Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
རོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ།
   
   
   
   
   
   
   
   
   
   
   
   
   


 
previousརོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ།next

རོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ།

རོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་ཡེངས་ཏིང་འཛིན་ནགས་ཕུག་གནས་བཅས་ཤིང་། །ཤེས་རབ་མཆོག་གི་གདོང་ལྔའི་རྩལ་གྱི་སྙེམས། །དངོས་འཛིན་གླང་པོའི་སྡེ་རྣམས་ལ་སྟོན་པ། །དཔལ་ལྡན་འབྲུག་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་རོ་སྙོམས་ཕྱག་རྒྱ་ཆེན་པོར་སྒང་དུ་དྲིལ་བ་གྲོལ་ལམ་རོ་སྙོམས་སྐོར་དྲུག་གསུམ་གསུམ་གྱིས་བཤད་པ་འདི་ལ། བརྒྱུད་པའི་ལོ་རྒྱུས་དང་གདམས་པ་གཉིས་ལས། དང་པོ་ནི་བརྒྱུད་པའི་གསོལ་འདེབས་བཞིན། གཉིས་པ་ལ་སྔོན་འགྲོ་དང་དངོས་གཞི་གཉིས། །དང་པོ་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་བཏོན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་བདག་གིས་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ཟབ་མོ་ཟབ་པའི་མཐར་ཐུག་པ་འདི་བསྒོམ་པར་བྱའོ་སྙམ་པས་ལུས་ཅི་བདེ་བར་གཞག །རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་བལྟས། སྤྱི་བོར་བརྒྱུད་རིམ་གྱི་བླ་མ་རྣམས་གསལ་བཏབ། རོ་སྙོམས་གསོལ་འདེབས་བྱས། མཐར་འོད་དུ་ཞུ་རང་ལ་བསྟིམ། དེ་ནས་སེམས་ཡུལ་ལ་གཡོ་བ་བཟློག་ནས། སེམས་ཇི་ལྟ་བའི་ངང་ལ་འཇོག་པའོ། །གཉིས་པ་ལ་སྐོར་དྲུག་ལས། དང་པོ་རྣམ་རྟོག་ལམ་དུ་འཁྱེར་བ་ལྟས་ངན་གཡང་དུ་ལེན་པའི་གདམས་ངག་ལ། སྔོན་འགྲོ་འདུན་པ་གཏང་བ། དངོས་གཞི་སྟོང་ཉིད་ལ་གཞག་པ། རྗེས་རོ་སྙོམས་པ་གསུམ་ལས། །དང་པོ་ནི། ཕལ་ཆེར་རྣམ་པར་རྟོག་པ་འཁོར་བར་སྐྱུར་བའི་རྩ་བ་ཡིན་པས། དེ་སྐྱེས་པ་མི་འདོད་ནས་སྤོང་བར་བྱེད་དོ། །འདིར་ནི་དེ་ཀ་ལམ་དུ་ཁྱེར་བ་ཞིག་མ་ཤེས་ན། སྤང་གཉེན་དུ་འཛིན་པས་ལམ་ཆོད་མི་ཐུབ། དེས་ན་སྤྱི་ལས་ཟློག་པས་ཟློག་པའི་སྒོམ་པ། སྣང་གྲགས་རིག་གསུམ་རང་རིག་ཏུ་མཉམ་པར་འབྱུང་བ་རོ་སྙོམས། འདི་ལ་རྣམ་པར་རྟོག་པ་ཅི་མང་བ་དེ་ཙམ་གྱི་ཡེ་ཤེས་ཀྱི་རྩལ་རྒྱས་པར་འགྱུར་བ་མེ་བུད་ཤིང་དང་ཕྲད་པ་ལྟ་བུ། དེས་ན་རྣམ་རྟོག་བྱུང་ན་དགའ་བ་འབའ་ཞིག་བྱ་བ་ཡིན་ནོ། །གཉིས་པ་ནི། རྣམ་རྟོག་ཤར་བའི་དུས་དེར་ངོས་ཟིན་ན་དེ་ཁོ་ནས་ཤར་གྲོལ་དུ་འགྱུར་ཏེ། མ་རིག་པ་ལས་བཟློག་པས་རིག་པའི་ཡེ་ཤེས། ངོས་མ་ཟིན་ན་དེ་ཀ་མ་རིག་པ་ཉིད་དུ་སོང་བ་ཡིན་ནོ། །སྔ་མ་དེ་ཀ་གཉེན་པོར་བཏགས་པ་མིན་པ་གཞན་མེད། དེ་མེད་པས་སྤང་གཉེན་དབྱེར་མེད། སྲིད་ཞི་མཉམ་ཉིད་རྣམ་རྟོག་ཆོས་སྐུའོ། །དེ་ཉིད་ཀྱི་དུས་རིག་པ་ཡང་སེམས་རང་གི་ངང་ལ་གནས་ནུས་པ་ཞིག་ལ་འབྱུང་གིས་གཞན་ལ་མ་ཡིན་ནོ། །དེས་ན་དགོངས་པ་ལུང་སྟོན་ལས། དང་པོའི་སེམས་ནི་ཞི་གནས་ཏེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །མཐོང་བས་ལྷག་མཐོང་ཞེས་བྱའོ། །ཞེས་གསུངས་པས། འདིར་བསྟན་གྱི་ཞི་ལྷག་དེ་ལ་བྱེད་དོ། །དེས་ན་སྒང་དྲིལ་བའི་ཉམས་ལེན་གྱི་རྩ་བ་དེ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ངོས་ཟིན་ཡུལ་དང་འཛིན་བྱེད་ཀྱི་ཤེས་པ་གཉིས་མེད་པས་མཉམ་པ་ཉིད། ཆུ་ཐོག་ཏུ་ཆུ་བླུགས་པ་ལྟ་བུ། རྟོག་པ་མི་འཕྲོ་ན་མ་བཅོས་པ་ལ་མ་ཡེངས་པ་དེ་སྐྱོང་། འཕྲོ་ན་རྟོག་པ་གཉིས་སུ་བརྒྱུད་མི་འཇུག་པར་ཤར་བའི་དུས་དེ་ཉིད་ངོས་ཟིན་པར་བྱའོ།། །།གཉིས་པ་ཉོན་མོངས་པ་ལམ་དུ་འཁྱེར་བ་དུག་བདུད་རྩིར་བསྒྱུར་བ་ལའང་གསུམ་གྱི་དང་པོ་འདུན་པ་གཏང་བ་ནི། ཉོན་མོངས་པ་སྐྱེས་ཤིག །སྤྲུགས་ཤིག །ཉོན་མོངས་པའི་དབང་དུ་སོང་ཞིག་སྙམ་པ་ཐུན་མོང་མ་ཡིན་པ་བྱའོ། །གཉིས་པ་དངོས་གཞི་སྟོང་ཉིད་ལ་གཞག་པ་ནི། རྩ་བ་དང་ཉེ་བའི་ཉོན་མོངས་པ་བསྡུ་ན་ཉོན་མོངས་པ་ལྔར་གཞག་པ་སྟེ། ཉོན་མོངས་པ་གཏི་མུག་ལྟ་བུ་ལ། གཉིད་ཀྱི་དུས་གཉིད་ཀྱི་ཐོག་ཏུ། ཡེངས་མེད་དུ་གཞག་པས་གཉིད་ཀྱི་ཐིམ་རིམ་རང་གྲོལ། གཞིའི་འོད་གསལ་ངོ་ཤེས་པར་འགྱུར་བ་ཉམས་སུ་ལེན་རྒྱུ་ཡིན། དེས་སྔར་གོམས་པ་ལ་སེམས་གཞག་སྟེ། འོད་གསལ་བར་ནི་འཇུག་པར་བྱ། ཞེས་གསུངས། ཉོན་མོངས་པ་འདོད་ཆགས་ལྟ་བུ་ལ་ཆགས་པ་རིགས་བཅུའི་ཐ་མ་བརྒྱལ་བའི་དུས། ཆགས་པ་རང་ངོ་ཤེས་པ་ལ་བརྒྱལ་བ་མེད། དེ་ཀ་བདེ་བ་ཆེན་པོ་རང་རིག །ཞེས་བྱའོ། །ཞེ་སྡང་ལྟ་བུ་ལ་ཞེ་སྡང་གི་དུས་ཞེ་སྡང་རང་ངོ་ཤེས་པས་གསལ་ཆ་ཆེ། དེས་མངོན་སྤྱོད་ལྟ་བུ་ལ་བསྒྲལ་བ་དང་འདྲེན་པ་གཉིས་ཀ་ནུས་པ་ཡིན་ནོ། །དེས་མཚོན་ནས་ང་རྒྱལ་ཕྲག་དོག་ལའང་འདྲེའོ། གསུམ་པ་ནི། དེ་ལྟར་ཉོན་མོངས་པ་རང་སྟོང་ཙམ་ཉིད་ཀྱི་དུས་རང་གྲོལ་བས་ཉོན་མོངས་ཡེ་ཤེས་ཞེས་བྱའོ།། །།གསུམ་པ་ལྷ་འདྲེ་ལམ་དུ་འཁྱེར་བ་བར་ཆད་དངོས་གྲུབ་ཏུ་སྡུད་པའི་གདམས་ངག་ལ་གསུམ་ལས། དང་པོ་ནི། གནས་རི་ཁྲོད་དམ། གསང་སྤྱོད་ཀྱི་གནས་སམ། མདོར་ན་འཇིགས་ཤིང་སྐྱི་གཡའ་བ་གང་དུ་འགྲོ་བའམ་སྡོད་པ་ལྟ་བུ་ལ། །བར་ཆད་བྱུང་དོགས་མི་བྱ་བར་བྱུང་ན་དགའ་བའི་འདུན་པ་གཏང་སྟེ། བར་ཆད་དངོས་གྲུབ་ཀྱི་སྣ་འདྲེན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གནས་དེ་དག་ཏུ་ལྷ་འདྲེའི་ཆོ་འཕྲུལ་བར་ཆད་ཀྱི་ལྷོངས་བྱུང་ནས་འཇིགས་ན་ལུས་འཇིགས་སམ་སེམས་འཇིགས། ལུས་འཇིགས་ན་ལུས་དེ་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་དམིགས་ནས་ལྷ་འདྲེ་རྣམས་ལ་སྦྱིན་པར་གཏང་། སེམས་སྟོང་པ་ཉིད་ཡིན་པས་སུས་ཀྱང་གནོད་པ་བྱེད་མི་ནུས། ད་རུང་འཇིགས་ཀྱིན་འདུག་ན་འཇིགས་མཁན་དེ་རང་གིས་བཟོས་པ་ཡིན་པས། མཁན་པོ་ཁོ་རང་གི་ངོ་བོ་ལ་རྩ་བརྡར་བཅད་པས་རང་གྲོལ། འཇིགས་སྣང་དགེ་སྦྱོར་གྱི་བསྐུལ་མར་འགྱུར་བ་ཡིན་ནོ། །གསུམ་པ་ནི། ལྷ་འདྲེ་ལ་ལྷ་འདྲེར་བལྟས་ན་ལྟ་བ་དེའི་སྐྱོན་གྱིས་ཚེ་སྲོག་ལ་བར་ཆད་འབྱུང་། ལྷ་འདྲེར་འཛིན་པ་ངོ་ཤེས་ན་བདུད་རིགས་ཆོས་སྐྱོང་དུ་འཆར་བས། བར་ཆད་དངོས་གྲུབ་ཏུ་འདུ་བ་ཡིན་ནོ།། །།བཞི་པ་སྡུག་བསྔལ་ལམ་དུ་འཁྱེར་བ་བྱང་ཆུབ་སེམས་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། སྡུག་བསྔལ་སྐྱོན་དུ་མི་བལྟ་སྟེ། འཁོར་བར་འཁྱམས་ན་སྡུག་བསྔལ་འབྱུང་བ་ལས་འོས་མེད། བསམ་པ་དང་། དེ་ཡང་ཚེ་རབས་སྔ་མ་རྣམས་སུ་མི་དགེ་བ་སྤྱད་པས་ད་རེས་རྣམ་པར་སྨིན་པ་ཡིན། ད་རེས་སྡིག་པ་འཛད་པས་དགའ་བ་ཡིན་ནོ་བསམ། དེས་ན་བྱུང་ན་དགའ་བར་བྱའོ། །གཉིས་པ་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་སེམས་སུ་བློ་སྦྱོང་བ་དང་། དོན་དམ་བྱང་ཆུབ་སེམས་སུ་བློ་སྦྱོང་བའོ། །དང་པོ་ནི། ལུས་སོགས་ལ་སྡུག་བསྔལ་གང་བྱུང་བ་དེ་ལྟ་བུས་མནར་བའི་སེམས་ཅན་དུ་མ་ཡོད་པས། དེ་ཐམས་ཅད་ཀྱི་སྡུག་བསྔལ་འདི་ལ་འདུས་ནས་དེ་དག་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །དེ་ཐམས་ཅད་ཀྱིས་ཇི་ཙམ་འཁུར་དགོས་པ་དེ་སྲིད་བདག་གིས་འཁུར་བར་བྱའོ་སྙམ་པས་སོ། །གཉིས་པ་ནི། སྡུག་ན་སྡུག་པ་དེའི་ངོ་བོ་ལ་བལྟས་པས། །སྡུག་པ་དེ་གྲུབ་མ་མྱོང་བའི་གནད་ཀྱིས་རང་དག་ལ་མི་འགྲོ་ཀ་མེད། སྡུག་བསྔལ་དག་པ་ལས་བདེ་བ་གཞན་མེད་པས། སྡུག་བསྔལ་བདེ་བར་འཁྱེར་བ་ཞེས་བྱའོ། །གསུམ་པ་ནི། སྡུག་བསྔལ་དེ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སུ་སོང་བའི་མཐར་ལམ་སྦྱོང་བའི་ཐབས་མཆོག་ཏུ་འགྱུར་རོ།། །།ལྔ་པ་ན་ཚ་ལམ་དུ་ཁྱེར་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། ནད་སྒྲུབ་པའི་ཕྱགས་ཤིང་། རྐྱེན་ངན་དགེ་བའི་བཤེས་གཉེན། ཟུག་རྔུ་སྒྲིབ་པའི་འཁྲུད་མ་ཡིན་པས་བྱུང་ན་དགའ་བ་བསྒོམ། །གཉིས་པ་ནི། ནད་བྱུང་བའི་དུས་སུ་སེམས་ཅན་དེ་ལྟ་བུས་ན་བ་ཐམས་ཅད་ཀྱི་ནད་འདི་ལ་འདུས་ཤིག །དེ་དག་བདེ་བ་དང་ལྡན་པར་གྱུར་ཅིག །དེ་ཐམས་ཅད་ཀྱིས་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ་བདག་གིས་འཁུར་བར་བགྱིའོ་སྙམ་པས་སྤང་བློ་མ་ཞུགས་པར་བྱའོ། །འདི་ལ་སྙིང་རྗེའི་ཟློག་སྒོམ། དེ་ནས་ནད་དང་། ན་བ་དང་། ན་མཁན་གྱི་མཁན་པོ་རྩད་བཅད་པས་དམིགས་སུ་མེད་དེ། ཅི་ཡང་མ་གྲུབ་པ་དེ་ལ་གཡོ་མེད་དུ་གཞག །འདི་ལ་སྟོང་ཉིད་ཀྱི་ཟློག་སྒོམ་ཟེར། ཡང་ལྡང་ན་སྔར་བཞིན་གྱི་སྙིང་རྗེའི་ཟློག་སྒོམ་དང་། སྟོང་ཉིད་ཀྱི་ཟློག་སྒོམ་སྤེལ་མར་བསྒོམ་མོ། །གསུམ་པ་ནི། ནད་འདིའི་རྒྱུ་ཉོན་མོངས་པ་ཡིན་པས། ཉོན་མོངས་པ་ལམ་དུ་ཁྱེར་བའི་རྒྱུ་འཆོས་སོ། །རྐྱེན་རྣམ་པར་རྟོག་པ་ཡིན་པས་རྣམ་རྟོག་ཉོན་མོངས། ལྷ་འདྲེ་ལམ་དུ་འཁྱེར་བས་རྐྱེན་བསལ། འབྲས་བུའི་ནད་དུཿཁ་ཡིན་པས་རོ་སྙོམས་རྣམ་པ་གཉིས་ཀྱི་རྩལ་སྦྱངས་པས་ནད་འཇོམས། རྟོགས་ལྡན་མགོན་ཡེས་ཀྱིས། དོ་ཤི་དང་དོ་ཆད་བཅུ་གསུམ་ལས། །རྣལ་འབྱོར་ཤེས་པའི་གདེངས་ཆེན་རྙེད། །དྲིན་ཅན་གྱི་འགལ་རྐྱེན་རིན་པོ་ཆེ། །དེ་མཐུན་རྐྱེན་བརྒྱ་ཡི་དོ་ཟླ་མིན། །ཞེས་གསུངས་སོ།། །།དྲུག་པ་འཆི་བ་ལམ་དུ་ཁྱེར་བ་མ་བུ་ངོ་སྤྲོད་ཀྱི་གདམས་ངག་ལ་གསུམ་ལས། དང་པོ་ནི། འཆི་བར་ཤེས་ན་དེ་ལ་སྐྱོན་དུ་མི་བལྟ་སྟེ། འཆི་བ་ལས་ཆོས་སྐུ་མངོན་དུ་བྱའོ་སྙམ་པས་སོ། །གཉིས་པ་ནི། ཕྲ་བའི་འཆི་བ་དང་། རགས་པའི་འཆི་བ་ལམ་ཁྱེར་གཉིས་ལས། ཕྲ་བ་ནི་སྐད་ཅིག་མའི་སྐྱེ་འགགས་ཏེ། སྐད་ཅིག་སྔ་མ་འགགས་པ་དེ་ཀ་འཆི་བ། ཕྱི་མ་སྐྱེ་བ་ཡིན་པས། གང་ཤར་གྱི་རྣམ་རྟོག་དེའི་དུས་སུ་ངོ་འཕྲོད་ན། དེ་ཉིད་ཀྱི་མཚམས་སུ་འོད་གསལ་མ་འཆར་བ་དེ་ངོས་ཟིན། དེ་ཀ་མ་བུ་འཕྲོད་པ་ཡིན་པས། རྗེ་བཙུན་གྱིས། རྣམ་རྟོག་སྔ་ཕྱིའི་སོ་མཚམས་སུ། །ཡེ་ཤེས་རྒྱུན་དུ་འཆར་ཏེ་བྲོད། །ཅེས་གསུངས། རགས་པའི་འཆི་བ་ནི། འཆི་བའི་སྲིད་པ་ཐིམ་རིམ་གྱི་མཐར་ཕྱི་དབུགས་ཆད་ནང་དབུགས་གནས་པའི་སྐད་ཅིག་བཞི་པར་འོད་གསལ་འཆར་ལ། དེ་ལ་དེས་ཐིམ་རིམ་ངོས་བཟུང་ནས་དག་པས་གཞིའི་འོད་གསལ་ངོས་ཟིན། དེས་བག་ཆགས་ཐམས་ཅད་སྦྱངས་པས་སངས་རྒྱས་ཏེ་འགྲོ་བ་ཡིན་ནོ། །གསུམ་པ་ནི། འཆི་ཁའི་འོད་གསལ་ངོས་ཟིན་པས་ན་འཆི་བ་དམིགས་སུ་མེད་པས། འཆི་མེད་གཉུག་མའི་དོན་ལ་འབྱོར་པ་ལ་བྱེད་པ་ཡིན་ནོ། །དེ་ལྟར་སྐོར་དྲུག་ཏུ་ཕྱེ་བ་ཁྲིད་ཀྱི་དུས་ཡིན། ཉམས་སུ་ལེན་པའི་དུས་སུ་བླ་མ་རང་སེམས་བསྲེས་ནས་མཉམ་བཞག་སྐྱོངས། དེའི་དུས་རྣམ་རྟོག་ནས་འཆི་བའི་བར་གོ་རིམ་བཞིན་འབྱུང་བ་མ་ཡིན། གང་དང་འཕྲད་པའི་དུས་དེ་ལ་རྩལ་སྦྱང་བ་ཡིན་པས། ཉམས་ལེན་ཐུན་གཅིག་མ་ཞེས་བྱའོ། །དེ་ལྟར་སྒང་དྲིལ་གྱི་ཞལ་གདམས་རྒྱལ་རྩེ་ཀླུ་དབང་ཚལ་དུ་སྡེ་པ་མི་འགྱུར་རབ་ཏུ་བརྟན་པས་དགོས་ཞེས་བསྐུལ་བ་ལྟར། དགེ་སློང་པདྨ་དཀར་པོས་སྦྱར་བའོ།།


previousརོ་སྙོམས་སྐོར་དྲུག་གི་ཉམས་ལེན་སྒང་དུ་དྲིལ་བ།next