆོས་ནི་ཐོབ་པས་ན། །ཐར་པ་ཡང་ནི་ཐོབ་པ་ཉིད། །འཁོར་བའི་བདེ་བས་རྨོངས་པས་ན། །གྲོལ་བ་ཡང་ནི་སྤངས་པ་ཉིད། །སྒྱུ་མར་གནས་པས་དུ་མ་ཀུན། །སྣ་ཚོགས་གཟུགས་ཀྱི་སེམས་ཅན་སྨིན། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །དེ་ནི་ཕྱོགས་ཀུན་རྣམ་རྒྱལ་ལོ། །རྣལ་འབྱོར་དབང་ཕྱུག་ཏཻ་ལོ་པས་མཛད་པ་རྫོགས་སོ།། །།བལ་ཡུལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བསྒྱུར་བ་ཆོས་ཀྱི་རྗེས་མཁར་ཆུའི་གནས་ནས་སྤྱན་དྲངས་པ་དཔེ་རྙིང་ཇི་ལྟ་བའོ།། །། ༈ ཙཎྜྻཱ་ལཱི་ལ་མཆོད་སྦྱིན་བྱེད་པ་སེམས་ཀྱི་རྣལ་འབྱོར་ལ་གོམས་པ། །ཚུར་རོལ་འཁོར་བའི་ཆོས་ཀུན་སྤངས་ཏེ་ཤེས་རབ་རྒྱ་མཚོའི་ཕར་ཕྱིན་ནས། །སྒྱུ་མའི་གར་མཁན་ཉིད་དུ་ལངས་ཏེ་ཆོས་ཀྱི་སྒོ་མོར་ཀུན་དྲང་བ། །མཁས་པའི་དམིགས་བུ་གྲུབ་པའི་ཚོགས་རྗེ་ས་གསུམ་བླ་མར་ཕྱག་འཚལ་ལོ། །རྗེ་བཙུན་མཆོག་དེའི་བཀའ་དྲིན་གྱིས། །མ་ལུས་རྒྱུད་སྡེའི་གསང་ཚིག་རྣམས། །འཇིགས་མེད་བཤད་པའི་སྤོབས་པས་ནི། །པད་དཀར་འབའ་ཞིག་ས་ལ་དགེ །འདིར་རོ་སྙོམས་ཀྱི་གཞུང་གཉིས་པ་སློབ་དཔོན་ཆེན་པོ་ཏིལླི་པས་མཛད་པའི་གསང་ཚིག་བཤད་པར་བྱ་སྟེ། རྒྱ་གར་སྐད་དུ། ཏིལླི་མནྟྲི། བོད་སྐད་དུ། ཏིལླིའི་གསང་ཚིག་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་དག་ནི་འགྱུར་མཛད་པས་ཏེ་ངེས་པར་སླའོ། །ཨེ་ཝཾ་རྣམ་དག་གོ་འཕང་ལ། །ཕྱག་བྱས་ཞེས་སློབ་དཔོན་ཉིད་ཀྱིས་བསྟན་བཅོས་ཀྱི་དང་པོར་ཕྱག་འཚལ་བ་འདི་མཛད་དེ། གསང་སྔགས་པ་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ཨེ་ཝཾ་མི་ཕྱེད་པ་ལ་འཇོག་པའི་ཕྱག་གི་གནས་སུ་བསྟན་ལ། ཨེ་ཝཾ་མི་ཕྱེད་པའི་དོན་ཡང་། ཨེ་ཡི་ཆ་བྱད་བཟང་པོ་དང་། དབུས་སུ་ཝཾ་གི་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པའོ། །ཕྱག་མཛད་ནས་ཅི་བྱ་ཞེ་ན། རྡོ་རྗེ་ཅན་གསུང་པའི། །སྤྱོད་པའི་གསང་ཚིག་ཏིལླི་པས། །བཤད་པར་བྱ། རྡོ་རྗེ་ཅན་སངས་རྒྱས་རྣམས་ཀྱི་རྒྱུད་དུ་གཉིས་སུ་མེད་པའི་སྤྱོད་པ་གསུངས་པ་རྣམས་བླ་མའི་མན་ངག་ལ་བལྟོས་པ་ཡིན་ན། མན་ངག་ཉིད་ལ་གསང་སྟེ་བཤད་པའི་དོན་གྱིས་གསང་ཚིག་ཅེས་བྱ་སྟེ། དེ་རྩམ་ཞེས་པའོ། །བརྩམས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཕ་རོལ་དོན་དུ། དབང་པོ་རྣོན་པོ་ཉོན་མོངས་པ་ཆེས་རགས་པ་དག་གིས་འདི་ལས་ཆགས་ཆེན་གྱི་སྤྱོད་པ་ཤེས་ཤིང་། དེ་ལ་ཞུགས་པས་འཁོར་བའི་ཕ་འགྲམ་ཐར་པ་ཞེས་བྱ་བ་དེར་ཕྱིན་པར་འགྱུར་རོ། །གཉིས་སུ་མེད་པའི་སྤྱོད་པ་དེ་ཡང་། ལས་དང་པོ་དང་། རྣལ་འབྱོར་པ་དང་། གྲུབ་པ་དང་། ཐམས་ཅད་མཁྱེན་པའི་གནས་སྐབས་ཀྱི་ཕྱེ་བས་བཞིར་འགྱུར་ཏེ། ཀུན་བཟང་། གསང་བ། རིག་པ་བརཏལ་ཞུགས། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའོ། །དང་པོ་དེ་སྟོན་པར་བཞེད་ནས། མི་ཤེས་རྨོངས་པའི་སེམས་ཅན་གང་། །ཡེ་ཤེས་ཐབས་ནི་རྣམ་པར་སྤངས། །ཕྱི་རོལ་དངོས་པོར་མངོན་ཞེན་པས། །རྟོག་པའི་དྲྭ་བས་དྲྭ་བར་བྱས། །ཉོན་མོངས་པ་ཐབས་ཀྱིས་མ་ཟིན་ན་འཁོར་བའི་རྐྱེན། ཟིན་ན་མྱ་ངན་ལས་འདས་པ་ཐོབ་པའི་གྲོགས་སུ་འགྱུར་ལ། ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་ཁྱད་ཀྱང་རང་བཞིན་ཡོངས་སུ་མ་ཤེས་པ་དངོས་པོར་ཞེན་པས་དང་། ཤེས་པས་མ་ཞེན་པ་སྟེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་ལྟ་བུ་དེར་ཞེན་པ་དང་། སྒྱུ་མར་ངེས་པའི་ཁྱད་པར་ལྟ་བུའོ། །དེའི་ཕྱིར་དངོས་པོར་རྟོག་པ་ནི་འཁོར་བའི་རྩ་བ་ནད་ལྟ་བུ་དང་། དངོས་པོ་མེད་པར་རྟོག་པ་ནི་སྨན་མ་ཞུ་བ་ལྟ་བུར་བཞག་གོ །དང་པོའི་སྒོམ་པ་གོམས་པས་ནི། །སྤྲོས་པའི་རོལ་མོ་རྣམ་བསལ་བ། །དངོས་པོར་ལྟ་བ་དེ་ཡང་སྤྲོས་པ་ལ་དགའ་བ་ལ་བསྐྱེད་པ་དཔའ་མོའི་རིམ་པས་ལམ་དུ་ཁྱེར་བ་ནི། སྣང་གྲགས་ལྷ་སྔགས་སུ་བསྒྱུར་བ་མཚན་མ་དང་བཅས་པའི་ཞི་གནས་ལ་གནས་པས་ཐ་མལ་གྱི་རྣམ་པར་རྟོག་པའི་རོལ་མོ་རྣམས་སེལ་བ་ཡིན་ཏེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་བརཏལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་སོ། །མཚན་མ་དང་བཅས་པའི་ཞི་གནས་དེ་ཡང་སྦྱང་བའི་ཕྱིར། རྣམ་པར་མི་རྟོགས་དམིགས་མེད་པ། །ཞེས་གསུངས་ཏེ། ལྷ་དང་སྔགས་སུ་བསྒོམ་པ་དེ་ཡང་། མཚན་མ་མེད་པའི་ཞི་གནས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྦྱངས་ཏེ། སེམས་ཀུན་རྫོབ་པའི་ངོ་བོ་ཉིད་ཙམ་ལ་གནས་པ་དོན་སྣང་གསུམ་གྱི་ཡེ་ཤེས་སམ། ཉམས་ཀྱི་འོད་གསལ་རྩེ་གཅིག་ལ་བཞག་པ་དེའོ། །དེ་ནས་དངོས་པོ་མེད་པའི་སྟོང་པ་ཉི་ཚེ་བ་ཙམ་དེ་ལམ་དུ་བྱེད་པའི་ཕྱིར་བདག་བྱིན་གྱིས་རློབ་པའི་ལམ་གསུངས་པ། གང་ལས་སངས་རྒྱས་འབྱུང་གྱུར་བའི། །ཤེས་རབ་ལྷ་མོ་བླ་ན་མེད། །འདི་ནི་ཕ་རོལ་ཞེས་བྱར་བརྗོད། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཆེན་མོ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཕྱག་རྒྱ་ཆེན་མོའོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཤད་ནས། དེས་ཡོངས་སུ་ཟིན་པས་ཐབས་ཐམས་ཅད་ལ་སློབ་པའི་ཚུལ་ནི། ཐབས་ཀྱི་དེ་ནི་བསྐུལ་བའི་ཕྱིར། །སྔགས་པས་རང་ལུས་དེ་ཉིད་དང་། །རྡོ་རྗེ་ཅན་དངོས་དབྱེར་མེད་པའི། །སྤྱོད་པ་སྣ་ཚོགས་གསལ་གྱུར་བ། །རྡོ་རྗེའི་རང་བཞིན་དེ་ཀུན་བཟང་། །ཇི་ལྟར་ཆུ་ཟླ་བཞིན་རང་བཞིན་མེད་པ་ཉིད་ལ་རྣམ་པ་ཐམས་ཅད་པར་འཆར་དུ་རུང་བ་ནི་ཆོས་ཉིད་ཡིན་པས། ཚོགས་ཀྱི་དཀྱིལ་འཁོར་བསྒྲུབས་ཏེ་ཀུན་ཏུ་བཟང་པོའི་སྤྱོད་པ་བརྩམ་ཞིང་། དེར་སྣང་བ་ཐམས་ཅད་བྱིན་གྱིས་རློབས་ན་རྣལ་འབྱོར་པ་འབད་པ་མེད་པར་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་དོ། །གཉིས་པ་གསང་བའི་སྤྱོད་པ་ནི། གཉིས་མེད་ངེས་པར་བྱས་ནས་ནི། །ཐམས་ཅད་སྒྱུ་མ་ཙམ་དུ་མངོན་སུམ་པས་མཐོང་ན། འཇིག་རྟེན་པ་ཡིས་གང་སྨད་པ། །དེ་དེའི་གཟུགས་སུ་གནས་བྱས་ནས། །སྒྱུ་མའི་སེམས་དང་རྗེས་མཐུན་པས། །དམ་ཚིག་སྤྱོད་པ་གསང་བའོ། །ཇི་ལྟར་སྨྱོན་པ་ལྟ་བུས་སམ། དཱ་རི་ཁ་པས་སྨད་འཚོང་མའི་གཡོག་ཏུ་བརྫུས་པ་བཞིན་དམན་པའི་ཟོལ་གྱིས་སྤྱོད་པ་གསང་སྟེ་ལྷག་པའི་ལྷའི་ངེས་པས་གསང་ཆེན་གྱི་སྤྱོད་པ་ཤ་ལྔ་བཟའ་བ་དང་། བདུད་རྩི་ལྔའི་བཏུང་བ་སྒྱུ་མ་ཙམ་གྱིས་ལོངས་སྤྱོད་དེ། ཇི་ལྟར་སྒྱུ་མ་མཁན་བཟང་པོས་སངས་རྒྱས་འཁོར་དང་བཅས་པ་ལ་ཕྱི་སའི་ཕུང་པོ་སྒྱུ་མའི་སྔགས་ཀྱིས་ལྷ་མིའི་བཟའ་བར་སྤྲུལ་ཏེ་མཆོད་པ་ལྟ་བུའོ། །གཞན་ཞེན་པ་ཉིད་ཀྱིས་དེ་དག་ལོངས་སྤྱོད་ན་ཡེ་ཤེས་ཀྱི་ལྷའི་ཞལ་མི་གཙང་བའི་རྫས་ཀྱིས་བཀག་པར་འགྱུར་བས་ཉེས་པར་ཆེའོ། །ཚུལ་འདིས་ནང་རྩའི་ལྷ་མཉེས་པས་ཕྱི་རོལ་གྱི་ཕོ་ཉ་ཀུན་མཉེས་ནས་ཐུན་མོང་གི་དངོས་གྲུབ་གང་འདོད་པ་སྟེར་རྒྱུ་དེས་མཐའ་ཡས་པའི་རྫུ་འཕྲུལ་འབྱོར་ནས་སྒྱུ་མ་ཙམ་གྱི་སྣང་བ་དང་བྲལ་བའི་སྣང་བ་མེད་པའི་ཡེ་ཤེས་ལ་རེས་འགའ་གནས་པ་ཐོབ་སྟེ། འཕགས་པའི་གྲངས་སུ་དེ་ནས་ཚུད་དོ། །གསུམ་པ་ནི་གསང་བའི་སྤྱོད་པས་རྣམ་པ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་དེ་ལས་ཆུ་ལས་ཉ་འཕར་བ་ལྟར། དེ་ཉིད་ལས་གཞན་དུ་མེད་པའི་སྒྱུ་ལུས་སུ་ལངས་ནས་ས་ལྷག་མ་ཡོངས་སུ་སྦྱང་བ་སྟེ། སྟེང་དང་འོག་ཏུ་གཉིས་གཉིས་འཁྱུད། །སྟེང་ཞེས་པ། གཟུང་བ་དང་འཛིན་པའི་ཆོས་གཉིས་སུ་མེད་པར་བྱེད་པ་སྟེ། ཤེས་བྱ་དང་ཤེས་བྱེད་རོ་མཉམ་པའོ། །འོག་ཅེས་པ་ཆགས་པ་དང་ཆགས་བྲལ་རོ་མཉམ་པ་སྟེ། སཾ་བུ་ཊར། སྟེང་གི་སྒོ་དང་འོག་ཉིད་དེ། །འོག་གི་སྒོས་ནི་རྣམ་པར་ཤེས། །སྟེང་གི་སྒོས་ནི་དབྱིངས་ཉིད་དོ། །རྩ་ནི་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་པས་ནི་འཇུག་པར་བསམ། །ཞེས་སོ། །ཚུལ་གང་གིས་འཁྱུད་པ་ཞེ་ན། ཨཱ་ལི་ཀཱ་ལི་མཉམ་པར་སྦྱར། །ཨཱ་ལི་ནི་ཀུན་རྫོབ་བྱང་སེམས། ཀཱ་ལི་ནི་དོན་དམ་བྱང་སེམས་ཏེ། དཀར་ཆ་དང་དམར་ཆ་རྣལ་འབྱོར་པ་དང་རྣལ་འབྱོར་མ་ཡང་བྱེད་ལས་ཀྱི་དབང་གིས་དེ་གཉིས་སུ་འབྱེད་དོ། །དེ་གཉིས་གཉིས་སུ་མེད་པར་སྦྱར་བ་སྟེ་ཐབས་ཧེ་རུ་ཀ་དགྱེས་པ་རྡོ་རྗེ་དང་ཤེས་རབ་བདག་མེད་མ་སྙོམས་པར་འཇུག་པ་ཞེས་བྱ་བ་ཡང་ཡིན་ནོ། །ཨཱ་ལི་བུང་བ་ཞེས་བྱར་བརྗོད། །ཨཱ་ལི་ནི་ངེས་པའི་ཚིག་གི་ཚུལ་གྱིས་ཨ་སམ། མི་མཉམ་པའམ་དཔེ་མེད་པ། ལཱ་ནི་ལེན་ཅིང་ཀུན་ནས་འཛིན་པར་བྱེད་པ་སྟེ། འཆང་བར་འགྱུར་བའི་མེ་ཏོག་དེ་ལས་མི་མཉམ་པའི་བདེ་བ་ལེན་པར་བྱེད་པས་བུང་བ་ཞེས་བྱའོ། །ཡང་ན་བུང་བ་ནི་བྷྲ་མ་ཏཱ་ར། བྷྲ་མ་འཁྲུལ་པ། བི་དཱ་ར་ཎ། རྣམ་པར་འཇོམས་པར་བྱེད་པས་སམ། ར་ཧ་ཡ་ཏི་བྲལ་བར་བྱེད་དོ། །ཞེས་འཁྲུལ་པ་འཇོམས་པར་བྱེད་པས་དེ་སྐད་དུ་བརྗོད་ལ། ཡང་ན་བྷྲ་མ་འཁོར་བ། ར་ནི་རྣམ་པར་རོལ་པ་སྟེ། འཁོར་བ་རྣམ་པར་རོལ་པ་སྙིང་རྗེའི་ངོ་བོ་ཉིད་དུ་བཤད་པའོ། །བུང་བ་རྡོ་རྗེ་འཇིགས་བྱེད་ཉིད། །བུང་བ་དེ་ཆོས་ཀྱི་དབྱིངས་ཡེ་ཤེས་དང་མི་ཕྱེད་པས་རྡོ་རྗེ། དམན་པ་རྣམས་སྐྲག་པར་བྱེད་པས་འཇིགས་བྱེད་དོ། །འཇིགས་བྱེད་རྡོ་རྗེའི་སྒྲ་ཡིས་ནི། །འཇིགས་བྱེད་རྡོ་རྗེ་སྤྱི་བོའི་ཁུ་བའོ། །སྒྲ་ནི་ལྟེ་བའི་ནཱ་ད་དེ་རྡུལ་ལོ། །རྫོགས་པའི་རྣལ་འབྱོར་སྦྱོར་བས་སུ། །དེ་གཉིས་གཏུམ་མོའི་རྣལ་འབྱོར་གྱིས་སྦྱར་བས། །རླུང་དང་མེ་དང་བདུན་པའི་དོན། །རླུང་ནི་སྲོག་མེ་ནི་དུས་ཀྱི་མེ་སྟེ་དོན་ཐུར་སེལ་བདུན་པའི་དོན་ཁམས་ཞུ་བའི་ཐིག་ལེ་སྟེ་ལན་བདུན་པ་ཞེས་བྱ་བའི་དོན་གྱིས་སོ། །རྡོ་རྗེ་ཅན་གྱི་ས་བོན་སྦྱར། །རྡོ་རྗེ་ཅན་སྟོང་པ་ཉིད་དམ་བདག་མེད་མ། དེའི་ས་བོན་ནི་དབུ་མའི་ནང་གི་ཨ་ཤད་དོ། །དེར་རོ་གཅིག་པར་བྱས་པས། ཐིག་ལེ་སྒྲ་ཡི་ཡང་དག་གནན། །ཐིག་ལེ་སྟེང་དུ་འཆིངས་པར་འགྱུར་བ་དང་། སྒྲ་དེ་རྡུལ་འོག་ཏུ་མནན་པ་ཐོབ་སྟེ། རྒྱུ་དེས། ཆར་གྱི་རྒྱུན་ཞེས་བརྗོད་པར་བྱ། །བར་ལུས་ཀྱི་གནས་སྐབས་ཐམས་ཅད་དུ་བྱང་སེམས་དཀར་དམར་ཐུག་ཕྲད་དུ་རྩེ་བ་དེ་ལ་ཆར་ཞེས་བརྗོད་དོ། །ཕྱོགས་བཅུ་རྣམས་ནས་མཛེས་སྤྱིར་བཀུག །ཕྱོགས་དང་མཚམས་ཀྱི་རྩ་ལས་གྱིས་པའི་རྩ་ཐམས་ཅད་ནས་ཕུང་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་དྲི་མ་མེད་པའི་རྒྱུན་དུ་གཏུམ་མོ་བཞུ་བ་རྣམས་མཛེས་སྤྱི་ཞེས་པ་ཤེས་རབ་མའི་གསང་བའི་སྣར་སོན་པའི་མཁའ་འགྲོ་གདོང་མའོ། །དེར་ཕབ་ནས། དབྱངས་ཀྱི་དང་པོའི་མཆོག་ས་བོན། །དེ་ཡི་དབུས་སུ་གཟུང་བར་བྱ། །དབྱངས་ཀྱི་དང་པོ་ནི་ཨ་ཞེས་བྱ་ལ། ཨ་ནི་སྐྱེ་བ་མེད་པ་སྟོང་པ་ཉིད་དེ། དེ་ལ་སེམས་གཞག་པས་ས་བོན་བྱང་ཆུབ་ཀྱི་སེམས་མི་འཕོ་བར་འཛིན་པའོ། །ཀཱ་ལི་མེ་ཏོག་ཤེས་པར་བྱ། །ཀཱ་ནི་ཀཾ་སུ་ཁ། བདེ་བ། ཨཱ་ལི་ཊི། ཀུན་ནས་མྱོང་བའི་ཕྱིར་བྷ་གའོ། །རྡོ་རྗེ་ཉི་མས་ཁ་འབྱེད་པའི་ཕྱིར་མེ་ཏོག །ཤེས་པར་བྱ་ཞེས་པའི་སྐད་དོད། རཉྫྱ་ཡ་ཏི་འཚེད་པར་བྱེད་པ་ལ་འཇུག་པས་ཐབས་ཀྱི་བྱང་སེམས་འཚེད་པར་བྱེད་པའོ། །མེ་ཏོག་རྡོ་རྗེ་ཅན་གྱི་ལུས། །དེས་ཁྱད་པར་དུ་བྱས་པའི་ལུས་ལ་བི་གྲ་ཧ་ངེས་པའི་ཚིག་གིས་བི་ཤེ་ཥ་ཎ་གྲི་ཏ་ཁྱད་པར་དུ་ལེན་པའི་ཕྱིར་ཁུ་བའི་ཁམས་དེས་ཁྱད་པར་དུ་བྱས་པའི་སེམས་ཀྱི་རྡོ་རྗེ་ཅན་ནི་མེ་ཏོག་རྡོ་རྗེ་ཅན་གྱི་ལུས་ཞེས་བྱའོ། །ཡེ་ཤེས་ཆུ་བོ་རྒྱ་མཚོ་འདི། །ཤེས་རབ་ཆུ་སྲིན་དབྱངས་ཀྱི་ཉས། །གཉིས་སུ་མེད་སྲུབས། ཆགས་བྲལ་ནི་ཡེ་ཤེས། ཆགས་པ་ནི་ཆུ་བོ། དེ་གཉིས་རོ་མཉམ་པ་ནི་རྒྱ་མཚོ། དོན་ཡས་ཀྱི་མཐའི་ལྷན་སྐྱེས་རིག་པ་ལ་བྱའོ། །ཤེས་རབ་ནི་སྟོང་པ་ཉིད་དེ་དོན་དེའི་དུས་ཀྱི་མྱོང་བའི་བདེ་བ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པར་འཆར་དུ་འཇུག་པ་སྟེ། བྷ་གར་ལིངྒ་རབ་གཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་རྩ་བའི་རྒྱུད་མང་པོ་ལས་གསུངས་པས་སོ། །ཤེས་རབ་ནི་འཛིན་པ་ཆུ་སྲིན། དབྱངས་ཞེས་པ་ཤེས་རབ་དེ་ཡང་དམིགས་པས་ཁྱད་པར་དུ་བྱས་ལ་གཟུང་བ་དེ་ནི་ཉ་སྟེ། ཆུ་སྲིན་ལས་ཁྱད་པར་ཉ་མིག་གི་ཁའི་ཁྲག་གི་རྒྱ་མཚོ་རྣམས་དམར་པོར་བསྒྱུར་བས་གཟུགས་ཅན་གྱི་རྒྱན་ནི། བདེ་སྟོང་ཕན་ཚུན་འདྲེས་ནས་གཉིས་མེད་དུ་གྱུར་པ་ལ་གཉིས་སུ་མེད་པར་བཞག་པ་ཉིད་བསྲུབ་པའོ། །འདམ་གྱི་དབུས། ཕ་རོལ་ཕྱིན་དྲུག་སྦྱོར་བ་ཡིས། །ཐབས་ཀྱི་རྣམ་པའི་མྱུ་གུ་ནི། །བནྡྷུ་ཀ་ལྟར་བྱེ་བ་ཉིད། །དེ་ལྟར་གཉིས་སུ་མེད་པ་ནི་འདམ་སྟེ། རྣམ་པ་མེད་པའི་ཡེ་ཤེས་མངོན་པར་བྱང་ཆུབ་པའི་མིང་ཅན་གྱི་ཐམས་ཅད་སྟོང་པ་འོད་གསལ་ལོ། །དེ་ལས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལྷག་པའི་ས་དྲུག་ཐབས་ཀྱི་རྣམ་པ་ཞེས་པས་བསྡུས་པ། ཐབས་སྨོན་ལམ་སྟོབས་ཡེ་ཤེས་ལྷག་པའི་ས་བཞིར། ཡེ་ཤེས་ཀྱི་ལུས་རྣམས་མེ་ཏོག་བནྡྷུ་ཀ་ལྟ་བུར་བྱེ་བ་སྟེ་བདག་བྱིན་གྱིས་རློབས་པས་ལྡང་བ་ཞེས་པའི་དོན་ནོ། །སྦྲང་རྩི་དང་ནི། རིན་པོ་ཆེ་པདྨའི་ཕ་རོལ་ཏུ་ཕྱིན་པ་དང་། བདུད་རྩིའི་གནས། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ས་གཉིས། དེ་ལྟར་ས་བཅུ་གཉིས་གནས་དང་རབ་ཏུ་དགའ་བ་ལ་སོགས་པའི་མིང་ཅན་ཐོབ་པར་བཤད་པའོ། །ཀཱ་ལི་བདུད་རྩི་ཉིད་ཀྱི་ཡང་། །ཀཱ་ལི་ནི། བྷ་ག་སྟེ་འཁོར་ལོ་དྲུག་གི་ལྟེ་བས། བདུད་རྩི་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །ཉིད་ཀྱི་སྤང་ཞེས་པ། དེ་དག་ཉིད་ཀྱི་བཞོན་པར་གྱུར་བའི་རླུང་སྟེ། དོན་རླུང་དང་ཐིག་ལེ་འཁོར་ལོ་དྲུག་གི་བྷ་གར་རང་བྱུང་གི་བརྟན་པའི་ལྡོག་པ་ལས་དེ་དག་ཕྱེའོ་ཞེས་སྟོན་པའོ། །ཆུ་དང་མེ་ཏོག་ནང་དུ་འཁོར། །ཆུ་ནི་ཐབས་ཀྱི་དཀར་ཆ། མེ་ཏོག་ཅེས་པ་ཤེས་རབ་ཀྱི་དམར་པོ་སྟེ། ནང་དུ་འཁོར་ཞེས་པས། དཀར་ཆས་པདྨ་ཅན་སོགས་མཚན་ཉིད་ལྡན་པའི་བུད་མེད་ལས་དམར་ཆ་ཕབ་པ་དང་བསྲེས་ནས་རྡོ་རྗེ་ནོར་བུ་ནས་རང་གི་ལུས་ལ་བཅུག་སྟེ་འཐུངས་ན་མྱུར་བར་འགྲུབ་བོ་ཞེས་བསྟན་པའོ། །ཧཱུྃ་གི་གླུ་ཡི་རྣམ་པ་ཡི། །ཧཱུྃ་ནི་རྩ་དབུ་མར་དག་པ་ཐུགས་རྡོ་རྗེའི་རང་བཞིན་དེའོ། །དེའི་གླུ་ནི་རླུང་ཡེ་ཤེས་ཀྱི་རླུང་དུ་དག་པ་གཞོམ་དུ་མེད་པའི་སྒྲའོ། །རྣམ་པ་ཐིག་ལེ་སྟེ་དུས་དེ་མི་ཤིགས་པའི་ཐིག་ལེའི་རྣམ་པ་ཙམ་ཞིག་ལུས་པར་བཤད་པའོ། །རྣལ་འབྱོར་མ་ཀུན་མཉེས་པར་བྱེད། །རྣམ་པ་མེད་པའི་འོད་གསལ་ལས། །ས་ཁམས་དག་པའི་རྣལ་འབྱོར་མས་ན་མ་ལ་སོགས་པ་བཞིས་བདག་བྱིན་གྱིས་བརླབ་པའི་ལུས་སུ་ལྡང་བར་བྱེད་པ་ལ་བསྐུལ་བ་ཞེས་པའོ། །རྡོ་རྗེ་ཡན་ལག་དགྱེས་པའི་མཐུས། །སྤྱན་གྱི་གཟིགས་པར་མཛད་པ་ཡིན། །རྡོ་རྗེ་ནི་སྟོང་པ་ཉིད། ཡན་ལག་ནི་འཁོར་བ། དེ་དགྱེས་པ་ནི་སྙིང་རྗེ་དོན་སྟོང་ཉིད་སྙིང་རྗེའི་ངོ་བོར་རྫོགས་པས། ཤ་དང་། ལྷ་དང་། ཤེས་རབ་དང་། ཆོས་དང་། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པར་མཛད་པ་ཡིན་ཏེ། དེས་མཚོན་ནས་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་ཡོན་ཏན་དང་རྫུ་འཕྲུལ་མཐའ་ཡས་པ་མཐོང་བར་འགྱུར་ཞེས་སྟོན་པའོ། །ཡི་གེ་དང་པོའི་རང་བཞིན་གྱིས། །སྟོང་པར་རོལ་པ་ཉིད་ཀྱིས་ནི། །དངོས་དང་དངོས་མེད་རྣམ་སྤངས་ལ། །སྙིང་པོ་ཡང་ནི་འཚལ་བ་ཉིད། །ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ཙམ་དུ་ལམ་དུ་ཁྱེར་བས་སྣང་ཙམ་ལ་ཞེན་པ་མེད་པས་སྒྱུ་མར་བཞག་པ་དེ་ཡང་བདག་སྟེ་གཉུག་མའི་རང་བཞིན་ཉིད་ལ་གནས་པར་འགྱུར་རོ། །མ་ལུས་པ་ཡི་བསམ་པ་དང་། །ཡི་གེ་ཐམས་ཅད་གཞོམ་པར་གྱིས། །རིག་མའི་སྐྱེས་སྒྲུབ་བརཏལ་ཞུགས་ཡིན། །མ་ལུས་པ་ཡི་བསམ་པ་ཞེས་པས་ཀུན་རྫོབ་པའི་ཆོས་ཐམས་ཅད་སྨོས་ལ། ཡི་གེ་ཐམས་ཅད་ཀྱིས་ནི་རྩ་དབུ་མ་སྟེ་འོད་ཀྱི་སྐུད་པ་ལྟ་བུ་དང་། །རླུང་འོད་ཟེར་ལྔ་པའི་སྣང་བ་ཅན་དང་། ཐིག་ལེ་དྭངས་མའི་གཟུགས་རྣམ་པ་ཐམས་ཅད་པས་ཁྱད་པར་དུ་བྱས་པ་དག་སྦྱངས་ན་རིག་མའི་སྐྱེས་བུ་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །དེ་བས་སྒྲུབ་པ་དེ་ཙམ་སྟེ། སྒྲུབ་པ་ལ་འཇུག་པའི་བར་འདི་བརཏལ་ཞུགས་ཀྱི་སྤྱོད་པ་ཡིན་ནོ་ཞེས་སྟོན་ནོ། །ད་ནི་སྤྱོད་པ་བཞི་པ་སྟོན་ཏེ། དང་པོའི་འཁོར་ལོ་ཆེན་པོ་ནི། །གཞི་འབྲས་དབྱེར་མེད་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས། སྙིང་ག་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་པ་ཡི། །རང་གི་ནང་དུ་ཞུགས་པ་དེས། །འདི་ནི་རྡོ་རྗེ་རྩེ་མོ་ལས། །དེ་ནས་སངས་རྒྱས་ཐམས་ཅད་ནི། །ཐུགས་ཀ་ནས་ནི་བྱུང་ནས་ནི། །ཆོས་ཀྱི་དབང་བསྐུར་བཞི་པ་ཡིས། །དེ་ཚེ་ཐུབ་པ་དབང་བསྐུར་འགྱུར། །ཞེས་དང་། དབང་བསྐུར་བཞི་པོ་དེ་ཡང་དེར། །རྡོ་རྗེ་སེམས་དཔའི་དབང་བསྐུར་བས། ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །དེ་ནི་མཚན་དང་དཔེ་བྱད་དོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཁམས་མཚུངས་ཆོས་ཀྱི་སྙིང་པོ་ཅན། །རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །གསང་བ་བཞི་ཡི་དབང་བསྐུར་བས། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །དེ་ནས་མིང་གི་དབང་བསྐུར་བས། །ཐུབ་སྟེ་རྣམ་པར་སྣང་མཛད་འགྱུར། །ཆོས་ཉིད་ཀྱང་ནི་ཡང་དག་རྟོགས། །ཆོས་དང་ལོངས་སྤྱོད་རྫོགས་པར་རྟག །ཅེས་གསུངས་ལ། དོན་རྩ་རླུང་ཐིག་ལེ་འཛག་པ་མེད་པའི་བདེ་ཆེན་གྱི་མྱོང་བ་ཐམས་ཅད་དག་པས། ཆོས་ཐམས་ཅད་ཤིན་ཏུ་རབ་ཏུ་ཀུན་ཏུ་སངས་རྒྱས་པར་རྟོགས་པ་འབྲས་བུའི་དབང་ཐོབ་པ་ཡིན་ནོ། །དེ་ཡང་སྤྱོད་པའི་མཐར་ཕྱག་རྒྱའི་ཉེ་རྒྱུས་མཚམས་སྦྱོར་ལ། གཞན་དུ་ངེས་པ་མེད་དོ། །གཉིས་མེད་ཆོས་ནི་ཐོབ་པས་ན། །ཐར་པ་ཡང་ནི་ཐོབ་པ་ཉིད། །འདིས་ཤེས་རབ་ཀྱིས་འཁོར་བ་ལ་མི་གནས་པ་བསྟན། འཁོར་བའི་བདེ་བས་རྨོངས་པས་ན། །གྲོལ་བ་ཡང་ནི་སྤངས་པ་ཉིད། །འདིས་སྙིང་རྗེས་ཞི་བ་ལ་མི་གནས་པར་བསྟན་ཅིང་། ཐབས་ཤེས་རེ་རེ་བར་མི་ལྷུང་བས་མ་ནིང་གི་གོ་འཕང་ཞེས་ཀྱང་བཏགས་སོ། །སྒྱུ་མར་གནས་པས་དུ་མ་ཀུན། །སྣ་ཚོགས་གཟུགས་ཀྱིས་སེམས་ཅན་སྨིན། །ཞེས་པ་ནི། བདེ་བ་ཆེན་པོ་གཅིག་ཉིད་སེམས་ཅན་ཐམས་ཅད་ལ་སྨན་པ་དང་བདེ་བའི་བྱེད་པོར་འཆར་བ་ནི་ཟླ་བ་ཆུ་ནང་བཞིན་ནོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །འདིས་ནི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་པས་ཟབ་པ་བསྟན་ནོ། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །འདིས་ནི་རྒྱ་ཆེ་བ་ཤེས་བྱ་ལ་སྲིད་ཚད་དུ་ཟབ་པ་དེ་སྣང་བ་བསྟན་ཏེ་རྒྱ་ཆེ་བའོ། །དེ་ནི་ཕྱོགས་ཀུན་རྣམ་རྒྱལ་ལོ། །འདི་ནི་བདུད་བཞི་ལས་རབ་ཏུ་རྒྱལ་བའི་གོ་འཕང་མཆོག་གི་སྤྱོད་པ་ཡིན་པས་དེ་སྐད་ཅེས་བཏགས་སོ། །ཡོན་ཏན་འདིར་ནི་མིང་ཙམ་བསྟན་གྱི། ཐམས་ཅད་ནི་སངས་རྒྱས་ཉིད་ཀྱིས་ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ་བརྗོད་པ་ཕྱོགས་གཅིག་ཀྱང་འཛད་པར་མི་འགྱུར་ན་ཚང་བར་སུས་སྨྲ་བར་ནུས། རྣལ་འབྱོར་དབང་ཕྱུག་ཏིལླི་པས་མཛད་པ་རྫོགས་སོ།། །།བལ་ཡུལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བསྒྱུར་བ་ཆོས་ཀྱི་རྗེས་མཁར་ཆུའི་གནས་ནས་སྤྱན་དྲངས་པའི་དཔེ་རྙིང་ཇི་ལྟ་བའོ། །དེ་ལྟར་ཏིལླིའི་གསང་ཚིག་གི་འགྲེལ་པ་འདི་ཡང་རིག་པ་འཛིན་པའི་ཐིག་ལེ་པད་དཀར་ཅན་གྱིས་རྒྱལ་བྱེད་ཀྱི་ཚལ་དུ་བྲིས་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་གསང་བ་ཆེན་པོའི་སྤྱོད་པས་སྐྱེ་རྒུ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོར་བགྲོད་པ་ལ་སྐལ་བ་དགེ་བར་གྱུར་ཅིག། །།ཀུན་མཁྱེན་བླ་མའི་གསུང་འབུམ་ཁ་སྐོང་རིགས། །མཛོད་ཁྲི་ཐབས་མཁས་བཞེངས་དགེས་དོན་བརྒྱུད་ཀྱི། །བསྟན་པ་འཕེལ་རྒྱས་སྐུ་གཤེགས་དཔལ་ལྡན་གཙོས། །འབྲེལ་ཐོག་མཁའ་མཉམ་སྐུ་བཞི་ཐོབ་པར་སྨོན།། །།མངྒ་ལཾ།། །།


previousཏིལླིའི་གསང་ཚིགnext