Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
འབྱུང་བ་རོ་སྙོམས་ཀྱི་རྣམ་བཤད་ཀུ་མུ་ཏ།
   
   
   
   
   
   
   
   
   
   
   
   


 
previousའབྱུང་བ་རོ་སྙོམས་ཀྱི་རྣམ་བཤད་ཀུ་མུ་ཏ།next

འབྱུང་བ་རོ་སྙོམས་ཀྱི་རྣམ་བཤད་ཀུ་མུ་ཏ།

འབྱུང་བ་རོ་སྙོམས་ཀྱི་རྣམ་བཤད་ཀུ་མུ་ཏ་ཞེས་བྱ་བ་བཞུགས་སོ། །ཨ་ཝ་དྷུ་ཏཱིའི་ཞབས་དྲན་པ། །འཁོར་བ་མྱ་ངན་འདས་པར་བསྒྱུར། །དེ་ཕྱིན་བཙུན་མོ་ཅན་ཞེས་པ། །གྲགས་པའི་བ་དན་ཅན་དེས་སྐྱོངས། །སྤྲོས་མེད་སྤྲོས་པའི་ཚུལ་གྱིས་ཁྱབ་པ་དཔལ་ལྡན་རྒྱལ་བའི་སྐུ་དམ་པ། །བརྗོད་མེད་བརྗོད་པ་ཡོངས་ཀྱི་སྒྲ་སྟེ་ཆོས་ཀྱི་མ་མོ་ལོངས་སྤྱོད་རྫོགས། །རྣམ་མེད་རྣམ་པ་ཀུན་གྱིས་འཁྱུད་པ་ཡན་ལག་བདུན་ལྡན་ཐུགས་ཀྱི་དཔྱིད། །ཀུན་ཉོན་ཀུན་ནས་སངས་རྒྱས་རོ་མཉམ་དེ་ཉིད་གཅིག་པུར་ཕྱག་འཚལ་ལོ། །ཨེ་མ་སྙིང་རྗེ་ཟླ་བའི་ཆ། །བཅུ་དྲུག་གནས་ལ་རབ་གང་བས། །རྣམ་ཀུན་རི་དྭགས་མིག་ཅན་མའི། །བསྙེམས་པ་བཅིལ་ངེས་སྣ་ཚོགས་གཟུགས། །ནམ་མཁའི་བཤུལ་རིང་དེར་བསྟན་པས། །ངལ་བའི་རྔུལ་ཐིགས་ཆར་འཛག་པ། རྣམ་བཤད་ཀུ་མུ་ད་འདི་ཡི། །གེ་སར་འཕྲེང་བས་བསྐྱིལ་བ་བཞིན། འདིར་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་ཕྱུང་བ། རྗེ་བཙུན་ནཱ་རོ་པ་ཆེན་པོའི་ཐུགས་ཀྱི་དགོངས་པ། ཞལ་གྱི་བདུད་རྩི། ནད་འདོན་རྟོག་པ་ལམ་ཁྱེར་རོ་སྙོམས་སྐོར་དྲུག་གི་སྤྱོད་པའི་ཚུལ་ཟབ་མོ་འདི་བཤད་པ་ལ་གཉིས་ཏེ། བརྒྱུད་པའི་ལོ་རྒྱུས་དང་། མངོན་པར་རྟོགས་པ་དཀྱུས་ཀྱི་རིམ་པའོ། དང་པོ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བརྟན་པ་དང་གཡོ་བའི་རྡུལ་ཕྲ་མོ་རེའི་ནང་དུ་གནས་པའི་ཆོས་འབྱུང་གི་སྣ་ཚོགས་པདྨར་རྡོ་རྗེའི་རྒྱན་བཀོད་པའི་ནོར་བུ་རྒྱས་པའི་གཞལ་མེད་ཀྱི་ཁང་པར་བཅོམ་ལྡན་འདས་དེ་བཞིན་ཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སྙིང་པོའི་སྟོན་པས། ཉིད་ལས་གཞན་མ་ཡིན་པའི་རྣལ་འབྱོར་གྱི་དབང་ཕྱུག་དང་དབང་ཕྱུག་མ་རྣམས་ལ་གཞུང་ལུགས་དུ་མས་རྣམ་པར་ཕྱེ་ཞིང་རྡོ་རྗེའི་གླུར་བསྒྲིལ་ཏེ་རྒྱུན་མི་འཆད་པའི་དུས་གཅིག་ཏུ་བསྟན་པ། འདུས་པ་ཆེན་པོ་དེའི་དབུས་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་འཛིན་པ་ཛམྦུའི་གླིང་པ་རྣམས་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོར་བྱོན་པ་ཏིལ་བརྡུང་ཞབས་ཀྱིས་ལེགས་པར་བསྡུས་པ་ནི་ཏིལླིའི་གསང་ཚིག་ཅེས་བྱའོ། །དེའི་ཚེ་དེའི་དུས་ན་མ་ག་དྷར། སངས་རྒྱས་པ་ཐམས་ཅད་ཀྱིས་ཕྱིར་རྒོལ་བ་འཇོམས་པའི་དཔའ་བོ་ཆེན་པོར་དབང་བསྐུར་ཞིང་བསྔགས་པ་ནི། ཡུལ་ཀསྨིརར་འཁྲུངས་པའི་ཇོ་བོ་ནཱ་རོ་པའོ། །དེ་རྒྱུད་ཀྱི་གླེགས་བམ་གཟིགས་པའི་སྐབས་ཤིག་ཏུ། བུད་མེད་མི་སྡུག་པའི་མཚན་བཅོ་བརྒྱ་དང་ལྡན་ཞིང་རྒས་འཁོགས་པ་ཆུ་ཞིང་གི་འཁར་བ་འཁྱོག་པོ་ལ་དལ་བུ་དལ་བུར་བརྟེན་པ་ཞིག་དེར་འོངས་ནས། ཁྱོད་ཀྱི་དེའི་ཚིག་ཤེས་སམ་དོན་ཤེས་ཟེར། ཚིག་ཤེས་བྱས་པས་དགའ། སླར་དོན་ཤེས་བྱས་པས་མི་དགའ་བར་གྱུར་པ་དྲིས་པས། མོ་ན་རེ། ཁྱོད་མཁས་པས་ཚིག་ཤེས་ཟེར་བ་དྲང་པོ་ཡིན་པས་དགའ། དོན་ཤེས་ཟེར་བ་བརྫུན་ཡིན་པས་མི་དགའ་ཟེར། འོ་ན་དོན་ཤེས་པ་སུ་ཡོད་དྲིས་པ་ལ། ཟ་ཧོར་ན་ངེད་ཀྱི་མིང་པོ་ཏིལླི་པས་ཤེས་ཟེར་ནས་མི་སྣང་བར་གྱུར་ཏོ། །དེས་བསྐུལ་བའི་རྐྱེན་དང་། རང་གི་སེམས་ལ་བརྟགས་པས། བ་འཇོ་བའི་ནུ་མ་འཐེན་པ་ཙམ་གྱི་ཚོད་དུའང་མི་གནས་པས་ཡང་དག་པའི་གདམས་ངག་དང་། དེ་སྟོན་པའི་སློབ་དཔོན་ཚོལ་བར་འདོད་དེ། དུར་ཁྲོད་དུ་ཕྱིན་ནས་འཁོར་ལོ་སྡོམ་པའི་ཡི་གེ་བདུན་པ་འབུམ་ཕྲག་བདུན་བསྙེན་པའི་ཐོ་རངས། ས་གཡོ་བ་དང་སྒྲ་དང་འོད་དང་བཅས་པས་ནམ་མཁའ་ནས། ཁྱོད་ཤར་ཕྱོགས་སུ་ཏིལླི་པའི་དྲུང་དུ་སོང་ཞིག་ཅེས་ལུང་བསྟན་ནོ། །འགྲོ་བར་ཆས་པ་དང་རྒྱལ་པོ་དང་དགེ་འདུན་ཐམས་ཅད་ཀྱིས་བསྒོར་ཡང་མ་འགོར་བར་དོང་དོང་བ་ལས། ཤར་སྒྱུ་མ་སྤྲུལ་པའི་ཞིང་ཁམས་ཀྱི་དབུས། ཨོ་ཏནྟྲ་པུ་རིའི་ལྷ་ཁང་དུ་སོན་ནོ། དེའི་ལྷག་པའི་བསམ་པ་རྒྱ་ཆེན་པོ་དེ་སློབ་དཔོན་ཏིལླི་པས་མཁྱེན་ནས་ཉ་གསོན་པོ་ཁ་ཡར་བསྣམས་ཏེ་ནཱ་རོ་པ་ག་ལ་བ་དེར་བྱོན་ནས་ཉ་རྣམས་འབྲས་བཙོས་པའི་མེ་མདག་ལ་བསྲེགས་སོ། །དེར་ལས་བྱེད་པ་ཐམས་ཅད་རུབ་སྟེ་རྡེག་པར་གཟས་པ་ན། ཁྱེད་རྣམས་མི་དགའ་འམ་གསུང་། དགེ་འདུན་གྱི་རུང་ཁང་དུ་ཉ་གསོན་པོ་བསྲེགས་པ་ལ་ག་ན་དགའ་ཟེར། འོ་ན་ལཱུ་ཡི་བ་ཛ་ཛ། ཞེས་གསུངས་པས་སིབས་སྟེ་འཕུར་ནས་རང་རང་གི་གནས་སུ་ཞུགས་པ་དེ་ནཱ་རོ་པས་མཐོང་ནས་འདི་ནི་ངེས་པར་ཏིལླི་པའོ་སྙམ་རབ་ཏུ་དགའ་བས་ཞབས་ལ་གཏུགས་ཏེ་ཕྱག་བྱས་ནས། སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་བདག་རྗེས་སུ་འཛིན་པར་མཛད་དུ་གསོལ་ཅེས་གསོལ་ཏོ། །དེར་ཅང་མི་གསུང་པར་གཙུག་ལག་ཁང་གི་རྒྱ་ཕུབས་ཀྱི་སྟེང་དུ་གཤེགས་པའི་ཕྱི་བཞིན་འབྲངས་པས་འདི་ནས་མར་མཆོང་ནུས་པ་སུ་ཡོད་ཅེས་གསུང་པ་ན་བདག་གིས་ནུས་ཞེས་གསོལ་ཏེ་ཚམ་ཚོམ་མེད་པར་གཡང་ཆེན་པོ་དེ་ལ་ལུས་བོར་བས། པགས་པ་དང་། ཤ་དང་། རུས་པ་དང་། ནང་ཁྲོལ་ཐམས་ཅད་འདག་འདག་པོར་གྱུར་ཅིང་རེ་ཞིག་ཤི། ཡུག་ཅིག་སོས་པ་དང་ན་ཟུག་བཟོད་པའི་གླགས་མེད་ཀྱང་། བླ་མའི་བཀའ་བསྒྲུབས་ཏེ་འཆི་བ་ནི་བདག་གི་ལེགས་པར་རྙེད་པ་ཡིན་ནོ་བསམ་སྐད་ཅིག་ཀྱང་འགྱོད་པར་མ་གྱུར་ནས་སླར་མིག་ཟུམ་ཞིང་དབུགས་ཀྱི་ཐ་མ་རྩེག་ཏུ་ཉེ་བ་ན་སློབ་དཔོན་བྱོན་ཏེ་ཅི་ཉེས་གསུང་། འདི་ལྟར་ཐལ་ཞུས་པས། རོ་ག་ན་ཧི། ཕོ་ག་ན་ཧི་གསུངས་ཏེ་ཕྱག་གིས་བྱུགས་པས་སྔར་ཇི་ལྟ་བར་གསོས་སོ། དེ་ནས་ལོ་བཅུ་གཉིས་སུ་ཕྱག་ཕྱིར་འབྲངས་ཏེ། འོད་མའི་ཤིང་གི་ཚལ་པ་རྣོན་པོས་མཁལ་ཁུང་ཐལ་བྱུང་དུ་ཕུག་པ་དང་། མེ་དཔུང་ཆེན་པོའི་ཀློང་དུ་རུས་པ་དཀར་ཐལ་གྱི་བར་དུ་བསྲེགས་པ་རྣམས་ཀྱི་ན་ཚ་ཐམས་ཅད་བླ་མའི་མོས་གུས་ཀྱིས་གསོས་པས་ནད་ལམ་ཁྱེར་དང་། གྲོང་ཁྱེར་བའི་ཕྱི་སའི་ཕུང་པོ་ཟས་སུ་སྩལ་པ་དང་། སྟོན་མོའི་འབྲས་ཆེན་རྐུར་བཅུག་པའི་ཚེ་གླང་པོ་ཆེས་འདམ་བུ་ལ་བཞིན་དུ་ལུས་དབྱུག་པས་བསྙལ་བ་དག་གིས་ཉོན་མོངས་པ་ལམ་ཁྱེར་དང་། རྒྱལ་པོ་དང་བློན་པོའི་བག་མ་ཕྲོགས་པའི་དུས་མགོ་བོ་ལ་སོགས་པ་ཡན་ལག་བཅད་པས་འཆི་བ་ལམ་ཁྱེར་དང་། རང་ཆུང་མ་ལེན་བཅུག་པས་འཇིག་རྟེན་གྱིས་སྨོད་པ་དང་། རྡོ་རྗེ་ཐོ་བ་དང་འོག་གཞིའི་བར་དུ་བཏགས་པ་དང་། ཆུང་མ་བླ་མ་ལ་ཕུལ་བས་སྙེད་ཀ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་བཀྱོན་ཅིང་བརྡུངས་པས་རྣམ་རྟོག་ལམ་ཁྱེར་དང་། པད་པའི་འདམ་ལ་ལུས་ཟམ་པར་ཕུལ་ཏེ་སྲིན་བུས་འཐམས་པ་ན་ཐམས་ཅད་བསལ་ན་སྲིན་བུ་རྣམས་འཆི། མ་བསལ་ན་རང་འཆི་བར་མཐོང་ཡང་སྲོག་ཡལ་བར་བོར་ཏེ་བཞག་པས་སྡུག་བསྔལ་ལམ་ཁྱེར་དང་། ཐང་ཆེན་པོའི་དབུས་སུ་ལུས་ཀྱི་མདོ་མདོ་ནས་ཁྲག་ཕྱུང་སྟེ་ཆག་ཆག་བཏབ། དབང་པོ་རྣམས་བཅད་དེ་ཚོམ་བུར་བྱས་པའི་མཎྜྻལ་ཕུལ་བས་བརྒྱལ། བརྒྱལ་བ་སངས་པ་དང་ཆོས་ཉིད་ཀྱི་བདེན་པ་གཟིགས་པས་བར་ཆད་དངོས་གྲུབ་ཏུ་འདུ་བ་ལྷ་འདྲེ་ལམ་ཁྱེར་རྣམས་ཐུགས་སུ་ཆུད་ཅིང་། ཕྱིར་ཡུལ་དབུས་སུ་ལོག་སྟེ་བི་ཀྲ་མ་ཤཱི་ལའི་བྱང་གི་སྒོ་སྲུང་དུ་བཞུགས་ནས། དེའི་ཚེ་སློབ་དཔོན་གྱི་གཞུང་དང་། བརྟག་གཉིས་གུར་སཾ་པུ་ཊ་ལ་བརྟེན་ནས་སྤྱོད་པ་ཆོས་ཀྱི་གླུ་འདི་མཛད་ཅིང་། བསྟན་པའི་ཉི་མས་སངས་རྒྱས་པ་སད་པ་དང་། མུ་སྟེགས་བྱེད་གཉིད་པར་མཛད་དེ། མཐར་པཎྜྻི་ཏ་ག་ཡ་དྷ་རའི་སྲས་དྲི་མེད་བཤེས་ཉེན་ཕྱིས་ཏི་པུར་གྲགས་པ་ལ་གནང་། ཁྱོད་ལ་བོད་ནས་སློབ་མ་སྣོད་དང་ལྡན་པ་ཞིག་འོང་། དེ་ལ་གཏོད། དེས་ཀྱང་བོད་དུ་སྟོན་པའི་དུས་མ་ཡིན་པས་གཏེར་དུ་སྦོས། དེ་ནས་མི་རབས་གསུམ་སོང་ནས་ཆོས་འདིའི་བདག་པོ་ཞིག་འོང་། དེས་འདོན་ཅིང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འགྱུར་རོ་ཞེས་ལུང་བསྟན་ཏེ་རྗེ་བཙུན་ཉིད་བརཏལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་སོ། བླ་མ་ཏི་པུས་ཀྱང་ཉམས་སུ་བསྟར་ནས་ཐུགས་ཀྱི་ཉིང་ཁུ་ཞེས་པའི་གཞུང་མཛད་དོ། དེ་ནས་རིང་ཞིག་ན། སྒྲ་བསྒྱུར་མར་པ་དང་མི་ལའི་ལུང་གིས་རས་ཆུང་པ་རྒྱ་གར་དུ་བརྫངས་པ་བླ་མ་ཏི་པུ་དང་མཇལ། དེས་ཀྱང་ནཱ་རོ་པས་ལུང་བསྟན་པའི་སྐལ་པ་དང་ལྡན་པ་དེར་དགོངས་ཏེ་གདམས་ངག་འདི་རྫོགས་པར་སྩལ་ནས་འདི་སྐད་དུ། སྤྱིར་རྒྱ་གར་འོ་མའི་རྒྱ་མཚོ་དང་འདྲ་བ་ནས་གདམ་ངག་མར་གྱི་ཉིང་ཁུ་ལྟ་བུ་འདི། རྒྱུད་སྡེ་རྣམས་ན་གབ་ནས་ཡོད་པ་ལ། པཎྜྻི་ཏ་རྣམས་ཀྱིས་ལོང་གཏམ་གྱི་ཚུལ་དུ་བཤད། བླ་མ་གྲུབ་ཐོབ་རྣམས་ཀྱི་ཁོང་པའི་སྙིང་ལྟ་བུ། དུར་ཁྲོད་འགྲིམ་པའི་རྣལ་འབྱོར་པ་རྣམས་ཀྱི་གོ་ཆ། ཀུ་སཱ་ལི་སྒོམ་ཆེན་པ་རྣམས་ཀྱི་སྨན་སྦྱོར། འདི་ལྟ་བུའི་གདམས་ངག་ཤིན་ཏུ་རྙེད་པར་དཀའ་བ། དཔལ་ནཱ་རོ་པ་མ་གཏོགས་པའི་པཎྜྻི་ཏ་དང་། ཀུ་སཱ་ལི་དང་། རྣལ་འབྱོར་པ་གཞན་རྣམས་ལ་མེད་པས། ཁྱོད་ལས་འཕྲོ་དང་སྐལ་བར་ལྡན་པ་ཡིན་པས་བསྟན་པ་ཡིན་ནོ། གདམ་ངག་ཟབ་མོ་སྟོན་པ་ལ་དུས་ཚོད་དགོས། ཁྱོད་ཀྱིས་བསྟན་པའི་དུས་ལ་མ་བབ་པས། བོད་ཡུལ་གྱི་བྲག་འཇིགས་སུ་རུང་བ། ཁྲོ་བོའི་ཆ་བྱད་འདྲ་བ་མཁའ་འགྲོ་མ་འདུ་བའི་གནས་ཤིག་ཏུ་མཁའ་འགྲོ་དང་ལྷ་འདྲེ་ཐམས་ཅད་ལ་གཏད་གཉེར། །ཁྱོད་ནས་མི་རབས་གསུམ་གྱི་འོག་ཏུ་སྣོད་དང་ལྡན་པའི་གང་ཟག་ཅིག་འོང་བས་དེའི་ལག་ཏུ་གཏོད་ཅིག་གྱིས་ལ་སྨོན་ལམ་རྒྱ་ཆེན་པོ་ཐོབ་ལ་གཏེར་དུ་སྦོས་ཤིག་ཅེས་གདམས་དཔེ་སྩལ། ལམ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་གིས་བསྒྱུར་བར་འགྱུར་རོ་གསུངས། རས་ཆུང་པས་བླ་མའི་བཀའ་རྒྱལ་པོའི་གསུང་ལྟ་བུ་བཅག་ཐབས་མེད་པས་འཛམ་གླིང་བསྐོར་ཀྱང་མི་རྙེད་པའི་གདམས་ངག་ཤིན་ཏུ་འཕངས་ཏེ་གསུང་བཞིན་བགྱིའོ་ཞེས་ཞལ་གྱིས་བཞེས་ཏེ། བོད་དུ་ལོག་བྱོན་པའི་ལམ་བལ་ཡུལ་དུ་བྷ་རི་རྣལ་འབྱོར་མས་གཞུང་འདི་རྣམས་ལེགས་པར་བསྒྱུར། རིང་ཞིག་ནས་ལྷོ་བྲག་མཁར་ཆུར་བརྒྱུད་པ་ལ་གསོལ་བ་བཏབ། བླ་མའི་བཀའ་བཞིན་དུ། གནས་གསུམ་མཁའ་འགྲོ་ཆོས་སྐྱོང་ཁྱད་པར་སྙོ་ཁའི་རྗེ་བཙན་ལ་གཏད་གཉེར་མ་འོངས་པའི་སྐལ་ལྡན་ལ་བཏོད་དགོས་ཚུལ། གདམ་ངག་གིས་ཕན་ཐོགས་རྒྱ་ཆེན་པོ་འབྱུང་པའི་སྨོན་ལམ། ཕྱི་མའི་གང་ཟག་དེས་གདམ་ངག་བཅང་ཐབས། གཞན་ལ་སྦྱིན་མི་སྦྱིན་གྱི་དམིགས་དབྱེ། རྒྱ་གར་ནས་རྗེ་རང་གིས་བཏོན་པའི་གདམ་ངག་ལ་འདི་ལྟར་བྱས་ལུགས། གདམ་ངག་ཡོད་ཀྱང་ཉམས་སུ་མ་བླངས་ན་བྱང་ཆུབ་མི་ཐོབ་པ། འདི་ལྟ་བུའི་གདམ་ངག་གཞན་ན་མེད་པར་བསྟན་པ་རྣམས་ཡི་གེར་བཏབ། གཞུང་རྣམས་དང་ལྷན་ཅིག་གཏེར་དུ་སྦས་ཏེ། ཁ་བྱང་འདི་སྐད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །ནཱ་རོ་པཎ་ཆེན་གྱི་ཐུགས་ལ་ཤར་བ་རྟོག་པ་ལམ་ཁྱེར་ཞེས་བྱ་བའི་ནད་འདོན་ངོ་མཚར་ཅན་ཞིག་དང་། ངན་སྔགས་སྲོག་གི་སྤུ་གྲི་གཉིས། མོན་བོད་གཉིས་ཀྱི་སོ་མཚམས་ལྷོ་བྲག་མཁར་ཆུ་ཞེས་གྲགས་པ་བསྣུབས་ནམ་མཁའ་སྙིང་པོའི་ཞབས་རྗེས་ཀྱི་བྱང་ཤར་མཚམས། བྲག་རྒན་མོ་འཛུམ་ཤོར་བ་འདྲ་བའི་ནང་ན་སྦས་ནས་ཡོད་པས་སློབ་མ་སྙིང་དང་འདྲ་བ་ལ་འདི་རིམ་པས་གཏོད་ལ། མི་རབས་གསུམ་ཚུན་ངའི་བླ་མའི་བཀའ་རྒྱ་ཡོད་པས་མ་འདོན་ཞིག བཏོན་ན་དམ་ཚིག་ཉམས་སོ། དེ་ནས་བླ་མའི་བྱིན་རླབས་ཀྱིས་ལས་ཅན་ཞིག་དང་ནམ་ཡང་ཕྲད་དེ་ཕན་ཐོགས་ཤིན་ཏུ་ཆེ་བར་འོང་གི་ཞེས་པའི་ཁ་བྱང་སུམ་པ་ལ། དེས་གླིང་ལ། དེས་ཆོས་རྗེ་ལ་གཏད་དེ་ཁྱོད་ཀྱིས་ཐོན་ཞིག་ཅེས་གདམས། ཆོས་རྗེ་པས་ཕྱེ་བྲེ་རེ་ལ་ཟླ་བ་རེའི་རྒྱགས་མཛད་དེ་ལོ་གསུམ་དུ་ལྕགས་ཕུར་ཅན་དུ་བཞུགས་དེར་ཁམས་འདུས་པ་ཅིག་གི་རྐྱེན་བྱས་བསྙུང་སྟེ་ལོ་གསུམ་དུ་མ་དྲག སྣང་བ་ལ་ཚངས་པའི་གནས་མན། མནར་མེད་ཀྱི་དམྱལ་བ་ཡན་ན་གནས་པའི་ལྷ་སྲིན་ཐམས་ཅད་ཀྱི་དམག་གིས་བསྐོར། མི་བཟད་པའི་མཚོན་ཆ་འཕངས། མི་སྙན་པ་ངག་ཏུ་བརྗོད། དུས་དེར་ཕན་དུ་རེ་བ་ཐམས་ཅད་བོར། བླ་མའི་མོས་གུས་ཁོ་ན་ལ་གནས་པས། ཅི་ཞིག་ན་མཚོན་བྱ་དོན་གྱི་ཡེ་ཤེས་གཟིགས། བར་ཆད་རང་སར་ཞི། ལྷ་འདྲེ་ཐམས་ཅད་རྩིས་ལ་ཕབ། གདམས་པ་འདི་གཏེར་ནས་ཕྱུང་ཕྱིས་ཧའོ་གངས་སུ་ལོ་རྒྱུས་ཙམ་བསྙད་པར་མཛད་དེ་རིམ་པས་བསྟན་པས་ཕན་ཐོགས་ཤིན་ཏུ་ཆེ་ཞིང་སློབ་མ་བརཏལ་ཞུགས་ཆེན་པོའི་སྤྱོད་པ་ལ་ཞུགས་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་ཅེས་གྲགས་ལ། དེ་དག་གི་མཆོག་ནི་སངས་རྒྱས་དབོན། དེས་ཆོས་རྗེ་གཞོན་ནུ། དེས་བྱང་སེམས་ཉི་མ་སེང་གེ་དང་། རྡོར་གླིང་པ་གཉིས་ལ། དེ་གཉིས་ཀྱིས་སྤོས་སྐྱ་པ། དེས་བཅུ་གསུམ་པ། དེས་འཇམ་དབྱངས་རྗེ། དེས་མཁན་ཆེན་པ། དེས་བློ་གྲོས་སེང་གེ དེས་མཁྱེན་བརྩེ་རྟོགས་ལྡན་ནམ་དམ་པ་སྔོ་ཉལ་མ། དེས་མཁས་གྲུབ་ལེགས་པ་རིན་ཆེན། དེས་འཁྲུལ་ཞིག་ཆེན་པོ་ནམ་མཁའི་རྣལ་འབྱོར། དེས་རྒྱལ་བའི་དབང་པོ། དེས་གྲུབ་ཆེན་ཤཱཀྱ་འཕེལ། དེས་རྗེ་ལ། དེས་གོང་མ་ཆོས་ཀྱི་གྲགས་པ། དེས་ཨ་ཝ་དྷཱུ་ཏཱི་པ་བཙུན་མོ་ཅན། དེ་ལ་ཁོ་བོས་ཐོས་ཤིང་། ཡང་རྗེ་རྒྱལ་ཚབ་དམ་པ་ངག་གི་དབང་ཕྱུག དེ་ལའང་ཁོ་བོས་ཐོས་སོ། །དེ་ལྟ་བུའི་བརྒྱུད་པ་ནི། སངས་རྒྱས་ཀྱི་གཟིགས་པ་བཅོས་མ་མ་ཡིན་པ་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་ངོ་སྤྲོད་པར་བྱེད་པའི་རྟོགས་པ་དོན་གྱི་དབང་མཆོག་སེམས་ལ་བསྐུར་ནས་སྣང་སྲིད་སྐུ་གསུམ་གྱི་རྒྱལ་སྲིད་ལ་དབང་སྒྱུར་དུ་འཇུག་པ་ཟམ་མ་ཆད་པས་དབང་གི་ཆུ་བོའི་གཞུང་མ་ཉམས། ཚུལ་དེ་ལྟ་བུ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཅིང་ཐུན་མོང་གི་དངོས་གྲུབ་ཞར་ལ་བརྙེས་པ་ཤ་སྟག་པས་དངོས་གྲུབ་ཀྱི་རྒྱ་མཚོ་ཁ་མ་བྲི། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་ལ་བྱི་དོར་བྱས་པས་དགོས་འདོད་མཐའ་དག་སེམས་ལ་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར་རྟོགས་པའི་ནོར་བུ་འོད་མ་ཡལ། སྙན་རྒྱུད་ཟབ་མོ་ལ་ཚོང་དུས་ཀྱི་འོ་མ་བཞིན་གཞན་གྱི་བསྲེ་ལྷད་མ་ཞུགས་པས་གདམས་པའི་བདུད་རྩི་བཅུད་མ་ཉམས་པ་སྟེ། རྣམ་པ་བཞིའི་སྒོ་ནས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་མངོན་པར་རྟོགས་པ་དཀྱུས་ཀྱི་རིམ་པ་ལ། ཁོག་དོན་ལུས་རྣམ་པར་བཞག་པ་དང་། གཞུང་དོན་མན་ངག་གཉིས་ལ། དང་པོ་ལ། ཕྱོགས་གར་གཏོགས་ངོས་བཟུང་བ། ཚིག་དོན་ཇི་ལྟ་བུས་བསྡུས་པ། མིང་འདོགས་པའི་རྒྱུ་མཚན་བཤད་པ་ལས། དང་པོ་ནི། འོ་སྐོལ་གྱི་སྟོན་པའི་བསྟན་པ་འདི། གདུལ་བྱའི་མོས་པའི་དབང་དུ་སྤྱོད་པས་རྣམ་པར་ཕྱེ་བ་ནི་གསུམ་སྟེ། ཆགས་བྲལ་གྱི་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། འདོད་ཆགས་ཀྱི་ཆོས་ཀྱི་སྤྱོད་པའོ། དེ་ལས་འདི་ཕྱི་མ་ཡིན་ལ། དེ་ཡང་ཕྱིའི་བྱ་བ་གཙོ་བོར་སྟོན་པའི་སྤྱོད་པ་དང་། ཕྱི་ནང་གཉིས་ཀ་ཆ་མཉམ་པའི་སྤྱོད་པ་དང་། ནང་གི་རྣལ་འབྱོར་གཙོ་བོར་སྟོན་པའི་སྤྱོད་པ་དང་། གཉིས་སུ་མེད་པ་ཁོ་ནས་སྤྱོད་པ་བཞིར་ཕྱེ་བ་ལས། འདི་བཞི་པ་དེ་ལ་ཡང་དངོས་པོའི་གནས་ལུགས། །ལམ། འབྲས་བུ་སྐྱེ་བའི་རིམ་པ་གསུམ་ལས། འདི་ལམ། དེ་ལ་སྨིན་གྲོལ་གཉིས་ལས་འདི་གྲོལ་བྱེད། དེ་ཉིད་ལ་ལྟ་བས་དངོས་པོར་འཛིན་པ་རྣམ་པར་སལ་བ་དང་། སྒོམ་པ་རིམ་པ་གཉིས་དམ་ཚིག་དང་བཅས་པས་སེམས་མི་གནས་པ་གནས་པར་བྱེད་པ་དང་། སྤྱོད་པས་བརྟན་པ་བོགས་དབྱུང་བ་གསུམ་ཡོད་པ་ལས་འདི་སྤྱོད་པའོ། གཉིས་པ་ཚིག་དོན་ཇི་ལྟ་བུས་བསྡུས་པ་ནི། གཉིས་ཏེ་ཚིག་དང་དོན་ནོ། དང་པོ་ཚིག་ལ། རྡོ་རྗེའི་གླུས་གཉིས་སུ་མེད་པའི་སྤྱོད་པ་ཙམ་བསྟན་པ་མདོར་བསྟན། ཏིལླིའི་གསང་ཚིག་ཏུ་སྤྱོད་པ་བཞིར་ཕྱེ་བ་རྒྱས་བཤད། སྤྱོད་པ་ཆོས་ཀྱི་གླུ་འདིར་གཉིས་མེད་ཀྱི་སྤྱོད་པ་དབྱེ་གཞི། སྤྱོད་པ་བཞི་དབྱེའོ། དེ་རོ་སྙོམས་སྐོར་དྲུག་ཏུ་གསིལ་བ་རྒྱས་བཤད་ཆེན་པོ། ཏི་པུའི་ཐུགས་ཀྱི་ཉིང་ཁུས་སྐོར་དྲུག་རེ་རེ་ལམ་རྫོགས་སུ་བསྟན། བརྒྱ་རྩ་བརྒྱད་དུ་ཕྱེ། ཡང་གསུམ་དུ་བསྡུ་བ་མཛད་པ་དོན་བསྡུ་བའོ། །གཉིས་པ་དོན་ལ། སྤྱོད་པ་གཅིག་ཏུ་བཤད་པ། བཞིར་བཤད་པ། སྐོར་མཛོད་གསུམ་དུ་ཕྱེ་སྟེ་བཤད་པ། སྐོར་དྲུག་གི་བཤད་པའོ། དང་པོ་ནི། དོན་དམ་པར་སྒྲུབ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་སྤྱོད་པའི་ཁྱད་པར་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་གཅིག་པུར་བསྟན་པ་ཨ་བ་དྷཱུ་ཏཱིའི་སྐྱོད་པ་ཞེས་བྱ་བའོ། གཉིས་པ་ནི། ཨ་བ་དྷཱུ་ཏཱི་སྤྱོད་པ་དེ་ཡང་ཀུན་རྫོབ་གདུལ་བྱའི་བློ་ནུས་ལ་བལྟོས་ཏེ། ཀུན་ཏུ་ཟང་པོའི་སྤྱོད་པ། གསང་བའི་སྤྱོད་པ། རྒྱལ་ཚབ་ཆེན་པོའི་བརཏལ་ཞུགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང་བཞིར་ཕྱེ་བ་ཉིད་དོ། རིམ་པ་འདི་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དཀའ་བ་ལོ་དྲུག་སྤྱོ་ད་པའི་རིང་མི་གཡོ་བའི་ཏིང་ངེ་འཛིན་ཙམ་ལ་བཞུགས་པ་དང་ཚུལ་གཅིག་པར། རྣམ་པར་རྟོག་པ་ལམ་དུ་ཁྱེར་བས་རྣམ་པར་མི་རྟོག་པ་མི་གཡོ་བའི་ཏིང་ངེ་འཛིན་དེ་མངོན་དུ་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེ་གོལ་གྱི་སྒྲས་བསྐུལ་ནས་བཞེངས་ཏེ་འོ་ཐུག་སྦྲང་རྩི་ཅན་གསོལ་བ་དང་ཚུལ་གཅིག་པ་ཀུན་བཟངས་ཀྱི་སྤྱོད་པ། ཕྲ་བའི་རླུང་དེ་བཞིན་གཤེགས་པའི་བདག་ཉིད་ཅན་རྣམས་ཀྱི་བསྐུལ་ནས་སྐུ་གསུང་ཐུགས་རྡོ་རྗེར་ལངས་ཏེ་འདོད་པ་ལྔ་ལ་ལོངས་སྤྱོད་པའི་ཉོན་མོངས་ལམ་ཁྱེར་དང་། བྱང་ཆུབ་སྙིང་པོར་གཤེགས་ནས་བདུད་འདུལ་བ་དང་ཚུལ་གཅིག་པར་གསང་སྤྱོད། ཤིང་གཅིག་ལ་སོགས་པའི་དྲུང་དུ་ཕྱིན་ནས་ལྷ་འདྲེ་ལམ་དུ་འཁྱེར་བ་དང་། སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཚུལ་ཅིག་པར་བརཏལ་ཞུགས་ཀྱི་སྤྱོད་པ་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་ནས་ཚར་བཅད་པ་དང་རྗེས་སུ་འཛིན་པས་སེམས་ཅན་གྱི་དོན་དུ་རྒྱུ་བ་སྡུག་བསྔལ་དང་ན་ཚ་ལམ་ཁྱེར། མཐར་རྩ་མཆོག་གི་དྲུངདུ་མྱ་ངན་ལས་འདས་པ་དང་ཚུལ་གཅིག་པར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་གཟུང་འཛིན་གྱི་ཕུང་པོ་ལྷག་མ་མེད་པར་འབྱེད་པ་འཆི་བ་ལམ་ཁྱེར་གྱིས་ཏེ། དེའི་ཕྱིར་བཞིར་འབྱེད་པ་ཡིན་ནོ། གསུམ་པ་ནི། གཏེར་མཛོད་དུ་བཤད་པ་བཀའ་རྒྱ་ཅན། ཡང་མཛོད་དུ་བཤད་པ་ཐུགས་ཀྱི་མེ་ལོང་། གསང་མཛོད་དུ་བཤད་པ་སྦས་པ་མིག་འབྱེད་གསུམ་སྟེ། ནད་འདོན་སྦས་པ་མིག་འབྱེད་ལས། གཏེར་མཛོད་ཡང་མཛོད་རྣམ་གཉིས་དང་། །སྦས་པ་མིག་འབྱེད་དང་ནི་གསུམ། །ཞེས་གསུངས་པས་སོ། ཡང་། སྔ་མ་ལ་གསང་སྔགས་སྤྱོད་སྐོར། བར་མ་ལ་བསྡུས་པ། ཐ་མ་ལ་རྒྱས་པའི་ཐ་སྙད་མཛད་ནས་གནང་མི་གནང་གི་བཀའ་རྒྱར། ཚིག་ལ་རིམ་པ་གསུམ་དུ་དབྱེ། །དང་པོ་གསང་སྔགས་སྤྱོད་སྐོར་སྦྱིན། །དེ་ནས་བསྡུས་པ་སྦྱིན་པར་བྱ། །ཕྱི་ནས་མཚན་ཉིད་བཞི་ལྡན་ལ། །མེ་ཏོག་ཕོག་ལ་མཁས་པར་སློབ། །ཅེས་གསུངས་པས་སོ། ཆགས་ཅན་གྱི་སྤྱོད་པ་སྦས་པས་གཏེར། གྲོལ་ལམ་རྣམས་རོ་སྙོམས་སྐོར་དྲུག་ཏུ་ཕྱེ་སྟེ་བཤད་པས་མཛོད། གནང་མི་གནང་དང་ངེས་པ་ཅན་བཞིའི་བཀའ་རྒྱས་བཅིངས་ཏེ་བཤད་དགོས་པའི་ཕྱིར་གཏེར་མཛོད་དུ་བཤད་པ་བཀའ་རྒྱ་ཅན་ཞེས་བྱའོ། འདི་ལ་བཤད་པའི་སྒྲོམས་གཙོ་བོར་སྟོན་པ་ཁྲིགས་མ། དམར་མ་ལག་ཏུ་ལེན་པ་ཁྲིད། གནད་གྱི་མདོ་མདོར་འཇུག་རྒྱུ་ཞལ་གདམས་ཏེ། དེང་སང་རོ་སྙོམས་ཆེན་མོར་གྲགས་པ་འདི་ཡིན་ནོ། །གཉིས་པ་དེ་ལ་སྔ་མ་ཉིད་ཉུང་ངུར་བསྡུས་པས་ཟློས་པའི་དོན་ཡང་། དེ་ཉིད་ཀྱང་ཉམས་མྱོང་སྐྱེད་པ། རྟོགས་པ་སྐྱེད་པ། བཟློག་བསྒོམ་ཆིག་ཆོག གསང་སྤྱོད་ཀྱི་སྔོན་འགྲོ་དངོས་གཞི་ལམ་ཁྱེར་གྱི་ལེའུ་དྲུག་ཏུ་སྟོན་པས་མཛོད་དོ། །གྲོལ་ལམ་གྱི་ཐུགས་ལ་གཅེས་པ་རྣམས་འདིར་འཆར་བའི་ཕྱིར་མེ་ལོང་སྟེ། ཡང་མཛོད་དུ་བཤད་པ་ཐུགས་ཀྱི་མེ་ལོང་ཞེས་བྱའོ། འདིར་རྣམ་རྟོག་ལམ་ཁྱེར་ནི་དངོས་སུ། ཉོན་མོངས་པ་ལམ་ཁྱེར་ནི་རྟོག་པ་ཤར་བའི་སྐོར་མཛོད་ཀྱི་ཤུགས་ལ། སྡུག་བསྔལ་ན་ཚ་འཆི་བ་གསུམ་ནི་རྗེས་ལམ་ཁྱེར་གྱི་སྐོར་ལས་སྟོན་པས་བསྡུས་པ་ཞེས་བྱའོ། གསུམ་པ་ལ། རྟག་པ་དང་ཆད་པར་ལྟ་བའི་ཕྱི་རོལ་པའི་ཐུབ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། རྒྱུད་དང་ཕྱིའི་ཐེག་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་འགས་ཀྱང་རྟོགས་པར་དཀའ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པ་ཡིན་པའི་ཕྱིར་གསང་། རོ་སྙོམས་ཀྱི་དོན་མ་ལུས་པ་སྟོན་པས་མཛོད། གཏེར་མཛོད་དང་རྒྱུད་སྡེ་ཐམས་ཅད་དུ་གབ་པས་སྦས་པ་བླ་མ་ཡོངས་སུ་བསྟེན་པ་རྣམས་ལ་རྣ་བ་ནས་རྣ་བར་འཕོ་བའི་གསེར་གྱི་ཐུར་མ་འདིས་ཤེས་པའི་མིག་འབྱེད་པའི་ཕྱིར་གསང་མཛོད་དུ་བཤད་པ་སྦས་པ་མིག་འབྱེད་ཅེས་བྱའོ། །བཞི་པ་ནི། ལམ་ཁྱེར་རྩ་བ་རྣམ་དྲུག་ལ། དྲུག་དྲུག་སུམ་ཅུ་དྲུག་ཏུ་འགྱུར། ཞེས་པས་རྣམ་རྟོག ཉོན་མོངས། ལྷ་འདྲེ། སྡུག་བསྔལ། ན་ཚ། འཆི་བ་ལམ་ཁྱེར་དྲུག་ནི་རྩ་བ་རྣམ་རྟོག་ལམ་ཁྱེར་གྱི་སྟེང་དུ་སྐོར་གཞན་ལྔ་སྤུངས་ཏེ་ལམ་རྫོགས་སུ་བསྟན་པ་སྒང་བསྒྲིལ། ཉོན་མོངས་པ་ལམ་ཁྱེར་གྱི་སྟེང་དུ་སྤུངས་པ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པ། ལྷ་འདྲེ་ལམ་ཁྱེར་གྱི་སྟེང་དུ་སྤུངས་པ་སྔར་བཤད་པའི་བསྡུས་པ། སྡུག་བསྔལ་ལམ་ཁྱེར་གྱི་སྟེང་དུ་སྤུངས་པ་བྱང་ཆུབ་སེམས་བསྒོམ། ན་ཚ་ལམ་ཁྱེར་གྱི་སྟེང་དུ་སྤུངས་པ་རྣམ་རྟོག་གི་ནད་འདོན། འཆི་བ་ལམ་ཁྱེར་གྱི་སྟེང་དུ་སྤུངས་པ་བསྒྲུབ་པ་ཆེན་པོའི་རྣམ་བཞག་རྣམས་དབྱེ་བ། ཕྱེ་བས་བརྒྱ་དང་བརྒྱད་དུ་འགྱུར། །ཞེས་པ་ནི་རྣམ་པར་ཕྱེ་བ་ཐུགས་ཀྱི་ཉིང་ཁུའི་མདོར་བསྟན་གྱི་བཤད་པ་སྤྲིངས་ཡིག་མར་གསུངས་པ་བཞིན་ནོ། །སྐོར་དྲུག་དེ་དག་ཀྱང་དབང་པོ་རབ་འབྲིང་ཐ་མའི་ལམ་ཁྱེར་གསུམ་གསུམ་དུ་བསྡུས་ནས་བཅོ་བརྒྱད་དུ་གསུངས་སོ། གསུམ་པ་མིང་འདོགས་པའི་རྒྱུ་མཚན་ནི། ས་ལ་སོགས་པའི་འབྱུང་བ་རྣམས་ལས་སྐྱེས་པ་ནི་འབྱུང་བ་སྟེ། ཕུང་པོ་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཅོག་གོ །དེ་དག་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ངོར་དབྱེ་རྒྱུ་མེད་པས་རོ་གཅིག་པ་ཞེས་བཞག་པ་ནི་རོ་སྙོམས་ཏེ། །དེའི་ཕྱིར་འབྱུང་བ་རོ་སྙོམས་ཞེས་བྱའོ། ཡང་ན་ཡིད་ཀྱི་གཡོ་བ་ནི་རྟོག་པ། དེ་ཐམས་ཅད་མི་སྤོང་བར་ལམ་དུ་ཁྱེར་བས་རྟོག་པ་ལམ་ཁྱེར་དང་། གཞན་སྐྱོན་དུ་བྱེད་པ་ཐམས་ཅད་འདིར་ཡོན་ཏན་དུ་སློང་བར་བྱེད་པས་བཟློག་པའི་བསྒོམ་པ། གཟུང་བ་དང་འཛིན་པའི་ནད་ཐམས་ཅད་དྲུངས་འབྱིན་པས་ནད་འདོན། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ནི་སྔགས། དེས་སྤྱོད་པའི་ཕྱིར་སྔགས་ཀྱི་སྤྱོད་པའམ། གཉིས་སུ་མེད་པའི་སྤྱོད་པ། ཐབས་ཀྱི་མཆོག་གིས་སྡིག་པ་ཐམས་ཅད་འཇོམས་པར་བྱེད་པས་རྡོ་རྗེའི་སྤྱོད་པ་ཞེས་ཀྱང་བྱའོ། བྱེ་བྲག་འདི་ཉིད་ཀྱི་མིང་བཤད་ན། རྒྱ་གར་སྐད་དུ། ཙཱརྻ་དྷརྨ་ཀྵྼ་གཱི་ཏཱི་ན་མ་བྷཱུ་ཏ་ར་ས་ས་མ། བོད་སྐད་དུ། སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས། སྒོ་གསུམ་གྱི་བྱ་བ་ཁྱད་པར་ཅན་ནི་སྤྱོད་པ། དེའི་བྱེད་ཆོས་གླུར་བསྟན་པས་སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱའོ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་འགྱུར་མཛད་པས་བཅུག་པའི་ཕྱག་སྟེ། འདིར་དགྱེས་པའི་རྡོ་རྗེ་ནི། ནཱ་རོ་ཞབས་ཀྱིས། གཙང་ཞིང་མཁས་ལ་མཉམ་པར་གཞག །རྣལ་འབྱོར་ཡེ་ཤེས་ཡང་དག་ལྡན། སེམས་ཉིད་དགྱེས་པ་རྡོ་རྗེར་བརྗོད། །ཅེས་གསུངས་པ་དེའོ། གཉིས་པ་གཞུང་དོན་མན་ངག་ལ། མཆོད་པར་བརྗོད་པས་འདོར་བསྟན། ཨ་ཝ་དྷཱུ་ཏཱིའི་སྤྱོད་པས་རྒྱས་པར་བཤད། སྤྱོད་པ་རྣམ་པ་བཞིས་ཤིན་ཏུ་རྒྱས་པར་བཤད་པ་གསུམ་ལས། དང་པོ་ནི། དབང་ལྡན་སློབ་དཔོན་རྡོ་རྗེ་ཅན། ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་དཔོན་ནི་གསང་འདུས་སོགས་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་གཉིས་སུ་མེད་པར་བཤད་པས་དཔལ་ལྡན་སློབ་དཔོན་ནོ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ནི་རྡོ་རྗེ་ཅན་ནོ། དེ་ཐམས་ཅད་དུས་གསུམ་དུ་སློབ་དཔོན་དེའི་དྲུང་དུ་ལྷགས་ནས་ཕྱག་མཛད་པས་ཀུན་གྱི་མགོན་ཞེས་བྱ་སྟེ། དེ་ལ་གཉིས་སུ་མེད་པར་འདུས་པས་སོ། དེ་ལྟར་ཡང་། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་བཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་བྱོན་ནས་ཕྱག་འཚལ་མཛད། །ཅེས་གསུངས་པས་སོ། སྒྲ་ཇི་བཞིན་པའོ། །དགོངས་པས་བཤད་ན། རྡོ་རྗེ་སྙིང་པོས། རྡོ་རྗེ་སེམས་དཔའི་སྤྱི་བོ་ནས། །བྱང་ཆུབ་ཤིང་དྲུང་དབང་བསྐུར་གང་། །དབང་བསྐུར་མཆོག་ཐོབ་གྱུར་པ་སྟེ། །རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཡིས། །ལུས་གང་འཇིག་རྟེན་ཁམས་རྣམས་ཏེ། དེར་གནས་ཕུང་པོ་ལྔ་རྣམས་ཀྱིས། །དུས་གསུམ་བྱོན་ནས་ཕྱག་འཚལ་ལོ། །ཞེས་མ་ནིང་གི་མིང་ཅན་གྱི་གོ་འཕང་ནི། དབང་བསྐུར་བ་མཆོག་སྟེ། དེ་ཐོབ་པ་སློབ་དཔོན་ཆེན་པོར་སམ་པུ་ཊར་ཡང་བཤད་ཅིང་། ཁམས་བྱང་ཆུབ་སེམས་དཔའ། ལུས་འཇིག་རྟེན་གྱི་ཁམས། ཕུང་པོ་སོགས་ཀྱི་དག་པ་དེ་བཞིན་གཤེགས་པ། དེ་ཐམས་ཅད་དབྱེར་མེད་པར་འདུས་ནས་གཉིས་སུ་མེད་པར་ཕྱག་འཚལ་བའོ། །འདིས་འབྲས་བུ་དང་སྔ་མས་རྒྱུའི་གནས་སྐབས་ཏེ། དོན་གཞི་འབྲས་དབྱེར་མེད་པ་དེ་ཉིད་ཀྱིས་འཆད་པར་འགྱུར་བ་ཐམས་ཅད་མདོར་བསྟན་ནོ། །ཆོས་རྗེས། བླ་མ་རང་སེམས་དབྱེར་མི་ཕྱེད། །གཟུགས་སྐུར་འཛིན་པ་སྟོར་ནས་ཐལ། །ཞེས་གསུངས་པའང་དེའོ། གཉིས་པ་ནི་དེ་ལྟར་མཆོད་པར་བརྗོད་ནས་ཅི་བྱ་ཞེ་ན། འདོད་ཆགས་ཆེན་པོའི་རྗེས་ཆགས་ཀྱི། འདོད་ཆགས་ཀྱི་ངོ་བོ་ཉིད་རྙོག་པ་མེད་པ་ཡིན་ལ། དེ་སོ་སོ་རང་གིས་རིག་པ་ནི་འདོད་ཆགས་ཆེན་པོའོ། །ཚུལ་དེས་འདོད་ཆགས་ཉོན་མོངས་པ་མེད་པར་ལམ་དུ་ཁྱེར་བས་རྗེས་སུ་ཆགས་པ་སྟེ་འདི་བརྗོད་བྱའོ། །དེ་རྗོད་པར་བྱེད་པ་ནི་སྤྱོད་པ་ཆོས་ཀྱི་གླུ་འདིའོ། །དེ་གཉིས་འབྲེལ་པ་ནི་འབྲེལ་པའོ། འདོད་ཆགས་ཆེན་པོའི་རང་བཞིན་ཕྱིར། །ཆགས་མེད་ཏིང་འཛིན་ལ་གནས་ཏེ། །གདུལ་བྱ་རྣམས་ཀྱི་འདོད་ཆགས་ཆེན་པོའི་སྤྱོད་པའི་དོན་སོ་སོར་རྟོགས་པ་ནི་དགོས་པ་སྟེ། དེ་ཡང་ཞེན་པ་མ་ལུས་པ་ལས་ལོག་པའི་ཏིང་ངེ་འཛིན་དང་ལྡན་ན་འབྱུང་བའི་ཕྱིར་རོ། །མཉམ་པར་གཞག་པའི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དེའི་རྗེས་སུ་འགྲོ་བ་དང་། དེའི་ཡོན་ཏན་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་འདིར་ཏིང་ངེ་འཛིན་དུ་བརྗོད་དོ། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་ལ། །དེ་ལྟ་བུར་རོ་གཅིག་པའི་བདེ་བ་ཆེན་པོས་འགྲོ་བ་ཐམས་ཅད་ལ་ཕན་པའི་འབྲས་བུ་རྡོ་རྗེ་འཆང་གི་ངོ་བོ་པྱག་རྒྱ་ཆེན་པོ་ཐོབ་པ་ནི་དགོས་པའི་ཡང་དགོས་པ་སྟེ། དེ་བསྒྲུབ་པའི་ཕྱིར། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། འགྲོ་ལ་ཕན་པའི་དོན་དུ་ནི། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་བཤད། འགྲོ་བ་ཉིད་ཀྱི་གོ་འཕངས་ལ་འགོད་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔས་བསྟན་པ་ནི་ཀུན་རྟོག་མ་ལུས་པ་ཞི་བས་ན་སྲིད་པའི་ཕྱོགས་སྤང་བ་དང་ཞི་བའི་ཕྱོགས་བླང་དུ་མེད་པས་གཉིས་སུ་མེད་པར་སྤྱོད་པའི་ཕྱིར་ཨ་ཝ་དྷཱུ་ཏཱི་ཞེས་བྱའོ། །འགའ་ཞིག་ཏུ་ཀུན་འདར་ཞེས་བསྒྱུར་ཏེ། འདིར་དེའི་སྒྲ་བཤད་དུ་ཡོད་ཀྱང་འཇུག་པ་མེད་དེ། །སྤྱོད་པ་དེ་རྒྱས་པར་བཤད་པའི་ཕྱིར། དམན་དང་འབྲིང་དང་མཆོག་རྣམས་ལ། །དམན་པ་སྟེ་ཤིན་ཏུ་ཕྲ་བ་དང་། མཆོག་གི་དངོས་པོ་སྟེ་རགས་པ་དང་། དམན་མཆོག་གིས་སྤངས་པའི་དབུས་མ་སྟེ་འབྲིང་པོ་ཕྲ་བ་ཡིན་ཏེ། གནས་སྐབས་དེ་གསུམ་གྱིས་བསྡུས་པའི་ཆོས་རྣམས་ལ་ནི་མཉམ་པར་བསྡུ་བའི་དོན་ནོ། དེ་ལྟར་ཡང་། དམན་པའི་གནས་ནི་ཕྲ་བའི་དོན །མཆོག་གི་དངོས་པོར་བརྗོད་པར་བྱ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །ཅེས་གསུངས་སོ། གཞན་རྣམས་གང་རྣམས་དེ་རྣམས་ཀྱང་། མ་བཅོས་པའི་ཤེས་པ་ལ་རང་སྣང་དང་། འཁྲུལ་པའི་ཤེས་པ་ལ་གཞན་སྣང་དུ་བཞག་པ་ལ་ལྟོས་ནས་དབང་པོའི་རྣམ་པར་ཤེས་པ་དྲུག་གི་ཀུན་རྫོབ་གཞལ་བར་བྱ་བ་དག་བཞག་པས་དེ་དག་གནས་ཚུལ་ལས་ཕྱིར་ཕྱོགས་པའི་ཕྱིར། གཞན་རྣམས། ཤེས་པ་ཉིད་གཟུང་བའི་རྣམ་པར་ཤར་བའི་བརྟན་པའི་ཆོས། གང་རྣམས། ཤེས་པ་ཉིད་དེ་དང་དེ་རྟོགས་པའི་འཛིན་པའི་རྣམ་པར་ཤར་བ་གཡོ་བའི་ཆོས། དེ་རྣམས་ཀྱང་། མཉམ་པར་བསྡུ་བྱའོ། གཞན་རྣམས་ཞེས་བྱ་དབང་པོ་དྲུག །གང་རྣམས་འདི་རྣམས་བརྟན་དང་གཡོ། ཞེས་སོ། རོ་སྙོམས་དེ་ཉིད་བསྒོམ་པ་ཡི། མཉམ་པར་བསྡུ་བྱར་བཞག་པའི་ཚོགས་དེ་དག་ལ་ཐ་དད་པའི་ཁྱད་པར་དབྱེ་རྒྱུ་ཆ་གཞན་མི་མཐོང་བ་དང་། རང་གི་རང་བཞིན་འདྲ་བའམ་མཚུངས་པ་ཉིད་དུ་བསྒོམ་པ་ནི་རོ་སྙོམས་སམ། དེ་ཉིད་བསྒོམ་པ་ཞེས་བྱ་སྟེ། ཡང་རོ་སྙོམས་ད་ེཉིད་བསྒོམ་པ་ཡིས། མཉམ་ཞེས་བྱ་བ་མཚུངས་པར་བརྗོད། །དེ་ཡི་འཁོར་ལོ་རོ་ཞེས་བརྗོད། བསྒོམ་པ་རོ་གཅིག་མཉམ་པ་ཉིད། །འདིས་ནི་དོན་གྱི་བརྗོད་པར་བྱ། །ཞེས་སོ། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །དམན་པ་དང་འབྲིང་པོ་དང་མཆོག་འདི་རྣམས་དངོས་པོ་གཅིག་པ་རོ་སྙོམས་ཙམ་དུ་རྟོགས་ནས་ཀྱང་། དེ་ཁོ་ན་ཉིད་མ་རྟོགས་པ་ཡང་ཡོད་པས། མཆོག་གི་དེ་ཁོ་ན་ཉིད་མ་རྟོགས་པར་འདི་ཀུན་ང་ཞེས་རིས་སུ་འབྱེད་རྒྱུའི་ཁྱད་པར་མེད་པའི་མཉམ་པ་ཉིད་ཇི་ལྟ་བ་རྟོགས་པ་མ་ཡིན་ནོ། དེའི་ཕྱིར་མཆོག་གི་དེ་ཁོ་ན་ཉིད་ཤེས་པར་བྱའོ། །ཞེས་སྟོན་པ་སྟེ། འདི་ཀུན་ཞེས་བྱ་ང་ཉིད་མེད། །མཉམ་ཉིད་མཚུངས་པར་འདོད་པ་ཉིད། །ཅེས་སོ། །རྗེ་གོང་མ་དག་གིས། །སྤྱོད་པ་ལྟ་བས་ཟིན་ན་གཉིས་སུ་མེད་པའི་སྤྱོད་པར་འགྱུར་ལ་གཞན་མི་འགྱུར་བར་བཤད་པ་ཡང་ངེས་སོ། །ཇི་ལྟར་སྟོང་ཉིད་ཉི་ཚེ་བ་ལ་གོམས་པར་བྱེད་པའི་ཉན་རང་ལ་ཡང་དངོས་པོ་རོ་མཉམ་པར་རྟོགས་པ་ཡོད་ལ། མཆོག་གི་དེ་ཁོ་ན་ཉིད་རྟོགས་པ་ནི་མེད་དེ། །དེ་ཁོ་ན་ཉིད་དེ་ནི་སྙིང་རྗེའི་སྙིང་པོ་ཅན་གྱི་སྟོང་པ་ཉིད་ལ་བརྗོད་པ་ཡིན་ལ། །དེ་ནི་ཐེག་པ་ཆེན་པོའི་གཞུང་ལས་གཞན་གྱིས་རྙེད་པར་དཀའོ། །དེའི་ཕྱིར་དེ་བཤད་པར་བྱ་སྟེ། འདི་ལ་བདེན་པ་གཉིས་གཉིས་སུ་མེད་པས་རྒྱུ་དང་འབྲས་བུ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། རྒྱུ་འབྲས་གཉིས་སུ་མེད་པས་ཐོབ་བྱ་དང་ཐོབ་བྱེད་གཉིས་སུ་མེད་ཅིང་། ཐོབ་བྱ་ཐོབ་བྱེད་གཉིས་སུ་མེད་པས་སྒོམ་པ་དང་བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་ལ། ཐོབ་པ་དང་མ་ཐོབ་པ་ཡང་གཉིས་སུ་མེད་དོ། །དེ་ལྟར་གཉིས་སུ་མེད་པ་ལ་ནི་སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུར་རོ། དེ་དམིགས་པར་མི་འགྱུར་བས་འདིར་གང་ཞིག་གིས་བསྒོམ་པར་བྱ་བ་དང་སུ་ཞིག་འབྲས་བུ་ལ་སྤྱོད་པར་འགྱུར་ཞེས་རྣམ་པར་བརྟགས་ན་རྙེད་པར་མི་འགྱུར་ཏེ། སློབ་པ་དང་ཡོངས་སུ་རྫོགས་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཀྱང་དེ་ཉིད་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་གནས་སྐབས་ཀྱི་ཁྱད་པར་ལ་རྟེན་པར་ཡང་བྱེད་དེ། རྒྱུ་དེས་རྒྱུ་དང་འབྲས་བུ་དག་ཀྱང་འཇིག་རྟེན་དུ་འབྱུང་སྟེ། གཞན་དུ་རྒྱུ་མེད་པའི་ཉེས་པ་དང་བཅས་པར་ཐལ་བར་འགྱུར་རོ། །དེ་བས་ན་སློབ་པ་དང་ཡོངས་སུ་རྫོགས་པའི་གནས་སྐབས་གཉིས་སུའང་འབྱེད་དུ་རུང་བས། སྒོམ་པ་དང་། བསྒོམ་པར་བྱ་བ་དང་། སྒྲུབ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་ཁྱད་པར་གྱི་སྤྱོད་པ་རྣམས་ཀྱང་ཡོད་དོ་ཞེའམ་མེད་དོ་ཞེས་སོམ་ཉིར་བྱ་མི་དགོས་སོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། རྒྱུ་དང་འབྲས་བུ་དག་གཉིས་སུ་མེད་པར་བྱ་བར་ཡོངས་སུ་ཤེས་པ་ནི་བསྒོམ་པའོ། གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་ནས། ཆོས་རྣམས་ཀུན་ལ་མཉམ་བྱུང་བ། །དེ་ཉིད་སྤྱོད་པ་གོང་ན་མེད། མཉམ་པར་གཞག་པ་དང་མ་གཞག་པའི་གནས་སྐབས་ཐམས་ཅད་དུ་གཉིས་སུ་མེད་པར་གྱུར་ལ། དེར་གཉིས་སུ་མེད་ན་སུ་ཞིག་སྤྱོད་པ་རྣམས་སྤྱོད་དེ། ཇི་ལྟར་བྱེད་པ་པོ་མེད་པས་བྱ་བ་རྣམས་ཀྱང་མེད་པར་འགྱུར་བ་ནི་འཇིག་རྟེན་ན་ངེས་པ་ཡིན་ནོ། །དེ་ཉིད་སྤྱོད་པའི་མཆོག་གམ་ཙོ་བོ་སྟེ། དེ་ལ། ཞུགས་པས་ཐབས་ཤེས་གཉིས་སུ་མེད་པ་མ་ནིང་གི་གོ་འཕང་དེར་བགྲོད་པར་འགྱུར་ཏེ། དེ་མེད་པར་ནི་མ་ཡིན་ནོ། །དེ་ལྟར་ཡང་དཔལ་ཏོག་ཙེ་པའི་ཞལ་ལྔ་ནས། གཉིས་པོ་འདི་དག་ཡོད་མིན་པས། །རྣམ་པ་ཐམས་ཅད་གཉིས་སུ་མེད། །གཉིས་པོ་དག་ནི་རྣམ་དཔྱད་ན། །གཉིས་མེད་ཡེ་ཤེས་འབར་བར་འགྱུར། །ཞེས་གསུངས་སོ། འདིས་དམན་འབྲིང་མཆོག་གིས་དབང་པོས་རིམ་པ་བཞིན། །རགས་ཕྲ་ཤིན་ཏུ་ཕྲ་བའི་སྣང་བ་མི་སྤོང་བར་ལམ་དུ་ཁྱེར་བ་བཤད་པས་སྐོར་དྲུག་ཐམས་ཅད་ཀྱི་མདོར་བསྟན་པ་ཡིན་ནོ། གསུམ་པ་ལ། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་བའི་སྤྱོད་པ། རྒྱལ་ཚབ་ཆེན་པོའི་བརཏལ་ཞུགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །དང་པོ་ལ། ཀུན་བཟང་མདོར་བསྟན། དེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཅི་གསུངས་རྣམ་པ་སྣ་ཚོགས་པའི། སྤྱོད་པ། ཇི་ལྟར་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ཀྱི་སྤྱོད་པའི་ངེས་པ་ཐམས་ཅད་དང་། རྣལ་འབྱོར་ཆེན་པོའི་བསྐྱེད་རིམ་གྱི་སྤྱོད་པས་བསྒྲུབ་པར་བྱ་བའི་དངོས་གྲུབ་མ་ལུས་པ་སྤྱོད་པ་གཅིག་གིས་འགྲུབ་པར་འགྱུར་ཏེ། དེ་གང་ཞེ་ན། བླ་ན་མེད་པ་ཡི། ཀུན་བཟང་། ཞེས་ཐ་མལ་གྱི་ལུས་ངག་ཡིད་གསུམ་ལ་རྡོ་རྗེའི་ཨཱ་ར་ལིས་མཚན་མར་འཛིན་པ་རང་སར་འགོག་པས་བླ་ན་མེད་པ། ཐོག་མ་དང་མཐའ་མ་མེད་པའི་བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བདག་ཀུན་ཏུ་བཟང་པོའི་དབྱིངས་སུ་སྤྱོད་པའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་ལ། ཡང་བསམ་གྱིས་མི་ཁྱབ་པས་བླ་ན་མེད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་ཐམས་ཅད་འདི་ལས་འབྱུང་བའི་ཕྱིར་ཡང་ཀུན་བཟང་གི་སྤྱོད་པའོ། མཚུངས་པ་མེད་པ་སྒྲུབ། དེ་ཡང་མཉམ་པ་མེད་པ་འདི་ལྟར་བྱེད་དེ་རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། མཉམ་པར་གཞག་པས་དངོས་གྲུབ་ཐོབ། །ཅེས་དང་། གསང་བ་གྲུབ་པར། །རྡོ་རྗེའི་རང་བཞིན་ཀུན་བཟང་པོ། སྔགས་པས་རང་ལུས་དེ་ཉིད་དང་། རྡོ་རྗེ་ཅན་དངོས་དབྱེར་མེད་པའི། །སྣ་ཚོགས་སྤྱོད་པ་གསལ་གྱུར་པའི། །གསང་བའི་བརཏལ་ཞུགས་བཟང་པོ་སྤྱོད། ཅེས་སོ། གསང་བ་ཞེས་པའང་གཞུང་འདིའི་ཟླས་དབྱེར་བྱས་པ་དེ་མ་ཡིན་ཏེ། སྤྱོད་པ་འདི་ཉིད་ཀྱང་ཤིན་ཏུ་སྦ་བས་སྤྱད་དགོས་པ་ལ་དགོངས་སོ། །སམ་པུ་ཊར། དེ་ལྟར་ཤིན་ཏུ་བསམ་བྱས་ནས། ཤིན་ཏུ་གསང་བ་ཡོ་གིས་བསྒོམ། རྟོག་པ་ཐམས་ཅད་བྲལ་བར་ནི། །དམ་ཚིག་ལ་ནི་སྤྱད་པར་བྱ། །རྒྱུ་མཐུན་འབྲས་བུའི་རང་བཞིན་ལས། །དང་པོའི་རྩོམ་པ་ཡོ་གིས་གནས། །ཞེས་པས་འདི་ཉིད་གསུང་པའི་ཕྱིར་རོ། །གཉིས་པ་ཀུན་བཟང་གི་སྤྱོད་པ་རྒྱས་པར་བཤད་པ་ལ། རྣམ་རྟོག་ལམ་དུ་ཁྱེར་བ་ལྟས་ངན་གཡང་དུ་ལེན་པའི་གདམ་ངག ཉོན་མོངས་པ་ལམ་དུ་ཁྱེར་བ་དུག་བདུད་རྩིར་བསྒྱུར་བའི་གདམ་ངག་ལས། དང་པོ་ལ། དཔོན་སློབ་ཀྱི་རྟེན་འབྲེལ་རྩི་བ་དང་། ཉམས་སུ་བླང་བའོ། དང་པོ་ནི། བླ་མའི་ཞལ་སྔའི་བཀའ་དྲིན་གྱིས། །བླ་མ་དམ་པ་བསྟེན་ནས་མཉེས་པར་བྱས་པ་ལས་ཡང་དག་པའི་གདམ་ངག་ཐོབ་པ་ནི་བཀའ་དྲིན་ནོ། །དེ་ཇི་ལྟ་བུ་ཞེ་ན། མཆོག་གི་གནས་ནི་རྙེད་པར་འགྱུར། །མཆོག་གི་གནས་ཞེས་བྱ་བ་ཤེས་རབ། རང་གི་གནས་ཞེས་པ་ཐབས། དེ་གཉིས་གཉིས་སུ་བྱར་མེད་པ་ནི་རྣལ་འབྱོར་གྱི་གནས་ཏེ། དེ་ལ་མི་གཡོ་བར་གནས་པས་གང་སྣང་བ་དེ་དེ་ལྟ་བུར་གྲུབ་པ་དང་བྲལ་ཞིང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འགྱུར་བས། ཚིག་ཏུ་བརྗོད་པ་དང་ཡིད་ཀྱིས་བརྟག་པ་ལས་དགོངས་པའི་སྒྲོ་འདོགས་ནང་ནས་ཆོད་པར་འགྱུར་རོ། ནཱ་རོ་འགྲེལ་ཆེན་དུ། མཆོག་གི་གནས་ནི་ཤེས་རབ་ལྡན། །རང་གི་གནས་ནི་ཐབས་ཉིད་དོ། །དེ་དག་གཉིས་སུ་བྱར་མེད་པ། །རྣལ་འབྱོར་གནས་ནི་དེ་གནས་པ། །དེ་ཉིད་བསྐྱེད་པ་དེ་ལ་གནས། །དེ་དང་བྲལ་ཞིང་དེ་ཉིད་འགྱུར། ལྷན་ཅིག་སྐྱེས་ཞེས་ཡང་དག་བཤད། །ངག་གི་ལམ་འདས་སྤྱོད་ཡུལ་ལོ། །ཞེས་གསུངས། ས་ར་ཧས། གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ད་ལྟར་འཁྲུལ་པ་ཆད། ད་ནི་སུ་ལའང་འདྲི་བར་མི་བྱའོ། །ཞེས་སོ། །དེ་ཉིད་ལ་རྟོགས་པ་དོན་གྱི་དབང་ངམ་རྡོ་རྗེ་སྤྱོད་པའི་དབང་ཞེས་པར་ལུགས་འདིས་བཞེད་དེ། ནཱ་རོ་འགྲེལ་ཆེན་དུ། རྡོ་རྗེ་སྤྱོད་པའི་དབང་བསྐུར་བས། རྣལ་འབྱོར་ཐུགས་ནི་དྲི་མེད་འགྱུར། །ཞེས་པས་སོ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །དབང་བསྐུར་བ་འདི་ནི་སོ་སོ་རང་གི་རིག་པས་བྱིན་གྱིས་བརླབས་པ། མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་འགགས་པས་གནས་ལ་སོགས་པའི་མིང་ཅན་གྱི་སར། རིམ་པ་བཞིན་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཀུན་མཁྱེན་པའི་སངས་རྒྱས་སུ་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ལྷ་དེ་ལྟ་བུའི་གཟུགས་ཀྱིས་འོང་བ་དང་འགྲོ་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཞེས་བྱ་སྟེ། ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་སྟོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་སོ། འདིས་ནི་གསང་སྔགས་བྱིན་རླབས་ཀྱི་ལམ། །དེ་མོས་གུས་ཀྱི་ལམ། །དེ་གསོལ་འདེབས་ཀྱི་ལམ་ལས་རྙེད་པར་བཤད་ཅིང་། འདི་ལྟ་བུ་ལ། བླ་མས་ཚིག་གཅིག་ཀྱང་མ་བསྟན། སློབ་མས་ཡུད་ཅིག་ཀྱང་མ་བསྒོམས་པར་དཔོན་སློབ་ཀྱི་རྟེན་འབྲེལ་འགྲིག་པ་ཁོ་ནས་གྲོལ་བར་འགྱུར་བས་དཔོན་སློབ་ཀྱི་རྟེན་འབྲེལ་བརྩི་བ་ཞེས་བྱའོ། །འགའ་ཞིག་བླ་མས་ངོ་སྦྲད་པས་དེ་ཁོ་ན་ཉིད་རྙེད་པར་འགྱུར་བ་དེའི་དབང་དུ་མཛད་ནས་ངོ་སྦྲོད་པ་རིག་མ་རིག་གིས་འཁོར་འདས་སུ་བཞག་ཅིང་། དོན་ལ་གཉིས་ཀ་རང་བཞིན་མེད་པར་སྟོན་པ། རྟོག་པས་དམྱལ་བར་འགྲོ་འགྱུར་ཏེ། །འགྲོ་བ་དྲུག་གི་འཁོར་བ་ཡི། །རྒྱ་མཚོ་རུ་ནི་འཁོར་བར་འགྱུར། །རྟོག་པ་ཞེས་པ་ལ་རྟོག་གེ་བ་དག་སྒྲ་དོན་འགྲེ་རུང་བ་ཞིག་ལ་ཟེར་ལ། གཞུང་རྒྱས་པ་དག་ལས། རྟོག་པ། རྣམ་པར་རྟོག་པ་ཀུན་ཏུ་རྟོག་པ་ཞེས་བཤད་དོ། །དེའི་རྟོག་པ་ནི་དེ་ཁོ་ན་ཉིད་ལ་རྨོངས་ཙམ་གྱི་མ་རིག་པ་ལ་བཞག་ཅིང་། དོན་རྣམ་པར་ཤེས་པའི་ཁམས་ཏེ་ཤིན་ཏུ་ཕྲ་བའོ། །རྣམ་པར་རྟོག་པ་ནི་རྣམ་པར་ཤེས་པ་རླུང་གི་བཞོན་པ་ཅན་རྟོག་མེད་ཀུན་ཏུ་སྣང་བ་དང་རྟོག་བཅས་རྗེས་སུ་མྱོང་བས་མཚན་ཉིད་དུ་གྲུབ་པ། རྣམ་པ་ཡུལ་དུ་སྣང་བ་འཛིན་པས་གཟུང་བ་རྣམས་ཏེ་ཕྲ་བའོ། །ཀུན་ཏུ་རྟོག་པ་ནི། སེམས་དང་སེམས་ལས་བྱུང་བ་ཁམས་གསུམ་ན་སྤྱོད་པ་རྣམས་ཏེ་རགས་པ་ཞེས་བྱའོ། །དེ་ལས་དང་པོ་ལ་ནི་འཁོར་བ་སྐྱེས་པའི་རྟོག་པ་ཞེས་བྱ། གཉིས་པ་ལ་ནི་འཁོར་བར་ཁྲིད་པའི་རྟོག་པ་ཞེས་བྱ། གསུམ་པ་ལ་ནི་འཁོར་བར་འཆིང་བའི་རྟོག་པ་ཞེས་བྱ་སྟེ། དང་པོ་ནི་བག་ཆགས་ཕྲ་མོ་བཞི་པ་འོད་གསལ་ལ་སྒྲིབ་མཁན་ཡིན་པས་དང་། གཉིས་པ་ནི་རྟོག་མེད་སྣང་བ་གསུམ་རྒྱུ་རྟོག་བཅས་རྗེས་སུ་མྱོང་བར་འབྲས་བུར་བྱས་ནས་ཁམས་གསུམ་གང་རུང་གི་སྣང་བ་ལ་སྦྱོར་བས་དང་། གསུམ་པ་ནི་ཁམས་གང་དང་གང་དེར་གཟུང་བ་དང་འཛིན་པའི་དབང་གིས་ལས་གསོག དེས་ཉོན་མོངས་དེས་ཡང་བག་ཆགས་འཇོག་པས་འཁོར་བར་བྱེད་པའི་ཕྱིར་རོ། རྟོག་པ་མེད་ན་གྲོལ་འགྱུར་ཞིང་། །གནས་མེད་དྲི་མེད་ཞི་བ་ཉིད། །དེ་ཁོ་ན་ཉིད་རིག་པ་ན་མ་རིག་པ་ཟད་ཅིང་། དེ་ལས་ཀུན་ཏུ་རྟོག་པའི་བར་གྱི་རྒྱུ་ཟད་པས་འབྲས་བུ་འགག་ལ། འཁོར་བའི་རྒྱུ་འབྲས་ཟད་པ་དེ་ཉིད་ཐར་པའམ་གྲོལ་བ་ཞེས་བྱ་སྟེ། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་སོ། །གནས་མེད་ཅེས་པ་ནི། ཞི་བ་ལ་མི་གནས་པའོ། དྲི་མེད་ཅེས་པ་ནི་འཁོར་བ་ལ་མི་གནས་པའོ། །དེ་ལྟ་བུར་མྱ་ངན་ལས་འདའ་བ་ནི་ཞི་བ་ཉིད་དོ། །སཾ་པུ་ཊར། །ཇི་སྲིད་རྟོག་པའི་མུན་པའི་ཡོལ་སྟུག་པོས། །སྐྱེ་དགུའི་ཡིད་བསྒྲིབས་དེ་སྲིད་སྡུག་མཐའ་ཡས། །ཇི་སྲིད་དེ་ནས་དེ་ནི་བྲལ་ཡིན་པ། །དེ་སྲིད་བདེ་བ་རྒྱ་ཆེན་ཐ་དད་མིན། །ཞེས་སོ། །འགའ་ཞིག་ངོ་སྤྲད། དེའི་རྒྱུན་བསྒོམས་པས་ཤེས་པར་འགྱུར་ལ། གཞན་དུ་མ་ཡིན་པ་དེའི་དབང་དུ་མཛད་ནས། དེའི་ཕྱིར་རྟོག་པའི་དྲྭ་གཞོམ་ཕྱིར། །དམ་ཚིག་སངས་རྒྱས་མཛད་པ་གང་། །དེ་ནི་རྟག་ཏུ་གོམས་པར་བྱ། །ཡིད་གཡོ་བ་སོགས་ཀྱི་མནར་མེད་པ་ལ་སོགས་པ་འགྱུར་བས་ཀུན་ནས་ཉོན་མོངས་པའི་རོ་སྤང་བར་བྱ་བའི་ཕྱིར། རང་གི་ལྷའི་རྣལ་འབྱོར་གྱིས་སེམས་ལ་མངོན་པར་འདོད་པ་ཐམས་ཅད་སངས་རྒྱས་རྣམས་ཀྱིས་བསྔགས་པ་མཛད་པ་འདིའི་ནང་དུ་གང་དང་གང་གི་བྱ་བའི་གནས་ཡིན་པ་དེ་དང་དེས་གནས་པའི་སྔགས་ཤེས་པ་སྤྲོ་བ་དང་ལྡན་པས་རྟག་ཏུ་གོམས་པར་བྱ་སྟེ། ཐབས་དང་ཤེས་རབ་མ་རྟོགས་པར་སངས་རྒྱས་ཉིད་མངོན་དུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ཉམས་སུ་བླང་བ་ལ། །དབང་པོ་ཐ་མ་གཟིགས་མོ་བཞིའི་སྒོ་ནས། འབྲིང་རྣམ་ཤེས་འཁྱམ་པོ་དང་སྲིད་པ་གསུམ་གྱི་ངོ་སྤྲོད་བྱས་ལ། རབ་དུས་གསུམ་སངས་རྒྱས་ཀྱི་ངོ་སྦྲོད་བྱས་ལ་རང་གི་རང་ངོ་ཤེས་པར་བྱས་ཏེ་ཉམས་སུ་བླང་བ་ལས། དང་པོ་ནི། དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་རང་བཞིན་ལས། མཉམ་པར་མ་གཞག་རྣལ་འབྱོར་གྱི། རྟག་ཏུ་ཤིན་ཏུ་མཉམ་བཞག་ཉིད། །ཇི་ལྟར་མིག་སོགས་ཀྱི་དབང་པོའི་ལམ་དུ་སེམས་ཀྱི་བཞོན་པར་གྱུར་པས་རླུང་རྒྱུ་བ་ལ་སེམས་ཀྱིས་དམིགས་པ་མེད་པར་ཞོན་ནས་བློའི་སྤྱོད་ཡུལ་མ་ཡིན་པའི་ཁྱིམ་དུ་ཕྱིན་པས་མཉམ་པར་མ་བཞག་པ་ཞེས་བྱ་ལ། བློ་ཤེས་རབ་ཐབས་ཀྱི་སེམས་དང་གཅིག་ཏུ་འགྱུར་ཏེ་གཉིས་སུ་མེད་པའི་རང་བཞིན་ཉིད་དུ་སོན་པ་ནི་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པ་མོའི་རང་བཞིན་རྣམ་འགྱུར་རྡོ་རྗེ་འཆང་ཉིད་དུ་རྫོགས་པར་བྱེད་པས་རྟག་ཏུ་ཤིན་ཏུ་མཉམ་པར་གཞག་པའང་ཡིན་ནོ། །ཚུལ་འདིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཤེས་ཤིང་འཁོར་བ་དང་རྣམ་པར་བྱང་བ་མཆོག་གི་གཟུགས་ཐམས་ཅད་མཐོང་བ་དང་། སྒྲ་ཐམས་ཅད་ཐོས་པ་དང་། དྲི་ཐམས་ཅད་ཚོར་བ་དང་། རོ་ཐམས་ཅད་མྱོང་བ་དང་། རེག་བྱ་ཐམས་ཅད་ལ་ལོངས་སྤྱོད་པར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་ལྷུང་བར་འགྱུར་རོ། །དེའི་ཕྱིར་འདིར་དབང་པོ་ཐ་མའང་ཚོགས་དྲུག་མི་སྤོང་བར་ལམ་དུ་བྱེད་པ་ཡིན་ལ། དེའི་ཚུལ་ཇི་ལྟ་བུ་སྙམ་ན། །ཉན་ཐོས་ཞི་བ་ཐུར་དུ་ལྟ། །སེང་གེའི་མིག་ནི་ཐད་ཀར་ལྟ། །མ་ཧཱ་དེ་བ་གྱེན་དུ་ལྟ། ཁྲོ་བོའི་མིག་ནི་ཕྱོགས་བཞིར་ལྟ། །ཞེས་གསུངས་པ་རེ་རེའང་ལུས་གནད། ལྟ་སྟངས། གཞག་ཐབས་གསུམ་དང་ལྡན་པར་བྱའོ། དང་པོ་ལ། ལུས་གནད་ནི་རྣམ་སྣང་གི་ཆོས་བདུན་ཞེས་པ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ། ལུས་བྱིང་དྲང་པོར་བསྲང་། ཐལ་གོང་དགྱེ་མགྲིན་པ་ཡིད་ཙམ་དགུག ལྕེ་ཡར་རྐན་ལ་གཏད། སོ་མཆུ་རང་སར་གཞག་པས་ཀླུའི་དབང་པོ་གཉིད་ལོག་པ་ལྟ་བུར་བྱའོ། །ལྟ་སྟངས་ནི་ཐུབ་པ་བསམ་གཏན་ལ་བཞུགས་པའི་སྤྱན་བཞིན་ཟིམ་བུར་བྱས་ཏེ་གཉའ་ཤིང་གང་ཙམ་པའི་ས་ལ་རྟེན་གང་ཡང་རུང་བ་ཞིག་ལ་གཏད་དེ་མི་འགུལ་བར་བལྟའོ། །གཞག་ཐབས་ནི། གང་སྤོང་བར་འདོད་པ་ནི་སྡང་བ། གང་ཉམས་སུ་མྱོང་བ་འདོད་པ་ནི་ཆགས་པ་ཡིན་པས་གཉིས་ཀ་དོར་ཏེ་ཅིའང་མི་བསམ། ཆེད་དུ་མི་འཛིན་པར་རང་བབས་སུ་ལྷོད་དེ་མ་ཡེངས་ཙམ་དུ་འཇོག་པའོ། །བཞག་པས་མི་སྡོད་པར་འཕྲོ་ན། འཕྲོར་མི་གཞུག་པར་དྲན་པས་ཚིར་བཟུང་སྟེ་སྔར་བཞིན་དུ་གཞག་གོ །རྣམ་རྟོག་མང་དུ་འཕྲོ་ནའང་སྐྱོན་དུ་མི་ལྟ་སྟེ། དགྲ་ངོས་ཟིན་པ་ལྟ་བུ་ཡིན་པས་སོ། །དེ་ལྟར་ཡུན་རིང་དུ་སྒོམ་པས་བཞོན་པའི་རླུང་རྣམས་མལ་དུ་ཚུད་དེ་མི་འཕོ་བས། སེམས་ཀྱང་བདེ་གསལ་མི་རྟོག་པ་རོ་མཉམ་པའི་ཏིང་ངེ་འཛིན་ལ་ཁད་དེ་བསྡད་པ་ནི་ཞི་གནས་ཞེས་བྱ་ལ། རང་གི་ངོ་བོ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེས་མཚན་མ་རང་སར་ཞི་བའི་ཆ་ནས་ཡང་དག་པར་རྟོག་པ་དང་བློ་མ་འདྲེས་པར་འབྱེད་པའི་ཆ་ནས་སོ་སོར་རྟོག་པའམ་རང་རིག་པ་ཞེས་བླ་མ་གསུང་ངོ་། །ཉན་ཐོས་དག་བརྩོན་པས་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པ་བཞིན་དུ་འདིས་ཆགས་པ་དང་བྲལ་བར་བྱེད་པས་ཉན་ཐོས་ཀྱི་ལྟ་སྟངས་ཞེས་བྱའོ། །གཉིས་པ་ལུས་འདྲ་ལ། ལྟ་སྟངས་ཐད་ཀའི་བར་སྣང་ལ་མི་འཛུམ་པར་ཧུ་རེ་ལྟའོ། གཞག་ཐབས་ནི། གནས་པ་བརྟན་པར་བྱ་བའི་ཕྱིར་ཅུང་ཟད་རིག་པ་ལ་ངར་བསྐྱེད་ལ་གང་ཞིག་གནས། ཇི་ལྟ་བུ་ཞིག་འཕྲོ། ཅི་ཞིག་གིས་རིག་ཅེས་གནས་པའི་ངང་དེ་ཀར་བརྟགས་པས། འགྱུ་བྱེད་ཕྲ་མོ་དེའང་ཡལ་ནས་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། སེང་གེ་རི་དྭགས་གཞན་ལ་འཇིག་པ་མེད་ལ་ཁ་ཟས་ཙམ་གྱིས་གདུངས་པར་འགྱུར་བ་ལྟ་བུར། འདིའང་མཚན་མས་ཉམ་ང་བ་མེད་ཀྱང་དངོས་པོར་ལྟ་བ་བདག་མེད་པ་ལ་འཛུད་པ་ཙམ་གྱིས་ཡིད་ལ་བྱེད་པས་གདུངས་པས་ན། སེང་གེའི་ལྟ་སྟངས་ཞེས་སམ། རྡོ་རྗེ་ཕ་ལམ་རང་བཞིན་གྱིས་མི་འཇོམས་ཤིང་ཕར་རིན་པོ་ཆེ་ཐམས་ཅད་འཇོམས་པར་བྱེད་པ་ལྟ་བུས་ན་རྡོ་རྗེའི་ལྟ་སྟངས་ཞེས་ཀྱང་གསུངས་སོ། །གསུམ་པ་ནི། ལུས་སྔ་མ་བཞིན་ལས་སྟོད་ཀྱི་ཆ་སྒྲིམ་པ་དང་། ལྟ་སྟངས་མིག་འབྲས་གྱེན་དུ་སློག་སྟེ་སྟེང་གི་ནམ་མཁའི་མཐོངས་སུ་བཅིང་ངོ་། །བཞག་ཐབས་ནི། དེར་འགྱུར་བ་རྒྱུན་ཆད་པས་བཏང་སྙོམས་ཆེན་པོར་སོང་ཡང་མི་གསལ་བས་ན་འོད་གསལ་བའི་ཉམས་སུ་བོགས་འབྱིན་པ་སྟེ། མཚན་མ་མེད་པའི་ཞི་གནས་ནི་དབྱིངས་ཞེས་བྱ་ལ། སོ་སོར་རྟོག་པའི་བློ་ནི་རིག་པ་སྟེ། དབྱིངས་དང་རིག་པ་བསྲེས་ནས་གཉིས་སུ་མེད་པརགཞག་པས། དུ་བ་ལ་སོགས་པའི་འོད་གསལ་སྒྱུ་མ་ལྟ་བུའི་སྣང་བ་འབྱམས་ཀླས་པར་ཤར་བ་ནི་འོད་གསལ་གྱི་རྟགས་ཞེས་བྱ་ལ། དེ་དང་ལྡན་པས་ཁྱད་པར་དུ་བྱས་པའི་ཞི་གནས་ནི་རྟགས་ཅན་འོད་གསལ་ཞེས་བྱའོ། འདི་ནས་རྣ་བ་ལ་སོགས་པའི་དབང་ཤེས་ཀྱི་སྟེང་དུ་མཉམ་པར་བཞག་པས། རྣམ་པས་ཁྱད་པར་དུ་བྱས་པའི་སྟོང་པ་ཉིད་ཐམས་ཅད་མཐོང་བར་འགྱུར་རོ། ལྷ་ཆེན་པོ་བཀའ་ཐུབ་པས་མིག་གྱེན་དུ་སློག་སྟེ་མེ་སྤྲོས་པས་བདུད་བསྲེགས་པ་བཞིན་དུ། འདིས་ཀྱང་སྟོང་པ་ཉིད་ཀྱི་མེས་དངོས་པོར་འཛིན་པའི་བདུད་སྲེག་པའི་ཕྱིར་མ་ཧཱ་དེ་བའི་ལྟ་སྟངས་ཞེས་བྱའོ། རྒོད་པ་ལ་དང་པོ། རྒྱུན་དུ་གཉིས་པ། བྱིང་བ་ལ་གསུམ་པ་འདི་སྟེ་ཏིང་ངེ་འཛིན་གྱི་དུག་འབྱིན་པའི་ཐབས་སོ། །བཞི་པ་ནི། ལུས་གནད་སྔ་མ་བཞིན། ལྟ་སྟངས་ནི་མིག་འབྲས་གཉིས་མཉམ་པར་དཔྲལ་བའི་ཐད་གྱི་སྟེང་དུ་བཟློག་པ་འོག་ཏུ་ལྟུང་བར་བྱེད་པའི་ལྟ་སྟངས་ཏེ། མཉམ་པར་མ་རུངས་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། ཅེས་སོ། མིག་འབྲས་ཀྱི་གཡོན་དུ་ཕྱོགས་པར་ལྟ་བ་དབང་དུ་བྱེད་པའི་ལྟ་སྟངས་ཏེ། དབང་གི་ལྟ་སྟངས་གཡོན་ན་གནས། །གཡོན་པ་ནས་ནི་བཟུགས་བརྙན་གཉིས། །ཞེས་སོ། །གཡས་སུ་ཕྱོགས་པ་དགུག་པ་སྟེ། །གཡས་པའི་ཆ་ལ་དགུག་པ་ཉིད། །སྟེང་ནས་ཀྱང་ནི་གཟུགས་བརྙན་གཉིས། །ཞེས་སོ། མིག་འབྲས་གཉིས་སྣའི་དབུས་སུ་འཛོམ་པར་བྱས་ཏེ་ལྟ་བ་རེངས་པའི་ལྟ་སྟངས་ཏེ། དབུ་མར་རེངས་པའི་ལྟ་སྟངས་ཉིད། །སྣ་ཡི་རྩེ་མོའི་དབུས་སུ་གཉིས། །ཞེས་སོ། གཞག་ཐབས་ནི། གང་འོག་ཏུ་ལྟུང་བར་འདོད་པས་རླུང་དབྱུང་བ་དང་བསྟུན་ན་དང་པོ་འགྲུབ་ཅིང་། ཚད་ནི་ཤིང་རློན་པའི་འབྲས་བུ་ལ་དམིགས་པས་འོག་ཏུ་ལྟུང་ན་འགྲུབ། །དེ་བཞིན་དུ་བརྔུབ་པས་དབང་། མེ་ཏོག་ལ་གཏད་པས་རང་གི་ཕྱོགས་སུ་ལྡེམ་པ། དགང་བས་དགུག་པ། རྡོ་རྗེའི་ཤིང་འདུད་པ། གཞིལ་བས་རེངས་པ། རླུང་གིས་བསྐྱོད་པའི་རྩ་རེངས་པར་ནུས་པ་སྟེ། དབྱུང་བ་ཡིས་ནི་ལྟུང་བར་བྱེད། །བརྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་དགུག་པ་ཉིད། །ཞི་བ་ཡིས་ནི་རེངས་པར་བྱེད། །རློན་པའི་ཤིང་ལ་ལྟུང་བྱེད་ཉིད། །དབང་ནི་མེ་ཏོག་རབ་ཏུ་གྲགས། །རྡོ་རྗེའི་ཤིང་ལ་དགུག་པ་ཉིད། །གཡོ་བཅས་རྩྭ་ལ་རེངས་པར་བྱེད། །ཅེས་གསུངས་ལ། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སྲོག་རྩོལ་བར་མེད་དུ་བསྒོམས་ན་དེ་ཙམ་ན་དབུ་མར་བརྟན་པར་འགྱུར་བ་ལ་དགོངས་ཤིང་། འདིར་ཡང་གནས་པ་བོགས་འབྱིན་པས་རླུང་སེམས་དབུ་མར་ཞུགས་ནས་བརྟན་པ་དེས་འགྲུབ་པས་སོ། །དེའི་ཕྱིར་རླུང་སེམས་དབུ་མར་ཞུགས་པ་ནི་ཚིག་གི་མཆོག་འགྲུབ་སྟེ་དྲང་སྲོང་རྣམས་ཀྱིས་དམོད་པ་བོར་བ་ལྟ་བུའོ། །ལྟ་སྟངས་སྔ་མ་རྣམས་རྒྱུ། འདིའི་འབྲས་བུ་སྟེ། ཁྲོ་བོ་ནི་གཏུམ་པས་བཞིན་དུ་འདིའི་ནང་གི་མ་རུངས་པའི་སེམས་དང་ལྡན་པས་བསྒྲུབ་པའམ་ལས་ལ་སྦྱོར་དགོས་པའི་ཕྱིར་ཁྲོ་བོའི་ལྟ་སྟངས་ཞེས་བྱའོ། །གཉིས་པ་དབང་པོ་འབྲིང་རྣམ་ཤེས་འཁྱམ་པོ་དང་སྲིད་པ་གསུམ་གྱི་ངོ་སྤྲོད་བྱས་ལ་ཉམས་སུ་བླངས་པ་ལ། ངོ་སྤྲོད་པ་དང་། །ཉམས་སུ་ལེན་པའོ། །དང་པོ་ལའང་། རྣམ་ཤེས་འཁྱམ་པོ་ལ་བརྟེན་ནས་ཕུང་མཁན་ངོས་འཛིན་པ་དང་། སྲིད་པ་གསུམ་གྱི་ངོ་སྤྲོད་ལས། དང་པོ་ནི། རྣམ་རྟོག་བདེན་པ་མ་ཡིན་པས། །རིན་ཆེན་སེམས་ནི་དྲི་མར་བྱས། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རིན་པོ་ཆེའི་སེམས་གདོད་མའི་གནས་ཚུལ་དེ་ལ། གཉིས་སུ་ཞེན་པའི་མཚན་ཉིད་ཅན་གྱི་རྟོག་པ་གློ་བུར་བ་དེས་བགྲིབས་པ་ཐེག་པའི་གནས་ལུགས་ལ་སྦྲུལ་མ་གྲུབ་ཀྱང་རབ་རིབ་ཀྱི་དབང་གིས་སྦྲུལ་དུ་སྣང་བ་ལྟ་བུར། རྟོག་པས་བཟོ་བྱས་པའི་འཁོར་བའི་དཀྱིལ་འཁོར་སྡུག་བསྔལ་གྱི་རངབཞིན་ཅན་སྣང་ཞིང་སྣང་བ་ལྟར་ཡེ་ནས་རང་གི་ངོ་བོས་མེད་པ་ཉིད་དོ་ཞེས་བརྡ་སྤྲད་ནས་དེ་ལ་ངེས་པ་བསྐྱེད་པའི་ཕྱིར། ཅུང་ཟད་མཉམ་པར་བཞག་པའི་མཐར་སེམས་ཡུལ་ལ་རྒྱུར་བཅུག་ལ། སེམས་གནས་པ་རང་བཞིན། ཡུལ་ལ་གཡོ་བ་རྣམ་རྟོག །དེ་རང་རིག་གིས་ངོ་མ་ཤེས་པས་གཅིག་ནས་གཉིས་སུ་བརྒྱུད་པ་འཁོར་བ་ཞེས་བཞག་པ་ལས་དོན་ལ་གྲུབ་པ་མ་ཡིན་ཏེ། རང་ངོ་ཤེས་ན་རང་སར་རང་གྲོལ་བའི་ཕྱིར་མྱང་འདས་ཏེ། དེ་རྣམས་དམ་པ་ཅིག་ཡོད་མིན། །རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རང་རིག་ཕྱིར་ནི་སྒོམ་པ་ཉིད། །ཅེས་སོ། ཡིད་ཀྱི་རྣམ་ཤེས་གཡོས་ནས་དབང་པོ་ལ་ཞུགས་པ་ཡུལ་བཟུང་ནས་བཞི་པ་འཕོ་བ་དེས་བག་ཆགས་འཇོག་པའི་ཕྱིར་རྣམ་ཤེས་འཁྱམ་པོ་ཞེས་བྱའོ། །གཉིས་པ་ནི། ཐོག་མ་མེད་པའི་སྲིད་རྒྱུན་ལས། འཁོར་བ་ཐོགས་མ་མེད་པའི་དུས་ནས་གཤིས་དེ་ལས་ནམ་མཁའ་ལས་སྤྲིན་འབྱུང་བ་བཞིན་རང་དང་ཚོགས་པ་གཅིག་པའི་མི་ཤིགས་པའི་ཐིག་ལེའི་མཐུས། གཤིས་མ་གཡོས་ཀྱང་གདངས་འགག་པ་མེད་ཚུལ་གྱིས་སེམས་ཙམ་ཡུལ་ལ་གཡོ་བའི་མཚན་ཉིད་ཅན་གྱི་རྟོག་པ་དང་། དེ་ནས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་ལས་འཁོར་བ་ཇི་སྲིད་པར་ཚོགས་པ་མི་འབྲལ་ཞིང་ཀུན་འབྱུང་བའི་ངེས་པ་ཅན་གྱི་འབྱུང་བཞི་འདུས་པའི་མཚན་ཉིད་དུ་གྲུབ་ལ། དེ་ཉེར་ལེན་དུ་སོང་བས། ཕྱི་ཡི་དོན་དུ་བཏགས་པ་སྟེ། ཕྱིའི་འབྱུང་བཞི་གྲུབ་ཅིང་། ཁྱད་པར་རྣམ་ཤེས་ཀྱི་བྱིན་གྱིས་མ་བརླབས་པ་བརྟན་པ་དང་། བརླབས་པ་གཡོ་བའི་ཆོས་སུ་སྣང་ངོ་། །ཐམས་ཅད་སེམས་ཀྱི་རྣམ་སྤྲུལ་ཞིང་། །སེམས་ཉིད་ཀུན་ཏུ་སོང་བའོ། །དེ་ལྟར་ཐམས་ཅད་སེམས་ཀྱིས་བྱས་པར་བསྟན་ནས། མི་བདེན་བཞིན་དུ་ཇི་ལྟར་བྱས་པ་ཤེས་པའི་ཕྱིར། ལྷའི་དབང་པོ་བརྒྱ་བྱིན་དུ་བསྒོམ་དུ་བཅུག་ནས། ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པས་མཆོད་པར་བསམས་པ་དང་། དེ་ལས་དགའ་བའི་བློ་རྙེད་པར་འགྱུར་རོ། དེ་བཞིན་དུ་བདུད་ལ་སོགས་པས་གནོད་པ་བྱེད་པར་བསྒོམས་ན་དེ་ལས་མི་དགའ་བ་བློ་སྐྱེས་སྟེ། སུས་མཆོད་པ་མེད། སུས་འཕྲོག་པ་མེད་ཀྱང་། རང་གི་བཏགས་པའི་བློ་ངོ་ལ་ཞེན་པས་དགའ་མི་དགའ་སྤྲུལ་པས་ན། རྙེད་པ་དང་། གྲགས་པ་དང་། བདེ་བ་དང་། བསྟོད་པ་རྣམས་ལ་དགའ་བ་དང་། མ་རྙེད་པ་དང་། གྲགས་པ་ངན་པ་དང་། སྡུག་བསྔལ་བ་དང་། སྨད་པ་ལའང་ཟུག་རྔུར་བྱ་མི་དགོས་ཏེ་བདེན་པར་མེད་པའོ། །ཞེས་པས་ཞིའི་རེ་བ་དང་དོག་པ་ཐམས་ཅད་གཞོམ་པར་བྱའོ། གཉིས་པ་ཉམས་སུ་བླང་བ་ནི། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱང་། །དེ་ལྟར་རྩ་བ་རྣམ་རྟོག རྒྱུན་ཉོན་མོངས་པ། འབྲས་བུ་ལྷ་འདྲེ་སྡུག་བསྔལ་ན་ཚ་འཆི་བ་ཡིན་པས། ཐམས་ཅད་ལ་བྱུང་ན་དགའ་བའི་འདུན་པ་གཏད་དེ། འདི་བས་ཀྱང་མང་བ། དོས་དྲག་པ། །རྩལ་ཆེ་བ་སྐྱེས་ཤིག །སྤྲུགས་ཤིག་ཅེས་པས་སོ། དངོས་གཞི་སྟོང་ཉིད་ལ། སོ་མ། ལྷུག་པ། རང་ག །འདི་ཀ མ་བཅོས་པ། གཟའ་གཏད་མེད་པ་སྟེ་དྲུག་གིས་གཞག་གོ །སོ་མ་ནི་རྣམ་རྟོག་ཏུ་གྲུབ་ཙམ་པ་ངོས་འཛིན་པའོ། །ལྷུག་པ་ནི། དུས་དེར་དེར་མི་འཛིན་པའོ། །རང་ག་ནི། དེའི་ཚེ་གཉེན་པོ་གཞན་ན་མི་འཚོལ་བར་དེ་རང་གིས་གྲོལ་བར་བྱེད་པའོ། །འདི་ཀ་ནི། མི་འཕྲོ་ན་སེམས་ཇི་ལྟ་བ་དེ་ཀ་ལ་འཇོག་པའོ། །མ་བཅོས་པ་ནི། མ་ཡེངས་པའོ། གཟའ་གཏད་མེད་པ་ནི། དེའི་དོན་རིག་བྱ་རིག་བྱེད་གཉིས་སུ་མི་ཕྱེད་པར་རོ། རྗེས་རོ་མཉམ་པ་ནི། ཨ་ཕྱད་དེ། བཏང་སྙོམས། རྩོལ་མེད་དུ་གཞག་པ་སྟེ། ཨ་ཕྱད་དེ་ཞེས་པ་ནི། རྗེས་ཀྱི་ཤེས་པ་ལ་ཅི་སྣང་ཡང་སྣང་དུ་བཅུག་ནས་དོ་གལ་མི་བྱེད་པའོ། བཏང་སྙོམས་ཞེས་པ་ནི། མྱོང་ཡང་བདེ་སྡུག་ཏུ་མི་རྟོག་པའོ། །རྩོལ་མེད་ཅེས་པ་རྒྱུན་དུ་ལུས་ངག་ཡིད་ལ་བཅས་བཅོས་མི་བྱ་བར་མ་ཡེངས་པ་ཁོ་ན་སྐྱོང་ངོ་། །སྣང་ཙམ་ལ་མ་ཡེངས་པར་སེམས་གཟུང་བས་སྣང་བ་དེ་ཀ་སོ་སོ་རང་རིག་གི་ངོར་སྟོང་པར་སོང་བས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་མཐོང་ཡང་། དེ་དམིགས་པ་མེད་པའི་སྙིང་རྗེ་མ་འབྱོངས་པས་དབང་པོ་འབྲིང་གི་ཉམས་ལེན་དུ་བཞག་ལ། རྒྱས་པར་སྒང་སྒྲིལ་ལས་སོ། མྱོང་འདོད་ཅིག་མ་དག་གི་རིང་ལ་རྟོག་པ་ལ་ཐབས་མི་འཆག་ཅེས་རྒྱལ་བ་རྒོད་ཚང་པ་གསུངས་པས་འདིར་ཞེན་པ་ཁོ་ན་རོ་སྙོམས་པར་བྱ་རྒྱུའི་གཙོ་བོ་ཡིན་ནོ། །ཚུལ་འདི་ལྟ་བུའི་གནད་ཤེས་ནས་རྐྱེན་ངན་པ་ཐམས་ཅད་ལམ་དུ་འགྱུར་བས་དཔེར་ན་ལྟས་ངན་གཡང་དུ་ཁུགས་པ་ལྟ་བུའོ། །འདི་ཙམ་གྱི་རོ་སྙོམས་ཐལ་བྱུང་གི་སྟོང་པ་རེག་པ་ལའང་ཡོད་ཅིང་། རྒྱ་ཆེ་རོལ་པའི་མདོར་དེ་ལ་མི་གཡོ་བའི་བསམ་གཏན་ཞེས་ཀྱང་གསུངས་སོ། སེམས་དག་པས་ནི་བདེ་བ་ཡིན། སེམས་རྣམ་པར་མི་རྟོག་པར་སྦྱོངས་པས་རྣམ་པར་རྟོག་པས་དག་པ་ཞེས་བྱའོ། །གསང་འདུས་རྣམ་བཤད་པའི་སེམས་དབེན་ནོ། །ཉོན་མོངས་དུག་ནི་ཐམས་ཅད་འཇོམས། །སེམས་དག་པ་དེས་ཆོས་ཐམས་ཅད་སྒྱུ་མ་མཁན་ལ་སྒྱུ་མ་བཞིན་དུ་སྣང་ཡང་དེར་ཞེན་པ་མེད་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་འགྱུར་ལ། དུས་དེར་ཉོན་མོངས་པ་ཐམས་ཅད་ཐབས་ཀྱིས་ཟིན་པའི་ཕྱིར་བསྟན་པས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཡོན་ཏན་སྐྱེ་བའི་ཐབས་སུ་འགྱུར་རོ། དེ་ཙམ་ཡང་འཇིག་རྟེན་པའི་སྒོམ་པར་བཞེད་དོ། །སྒང་འདྲིལ་ལས་ཕྱག་རྒྱ་ཆེན་པོར་བཤད་པ་ནི་དབང་པོ་རྣོ་བ་ཞིག་ལ་དེར་ཡང་འགྱུར་རོ། །ཞེས་དགོངས་སོ། །འདིར་གཉེན་པོ་གཞན་ན་མེད་པར་རྣམ་པར་རྟོག་པ་ངོས་ཟིན་ཙ་ན་རང་སར་གྲོལ་བར་འགྱུར་བས་ལམ་གང་ཤར་ལ་སྤང་བླང་མེད་པའི་སྲིད་ཞི་མཉམ་ཉིད་དམ་རོ་སྙོམས་ཞེས་བརྟགས་སོ། །གསུམ་པ་ལ། རང་སེམས་སངས་རྒྱས་སུ་ངོ་སྤྲད་པ། དུས་གསུམ་དུ་བརྟགས་ནས་དུས་མེད་དུ་ཉམས་སུ་བླང་བའོ། །དང་པོ་ནི། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ཆོས་ཐམས་ཅད་སེམས་ཀྱིས་བྲིས་པར་འདུག་ལ། སེམས་རང་དེ་ཇི་འདྲ་བ་ཞིག་ཅེས་སེམས་ན། ཆོས་པ་སྤྱི་པ་དག སེམས་ཀྱི་གནས་ལུགས་རང་བཞིན་གྱི་སྒྲིབ་པས་དག་ལ། གློ་བུར་གྱི་དྲི་མས་མ་དག་གོ་ཞེས་འདོན་ཅིང་བློ་རྩེའི་གཏད་ཡུལ། སེམས་ཀྱི་གནས་ལུགས་དེའི་སྟེང་ན་གློ་བུར་གྱི་དྲི་མ་ཞིག་ནག་རོང་ངེ་ཡོད་པར་སེམས་མོད། ཁོ་བོའི་རྗེ་བཙུན། དེ་འདྲ་གར་ཡིན། སེམས་ཀྱི་གནས་ལུགས་དེ་ཀ་རང་བཞིན་ཡིན་ལ། དེ་ལ་དྲི་མ་ཅིའང་མེད་པས་རང་བཞིན་རྣམ་དག མ་རྟོགས་པ་ལ་ཁོ་དྲི་མ་ཅན་དུ་སྣང་བས་གློ་བུར་གྱི་དྲི་བཅས། སྣང་དུས་ཀྱང་དེའི་སྟེང་དུ་དྲི་མ་གྲུབ་མ་མྱོང་བས་མེད་པ་བཞིན་དུ་སྣང་བ་གློ་བུར་གྱི་དྲི་མ། བློ་ངོ་ལ་ལྟོས་ན་དག་པ་གཉིས་ལྡན་ཞིག་ཏུ་ཕུགས་འགྲོ་རྒྱུ། ཁོ་རང་གི་འདུག་ལུགས་ལ་བལྟོས་ན་ཡེ་ནས་སྒྲིབ་པ་སྤངས་སྤངས་པ། རྟོགས་པ་རྫོགས་རྫོགས་པ་ཞིག་ཡིན་པས་རྫོགས་པའི་སངས་རྒྱས་ཞེས་བཞག་ལ། དོན་འཁོར་བར་འཁོར་དུས་ཀྱང་དྲི་མ་དང་འགྲོགས་མ་མྱོང་། མྱ་ངན་ལས་འདས་དུས་ཀྱང་དྲི་མ་དང་བྲལ་མ་མྱོང་བ་ཞིག་གོ་གསུང་ངོ་། །ཡང་སེམས་སངས་རྒྱས་ཡིན་ཀྱང་རྫོགས་པའི་སངས་རྒྱས་མ་ཡིན་ནམ་སྙམ་ན་ཅི་ཡིན། གཞི་ཇི་ལྟ་བ་དེ་ཀ་འབྲས་བུ་ལེན་པས་གཞི་འབྲས་དབྱེར་མེད་ཅེས་གསང་ཆེན་གྱི་ཐེག་པ་འདིར་དབྱངས་གཅིག་ཏུ་གྲག་གོ །ཇི་སྐད་དུ། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། དེ་བསལ་ན་ནི་སངས་རྒྱས་ཉིད། ཅེས་སོ། །སངས་རྒྱས་གཞན་ནས་བསྟན་དུ་མེད། སེམས་དེ་རྟོགས་ནས་མཉམ་གཞག་དང་རྗེས་ཐོབ་ཟེར་སྐོར་ལེ་ཞིག་ཏུ་གཅད་མ་དགོས་པར་ཐམས་ཅད་དུ་ཆོས་ཐམས་ཅད་དེའི་དབྱིངས་སུ་རོ་མཉམ་པར་ཁྱབ་གདལ་བ་ལས་གཞན་སངས་རྒྱས་པ་ཞེས་བྱ་བ་ཞིག་སུས་ཀྱང་རྙེད་པ་མ་ཡིན་ནོ། འདིས་ནི་རྟོགས་པ་དང་རྟོགས་པ་པོ་རོ་གཅིག་པར་བསྟན་པས། འདི་ནི་སངས་རྒྱས་སུ་བྱེད་པའི་ཆོས། འདི་ནི་སངས་རྒྱས་པ། འདི་ནི་སངས་རྒྱས་འཕགས་པ་ཞེས་དོན་གྱིས་འབྱེད་པའང་བཞད་གད་དོ། །རང་དང་རང་གི་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱང་གཤིས་ཡིན་ལུགས་འབྲས་བུ་མངོན་དུ་བྱས་པ་གཉིས་ཀའི་དུས་ན་ཤིན་ཏུ་སངས་རྒྱས་པ་ཉིད་ཡིན་ཏེ། གནས་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཚད་མར་གྱུར་པ་སྟེ། དེ་རྣམས་ཀྱི་ཆོས་ཐམས་ཅད་ནི་གཟིགས་ལ། གཟིགས་པ་དེ་དག་གི་ནང་ནས་སངས་མ་རྒྱས་པ་གཅིག་ཀྱང་མེད་པས་སོ། འགའ་ཞིག་གི་འདོད་པ་ལྟར་སངས་རྒྱས་ཀྱི་སར་ཀུན་རྫོབ་ཀྱི་སྣང་བ་འདི་ཐམས་ཅད་ཁྲ་སྲཾ་མེར་ལོངས་རྒྱུ་ཞིག་ན། གཏི་མུག་གི་སྣང་བ་དང་མ་བྲལ་བའི་ཕྱིར། མ་རིག་པའི་གཉིད་སད་པ་ཞེས་པའི་སྒྲ་ནུས་པ་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་རྣམ་རྟོག་ཆོས་སྐུ་ཞེས་དབྱངས་སུ་མཛད་པའང་མྱོང་བའི་སྐད་དོ། །དེ་ལྟར་ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །ཞེས་སོ། །གཉིས་པ་ནི། རིག་བྱ་དང་རིག་བྱེད་དམ། ཤེས་བྱ་དང་ཤེས་བྱེད་དམ། གཞལ་བྱ་དང་འཇལ་བྱེད་དམ། རྟོགས་བྱ་དང་རྟོགས་བྱེད་ལ་སོགས་པ་དངོས་པོའི་མཚན་ཉིད་མ་འདྲེས་པ་སྔར་ཤེས་པ་འདས་པར་བརྟག་པ། རང་བཞིན་གཅིག་པར་ཉམས་སུ་མྱོང་བ་ད་ལྟ་བར་བརྟག་པ། རྗེས་ཐོབ་ཏུ་དྲན་པས་ཡུལ་ཡང་དག་པར་སྦྱོང་བ་ནི་མ་འོངས་པར་བརྟག་པ་སྟེ། ཚུལ་འདིས་མྱོང་བའི་རྣམ་པར་མི་རྟོག་པ་ནི། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གཞུང་དབུ་མ་པ་དག་སྒྲོ་བཏགས་པ་རྣམས་ལས་ལོག་པ་ཙམ་ཞིག་སྟོང་པར་གཞོག་པ་ལྟ་བུ་མ་ཡིན་ཏེ། འདིའི་གདངས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་དུ་འཆར་བ་མི་འགག་པར་འདུག་པས་སོ། །འཆར་བ་དག་ཀྱང་སྟོང་པ་མིན་པ། ཀུན་ཏུ་རྟོག་པ་ཅན་གྱི་ངོས་བརྟག་པ་ལྟར་ཡང་མ་ཡིན་ཏེ། དེ་ཉིད་དུ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཅིའང་མ་རྙེད་པས་སོ། དེ་ལྟ་བས་ན་སྣང་བའམ་སྟོང་པའི་ཕྱོགས་འགའ་ཞིག་གྲུབ་ན། དེ་གཉིས་ཀྱི་དབུས་སུ་གནས་པ་ཞིག་ཀྱང་འབྱུང་མོད་དེ། གང་ལ་ཕྱོགས་མེད་པ་ཉིད་ཀྱིས་དབུ་མར་ཡང་མི་དམིགས་སོ། །འདི་ནི་ཀུན་རྫོབ་ཀྱིབློས་དོན་དམ་པ་ཞེས་གཞག་པ་སྟེ་གཞན་དུ་བརྗོད་པ་ཐམས་ཅད་དང་བྲལ་བས་སོ། དེའི་ཕྱིར་འདི་ནི་རང་གི འདི་ནི་གཞན་གྱི་སྟོང་ངོ་ཞེས་སམ་མི་སྟོང་ཞེས་ཕྱོགས་འཛིན་པ་ངལ་བ་འབའ་ཞིག་གོ །གནས་མེད་གནས་པ་ཞེས་བྱ་བ། ནམ་མཁའི་རང་བཞིན། སྤྲོས་པ་ཐམས་ཅད་ཀྱི་གནས་སམ་སྐབས་མེད་པའི་མ་བཅོས་པ་ཉིད་ལ་གནས་པ། ནམ་མཁའ་དང་མཉམ་པར་དྲི་མ་མེད་པའི་རང་བཞིན། དེ་ལས་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་། དེ་ལས་མཐའ་ཡས་པའི་ཕྱག་རྒྱ་ཆེན་མོ་འབྱུང་བའི་བདེ་བ་ཆེན་པོ་དུས་མེད་དུ་འབྱུང་བ་བརྟན་པར་བྱས་པ་ལས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་ཡང་དག་པར་རྫོགས་པར་བྱེད་དེ། དེའི་ཕྱིར། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་སོ། །རྣམ་རྟོག་ལམ་དུ་བྱས་ནས་མི་རྟོག་པ་བསྒྲུབ་པའི་ཆོ་ག་འདི་ལྟ་བུ་དང་པོར་མ་བསྟན་ན། གང་ཟག་དེའི་བསྒོམ་པ་དང་སྤྱོད་པ་ཐམས་ཅད་མཚན་མར་སོང་བས་ཐར་པ་ལས་གོལ་དུ་དོགས་པ་སྟེ། གསང་བ་གྲུབ་པར། ད་ནི་མཐར་ཐུགས་སྐྱེས་གྱུར་ནས། །ཕྱི་ནས་རིག་པའི་བརཏལ་ཞུགས་སྤྱོད། །གཞན་དུ་དེ་ཉིད་དམན་པ་ཡིས། །འཚོ་བའི་རྒྱུ་ཅན་ཉིད་གྱུར་པས། །དམྱལ་བ་མཐོང་བར་བྱེད་པའི་རྒྱུ། །ཞེས་དང་། དངོས་པོ་མེད་པ་ཡོངས་ཤེས་ནས། །དངོས་པོ་སྒོམ་གྱུར་ཤེས་རབ་ཅན། །ཞེས་པས་ཀྱང་ངོ་།། །། གཉིས་པ་ཉོན་མོངས་པ་ལམ་དུ་ཁྱེར་བ་དུག་བདུད་རྩིར་བསྒྱུར་བའི་གདམ་ངག་ལ། སྣང་བ་སེམས་ཀྱི་ཆོ་འཕྲུལ་དུ་བསྟན། དེ་མ་ཤེས་པས་མངལ་དུ་འཇུག་ཚུལ། ཞུགས་ནས་ཆགས་སྡང་གི་ཉོན་མོངས་པར་བྱས་པ། དེ་ལམ་དུ་ཁྱེར་བ་ལས། དང་པོ་ནི། ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ལ། ལུས་སྐུ་རྡོ་རྗེར་རོལ་པས། ངག་གསུང་རྡོ་རྗེར་འཇུག ཡིད་ཐུགས་རྡོ་རྗེས་བསྐུལ་བའི་ཀུན་བཟང་གི་སྤྱོད་པ་ཇི་ལྟར་བྱ་ཞེས་བརྒལ་བ་དག་སྲིད་པ་དེ་བཟློག་པའི་ཕྱིར། །ཆོས་ཐམས་ཅད་རང་བཞིན་མེད་པ་དག་དེ་ལས་ཅིར་ཡང་འཆར་བ་མི་འགོག་པ། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་པ་ལྟར་སྟོན་པ་ལ། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱི། ཇི་སྐད་བཤད་པའི་དོན་དམ་པའི་གནས་སྐབས་བྱང་ཆུབ་ཀྱི་སེམས་ཆེན་པོ་གཉིས་དང་ལྡན་པ་དེ་ཉིད། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་སངས་རྒྱས་ཐམས་ཅད་རོ་གཅིག་པ་ཉིད་དུ་ཉམས་སུ་མྱོང་བར་བྱེད་པ་རིན་ཆེན་འབྱུང་ལྡན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་རྨོངས་པ་གཅོད་པར་བྱེད་པ་རྣམ་པར་སྣང་མཛད། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་ཐམས་ཅད་ཀྱི་དོན་བྱེད་པས་དོན་ཡོད་གྲུབ་པ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་འགྲོ་བ་སོ་སོར་རྟོག་པར་བྱེད་པ་སྣང་བ་མཐའ་ཡས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་མི་བསྐྱོད་པའི་གཟུགས་སུ་སྟོན་པར་མཛད་དོ། །རྣམ་པར་མཚོན། འབྲས་བུའི་གནས་སྐབས་ན་ཇི་ལྟ་བ་དེས་གཞི་དང་ལམ་དུ་བྱེད་པའང་མཚོན་པར་བྱའོ། གཞི་ཇི་ལྟར་མཚོན་ན། རིགས་ནི་ལྔ་པོ་དེ་ཉིད་ལས། །ངོ་བོ་ཉིད་ཀྱི་ཡེ་ཤེས་ལྔར་གནས་པའི་བྱང་ཆུབ་སེམས་ཀྱི་རིགས་ཀྱང་དེ་དང་དེའི་རྗེས་སུ་བྱེད་པས་དེ་དང་དེར་ཡང་དག་པར་བསྡུས་པའི་ཕྱིར་རིགས་ལྔར་གསུངས་ལ། སྟོང་ཕྲག་དུ་མ་སྐྱེས་པ་ཉིད། དེའང་། ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ། ཡུལ་ལྔ། སོ་སོར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དམ། ཞི་རྒྱས་དབང་དྲག་ལས་སྣ་ཚོགས་པའི་ཚུལ་གྱིས་སམ། ཡེ་ཤེས་ལྔ་དང་ལྷན་ཅིག་པས་དམ་པ་བརྒྱའོ། །དེའང་ལུས་ངག་ཡིད་ཀྱི་དབྱེ་བ་བྱས་ན་སྟོང་ཕྲག་བསམ་གྱིས་མི་ཁྱབ་པར་འགྱུར་རོ། མཉམ་ཉིད་མེ་ལོང་དུ་བསྡུས་པ་དང་། བྱ་གྲུབ་སོར་རྟོག་ཏུ་བསྡུས་ནས་རིགས་གསུམ་མམ། ང་རྒྱལ་གཏི་མུག་ལ་བརྟེན་པས་དང་། ཕྲག་དོག་ཞེ་སྡང་གི་བྱེ་བྲག་ཡིན་པས་དེར་བསྡུས་ནས་སྐུ་གསུང་ཐུགས་རིགས་གསུམ། དེ་ཐམས་ཅད་རྡོ་རྗེ་སེམས་དཔའི་རིགས་ཏེ་གསང་ཆེན་རིགས་གཅིག་གོ །དེ་ལྟར་ཡང་ནམ་མཁའ་མཉམ་པའི་རྒྱུད་ལས། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་བུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གསུངས་སོ། །འདིར་དང་པོར་སེམས་རྣམ་པར་མི་རྟོག་པའི་རང་བཞིན་བཤད་ནས་ཕྱིས་ལུས་སོགས་ཀྱི་གནས་ལུགས་སྟོན་པ་ནི། བརྟེན་པ་སེམས་མེད་པར་རྟེན་ལུས་དམིགས་པར་མི་འགྱུར་པས་སེམས་ཀྱི་དེ་ཉིད་དང་པོར་བསྟན་པ་ཡིན་ཞིང་། རྟེན་ལུས་མེད་པར་བརྟེན་པ་སེམས་ཀྱི་རང་བཞིན་ཡང་མེད་པས་ཕྱིས་ལུས་ཀྱི་དེ་ཉིད་བསྟན་ཏོ། །དེ་ལྟར་འདུས་པར། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་བསྐྱེད་ཅིག །ཅེས་དང་། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བར་སྨྲ་བར་མི་ནུས་སོ། །ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་ཀུན་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་སོ། །ད་ནི་ལམ་ཇི་ལྟར་མཚོན་ན། དེ་ཕྱིར་འདི་དག་རང་བཞིན་ཅིག །བདེ་ཆེན་མཆོག་ཏུ་ཕན་པའོ། །ཆོས་ཐམས་ཅད་རང་བཞིན་རྣམ་པ་མེད་པ་ལས་གདངས་རྣམ་པ་ཐམས་ཅད་པའི་ལྷར་ཤར་བའི་ཟབ་གསལ་ཟུང་འཇུག་གམ་རོ་མཉམ་ཡིན་པ་ལ་ཡིན་པར་གཏན་ལ་འབེབས་པ་ལ། བསྐྱེད་རིམ་པ། མོས་པས་འདྲ་འབག་ལམ་དུ་བྱེད། རྫོགས་རིམ་པས་དངོས་ལམ་དུ་བྱེད། དེ་ཕྱིར་བསྐྱེད་རིམ་གྱིས་མཐར་སྤྱོད་པ་དང་། རྫོགས་རིམ་གྱི་མཐར་སྤྱོད་པ་ལ་གཉིས་ལས། དཔའ་བོའི་རིམ་པ་དང་། བདག་བྱིན་གྱིས་བརླབས་པའི་ཁྱད་ཡོད་པ་ལས་འདིར་ཕྱི་མ་སྟོན་ཏེ། རྣམ་པར་མི་རྟོག་པ་དེ་ལ་ཕྱིའི་ཡུལ་ནི་མེད་ཀྱི། ཆོས་ཀྱི་དབྱིངས་ཡུལ་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རིག་པའི་བརཏལ་ཞུགས་ཡང་དག་པར་བླངས་ནས་ཡིད་བདེ་ཞིང་ཡིད་ཚིམ་པར་བྱེད་པའི་དངོས་གྲུབ་གཞན་ལ་ཕན་པ་ཐམས་ཅད་ཀྱི་གནས་དེ་རྫོགས་པར་བྱེད་པས་ཏེ། འདུས་པར། ལུས་དང་ངག་དང་སེམས་དམིགས་ན། །ངོ་བོ་ཉིད་ཀྱི་དམིགས་སུ་མེད། །སྔགས་ཀྱི་ལུས་སུ་སྦྱོར་བ་ལ། །བྱང་ཆུབ་མེད་ཅིང་སྒོམ་པའང་མེད། །ལུས་དང་ངག་སེམས་མཚན་ཉིད་དུ། །མདོར་ན་རྣམ་པར་དཔྱད་ནས་སུ། །སྔགས་ཀྱི་བཏགས་པའི་ཏིང་ངེ་འཛིན། སྦྱོར་བའི་ཆོ་ག་བསྒོམ་པར་བྱ། ཞེས་སོ། །གཉིས་པ་ནི། བདེ་བ་གང་གི་མི་ཤེས་པས། འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བ་ལྔ་རུ་འགྲོ་བར་འགྱུར། །ཐབས་དེ་ལྟ་བུ་མི་ཤེས་པ་རྣམས་འདོད་ཆགས་ལ་སོགས་པ་རྩ་བ་དང་ཉེ་བའི་ཉོན་མོངས་པ་ཁམས་གསུམ་གྱིས་བསྡུས་པ་རྣམས་ཀྱི་འགྲོ་བ་ལྔ་ཅི་རིགས་པར་འཕེན་ནོ། །ཁྱད་པར་ཕ་མ་འཁྲིག་པའི་དུས་ཀྱི་བྱ་བའི་དབྱེ་བས་ཁམས་ལྔར་འགྱུར་ཏེ་རགས་པའི་ལུས་རྩ་དང་། རླུང་དང་། ཁམས་དྲུག་གི་བདག་ཉིད་ཅན་ཏུ་གྲུབ་པ་ནི། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ལ་ལྔ་རུ་འགྱུར། །ཞེས་པ་ལ་སོགས་པས་སོ། །འདིས་ནི་ཉོན་མོངས་པ་གང་གིས་ལམ་དུ་བྱེད་པའི་གང་ཟག་བསྟན་ཏེ། ཁམས་གོང་མར་སྐྱེས་པ་རྣམས་ནི་ཆགས་པ་དང་བྲལ་བའི་ཚུལ་གྱིས་རང་སའི་ཉོན་མོངས་པ་ལམ་དུ་བྱེད་ལ། འདི་ལའང་འཕོ་བ་ལ་སོགས་པའི་སྟོབས་ཀྱིས་གཟུགས་མེད་དུ་འཕངས་པ་ཞིག་ཀྱང་ཡོད་ལ། དེའང་སྔགས་ཀྱི་སྤྱོད་པ་ལ་ཞུགས་ཤིང་དམ་ཚིག་མ་ཉམས་པ་ཡིན་པས་དང་། ལུས་འདི་ཇེ་ཕྲར་སྦྱངས་ནས་འོག་མིན་གྱི་གནས་ལུས་སུ་གྲུབ་པའི་སོ་སོ་སྐྱེ་བོ་ཞིག་ཀྱང་ཡོད་ལ། དེར་རེག་མཐོང་གི་མཚན་མས་ཡིད་ཀྱི་རིག་མ་ལ་དངོས་སུ་སྦྱོར་བ་དག་གཞན་དུ་ལས་རྒྱ་དང་བཅས་པས་དེ་དངོས་སུ་གྲུབ་པར་བྱས་པ་ཞིག་ཀྱང་ཡོད་པས། མཚན་ཉིད་ཀྱི་ཐེག་པའི་དངོས་བསྟན་བཞིན་ད་ུརྣམ་པ་ཀུན་ཏུ་བསམ་པར་བྱ་མི་ནུས་ཤིང་འདི་དག་ཏུ་འཁྲིག་པ་མ་བཤད་པས་དབང་ཕྱུག་ཆེན་པོ་ཆུང་མ་ཨུ་མ་དང་བཅས་པ་དེ་འདོད་པའི་ཁམས་པའོ་སྙམ་པའང་རྒྱུད་མང་པོའི་གཞུང་དང་འགལ་ལོ། །འདིར་འདོད་པའི་ཁམས་པའི་ནང་ནས་ཀྱང་མིའི་རྟེན། དེ་ལས་ཀྱང་མངལ་སྐྱེས་རྩོད་པའི་དུས་ཉོན་མོངས་པ་ཆེས་རགས་པས་ཆགས་ཆེན་གྱི་སྤྱོད་པ་ཁོ་ནས་འདུལ་དགོས་ཀྱི། གཞན་གྱིས་མི་ཐུལ་བས་མངལ་སྐྱེས་གཙོ་བོར་བསྟན་པ་ནི་ངེས་སོ། །གསང་ཆེན་གྱི་ཐེག་པ་འདི་ལས་ནི། ཁམས་གསུམ་གྱི་འོག་མིན་ལྟ་ཞོག དེ་ལས་བརྒལ་བའི་དབང་ཕྱུག་ཆེན་པོའི་གནས་སུའང་དབང་པོ་གཉིས་སྙོམས་པར་འཇུག་པའི་ཚུལ་བསྟན་གྱི། དངོས་པོར་གྲུབ་པ་ནི་འདོད་པའི་ཁམས་ཀྱི་དེའང་མ་ཡིན་ནོ། །གསུམ་པ་ནི། དེ་ལྟར་འཁོར་བར། ཁམས་གསུམ་གྱི་ཉོན་མོངས་པ་དང་ལས་ཀྱིས་བསྡུས་པའི་སྐྱེ་བའི་རྒྱུན་ནི་འཁོར་བའོ། །འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། གཟུགས་སྒྲ་དྲི་རོ་རེག་བྱ་ཁྱད་པར་ཅན་ནི་འདོད་པའི་ཡོན་ཏན་ནོ། །མ་དག་པས་ནི་དུག་ཆུ་འགྱུར། །དེ་དག་ཞེས་པས་དངོས་པོར་བཟོས་པ་ན་ཉོན་མོངས་ནས་ཐར་པའི་སྲོག་རྩ་གཅོད་པས་དུག་ཏུ་འགྱུར་ཏེ་དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པ་དུག་ཏུ་འགྱུར་བ་ཡིན། །ཞེས་སོ། ཇི་ལྟར་དུག་ཡིན་ཞེ་ན། ཉོན་མོངས་པ་ལ་དངོས་པོར་གཟུང་བས་ཆགས་པ་དང་སྡང་བས་ཀུན་ནས་བསླངས་པའི་ལས་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་གསོག་ལ། དེས་ཡང་འཁོར་བར་འཁྱམ་དུ་འཇུག་གོ །སཾ་པུ་ཊར། འདིས་ནི་འགྲོ་དྲུག་སེམས་ཅན་བཅིངས། འཁོར་བར་འཁོར་ཞིང་སྐྱེ་བ་ཉིད། ཉོན་མོངས་པས་ནི་རྨོངས་འགྱུར་བས། སྡིག་པ་དུ་མ་བྱེད་པར་འགྱུར། ཞེས་སོ། དག་པས་བདུད་རྩི་ཉིད་དུའོ། སོ་སོར་རང་རིག་པའི་མིག་ཐོབ་པས་གཟུགས་ལ་སོགས་པའི་རང་བཞིན་ཤེས་པར་འགྱུར་ལ། དེ་ཤེས་ན་འདོད་ཆགས་ལ་སོགས་པ་མེད་པར་བདུད་རྩིར་འགྱུར་རོ། །དེ་ལྟར་ཡང་དཔལ་མཆོག་དང་པོར། །དུག་ཉིད་ཉེ་བར་ཞི་གྱུར་ན། དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བསྟན་ན་ནི། བདུད་རྩི་ཉིད་དུ་གྱུར་པའང་ཡིན། །ཞེས་སོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ནི་ཉོན་མོངས་པ་སྐྱེ་བའི་རྒྱུར་གྱུར་པ་ཡིན་པས་ངན་སོང་གི་རྒྱུ་ཡིན་པར་བཅོམ་ལྡན་འདས་ཀྱི་གསུངས་ན། ཇི་ལྟར་ན་ཡང་། དེ་དག་བསྟན་པས་བླ་ན་མེད་པའི་གོ་འཕང་འགྲུབ་པར་འགྱུར་ཞེས་ཟེར་བ་སྙམ་ན། དེའི་དོན་ལེགས་པར་བསྟན་པས་དོགས་པ་སྤང་བའི་ཕྱིར། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །དམིགས་པར་ལྟ་བ་རྣམས་དེར་ཞེན་རྨོངས་ནས་ཆགས་སྡང་བས་ཉོན་མོངས་ཤིང་འཁོར་བའི་རྒྱུར་སོང་ངོ་ཞེས་བྱ་ལ། ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །རང་བཞིན་ཤེས་པ་རྣམས་ལ་ཞེན་པ་མེད་པས་རང་གྲོལ་ལ། མ་རྨོངས་པ་དང་། མ་ཆགས་པ་དང་། སྡང་བ་མེད་པར་གྱུར་པ་སྟེ། དེ་དག་གི་ཀུན་ནས་བསླངས་པས་དགེ་བར་འགྱུར་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་སློང་བ་བྱས་པའི་ལས་ཐམས་ཅད་མི་དགེ་བ། མ་ཆགས་ཤིང་མི་སྡང་གཏི་མུག་མེད་པས་ཀུན་ནས་སློང་བ་བྱས་པའི་ལས་ཐམས་ཅད་དགེ་བར་ཐེག་པ་ཆེན་པོ་པ་ཐམས་ཅད་འདོད་པའི་ཕྱིར། དེ་གཉིས་དཔེས་བསྒྲུབས་པ་ནི་སཾ་པུ་ཊར། དཔེར་ན་ཀེ་ཏ་ཀའི་མེ་ཏོག་དྲིའི་གླང་པོ་ཆེས་ཟོས་ན་གླ་རྩི་ལ་སོགས་པའི་དངོས་པོར་འགྱུར་རོ། །གླང་པོ་ཆེ་ཕལ་པས་ཟོས་ན་ལྕི་བའི་དངོས་པོར་འགྱུར་རོ། །དེ་བས་ན་ཀེ་ཏའི་མེ་ཏོག་གི་སྐྱོན་མ་ཡིན་ཏེ། དེ་བཞིན་དུ་འདོད་ཆགས་ལ་སོགས་པའང་རྣམ་པར་དག་པའི་རིམ་པ་ལ་གནས་པས། བསམ་པའི་ཁྱད་པར་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་ཉིད་ཀྱི་འབྲས་བུ་བྱེད་དོ། །དཔེར་ན་འོ་མ་སྦྲུལ་ལ་སོགས་པས་འཐུངས་ན་དུག་གི་དངོས་པོར་འགྱུར་རོ། གཞན་ཡང་སྐྱེས་བུས་འཐུངས་ན་བདུད་རྩིའི་དངོས་པོ་སྐྱེ་བར་འགྱུར་རོ། །ཞེས་དང་། ཡང་། གཏི་མུག་ཆགས་སྡང་ང་རྒྱལ་དང་། །ཕྲག་དོག་དང་ནི་ཉོན་མོངས་ལྔས། །སེམས་ཅན་སོ་སོའི་བཅིངས་པ་གང་། །རང་གི་ཡན་ལག་ཉིད་ཀྱིས་འཇོམས། །ཞེས་སོ། དེའི་ཕྱིར་གཉིས་སྣང་ཅན་རྣམས་ཀྱིས་མཐོང་བས་ཉོན་མོངས་པ་གཏི་མུག་ལ་སོགས་པར་བཏགས་པ་གཉིས་སུ་མེད་པའི་ལྟ་བ་ཁོང་དུ་ཆུད་པ་རྣམས་ཀྱིས་ཡེ་ཤེས་ལྔ་ཉིད་དུ་གཟིགས་པའི་ཕྱིར་ཉོན་མོངས་ཡེ་ཤེས་ཞེས་དཀར་བརྒྱུད་རིན་པོ་ཆེ་རྣམས་གསུང་བའང་མད་པར་གདའོ། །བཞི་པ་ལམ་དུ་ཁྱེར་བ་ལ། །དབང་པོ་རབ་འབྲིང་ཐ་མའི་ལམ་ཁྱེར་གསུམ་ལས། དང་པོ་ལ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྦྲོས་མེད། དབུགས་དབྱུང་བ་གཉིས་ཀྱི་འབྲས་བུ་རྣམ་པར་བཞག་པ། སྤོགས་པའི་ཆོ་ག་ལས། དང་པོ་ལ། ཚོགས་ཀྱི་དཀྱིལ་འཁོར་བསྟན། དེ་ཇི་ལྟར་བསྒྲུབ་པའི་ཚུལ་ལས་དང་པོ་ནི། ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཉོན་མོངས་པ་རྣམ་པར་དག་པར་བྱེད་ཅིང་། ཀུན་རྫོབ་ཀྱི་བདེན་པའང་དོན་དམ་པའི་བདེན་པས་རྣམ་པར་སྦྱངས་ནས་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པའི་ཕྱིར་ཏེ། གུར་ལས། ཐ་མལ་རྣམ་པ་གཞོམ་དོན་དུ། །ཡང་དག་སྒོམ་པ་རབ་གྲགས་ཀྱི། །རང་བཞིན་གནས་སྐབས་སྒོམ་པ་ནི། །སྒོམ་པ་མ་ཡིན་མི་སྒོམ་མིན། །བྱང་ཆུབ་དེ་ལྟ་བུར་ཤེས་པར་བྱ་སྟེ། །འོན་ཀྱང་དེ་ལྟ་བུའི་ལུས་གློ་བུར་གྱི་དྲི་མས། སྤགས་པ་ཡང་དག་པར་འདུ་བྱ་བའི་ཕྱིར་ན་སངས་རྒྱས་ཀྱི་སྐུར་རྣམ་པར་བསྒོམ་པར་བགྱི་བ་ལགས་སོ། །ཞེས་སོགས་གསུངས་པས་སོ། །ཀུན་རྫོབ་ཀྱི་བདེན་པའི་ཚུལ་ཞེས་བྱ་བའང་། །ཡེ་ཤེས་ཙམ་གྱི་ལྷ་ཉིད་དུ་བསྐྱེད་པ་སྟེ་བདག་ལ་བྱིན་གྱིས་བརླབབས་པའི་མན་ངག་གིས་སོ། །དེ་གང་ཞེ་ན། མི་བསྐྱོད་རྣམས་སྣང་རིན་ཆེན་འབྱུང་། །དཔག་མེད་དོན་གྲུབ་རྡོ་རྗེ་སེམས། །རྣམ་པར་རྟོག་པ་ཀུན་གྱིས་མི་འཁྲུགས་པས་མི་བསྐྱོད་པ་སྟེ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའོ། །དྲི་མ་ཐམས་ཅད་དང་བྲལ་བ་རྣམ་པར་གསལ་བའི་ཕྱིར་རྣམ་པར་སྣང་མཛད་དེ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའོ། །བླ་ན་མེད་པའི་དགའ་བ་གསལ་བར་བྱེད་པའི་ཕྱིར་རིན་པོ་ཆེ། །དེ་འབྱུང་བའི་རིན་ཆེན་འབྱུང་ལྡན་ཚོར་བའི་ཕུང་པོ་རྣམ་པར་དག་པའོ། །ཤེས་བྱ་ཐམས་ཅད་ལ་སོ་སོར་ཀུན་ཏུ་རྟོག་པའི་བདག་ཉིད་ཀྱི་དཔག་མེད་དེ་སྣང་བ་མཐའ་ཡས་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའོ། །འགྲོ་བ་ཐམས་ཅད་ལ་ཕན་པ་བསྐྱེད་པའི་རྒྱུ་ཡིན་པས་དོན་གྲུབ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་རྡོ་རྗེ་སེམས་དཔའ་སྟེ་ཕུང་པོ་ལྔ་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའོ། །སཾ་པུ་ཊར། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བར་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་ཉིད། །ཀུན་གྱི་ངོ་བོ་ཧེ་རུ་ཀ །ཞེས་སོ། །ཞེ་སྡང་གཏི་མུག་སེར་སྣ་གང་། །འདོད་ཆགས་ཕྲག་དོག་བདེ་བ་ཡི། །བྱང་ཆུབ་སེསམ་དཔའ་ས་སྙིང་ནི་གཏི་མུག་རྡོ་རྗེ་མིག་རྣམ་པར་དག་པ། ཕྱག་ན་རྡོ་རྗེ་ནི་ཞེ་སྡང་རྡོ་རྗེ་སྟེ་རྣ་བར་རྣམ་པར་དག་པ། ནམ་མཁའི་སྙིང་པོ་ནི་སེར་སྣ་རྡོ་རྗེ་སྟེ་སྣ་རྣམ་པར་དག་པ། འཇིག་རྟེན་དབང་ཕྱུག་ནི་འདོད་ཆགས་རྡོ་རྗེ་སྟེ་ལྕེ་རྣམ་པར་དག་པ། སྒྲིབ་པ་རྣམ་སེལ་ནི་ཕྲག་དོག་རྡོ་རྗེ་སྟེ་ལུས་རྣམ་པར་དག་པ། །ཀུན་བཟང་ནི་དབང་ཕྱུག་རྡོ་རྗེ་སྟེ་ཡིད་རྣམ་པར་དག་པ་སྟེ་འགའ་ཞིག་ཏུ་འཇམ་དཔལ་དུ་བཤད་དོ། །ནང་གི་སྐྱེ་མཆེད་ཐམས་ཅད་ཀྱི་བདག་པོའོ། །སཾ་པུ་ཊར། མིག་ནི་གཏི་མུག་རྡོ་རྗེར་བཤད། ཞེ་སྡང་རྡོ་རྗེ་སྔོན་ཐོས་པ། །སེར་སྣ་རྡོ་རྗེ་དེ་བཞིན་སྣ། །ཁ་ནི་འདོད་ཆགས་རྡོ་རྗེར་བརྗོད། །རེག་ལ་ཕྲག་དོག་རྡོ་རྗེ་མ། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །དམ་པའི་དབང་ཕྱུག་ཧེ་རུ་ཀ །ཞེས། སེམས་མ་དྲུག བདག ཅེས་པས་དེ་དག་བདག་རྐྱེན་དུ་བྱས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ་གའི་ངོ་བོ་ཉིད་ཆོས་ཀྱི་སྐྱེ་མཆེད་རྣམས་རྣམ་པར་དག་པའོ། །སྦྱང་གཞིའང་ཤེས་པ་ཉིད་ཡུལ་གྱི་རྣམ་པར་ཤར་བ་ཡིན་ལ། སྦྱོང་བྱེད་སེམས་དཔའ་ཡང་ལྷ་མོ་ཉིད་དུ་བཀོད་པས་ཀྱང་འགྲུབ་པོ། སངས་རྒྱས་སྤྱན་ནི་ལྟུང་བྱེད་མ་སྟེ་ས་ཁམས་རྣམ་པར་དག་པ། མཱ་མ་ཀཱི་གསོད་བྱེད་མ་སྟེ་ཆུ་ཁམས་རྣམ་པར་དག་པ། གོས་དཀར་མོ་འགུགས་བྱེད་མ་སྟེ་མེའི་ཁམས་རྣམ་པར་དག་པ། སྒྲོལ་མར་གར་གྱི་དབང་ཕྱུག་མ་སྟེ་རླུང་གི་ཁམས་རྣམ་པར་དག་པ། རྡོ་རྗེ་དབྱིངས་དབང་ཕྱུག་མ་ནི་པདྨ་དྲ་བ་མ་སྟེ་ནམ་མཁའི་ཁམས་རྣམ་པར་དག་པའོ། །སཾ་པུ་ཊར། ས་ཡི་ཁམས་ནི་ལྟུང་བྱེད་མ། །ཆུ་ཁམས་གསོད་པར་བྱེད་པར་བརྗོད། །མེ་ཡི་ཁམས་ནི་འགུགས་བྱེད་མ། །དེ་བཞིན་རླུང་ནི་གར་དབང་ཕྱུག །ནམ་མཁའི་ཁམས་སུ་བརྗོད་པ་ནི། །པདྨ་འབར་བ་འཁྱིལ་བ་ཉིད། །འདི་ལྟར་ལུས་ཅན་རྣམས་ཀྱི་ལུས། །ཕུང་པོ་ལ་སོགས་ལྷ་བདག་ཉིད། །ཅེས་དང་། ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །ཞེས་སོ། །ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་དང་ཁྲོ་མོར་ཡང་བཤད་པས། རང་བཞིན་གྱི་ངོ་བོ་ཉིད་ཆུ་ལས་རླབས་བཞིན་དུ་ཕུང་པོ་ལ་སོགས་པ་མངོན་པར་ཞེན་པ་དཔག་ཏུ་མེད་པའི་སེམས་ཅན་གྱི་བསམ་པའི་དབང་གིས་དཔག་ཏུ་མེད་པའི་གཟུགས་སུ་འཆར་བ་བཞིན་དྲི་མ་མེད་པའི་གནས་སྐབས་ཀྱི་རྡོ་རྗེ་སེམས་དཔའ་ཡང་བལྟའོ། །དྲན་པ་མི་འཕྲོག་རྣལ་འབྱོར་པས། །ཧེ་རུ་ཀ་ཡི་གཟུགས་ཀྱི་གར། །ཆགས་བྲལ་མིན་གོམས་སེམས་ཀྱི་ནི། །འདོད་ཆགས་སེམས་ཀྱི་སྒོམ་པ་ཉིད། །རིའི་ཕུག་གམ། ལྷ་ཁང་ངམ། རྒྱལ་པོའི་ཕོ་བྲང་གི་ཕྱོགས་འགོལ་བར་རམ། སྐྱེད་མོས་ཚལ་ལ་སོགས་པ་ཚུལ་དང་མི་མཐུན་པ་ལ་སོགས་པའི་སྐལ་བ་ངན་པ་མེད་པའི་གནས་སུ། །གར་ཆས་དང་། རོལ་མོ་དང་། མཆོད་རྫས་དང་། གྲོགས་དང་། སྒྲུབ་གཡོག་ཐམས་ཅད་ཕུན་སུམ་ཚོགས་པས་ཡིད་དགའ་བར་བྱས་ཏེ་དཀྱིལ་འཁོར་ཇི་ལྟ་བའི་ཁང་པའམ། ཡིད་དུ་འོང་བའི་ཁང་བུར། ཁྲོ་བོ་སྔོན་པོ་དབྱུག་པ་ཅན་སྒོ་སྲུངས་སུ་གཞག་ནས། ཁམས་གསུམ་པོ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པ་ཤྲཱི་ཧེ་ཀ་རྡོ་རྗེའི་སངས་རྒྱས་དང་། དེས་བསྟན་པའི་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང་། དེའི་འཁོར་ལོར་གནས་པའི་རྣལ་འབྱོར་པ་དང་རྣལ་འབྱོར་དགེ་འདུན་ལ་བྱང་ཆུབ་སྙིང་པོའི་བར་ཇི་སྲིད་པར་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བ་ཆེན་པོའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། འདི་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གང་ཡིན་པ་རྡོ་རྗེའི་ཐེག་པ་ལ་བདག་གིས་བརྟེན་པར་བགྱིའོ། །དེ་ནས་བུ་གཅིག་པ་ལྟ་བུའི་སེམས་ཅན་ཐམས་ཅད་ལྷའི་བདེ་བས་ཉེ་བར་འཛིན་པར་བྱའོ་སྙམ་པའི་བྱམས་པ་ཆེན་པོ་དང་། རྣམ་པར་རྟོག་པའི་རྒྱ་མཚོར་བྱིང་ཞིང་སྐྱབས་མེད་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འདོན་པར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་དང་། བདེ་བ་ཆེན་པོ་དང་མ་བྲལ་བ་ཡོངས་སུ་ཚིམ་ཞིང་མངོན་པར་དགའ་བ་དང་། འཇིག་རྟེན་གྱི་ཆོས་བརྒྱད་གཉེན་པོའི་ལམ་གྱིས་ཡོངས་སུ་གཟུང་བར་བྱའོ་སྙམ་པའི་བཏང་སྙོམས་ཆེན་པོར་བསྒོམ་པར་བྱའོ། །དེ་ནས་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་དྲན་པ་མི་འཕྲོག་པར་བྱས་ཏེ་འཇིག་རྟེན་ཆོས་བརྒྱད་ཟིལ་གྱི་མནན་ནས་བདག་ལ་བྱིན་གྱིས་བརླབས་པ་ཞེས་བྱ་བ། རྩིག་པའི་རས་བྲིས་མེ་ལོང་དུ་སྣང་བ་བཞིན་དུ་གནས་ཁང་རྡོ་རྗེའི་རྭ་གུར། ནང་སྣ་ཚོགས་རྡོ་རྗེའི་གཞིར་རིན་པོ་ཆེ་ལྔའི་རྩིག་པ་ཅན་གྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། ནང་པདྨ་ཆེན་པོ་འདབ་མ་བརྒྱད་པ་མུ་ཁྱུད་གེ་སར་ལྟེ་བ་དང་བཅས་པའི་དབུས་སུ་ཉི་མ་ལ་བདུད་ཆེན་པོ་བཞི་བརྫིས་པའི་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེའི་ངོ་བོ་ཉིད་དུ་བདག་ཉིད་དང་ལྷན་ཅིག་སྤྱོད་པའི་གྲོགས་མོ་ནི་བདག་མེད་མ་རྣམ་པ་ཐམས་ཅད་ཀྱི་སྐུ་བལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱིས་བརྒྱན་པར་ལྟ་བ་ནི་ཧེ་རུ་ཀའི་བཟུགས་བརྙན་གྱི་གར་ཏེ། ཧེ་རུ་ཀ་དངོས་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པ། །ཞེས་པའོ། །ཆགས་བྲལ་ནི་ཐེག་དམན་གྱི་འགོག་པའི་རྣམ་པར་ཐར་པ་སྟེ། དེ་ལྟ་བུ་མ་ཡིན་པར་འདོད་ཆགས་ཆེན་པོ་ལ་དམིགས་པའི་སེམས་ཀྱི་སྣ་ཚོགས་པའི་གཟུགས་བརྙན་དེ་སྒོམ་པ་གོམས་པར་བྱས་ཏེ་འཁོར་ལོའི་བདག་པོའི་ཚུལ་དུ་འདུག་པར་བྱའོ། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང་། དེ་ནས་རྣལ་འབྱོར་མ་རྣམས་དགོད། །རྗེས་སུ་སྤྱོད་པའི་ཕྱག་རྒྱ་མ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་བུད་མེད་ཀྱི་སྒྱུ་མ་རབ་ཏུ་བསྟན་པ་གཽ་རཱི་མ་ལ་སོགས་དང་བཏགས་ནས་ཕྱོགས་སུ་དང་ཕྱོགས་བྲལ་ཏེ་མཚམས་ཀྱི་པདྨའི་འདབ་མ་ལ་གཞག་གོ །རྫོགས་པའི་སངས་རྒྱས་ཉིད་ཀྱི་སྔོན་སྤྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟ་བར་བསྒོམ་པ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ཕྱིར་འདི་ནི་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པར་བྱས། །རྡོ་རྗེ་རིན་ཆེན་པདྨ་སོགས། །སྒོ་སྲུངས་དང་ནི་ལྡན་པར་བྱ། །རང་གི་ལྷ་དང་ལྡན་པ་ཡིས། །བུད་མེད་དག་ནི་ལེགས་བསྒྲུབས་ལ། །སྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟགས་པར་བྱ། །ཞེས་སོ། །དེ་ལྟར་ཁམས་གསུམ་པོ་མ་ལུས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་པ་ཆུའི་ཟླ་བ་དང་མཚུངས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་དུ་བྱས་ནས་དབང་པོ་མི་དགག་ཅིང་ཐམས་ཅད་དུ་མི་གནས་པའི་རྣལ་འབྱོར་པས། །དོགས་པ་མེད་པར་ལྷའི་ང་རྒྱལ་གྱིས་ཇི་ལྟར་བདེ་བར་གནས་པར་བྱས་ལ། དེ་ནས་གསུང་རྡོ་རྗེའི་ཏིང་འཛིན་ལ་འཇུག་པར་བྱ་སྟེ། ངག་གི་ཆོས་ནི་ཟིན་པ་དང་མ་ཟིན་པའམ་ལུང་དུ་སྟོན་པ་དང་མི་སྟོན་པའི་སྒྲ་ཐམས་ཅད་དོ། །དེ་ཐམས་ཅད་ཨཱ་ལི་དང་ཀཱ་ལིའི་རང་བཞིན་ཡིན་པས་སམ་ཡི་གེ་གསུམ་གྱི་བདག་ཉིད་ཡིན་པས་སྔགས། །དེའང་རླུང་གི་དེ་ཁོ་ན་ཉིད་ལས་གཞན་མ་ཡིན་པའི་ཕྱིར། སྲོག་ཕྱིར་འཕོ་བ་དགག་པའི་སྦྱོར་བས་དབུ་མའི་ནང་དུ་བཅུག་སྟེ་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་པར་འཆིང་བ་ནི་དོན་དམ་པའི་རྡོ་རྗེའི་བཟླས་པའོ། །དགོངས་པ་ལུང་སྟོན་ལས། གསུམ་པོ་དེ་ཉིད་གཅིག་གྱུར་པ། །འགྲོ་བ་མེད་ཅིང་འོང་བ་མེད། །འགག་མེད་རབ་ཏུ་ཞི་བ་དང་། །རྟག་དང་ཆད་པ་རྣམས་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པའི། །རྟོགས་པ་ནམ་མཁའ་དབྱེར་མེད་མཚོན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་དང་། འབུམ་ལྔར། སྲོག་ནི་རྒྱུན་མ་ཆད་གྱུར་སྤྲོ། །ཨ་ཝ་དྷཱུ་ཏཱིའི་གནས་སོན་བཟླས། །ཞེས་སོ། །དེ་ལྟར་ལུས་དང་ངག་ཐུགས་རྡོ་རྗེའི་རང་བཞིན་གྱིས་སྐུལ་བར་བྱེད་པའི་ཚུལ་ནི། སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་སྣང་བ་ཙམ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རྟོགས་པར་དགའ་བ་ཡིན་མོད་ཀྱང་། སྣང་བ་ཙམ་གྱི་སྣང་གསུམ་རླུང་གི་ཞོན་པར་གྱུར་ནས་རྣམ་པར་ཤེས་པ་བཅིངས་ཏེ། །ཐབས་དང་ཤེས་རབ་ཀྱི་སྣང་བ་གཉིས་འོད་ཟེར་ལྔ་དང་བཅས་ཤིང་སྣ་ཚོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྒྱུ་མ་ལྟ་བུའི་ལྷ་དང་སྔགས་སུ་འབྱུང་བ་ཡིན་ནོ། །འདུས་པར། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་བརཏལ་ཞུགས་ཡང་དག་པར་ལེན་པའི་སྤྱོད་པ་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འབྱུང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་དང་ངག་སེམས་བསྒོམ་པ་ནི། །གང་གི་ངོ་བོ་དེ་བྱས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། གུར་ལས། ཐུགས་ཀྱི་རྗེས་སུ་དྲན་དམིགས་ཏེ། །སངས་རྒྱས་རྗེས་དྲན་བསྒོམ་པར་བྱའོ། །རིན་ཆེན་སེམས་ནི་རབ་བསམས་ཏེ། །ཆོས་རྗེས་དྲན་པ་བསྒོམ་པར་བྱའོ། །ལས་རྗེས་དྲན་ལྡན་རྣལ་འབྱོར་པས། །འཁོར་ལོ་ཆེན་པོར་རབ་བསྒོམ་བྱའོ། །རྣལ་འབྱོར་རབ་མཆོག་འདི་ལྟ་བུ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོ། འདིས་ནི་ལུས་ངག་ཡིད་གསུམ་ཐ་མལ་གྱི་རྣམ་པར་རྟོག་པ་མི་སྤོང་བར་སྐུ་གསུང་ཐུགས་རྡོ་རྗེར་ལམ་དུ་ཁྱེར་བས་ང་རྒྱལ་ང་རྒྱལ་ཆེན་པོར་བསྒྲུབ་པ་ཞེས་བྱའོ། །གཉིས་པ་ལ། འདོད་ཆགས་འདོད་ཆགས་ཆེན་པོར། །ཞེ་སྡང་ཞེ་སྡང་ཆེན་པོར། གཏི་མུག་གཏི་མུག་ཆེན་པོར་བསྒྲུབ་པ་ལས། དང་པོ་ནི། བརྡ་དང་བརྡ་ཡི་ལན་གྱིས་རོལ། །བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ཆོས་འབྱུང་བའི་ཨཱ་ར་ལི་ཆེན་པོའི་རོལ་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར་ཡིད་གཞན་དུ་མི་འགྱུར་བ་དང་། ཕན་ཚུན་རབ་ཏུ་དགའ་བར་བྱ་བའི་ཕྱིར་རིམ་པ་འདིས་ཉིན་མཚན་དུ་སངས་རྒྱས་ཀྱི་རོལ་མོ་བྱའོ། །གང་ཞིག་སོར་མོ་གཅིག་སྟོན་པ། །གཉིས་ཀྱིས་ལེགས་པར་འོངས་པ་ཡིན། །ཞེས་སོགས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང་། མ་ད་ན་ཆང་བ་ལ་ཤ། ཞེས་སོགས་སྐད་དང་སྐད་ཀྱི་ལན་ནི་ལུས་དང་ངག་གི་བརྡའི་ཚུལ་འདིས་ཐ་སྙད་དུ་བྱེད་པ་སྟེ། གཞན་དུ། ཀྱེའི་རྡོ་རྗེའི་དབང་བསྐུར་གང་། །གསང་བའི་སྐད་དུ་མི་སྨྲ་ན། །དེ་ནི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དེ་ལྟར་གཟུགས་ལ་སོགས་པ་ཡུལ་རྣམ་པ་གསུམ་ཉམས་སུ་མྱོང་ནས་དེའི་རྗེས་སོ། རྡོ་རྗེ་ཐོས་པའི་སྦྱོར་བ་ཡིས། །བཟའ་དང་བཏུང་བ་ལ་སོགས་སྤྱད། །ཕྱི་རྡོ་རྗེ་ཐོད་པའི་སྦྱོར་བ་ནི་བསྐྱེད་རིམ་གྱི་རྣལ་འབྱོར་དུ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་བྱིན་གྱིས་བརླབས་པའི་ཆོ་ག་ལ་བརྗོད་ལ། །འདིར་ནང་རྡོ་རྗེས་སྟོང་པ་དང་ཐོས་པས་རང་རིག་པའི་ཡེ་ཤེས་ཏེ། དེ་ཉིད་སྦྱོར་བ་ནི་རིག་སྟོང་མཉམ་པ་ཉིད་དུ་རྟོགས་པས་བཟའ་བ་དང་། བཅའ་བ་དང་། བཏུང་བ་ཐམས་ཅད་སྒྱུ་མ་ཙམ་དུ་ཤེས་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྦྱངས་རྟོགས་སྦར་བ་དང་བདུད་རྩིར་དངོས་སུ་བྱས་པའོ། །གཉིས་མེད་ལ་སོགས་ཟས་ལ་ནི། །ཞེས་པའོ། །ཕོ་བའི་ཐབ་ཏུ་བད་ཀན་གྱིས་མྱགས། མཁྲིས་པས་བཞུ། རླུང་གིས་དངས་སྙིགས་འབྱེད་པའི་རྩ་གསུམ་གྱི་མེ་དེ་ལ། བཟའ་བཏུང་གི་སྲེག་རྫས་ལག་པའི་བླུགས་གཟར་གྱིས་ཕུལ་ཏེ། རང་གི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནས་འབྲས་ཙམ་གྱིས་མཚན་པའི་རྡོ་རྗེར་དམིགས་པས། དེས་མགྲིན་པ་ནས་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། བལྡག་པ་དང་། གཞིབ་པར་བྱ་བ་དང་། གཏུང་བར་བྱ་བ་ཐམས་ཅད་དངོས་ཏེ་ཕོ་བའི་གནས་སུ་སྙིགས་མ་མེད་པར་བཅུད་དངས་མ་འབའ་ཞིག་ཏུ་བསྒྲུབས་ཏེ། །གདན་གསུམ་དག་པའི་སྐུ་རྡོ་རྗེ་ཡང་དག་པར་ཚིམ་པར་བྱས་པས་རྒ་བ་དང་འཆི་བ་མེད་པ་ལ་སོགས་པའི་དངོས་གྲུབ་དེ་དང་དེ་དབང་དུ་བྱས་སྟེ། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བྱ་བ། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཞེས་དང་། གུར་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དམ་ཚིག་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཚོགས་ཀྱི་དཀྱིལ་འཁོར་འདི་ཉིད་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་ངོ་། རང་གི་ལྷག་པའི་ལྷར་དམིགས་ཏེ། བཟང་པོའི་རྒྱན་གྱིས་རྣམ་བརྒྱན་ལ། །ཕུན་གསུམ་ཚོགས་པ་ཀུན་དམིགས་ནས། །ལྟོ་བའི་གནས་སུ་སྲེག་བླུགས་བྱ། ཤར་དང་ནུབ་བྱང་ལྷོ་དང་ནི། ཕྱོགས་སུ་གནས་པ་རྣམས་ཆེར་མཆོད། །ལྷ་མོ་ཕྱོགས་བྲལ་གནས་རྣམས་ལ། ལྷག་མའི་ཚེ་ནི་མཆོག་གི་མཆོད། །ཅེས་གསུང་སོ། །ལེགས་པར་གླུ་བླང་། དྲུག་ལྡན་གྱི་རྗེས་སུ་འགྲོ་བའི་གླུ་ལ་སོགས་པ་དང་། གར། རྡོ་རྗེའི་གོམ་པ་རྣམ་པར་བཀོད་པ་ཞེས་བྱ་བ་ལ་སོགས་པ་དང་། ཡང་བྱ། རྡོ་རྗེའི་རོལ་མོ་གསུམ་སོགས་རོལ་མོ་དང་། དྲི་ཞིམ་པོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་དྲི། ལོངས་སྤྱོད་པ་གོང་དུ་གསུངས་པ་དག་གིས་ཏེ། རྡོ་རྗེ་ཆོས་དང་སངས་རྒྱས་དང་། །རྣལ་འབྱོར་མ་དང་མ་མོ་ཡི། །གླུ་དང་གར་ནི་འདི་དག་གིས། །ལེགས་པར་གླུར་བླང་གར་ཡང་བྱ། །འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང་། །དེ་བཞིན་བདག་ཀྱང་བསྲུང་བ་ཉིད། །ཅེས་སོ། །ད་ནི་རེག་བྱའི་ཡུལ་ལ་སྤྱད་པར་བྱ་བ་སྟོན་ཏེ། ཡང་ཡང་རྡོ་རྗེས་འདོད་པ་བྱ། །སཾ་པུ་ཊར། སྔ་དྲོ་དང་། ཉི་མའི་ཐ་དང་། ཉི་མ་ཕྱེད་དང་། ནམ་ཕྱེད་ཀྱི་དུས་སུའང་ཕྱག་རྒྱའི་རྣལ་འབྱོར་བྱའོ། །མཉམ་པར་སྦྱོར་བ་ལས་གཞན་གྱིས་འགྲུབ་པར་མི་འགྱུར་རོ་ཞེས་པས། ཡང་ཡང་དངོས་སུ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པར་བྱེད་པ་བཟང་མོ་བདག་མེད་མ་ལ་སོགས་པར་བཏགས་པའི་ལྷ་མོའི་ཚོགས་ལ་ཡོངས་སུ་བལྟས་ཏེ། གང་འདོད་པ་ཞིག་ཕང་དུ་གཞག་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པར་བྱའོ་ཞེས་ལྷག་པར་མོས་པ་བསྐྱེད་ནས། ཡུམ་གྱི་མཁའ་སྲཱིཿལས་བྱུང་བའི་པདྨ་ཨས་ཟེའུ་འབྲུ་བུ་ག་ཕཊ྄་ཀྱིས་མཚན་པ། ཡབ་གྱི་གསང་བ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཨོཾ་གྱི་ནོར་བུ་བུ་ག་ཕཊ྄་གྱིས་བཀག་པ་བལྟས་ནས། ཨོཾ་པདྨ་སུ་ཁ་སོགས་ཀྱིས་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྭ་སྭ་བྷ་ཝ་ཨཱ་ཏྨ་ཀཱོ་ཧཾ། ཞེས་པས་ཡབ་ཡུམ་གཉིས་ལྟ་བ་ལ་སོགས་པའི་འདོོད་པ་ལྔའི་བདེ་བས་རྗེས་སུ་ཆགས་པས་སྦྱོར་བས་ཕུང་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དྲི་མ་མེད་པའི་རྒྱུན་ལྟ་བུར་ཞུ་བར་གྱུར་ནས་འཁོར་ལོ་འདིར་སོན་པའི་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས། ནོར་བུའི་རྩེ་མོར་ཡུམ་གྱི་དམར་ཆའི་དངས་མ་དང་ཁ་སྦྱོར་བའི་ཐིག་ལེ་ཡུངས་ཀར་ལྟ་བུ་ལ་རྟེན་དང་རྟེན་པའི་འཁོར་ལོ་མཐའ་དག་གཟུགས་བརྙན་གྱི་བདག་ཉིད་ཀྱི་སྟོང་པ་ཉིད་དུ་འཆར་བཞིན་པ་མཆོག་གི་བདེ་བར་རོ་གཅིག་ཏུ་འདྲེས་པ་ལ་སེམས་བརྟན་པ་ལས་གྱེན་དུ་ཧཱུཾ་གི་སྦྱོར་བས་རྒྱུ་མཐུན་ལ་སོགས་པ་བཞིའི་རིམ་པས་འཁོར་ལོའི་དབུས་ཕུག་སྟེ་གཙུག་ཏོར་ཏུ་བཅིང་བར་བྱའོ། སྟེང་དང་འོག་ཏུ་ལྟ་བ་ཉིད། །ཀུན་ད་ལྟ་བུ་གྱེན་དུ་རང་བྱུང་གིས་ལོག་པ་ནི་སྟེང་དུ་ལྟ་བ། རང་གི་བནྡྷུ་ཀ་ལྟ་བུ་འོག་ཏུ་ནོན་པ་ནི་འོག་ཏུ་ལྟ་བ་སྟེ། རྒྱུ་འདིས་ཕྱིར་ཡང་ཆུ་བོ་གྱེན་དུ་བཟློག་པ་དང་། ཉི་མ་སྟོད་དུ་གནོན་ནུས་པར་འགྱུར་རོ། །དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །དེ་ཙམ་དུ་མ་ཟད་འབྱུང་བ་བཞི་དག་པས་སྲེད་མེད་ཀྱི་བུ་དང་སྟོབས་མཉམ་པ་དང་། མེས་མི་ཚིག་པ་དང་། ཆུར་མི་བྱིང་བ་དང་། རྐང་མགྱོགས་དང་། ནམ་མཁའ་ལ་རྒྱུ་བ་དང་། ལུས་གྲིབ་མ་མེད་པ་དང་། གཞན་གྱིས་མི་མཐོང་བ་དང་། འཁོར་དང་བཅས་པ་རྡོ་རྗེའི་ལུས་དབང་ཕྱུག་གིས་ཡོན་ཏན་བརྒྱད་དང་ལྡན་པ་དེར་གྱུར་ཏེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །དེའང་གནས་སྐབས་ཏེ། སངས་རྒྱས་ཀུན་དང་མཉམ་པར་འགྱུར། །མཐར་ཐུག་ནི་རྫོགས་པའི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་འདིའང་། གུར་ལས། བཞིན་མཛེས་མིག་ནི་དཀྱུས་རིང་ཞིང་། །སི་ག་བུར་འབྱུང་གནས་ཅན། །ཞེས་སོགས་ཀྱིས་རྒྱས་པར་ཕྱེའོ། །འདིས་འདོད་ཆགས་བདེ་བ་ཆེན་པོར་ལམ་དུ་བྱེད་པས་འདོད་ཆགས་འདོད་ཆགས་ཆེན་པོར་བསྒྲུབ་པ་སྟེ། རྒྱལ་པོ་ཨིནྡྲ་བྷུ་ཏི་ལྟ་བུའོ། །གཉིས་པ་ནི། ལྟ་སྟངས་བཞི་པོ་བསྒྲུབས་ནས་ནི། མཉམ་པར་གཞག་པ་ཁོ་ནས་ལྟུང་བ་བྱེད་པ་སོགས་སྒྲུབ་པ་སྔར་བཤད་ལ། དགོངས་པས་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་བྱེད་པ་ལ་བཞག་པ་ནི་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་ཞར་ལས་བསྟན་ནོ། །ལྟ་སྟངས་སཾ་པུ་ཊར་བཤད་པ་གཞན་རྣམས་ཀྱང་བསྒྲུབ་ལ། །དེ་བཞིན་དུ། །སྲོག་དབུ་མར་འཆིང་ནུས་པ་དེས། །ས་ལ་སྤྱོད་པའི་རིག་འཛིན་དང་། རིལ་བུ་དང་། མིག་སྨན་དང་། རྐང་མགྱོགས་དང་། ལྷ་མིན་གྱི་བུ་མོ་དགུག་པ་སྟེ། འདིས་ནི་མཐོ་རིས་ཀྱི་མཁའ་སྤྱོད་དང་། ས་འོག་གི་རིག་འཛིན་རྣམས་གྲུབ་སྟེ། གུར་ལས། རྡོ་རྗེའི་གཟུགས་ནི་བླང་བྱ་སྟེ། །སེམས་ནི་ཇི་ལྟར་འདོད་པ་ཡིས། །རིག་འཛིན་འཁོར་ལོས་སྒྱུར་བ་ནི། །ཐོགས་པ་མེད་པའི་སེམས་ཀྱིས་བསྒྲུབ། །ཅེས་པ་ལ་སོགས་པས་སོ། །གལཏེ་མངོན་པར་ཤེས་པའམ་སྔར་མཉམ་པར་བཞག་པའི་སྟོབས་ལས་མ་བསྐྱེད་ན། དབང་སོགས་ཀྱི་རླུང་རང་གནས་སུ་བཅིང་པས་དྲུག་པོ་བསྒྲུབ་སྟེ། གུར་ལས། །སྐྱེས་འགྱུར་རྣམས་དང་སྐྱེས་པ་དང་། སྐྱེས་པར་གྱུར་པ་འགྲོ་བ་རྣམས། །གཏི་མུག་རྡོ་རྗེར་རབ་སྦྱརབའི། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །སོགས་ཀྱིས་སོ། །མཁས་པས་སེམས་ཅན་གཞུག་པར་བྱ། །ཞེས་པ་ནི་ཚིགས་ཀྱི་དཀྱིལ་འཁོར་དེ་ཉིད་དུ། །འགྲོ་བ་འདུལ་བར་བསྟན་པ་དེར། །གུར་ལས། ཤིན་ཏུ་གདུག་ཅིང་དྲག་པ་ལ། །ཞི་བས་ཕན་པར་མི་འགྱུར་བས། །དེ་ལྟར་རྡོ་རྗེ་སྤྱན་གཟིགས་ཏེ། །རང་ཉིད་དགྱེས་པའི་རྡོ་རྗེར་མཛད། །ཅེས་སོགས་ཀྱིས་རིགས་དྲུག་ཞི་རྒྱས་དབང་དྲག་པོ་ལ་སོགས་པའི་ལས་ཁ་སོ་སོས་འདུལ་བར་འོས་པ་རྗེས་སུ་འཛིན་པར་བརྟན་ནོ། །བསྒྲུབ་བྱའི་ལྟེ་བའི་རྩ་བ་ནས། །བརཏལ་ཞུགས་ཅན་གྱི་ལག་པས་འདོན། འདི་ནི་ཚར་བཅད་པས་འདུལ་བར་བསྟན། བསྒྲལ་བར་འོས་པ་ནི། བསྟན་ལ་གནོད་པར་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་ནི། །ཞེས་སོ། །ཇི་ལྟར་བསྒྲལ་བ་ནི། སངས་རྒྱས་སྲས་དང་བཅས་པ་ལ་མཁྱེན་པར་གསོལ་ཏེ་དཔང་གཟུག ལྷ་མོ་བཞིའི་རྣལ་འབྱོར་ལ་དྲོད་ཐོབ་ཅིང་ཧེ་རུ་ཀ་ལྔས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པས། ནང་གི་མ་རུངས་པའི་སེམས་སྙིང་རྗེས་ཁྲོས་པས། ལྷ་མོ་ལྕགས་ཀྱུ་མའི་ལྕགས་ཀྱུས་དེ་དགུག་ཞགས་པ་མའི་ཞགས་པས་བཅིངས། ལྕགས་སྒྲོག་མའི་ལྕག་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུ་མའི་དྲིལ་བུས་མཉེས་ཏེ་རྐང་པ་གཡོན་པས་མནན་ནས་ཇི་སྲིད་ཁུགས་པར་གྱུར་པའི་བར་དུ་སྤྲོ་བསྡུ་བྱའོ། །དེ་ནས་ཁ་སྦྱར་འབྱེད་པ་ཡི། ཞེས་གསུངས་པས། ཁ་སྦྱར་ནི། བསྲུང་འཁོར། བྱིན་བརླབས། རང་བཞིན་གྱི་ཁ་སྦྱར་ཏེ་གསུམ་ལས། དང་པོ་ནི། ཏིང་ངེ་འཛིན་གྱིས་འདྲལ། གཉིས་པ་ནི། སྐུ་གསུང་ཐུགས་ཀྱི་སྤྲོ་བསྡུས་བསྒྲུབ་བྱའི་སྒྲིབ་པ་བཀྲུས་ནས། །དེ་ལ་སྔར་བྱིན་རླབས་ཞུགས་པ་དང་བཅས་པ་རང་གི་གནས་གསུམ་གྱི་ཡི་གེ་ལ་རྡོ་ཁབ་ལེན་གྱི་ལྕགས་བཞིན་དུ་བསྡུའོ། །གསུམ་པ་ནི། བསྒྲུབ་བྱའི་ལྟེ་བར་རྣམ་པར་ཤེས་པའི་རྟེན་རྫས་ཀྱི་ཐིག་ལེ་དཀར་དམར་ཁ་ཕྱེ་ནས། བརཏལ་ཞུགས་ཅན་གྱི། སྒྲུབ་པ་པོ་རང་ངོ་། ལག་པས་འདོན། ལེན་པའི་བྱ་བ་བྱེད་པས་ལག་པ་ཞེས་བཞག་པའི་ཕྱིར་རང་གི་ཚེའི་གསོས་སུ་ལེན་པ་སྟེ། རང་གི་སྣའི་སྒོ་ནས་བརྔུབ་པས་སོ། །དེ་ནས་བྱད་མའི་གཟུགས་དེ་ཉིད། །ཇི་ལྟར་ཕྱུགས་ཀྱི་གཟུགས་མཐོང་ནས། །ཁྲག་ནི་སྐྱུག་པ་ཉིད་དང་ཡང་། འདར་ཉིད་མགོ་སྐྱེས་གྲོལ་བ་དང་། །ཁ་ནི་འོག་ཏུ་རྣམ་པར་བསྒོམ། །ཞེས་པ་ལྟར་བསྒོམས་ཏེ་དམིགས་པའི་མཚོན་རྣོན་པོའི་ཐུན་གྱིས་བྲབས། དེ་ནས་བཤང་ལམ་ནས་ཁབ་སྟེ། གཤིན་རྗེའི་ཁབ་ཀྱི་གསོད་པའི་མེ་ཞུགས་ཏེ་སྙིང་གའི་མེ་ལྷ་སྤར་ཞལ་དུ་ཕུང་སོགས་ཐམས་ཅད་སྲེག་བླུགས་བྱའོ། །དེ་ཡི་ལམ་དུ་ཁབ་ཀྱི་མེ། །གཟུགས་བརྙན་འདུག་པར་རབ་བསམས་ཏེ། །སྙིང་གར་བྱིན་ཟའི་ས་བོན་ཉིད། །དམིགས་ནས་སྐད་ཅིག་གསད་པར་བྱེད། །ཅེས་སོ། །འདི་ནི་བསམ་གཏན་གྱིས་བསྒྲུབ་པ་སྟེ། ནང་གི་རྣམ་པར་ཤེས་པ་ཙམ་གྱི། ཞེས་གསུངས་པས་སོ། གལ་ཏེ་དམིགས་པའི་རྟེན་དགོས་ན། རྐང་རྗེས་ཀྱི་ས་དང་བག་ཟན་བསྲེས་པས་ལིངྒ་བྱས་ཏེ་མཚན་ངན་པའི་ཐོད་པར་བཅུག་རྐང་པ་གཡོན་པས་མནན་ཅིང་དགུག་པ་སོགས་ཀྱི་མཐར་ཐུན་བྲབ་པ་དང་དྲག་པོའི་སྦྱིན་སྲེག་ཀྱང་བྱའོ། །གུར་ལས། གང་གིས་དཀོན་མཆོག་གསུམ་གསོད་ཅིང་། །ཞེས་པ་ལ་སོགས་པས་སོ། །འདིས་ནི་ཞེ་སྡང་ཞེ་སྡང་ཆེན་པོར་བསྒྲུབ་པ་སློབ་དཔོན་པདྨ་ལྟ་བུའོ། །གསུམ་པ་ནི། དངོས་ཀུན་མཚན་ཉིད་མི་ཕྱེད་པའི། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་བསྒྲུབ། །དངོས་པོ་ཀུན་གཉིས་སུ་མེད་པའི་རང་བཞིན་དུ་གསལ་བར་མཐོང་བ་ནི་བདག་བྱིན་བརླབ་སྟེ། དྲི་མེད་འོད་དུ། བདག་བྱིན་བརླབ་པ་ཞེས་བྱ་སྟོང་པ་ཉིད། །ཁམས་གསུམ་མ་ལུས་གསལ་བར་མཐོང་བའི་མིང་། །ཞེས་གསུངས་ལ། དེ་ཉིད་ལ་ཕྱག་རྒྱ་ཆེན་མོ་ཞེས་བྱའོ། །དེ་ཇི་ལྟར་བསྒྲུབ་པ་ནི། རྟེན་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཨ་ཝ་དྷཱུ་ཏཱིའི་སྙིང་གར། བརྟེན་པ་ཟླ་བའི་མིང་ཅན་ཀུན་གཞི་རྣམ་པར་ཤེས་པ། མི་ཤིགས་པའི་ཐིག་ལེ་གཅིག་པུ་སྣ་ཚོགས་པའི་མིང་ཅན་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་རྣམ་པར་འཁྲིགས་པ་སྟེ་འཕྱོ་བ་རྟག་ཏུ་བཞུགས་ལ། རྡོ་རྗེ་རྣམ་པར་བསྒོམ་པ་ཞེས་པ་བསྒོམས་པས་མངོན་དུ་བྱེད་པ་ལ། ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ལ། རྣམ་པར་ཤེས་པ་ལྔ་པོ་རྣམས་ཡང་དག་པར་གཞག་ཅིང་། སླར་སྙིང་གར་བཅུག་སྟེ་གནས་ན་ཐིག་ལེའི་གཟུགས་མཐོང་བར་འགྱུར་རོ། །དེ་མཐོང་བ་ལས་ཡེ་ཤེས་སྐྱེ་ཞིང་རིམ་གྱིས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །གུར་ལས། སྙིང་གའི་དབུས་སུ་ཟླ་བ་གནས། །ཟླ་བའི་གཟུགས་ལ་མི་ཤིགས་པ། །སྣ་ཚོགས་འོད་ཀྱི་རྣམ་འཁྲིགས་ལྡན། །དེས་ནི་རྡོ་རྗེ་རྣམ་པར་འསྒོམ། །ཞེས་དང་། གཞན་ལས། སྙིང་ལ་རྟག་ཏུ་བཞུགས་པ་ཡི། ཐིག་ལེ་གཅིག་པུ་འགྱུར་བ་མེད། དེ་བསྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེེ་བར་འགྱུར། ཞེས་སོ། གང་གི་ཉི་མ་དང་ཟླ་བའི་བདག་ཉིད་ཅན་གྱི་ལམ་ལས་བདག་མེད་མའི་རང་བཞིན་ཨ་ཝ་དྷཱུ་ཏཱིར་བར་ཆད་མེད་པར་རླུང་འཇུག་པ་དང་། དབྱུང་བར་འགྱུར་བའི་ལམ་དེར་རླུང་དང་ལྷན་ཅིག་སྦྱར་ཏེ་གཅིག་ཏུ་བྱས་པའི་སེམས་གཟུང་བར་བྱའོ། ཚུལ་དེ་ཉིད་ཤེས་ནས་བསྒོམ་པ་ནི་རྣལ་འབྱོར་པའི་སྲོག་རྩོལ་ཏེ། ཇི་ལྟར་ཞེ་ན། རླུང་འབྱུང་འཇུག་གནས་གསུམ་ཨོཾ་ཨཱཿཧཱུཾ་གི་ཡི་གེར་དམིགས་ནས་བསྒོམ་པ་ནི་བརྡའི་བཟླས་པ་སྟེ་རྣལ་འབྱོར་པ་ཆུང་ངུའི་ཡིན་ལ། རླུང་ཉིིད་ཡི་གེའི་རྣམ་པར་ཤར་བ་ལ་མི་ལྟོས་པར་ལམ་དེ་དག་ཏུ་འཇུག་གནས་ལྡང་བ་ལ་དམིགས་པ་ནི་བརྡ་ཅན་གྱི་བཟླས་པ་སྟེ་འབྲིང་པོའོ། །རླུང་རྟེན་དང་བཅས་པ་ཐམས་ཅད་རང་གི་རང་བཞིན་སྤྲོས་པ་མེད་པ་འོད་གསལ་བས་བདག་ཉིད་དུ་བསྒོམ་པ་ནི་དོན་གྱི་རྗེས་འགྲོའི་བཟླས་པ་སྟེ་མཆོག་གིའོ། །དེ་ལྟར་རྣམ་ཤེས་ཀྱི་བཞོན་པར་གྱུར་པའི་རླུང་སྲོག་རྩོལ་གྱིས་སྦྱངས་པ་དེས། སེམས་དུ་སོགས་ཀྱི་སྣང་བའི་འོད་གསལ་དུ་ཁྲིད་ནས་བླ་ོཡི་སྤྱོད་ཡུལ་མ་ཡིན་པའི་ཁྱིམ་དོན་དམ་པར་འདྲེན་ནོ། དེའི་ཚེ་མངོན་པར་བྱང་ཆུབ་པ་ཞེས་བྱ་བར་འགྱུར་ལ། འདིར་རྣམ་པར་ཤེས་པའི་བཞོན་པའི་རླུང་ཡེ་ཤེས་ཀྱི་རླུང་དུ་གྱུར་པ་ཉིད་གང་ལ་བྱ་ཞེ་ན། འབྱུང་བའི་རླུང་དག་པས་སྣ་ཚོགས་པའི་གཟུག་དང་སྒྲ་བརྙན་དུ་སྣང་བ་ལ་བྱའོ། གུར་ལས། རྡོ་རྗེ་བདག་མེད་མ་མཁའ་འགྲོ། །བསྐུལ་བའི་ཆོ་གས་བསྐུལ་བར་བྱའོ། །ཞེས་སོ། །མཁའ་འགྲོ་མའི་སྣ་རྩེ་ནི་པདྨ་སྟེ། ཕྱག་རྒྱ་གསུམ་གྱི་དབྱེ་བས་ལས་ཀྱི་ཕྱག་རྒྱའི་པདྨ་ནི་སྐྱེ་གནས། ཡེ་ཤེས་ཀྱི་ཕྱག་རྒྱའི་པདྨ་ནི་ལྷ་མོར་ཡིད་ཀྱིས་བཏགས་པའི་མཚན་མ། ཕྱག་རྒྱ་ཆེན་མོའི་ནི་གྲུ་གསུམ་གྱིས་མཚོན་པའི་རྣམ་ཐར་སྒོ་གསུམ་སྟེ། དོན་གཟུང་བར་བྱ་བ་རྣམ་པ་ཐམས་ཅད་པ་དང་ལྡན་པའི་སྟོང་པ་ཉིད་ཁོ་ནའོ། །དེ་དག་ཏུ་གནས་པའི་རྡོ་རྗེའང་རྣམ་པ་གསུམ་དུ་འགྱུར་ཏེ། རྣལ་འབྱོར་པའི་རྟགས་ཉིད་དང་། སྒོམ་པ་ལྷའི་དང་། གཟུང་བྱ་སྟེ། གཟུགས་འཛིན་པར་བྱེད་པའི་སེམས་རྣམས་སོ། །ཕྱག་རྒྱ་གསུམ་གང་ཡང་རུང་བའི་པདྨ་ལ་གནས་པའི་རྡོ་རྗེའི་རྩེ་མོར་དོན་དམ་པའི་ཐིག་ལེར་འགྱུར་བ་མེད་པའི་རྟེན་ཀུན་རྫོབ་ཀུན་ད་ལྟ་བུར་དངས་པའི་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཚད་ཙམ་གནས་པའི་དུས་ནི་མཆོག་གི་དང་པོ་ཞེས་བྱ་སྟེ། དགའ་བ་ལ་སོགས་པ་ཐམས་ཅད་ཀྱི་མཆོག་ཡིན་པས་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་དང་པོའི་ཐ་སྙད་བྱས་ལ། ཁམས་གསུམ་ནི་སྐུ་གསུམ། རྒྱུ་བ་དང་མི་རྒྱུ་བའི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དང་མཆོག་གི་དང་པོར་མི་འགྱུར་བའི་བདེ་བ་རོ་གཅིག་པ་ཉིད་ཀྱི་དགའ་བ་འཆང་བ་ནི མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་བྱའོ། གུར་ལས། མཁའ་འགྲོ་མ་ཡི་སྣ་རྩེར་ནི། །ཡུངས་ཀར་གནས་པར་རྣམ་པར་བསྒོམ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །འགྲོ་བ་མ་ལུས་ཡུངས་ཀར་དུའོ། །ཞེས་སོ། །དབང་པོའི་སྒོ་སོ་སོ་དང་ལུས་ཀྱི་བ་སྤུའི་མཐར་ཐུག་པར་ཀུན་ད་ལྟ་བུའི་ཐིག་ལེ་བཀོད་ནས་རླུང་ཡིད་རྩེ་གཅིག་ཏུ་རྣལ་འབྱོར་དུ་བྱས་པས་མངོན་པར་ཤེས་པ་སོགས་དང་། བྱེད་པར་དབང་པོ་གཞན་དུ་གྱུར་པ་ཐོབ་སྟེ་རེ་རེས་ཐམས་ཅད་ཀྱི་བྱ་བ་བྱེད་དོ། །གུར་ལས། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱར་མངོན་ལྡན་པ། །རྣལ་འབྱོར་ཉིད་ཀྱིས་དེར་བསམས་ན། །དེ་ནས་བདག་དང་གཞན་མེད་པར། །རྡོ་རྗེ་པདྨ་ལས་བྱུང་བཞིན། །ཞེས་སོ། །རྡོ་རྗེ་དང་པདྨ་ལས་བྱུང་བའི་དཔེ་ནི། དབང་པོ་ཕན་ཚུན་གཉིས་སུ་མེད་པར་སྦྱོར་བ་ཞེས་པའི་དོན་ནོ། །སེམས་རླུང་ཐིག་ལེ་ཁ་སྦྱོར་གསུམ་དུ་གྲུབ་པའི་འོད་གསལ་བའི་སེམས་ཀྱིས་དངོས་པོར་སྣང་བ་སྦྱངས་པའི་རྣམ་པ་མེད་པའི་འོད་གསལ་ལས་ཆུ་ལས་ཉ་བཞིན་དུ་རྣམ་པ་ཐམས་ཅད་པའི་སྐུར་ལྡང་བ་ནི་ཟུང་འཇུག་ཅེས་བྱ་བའི་མིང་ཅན་དེ་ཡིན་ཏེ། གུར་ལས། ཡང་དག་བདེ་བ་དངོས་མཆོག་དེ། །ཞེས་ནས། དོན་དམ་པའི་རང་བཞིན་གྱི་གོ་འཕང་ཆེན་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ཞེས་པའི་བར་གྱིས་གསུངས་སོ། །འདིར་རྣལ་འབྱོར་པའི་ལུས་ངག་ཡིད་ཐམས་ཅད་འོད་གསལ་བ་ཉིད་དུ་བྱིན་གྱིས་རློབ་པའི་ཕྱིར་རང་བྱིན་བརླབས་ཞེས་བྱ་ཞིང་། རྣམ་པ་མེད་པའི་འོད་གསལ་ནི་རྟོགས་པའི་འོད་གསལ་ཞེས་བྱ་བ་དེ་ཡིན་ལ། སྔ་མ་རྒྱུ། ཕྱི་མ་འབྲས་བུར་སྣང་ངོ་། །འདིས་གཏི་མུག་གཏི་མུག་ཆེན་པོར་བསྒྲུབ་པ་སློབ་དཔོན་ལྭ་བ་པ་ལྟ་བུར་ཤེས་པར་བྱའོ། གསང་བ་གྲུབ་པར། སྐྱོ་བའི་ངེས་པ་ཡོངས་སྤངས་ལ། །ཚོགས་ཀྱི་དབང་ཕྱུག་གཟུགས་བྱས་ནས། །གང་དུ་སུས་ཀྱང་མི་ཤེས་པར། །མཐར་སྐྱེས་ནང་དུ་འཇུག་པར་བྱ། ཞེས་སོགས་ཀྱིས་གསུངས་པའང་ཚོགས་ཀྱི་དཀྱིལ་འཁོར་དུ་བསྒྲུབ་པའི་ཚུལ་ཅིག་ཡིན་ལ། སྔགས་རྙིང་མ་པ་དག གྲུབ་པ་ཆེན་པོ་ཞེས་ཀྱིལ་འཁོར་དང་བཅས་པས་ལོ་ཟླར་བསྒྲུབ་པའང་ཅིག་དང་། དེ་ཉིད་བསྡུས་པར་ལག་པའི་ཕྱག་རྒྱ་དང་། གླུའི་མཆོད་པ་དང་སྟངས་སྟབས་ལ་སོགས་པའི་ཚུལ་དང་གར་ལ་སོགས་པའི་སྦྱོར་བས་རྟག་ཏུ་བརྩོན་པའི་ཡིད་དང་། ཉིན་དང་མཚན་དུ་སྤྱོད་པ་དང་། དཔལ་མཆོག་དང་པོ་ལ་སོགས་པར་སྐྱིལ་མོ་ཀྲུང་གི་འདུག་སྟངས་དང་། ཉམས་རྣམ་པ་དགུ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོལ་མོས་ཕྱག་རྒྱ་ཆེན་པོ་བསྒྲུབས་པ་སོགས་ཆགས་ཆེན་གྱི་སྤྱོད་པ་འདིའི་རྣམ་པརདབྱེ་བ་ཐམས་ཅད་ནི་ཀུན་མཁྱེན་ཉིད་ཀྱི་སྤྱོད་ཡུལ་ཡིན་ནོ། །ཨཱརྻ་དེ་བས། འདོད་ཆགས་ཆོས་ཀྱི་ཚུལ་བསྟན་པའི། །རྣམ་པར་རོལ་པ་སྤྲོས་པ་ནི། །ནམ་མཁའ་མཉམ་པས་མཁའ་ལྟ་བུ། །མཐའ་མེད་རྒྱ་མཚོ་དག་དང་མཚུངས། །སློབ་མས་ཁོང་དུ་ཆུད་པའི་ཕྱིར། །དངོས་པོ་ཙམ་ཞིག་བླངས་པ་ཡིན། །འདོད་ཆགས་བསྟན་པར་བྱ་བ་ནི། སྐྱེ་བ་དུ་མས་བཤད་ནུས་སམ། །ཞེས་སོ། །དེ་ལྟ་བུས་དངོས་གྲུབ་མཆོག་མ་རྙེད་ཀྱི་བར་དུ་སྤྱོད་པར་མི་ནུས་ན་རེག་མཐོང་གི་མཚན་མ་རྙེད་པ་ཙམ་དུ་བྱས་ནས་གསང་བའི་སྤྱོད་པ་ལ་འཇུག་གོ །བདེ་མཆོག་ལས། ཉིན་རེའམ་ཡང་ན་ཟླ་རེ་འམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ནི། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་པ་ལྟར་རེ་འགའ་ཙམ་སྦྱོར་པར་ཡང་བཤད་དོ། །གཉིས་པ་སྤྲོས་མེད་ཀྱི་སྤྱོད་པ་ནི། ཡང་ན་རིགས་ནི་རྣམ་པ་ལྔ། སྔར་བཤད་པའི་གནས་དང་ཁང་པར། རིགས་ལྔ་ལས་བྱུང་བའི་རྣལ་འབྱོར་མ་ལྔ་དངོས་སུ་བཅུག་ལ། གཞལ་ཡས་ཁང་། བདག་བྱིན་གྱིས་བརླབ་པའི་རིམ་པས། བདག་ཉིད་རྡོ་རྗེ་སེམས་དཔའ་དང་། ལྷ་མོ་རྣམས་འདོད་པ་ལྔའི་རྡོ་རྗེ་མར་བལྟས་ཏེ། དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་མ་ལུས་པ། འཇིག་རྟེན་པས་སྨོད་པའི་དམ་ཚིག་རྣམས་སྦྱང་བ་ལ་སོགས་པའི་རིམ་གྱིས་མངོན་པར་འདུ་བྱས་ཏེ་མཉེས་པར་བྱས་ལ། རེག་བྱ་རྡོ་རྗེ་མ་དང་ལྷན་ཅིག་རིལ་བུར་འཛིན་པའི་རྗེས་སུ་གཞིག་པའི་རིམ་གྱིས་ཡང་དག་པའི་མཐའ་ལ་འཇུག་གོ །དེ་ནས་ལྷ་མོ་བཞིས། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་སོགས་ཀྱི་ཚིགས་སུ་བཅད་པས་བསྐུལ་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་འབྲས་བུའི་ཧེ་རུ་ཀར་བཞེངས་ཏེ། མཆོག་ཏུ་དགའ་བའི་རོ་མྱང་བར་བྱ་བའི་ཕྱིར་ཉམས་རྣམ་པ་དགུས་རོལ་བར་བྱའོ། དེ་ལྟར་ཡང་དང་ཡང་ཡང་དག་པའི་མཐའ་ལ་རབ་ཏུ་ཞུགས་ནས་ཡང་དང་ཡང་དུ་བཞེངས་ཏེ། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་གྱུར་པས་འདོད་པའི་ཡོན་ཏན་རྣམས་ལ་འཇིག་རྟེན་པའི་མཚན་མ་ལ་དམིགས་པ་སྤངས་ཏེ་ལོངས་སྤྱོད་པར་བྱའོ། །འདི་ལ་ལག་པའི་ཕྱག་རྒྱ་མི་བསྒྱུར་བ་དང་། དཀྱིལ་འཁོར་དང་། ཐབས་དང་། མཆོད་རྟེན་གྱི་ལས་དང་། གླེགས་བམ་མི་ཀླགས་པ་དང་། ལུས་ངག་ངལ་དུབ་དང་། རས་བྲིས་དང་། རྡོ་སོགས་ལ་བྱས་པའི་གཟུགས་བརྙན། །ཉན་རང་རྣམས་ལ་ཕྱག་མི་བྱ་བ་དང་། །དུས་ལ་བལྟོས་པ་ཐམས་ཅད་སྤངས་ཏེ་བསྒྲུབ་པས་སྤྲོས་པ་མེད་པ་ཞེས་བྱ་ལ། །འདི་ནི་དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་བདུད་རྩི་ལྔ་ཐོགས་ཤིང་དམ་ཚིག་གི་རྫས་ཐོགས་ནས་ཞེས་པ་ནས། བསྲེས་ནས་བརཏལ་ཞུགས་ཅན་གྱིས་བཏུང་ཞེས་པའི་བར་གྱིས་སོ། །འདུས་པར་ཡང་། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །ཞེས་སོ། །འདོད་ཆགས་ཞེ་སྡང་གཏི་མུག་གི རྡོ་རྗེ་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་མ་ལྔ་མ་རྙེད་ན་གཅིག་ཉིད་བདག་མེད་མར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་དང་། ལྷ་མོ་ཐམས་ཅད་ཕྱག་རྒྱ་མའི་ལུས་དཀྱིལ་ལ་འདུས་པ་ཡིན་པས་སྔ་མ་བཞིན་དུ་རྣལ་འབྱོར་དུ་བྱའོ། །འདིའང་། རིག་མར་ལྷན་ཅིག་གོམས་བྱས་པས། །འཕྲལ་དུ་མངོན་དུ་བྱེད་པ་ཉིད། །ཅེས་སོགས་ཀྱིས་གསུངས་སོ། །གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། །མི་བསྐྱོད་ཞེ་སྡང་གཟུགས་ཅན་ཉིད། །ཐུགས་ཀྱི་བདག་པོ་རིགས་གཅིག་གོ །གསང་བ་ཆེན་པོ་རིགས་གཅིག་ཏུ་བརྟག་པས་སྤྱོད་པ་སྟེ། །རྣམ་པར་མི་རྟོག་པའི་དངོས་གྲུབ་འབའ་ཞིག་བསྒྲུབ་པ་ལ་རྩེ་གཅིག་པས། ཕྱི་རོལ་གྱི་བུད་མེད་རྣམ་པར་སྤངས་ནས་སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་སྙོམས་པར་ཞུགས་པར་བྱའོ། །བརྩེ་བས་དངོས་གྲུབ་དོན་དུ་ཡང་། །ཟླ་བ་ཕྱེད་དུ་ཡོངས་སུ་བརྟག །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡི། །ཉི་མ་གཅིག་ཏུ་མ་ཆད་པར། སྒོམ་པ་ཡོངས་སུ་བརྟག་པར་གྱིས། །ཞེས་པས་བསྟན་ལ། ཚུལ་འདིར་རིག་པས་ཕྱི་རོལ་ཏུ་ཆད་པ་ལྟར་སྣང་བའི་བརྟན་གཡོ་ཐམས་ཅད་བདག་གི་ཁོ་ན་ཉིད་ལྷན་ཅིག་སྐྱེས་པ་ཡིན་པ་ལ་ཡིན་པ་ཉིད་དུ་རང་བཞིན་ཤེས་པའི་བསམ་གཏན་གྱིས་སྒོམ་པར་བྱེད་པའོ། དེ་ལྟ་ན། ཡུལ་སོ་སོར་མ་འདྲེས་པར་ཤེས་པའི་རྣམ་པར་རྟོག་པ་བསྒོམ་པར་འགྱུར་བ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བརྟན་གཡོ་ལྷན་ཅིག་སྐྱེས་སུ་བསྒོམ་པ་ནའང་། དེ་དག་ལྷན་སྐྱེས་སུ་བློས་བཅོས་ཏེ་སྒོམ་པ་མ་ཡིན་གྱི། །བརྟན་གཡོ་ལྷན་ཅིག་སྐྱེས་ཀྱི་རང་བཞིན་ཡིན་པས་དེ་ལ་རྟོག་མེད་དུ་མ་བཅོས་པར་གནས་པ་ཙམ་མོ། །དེ་འདྲ་མ་ཡིན་པར་བརྟན་གཡོ་རེ་རེ་བ་བསམ་རྒྱུ་ཡིན་ན། འགྲོ་བར་ལྷན་སྐྱེས་པའི་རོལ་པས་རྩེ་བ་དེ་ཉམས་པར་འགྱུར་རོ། །དེ་ལྟ་བུས་སྤྱོད་པ་ནི་བྷུ་སུ་ཀུའི་སྤྱོད་པ་ཞེས་བྱ་སྟེ། འདི་ལ་མཚན་མར་སྣང་བ་ཟ་གཉིད་བཤང་བ་ཙམ་ལས་མེད་པའི་ཕྱིར་རོ། །དེ་ལྟར་ཡང་། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །སྒོམ་པ་ཉིད་ནི་སྒོམ་པ་མིན། །བརྟན་དང་གཡོ་བའི་དངོས་པོ་ཡང་། རྩ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་དེས་བསྒོམ་བྱ། །དེ་རྣམས་དམ་པ་ཅིག་ཡོད་མིན། །ཞེས་སོ། །བཞི་པ་དབུགས་དབྱུང་གཉིས་ཀྱི་སྒོ་ནས་འབྲས་བུ་རྣམ་པར་གཞག་པ་ནི། གང་དང་གང་གི་བསམ་པ་ཡིས། མི་རྣམས་ཀྱིས་ནི་ཡིད་སྦྱར་ན། དེས་ནི་དེ་ཡི་སྔོན་འགྲོ་བ། ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན། །གང་ཞིག་སྤྱོད་པ་དེ་ལྟ་བུ་དག་ཀྱང་འདོད་པའི་བདེ་བ་ལ་དམིགས་ནས་ཕྱག་རྒྱ་དེ་དང་སྦྱར་བས་ནི་རྣལ་འབྱོར་དེ་གྲུབ་པ་ན། འདོད་པའི་ཁམས་ཀྱིས་དངོས་གྲུབ་གང་འདོད་པ་དེའི་གནས་ལུས་སུ་སྣང་ངོ་། །གཟུགས་ཀྱི་བདེ་བ་ལ་དམིགས་ནས་ཡིད་དམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྦྱར་བས་རྣལ་འབྱོར་དེ་གྲུབ་ན་ཚངས་པ་ནས་འོག་མིན་གྱི་མཐར་ཐུག་པའི་བར་གང་འདོད་པ་དེའི་གནས་ལུས་སུ་སྣང་བར་འགྱུར་རོ། གཟུགས་མེད་པར་ནི་ལུས་གཅིག་གིས་ནི་འགྲོ་བ་མེད་ལ། འཕོ་བའི་རྣལ་འབྱོར་གྱིས་ནི་དེར་འཕེན་ཏེ། སྐྱེ་བ་སྔོན་གྱི་མཐུས་གཟུགས་མེད་པ་གཞན་ལས་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་ཡིན་ཏེ། བག་ཆགས་བཟང་ངན་གྱིས་བཞག་པའི་སྐྱེ་བ་བཞིན་ནོ། །གང་ཞིག་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཕྱག་རྒྱ་ཆེན་མོ་ལ་འཁྱུད་པས་བྱང་ཆུབ་སེམས་དཔའི་མོས་པའི་ས་མངོན་དུ་བྱས་པས་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ཐོབ་པའོ། །དེ་ནས་རྣམ་པ་མེད་པ་ལས་སྒྱུ་ལུས་སུ་ལྡང་བའི་རྡོ་རྗེ་འཆང་གི་དབུགས་དབྱུང་ཐོབ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་སྐུ་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་པའི་བར་རིམ་བར་སྣང་སྟེ། སེམས་ཀྱི་གཉུག་མ་འགྱུར་བ་མེད་ཀྱང་གདངས་དེ་དང་དེར་འགྱུར་བ་འདི་ནི། དྲི་མ་མེད་པའི་ཤེལ་དར་གང་གི་སྟེང་དུ་བཀོད་པའི་ཁ་དོག་ཏུ་རྣམ་པ་འགྱུར་ལ། རང་བཞིན་མི་འགྱུར་བ་ལྟ་བུའོ། ལྔ་པ་སྤོགས་པའི་ཆོ་ག་ནི། དངོས་གྲུབ་གལ་ཏེ་མི་སྟེར་ན། །དེ་ཚེ་མཁའ་འགྲོ་མ་བཞི་ཡི། །སངས་རྒྱས་རྣམས་ལ་སྟོབས་ཀྱིས་བསྒྲུབ། །འདི་ནི་བསྐྱེད་པའི་རིམ་པར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་མའི་ཚོགས་ཀྱིས་ཡེ་ཤེས་སེམས་དཔའ་ཐམས་ཅད་དམ་ཚིག་པ་ལ་བསྟིམ་པས་ནུས་པ་དང་ལྡན་པ་བསྒྲུབ་པ་དེ་ལྟར་འདིར། མ་ཡེངས་པ་ནི་དྲན་པ་སྟེ། །དྲན་པ་དེ་ལ་ལྕགས་ཀྱུ་མ་ཞེས་བཞག་སྟེ། དེས་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཁམས་ཕྲ་བ་དང་། དེ་སེམས་དང་དེ་སེམས་བྱུང་དང་། དེ་མ་རིག་པ་དང་། དེ་ཡེ་ཤེས་ཀྱི་ངོ་བོ་ཉིད་འོད་གསལ་བའི་དགུག་པར་བྱེད་པས་སོ། །སེམས་ཇི་ལྟ་བར་འཇོག་པ་ནི་ཞགས་པ་མ་སྟེ། རྣམ་པར་ཤེས་པ་མི་གཡོ་བར་གཅོད་པའི་ཕྱིར་རོ། །སོ་སོ་རང་གིས་རིགས་པར་བྱ་བ་ནི་ལྕགས་སྒྲོག་མ་སྟེ། ལུས་དང་། ངག་དང་། སེམས་དང་བྲལ་བའི་དོན་དམ་པ་ལས་གཞན་དུ་གཡོས་མི་འཇུག་པར་སླར་དེར་སྡོམ་པར་བྱེད་པས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ཉིད་ནི་དྲིལ་བུ་མ་སྟེ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་མཉམ་པར་བྱེད་པས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་སྣང་བ་ཐམས་ཅད་དག་པར་མ་ནུས་ན་ཚུལ་འདིས་དག་པའི་སྣང་བ་དེ་དག་སྦྱངས་ནས་རྣམ་པ་མེད་པའི་འོད་གསལ་དུ་མངོན་པར་བྱང་ཆུབ་པར་བྱེད་པས། དེ་ཉིད་ལ་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་ཞེས་བྱའོ། །ལྷ་གནད་ལ་བོར་བ་ཡིན་པས། གུར་ནས། གང་ཞིག་དངོས་གྲུབ་མི་སྟེར་གང་། ལྕགས་ཀྱུ་ཡིས་ནི་བཅིངས་ཏེ་དགུག །ཅེས་སོགས་དང་། འདུས་པར། དེ་བཞིན་གཤེགས་པའི་ཚོགས་གསད་ན། དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་དང་། དངོས་གྲུབ་ཐམས་ཅད་འདུས་པའི་རྒྱུད་ལས་མྱ་ངན་འདས་པ་མི་ཟད་མོས། །ཐལ་བའང་ལུས་པར་མི་འགྱུར་ཏེ། །དེས་ན་འདིར་ནི་དབང་དོན་དང་། །ཁམས་རྣམས་ཀྱང་ནི་ཡོད་མ་ཡིན། །ཞེས་དང་། དགོངས་པ་ལུང་སྟོན་ལས། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། རྣལ་འབྱོར་པས་ནི་སངས་རྒྱ་གཞུག །ཅེས་སོ། འདི་ནི་དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་ཕུན་གསུམ་ཚོགས་པས་ཡིད་མནར་བས་ཕྲག་དོག་ཕྲག་དོག་ཆེན་པོར་བགྲུབ་པའོ། །དེ་དག་ཀྱང་སཾ་པུ་ཊར། གཏི་མུག་དག་པས་གཏི་མུག་སྟེ། །ཞེ་སྡང་དག་པས་ཞེ་སྡང་ཉིད། །འདོད་ཆགས་དག་པས་འདོད་ཆགས་ཏེ། །ང་རྒྱལ་དག་པས་ང་རྒྱལ་ལོ། །ཕྲག་དོག་དག་པས་ཕྲག་དོག་ཉིད། །ཐམས་ཅད་རྣམ་དག་རྡོར་འཛིན་མཆོག །དེ་ཡི་ངོ་བོ་རྣམ་དག་པས། །ཉོན་མོངས་ལྔ་ནི་མཉམ་པར་འགྱུར། །ཞེས་སོ། །དེ་ལྟར་སྤྱོད་པ་གསུམ་ག་དགོས་པ་མ་ཡིན་གང་ཡང་རུང་བས་འགྲུབ་སྟེ། སྤྱོད་བསྡུས་སུ། དཔེར་ན་ཤིང་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་རོ། །ཏ་ལའི་ལོ་མ་ཚིགས་པར་གྱུར་ཀྱང་ཐལ་བར་འགྱུར་རོ། རས་བལ་གྱི་ལོ་མ་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་ཏེ་ཐམས་ཅད་ཐལ་བར་འགྱུར་རོ། །དེ་བཞིན་དུ་སྤྱོད་པ་གསུམ་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པ་ཉིད་སྐྱེ་བར་འགྱུར་རོ་ཞེས་སོ། །གཉིས་པ་དབང་པོ་འབྲིང་གི་ལམ་ཁྱེར་ནི། གང་དང་གང་གིས་བསམ་པ་ཡིས། །ཞེས་པ་འདིས་ཞར་ལ་བསྟན་པར་འདོད་དེ། མཛའ་བ་ལ་ཆགས་པར་གྱུར་ན་དགྲ་བོར་བསྒོམས་ནས་ཕར་བརྡེག་ཚུར་བརྡེག་ལ་སོགས་པའི་འཚེ་བའི་འདུ་ཤེས་ཀྱིས་ཟློག་པར་འགྱུར་རོ། །དེ་བཞིན་དུ་མི་མཛའ་བ་ལ་སྡང་ན་དེ་ཡིད་དུ་འོང་བའི་བུད་མེད་དུ་བསམས་ཏེ། །དེས་འདོད་ཆགས་ཀྱི་རིགས་པ་སྦྱར་བར་བསམ་པས་བཟློག་གོ །བར་མ་དག་ལ་གཏི་མུག་གཞིག་ན་ཆགས་པའམ་སྡང་བ་བསྒོམ་སྟེ་བཟློག་པར་བྱའོ། །དེ་ནི་དམིགས་པ་སྤོ་བ་སྟེ། དགའ་བ་དང་མི་དགའ་བའི་བློ་ཅིག་ཅར་དུ་འཇུག་པ་མི་སྲིད་ལ། ཀུན་སློང་གི་དབང་ལས་སྔ་མ་མི་དགེ་བར་འགྱུར་ལ། ཕྱི་མ་ནི་དགེ་བར་འགྱུར་བས་སོ། །ཆགས་པ་ནི་རེ་བའི་ཕྱོགས་ཡིན་པས་ཅིས་ཀྱང་དགོས་པ་མེད་ཅེས་བཀག སྡང་བ་ནི་དོགས་པའི་ཕྱོགས་ཡིན་པས་ཅི་འོང་བ་ཤོག་ཅེས་དང་དུ་ལེན། གཏི་མུག་ནི་གཉིས་ཀ་ལ་རྨོངས་པ་ཡིན་པས་གང་ལྟར་འགྲོ་བ་སོང་ཞེས་པས་བཟློག་བསྒོམ་བྱའོ། །ཅིས་ཀྱང་མི་ཐུལ་ན་འདོད་ཆགས་ལ་སོགས་པ་དེ་དག་སྐྱེས་ཤིག་སྤྲུགས་ཤིག་སྙམ་པའི་འདུན་པ་བཏང་། ནམ་སྐྱེ་བ་དང་སྤང་བློ་དེར་འཛིན་གྱིས་བསླད་པ་ངོ་མ་ཤེས་ཀྱི་རྨོངས་པ་མེད་པར་དེ་རང་གི་ཐོག་ཏུ་ལྷོད་དེ་ཤིག་གེ་བཞག་པས། སྦྲུལ་གྱི་མདུད་པ་བཞིན་རང་གྲོལ་བ་ནི་རོ་སྙོམས་པའམ་གནད་དུ་བསྣུན་པ་སྟེ། ཇི་ལྟར་བསྒོམ་པར་འདོད་པ་དེ་དང་དེར་ཡིད་སྦྱར་བ་གང་དང་གང་ཡིན་པ་དེར་གྲོལ་བར་འགྱུར་རོ། །གསུམ་པ་དབང་པོ་ཐ་མའི་ལམ་ཁྱེར་ནི། གཞུང་སྔ་མ་དེ་ཉིད་ཀྱི་ཞར་བསྟན། བྱིས་པ་རྣམས་ནི་ཕལ་ཆེར་ཁ་དོག་དང་། དབྱིབས་དང་། རེག་བྱ་དང་། བསྙེན་བཀུར་ལ་ཆགས་པས། དེ་དག་གི་གཉེན་པོར་རྣམ་པར་བསྔོས་པ་དང་། དམར་བ་དང་། ཚིག་པ་རྣམས་ཡིད་ལ་བྱེད་པས་ཁ་དོག་ལ་ཆགས་པ་སེལ། རྣམ་པར་རྣག་པ་དང་། ཟོས་པ་དང་། འཐོར་བ་རྣམས་ཡིད་ལ་བྱེད་པས་ནི་དབྱིབས་ལ་ཆགས་པ་སེལ། རྣམ་པར་འབུས་བཤིག་པ་དང་། རུས་གོང་རྒྱུས་པས་འབྲེལ་བ་དག་ཡིད་ལ་བྱེད་པས་ནི་རེག་བྱ་ལ་ཆགས་པ་སེལ། རྣམ་པར་བམ་པ་རྐྱལ་པ་ཕུས་པ་ལྟ་བུས་ནི་རྡོ་ལྟར་བསྙེན་བཀུར་བྱེད་པ་དང་བྲལ་བས་བསྙེན་བཀུར་ལ་ཆགས་པ་སེལ་ལོ། །འདོད་ཆགས་ཀྱི་གཉེན་པོའོ། །རང་གི་མའམ་ཕོ་ནུ་མོ་གཅུགས་པ། མཛའ་བ། སྡང་བ། སེམས་ཅན་ཐམས་ཅད་ལ་རིམ་པས། བདེ་བ་མ་ལུས་པ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང་། བདག་གིས་དེ་དང་ཕྲད་པར་བྱའོ་ཞེས་པ་དང་། དངོས་སུ་དེ་བསྒྲུབ་པ་དང་། ཕྲད་པ་ལ་ཕྲག་དོག་མེད་པར་གུས་པར་བསྒོམ་མོ། དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་སྙིང་རྗེ་དང་། སྡུག་བསྔལ་དང་བྲལ་བ་ལ་དགའ་བ་དང་། འཇིག་རྟེན་པའི་གཉེན་པོའི་ལམ་ལ་འགོད་པར་བྱའོ་སྙམ་པའི་བཏང་སྙོམས་ཀྱང་ངོ་། ཞེ་སྡང་གི་གཉེན་པོའོ། རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། མ་རིག་པའི་སྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབྱུང་བར་འགྱུར་རོ། དེས་རྒྱུ་མེད་པར་བལྟ་བ་སོགས་བསལ་ཏེ། དེ་ལྟར་སྲིད་པར་འབྱུང་བའི་རིམ་པ་ལ་བརྟགས་ནས་ཀྱང་། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ཡིད་ལ་བྱས་པས་རྟག་པའང་མ་ཡིན། ཆད་པའམ་མ་ཡིན། འཕོ་བའང་མ་ཡིན་པ་དང་། དེ་འདྲ་བ་རྒྱུད་དུ་འཇུག་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་ངེས་པར་བཟུང་བས་རིག་པ་སྐྱེད་པའམ། མ་རིག་པ་ལས་བྱུང་བའི་ལོག་པར་ལྟ་བ་སྤང་བར་བྱའོ། །གཏི་མུག་གི་གཉེན་པོའོ། ཐ་མལ་གྱི་རྣམ་པར་རྟོག་པ་སྦྱངས་ནས་བདག་བྱིན་རླབས་ཀྱི་ལྷར་ལྡང་བ་རྣམ་རྟོག་ལམ་ཁྱེར། །ཉོན་མོངས་པ་རྣམས་ཉོན་མོངས་ཆེན་པོར་བསྒྱུར་བ་ཉོན་མོངས། ལྷ་གནད་ལ་བོར་བས་ལྷ་འདྲེ། བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བསྒྲུབ་པས་སྡུག་བསྔལ། བཟུང་བ་དང་འཛིན་པའི་དུག་འབྱིན་པས་ན་ཚ། ཐ་མལ་གྱི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་འཕོ་བས་འཆི་བ་ལམ་ཁྱེར་དུའང་ཏི་པུ་གསུང་ངོ་།། །། གཉིས་པ་གསང་བའི་སྤྱོད་པ་ལ། དེ་ངོས་བཟུང་བས་མདོར་བསྟན། ལྷ་འདྲེ་ལམ་དུ་ཁྱེར་བ་བར་ཆད་དངོས་གྲུབ་ཏུ་བསྡུས་པའི་གདམ་ངག་གིས་རྒྱས་པར་བཤད་པ་ལས། དང་པོ་ནི། གསང་བའི་སྤྱོད་པར་གནས་ནས་ནི། །བློ་གྲོས་ཆེན་པོས་བྱ་བ་བྱ། །གཞན་གྱིས་སྤྱོད་པ་རིག་པར་མི་འགྱུར་བས་སམ། གསང་བ་མཆོག་གི་མིང་ཅན་དེར་འཇུག་པའི་སྤྱོད་པ་ཡིན་པས་གསང་སྤྱོད་དོ། །གསང་བ་གྲུབ་པར། ཇི་ལྟར་དཔལ་ལྡན་འདུས་སྤྱོད་པའི། །གསང་བ་ཞེས་བྱར་རབ་གནས་པ། ཞེས་སོ། ཀུན་བཟང་གིས་ལུས་དང་། ངག་དང་། སེམས་སྦྱངས་ནས་སྒྱུ་མ་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེའི་རོལ་མོར་བསྒྲུབས་པ་དེའང་། བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་པའི་མཚན་ཉིན་ཅན་ལ་གནས་པས་སྤྱོད་པའི་ཕྱིར། དེར་གནས་ནས་ཞེས་སོ། །ཚུལ་དེས་ཤིན་ཏུ་ཡང་དག་པའི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་མངོན་དུ་བྱས་པ་ནི་བློ་གྲོས་ཆེན་པོ་སྟེ། འཕགས་པར་གྱུར་པ་ཞེས་སོ། །ངེས་པར་འབྱུང་བ་ཐམས་ཅད་དུ་ངེས་པར་འབྱུང་བ། སྒྲིབ་པ་གཉིས་ཀྱི་འདམ་ལས་རིང་དུ་སོང་བ་ནི་བྱ་བ་བྱས་པ་སྟེ། བྱ་བ་བྱས་པས་སྐམ་སར་གནས། །ཞེས་དང་། མཐོང་བའི་ཆོས་ལ་མྱ་ངན་འདའ། །བྱ་བ་བྱས་པའང་དེ་ཉིད་ཡིན། ཞེས་པས། གནས་སྐབས་དེ་ཐོབ་པར་བྱེད་པའི་ཐབས་ལ་དངོས་སུ་གནས་པ་ནི་བྱ་བ་བྱ་ཞེས་སོ། །དེ་ལྟར་ཡང་། ཟླ་བ་གཅིག་ཏུ་གསངས་ལ་སྤྱོད། །ཇི་སྲིད་ཕྱག་རྒྱ་མ་ཐོབ་པར། །ཞེས་གསུངས་ལ། འདིར་ཕྱག་རྒྱ་ནི། གསུམ་པོ་གང་ཡང་རུང་བས་འཁྱུད་པའི་བདེ་བ་རྣམ་པ་མེད་པ་མ་ཐོབ་གྱི་བར་དུ་ཞེས་པའོ། །དེ་ཉིད་སཾ་པུ་ཊར། དེ་ནས་སྒོམ་པ་ནུབ་པ་ན། །བསྡུས་ནས་བྱིས་པའི་རྩེ་བ་བྱ། ཞེས་སྒོམ་པས་ཐ་མལ་པའི་སྣང་བ་ནུབ་ན་སྒོམ་པས་བརྟགས་པའི་སྒྱུ་མ་ཙམ་གྱི་སྣང་བའང་བརཏལ་ཏེ་རྣམ་པ་མེད་པར་བྱའོ། །གང་གི་བུ་ཆུང་ལྷུག་པར་གནས་པ་བཞིན་ནམ་སེང་གེ་ལྟ་བུས་སོ། །འདི་ཉིད་ཀྱི་རྒྱས་བཤད་དེ་གར། དེ་ནས་རང་གིས་འདོད་སྒྱུར་པས། །སྦྱོར་བ་ཀུན་ལ་ཁ་ཕྱིར་བལྟས། །ཀུན་ཏུ་སེང་གེ་ལྟ་བུར་ནི། །དེ་ཉིད་ལྡན་པ་དག་གིས་སྦྱང་། ཅེས་གསུངས་པས་སོ།། །། གཉིས་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ལས། དང་པོ་ལ། རྫུ་འཕྲུལ་བསྒྲུབ་པ་ལ་གསང་སྤྱོད་དགོས་པ། གསང་སྔགས་པ་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ། གོས་སུ་ཅི་བགོ་བ། རྒྱན་དུ་ཅི་གདགས་པ། ཆོ་ག་གསུམ་བྱ་བ་ལས། དང་པོ་ནི། སྤྱོད་པས་ཕ་རོལ་ཕྱིན་པ་ཉིད། །རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱང་ཡོངས་སུ་སྤྱོད་པའི་གསང་བའི་སྤྱོད་པ་འདིས་གནས་སྐབས་ཀྱི་དངོས་གྲུབ་དང་འཁོར་བའི་ཕ་རོལ་ཏུ་འཇོག་པས་མཐའ་ཡས་པའི་རྫུ་འཕྲུལ་གྱི་གནས་སངས་རྒྱས་ཉིད་ཐོབ་པར་བྱེད་པས་ཏེ། སཾ་པུ་ཊར། རྫོགས་པའི་བྱང་ཆུབ་རྣམ་གནས་པ། །གང་ཞིག་ཡང་ནི་དེ་ཉིད་ལས། །རྡོ་རྗེ་ཡན་ལག་མེད་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག །སྐྱེ་བའི་རྒྱ་མཚོ་འཇིགས་ཆེན་པོ། །རྒ་བའི་རླབས་ཀྱིས་འཁྲུགས་པ་ལས། །སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད། །ཅེས་སོགས་ཀྱིས་སོ། །གཉིས་པ་ནི། གང་གི་རིང་གནས་རྡོ་རྗེ་ནི། །རྣལ་འབྱོར་ཡེ་ཤེས་ཐེ་ཚོམ་མེད། །ཇི་ལྟར་ཉན་རང་ངམ་མཚན་ཉིད་ཐེག་པའི་ལམ་དུ་ཞུགས་པ་དག་ལ་བསྐལ་པ་གྲངས་མེད་པ་མང་པོའམ། སུམ་ཅུ་རྩ་གཉིས་སམ། བཞིའམ། གསུམ་དུ་ཅི་ནས་འགོར་བའི་རྡོ་རྗེའི་ས་དེ་ནི། སྔགས་ཀྱི་རྣལ་འབྱོར་ལ་ཞུགས་ཤིང་ཡེ་ཤེས་བསྐྱེད་པ་དག་གིས་མཐོང་བའི་ཆོས་འདི་ཁོ་ན་ལའམ། བར་དོར་རམ། ཕྱི་མའམ། སྐྱེ་བ་གསུམ་མམ། བདུན་ནམ། བཅུ་དྲུག་པ་ལ་ཅི་ནས་ཀྱང་ཐོབ་པར་ཐེ་ཚོམ་མེད། ཅེས་སངས་རྒྱས་རྣམས་ཀྱི་བཀས་རྦད་དེ་བཅད་དོ། །གསུམ་བ་ནི། རོ་ཡི་ཐལ་བ་བགོ་བྱ་ཞིང་། །རོ་ཡི་གོས་ཀྱང་བགོ་བར་བྱ། །ཞེན་པ་མེད་པའི་སེམས་ཀྱིས་སུ། །ཁ་དོག་བཅོས་མའི་རས་རྙིང་བགོ །རོ་ཡི་ཐལ་བ་ནི་དུར་ཁྲོད་དུ་ཕོ་མོ་ལྷན་ཅིག་ཏུ་བསྲེག་པའི་ཐལ་ཆེན་ལུས་ལ་བྱུག་ཅིང་། མ་རྙེད་ན་གཞན་གྱིས་ཀྱང་རུང་། རོ་རས་ཀྱི་གོས་གྱོན། གལ་ཏེ་མ་རྙེད་ན་ཞེན་པར་མི་འགྱུར་བ་ཕྱག་དར་གྱི་ཁྲོད་དུ་པོར་བའི་དུམ་བུ་བསྒྲིགས་པའམ་ལ་བ་ནག་བོར་བཅོས་པའོ། །སྨད་གཡོགས་ཁ་དོག་སྣ་ཚོགས་དང་། །རོ་བསྲེགས་ཐལ་བས་དེ་བཞིན་བརྒྱན། །ཅེས་སོ། །བཞི་པ་ནི། གུ་ཛ་ན་ལ་སོགས་པ་ཡི། འབྲས་བུའི་འཕྲེང་སོགས་ཀྱིས་བརྒྱན་བྱ། །གུ་ཛ་ན་པོ་མ་སི་ཡིན་ལ། དེས་མཚོན་ནས་ཤིང་འབྲས་དང་འགྲོན་བུ་ལ་སོགས་པ་དང་། མེ་ཏོག་སོགས་དུར་ཁྲོད་ཀྱི་རོ་ལ་བཏགས་པ་བླངས་ཏེ་རྒྱན་བྱའོ། །དེ་ལྟར་ཡང་། མེ་ཏོག་རབ་སོང་གནས་བཀོད་པས། །མགོ་སྐྱེས་ལེགས་པར་བཅིངས་བར་བྱ། །ཞེས་སོ། །ལྔ་པ་ནི། འཇམ་པའི་རྡོ་རྗེས་བདག་དབང་བསྐུར། །བྱང་ཆུབ་ཏུ་སེམས་སྐྱེད་པ། བླ་མ་ལ་ལུས་ཕུལ་ཏེ་གསོལ་བ་བཏབ་པ། ཡི་དམ་གྱི་ལྷ་ལ་དབང་ཞུ་བ་གསུམ་ལས། དང་པོ་ནི། འགྲོ་བ་སྡུག་བསྔལ་མང་པོས་གཟིར་ཏེ་གཏི་མུག་གིས་ལྡོངས་པ་རྣམས་ལ་སྙིང་རྗེ་བསྐྱེད་ནས། བདག་གིས་གསང་བའི་སྤྱོད་པ་ཚོགས་གཉིས་ཀྱི་འཇུག་པ་རླབས་པོ་ཆེ་འདིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱས་ལ། འགྲོ་བ་ཐམས་ཅད་གོ་འཕང་དེ་ལ་དགོད་པར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་གདབ་བོ། །དེ་ནི་སྨོན་པ་ཙམ་མོ། །དེ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཟད་མི་ཤེས་པའི་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གསང་བའི་དཀྱིལ་འཁོར་དུ་རྟོགས་པ་དོན་གྱི་དབང་བསྐུར་བའི་སློབ་དཔོན་ཆེན་པོ་དཔལ་ལྡན་རྩ་བའི་བླ་མ་དམ་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་དེ་ཉིད་དང་། །དེའི་སྤྱི་བོ་ན་ཡར་བརྒྱུད་པའི་རྗེ་བཙུན་རྣམས་མུ་ཏིག་གི་འཕྲེང་བ་བཞིན་བསྟར་ལེགས་པར་བསྒོམ་ཏེ། ཉེ་བར་ལེན་པའི་ལུས་ཕུང་པོ་ལྔའི་རང་བཞིན་བདག་ཏུ་འདོགས་པའི་གཞི་འདི་དང་། བདག་གིར་བྱས་པའི་དངོས་པོ་ཐམས་ཅད་རང་རིག་གདོད་མའི་རྡོ་རྗེ་བཞིར་མཉམ་པར་སྦྱོར་བའི་དུས་རྒྱུན་ཆད་མེད་པར་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་རབ་འབྱམས་སུ་བསམས་ཏེ་འབུལ། །དེའང་བདག་ཏུ་ཞེན་པས་རྨོངས། བདག་གི་འདི་ཞེས་ཆགས། དེ་གཉིས་ཀྱིས་གཞན་ཞིག་བཟོས་ནས་ཕྱིར་འཕུལ་བས་ཁམས་གསུམ་དུ་འཁོར་བ་ཡིན་ལ། དེ་ནི་ལུས་ཕུལ་བས་བདག་ཏུ་མ་རྨོངས། །བདག་གི་བར་མ་ཆགས། གཞན་ལོགས་སུ་སྦྱོང་རྒྱུ་མ་བྱུང་བས་དམ་ཚིག་གསུམ་བཀོད་དུ་ལུས་འབུལ་སྔགས་ཀྱི་སྡོམས་པ་ལེན་པར་བཞག་ཅིང་། དེ་ལྟར་ལུས་མ་དམིགས་པས་སེམས་ལ་བརྟགས་ན། དངོས་པོ་ཐམས་ཅད་དང་བྲལ་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་དང་། ཆོས་ལ་བདག་མེད་པ་མཉམ་པ་ཉིད་དང་། རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་དང་། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དག་ཏུ་ཁོང་དུ་ཆུད་པར་འགྱུར་བས། ཚུལ་འདི་རྣམ་སྣང་མངོན་བྱང་དུ་དོན་དམ་སེམས་བསྐྱེད་དང་། དེ་ཆོ་གས་ལེན་པར་ཡང་བཤད་དོ། །སྔར་སྔོན་དུ་བཏང་བའི་སེམས་དེ་དོན་དམ་པའི་ངོ་བོ་ཉིད་ལ་སྤྱོད་པའི་ཤེས་རབ་འདི་རྙེད་ལ་ཕྱིས་ནས་འདི་དང་མཚུངས་པར་ལྡན་པར་འགྱུར་ལ། དེ་ནི་འཇུག་པའི་སེམས་ཞེས་བྱའོ། །བྱང་ཆུབ་ནི་རང་གི་སེམས་ལ་བཙལ་བར་བྱའོ་ཞེས་དང་། ཚོལ་བའི་ཚུལ་ཡང་། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབ་པའི་རིམ་པས་ནི། །ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་སོ། །སྤྱོད་འཇུག་ལས། ཇི་སྲིད་མེ་ནི་མ་སྤངས་པར། །བསྲེག་བྱ་སྤོང་བར་མི་ནུས་བཞིན། །དེ་བཞིན་བདག་འཛིན་མ་སྤངས་པར། །འཁོར་བའི་སྡུག་བསྔལ་ག་ལ་ཞི། །ཞེས་དང་། ཆོས་ཀྱི་རྗེས། །བདག་འཛིན་འདི་ཀས་འཁོར་བར་འཁྱམས། །བདག་ཛིན་འདི་ཀས་འཕུང་དུ་བཅུག །ཅེས་གསུངས་སོ། །བླ་མ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། །ཆོས་ཐམས་ཅད་ཀྱི་འབྱུང་གནས། འཕགས་པའི་དགེ་དུན་ཐམས་ཅད་ཀྱི་རྣམ་པ། དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོར་མོས་པས་རོ་སྙོམས་གསོལ་འདེབས་བྱས། རིགས་ཀྱི་བུ་སེམས་ཅན་གྱི་དོན་དུ་སྤྱོད་པ་ལ་སོང་ཞིག་ཅེས་གནང་བ་སྦྱིན། དེ་ནས་བླ་མ་རྣམས་རང་ལ་བསྟིམ་ལ། རང་ཉིད་འཇམ་པའི་རྡོ་རྗེ་ནི། འདིར་དེ་ཝ་པི་ཙུ་བཛྭ་ཞེས་བྱ་བའི་སྒྲས་དགྱེས་པ་རྡོ་རྗེ་ཡིན་ལ། བླ་མ་དག་ཕག་མོར་མཛད་པ་ནི་བྱིན་རླབས་མྱུར་བར་དགོངས་པ་ལགས་སོ། །རང་ཉིད་ཁྲོ་བོའམ་ཁྲོ་མོ་གང་ཡང་རུང་བ་དེ་བལྟས་ཏེ། སྙིང་གའི་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་གཟུགས་ཀྱིས་ཕྱུང་ནས། དེས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཡིད་ལས་འབྱུང་བའི་མ་མོའི་ཚོགས་ཀྱིས་ཡང་དག་པར་མཆོད་དེ། འདིས་གསོལ་བ་གདབ་པར་བྱའོ། །ཨོཾ་ཨ་བྷི་ཥིཉྩྨ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པ་ལྔས་དབང་བསྐུར་བ་དང་། དབང་བསྐུར་བ་ན་མེ་ཏོག་གི་ཆར། རྔའི་སྒྲ། གུར་གུམ་གྱི་ཆར། གཟུགས་རྡོ་རྗེ་མ་སོགས་དྲུག་གིས་མཆོད་པ། རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་ལྔས་ལེན་པར་བསམས་ཏེ། ལུས་ཁེངས་ནས་ཆུ་རྒྱུན་ལོག་སྟེ་སྤྱི་བོར་འཁྱིལ་པ་ལས་རང་གི་རིགས་ཀྱི་བདག་པོ་བསྒོམ་པར་བྱའོ། །གཞུང་འདི་སཾ་པུ་ཊར། །འཇམ་པའི་རྡོ་རྗེ་རང་གྱུར་ནས། །དཀྱིལ་འཁོར་བར་ནི་རབ་ཏུ་བརྟག །ཅེས་པའི་དཀྱིལ་འཁོར་པར་ནི་རབ་ཏུ་བརྟག་ཅེས་པས་དབང་བསྐུར་བ་བསྟན་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ། གནས་གང་དུ་འགྲོ་བ། དུས་ནམ་འགྲོ་བ། སྤྱོད་ལམ་གསང་བ། ནུས་པ་རྙེད་ན་འགྲོ་བ། སྤྱོད་པ་ཅི་བྱ་བ། སྦྱིན་པར་ཅི་བཏང་བ། སླར་ཇི་ལྟ་བུར་སྤྱོད་པ། ཟས་གང་ཟ་བ། གདེང་ཇི་ལྟ་བུས་འགྲོ་བ། བར་ཆད་ལམ་དུ་ཁྱེར་བ་ལས། དང་པོ་ནི། རི་བོ་དང་ནི། རི་བོ་ཆེན་པོར་གྲགས་པ་མཱ་མ་ཡ་གནམ་ལྕགས་འབར་བ་ལྟ་བུ། བཞི་མདོ་དང་། ཚོང་འདུས་ཆེན་པོ་དང་། ལམ་མམ། གྲོང་གི་བཞི་མདོ། ཤིང་གཅིག དེའི་ཤར་བ་དང་ནུབ་དུས་ཀྱི་གྲིབ་མས་ནོན་པ་ཙམ་དུ་ཤིང་གཞན་མ་སྐྱེས་པ། ཆུ་འགྲམ། ཆུ་བོ་ཆེན་པོ་བཞི་ལྟ་བུའི་འགྲམ། ཐང་ཆེན་དང་། མྱ་ངམ་གྱི་ཐང་ལྟ་བུ། དེ་བཞིན་དབེན་པ། སྐྱེ་བོའི་རྒྱུ་འགྲུལ་གྱིས་དབེན་པ། བས་མཐའ་དང་། གྲོང་ལས་རྒྱང་གྲགས་ཀྱིས་ཆོད་པའི་ས་མཐའ། རི་བོའི་སུལ་དང་རྩེ་མོ་དང་། གངས་ནགས་སྤང་གཡའ་རྫ་བྲག་རིའི་སུལ་དང་། རྩེ་མོ་དང་། པདྨའི་ཚལ་ནི། པདྨ་ཆེན་པོ་དག་སྐྱེ་བ་དེར་དང་། ཡིད་འོང་དང་། དེས་མཚོན་ནས་མེ་ཏོག་རྣམ་པ་སྣ་ཚོགས་པས་ཉམས་དགའ་བ་དག་གོ །རྫིང་བུ། པདྨའི་རྫིང་ངམ། གཞན་བཅོས་མ་ཅིའང་རུང་བའོ། །ཆུ་ངོགས །ཆུ་ཕྲན་འབབ་པའི་ངོགས་སོ། །ཡུལ་རྣམས་དང་། ཡུལ་ཆེན་སུམ་ཅུ་རྩ་བདུན་ནམ་ཉི་ཤུ་རྩ་བཞི་དག་གོ །ཚང་ཚིང་། ནགས། ཕུག་དང་། ཕུག་པ། རྒྱ་མཚོའི་འགྲམ་དང་ཕྱིའི་རྒྱ་མཚོའི་འགྲམ་དང་། ཞར་ལ་མཚོ་དག་གི་འགྲམ་མོ། །གདོད་ནས་དག་པའི་དུར་ཁྲོད་ཆེ། དུར་ཁྲོད་ཆེན་པོ་བརྒྱད་དང་བསིལ་བའི་ཚལ་ལ་སོགས་པ་སྟེ། ཞར་ལས་རོ་བཞི་བསྐྱལ་བའི་སའང་དུར་ཁྲོད་དོ། །མཚན་མོ། །དུས་མཚན་མ་མཆོད་པའི་ཁྱིམ་མུ་སྟེགས་བྱེད་རྣམས་ཀྱི་ལྷ་ཁང་ངོ་། །མ་མོའི་ཁྱིམ། ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། དབང་ཕྱུག་མོ་དང་། དྲག་མོ་དང་། གཞོན་ནུ་མོ་དང་། ཕག་མོ་དང་། གཏུམ་མོ་སྟེ་མ་མོ་བདུན་ཞེས་བདག་ཏུ་གནས་པའི་ས་རྣམས་སུ། འཇིག་རྟེན་གྱི་ལྷ་འདྲེ་གནས་པ་ཐམས་ཅད་དང་། གཡུལ་སྤྲད་པའི་ཤུལ་དང་། ཕུང་པའི་ཤུལ་དང་། སངས་རྒྱས་པ་རང་གི་ལྷ་ཁང་འདྲེ་ཅན་སོགས་མདོར་ན་སྐྱེ་བོ་དག་འཇིགས་དེ་ཉིན་པར་ཡང་དེའི་ཕྱོགས་མཐོང་བས་སྤ་བཀོང་བར་འགྱུར་བ་ཐམས་ཅད་དུའོ། ནང་གི་ངེས་པ་ལ་སྦྱར་བས་ནི། བྱང་ཆུབ་སེམས་ཀུན་ཏུ་སྤྱོད་པ་དག་ལ་བཤད་དོ། །གཉིས་པ་ནི། དུར་ཁྲོད་ཕྲུ་ཆགས་ཐོགས་ནས་ནི། །སློང་བའི་སྣོད་ནི་ཕྲུ་ཆགས་གོ །མཚན་དུས། གནས་དེ་དག་ཏུ་ལྷ་སྲིན་རྣམས་མཚན་མོ་སྤྱོད་པས་དེ་དུས་རྒྱུ་བར་བྱའོ། །ལྷ་ཡང་ཉི་མ་ནུབ་པ་ན། ངེས་པར་བྱིན་གྱི་རླབས་ཀྱིས་འདུ། ཞེས་པས་སོ། །གསུམ་པ་ནི། གསངས་ཏེ་རྒྱུ་བར་བྱ། །དམན་པའི་འགྲོ་བ་དག་གི་བློར་མི་ཆུན་པས་བདག་ལ་སྨོད་པ་སོགས་བཟློག་པ་དང་། དེའི་རྒྱུས་དེ་དག་ཉམ་ང་བར་ལྟུང་བ་བསྲུང་བའི་ཕྱིར་སྤྱོད་པ་གཞན་གྱིས་མ་རིག་པར་བྱ་བ་སྟེ། གསང་བ་གྲུབ་པར། དམན་པའི་འགྲོ་བ་ཉན་ཐོས་སོགས། །ཇི་ལྟར་གཞན་གྱིས་མ་རིག་པ། །དེ་ལྟར་སྔགས་པས་བྱ་བ་སྟེ། །བདག་ཉིད་བསྒྲུབ་ཕྱིར་ཤིན་ཏུ་གསང་། །འཇིག་རྟེན་ཀུན་གྱིས་མི་གནོད་ཅིང་། །འཇིག་རྟེན་ཀུན་ལ་མི་གནོད་པར། །དེ་བཞིན་སྔགས་པས་འདི་བྱའོ། །ཞེས་སོ། །བཞི་པ་ནི། སྔགས་པས་དེར་སྒོམ་ཤིས་པར་མཛད། །ནུས་པ་རྙེད་པ་ནི་སྔགས་པ་སྟེ། དེས་དེར་བསྒོམ་ན་དངོས་གྲུབ་ཐོབ་པས་ཤིས་པ་ཡིན་ལ། བཟློག་ན་མ་ཡིན་ཏེ། གསང་བ་གྲུབ་པར། སྒྲུབ་པ་པོ་ལ་ནུས་པ་ཞིག །ཇི་སྲིད་བྱུང་བར་མ་གྱུར་པར། །དེ་སྲིད་བརཏལ་ཞུགས་རྟགས་མི་བཟུང་། །ནུས་པ་ཞིག་ནི་སྐྱེས་པ་ན། །དེ་ནས་གསང་བའི་སྤྱོད་པ་ཡང་། ཞེས་པས་སོ། །ནུས་པ་རྙེད་ནས་དེ་དག་ཏུ་ཕྱིན་ན། ཀླུ་སྒྲུབ་ལ་བཞིན་ནགས་ཀྱི་ལྷས་བསོད་སྙོམས་སྦྱོར་བ་དག་བྲན་གཡོག་གང་དགོས་བྱེད་པ་སྟེ། གུར་ལས། ནགས་སུ་སློང་མོ་ལ་རྒྱུས་ན། །དེ་དག་འཇིགས་ཤིང་སྐྲག་ནས་ནི། །ཁ་ཟས་བཟང་པོ་བསྟར་བ་སྟེར། །ནགས་ཚལ་བདག་པོའི་རིགས་ཀུན་ནི། །རྡོ་རྗེ་ཅན་དེའི་འཁོར་དུ་འགྱུར། །ཞེས་སོ།། །། ལྔ་པ་ལ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལས། དང་པོ་ནི། བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །རང་ཉིད་ལྷག་པའི་ལྷ་སྐུ་སྟོད་ཀྱི་གཟུགས་ཀྱི་ཁམས། །སྐུ་སྨད་ཀྱིས་འདོད་པའི་ཁམས་བཀབ་སྟེ། འཇིགས་ཤིང་འཇིགས་པར་མཛད་པའི་དྲག་ཤུལ་ཆེན་པོའི་བྱིན་གྱིས་ཁམས་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་དངངས་ཤིང་དངངས་པས་ཁ་ནས་ཁྲག་ཚ་བ་སྐྱུགས་ཏེ་སྲོག་འདོར་བ་ལ་ཐུག་པ། སྤྱན་དུས་ཀྱི་མཐར་འཆར་བའི་ཉི་མ་ལྟ་བུ་བལྟས་པ་ཙམ་གྱིས་ཐམས་ཅད་བསྲེག་པ། ལྗགས་བསྐྱོད་ཅིང་མཆེ་བ་རྣོན་པོ་གཙིགས་པའི་ཞལ་གྱིས་ཁམས་གསུམ་ཤར་ཟ་ཞིང་སྲིད་པ་གསུམ་ཁྲག་ཏུ་འཐུང་བ། བ་སྤུའི་ཁུང་དང་བུ་ག་དགུ་ནས་ཁྲོ་བོ་དང་ཁྲོ་མོ་གཟུགས་མི་སྡུག་པ་ཐམས་ཅད་དང་ལྡན་ཞིང་མཚོན་ཆ་རྣོན་པོ་ཐམས་ཅད་འཆང་བ་སྤྲིན་ལས་ཆར་པ་ལྟ་བུར་འཕྲོས་པས་གང་དུ་འགྲོ་སའི་གཞི་བདག་དེས་བཙོས་པའི་ལྷ་མ་སྲིན་ཐམས་ཅད་བརྡུང་བཏགས་ཐལ་བར་རློག་པ། དེ་དག་འབྲོས་པར་རྩོམ་པའི་ཐ་མ། སྐུ་ལས་མཆེད་པའི་མེ་དང་དུད་པ་རྡོ་རྗེའི་ར་བས་གཅིངས་ཏེ་གར་ཡང་མི་ཐར་བས་ཉམ་ཐག་པའི་ཆོ་ངེ་དིར་དིར་ཡོད་པ། ཕྱག་ཅིར་ཡང་བསྒྱུར་བ་གར། ཞབས་ཅིར་ཡང་འདོར་བ་འཆམས། ཞལ་གྱི་ཧཱུྃ་ཕཊ྄་ཀྱི་ང་རོ་སྔགས་ཏེ། ཚུལ་འདིས་ས་ཆེན་པོ་ནི་གཡོ་ཞིང་ལྡེག །བར་སྣང་ནི་སྐར་མདའ་དང་། གནམ་རྡོ་དང་། ལྕེ་ལྟུང་། ནམ་མཁའ་ནི་ཁྲོ་བོ་དང་ཁྲོ་མོའི་འཆམས་པས་གང་བར་བསྒོམས་ལ་ཐང་མ་ཆད་ཀྱི་བར་དུ་འཁྲབ་བོ།། །། གཉིས་པ་ནི། ཤིན་ཏུ་མཉམ་གཞག་རབ་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ལྟ་བ་བདེན་འཛིན་དང་བྲལ་བ། །སྒོམ་པ་ཡིད་ལ་མི་བྱེད་པ། །སྤྱོད་པ་རོ་སྙོམས་ནུས་པ། །འབྲས་བུ་རེ་དོགས་ཀྱི་བསྙེམས་བཅད་པ་བཞིས་ཤིན་ཏུ་མཉམ་པར་གཞག་པར་འགྱུར་རོ། །དེ་ལས་དང་པོ་ནི། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་མ་གཏོགས་དོན་ལོགས་ན་མེད། སེམས་ཀྱི་ངོ་བོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བླ་མ་དམ་པས་ངོ་སྤྲད་པ་འདི་རང་ཡིན། འདི་ལ་མཐོ་སྲིད་པའི་རྩེ་མོར་གནས་པ་ནས། དམའ་དམྱལ་བ་མནར་མེད་ཀྱི་བར་ཐམས་ཅད་ལོག་སྟེ་དམག་གིས་བསྐོར། །མཚོན་ཆའི་ཆར་ཕབ་ཀྱང་གསད་ཅིང་གཅད་པ་དང་། ངན་པར་བསྒྱུར་དུ་མེད། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོས་ཡོན་ཏན་གྱི་མཐུ་བསྡམས་ཀྱང་བཟང་པོར་བཅོས་སུ་མེད་དེ། གཤིས་མ་བཅོས་པ་འདི་གའོ་ཞེས་ཐག་རྦད་ཀྱིས་བཅད་དོ། །གཉིས་པ་ནི། སྣང་བ་སེམས་ཀྱི་རྣམ་འཕྲུལ་དུ་ཤེས། །སེམས་ཉིད་འོད་གསལ་སྟོང་པར་ཐག་ཆོད་པས། འཕྲུལ་སྣང་གདོན་གྱི་བར་ཆད་ལ་ཡ་ང་བ་དང་བག་ཚ་བ་མེད་པར། ཡིད་འགྱུ་བ་ཕྱི་ནང་གི་འཕྲང་བཅད་ནས་སེམས་མ་བཅོས་པའི་ངང་དུ་མཉམ་པར་འཇོག་པའོ། གསུམ་པ་ནི་བར་ཆད་ལ་སྐྱོན་དུ་མི་ལྟ་སྟེ། ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང་དེ་ཉིད་བཀའ་དྲིན་ཅན་ནམ་འདོད་ཐོག་ཏུ་ཁྱེར་ཏེ། ལས་དང་པོ་པའི་གང་ཟག་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་ལྕག་འདེབས། །གཉེན་པོ་གློ་བུར་དུ་སྐྱེ་ཞིང་རིག་པའི་ངར་འདོན། །འདི་ཉིད་ཀྱིས་ལུས་ངག་དགེ་སྦྱོར་ལ་བསྐུལ་ནས་བསམ་ཏན་མྱུར་དུ་རྒྱུད་ལ་སྐྱེ་བའི་རྒྱུ་བྱེད། ལམ་གོམས་ཤིང་བརྟན་པ་ཐོབ་པ་རྣམས་ལ་ནི་དྲན་པ་ཡེ་ཤེས་ཀྱི་གསོས་འདེབས། རིག་པ་འོད་གསལ་གྱི་གདངས་འདོན་ཅིང་ཏིང་ངེ་འཛིན་གྱི་རྩལ་སྦྱོང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་ལམ་གྱི་བོགས་གོང་ནས་གོང་དུ་འབྱིན་པར་བྱེད་དོ། །བཞི་པ་ནི་ཤེས་བྱའི་གཤིས་ལ་ལྷ་དང་འདྲེ་གཉིས་ཀ་མ་གྲུབ་པས་རེ་དོགས་སྤོང་ལེན་གྱི་མཚན་མ་རང་སར་གྲོལ་ནས་འཁྲུལ་པ་གཞི་མེད་དུ་རྟོགས་ཤིང་འཁོར་བ་ཕྱག་རྒྱ་ཆེན་པོར་ཤར་བ་འདི་ཀ་ལ་གློ་བུར་གྱི་རྣམ་པར་རྟོག་པ་དབྱིངས་སུ་ཐིམ་པའི་ཆོས་སྐུ་འདུ་འབྲལ་མེད་པ་ཞེས་མིང་དུ་གཞག་གོ །གསུམ་པ་ཤིན་ཏུ་སྤྲོས་མེད་ནི། གཉིད་ནི་སྤང་བར་མི་བྱ་སྟེ། དབང་པོ་རྣམས་ཀྱང་མི་དགག་གོ །རང་བཞིན་དང་། རྣམ་འགྱུར་དང་། བྱེད་ལས་ཐམས་ཅད་རྣམ་པར་དག་པ་ཁོ་ནའི་རྩལ་དུ་ཤར་བའི་རྣལ་འབྱོར་པ་ལ། གནས་ཚུལ་ནི་འདིའོ། །གནས་ཚུལ་མ་ཡིན་པ་ནི་འདིའོ། །ཞེས་ལྟ་བའི་ངེས་པ་དང་བྲལ་བ་དང་། མཉམ་པར་གཞག་པ་འདིའོ། །རྗེས་ཐོབ་འདིའོ་ཞེས་སྒོམ་པའི་ངེས་པ་དང་བྲལ་བ་དང་། ལོངས་སྤྱད་བྱ་ནི་འདིའོ། །ལོངས་སྤྱོད་བྱ་མ་ཡིན་པ་ནི་འདིའོ་ཞེས་སྤྱོད་པའི་ངེས་པ་དང་བྲལ་བ་དང་། སྤང་བར་བྱ་བ་ནི་འདིའོ། །མངོན་དུ་བྱ་བ་ནི་འདིའོ་ཞེས་འབྲས་བུའི་ངེས་པ་དང་བྲལ་བ་སྟེ། གང་དུ་ངེས་པ་ཐམས་ཅད་དང་བྲལ་བ་ཡིན་པ་དེར་མཉམ་པར་མ་གཞག་པའང་མེད་ལ། དེ་ཉིད་ཀྱི་ངང་ནས་གཉིད་ལོག་པ་དང་སད་པའི་དུས་ཅི་སྤྱད་པ་ཐམས་ཅད་ལམ་དུ་འཆར་བས་སྐོར་ལེ་གཅིག་ཏུ་མ་ཆད་པའི་ཕྱིར་ཀུན་ཁྱབ་བམ། །ཕྱོགས་བྲལ་ལམ། །ཁྱབ་གདལ་དུ་སྤྱོད་པ་ཞེས་བྱའོ། །དེའི་ངང་ནས་སྟེང་ནས་ཐོག་འབབ། འོག་ནས་མཚོ་རྡོལ། གཡས་ནས་རྫ་ཉིལ། གཡོན་ནས་བྲག་རལ་ནའང་འདི་ནས་མི་འཕག་བསམ་དམ་བཅའ་བས་ལྷ་འདྲེ་དེས་མི་བཟོད་པར་རྟགས་མྱུར་དུ་སྟོན་ནོ།། །། དྲུག་པ་ནི། ཕྱི་དང་ནང་གི་གཉིས་ལས། དང་པོ་ནི། མཁའ་འགྲོ་མ་སོགས་གཏོར་མ་སྦྱིན། ཇི་ལྟར་རྙེད་པ་བཟའ་བཏུང་ནི། །ཚོགས་ཀྱི་དཀྱིལ་འཁོར་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཕུལ། ཤེས་རབ་དང་བཅས་པས་བཟའ་བ་དང་བཏུང་བ་སྦྱངས་རྟོགས་སྦར་བ་དང་བདུད་རྩིར་བྱས་ཏེ་ལོངས་སྤྱོད། ལྷག་མས་མ་མོ་མཆོད་པ་དག་གོ །ཡང་ན་དཔའ་བོའི་སྟོན་མོ་དང་དཔའ་མོའི་ཡང་ངོ་། ནང་གི་གཏོར་མ་ནི། དེ་ནི་ཕྱི་སྣོད་གཏོར་གཞོང་། ནང་བཅུད་གཏོར་མ། དཀར་དམར་གྱི་སྣང་བ་རྒྱན་དུ་བྱས་ནས། སྣོད་རང་བཞིན་གྱིས་གྲུབ་པའི་གཞལ་ཡས་ཁང་། བཅུད་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་བ་སྟེ། དུས་དང་རྣམ་པ་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བས་གཉིས་སུ་མེད་པར་མཆོད་པའོ། ཨེ་ཝཾ་རྣམ་པར་ཞུགས་ནས་ནི། །བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཞེས་སོགས་ཀྱིས་ཕྱི་ནང་གཉིས་ཀ་གསུངས་སོ། །ནང་གི་ཚོགས་ནི་རྣལ་འབྱོར་པ་ཡི་བཟའ། རྣལ་འབྱོར་པའི་ལུས་ཉིད་བཟའ་བར་བཏགས་ནས་འབུལ་བ་སྟེ། ཇོ་བོ་ནཱ་རོ་པ་ཉིད་ཀྱིས། རང་ལུས་འབྱུང་བས་བསྡུས་པ་འདི། །ཐ་མལ་ལུས་ལ་མ་ཞེན་པར། །བླ་མ་རྡོ་རྗེ་འཛིན་པ་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྣང་སྲིད་ལུས་ཅན་ཐམས་ཅད་དང་། །བགེགས་ཚོགས་མ་ལུས་ཐམས་ཅད་ལ། །སོ་སོའི་སྐལ་བར་མ་འདྲེས་པ། །ཇི་ལྟར་མཁོ་བ་འབུལ་བར་མཛོད། །ཅེས་པས། ཚོགས། སྤུས་འདོད། སྟོན་མོ། དཀར་དམར་དུ་འགྱེད་པ་ལྔ་ལས། དང་པོ་ནི། རང་ལུས་ཐ་མལ་དུ་གནས་པ་ལ། ཕཊ྄་ཅེས་བརྗོད་པས་རྣམ་པར་ཤེས་པ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཐོན། ཤིན་ཏུ་ཆེ་བར་གྱུར། ཡང་། ཕཊ྄་ཅེས་བརྗོད་པས་དེའི་ཕྱག་གི་གྲི་གུག་གིས་སྨིན་མཚམས་ནས་ཐོད་པ་བྲེག རང་བྱུང་གི་ཐོད་པའི་སྒྱེད་པུ་གསུམ་བྱུང་བའི་སྟེང་དུ་གཞག དེའང་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་ཁྱོན་ཙམ་དུ་སོང་། དེ་ནས་ཕཊ྄་ཅེས་བརྗོད་པས་ལུས་གྲི་གུག་གིས་བླངས། རུབ་ཀྱིས་བཏུབས། ཨོཾ་ཨཱཿཧཱུྃ་སྲཱིཿ སྦྱང་སྤེལ་སྦར་བདུད་རྩིར་བྱས། ཕཊ྄། བླ་མ། ཕཊ྄། སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད། ལྷ་དང་། སྔགས་དང་། རྣལ་འབྱོར་དང་། རྣལ་འབྱོར་མའི་དབང་ཕྱུག་ཏུ་སྣང་བའི་དཀྱིལ་འཁོར། ཕཊ྄། ཞིང་སྐྱོང་བའི་མཁའ་འགྲོ་མ། ཕཊ྄། དཔལ་ཡེ་ཤེས་ཀྱི་མགོན་པོ་ཐམས་ཅད་དང་། གཙང་རིས་པ་བདུན་ཅུ་རྩ་ལྔ་འཁོར་བཅས། ཕཊ྄། ལྷ་མ་སྲིན་སྡེ་བརྒྱད། ཕཊ྄། རིགས་དྲུག་ཐམས་ཅད་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས་བཀུག ཕཊ྄་ཅེས་བརྗོད་པས་ལྗགས་རྡོ་རྗེ་སྦུ་གུ་ཅན་གྱི་རིམ་རིམ་གསོལ། མཐར་ཕཊ྄་དྲག་པོ་གཅིག་གིས་མཆོད་པ་པོ་རྣལ་འབྱོར་མ། མཆོད་རྫས་བདུད་རྩི། མཆོད་ཡུལ་མགྲོན་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟར་མི་དམིགས་པར་སྟོང་པར་བཞག་གོ །གཉིས་པ་ནི། ཕཊ྄། རྣམ་པར་ཤེས་པ་རྣལ་འབྱོར་མའི་རྣམ་པར་ཐོན། ཕཊ྄། ཆེད་དུ་རྦད་པའམ་གནོད་པའི་འདྲེ། ཕཊ྄། ལྷན་ཅིག་སྐྱེས་པའི་བདུད། ཕཊ་སྲིད་ཀྱི་ལྷ་འདྲེ་སྐྱེ་དགུའི་སྲོག་ལ་ཧམ་ཞིང་དབུགས་ལ་འཚེ་བ་ཐམས་ཅད་བོས། སྔོན་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་དུ། གྲངས་བརྗོད་ཀྱིས་མི་ལང་བའི་འཇིག་རྟེན་གྱི་རྡུལ་ཕྲ་རབ་ལས་འདས་པའི་ལུས་ཅི་ཙམ་ཞིག་བླངས་ཀྱང་། སྡུག་བསྔལ་འདུ་བྱེད་ཀྱི་ཕུང་པོ་འབའ་ཞིག་བསགས་ཤིང་དོན་མེད་ཡལ་བར་དོར་བ་ལས་དོན་དུ་གྱུར་པ་སྐད་ཅིག་ཀྱང་མེད། ད་རེས་ལུས་འབྱུང་བཞི་འདུས་པའི་ཟག་བཅས་ཀྱི་ཕུང་པོ་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལས་གྲུབ་པ་འདི་ཁྱེད་འདིར་ཚོགས་པའི་ལྷ་འདྲེ་རྣམས་ལ་དགོས་ན་ཅིའི་ཕྱིར་མི་སྟེར་ཏེ། འགྲོ་དྲུག་གི་སེམས་ཅན་ལ་མི་ངའི་ཕ་མར་མ་གྱུར་པ་མེད་པས་དེ་རྣམས་ཀྱི་ལན་ཆགས་ལེན་ཅིང་ཤ་འཁོན་གཉེར་བ་རྣམས་ཀྱི་གླུད་དུ་ད་ལྟ་རང་ཁོ་བོའི་ལུས་འདི་གཏོང་ངོ་། སོ་སོའི་ཡིད་ལ་འདོད་པ་དེ་དང་དེ་ཁྱེར་ལ་དགོས་པ་ཁོ་ནར་གྱུར་ཅིག ཕཊ྄། ཅེས་བརྗོད་ནས་གྲི་གུག་གིས་ཁོག་པ་ཤགས་གིས་གཤགས་ནས་སྙིང་དམར་འཕྱུར་གྱིས་བཏོན་ཏེ་གནོད་བྱེད་ལ། ཕཊ྄། མགོ་བོ་རྦད་ཀྱིས་བཅད་དེ་ལྷན་སྐྱེས་ཀྱི་བདུད་ལ། ཕཊ྄། གཞན་རྣམས་ལ་ལྷུ་བཅུ་གཉིས་དབང་པོ་རྣམ་པ་ལྔ། དོན་སྙིང་ལྷག་མ་བཞི། ནང་ཁྲོལ་རྣམ་པ་དྲུག རྐང་དང་ཚིལ་བུ། ཀླད་པ་དང་གླད་རྒྱ། ཞག་དང་ཁོང་ཁྲག སྐྲ་དང་སེན་མོ། པགས་པ་དང་དྲི་མ། དྭངས་མ་དང་སྙིགས་མ། དབུག་དང་ཚེ་སྲོག མདངས་དང་བཀྲག སོ་སོའི་ཡིད་ལ་གང་འདོད་པ་རྣམས་ཧབ་ཤར་བྱས་པས་འདོད་པ་དེ་དང་དེ་ཐོབ་སྟེ་དགའ་མགུ་རངས་པར་བསམ་མོ། །གསུམ་པ་ནི། ཕཊ྄། རྣམ་ཤེས་ཕག་མོར་ཐོན། ཕཊ྄། དེའི་གྲི་གུག་གིས་སྤྱི་བོ་ནས་རྐང་མཐིལ་གྱི་བར་དྲས་ཏེ་པག་པ་བཤུས་བཏིང་པས་སྟོང་གསུམ་ཁྱབ། ཤ་གཏུབ་པས་རི་རབ་ཙམ། ཕཊ྄། ཁྲག་བསྐྱིལ་བ་རྒྱ་མཚོ་ཙམ། ཕཊ྄། དཀོན་མཆོག་སྲིད་ཞུ། ཕཊ྄། མགོན་པོ་ཡོན་ཏན། ཕཊ྄། འགྲོ་དྲུག་སྙིང་རྗེ། ཕཊ྄། ལན་ཆགས་ཤ་འཁོན་གཉེར་བའི་སྡེ་བརྒྱད་ཐམས་ཅད་བོས། ཕཊ྄། གོང་མ་རྣམས་ལ་ངོ་བོ་བདུད་རྩི། རྣམ་པ་ཤ་ཁྲག གཞན་མ་རྣམས་ལ་ཤ་ཟས། ཁྲག་སྐོམ་དུ་བྱས་པའི་སྟོན་མོ་ཆེན་པོར་འགྱེད་དོ། །བཞི་པ་ནི། ཕཊ྄། རྣལ་འབྱོར་མ། ཕཊ྄། ཐོད་པ་བྲེགས་པ་རིན་པོ་ཆེའི་སྣོད་འཇིག་རྟེན་ཁྱབ་པ། ཕཊ྄། ལུས་གཏུབས་པ་བདུད་རྩིའི་རྣམ་པ་འོ་མའི་རྒྱ་མཚོ། ཕཊ྄། མགྲོན་བཞི་བོས། ཕཊ྄། ཡིད་བཞིན་དུ་གསོལ་བས་དགྱེས་པར་བསམ་མོ་ལྔ་པ་ནི། ཕཊ྄། རྣལ་འབྱོར་མ། ཕཊ྄། ཐོད་པ་བྲེགས་ཏེ་མི་མགོའི་སྒྱེད་བུ་གསུམ་ལ་བཞག་པ་སྟོང་གསུམ་ཙམ། ཕཊ྄། ལུས་བཅུག་གཏུབས། ཕཊ྄། ཁྲག་གི་རྒྱ་མཚོ་ལྦུ་བ་གསར་པའི་འཕྲེང་བས་བརྗིད་པ། ཕཊ྄། མགྲོན་བཞི་བོས། ཕཊ྄། གསོལ། ཐམས་ཅད་ཀྱི་མཐར་ཕཊ྄་དྲག་པོ་གཅིག་བརྗོད་པས་འཁོར་གསུམ་ཡོངས་དག་ཏུ་བྱའོ། །ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་འདི་ལ་བརྟེན་ནས་བདག་གི་ཚོགས་རྣམ་པ་གཉིས་རྫོགས་ཏེ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག ད་ཕྱིན་ཆད་འདིར་ཚོགས་པའི་སྙིང་རྗེ་དང་ལན་ཆགས་ཀྱི་མགྲོན་ཐམས་ཅད་ཀྱི་ཞེ་སྡང་གདུག་རྩུབ་ཀྱི་བསམ་པ་ངན་པ་སླར་ཞི་ཞིང་། རྒྱུད་ཟག་པ་མེད་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ་ཞིག་ཁོ་ནར་གྱུར་ཅིག སྙིང་རྗེ་དེས་ཉེ་བར་ལེན་པའི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས། ད་ཕྱིན་ཆད་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་རྣམས་ལ་གནོད་ཅིང་འཚེ་བ་མི་བྱེད་དེ། །གནོད་ཅིང་འཚེ་བ་ལས་ལོག་ནས་ཤིན་ཏུ་བརྩེ་བའི་སེམས་དང་ལྡན་ཏེ་བྱམས་པ་དང་དགའ་བའི་བསམ་པ་དུ་མས་ཕན་འདོགས་ཤིང་ཐམས་ཅད་ཀྱང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྱོར་པ་དང་ལྡན་པར་གྱུར་ཅིག ཅེས་ལྔ་ཀའི་མཐར་བྱའོ། །དེ་ལྟར་མཆོད་སྦྱིན་འདིའི་དགོས་པ་ནི། རྗེ་བཙུན་མར་པས། རང་ལུས་ལ་ཞེན་པ་མེད་པར་གང་ལ་གང་འོས་སུ་སྦྱིན་པར་བཏང་ཞིང་མཆོད་པར་ཕུལ་ན། བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའང་སྐད་ཅིག་དེ་ཉིད་གྱིས་ཆོད་དེ་ནམ་མཁའི་མཐའ་དང་མཉམ་པ་ཆོས་ཀྱི་དབྱིངས་དང་མཉམ་པར་འགྱུར་བ་དང་། ལམ་མྱུར་དུ་བགྲོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བློ་སྦྱངས་པར་འགྱུར་བ་དང་། འགྲོ་བ་གཞན་དོན་གཙོ་བོར་བྱས་པར་འགྱུར་བ་དང་། ཐབས་ལ་མཁས་པར་འགྱུར་བ་དང་། ནམ་མཆི་བའི་ཚེ་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། དམིགས་པ་གར་གཏད་དུ་བསྒྱུར་སླ་བ་དང་། ཆོས་ཉིད་མྱུར་དུ་རྟོགས་པར་འགྱུར་བ་དང་། འབྲས་བུ་ཟད་པར་དང་ཟིལ་གནོན་གྱི་ཏིང་ངེ་འཛིན་གྱིས་འགྲོ་བའི་དོན་ཐོགས་པ་མེད་པར་འབྱུང་བའི་དགོས་པ་ཡོད་པའོ། །ཞེས་གསུངས་སོ། ལྷོང་རྟགས་མ་བྱུང་ཚུན་སྦྱིན་གཏོང་མི་བྱེད། ཡུལ་སོ་བདུན་ཉེར་བཞི་དུར་ཁྲོད་ཆེན་པོ་རྣམས་སུ་ཚོགས་འཁོར། ཧ་ཅང་འཚུབ་པའི་དུས་དང་བྱད་ཁ་ཟུག་པ་ལ་སྤུས་འདོད། ནད་རིམས་ཡོད་པར་སྤྲང་སྟོན། དཀར་ཕྱོགས་ལ་དགའ་བ་ལ་དཀར་འགྱེད། ནགས་ཕྱོགས་ལ་དགའ་བ་ལ་དམར་འགྱེད་དེ་གང་རུང་རེས་ཆོག་པའོ། །བདུན་པ་ནི། གལ་ཏེ་བདག་ནི་བསྒྲུབ་འདོད་ན། །སླར་ཡང་བྱིས་པའི་སྤྱོད་པ་བྱ། །བཤད་པ་དེ་དག་གིས་གལ་ཏེ་ལྷོངས་མ་བྱུང་བ་ལ། སྒྲུབ་པ་པོ་ནི་ལྷོངས་དེ་བསྒྲུབ་པར་འདོད་ན། སླར་ཡང་བྱིས་པ་སོ་སོ་སྐྱེ་བོའི་གནས་སྐབས་ལྟར་དམིགས་པའི་བསྒྱུར་ཁ་ལ་ལྟོས་པའི་སྤྱོད་པ་འདི་བྱས་ན་གདོན་མི་ཟ་བར་འབྱུང་ངོ་། །དེའང་མིགས་པས་ལྷ་རྟེན་རིལ་པོར་གཞིག་པའམ། ཅུང་ཟད་བསྒྱེལ་ལམ། སྤྲུགས་ལ། ས་བདག་ཀླུ་གཉན་ལྟ་བུ་མ་ལྷོངས་ན། རང་ཉིད་ལྕགས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་རྡོ་རྗེའི་སྡེར་མོ་ཅན་གྱིས་དེ་དག་གི་གཉའ་བ་ནས་བཟུང་སྟེ་ནམ་མཁར་ཁྱེར། རི་བོ་མཆོག་རབ་ལ་བསྐོར། སྡེར་མོས་སྙིང་བཏོན་ཞལ་དུ་གསོལ་བར་བསམ་མོ། །གཞན་ལ་ཁྲོ་བོ་ལྕགས་ཀྱི་ས་གཞི་ལ་གནས་པ་གཉིས་བལྟས་ཏེ། ལྷ་འདྲེ་དེ་ཕར་བསྒྱུར་ཚུར་བསྒྱུར་ལྕགས་ཀྱི་ས་གཞི་ལ་མཉེས་པས་ཚིག་པར་འགྱུར་རོ། །དེ་མ་བྱུང་ན་ཕཊ྄་ཅེས་པས་རང་གི་རྣམ་པར་ཤེས་པ་རྣལ་འབྱོར་མའི་རྣམ་པས་འདོན། རོ་དེ་ཉིད་བམ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་པས་ཕྱོགས་དེའི་ལྷ་འདྲེ་ལ་སོགས་པ་ཐམས་ཅད་མནན་པས་མགུལ་མི་ནུས་པར་བསམ་མོ། །དེས་ཀྱང་མ་ལྷོངས་ན་བམ་དེ་ལས་དུག་ཁྲག་གདུག་པ་ཅན་ཐམས་ཅད་ཀྱི་སྲོག་ལ་མཐར་བྱེད་དུ་གྱུར་པ་ཕབ། དེས་ཕྱི་དང་ནང་ཐམས་ཅད་དུ་ཁྱབ་རྒྱ་མཚོར་གྱུར་པས། ལྷ་འདྲེ་རྣམས་དུག་གི་རླངས་པས་བརྒྱལ། ཁྲག་གི་རྦ་གློང་གིས་ཁྱེར་ནས་དངངས་ཤིང་འཚུབས་པར་བསམ་མོ། །དེས་ཀྱང་མ་བྱུང་ན། ཕག་མོས་བམ་དེའི་པགས་པ་བཤུས། ནམ་མཁའ་ཙམ་པ་དེའི་ནང་དུ་ལུས་ཀྱི་ཤ་ལིངྒ། དེ་ལ་གཞི་བདག་དེས་གཙོས་པའི་སྡེ་བརྒྱད་ཐམས་ཅད་བསྟིམ། དེ་པགས་པས་གཏུམས། རྒྱུ་མས་བཀྱིགས། གཤིན་རྗེའི་བཙོན་ཁང་དུ། ཧཱུྃ་གིས་ནམ་མཁར་ཕྱར། ཕཊ྄་ཀྱིས་མེ་དོང་དེར་བརྡབས་ཏེ་བསྐྱུར་ནས་མེ་དོང་གི་ཁ་ཐམས་ཏེ་ཐུམ། རང་ཉིད་དེའི་ཁར་གསེར་གྱི་མཆོད་རྟེན་དུ་བསམས་ལ་འདུག་གོ །བརྒྱད་པ་ནི། བཟའ་དང་བཟའ་མིན་ཇི་རྙེད་ནི། སྨྱོན་པའི་བརཏལ་ཞུགས་སྦྱོར་བས་བྱ། སྣང་བའི་ཚོགས་ཐམས་ཅད་མ་སྐྱེས་པར་ལྟ་བ་ནི་སྨྱོན་པ་སྟེ། ཚུལ་དེའི་བརཏལ་ཞུགས་ཀྱིས་བཟའ་བ་དང་བཏུང་བར་འཇིག་རྟེན་གྱིས་ཐ་སྙད་དུ་བྱེད་པ་དང་། བཟའ་བ་མ་ཡིན་པ་འཇིག་རྟེན་དག་སྨོན་པའི་སྒྲོན་མ་ལྔ་བཏུང་བ་བདུད་རྩི་ལྔ་རྣམས་བཟའ་བ་དང་བཏུང་བ་དང་། ཇི་རྙེད་པ་ནི་བགྲོད་པར་བྱ་བ་དང་མི་བྱ་བ་དང་། སྲོག་ཆག་གསོད་པ་དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། གཞན་གྱི་བུད་མེད་བསྟེན་པའི་སྒྲས་གསུངས་པ་དག་ཀྱང་བྱ་བ་སྟེ། སམ་པུ་ཊར། ངེས་པར་ཐམས་ཅད་མ་སྐྱེས་པའི། །རྣམ་པ་ཡིས་ནི་རྣལ་འབྱོར་གྱི། །ཁྱི་དང་བོང་བུ་རྔ་མོང་དང་། །གླང་པོ་ལ་སོགས་ཁྲག་འཐུང་ནས། །ཤ་ནི་རྟག་ཏུ་བཟའ་བར་བྱ། །ཤ་ཆེན་ཁྲག་གིས་གོས་པ་ནི། །ཐམས་ཅད་ཁྱད་པར་དུ་ནི་ལྟ། །དམན་པའི་ཤ་ནི་ཐམས་ཅད་དང་། །སྲོག་ཆགས་འབུམ་ཕྲག་བརྒྱ་ལྡན་བཟའ། །རྣམ་སྣང་ཤིན་ཏུ་རུལ་པ་ནི། །སྲིན་བུ་བརྒྱ་ཕྲག་ཟིར་ཟིར་ལྡན། །ཁྱི་དང་མི་སྐྱུགས་བསྲེས་ནས་ནི། །ཤ་ནི་རྡོ་རྗེའི་ཆུར་གོས་ལྡན། །རྣལ་འབྱོར་པ་ནི་སྤྲོ་བ་ཡིས། །རྣམ་སྣང་བསྲེས་ནས་བཟའ་བར་བྱ། །རྡོ་རྗེ་ཆུ་ནི་བཏུང་བའོ། །ཞེས་སོགས་ཀྱིས་སོ། །དགུ་པ་ནི། འཇིགས་པ་ཐམས་ཅད། ལྷོངས་བསྟན་ཏེ། ལྷ་འདྲེའི་དམག་གིས་བསྐོར་ཏེ་སོད་ཅིག་ལ་སོགས་པ་མི་སྙན་པ་ངག་ཏུ་འབྱིན་པ་དང་མཚོན་ཆའི་ཆར་འབེབས་པ་སོགས་ཆོ་འཕྲུལ་དུ་གྲགས་པ་ཐ་ན་བཤུ་ཅེས་པའི་སྒྲ་ཙམ་གྱིས་སྐྱི་ཟིང་ཟིང་པོར་འགྱུར་བའི་བར་རྣམས་དང་། ན་ཚ་དང་། མཛའ་བ་དགྲར་ལངས་པ་དང་། ཡིད་མྱ་ངན་གྱིས་གདུངས་པའམ། སྨྱོ་འབོག་པ་བརྒྱལ་བ་ལ་སོགས་པ་བདུད་ཀྱི་བར་ཆད་ཐམས་ཅད་དངོས་སུའམ། ཉམས་སྣང་ལའམ། རྨི་ལམ་དག་ཏུ་འབྱུང་བ་མཆོག་འབྲིང་དམན་པར་གཞག་གོ །ཚར་ཚད་འདྲ་བ་ནི། བདུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དུ་བརྫུས་ཏེ་ལུང་སྟོན་པ་དང་། ལྟ་སྒོམ་སྤྱོད་པའི་ཆོས་དེ་དང་དེ་དོན་གཞན་དང་གཞན་དུ་བསྒྱུར་ནས་གོལ་དུ་འཇུག་པ། འཇིག་རྟེན་གྱི་ཆོས་རྙེད་པ་ལ་སོགས་པས་རྣལ་འབྱོར་གྱི་བར་ཆད་བྱེད་པ་དང་། སྔར་ལས་ཤེས་རབ་ཆེ་བས་ཐ་སྙད་ལ་སོགས་པར་ཁྲིད་པ་སྟེ་རྒྱས་པར་གཞུང་ཆེན་པོ་དག་ལས་སོ། །ཁྱིམ་པའི་གནས་སྐབས་སུ་འཐབ་པ་དང་རྒོལ་བ་ལྟ་བུས་མཚོན་ཏེ། སྔར་སྤྱོད་སྤྱོད་པའི་བག་ཆགས་ངན་པ་ལ་གོམས་པ་དེ་དང་དེ་རྨི་བ་ནི་ལྷོངས་ཚད་མ་ཡིན་ཞེས་པའོ། །རྣམ་སྤངས་ཏེ། །གནས་དེར་ཤེས་རབ་ཅན་གྱིས་བསྒོམ། །འདི་ནི་ཆོད་རྟགས་ཞེས་བྱ་སྟེ། །ཡི་དམ་གྱི་ལྷས་དངོས་སུ་དངོས་གྲུབ་སྦྱིན་ཀྱང་དགའ་བ་དང་བྲོད་པ་མ་སྐྱེས། བདུད་ཀྱི་དངོས་སུ་སྙིང་བཏོན་སོང་ཡང་མི་དགའ་བ་དང་སྡུག་མི་བསྔལ་ན་ཆོད་པ་ཞེས་བྱ་སྟེ། རིག་པ་རྩ་བ་ཆོད་པའི་གནད་ཀས་སོ། །དེ་ལྟར་རྟོགས་པ་དེ་ཤེས་རབ་ཅན་ཞེས་བྱ་ལ། དེས་སྤྱད་བྱ་སྤྱོད་བྱེད་དང་བྲལ་བས་གནས་དེ་དག་ཏུ་སྒོམ་ཞེས་པའོ།། །། བཅུ་པ་ནི། ངེས་པར་སྔོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། སེང་གེའི་གཟུགས་ཀྱི་རྣམ་པར་རྒྱུ། །གནས་དེ་དག་ཏུ་ཕྱིན་པས་མདུན་དུ་ལྷའི་དབང་པོ་བརྒྱ་བྱིན་ལྟ་བུ་བྱུང་ཡང་། སེང་གེ་རི་དྭགས་ཀྱི་ཚོགས་ལ་བཞིན་དུ་ཉམ་ང་བ་དང་བག་ཚ་བ་བྱ་མི་དགོས་ཏེ། རང་སེམས་སྣང་བ་ཡིན་པས་སོ། །ཚུལ་འདིས་གདོན་ཐུ་བོ་དག་གི་ཆོ་འཕྲུལ་ལམ་དུ་བྱ་བའང་བསྟན་ཏེ། བཟློག་བསྒོམ་རྐྱང་འདེད། ཕོ་གདོན། མོ་གདོན། ཀླུ་གདོན། གདོན་དྲག་པོ་འདུལ་བ་ལས། དང་པོ་ལ། ཚིག་གཅིག ཚིག་གཉིས། ཚིག་གསུམ་མའོ། དང་པོ་ནི། འཇིགས་ན་འཇིགས་མཁན་གྱི་ངོ་བོ་ལ་བརྟགས་ཏེ། ལུས་འཇིགས་སམ་སེམས་འཇིགས། ལུས་འཇིགས་པ་ཞིག་ན། ལྷ་འདྲེ་རྣམས་ལ་སྦྱིན། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ་ཞེས་གཟན་དུ་བསྐྱུར། སེམས་འཇིགས་པ་ཞིག་ན། གཟུང་འཛིན་འཁྲུལ་པའི་རྟོག་པ་ལ་ལྷ་འདྲེའི་གཟུགས་བརྙན་གནོད་བྱེད་གནོད་བྱ་རུ་མཐོང་བ་འདི་རྣམས་རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་འཛག་པ་ལྟར་འཁོར་བ་ཐོག་མ་མེད་པ་ནས། རྒྱུ་མ་རིག་པའི་དབང་གིས་བག་ཆགས་ངན་པའི་རྒྱུན་གོམས་པ་ལས་བྱུང་བའི་སྒྲིབ་པའི་སྒྲིབ་གཡོགས་གློ་བུར་གྱི་རྣམ་པར་རྟོག་པའི་སྤྲིན་དང་ན་བུན་ལྟ་བུ་ཡིན་གྱི། དེ་ལ་འཇིགས་ཤིང་སྐྲག་པའམ་ཡ་ང་བ་ཅི་ཡོད་སྙམ་དུ་གཞི་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག་པས་མི་འཇིགས་པ་ཁོང་དུ་ཆུད་པར་འགྱུར་རོ། །གདོན་ཆེ་བ་མི་མཆོད། ཆུང་བ་ལ་ཛར་བརྡུངས་མི་བྱ། རོ་སྙོམས་མི་སྙོམས་བལྟ། རོ་སྙོམས་ནས་སངས་རྒྱས་ཀྱི་ལམ་དུ་འགྲོ་མི་འགྲོ་བལྟ། སངས་རྒྱས་ཀྱི་ལམ་དུ་མི་འགྲོ་ན་དགེ་བ་ཡིན་པས་ཕན་མི་འདོགས། ལམ་དུ་འགྲོ་ན་སྡིག་པ་ཡིན་པས་གནོད་མི་འཁྱོལ་ལོ། །གཞན་ཡང་ནད་ལྟ་བུར་ཡང་། ན་མཁན་སྟོང་ཉིད། ནད་སྟོང་ཉིད། རང་ཡང་སྟོང་ཉིད། རྐྱེན་ཅི་བྱུང་ཡང་སྟོང་ཉིད་དུ་ཤེས་པར་བྱས་པས་བར་ཆད་ཀྱིས་མི་ཚུགས་སོ། འདི་ནི་ཕུང་པོ་གཟན་དུ་བསྐྱུར་ནས་གདོན་ཆོས་ཀྱི་སྐུར་བལྟ་བས་ལྟ་བའི་ལམ་སློངས་ཞེས་བྱའོ། །གཉིས་པ་ནི། སྔ་མའི་སྟོང་ཉིད་དེ་ལ་སྟོང་པའི་བཟློག་བསྒོམ་ཞེས་བྱ་ལ། དེ་བསྒོམ་ལ། མཇུག་ཏུ། དེ་ལྟར་མ་རྟོགས་པའི་ལྷ་འདྲེས་གཙོ་བྱས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་ཞིང་ཕུང་པོ་ཚོགས་འཁོར་དུ་བཏང་བས་ཚོགས་གཉིས་ཟུང་དུ་འཇུག་པ་འདི་ནི་ཕུང་པོ་ཚོགས་འཁོར་དུ་བཏང་ནས་གདོན་ལོངས་སྐུར་བལྟ་བས་སྒོམ་པའི་ལམ་སློང་ཞེས་བྱའོ། །གསུམ་པ་ནི། སྔོན་འགྲོར་ཆོ་འཕྲུལ་བྱུང་ན་དགའ་བའི་འདུན་པ། བྱུང་ན་དེ་བས་ཀྱང་ནུས་མཐུ་ཆེ་བ་ཞིག་ཞེ་ཐག་པ་ནས་ཡོང་རེ་བ་བྱས་ལ། དངོས་གཞི་འཇིགས་མཁན་ནམ། འདྲེ་འཛིན་གྱི་རྟོག་པའམ། རྐྱེན་ན་ཟུག་ཁམས་འདུས་པ་སོགས་གང་བྱུང་བ་དེ་རང་ཁ་ངོས་ཟིན་པ་ཙམ་གྱི་སྟེང་དུ་མ་བཅོས་པར་གཞག་པ་ལ་དགེ་སྦྱོར་གྱི་མཐིལ་བྱའོ། རྗེས་དེ་ལྟར་རོ་སྙོམས་ན། རེ་བ་རྣམས་དགག དོགས་པ་རྣམས་བསུ། སྐྱིད་པ་བསྐྱུར། སྡུག་པ་ལེན། རྙེད་པ་སྤང་། མ་རྙེད་པ་བསྒྲུབ། གྲགས་པ་སུབ། མ་གྲགས་པ་སློང་། སྨད་པ་བསྒྲུབ། བསྟོད་པ་འགེགས་སོ། །ཚུལ་འདིས་རྐྱེན་བཟང་ངན་གང་གི་སྟེང་དུའང་རི་བཙུགས་པ་བཞིན་སྡོད་ནུས་ན་ནད་པ་ལ་སྨན་པ་འགུགས་མི་དགོས། གདོན་ལ་རིམ་འགྲོ་བྱ་མི་དགོས། དེ་ཙ་ན་འབྲུག་པའི་སྒོམ་ཆེན་པའི་ཁྲོད་དུ་ཚུད་པ་ཙམ་ཡིན་པ་འདྲའོ། །འདི་ནི་ཕུང་པོ་སྒྱུ་མར་ཞིག་པས་གདོན་སྤྲུལ་སྐུར་བལྟ་བ་སྤྱོད་པའི་ལམ་སློངས་ཞེས་བྱའོ། །མོ་གདོན་གྱི་ཐིག་ལེ་རྐུ་བ་ལ་སོགས་པའི་ཆོ་འཕྲུལ་ཐམས་ཅད་ལ། །རང་ཉིད་ལྕགས་ཀྱི་སྡིག་པ་དམར་ནག་མགོ་དགུས་ཁམས་གསུམ་ཟ་བར་ནུས་པ། རྭ་བཅོ་བརྒྱད་ཀྱིས་སྲིད་པ་གསུམ་དབང་དུ་སྡུས་པར་བྱེད་པ། ནམ་མཁའི་ཁམས་ཁྱབ་པ་ཙམ་དུ་ཆེ་བ། བ་སྤུ་ཐམས་ཅད་རྡོ་རྗེའི་རང་བཞིན་གྱི་ཚེར་མར་བཏམས་པ་ཞིག་ཏུ་བསམས་ནས་གནོད་བྱེད་མོ་བཀུག ལྷན་ཅིག་ཏུ་ལྕགས་ཐག་གིས་ཡན་ལག་དག་ཀྱང་བསྡམས། མགོ་དགུས་རིམ་པས་བཟས་པ་དང་ལུས་ཀྱི་ཚེར་མས་ཕུག་པའི་ཆོ་ངེས་འཇིག་རྟེན་ཐམས་ཅད་ཁོལ་པའི་མཐར་ཐམས་ཅད་ཟོས་པར་བསམ་མོ། །ཕོ་གདོན་གནོད་ན། རང་ཉིད་ཞི་ན་སྤྱན་རས་གཟིགས། ཁྲོ་ན་རྟ་མགྲིན་དུ་བསམས་ནས། གནོད་བྱེད་དང་རང་གཉིས་དར་དཀར་པོས་ལྷན་ཅིག་ཏུ་བསྡམས་ནས། ཁྱོད་ངའི་སྙིང་རྗེའི་རྟེན་ལ་འདུག་ཅིག་ཅེས་བརྗོད་དོ། འདི་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་གྱུར་ཅིག་ཅེས་སྙིང་ཐག་པ་ནས་བལྟའོ། ཀླུ་གདོན་ལ། སྟོང་ཉིད་དམ། ལྷག་པར་ཡེ་ཤེས་ཀྱི་ཁྱུང་ཁོག་ཏུ་ཞུགས་ཏེ་མེར་འབར་བས་བསྲེག་པར་བལྟའོ། །གདོན་དྲག་པོ་ལུང་སྟོན་པ་དེ་དག་གམ། དྲག་སྔགས་དང་དམིགས་པ་གཞན་བསྒོམས་པས་ཇེ་ཐུར་འགྲོ་བ་དག་ལ། ནཱ་རོའི་མེ་མཆོད་ཀྱི་བདུག ལུང་སྟོན་པ་དེ་དག་ལ་བླ་མ་སངས་རྒྱས་སྲས་བཅས་བསྟིམ། གསོལ་བ་བཏབ་པས་འགྱུར་ན་གདོན། མི་འགྱུར་ན་བླ་མ་སོགས་ཉིད་དོ། །ཅིས་ཀྱང་མི་ཐུལ་ན་གནམ་ས་གོ་བཟློག འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་ཀྱིལ་འཁོར་གྲུ་གསུམ། ཉི་ཟླ་ཆ་ལང་བཞིན་བརྡབས་པའི་བར་དུ་ལྷ་འདྲེ་ཐམས་ཅད་ཉལ་ཉལ་བཏགས་ཤིང་མཐར་མེའི་དོང་དུ་ལྷུང་། དེའི་ཁ་ས་གཞིས་བཅད། རང་ཉིད་གསེར་གྱི་རི་བོར་བསམས་ཏེ་མནན་པས་ཐར་དུས་མེད་པར་བསམ་མོ།། །། གསུམ་པ་ལ། དེ་དག་ཏུ་ལྷ་འདྲེའི་དོན་བྱ་བ་དང་། གསང་སྤྱོད་དུས་ཇི་སྲིད་དུ་བྱ་བ་ལས། དང་པོ་ནི། སེམས་ཅན་རྗེས་སུ་གཟུང་བྱའི་ཕྱིར། །བློ་དང་ལྡན་པས་རྒྱུ་བར་བྱ། ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གྱིས་ལྷ་འདྲེ་རྣམས་ཡུལ་འཐོན་པའམ་ཤི་བ་ལྟ་བུ་ལ་སོགས་པར་རྨི་ན་རྗེས་སུ་འཛིན་པ་འདི་བྱ་སྟེ། རང་ཉིད་འཕགས་པ་སྤྱན་རས་གཟིགས་ཁམས་གསུམ་ཁྱབ་པ་ཙམ་གྱི་སྐུ། ཤིན་ཏུ་ཞི་ཞིང་མཛེས་པའི་ཐུགས་ཀའི་འོད་ཀྱིས་གཞི་བདག་གིས་གཙོས་པ་བཀུག ཕྱག་མཐིལ་ནས་བདུད་རྩི་བབས་འཐུང་བཀྲུས་པས་བདེ་བ་དང་ལྡན། གནས་ཁང་འབྱོར་པ་ཐམས་ཅད་སོ་སོའི་ཡིད་ལ་འབབ་པར་གྱུར་ཏེ་དགའ་བར་བསམས་ལ། དེ་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ཅེས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ནས། བདག་གིས་རྣམ་པ་ཐམས་ཅད་དུ་འདི་ལ་ཕན་པ་དང་བདེ་བ་བསྒྲུབས་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམས་བསམས་ཏེ། བདག་དང་སེམས་ཅན་མི་དམིགས་པར་མཉམ་པར་གཞག་གོ །གཉིས་པ་ནི། རང་གི་སེམས་ལ་མངོན་འདོད་པ། །པདྨ་ཅན་ལྟ་བུའི་བུ་མོ་སྟེ། །གནང་བ་རྙེད་གྱུར་སྔགས་པ་ལ། །རྣལ་འབྱོར་མ་ཡིས་བསྟན་པར་བྱ། །ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །རྙེད་པ་དེ་ཡང་མིག་ཡངས་མ། །ཞེས་སོགས་སོ། །རྙེད་པ་དེའང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བསྒྲུབ་པ། དབང་བསྐུར་ཅིང་བསྐྱེད་པ་དང་རྫོགས་པའི་ལམ་ལ་སློབ་ཏུ་འཇུག་གོ །དེ་ལྟར་ཡང་། བྱང་ཆུབ་སེམས་ཀྱི་རྣམ་པར་སྦྱངས། །དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །དམ་ཚིག་སེམས་དང་གཅིག་པ་ཉིད། །ཅེས་སོ། །གལ་ཏེ་ནུས་པ་དང་ལྡན་ན། །ལྕགས་ཀྱུ་ཞགས་པ་རབ་སྦྱར་བས། རྣལ་འབྱོར་པ་ཡིས་བཀུག་ནས་བསྒྲུབ། །ལྷའམ་ལྷ་མ་ཡིན་གྱི་བུ་མོ། །ལྕགས་ཀྱུ་སྟེ་དགུག་པ། ཞགས་པ་སྟེ་དབང་དུ་བྱའོ། །ཞེས་པའི་དོན་ནོ། དེ་ལྟར་ཡང་། ཡང་ན་བདག་གིས་ནུས་པ་ཡིས། །ལྷ་དང་ལྷ་མིན་མི་རྣམས་དང་། །གནོད་སྦྱིན་མིའམ་ཅི་ལས་ཀྱང་། །ཕྱག་རྒྱ་བཀུག་ལ་རབ་ཏུ་བརྟག ཅེས་པའོ། །ཉེ་བར་དགོངས་པ་རྒྱས་པ་ཀུན། །མི་སྣང་བ་བཅུད་ཀྱི་ལེན། རལ་གྲི་རིག་འཛིན། མིག་སྨན། ས་འོག་གི་དངོས་གྲུབ། མཆིལ་ལྷམ་རིལ་བུའི་གྲུབ་པ། རྫོང་གི་ལྷ་མོས་མཁའ་སྤྱོད་དུ་སྐྱེལ་བ་སོགས་ཐུན་མོང་གི་གྲུབ་པ་ཐམས་ཅད། མ་བླངས་པར་ཡང་། རྣལ་འབྱོར་གྱི་སྟོབས་ལས་རང་བྱུང་སྟེ། ནང་གི་རྩད་མཉེས་པས་སོ། །ལྷ་ཡིས་སྟེར། དུས་དེའི་གནས་སྐབས་ན་བདུད་རིགས་ཆོས་སྐྱོང་དུ་ཞལ་བསྒྱུར། ཆོས་སྐྱོང་སྤྲུལ་སྐུར་མཐོང་བས་རྐྱེན་དངོས་གྲུབ་ཏུ་བབས། བར་ཆད་ལམ་དུ་ལོངས། །རྣམ་རྟོག་ཆོས་སྐུར་ཤར། སྐྱོན་ཡོན་ཏན་དུ་འགྲོ་ཏེ་ཐུན་མོང་ལམ་གྱི་ཡོན་ཏན་ཐམས་ཅད་དེ་དག་གིས་བསྒྲུབ་པས་སོ། །རྒ་དང་ནད་ལས་རྣམ་པར་གྲོལ། རྒ་བ་མེད་པ་ཚེ་ཉི་ཟླ་དང་མཉམ་པ་དང་། ནད་མེད་པ་ལུས་སེམས་དངས་མར་གྱུར་པ་ཕྲ་སོགས་ཀྱི་དབང་ཕྱུག་ཏུ་བྱས་པའོ། ཡང་ན་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་ཟད་པའི་ཕྱིར། ཐེག་པ་ཆེན་པོའི་ས་རབ་ཏུ་དགའ་བ་བརྙེས་པ་སྟེ། འཕགས་པས་འཆི་དང་ན་བ་དང་། །དགའ་བའི་སྡུག་བསྔལ་རྩ་ནས་སྤངས། །ཞེས་པས་སོ། །དངོས་ཉམས་རྨི་ལམ་གྱིས་དང་། ནད་ལ་སོགས་པའི་རྐྱེན་གྱིས་དགེ་སྦྱོར་ལ་རྩལ་ཐོན་པ་ནི་ལྷོངས་ཚད་འདྲ་བའི་ཚར་ཚད། བག་ཆགས་ཀྱི་ནི་སྔར་སྤྱད་སྤྱད་པའི་སྟོབས་ལས་རྨིས་པས་དེར་གཞག་ཏུ་མེད་དོ།། །། གསུམ་པ་རྒྱལ་ཚབ་ཆེན་པོའི་བརཏལ་ཞུགས་ཀྱི་སྤྱོད་པ་ལ། དེ་ངོས་བཟུང་བས་མདོར་བསྟན། བརཏལ་ཞུགས་རྣམ་པ་གཉིས་ཀྱི་ཚུལ་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། ཡང་ན་དཔལ་ལྡན་རྒྱལ་ཚབ་ཆེའི། །བརཏལ་ཞུགས་སྤྱོད་པ་སྤྱད་པར་བྱ། །ཡང་ནི། དེ་ཁོ་ན་ཉིད་མཐོང་ནས་ཡང་བོགས་འདོན་པའི་ཕྱིར་རོ། དཔལ་ལྡན་ནི་དེ་བཞིན་གཤེགས་ཐམས་ཅད་དེ། །དེ་རྣམས་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བ། དེ་ནི་རྒྱལ་ཚབ་ཆེན་པོ་ཞེས་བྱ་ལ། དེ་ཐོབ་པར་བྱེད་པ་དང་། དྲི་མ་མེད་པའི་གནས་སྐབས་སུ་ཞི་བ་དང་ཁྲོ་བོ་ཞེས་རྣམ་པར་འབྱེད་པ་བཞིན་དུ། འདིར་ཁྲག་འཐུང་ཆེན་པོ་རྣམས་དང་། ཞི་བའི་སངས་རྒྱས་དག་གི་བརཏལ་ཞུགས་གང་ཡང་རུང་བས་ས་ལྷག་མ་རྣམས་ཡོངས་སུ་སྦྱོང་བར་བྱེད་པ་ནི་བརཏལ་ཞུགས་ཆེན་པོའི་སྤྱོད་པ་ཡིན་པས་རྒྱལ་ཚབ་ཆེན་པོའི་སྤྱོད་པ་ཞེས་བྱའོ། འདིར་ནི་མངོན་པར་བྱང་ཆུབ་པར་སྒྱུ་ལུས་སུ་ལྡང་བས། སཾཔུ་ཊར། སྣ་ཚོགས་གདུལ་བྱའི་འཇིག་རྟེན་ལ། །འཇམ་པའི་གཟུགས་ཅན་རང་ཉིད་བསྒོམ། །ཞེས་གསུངས་ཤིང་། སྤྱོད་པ་མི་གསང་བར་ཚོགས་སུ་སྟོན་པས་ཚོགས་སྤྱོད་ཅེས་ཀྱང་བྱའོ། །གཉིས་པ་ལ། ཧེ་རུ་ཀའི་བརཏལ་ཞུགས་དང་། ཞི་བའི་བརཏལ་ཞུགས་སོ། །དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ།། །། དང་པོ་ལ། སྤྱོད་པ་རན་པའི་ཚད། རྒྱན་དུ་ཅི་གདགས་པ། གོས་སུ་གང་བགོ །བླ་མ་ལ་འབུལ་བ་ཅི་འབུལ་བ་ལས། དང་པོ་ནི། ཅུང་ཟད་དྲོད་ནི་ཐོབ་པོ་ཡིས། །མཉམ་གཞག་ཏུ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་མཐོང་བས་དྲོད། རྗེས་ཀྱི་ཐོབ་པར་སྒྱུ་མ་ཙམ་དེ་འགག་པར་མི་ནུས་པས་ཅུང་ཟད་ཅེས་བྱ་སྟེ། དོན་མ་དག་པའི་ས་ལ་གནས་པ་ཞེས་བྱའོ། །གཉིས་པ་ནི། རྣ་བ་དག་ལ་རྣ་ཆ་བཟང་། །སྤྱི་བོ་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ནི་སྐ་རགས་ཏེ། །རྐང་པར་དེ་བཞིན་རྐང་གདུབ་བོ། །དཔུང་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པ་ལ་ནི་རུས་པའི་འཕྲེང་། །རྒྱུའི་གནས་སྐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་སྤྱོད་པ་འདིས་རྫོགས་པར་བྱེད་པའི་མཚན་མ་སྟེ། ཐབས་དང་། སྨོན་ལམ་དང་། སྟོབས་དང་ཡེ་ཤེས་ཀྱི་ཕར་ཕྱིན་བཞི་ནི་ཤེས་རབ་ཉིད་ཁྱད་པར་དུ་གྱུར་པ་ལ་བཞག་པའི་ཕྱིར་ཤེས་རབ་ཏུ་འདུའོ། །ཡང་། འཁོར་ལོའི་གཟུགས་ཀྱི་མི་སྐྱོད་པ། །སོགས་གསུངས་པས། རུས་པའི་འཁོར་ལོ། རྣ་ཆ། མགུལ་རྒྱན། དཔུང་རྒྱན་སོགས་གདུ་བུ། སྐ་རགས་རྣམས་ནི་རྣལ་འབྱོར་པ་འདི། མི་བསྐྱོད་དཔག་མེད་རིན་འབྱུང་རྣམ་སྣང་དོན་འགྲུབ་དང་། ཤུགས་ལ་ས་དྲུག་པ་ཐལ་ཆེན་གྱི་བྱུགས་པས་རྡོ་རྗེ་སེམས་དཔའ་དག་པ་བསྟན་ནོ། །ཆོས་ཐམས་ཅད་རྣམ་པར་དག་པའི་སྟོང་པ་ཉིད་མཚོན་པ་རལ་པ་བཅིངས་པ། ཡེ་ཤེས་ལྔ་དག་པས་དེའང་ཟུར་ཕུད་ལྔ་པ། སྣ་ཚོགས་པས་འགྲོ་བའི་དོན་བྱེད་པས་སྣ་ཚོགས་རྡོ་རྗེ་དང་། བསོད་ནམས་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་བྱེད་པས་རྩེར་ཡིད་བཞིན་གྱི་ནོར་བུ། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཐམས་ཅད་མི་གཡོ་བར་ཁྱབ་པས་ཟླ་ཕྱེད། ཡེ་ཤེས་ལྔ་དག་པས་རྡོ་རྗེའི་འཕྲེང་བ། རིགས་ལྔའི་རྣམ་པར་རྟོག་པ་དག་པས་གུག་བཀྱེད་དེ་ཐོད་པ་ལྔ། མྱ་ངན་ལས་འདས་པར་དག་པའི་ཚངས་སྐུད། དབྱངས་དང་གསལ་བྱེད་དག་པས་མི་མགོ་ལྔ་བཅུ་འམ། སེམས་བྱུང་གི་རྒྱུ་བ་དག་པའི་ལྔ་བཅུ་རྩ་གཅིག་གིས་བརྒྱན་ཏོ། རྐུན་མོའི་སྐྲ་ཡིས་ཅོད་པན་བྱས། །དེ་ལས་ཧཱུྃ་བྱུང་སྦྱར་བར་བྱ། །སོགས་ཀྱིས་སོ། །གསུམ་པ་ནི། བགོ་བ་སྟག་གི་པགས་པ་ཉིད། འདོད་ཆགས་ལ་སོགས་པ་རྣམ་པར་དག་པས་སྟག་ལྤགས་ཉིད་ནི་འདིར་ངེས་པར་བཟུང་བ་མ་ཡིན་ཏེ། དེ་ཤམ་ཐབས་ཉིད་དུ་བྱས་པས་མཚོན་ཏེ། གཏི་མུག་རྣམ་པར་དག་པས་གླང་པོ་ཆེ་དང་། ཞེ་སྡང་རྣམ་པར་དག་པའི་མིའི་པགས་པ་སྟོད་དུ་གྱོན་པའང་བསྟན་ནོ། །བཞི་པ་ནི། ལུས་ནི་སྦྱིན་པར་བྱིན་ནས་ནི། སྔར་བཤད་པའི་ཚུལ་གྱིས་ལུས་བླ་མ་ལ་འབུལ་ལོ། །ཕྱིས་ནས་སྤྱོད་པ་ཡང་དག་བརྩམས། །ཇི་ལྟར་བྲན་རྗེ་བོའི་དབང་དུ་གྱུར་པ་ལྟ་བུར་ལུས་ཕུལ་བའི་ཕྱི་ནས་གཞན་གྱི་དོན་འབའ་ཞིག་སྤྱོད་པ་འདི་བརྩམ་དགོས་ཏེ། བླ་མ་སངས་རྒྱས་ལ་དགོས་པ་ནི་དེར་ཟད་ལ། བདག་ནི་དེའི་དགོས་པ་ཐམས་ཅད་བསྒྲུབ་པའི་ཕྱིར་ཕུལ་བས་སོ།། །། གཉིས་པ་ལ། ལུས་འདོད་པ་བྱུང་ན་ཇི་ལྟར་བྱ་བ། ཟས་སུ་ཅི་ཟ་བ། འཇིག་རྟེན་གྱི་རྟོག་པ་གཞོམ་པ། གཟུགས་ཅིར་བསྒྱུར་བ། གྲོགས་གང་དང་འགྲོགས་པ། ལག་ཆར་ཅི་ཁྱེར་བ། ལག་ཆའི་དགོས་པ། སྤྱོད་པའི་གེགས་བཞག་པ། དམ་ཚིག་ཆེད་དུ་མི་བསྲུང་བ། །བླ་མ་ལས་གཞན་ལ་ཕྱག་མི་འཚལ་བ། སྤྲོས་བཅས་འབའ་ཞིག་ལས་གཞན་གྱི་མི་སྤྱོད་པ་ལས། དང་པོ་ནི། སྐལ་དང་སྐལ་མིན་རྣམ་དཔྱད་ན། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །སྤྱོད་པའི་དུས་དེར་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དོན་ཁོ་ན་ལྷུར་བགྱིད་པ་ཡིན་པས། བདག་གི་དགོས་པ་འགའ་ཞིག་འགྲུབ་པ་ལ་དགོས་བྱུང་བས་ཁྱོད་ཀྱི་མགོའམ་སྙིང་ལ་སོགས་པ་སློང་ངོ་ཞེས་བརྗོད་ན། མཚན་ཉིད་ཀྱི་ཐེག་པ་ལས་ནི་སྟེར་བའི་མཐུ་ཡོད་བཞིན་དུ་མི་སྟེར་ན་ལྟུང་བར་འགྱུར་བས་སྟེར་དགོས་པར་བཤད་ལ། འདིར་ནི་ཐབས་ལ་མ་རྨོངས་པས་བསམ་གྱིས་མི་ཁྱབ་པའི་སེམས་ཅན་ལ་རང་གི་ལུས་སྦྱིན་ནི་ཟིན། སེམས་ཅན་གཅིག་པུ་འདིའི་སྐལ་བ་འགྱེད་དུ་ནི་རྡུལ་ཕྲ་རབ་ཙམ་དུའང་འཇོག་པར་དཀའ། གཞན་གྱི་ནོར་བདག་གིས་མ་བྱིན་པར་ལེན་པ་ནི་ཐུབ་པ་རྣམས་ཀྱིས་དམད་དོ་ཞེས་བརྟགས་ནས་སྦྱིན་པར་མ་བྱེད་ཅེས་པ་སྟེ། དེས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལས་ཕྱིར་ཕྱོགས་པར་མི་འགྱུར་རོ། གཉིས་པ་ནི། བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ད་ལྟར་རྙེད་པ་རབ་ཏུ་བཟའ། །བཟའ་བ་དང་བཏུང་བར་སོ་སོ་སྐྱེ་བོས་བཏགས་པ་དང་། ཆོས་མངོན་པར་ཁམ་གྱིས་ཟས་སུ་བཏགས་པའོ། །བཟའ་བ་མི་འཆི་བཅུ་ཕྱེད་དོ། །བཟའ་བ་ནི་སྒྲོན་མ། མི་འཆི་ནི་བདུད་རྩི། བཅུའི་ཕྱེད་ནི་དེ་གཉིས་སོ་སོར་ལྔར་རྡོ་རྗེ་ཐེག་པ་ས་ལ་གསུངས་ཏེ། དེ་ལས། སྨན་ནི་རྣམ་པར་བཟའ་བར་བྱ། །ཆུ་ནི་རྟག་ཏུ་བཏུང་བ་ཉིད། །རྒ་ཤིས་ཟིལ་གྱིས་མི་གནོན་ཅིང་། །རྟག་ཏུ་བསྲུང་བར་འགྱུར་བ་ཡིན། །ཞེས་པའི་དོན་ལ་ཕྱི་ནང་གསང་བས་སྟོན་ཏེ། དང་པོ་ནི། མི་སྐྱོད་བསྟེན་པའི་རྣལ་འབྱོར་ལ། །ནད་ཀུན་རྣམ་པར་སྤོང་པར་འགྱུར། རྟག་པ་ཡིས་ནི་མདངས་ཆེན་འབྱུར། །རྡོ་རྗེ་ཉི་མས་རྒས་པ་མེད། །རྡོ་རྗེ་ཆོས་ནི་བརྟེན་པ་ཡིས། །བུད་མེད་ཀུན་ལ་ལོག་སྤྱོད་དོ། །སྲོག་ཆགས་ལུས་བྱུང་རྡོ་རྗེ་དག །དོན་ཡོད་རྒྱལ་པོ་ཆེན་པོ་སྟེ། །དཔལ་ལྡན་དོན་ཀུན་གྲུབ་པ་ལ། །རྣལ་འབྱོར་པ་དེ་ཞི་བར་གཏོང་། །མི་བསྐྱོད་བཏུང་བའི་སྦྱོར་བ་ཡིས། །སྟོང་ཕྲག་ལྔ་ནི་འཚོ་བར་འགྱུར། །རྟག་པ་ཡིས་ནི་ཁྲི་རུ་བརྗོད། །རྡོ་རྗེ་ཉི་མས་བྱེ་བར་ཏེ། །ཚེ་དཔག་མེད་ཀྱིས་གྲངས་མེད་ཚེ། །ནམ་མཁའ་ཇི་སྲིད་རྟ་བདུན་པས། །ཞེས་གསུངས་ལ། འདི་དག་དམ་ཚིག་གི་རིལ་བུར་བགྲུབ་ཏེ་བཟའ་བ་དང་། བཅུད་ཀྱིས་ལེན་དུ་བྱས་ཏེ་བཟའ་བ་དང་། ཁ་ཟས་སུ་བྱས་ཏེ་བཟའ་བའི་རྣམ་བཞག་གིས་ཕྱིའི་བདུད་རྩི་ལྔ་ལོངས་སྤྱོད་པ་ཡིན་ལ། དེ་ལ་དམ་ཚིག་བཟའ་བྱ་བ། །ན་དང་ག་ཧ་དང་པོ་དང་། །ཐ་ཡི་ཤ་དང་དང་པོའི་ཤ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་ཕྱིར། །བདུད་རྩི་ལྔ་ཡང་དེ་བཞིན་བཏུང་། །ཞེས་སོ། །བཟའ་དང་བཟའ་མིན་རྣམ་པར་བཟའ། །འདི་ནི་ནང་གི་རང་རྫས་ཐིག་ལེ་ལོངས་སྤྱོད་པ་སྟེ། བཟའ་བ་གཟུགས་སོགས་ལྔ་ལ་བཞག་པ་དག་ཞེན་པ་མེད་པར་སྟོང་པ་ཉིད་དུ་ཟ་ནུས་པ་དེས། བཟའ་བ་མ་ཡིན་པ་ནང་གི་བདུད་རྩི་ལྔ། །ཕྱག་རྒྱ་མ་དང་སྙོམས་པར་འཇུག་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་བཞུ་བས་ཤེས་རབ་ཀྱི་དམར་པོ་དང་བསྲེས་ནས་རྡོ་རྗེའི་ཁས་བཟའ་བར་བྱ་སྟེ། ལུས་ཀྱི་དཀྱིལ་འཁོར་མཆོད་པའི་ཆེད་དུའོ། །འདིར་ཞུ་བའི་སེམས་སྐྱེ་བདུན་མཚོན་ཞེས་པ་ཕྱག་རྒྱའི་རཀྟ། དགའ་བྲལ་ནི་ཕྱིར་འཕོ་བ་དེ་ལ་སྨོད་པ་འཕོར་མི་འཇུག་པས་ལན་བདུན་པ་འོངས་པའི་གནས་སུ་བཅུག་ན་ལུས་དག་པར་འགྲུབ་ཅེས་པ་སྟེ། རང་བྱུང་ངམ། རྣལ་འབྱོར་གྱི་མཐུའམ། སྲོག་རྩོལ་གྱི་བྱེད་པས་སྟེང་དུ་དྲངས་པས་སོ། །ཀྱེ་རྡོ་རྗེ་ཡི་གསུང་མཚན་ཉིད། །སྐྱེ་བ་བདུན་པའམ་དེ་ནས་མཚོན། །དགའ་བྲལ་དགའ་བ་ལ་སྨོད་པ། །ལན་བདུན་པས་ནི་འགྲུབ་པར་འགྱུར། འདི་དོན་གུར་དུ། དཔག་མེད་རྡོ་རྗེ་ཉི་མ་གཉིས། །འཁོར་བ་བསྒྲུབ་པའི་རྩ་བས་ཏེ། འདི་དག་རྣལ་འབྱོར་པས་བསྟེན་ན། སྐལ་བཟང་རྣམས་དང་མཉམ་པར་འགྱུར། །ཞེས་སོ། །བཏུང་དང་བཏུང་མིན་རྣམ་པར་བཏུང་། །བཏུང་བ་ནི་གསང་བའི་བདུད་རྩི། བཏུང་བ་མ་ཡིན་པ་གསང་བའི་སྒྲོན་མ། ཇི་ལྟར་བཏུང་བ་མས་བརྟན་གྱི་དགའ་བས། འཛག་མེད་དུ་འཐུང་བ་བཞིན། སྒྲོན་མ་ཡང་བཟའ་ཞེས་པ་དེ། འདིར་དུས་འཁོར་གསང་འདུས་གཉིས་ནས། བཤང་གཅི་ལུས་ཀྱི་ཐིག་ལེ། ཁུ་ཁྲག་ངག་གི ཤ་ཆེན་ཡིད་ཀྱི། འདོད་ཡོན་ལྔ་ཡེ་ཤེས་ཀྱི་ཐིག་ལེ་ལ་བཤད་པ། སྐད་ཉན་མིག་དང་ལྡན་པ་དང་། །དྲི་ལུས་གཟི་བརྗིད་ཆེན་པོ་དང་། དེ་ཡི་དྲི་མ་བདུན་དུ་འགྱུར། །མཐོང་ནས་རྣལ་འབྱོར་པ་ཡིས་མཚོན། །དེ་ནི་ཟོས་པ་ཙམ་གྱིས་ནི། སྐད་ཅིག་ལས་ནི་མཁའ་སྤྱོད་འགྱུར། །ཞེས་དགོངས་པས་བཤད་པ་དང་། གུར་དུ། ཡེ་ཤེས་ཤེས་རབ་ཕ་རོལ་ཕྱིན། །རྡོ་རྗེ་ཉི་མར་འདི་བཤད་དོ། །ཆོས་རྣམས་ཀུན་གྱི་ཐབས་རྣམས་ཀུན། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སངས་རྒྱས་རྣམས་དང་རྡོ་རྗེ་ཉིད། ཐབས་དང་ཤེས་རབ་འཕེལ་མཛད་པ། །ས་འོག་ས་སྟེང་བར་སྣང་ཁ། །འཇིག་རྟེན་ཁམས་ནི་ཀུན་ན་ནི། ཁྲག་དང་ཁུ་བ་ལས་བྱུང་ལུས། །ཞེས་པའོ། །གསུམ་པ་ནི། དམེ་གཙང་ངོ་ཚ་རྣམ་པར་སྤང་། འདིས་ནི་བྲམ་ཟེ་ལ་སོགས་པ་རིགས་ཀྱི་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་སྤང་བ་སྟེ་རིགས་ལས་འདས་པ་ཐོབ་པའི་ཕྱིར་རོ། །བཞི་པ་ནི། ཧེ་རུ་ཀ་སྦྱོར་རྣལ་འབྱོར་གནས། །འདི་ལ། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །ཁ་དོག་ལྔ་ལ་རྣམ་པར་གནས། །རིགས་ལྔ་དག་དང་མཉམ་ལྡན་པ། །རིགས་ནི་གཅིག་ཏུ་རྣམ་པར་བརྟག །ཁ་དོག་དུ་མ་ཉིད་ཀྱི་ནི། །གང་ཕྱིར་དབྱེ་བ་མཚོན་མི་བྱ། ཞེས་དང་། སཾ་པུ་ཊར། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །མཉམ་པར་གཞག་པས་གནས་པར་བྱ། །འགྱུར་འགའ་ཞིག་ལས། རྣལ་འབྱོར་གནས་ལ་གནས་པར་བྱ། །ཞེས་འདོན་ཏེ་ལེགས་སོ། །ཧེ་རུ་ཀ་སྦྱོར་ཞེས་པའི་ཧེ་རྒྱུ་ལ་འཇུག་པས། ལས་ཡེ་ཤེས་ཕྱག་རྒྱ་ཆེན་མོ་གསུམ་དང་སྦྱོར་བ་བསྟན་ནོ། །སྒྲོན་གསལ་དུ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པའི་ཕྱག་རྒྱ་ཞེས་བཤད་དེ། ཡེ་རྒྱ་ལོངས་སྤྱོད་རྫོགས་པ་དང་། ལས་རྒྱ་སྤྲུལ་པར་བཤད་པའི་ཤུགས་ལས། ཆོས་སྐུའི་ཕྱག་རྒྱ་ཕྱག་རྒྱ་ཆེན་མོར་བསྟན་ནོ། །གཞན་དུ་ཕྱག་རྒྱ་གསུམ་སོ་སོའི་རྒྱུ་ལས་འབྲས་བུ་ཐ་དད་པར་གཞག་མོད། འདིར་རྗེ་བཙུན་ནཱ་རོ་པ། བུད་མེད་ཀྱི་དངོས་པོ་ཉིད་ལས་རྒྱ། དེ་བདག་མེད་མ་ལ་སོགས་པའི་ལྷན་ཅིག་སྤྱོད་པ་མོར་ཡིད་ཀྱིས་བཏགས་པ་ཡེ་རྒྱ། དེའང་ཀུན་ཏུ་རྟོག་པ་ཙམ་གྱིས་མ་ཡིན་པར་སྒྱུ་མའི་དཔེས་མཚོན་པའི་རྣམ་པ་ཐམས་ཅད་པའི་མཆོག་ཏུ་ལྡན་པར་ཏིང་ངེ་འཛིན་དུ་འཆར་བཞིན་པས་ཕྱག་ཆེན། དོན་དངོས་པོ་གཅིག་ལ་ལྡོག་ཆ་ནས་གསུམ་དུ་ཕྱེ་བར་བཞེད་དོ། །རཱུ་པ་གཟུགས་ཏེ། ཕྱག་རྒྱ་དང་ལྷན་ཅིག་བདག་བྱིན་གྱིས་རློབས་པའི་གཟུགས་སོ། ཀ་ནི་ཀ་ར་ཎ་བྱེད་པ་བཅིང་བ་སྟེ། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །ཁམས་གསུམ་པོ་ནི་འགྲུབ་པར་བྱ། །ཞེས་སོ། །སྦྱོར་བ་དེས་ཕྱག་རྒྱ་དང་རང་གིས་མཚོན་ནས་གཉིས་ཆོས་ལྟར་སྣང་བའི་སྟོང་པ་ཉིད་ཐམས་ཅད་དམིགས་པ་མེད་པའི་སྙིང་རྗེར་ཡང་དག་པར་སྦྱར་ནས། སྟོང་ཉིད་སྙིང་རྗེ་མི་ཕྱེད་པའམ་རོ་གཅིག་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེའི་གཟུགས་སུ་བཞུའོ། འདི་ནི་སྔར་བདག་བྱིན་གྱིས་བརླབས་པའི་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་རྣམ་པ་མེད་པའི་བདེ་བ། ཐམས་ཅད་སྟོང་པའི་མཚན་ཉིད་ཅན་གྱི་འོད་གས་དུ་འཇུག་སྟེ། རྗེས་སུ་གཞིག་པའམ་རིལ་པོར་འཛིན་པ་གཉིས་ཀྱི་ས་ཡང་དང་ཡང་དུ་ཡང་དག་པའི་མཐའ་ལ་སྙོམས་པར་གཞུག་གོ་ཞེས་གཞན་ལས་ཀྱང་བཤད་དོ། །འདི་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་སྔར་བཤད་པ་དེའོ། །རྡོ་རྗེ་དང་པདྨ་སྦྱར་བས་ཞུ་བའི་བདེ་བ་སྐྱེ་ལ། བདེ་བ་དེ་བསོད་ནམས་གྱི་ཚོགས་ཡིན་ཞིང་། ཡུལ་སྣ་ཚོགས་ལ་འཕོ་བའི་རྟོག་པ་རྣམས་བདེ་བ་ལ་རྩེ་གཅིག་ཏུ་སྦྱར་བས་རྩེ་གཅིག་པའི་སེམས་ཀྱིས་གྲོལ་བར་བྱེད་པ་དེ་བཞིན་གཤེགས་པའི་དབུགས་དབྱུང་ངོ་། །འོན་ཀྱང་དབུགས་དབྱུང་བ་འདི་སྔ་མའི་རྒྱུར་ཡང་བཤད་དོ། །ཇི་སྐད་རྡོ་རྗེ་འཆང་གི་དབུགས་དབྱུང་བར་བཤད་པའི་ཆོས་འབྱུང་བ་དེ་ལས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་བདག་བྱིན་གྱིས་རླབས་པའི་རོལ་མོ་བརྩམ་པར་བྱ་བ་ནི་ཆུ་ལས་ཉ་ལྟ་བུར་འོད་གསལ་ལས་སྒྱུ་མར་ལྡང་བ་ཞེས་བྱ་བ་དེའོ། །དེའི་ཚུལ་ཡང་། ནམ་མཁའི་ཁམས་ཁྱབ་པའི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་ལྟ་བའི་དེ་བཞིན་གཤེགས་པ་རྣམས་དཔའ་བོ་དང་དཔའ་མོའི་ཚོགས་ཆེན་པོ་མདུན་དུ་བདར་ནས་མཆོག་ཏུ་དགའ་བའི་སྤྱན་གྱིས་གཟིགས་ཏེ། འགྱིང་བ་དང་བཅས་པའི་གར། ཉམས་ཀྱི་རྣམ་པར་འགྱུར་བ་བརྒྱ་ཕྲག་དང་བཅས་པའི་གླུ་སྙན་ཅིང་འཇེབས་པའི་རོལ་མོའི་སྒྲ་རྣམས་ཀྱིས་བསྐུལ་བས་སད་དེ། འབྲས་བུའི་ཧེ་རུ་ཀ་ཕུང་པོ་རྣམས་སངས་རྒྱས། ཁམས་རྣམས་གཤེགས་མ། སྐྱེ་མཆེད་རྣམས་སེམས་དཔའ་སེམས་མ། །ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོ་ཐམས་ཅད་པར་སྣང་ཡང་གསང་བ་ཆེན་པོ་རིགས་གཅིག་ལས་མི་གཡོ་བ་དེར་བཞེད་དོ། །ཆོས་ཐམས་ཅད་མི་ཕྱེད་པའི་ནམ་མཁའ་ལྟ་བུ་ལས། འདི་ནི་དབུ་མའི་ཡས་ནས་དོན། མས་ནས་དོན། སྙིང་ག་ནས་སྦྲུལ་ལྤགས་པ་བརྗེས་པ་བཞིན་དུ་དོན་ནོ་སྙམ་ནས་རྩོད་པ་ལྷུར་ལེན་པ་ཆང་གིས་མྱོས་པའི་གར་འདྲ་སྟེ་ཉམས་དགའ་བར་ཟད་དོ། །རང་གི་འདོད་པ་ནི། འདིས་རྡོ་རྗེའི་ལུས་སུ་མ་ཟད་སྣང་བ་ཐམས་ཅད་སྒྱུ་མའམ་རྨི་ལམ་རྨི་བ་ཙམ་དུ་སྦྱངས་པས། ཇི་ལྟར་རྨི་ལམ་གྱི་མི་ལྟར་ལྡང་པ་བཞིན་ནམ། སྒྱུ་མ་གྲུབ་པའི་རྡེའུ་དང་ཤིང་བུ་རྟ་ལ་སོགས་པར་འགྲུབ་པ་ལྟ་བུའོ། །དོན་ཁ་དོག་ལྔ་ལ་གནས་པ། མངོན་བྱང་ལས་ཡེ་ཤེས་ཀྱི་རླུང་དུ་ལྡང་བ། དེ་ལས་རིགས་ལྔ་ལ་སོགས་པའི་དམ་པ་བརྒྱ། མཉམ་པ་ཉིད་ཀྱི་ལུས་སུ་ལྡང་བ། དེས་ཕྱི་དང་ནང་། བདག་དང་གཞན་ཞེས་མི་འབྱེད་པར་སྒྱུ་མ་ཙམ་དུ་རོལ་པས་སྤྱོད་པ་སྤྱད་ཅེས་པའི་དོན་ནོ། །ལྔ་པ་ནི། ཤིན་ཏུ་བཞིན་བཟངས་མིག་ཡངས་མ། །ཞེས་པས་བུད་མེད་གང་རིགས་གང་དང་གང་ལ་བཟང་པོར་འཇོག་བྱེད་ཐམས་ཅད་དངོས་ཤུགས་ཀྱིས་བསྟན་ནོ། །རང་གི་དབང་བསྐུར། ཞེས་པ་ནི་སྔར་བཤད་པའི་རྒྱུད་བྱུང་བའི་རིམ་པའོ། སྙིང་རྗེར་ལྡན། ཕར་ཕྱིན་བཞིན་དུ་རྒྱུད་སྦྱངས་པ། །རྡོ་རྗེའི་བུ་མོ། །སྔགས་བཞིན་མཉམ་པ་ལྔ་དང་ལྡན་པར་གྱུར་པའོ། །འདི་ཁྱེར་ནས། བརཏལ་ཞུགས་སྤྱོད་ན་དངོས་གྲུབ་འགྲུབ། ཕྱག་རྒྱ་དང་སྒྲུབ་པའི་གཡོག་མང་པོ་དང་ལྷན་ཅིག་ནག་པོ་སྤྱོད་པ་བཞིན་དུ་སྤྱོད་པ་སྤྲོས་བཅས། ཕྱག་རྒྱ་མ་བརྒྱད་ཡན་ཆད་དང་མཉམ་དུ་སྤྱོད་པ་སྤྲོས་མེད། ཕྱག་རྒྱ་གཅིག་ཙམ་ཁྲིད་ནས་ནཱ་རོ་ཞབས་ལྟ་བུར་སྤྱོད་པ་ཤིན་ཏུ་སྤྱོས་མེད་ཅེས་བྱའོ། །ཕྱག་རྒྱ་མ་རིགས་རང་ལ་ཤིས་པས་སམ། ཐམས་ཅད་ཀྱིས་ཏེ། རྡོ་རྗེ་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་རིགས་ཀྱིས་བྱ། ཞེས་སོགས་ཀྱིས་སོ། །དྲུག་པ་ནི། ཤེས་རབ་ཁ་ཊྶཱཾ་ག་གཟུགས་ཅན། ཤེས་རབ་སྟེ་གཡོན་གྱི་གྲུ་མོར་རྡོ་རྗེའི་ཁ་ཊྶཱཾ་ག་དང་། ཐབས་ཀྱི་རང་བཞིན་ཌཱ་མ་རུ། ཐབས་ཀྱིས་རང་བཞིན་གཡས་པའི་ལག་པར་ཌ་མ་རུ་ཁྱེར་རོ། །བདུན་པ་ནི། དེ་གཉིས་ཀྱིས་ཅི་བྱ་ཞེ་ན། ཅང་ཏེའུའི་སྒྲ་ནི་བཟླས་པ་སྟེ། །སེམས་ཅན་ཐམས་ཅད་མགྲོན་གཉེར་བ། །ཅང་ཏེའུ་བརྡུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བའི་ཕྱིར་སྔགས་དང་། ཐབས་སྙིང་རྗེ་དང་། རྡོ་རྗེའི་བཟླས་པ་སྟེ། སྒྲ་ཐམས་ཅད་འདིས་གཞོམ་དུ་མེད་པའི་སྐད་དུ་རིག་པ་དེས་བསྐུལ་བ་ཞེས་པའི་དོན་ནོ། །ཁ་ཊྶཱཾ་ག་ནི་ཤེས་རབ་སྟེ། །ཁ་ཊྶཱཾ་གས་ནི་ཐམས་ཅད་པའི་གཟུགས་བརྙན་གྱི་ལྷ་དང་། ཤེས་རབ་སྟོང་པ་ཉིད་དང་སྒོམ་པ་སྟེ། འདིས་གཟུགས་ཐམས་ཅད་གདོད་ནས་གྲུབ་པའི་ལྷར་མཐོང་བས་དེས་བསྐུལ་བ་ཞེས་བྱའོ། །དེའི་ཕྱིར། །རྡོ་རྗེ་བཟླས་དང་བསྒོམ་པ་ཡིན། ཞེས་སོ། །འགའ་ཞིག་ཌཱ་མ་རུ་ནི་ཤེས་རབ་ཁོ་ནའོ་ཟེར་བའང་བློ་ཐུམས་པའོ། །བརྒྱད་པ་ནི། ཐོད་པ་ཅན་དུ་རང་གྱུར་པ། །ཐོད་པ་ཅན་ནི་སྤྱི་བོའི་བྱང་ཆུབ་ཀྱི་སེམས་སོ། །རང་གྱུར་ཅེས་པ་ནི་དེ་ལས་མཆེད་པའི་བདུད་རྩིས་ལུས་ཐམས་ཅད་ཁྱབ་ཅིང་འཛག་པ་མེད་པར་གྱུར་པ་ཞེས་སོ། །བར་མ་དང་། འདོད་ཆགས། རྨོངས་དང་། གཏི་མུག དེ་བཞིན་འཇིག ང་རྒྱལ་ཁྲོ་དང་། ཞེ་སྡང་ངོ་ཚའི་བྱ་བ་ནི་ཕྲག་དོག་པ་སྟེ། དེས་མཚོན་པའི་སྤང་བྱ་འཁོར་བའི་ཆོས་ཐམས་ཅད། རྟག་ཏུ་རྣམ་པར་སྤང་བར་བྱ། །དེ་དག་ཏུ་འཛིན་པས་ཉོན་མོངས་པར་གྱུར་པ་ནི་སྤང་བ། སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མ་ལྟ་བུར་ཡེ་ཤེས་ཀྱི་ལོངས་སྤྱོད་དུ་མི་འགག་གོ །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤང་། །དངོས་པོར་འཛིན་པའི་བུད་ཤིང་སྟོང་ཉིད་དུ་སྲེག་བླུགས་བྱ་བཞིན་པ་ཡིན་པས་ཐབ་ལ་སོགས་པར་སྦྱིན་སྲེག་མ་དགོས། ཕུང་སོགས་ཀྱི་ལྷ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མཆོད་བཞིན་པས་མཆོད་སྦྱིན་མ་དགོས། འདོད་ཡོན་ཚོགས་འཁོར་དུ་ཤེས་པས་སྨྱུང་གནས་མ་དགོས། སྣང་གྲགས་བདེ་སྟོང་ལས་མི་གཡོ་བས་ཆགས་པ་ལས་འདས་པའི་ཞི་བ་ཚོལ་མ་དགོས། གྲགས་ཚད་སྔགས་སུ་ཤེས་པས་འགྲང་འཕྲེང་གི་བཟླས་བརྗོད་མ་དགོས། སྣང་ཚད་ལྷ་རུ་སོང་བས་བཅོས་མའི་ལྷའི་བསམ་གཏན་མ་དགོས། དེའི་ཕྱིར་བཅོས་མ་དེ་དག་མི་བྱ་བ་དམ་ཚིག་ཡིན་ལ། འདིས་མཚོན་ནས་ངག་གི་བརྗོད་པ་ཐམས་ཅད་རྡོ་རྗེའི་གླུ། ལག་པའི་བསྒྱུར་བ། རྐང་པའི་གོམ་པ་ཐམས་ཅད་གར་ཡིན་པས་གླུ་གར་གཞན་ན་མ་དགོས་ཞེས་སྦྱར་ཏེ། གལ་ཏེ་དགའ་བར་གླུ་བླངས་ཏེ། །དེ་ཚེ་རྡོ་རྗེ་མཆོག་ལྡན་ནོ། །ཐར་པའི་རྒྱུས་ནི་གར་བྱ་ཏེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །ཡོ་གིས་མཉམ་པར་གཞག་པས་བྱེད། །ཅེས་སོ། །ལར་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ཚོལ་བ་ལ་བཅོས་མ་འདི་དག་དགག་བྱ་ཡིན། དེའི་རྒྱུས། དཀར་རྒྱུད་རིན་པོ་ཆེ་འདིའི་རིང་ལུགས་སུ། འོད་ཟེར་སྤྲོ་བསྡུ་སོགས་བདག་བྱིན་གྱིས་བརླབ་པའམ། རྟོགས་པ་དོན་གྱི་དབང་བསྐུར་བ་དང་། ལུས་སམ། བྱང་ཆུབ་གྱི་སེམས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་ཁོ་ན་གཙོ་བོར་མཛད་དེ་ལ་གཞན་དག་དཀྱིལ་འཁོར་ཞེས་པའང་། རྡུལ་ཚོན་ལ་སོགས་པས་བྲིས་པའམ་བློས་བསླང་བ་ཞིག་ཏུ། ལྷ་ཞེས་པ་གཟུགས་བརྙན་ཟིང་ངེ་བ་ཞིག ཞལ་ཟས་འདིར་གཞོག དེར་དྲི་ཆུ་བྱུང་བ་ལྟ་བུ་ལག་ལེན་ནོར། དབང་ཞེས་པ་བུམ་པ་སྤྱི་བོར་གཞག་པ་སོགས་ཕྱིའི་རྫས་དང་། ཀུན་རྟོག་གི་བསམ་པ་ཞིག་ལ་འདོད་ནས། དེ་འདྲ་ཞིག་བརྒྱུད་པ་འདི་པ་བྱེད་ལས་མི་འདུག དེས་ན་འདི་དག་ལ་དབང་མི་འདུག དེ་མེད་པར་ཁྲིད་སྟོན་དུ་མི་བཏུབ། ལར་རྫོགས་རིམ་གྱིས་ཕྱག་རྒྱ་བསྟེན་པ་སོགས་ཀྱང་ད་ལྟ་སྤྱོད་པའི་དུས་མིན་ཟེར་སྨོད་དོ། །དེ་པ་ནི་གསང་བ་ཆེན་པོའི་ཐེག་པ་ལ་ཆོམ་རྐུན་པ་ཁོ་ན་སྟེ། མཆོག་བསྒྲུབ་པའི་དབང་དུ་མཛད་ནས་བྱིན་རླབས་འཕོ་བ་ལ་སོགས་པའི་སྒོ་ནས་དབང་བསྐུར། སྤྲོས་པས་འདུལ་མ་དགོས་ན་ཨ་ལ་ལ། དེ་ལ་སྤྲོས་པ་མེད་པ་ཁོ་ན་ཀ་དང་པོ་ནས་སྟོན། གལ་ཏེ་སྤྲོས་པས་མགུ་ལ་ཟབ་མོ་ལ་མི་མོས་ན། སྤྲོས་པ་དེ་དག་བསྟན་ནས་འདུལ་བར་མཛད་པ་ཡིན་ལ། སྤྲོས་པ་བསྟན་པ་དེའང་དེ་ཙམ་གྱི་ཁ་དྲངས་ནས་མཐར་སྙིང་པོ་འདི་ལ་སྦྱོར་ཤེས་པ་ཞིག་དགོས། དེ་མ་བྱུང་ན། མུ་སྟེགས་བདག་ཏུ་ལྟ་བ་འདོད་པ་འགའ་ཞིག འདུལ་བ་ལ་སྟོན་པས་དགོངས་པ་ཅན་གྱིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་ཡོད་པར་གསུངས་པ་ལ་སྒྲ་ཇི་བཞིན་པར་བཟུང་བས་གནས་མ་བུ་པ་བྱུང་བ་ལྟ་བུར་འགྲོའོ། །དེ་ལྟར་ཡང་། སཾ་པུ་ཊར། ཡེ་ཤེས་མཐའ་ཡས་ཐོབ་པ་ཡི། །དེ་བཞིན་གཤེགས་ཕྱག་མི་བྱ་ན། །རྟག་ཏུ་སྒོམ་པར་ལྡན་པ་ཡི། །དབང་བསྐུར་མེད་སོགས་སྨོས་ཅི་དགོས། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །དངོས་པོ་ཀུན་གྱི་རང་བཞིན་འདི། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །དེ་ཕྱིར་དེ་ཉིད་ལྷ་རྣམས་ཉིད། །དཀྱིལ་འཁོར་སྨྱུང་བ་མི་བྱ་ཞིང་། །ཕྱག་རྒྱ་མཆོད་རྟེན་ལས་མི་བྱ། །དཔལ་ལྡན་རྡོ་རྗེ་མགོན་པོས་ནི། །གང་ཡང་གཞན་དུ་བསྟན་པ་རྣམས། །ལྷག་པར་མོས་པས་གནས་གང་ཡང་། །དེ་རྣམས་ཀྱིས་ཀྱང་དེ་ཉིད་རིག །ཇི་ལྟར་བདུད་རྩི་དོན་གཉེར་བས། །སྙིང་པོ་བླངས་ནས་དར་བ་སྤོང་། །དེ་ལྟར་ཆོས་ཀྱི་བདུད་རྩི་ལྔ། །ཐོབ་ནས་རྟོག་པ་མ་ལུས་སྤང་། །ཞེས་དང་རྡོ་རྗེ་སྙིང་པོས། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་བ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང་། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱི། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །སྟོན་པར་བྱེད་པ་མ་འོངས་པའི། སློབ་དཔོན་རྣམས་ནི་བདུད་ཀྱི་རིགས། །བཅོས་མས་སངས་རྒྱས་གྲུབ་ཟེར་བའི་སྔགས་པ། དེ་སྟོན་པའི་སློབ་དཔོན་རྣམས་ལ་ཁོ་བོ་ནི་ཨ་རྫི་རྫིའོ། རྒྱལ་པོ་ཨིནྡྲ་བྷུ་ཏིས་ཡེ་ཤེས་གྲུབ་པར། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། ཡེ་ཤེས་མཆོག་བཟང་ཐོབ་པ་ཡིས། །རྡོ་རྗེ་ཡེ་ཤེས་དབང་བསྐུར་ནས། །ཡེ་ཤེས་མཆོག་ནི་བསྒྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་པས། །བྲིས་པའི་དཀྱིལ་འཁོར་སོགས་གཞན་དུ། །དབང་བསྐུར་བ་ནི་ལེན་བྱེད་ན། འདི་ནི་དམ་ཚིག་ཉམས་པར་འགྱུར། །ཞེས་དང་། བཅོས་མའི་ལྷ་བསྒོམ་པ་སོགས་དགག་པར་མཛད་པའི་ཕྱིར་རོ། །དེའི་རྡོ་རྗེ་ཡེ་ཤེས་ཀྱི་དབང་དེ་ཀ་རྟོགས་པ་དོན་གྱི་དབང་ལ་ཟེར་ཏེ། དེ་ཉིད་དུ། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྡོ་རྗེ་ཡེ་ཤེས་ཞེས་པར་བཤད། །བློ་ལྡན་དེ་ཡིས་དབང་བསྐུར་ན། དབང་བསྐུར་བར་ནི་ཤེས་པར་བྱ། །ཞེས་གསུངས་པས་སོ། །སྤྲོས་པས་ཆོག་གོ །དགུ་པ་ནི། དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །མཐུན་ཕྱོགས་ལས་མི་འདའ་བ་དམ་ཚིག །མི་མཐུན་ཕྱོགས་བསྡམ་པ་སྡོམ་པ་ཞེས་བཞག་པ་རྣམ་ལས་རྣམ་པར་གྲོལ་ཏེ། འདི་ལ་མཐུན་པ་དང་མི་མཐུན་པའི་རྣམ་པར་དབྱེ་བ་དྲི་མ་མེད་པའི་ནམ་མཁའི་སྤྲིན་ལྟ་བུའོ། བཅུ་པ་ནི། །རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱིས། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །འདི་ནི་སྣང་ཙམ་གྱི་ལྷ་ཐམས་ཅད་ལ་ཞེན་པ་དགག་སྟེ། ས་བརྒྱད་པ་ལ་དེ་དག་འགག་པར་འགྱུར་བས་སོ། །མནར་མེད་ལ་སོགས་སྤང་བའི་ཕྱིར། །དད་པས་བླ་མ་མངོན་ཕྱག་བྱ། མནར་མེད་པ་ནི་འོག་སྟེ། དེར་ལྷུང་བ་སྤང་བའི་ཕྱིར། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོ་ལ་བླ་མ་ཞེས་བཞག་པས། དེ་ལ་ད་དུང་གཉིས་སུ་མེད་པར་འདུད་ཅེས་པའོ། །འདིས་ནི་མཚན་མ་ཐམས་ཅད་བཀག་པའི་འགོག་པ་ལ་འབྱམས་ན་ཞི་བ་ཕྱོགས་གཅིག་པའི་མྱང་འདས་སུ་ལྷུང་བས། དེ་བཀག་སྟེ་ཐབས་ཀྱི་ཆ་ཐམས་ཅད་ལ་གཉིས་སུ་མེད་པར་སློབ་པ་བསྟན་ནོ། །ཇི་སྲིད་ས་བརྒྱད་མ་ཐོབ་པ། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་པས་སོ། །བཅུ་གཅིག་པ་ནི། བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །དོན་བསྡུ་བ་སྟེ། བདག་གི་སེམས་སྣང་བ་མེད་པ་ཙམ་ལ། འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་རྗེས་སུ་ཐོབ་པ། ཉོན་མོངས་པ་གཉིད་དང་ཐེ་ཚོམ་སོགས་ཀུན་ཏུ་སྦྱོར་བ་ཐམས་ཅད་ཆེས་སྤངས་པའི་སྔགས་པ་འདིས། ཏིང་ངེ་འཛིན་རྡོ་རྗེའི་གཟུགས་ལྟ་བུ་དེ་བཞིན་གཤེགས་པའི་སྐུའི་རྗེས་སུ་སོང་བ། དེ་བཞིན་གཤེགས་པ་ཉིད་ཀྱི་སྤྲུལ་པ་དང་། སྟོབས་དང་། མངོན་པར་ཤེས་པ་དང་། དབང་དང་། སྙིང་རྗེ་བ་དང་། ཐབས་ཀྱིས་བརྒྱན་པ། སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་བའི་སེམས་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་ནས་རིམ་གྱིས་གནས་འཕོས་པའི་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་པར་བྱའོ།། །། གསུམ་པ་ལ། དེ་དག་ཏུ་སྙིང་རྗེ་དང་མི་འབྲལ་བ། སྤང་བྱ་བཟློག་ན་སྤྱོད་པ་བཞག་པ། ཚར་བའི་ཚད་བསྟན་པ་ལས། དང་པོ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །ཕུང་སོགས་ཀྱི་སེམས་ཅན་ཐམས་ཅད་བསྐུལ་བའི་དོན་གྱི་ཕྱིར་ཡང་དང་ཡང་དུ་ཕྱག་རྒྱ་དང་ཡང་དག་པར་སྙོམས་པར་འཇུག་པས་བྱང་ཆུབ་ཀྱི་སེམས་ཡས་མས་འོངས་ཤིང་། སྙིང་རྗེ་རྣམ་པ་གསུམ་གྱི་མཚན་ཉིད་ཀྱིས་ཐིག་ལེ་བཅུ་དྲུག་ཏུ་ཕྱེ་བ་རྟག་ཏུ་འཐུང་བ་སྟེ། ཕྱིར་ལྟུང་བ་མེད་པ་ཉིད་ཀྱིས་གནས་སུ་གནས་པར་བྱའོ། རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པ། །གཞན་གྱི་བཏུང་བས་བཟི་བ་མེད། རྡོ་རྗེའི་རྩེ་མོ་རབ་ཏུ་རྒྱས་པའི་པདྨ་མཆོག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནས་ནི་རྣལ་འབྱོར། དེ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་གཙུག་ཏོརམཆོག་ཏུ་བཏུང་བ་བཅུ་དྲུག་པའི་ཆ་ཐ་མ་ཡིན་པས་དགའ་བ། ཡེ་ཤེས་དེ་སུའང་རུང་བས་མ་བྱས་ལ། སུས་ཀྱང་མ་ཕྱིན་པ། རྣམ་པ་ཐམས་ཅད་དུ་སོན་ཅིང་མ་བཅོས་པ་ཉིད་ཀྱིས་རང་གིས་རིག་པར་བྱ་བའི་གཟུགས་ཐམས་ཅད་པ་ཡིན་པས་རྣལ་འབྱོར་པ་ཞེས་བྱ་སྟེ་དོན་ཟུང་འཇུག་ཅེས་པའོ། །སངས་རྒྱས་ཀུན་གྱིས་རྟོགས་པར་བྱ་བས་ན་གཞན་གྱིས་བཏུང་བས་ཞེས་བྱ། །མངོན་སུམ་དུ་ཡང་དག་པའི་ཡེ་ཤེས་རང་བཞིན་དུ་ཆོས་ཐམས་ཅད་བྱང་ཆུབ་པས་བཟི་བ་མེད་ཅེས་བྱའོ། །གཉིས་པ་ནི། བསྟོད་ན་དགའ་བའི་སེམས་དཔའ་སྐྱེ། །ངན་སྨྲ་སྡིག་པ་གསོག་པ་ལ། །ཁོང་ཁྲོ་ལྡང་ན་སྤྱོད་པ་བཞག །སྤང་བྱ་རོ་སྙོམས་མི་ནུས་པར་སླར་ལྡོག་པ་ན་རིག་པའི་བརཏལ་ཞུགས་དེ་བཞག་ནས་ནུས་པ་ཅན་ཡིན་ན་གྲོང་ཁྱེར་སུམ་བརྩེགས་ཀྱི་ཕྱོགས། མཐར་སྐྱེས་ལྷ་མིན་གྱི་བུ་མོ་འབའ་ཞིག་གནས་པ་དེར་ཕྱིན་ཏེ། དེ་དག་དང་ལྷན་ཅིག་ཚོགས་ཀྱི་དབང་ཕྱུག་གི་གཟུགས་སུ་བྱས་ལ་གསང་བའམ་ཀུན་བཟང་གྱི་ཚོགས་ཀྱི་དཀྱིལ་འཁོར་དེ་བརྩམ་མོ། གཞན་དུ་གསང་སྤྱོད་ཉིད་ད་དུང་བྱའོ། །གསུམ་པ་ནི། ཆོས་བརྒྱད་མགོ་བོ་སྙོམས་གྱུར་ཅིང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པས་སོ། །མངོན་ཤེས་ནུས་པ་རྫུ་འཕྲུལ་གྱིས། །མི་དད་པ་དག་བཟློག་ནུས་ན། །བསད་པ་དང་། སླར་གསོ་བ་ལ་སོགས་པས་མི་དད་པ་དད་པར་བྱ་ནུས་པས་སོ། སྤྱོད་པ་ཚད་ལ་བབ་པ་ཡིན། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ཐོབ་སྟེ་ཆོས་རེ་རེའང་ཆོས་ཐམས་ཅད་པར་སྟོན་ནུས་པ་དེའི་ཚེ། དེ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོས་དབང་བསྐུར་བར་འགྱུར་ཞིང་། ས་བཅུའི་དབང་ཕྱུག་ཏུ་གྱུར་པ་དེ་ཙ་ན་སྤྱོད་པ་འདི་རྫོགས་པའམ་ཚར་བ་ཡིན་ནོ།། །། གཉིས་པ་ཞི་བའི་བརཏལ་ཞུགས་ལ། འཁོར་བའི་སྡུག་བསྔལ་ལམ་དུ་ཁྱེར་བ་བྱང་ཆུབ་སེམས་ཀྱི་གདམ་ངག །ན་ཚ་ལམ་དུ་ཁྱེར་བ་འབྱུང་བ་རོ་སྙོམས་ཀྱི་གདམ་ངག་ལས། དང་པོ་ལ། ལས་དང་ཉོན་མོངས་པ་རྒྱུ་འབྲས་སུ་བཤད། ལས་གསོག་ལུགས། དེ་ཇི་ལྟར་སྨིན་པ། དེ་ལམ་དུ་ཁྱེར་བ་ལས། དང་པོ་ནི། ཁྲག་འཐུང་ཆེན་པོའི་བརཏལ་ཞུགས་ཀྱི་སྟོབས་ལས་ངེས་པར་འབྱུང་བའི་རྒྱུ་བསོད་ནམས་དང་ཡེ་ཤེས་གཉིས་ཀྱི་ཀུན་ཏུ་བཟང་པོ་དེ་ཉིད་ལ་རྒྱུན་མ་ཆད་པར་མངོན་པར་བརྩོན་པའི་རྣལ་འབྱོར་པས་དུས་རིང་པོར་མ་ཐོགས་པར་རྫོགས་པར་མངོན་སུམ་དུ་བྱེད་ལ། དེ་བྱེད་པའི་སྐལ་པ་མེད་པ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་མ་ཡུམ་ཤེས་རབ་མ་མངོན་དུ་བྱས་ནས། དེའི་རང་བཞིན་གྱི་སྦྱིན་པ་ལ་སོགས་པའི་བྱ་བའི་ཐབས་ལ་བསླབས་པས་སངས་རྒྱས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་དགོངས་སོ། དེ་ལ་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པས། ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པས་བྱང་ཆུབ་ཀྱི་ལམ་སྟོན་ནོ། དེ་ལ་ཆོས་མིན་པ་ནི་གང་། ཆོས་ནི་གང་ཞེ་ན་རིམ་པ་བཞིན། གཟུང་དང་འཛིན་པའི་དབྱེ་བ་ལས། གཟུང་བ་ནི་ཤེས་པ་ཉིད་ཕྱིར་ཆད་པ་ལྟར་སྣང་བའི་གཟུགས་ལ་སོགས་པའོ། །འཛིན་པ་དེ་ནི་འཇལ་བའི་ཤེས་པའོ། །དབང་པོ་ཡུལ་དང་སྦྱོར་བ་ཡིས། །རྣམ་ཤེས་རྣམས་ཀྱི། ཤེས་པ་ཉིད་གཞལ་བྱ་དང་འཇལ་བྱེད་དུ་གནས་པ་ལས་གཞན་མ་ཡིན་པས་གཞལ་བྱ་དེ་མངོན་སུམ་དུ་རྟོགས་པ་ནི་རྣམ་པར་ཤེས་པ་དག་གི་དངོས་ཀྱི་བྱ་བ་ཡིན་ལ། རྟོག་གེ་བ་མཁས་པ་དག །གཞལ་བྱ་དང་ཚད་མ་དང་འབྲས་བུ་ཉིད་དུ་འདོད་དོ། སོ་སོ་བ། མངོན་གསུམ་ཉི་ཚེ་བ་དེ་ལས་ཕྱིར་ཕྱོགས་པའི་སྒྲ་དང་འདྲེར་རུང་པའི་རྟོག་པ་དང་དེས་གཞལ་བའོ། དེ་ལས་གཟུགས་ལྟ་བུ་མངོན་སུམ་དུ་སྣང་བ་སྐད་ཅིག་མ་དེ་ལ་གནས་སྐབས་བཞིའམ་གསུམ་དུ་ཕྱེ་ནས་ཕྱི་མ་འཕོ་བའི་སྐབས་དེ་བག་ཆགས་འཇོག་པའོ། །དེ་ཉིད་རྣམ་པ་དང་བཅས་པར་བཟུང་བས་ཉོན་མོངས་པ་ཞེས་བྱ་ལ། དེས་བཞག་པ་རྣམ་པར་ཤེས་པ་གཉིས་པ་ལ་སོགས་པའི་རིགས་འདྲར་ལྡང་བའི་རྒྱུ་བྱེད་མཁན་དེ་བག་ཆགས། ལྡང་བ་ཉིད་ཕྲ་བའི་རྣམ་ཤེས། དེ་ལས་ཉོན་མོངས་པ་འབྲིང་དང་། རགས་པ་དེས་ལས་གསོག་ལ། བསགས་པ་དེས་ཀྱང་འཆི་ཀ་མའི་སྣང་བ། དེས་བག་ཆགས་བཞག་སྟེ་བཞི་པ་འོད་གསལ་འཆར་བ་དེ་སྒྲིབ་བོ། །དེའི་ཕྱིར་ཉོན་མོངས་པ་དང་ལས་རྒྱུ་དང་འབྲས་བུ་ལྟ་བུར་འཁོར་རོ། །གཉིས་པ་ནི། རང་བཞིན་གདོད་ནས་མ་སྐྱེས་པ། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་དུ་ནི་ཆུ་ཟླ་བཞིན། ཉོན་མོངས་པ་ནི་ཀུན་སློང་། སྟེར་བ་དང་གསོད་པ་ལྟ་བུ་སྦྱོར་བ་སྦྱོར་བ། དེས་བསྐྱེད་པའི་ལས་ནི་དགེ་བ་དང་མི་དགེ་བའི་ལམ་ཞེས་བྱའོ། །ཇི་ལྟར་ཀུན་ནས་སློང་བ་ནི་རྒྱུ། སྦྱོར་བ་རྐྱེན། ལས་ཀྱི་ལམ་ནི་འབྲས་བུ་ཡིན་པས། ས་བོན་དང་། ཆུ་ལུད་དང་། མྱུ་གུ་ལྟ་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྣང་ལ། རྒྱུ་དང་རྐྱེན་ཡོད་པ་ལས་མི་བསྐྱེད། མེད་པ་ལས་མི་བསྐྱེད། གཉིས་ལས་དང་རྒྱུ་མེད་པར་ཡང་མ་ཡིན་པས། གཤིས་ལ་འདི་ནི་རྒྱུ། འདི་ནི་རྐྱེན། འདི་ནི་འབྲས་བུའོ་ཞེས་བཞག་ཏུ་མེད་པ་རང་བཞིན་གྱིས་མ་སྐྱེས་པའོ། །དེའི་ཕྱིར། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་པ་ཉིད། །ཅེས་ཏེ། དོན་སྲིལ་གྱིས་བསྒྲིལ་ན། སྣང་བ་ལྟར་བདེན་མིན། འཁྲུལ་ངོར་གྲུབ་པས་བརྫུན་མིན་ཏེ། དཔེ་ཆུ་ནང་ཟླ་བ་མེད་ལ། རྒྱུ་རྐྱེན་ཚོགས་པ་ལས་སྣང་བ་ལྟ་བུའོ། །དཔའ་བོའི་དོན་དམ་སེམས་སྒོམ་དུ། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །དེ་ལྟར་གྲུབ་ཅིང་བདེན་པ་མིན། །སྣ་ཚོགས་ཅིར་ཡང་འགྱུར་བའི་ཕྱིར། །དཔེར་ན་མིག་འཕྲུལ་རྣམ་པ་བཞིན། །ངོ་བོ་ཉིད་མེད་ནམ་མཁའ་འདྲ། རྟེན་འབྲེལ་ཙམ་ལས་འབྱུང་བའི་ཕྱིར། །ཤིན་ཏུ་མེད་པའམ་མ་ཡིན་ཏེ། །དཔེར་ན་རྨི་ལམ་རྒྱུ་འབྲས་བཞིན། །བདེན་པར་མ་གྲུབ་རྫུན་མི་བཟློག །ཅེས་སོ། །གསུམ་པ་ནི། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། རྨོངས་མེད་འཁོར་བ་དག་པ་སྟེ། དེ་ལྟར་རྒྱུ་ལས་དེས་འཕང་པས་འབྲས་བུ་སྨིན་པའང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མིག་གིས་མཚོན་པ་དང་། ཕྱི་མ་ལ་སྨིན་པ་མེ་ལོང་གི་དཔེས་དང་། ལན་གྲངས་གཞན་ལ་སྨིན་པ་ཟླ་བའི་དཔེས་དང་། སྨིན་པར་མ་ངེས་པ་རྐྱེན་ལ་ལྟོས་པ་ཐབ་ཀྱི་མེས་བསྟན་ནོ། །རྣམ་པར་སྨིན་པའམ་མ་རིག་པའི་སྣང་བས་བཞག་པའི་ཀུན་རྫོབ། རིག་པའི་ཡེ་ཤེས་ཀྱིས་བཞག་པ་མྱང་འདས། དོན་ལ། འཁོར་བ་མྱ་ངན་འདས་པར་འགྱུར། །འཁོར་བར་སྣང་བ་དེ་དག་གློ་བུར་བ། གློ་བུར་བའི་དོན་མེད་བཞིན་དུ་སྣང་བ་བྱེད་ལ། མེད་ན་སྣང་མི་ཚུགས་སྙམ་ན། ཟླ་བ་གཅིག་ལ་ཟླ་བ་གཉིས་སུ་སྣང་བ་ལྟ་བུའམ་རི་མོ་ལ་མཐོ་དམན་དུ་སྣང་བ་ལྟ་བུའོ། རང་བཞིན་གྱི་མྱང་འདས་དེའང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་ནི་མྱ་ངན་འདས། རྩ་བའི་རྒྱུད་མང་པོར། ཐོག་མ་མཐའ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་ཁྱབ་བདག །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། བྱང་ཆུབ་སེམས་ཞེས་བྱ་བར་བཤད། ཅེས་པའི་མཚན་ཉིད་ཅན་གྱི་སེམས་ཀྱི་རྡོ་རྗེ་ལ་བྱའོ། དེ་ཉིད་རྟེན་བརྟེན་པ་ལྟར་སྣང་བ་ལས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། ཀུན་རྫོབ་དེའང་སྨོན་པ་དང་འཇུག་པའི་ངོ་བོས་གཉིས་སུ་བཤད་ལ། ཕྱི་མཚན་ཉིད་ལས་དངོས་སུ་བཤད་པའི་བརྡར་གྱུར་གྱི་སེམས་ཐམས་ཅད་ནང་རྡོ་རྗེ་ཐེག་པ་ལ་བལྟོས་ན་སྨོན་པ་ཙམ་དུའང་འགྱུར་ཏེ། རྫོགས་པའི་སངས་རྒྱས་སུ་མངོན་སུམ་དུ་བྱེད་པའི་ཐབས་ཀྱིས་མ་ཟིན་པའོ། དེས་ན་ཐེག་པ་དེ་ལ་རྒྱུར་བཞག་གོ །ཐེག་པ་འདི་ཉིད་ཀྱི་བསྐྱེད་རིམ་པ་མན་ཡང་སྨོན་པར་རྡོ་རྗེ་སྙིང་པོས་གསུངས་ཏེ། སྔ་མའི་རིག་པས་སོ། དེ་ཙམ་དུ་མ་ཟད་དེ་བཞིན་གཤེགས་པའི་དབུགས་ཕྱུང་བས་སེམས་བསྐྱེད་པའང་དེར་འགྱུར་ཏེ། དེ་ཁོ་ན་ཉིད་དུ་མོས་པ་ཙམ་གྱིས་སྤྱོད་པས་སོ། རྡོ་རྗེ་འཆང་གི་དབུགས་དབྱུང་ཐོབ་པ་ནས་ནི་འཇུག་པ་ཉིད་དེ། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི། སྙིང་རྗེ་ཆེན་པོའི་རྩ་བ་ཅན། །བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་དང་ལྡན་པ། ཐབས་ཀྱིས་མཐར་ཕྱིན་པའོ། །ཞེས་སོ། རྟེན་ཀུན་ད་ལྟ་བུ་ནི་སྙིང་རྗེའི་རྩ་བ་ལས་བརྟེན་པ་ཀ་ཏི་ལིངྒ་ཁ་བྱེ་མ་ཐག་ལྟར་གསལ་བའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་བསྐྱེད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་སྟེ། དེ་མངོན་དུ་བྱས་པ་ནི་སེམས་དཔའ་དང་། དེས་སྤྱད་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ། །དེ་ལྟར་ཡང་སཾ་པུ་ཊར། རང་གི་སེམས་སོ་སོར་རྟོག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་སོ། བྱང་ཆུབ་ཏུ་བཏབ་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་འོ། །དེའི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། ཇི་ལྟར་སེམས་དཔའ་ཡང་དག་པར་རྙེད་ནས་རྗེས་སུ་འབྲང་བའི་ཕྱིར་རྗེས་སུ་འགྲོ་བའོ་ཞེས་སོ། །ཀུན་ད་ཙམ་དུ་བསྐྱེད་ན་དབུགས་དབྱུང་དང་པོ། གཉིས་པ་ནི་དབུགས་དབྱུང་ཕྱི་མར་འགྱུར་རོ།། །བཞི་པ་ལ། ཐ་མ་སྨོན་པའི་སེམས་བསྒོམ་པ། འབྲིང་འཇུག་པའི་སེམས་བསྒོམ་པ། རབ་དོན་དམ་པའི་སེམས་བསྒོམ་པའོ། དང་པོ་ནི། སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་ཡང་དག་སྤྱད། རང་གི་ལུས་རྡུལ་ཕྲ་རབ་ཏུ་བཤིག །དེའང་ཕྱོགས་ཆར་གསིལ་བས་ལུས་འདི་མ་གྲུབ་པར་ངེས་པ་སྐྱེ་ལ། ཇི་ལྟར་རང་གི་ལུས་དེ་བཞིན་སེམས་ཅན་ཐམས་ཅད་དང་སྣོད་ཀྱི་འཇིག་རྟེན་ཀྱང་བལྟའོ། །ཁོག་སྦུབས་ལྕེ་སོ་རྐན་མཆུ་སོགས་མ་གྲུབ་པས་དེ་ངག་ལ་བརྟེན་ནས་འབྱུང་བའི་ངག་ཀྱང་མ་གྲུབ། དེ་ལྟར་ལུས་དང་ངག་མ་གྲུབ་པས་སེམས་ཀྱང་མ་གྲུབ་པ་ཞིག་སྟེ། སེམས་ནི་ཁ་དོག་ཏུ་མི་དམིགས། དབྱིབས་སུ། ཕྱི་ནང་བར་ན། ཉེ་བ་དང་རིང་བར་མི་དམིགས། སྐད་ཅིག་སྔ་མ་ནི་འགགས། ཕྱི་མ་ནི་མ་འོངས་ད་ལྟ་ནི་མི་གནས་ཤིང་མི་ཟིན་པའོ། ཞེས་བརྟགས་ནས་དངོས་པོ་འདི་དག་ཐམས་ཅད་སྟོང་པ་ནམ་མཁའ་དང་འདྲ་བའི་མཚན་ཉིད་ཡིན་ཡང་། དེ་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་དང་འདྲ་བར་ཐོག་མ་མེད་པའི་དུས་ནས་སོ་སོར་ངེས་པའི་རྒྱུ་དང་འབྲས་བུ་འབྲེལ་བ་དག་ལ་རག་ལས་པའི་རྒྱུ་དེས་ཕྱིན་ཅི་ལོག་གི་རྣམ་པར་སྣང་བ་ཡིན་ཏེ། ལངྐར་གཤེགས་པ་ལས། ཆོས་འདི་དག་ནི་མ་སྐྱེས་པ་ཡིན་ཏེ། སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་ལྟ་བུ་སྤྲུལ་དང་འདྲ་བ་ཡིན། ཞེས་གསུངས་སོ། །སེམས་ཅན་རྣམས་ནི་ཤེས་པ་མ་རིག་པའི་མུན་པ་ཤས་ཆེན་པོས་ཁེབས་པས་ཆོས་ཉིད་འདི་དག་ཁོང་དུ་མ་ཆུད་པས་ཡུན་རིང་པོར་འཁྲུལ་པས་རྣམ་པར་ཉམས་པ་ཡིན་ནོ། །ཞེས་ཡིད་ལ་བྱ་ཞིང་སྙིང་རྗེ་བསྐྱེད་པར་བྱ་བ་སྔོན་དུ་བཏང་ནས། དེ་ནས་དེའི་ཕྱིར་བདག་གི་ཆོས་ཉིད་འདི་དག་རང་གིས་ཀྱང་རྟོགས་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་མོ།། །། གལ་ཏེ་བདེ་ན་དེ་ལ་མངོན་པར་ཞེན་པར་མི་བྱ་སྟེ། འདི་ནི་སྔར་གྱི་ལས་དགེ་བ་ཟད་པར་བྱེད་པ་ཞེས་བརྟགས་ནས། བདག་གི་བདེ་བ་འདི་སེམས་ཅན་ཐམས་ཅད་གྱིས་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གྱིས་སེམས་ཅན་གྱི་ཚོགས་ལ་བསྔོས་ནས་བདག་གིར་མི་བྱའོ། །དེ་བཞིན་དུ་སྡུག་བསྔལ་ན་དེ་ལ་སྐྱོན་དུ་བལྟ་བར་མི་བྱ་སྟེ། འདི་ནི་སྔོན་བསགས་བསགས་པའི་ལས་མི་དགེ་བ་ཐམས་ཅད་འདག་པར་བྱེད་པའི་ཐབས་མཆོག་ཡིན་ཞེས་དྲིན་དུ་བསྒོམ་སྟེ། སེམས་ཅན་སྡུག་བསྔལ་འདི་ལྟ་བུས་མནར་བ་དེ་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་བྱུང་སྟེ་བདག་གིས་དེ་ཐམས་ཅད་ཁུར་ནུས་པར་གྱུར་ཅིག ཅེས་བརྗོད་ཅིང་། ཡིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསྒྲུབ་པར་ཡང་ཡང་དུ་དེ་ལ་བསྟིམ། དེ་དག་བདེ་བ་དང་ལྡན་པར་བསམ་མོ། །དེ་ཕྱིན་ནས་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཡིད་ལ་བྱ་བ་མི་བཏང་བས་སེམས་མི་དགེ་བ་ལ་འཇུག་པར་མི་བྱེད་ལ། འགྲོ་བ་དྲང་བའི་བསམ་པ་ཉིད་ཀྱིས་དགེ་བ་རྣམས་ལ་ཡང་གཡོ་བ་མེད་ལ་འཁོར་གསུམ་ཡོངས་སུ་དག་པར་བསྒྲུབ་བོ། །དེའང་འགྲོ་བ་མ་ལུས་པ་བྱང་ཆུབ་པར་བྱ་བའི་ཐབས། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་མེད་པར་ཐོབ་པར་མི་ནུས། ཚོགས་གཉིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་བཟུང་ནས་ཐམས་ཅད་རྟག་ཏུ་ཡོངས་སུ་རྫོགས་པར་བྱ། ཞེས་དྲུག་ལ་སྨོན་པས་དལ་བུར་ལངས་ཏེ་ཐམས་ཅད་ལ་སྒྱུ་མ་དང་འདྲ་བར་མོས་པས་ཅི་ནུས་པའི་སྦྱིན་སོགས་ལ་འཇུག་གོ །གཉིས་པ་ནི། ཇི་ལྟར་བདག་བཞིན་སེམས་ཅན་ཉིད། མཉམ་པ་ཉིད་བསྒྲུབ་པའི་ཆོ་ག་སྟེ། ཇི་ལྟར་བདག་ཏུ་གདགས་པའི་གཞི་ཕུང་སོགས་བདེན་པར་མེད་པ་བཞིན་དུ་དེ་ལ་བདག་ཏུ་འཛིན་པའི་སེམས་ཀྱང་བདེན་པར་མེད་དོ། །ཇི་ལྟར་སེམས་ཅན་དེ་བཞིན་བདག །བདག་ཏུ་འཛིན་པའི་སེམས་རང་བཞིན་གྱིས་མེད་པ་ཅིར་ཡང་སྣང་བ་བཞིན་དུ། བདག་ཏུ་གདགས་པའི་རྟེན་ཕུང་པོ་རང་བཞིན་མེད་པ་ཅིར་ཡང་སྣང་ངོ་ཞེས་སྟོན་པ་སྟེ་བསྒོམ་པའི་རིམ་པ་འདི་ལྟར། ལུས་དང་། ངག་དང་། སེམས་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ནི་རབ་ཏུ་ཞི་བ། སྤྲོས་པ་དང་བྲལ་བ། ཉེ་བར་འཚེ་བ་མེད་པས་བདེ་བ་དམ་པ། རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་དང་མཉམ་པ་ཉིད་ཡིན་པ་མངོན་དུ་བྱའོ། །དེ་ནས་སེམས་ཅན་འདི་དག་གི་དེ་ལྟར་མ་ཤེས་པས་བདག་གིས་སྒྱུ་མ་དང་འདྲ་བས་དེ་དག་གི་དོན་བགྱིའོ་ཞེས་བཅོས་མ་མིན་པའི་སྙིང་རྗེས་སེམས་མཉེན་པར་བྱས་ལ། རང་གིས་བྱང་ཆུབ་ཐོབ་བྱའི་ཕྱིར། །གཞན་གྱི་དོན་ལ་བརཏལ་བས་ན། །དེ་ནི་སངས་རྒྱས་ཆོས་དང་ནི། དགེ་འདུན་གྱི་ནི་བསྟན་པར་གནས། །མངོན་པར་བྱང་ཆུབ་པའི་མཉམ་པར་བཞག་པ་ལས་མི་གཡོ་བར་དག་པའི་སྒྱུ་མ་རྣམ་པ་ཐམས་ཅད་པ་བཟུང་ནས། སེམས་ཅན་ཐམས་ཅད་ཀྱི་དགོས་པ་དེ་དང་དེར་བདག་གི་ལུས་སྦྱིན་པ་དང་། ལུས་དང་། ངག་དང་། ཡིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་འཛིན་པའི་ཚུལ་ཁྲིམས་དང་། དྲག་པོ་ཚ་བའི་སོག་ལེས་གཤོག་པ་ལ་སོགས་པ་བཟོད་པའི་བཟོད་པ་དང་། འཇིག་རྟེན་གྱི་ཆོས་བརྒྱད་ལ་མཉམ་པ་ཉིད་ཀྱི་བརྩོན་འགྲུས་དང་། དངོས་པོ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་འབད་པ་མེད་པར་རང་གི་ངང་གིས་འབྱུང་བའི་བསམ་གཏན་དང་། ཆོས་ཐམས་ཅད་མི་དམིགས་པར་རྗེས་སུ་རྟོགས་པའི་མཚན་ཉིད་ཀྱི་ཤེས་རབ་སྟེ། ཕྱི་མ་འདི་ནི་འབད་པ་མེད་པར་ཐམས་ཅད་དུ་རོ་གཅིག་པའི་འཇུག་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཆོག་གོ །དཀོན་མཆོག་གསུམ་གྱི་བསྟན་པའི་ཉིང་ཁུའང་དེའོ། །ཆོས་དབྱིངས་རང་བཞིན་དུ་བསྒྲུབས་ན། བདག་ཏུ་འཛིན་པ་ངེས་པར་སེལ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རྣམ་པར་དག་མཐོང་ན་བདག་གམ་སེམས་ཅན་དུ་འཛིན་པ་དག་ནས་བྱང་ཆུབ་ཀྱིས་སྤྱོད་པ་རྫོགས་པར་སྤྱོད་པའི་ལམ་ལས་ཕྱིར་མི་ལྡོག་གོ །སཾ་པུ་ཊར། ཇི་ལྟར་བྱུང་དོན་ཡང་དག་རིག །འགྲོ་བ་འདོད་པའི་བསམ་པ་ཡིས། ཡང་དག་ལྟ་བ་རབ་བསྒྱུར་བདག །བརྟན་པའི་སེམས་ནི་གནས་མེད་པས། །ཕུང་པོ་ཁམས་སོགས་མཚན་ཉིད་ནི། ཐམས་ཅད་རྨི་ལམ་སྒྱུ་མ་ལྟར། ཁམས་གསུམ་འདི་དག་ཐམས་ཅད་ནི། མདོར་བསྡུས་ནས་ནི་འདིར་ཤེས་བྱ། སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། འཚོ་བ་དབང་ཕྱུག་འདུལ་བ་དང་། དེ་བཞིན་འཇིག་རྟེན་ཆོས་བརྒྱད་ནི། །ཐམས་ཅད་ཤིན་ཏུ་རིང་དུ་སྤངས། །རྟག་ཏུ་རྟོག་པ་མེད་གྱུར་པས། །གཉིས་སུ་མེད་པར་ངེས་བྱས་ནས། །ཕ་རོལ་ཕྱིན་དྲུག་རྣལ་འབྱོར་གྱིས། །སངས་རྒྱས་དངོས་གྲུབ་རབ་བསྒྲུབ་ཕྱིར། །སེམས་ཅན་དོན་ལ་ལེགས་ནུས་ཀྱང་། །སེམས་ཅན་ཡོངས་སུ་བརྟག་མི་བྱ། ཞེས་སྤྱོད་པ་གསུམ་པ་ལས་སྤྲོས་ཏེ་བཤད་པས། ཇོ་བོ་ནཱ་རོ་པས་རྒྱུད་ཀྱི་དོན་ལེགས་པར་བཤད་དོ་ཞེས་སྙིགས་དུས་འདིར་འཇམ་དབྱངས་ཐོབ་པ་རྣམས་སེམ་མོ། །གསུམ་པ་ནི། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་ཡོངས་སུ་བསྒྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །སྟོང་པ་ཉིད་དང་སྙིང་རྗེས་སྒྲིབ་པ་གཉིས་སྤངས་ཏེ། སྐུ་རྣམ་པ་གཉིས་བསྒྲུབ་པར་བྱའོ། །ཅིའི་ཕྱིར། སྟོང་པ་ཉིད་ཁོ་ནས་དེ་དག་མི་བསྒྲུབ་ཅེ་ན། མ་ཡིན་ཏེ། འབྲས་བུ་ནི་རྒྱུའི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་ལྟར་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །འོ་ན་ལུང་གཞན་ལས་སྟོང་པ་ཉིད་འབའ་ཞིག་བསྒོམས་པས་ཆོག་པར་གསུངས་པ་དོན་མེད་པར་འགྱུར་སྙམ་ན་མ་ཡིན་ཏེ། འདི་ནི་བདག་ཏུ་ལྟ་བ་ལ་སོགས་པ་ཉིད་དང་འགལ་བར་འཇུག་པ་དེ་དག་གི་ཕྱིར་སྟོང་པ་ཉིད་ཀྱི་ཆེ་བ་སྟོན་པ་སྟེ། དེ་ཉིད་ལས། ལྟ་བ་རྣམས་ལས་ལོག་རྣམས་དང་། བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། བདག་ཏུ་ལྟ་བ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་མི་རིང་འགྱུར། །ཞེས་རྫོགས་པར་བྱང་ཆུབ་པ་ལ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་དགོས་ཀྱི་སྟོང་པ་ཉིད་ཁོ་ནས་ཆོག་པ་མ་ཡིན་ནོ། །དེ་ཡང་དང་པོར་སྟོང་པ་ཉིད་ལ་གོམས་པ་ཕུལ་དུ་ཕྱིན་ན་དགེ་བའི་ལས། ཐམས་ཅད་རང་གི་ངང་གིས་འབྱུང་སྟེ། ཇི་ཙམ་དུ་སྟོང་པ་ཉིད་བརྟེན་པ་དེ་ལ། དེ་ཙམ་དུ་དེ་མ་རྟོགས་པ་རྣམས་ལ་སྙིང་རྗེ་སྐྱེ་སྟེ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི། སྟོང་ཉིད་འདི་ནི་བསྒོམས་བྱས་ན། བློ་ནི་གཞན་དོན་ལ་དགའ་བར། འགྱུར་བ་ཉིད་དུ་དོགས་པ་མེད། ཅེས་སོ། སྟོང་པ་ཉིད་ནི་ཤེས་རབ་ཀྱི་མིག་གིས་གདོད་མའི་སེམས་ཇི་ལྟ་བར་མཐོང་བས། རྣལ་འབྱོར་པ་ཐེ་ཚོམ་དང་བྲལ་བར་འགྱུར་རོ། ཐེ་ཚོམ་དང་བྲལ་བས་མཚན་མའི་མངོན་པར་ཞེན་པ་དང་བྲལ་ལོ། །དེ་དང་བྲལ་ནས་ཆོས་ཐམས་ཅད་མཚན་མ་མེད་པར་ལྟ་བ་དང་ཡང་བྲལ་ཏེ་ཉེ་བར་ཞི་བ་འདི་ནི་སྤྲོས་པ་མེད་པའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས། སྙིང་རྗེ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དང་། བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་བྱ་བ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཐམས་ཅད་བྱེད་པ་དེའོ། །ཤེས་རབ་ནི་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི་མ་ལོག་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་བྱེད་པ་ལ་སྦྱོར་བས། ཐབས་ནི་བསྡུ་བ་ཤེས་པ། ཤེས་རབ་ནི་ཡོངས་སུ་དཔྱོད་པ་ཤེས་པར་བཞག་ལ་བཞག་པ་ལྟར་ཐ་དད་པ་མ་ཡིན་ཏེ། དམིགས་མེད་གནས་སུ་ཤེས་རབ་དང་། དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་ལྡན་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བ། མཚན་མ་ཐམས་ཅད་ཟད་པས་ཆུ་ལ་ཆུའམ་ནམ་མཁའ་ལ་ནམ་མཁའ་སྦྱར་བ་ལྟ་བུར་ཐབས་ཤེས་དབྱེར་མེད་པའི་ཡེ་ཤེས་ཉིད་ཀྱིས་སྤྱོད་དོ་ཞེས་པ་སྟེ། སཾ་པུ་ཊར། ཐབས་དང་ཤེས་རབ་ལྡན་པའི་མཆོག །ཅེས་སྔ་མ་དང་། སྦྱོར་བ་ཀུན་ལ་རྒྱབ་ཀྱིས་ཕྱོགས། དེ་ཉིད་གོམས་པར་རབ་བྱས་པས། སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །ཞེས་པས་ཕྱི་མ་བསྟན་ནོ། །དེ་ལྟར་ཐབས་ཀྱི་ནི་གཟུགས་ཀྱི་སྐུ། ཞིང་དང་འཁོར་ལ་སོགས་པའི་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པ་སྤངས་པས་འཁོར་བར་གནས་པར་མི་མཛད་དོ། །འདིར་སྡུག་བསྔལ་རྒྱུར་བཅས་ཀྱིས་རྟོག་པ་སྙིང་རྗེར་བསྒྱུར་བར་རྣམ་རྟོག་ལམ་ཁྱེར། ཤེས་རབ་ཀྱིས་ཐབས་ཀྱི་ཆ་ཐམས་ཅད་ཀྱི་ཕྱིན་ཅི་ལོག་ཐམས་ཅད་སྤངས་ཏེ་གྲོགས་སུ་བྱེད་པས་ཉོན་མོངས། །ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྗེས་སུ་འཛིན་པས་ལྷ་འདྲེ། དེ་ལ་གོམས་པས་གཞན་གྱི་དོན་དུ་དམྱལ་བའི་མིའང་པདྨའི་ཚལ་ལྟ་བུར་ཤེས་པས་སྡུག་བསྔལ། གནོད་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟོད་པས་ན་ཚ། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བྱེད་པས་འཆི་བ་ལམ་ཁྱེར་རོ། གཉིས་པ་ན་ཚ་ལམ་དུ་ཁྱེར་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ལ། ནད་ངོས་གཟུང་བ། གསོར་རུང་མི་རུང་བརྟག་པ། ནད་འདོན་པ་ལས། དང་པོ་ལ། ལྷ་འདྲེའི་ནད་དང་། །རང་བཞིན་གྱི་ནད་ལས། དང་པོ་ནི། ལྷ་སྲིན་གནོད་དང་། ནང་གི་ཨ་ཝ་དྷཱུ་ཏི་ནི་རིགས་ལྡན་མ། དེ་ལས་གྱེས་པའི་རྩ་རྣམས་ནི་ཕོ་ཉ་མོ་ཡིན་ལ། གཟུགས་དང་བརྙན་པོ་བཞིན། དེའི་རང་སྣང་ཕྱིར་ཆད་པ་ལྟ་བུར་སྣང་བ་སྲིད་པའི་བདག་མོ་དང་། དེའི་མངག་གཞུག་མ་སྲིད་པ་མོ་རྒྱུད་དུ་གྲགས་པ་ཐམས་ཅད་དོ། །དབུ་མ་དེ་ཁ་ཡིག་གཟུགས་སུ་སྣང་བ་ཧེ་རུ་ཀ །གཞན་གྱི་རྣམས་སེམས་དཔའ། དེའི་རང་སྣང་དཔལ་མགོན་པོ་དང་། བཀའ་སྡོད་སྲིད་པ་ཕོ་རྒྱུད་དུ་བཞག་པ་དག་སྟེ། ཕྱི་ན་སྡེ་བརྒྱད་དམ། དྲེགས་པ་བཅོ་བརྒྱད་དམ། སུམ་ཅུ་ལ་སོགས་པའོ། །ནང་གི་རིགས་ལྡན་མ་མ་མཉེས་ན་ནང་གི་ཧེ་རུ་ཀའང་འཁྲུག་ལ། ནང་གི་ཕོ་ཉ་མོ་དང་སེམས་དཔའ་ཀུན་གཡོ། །དེའི་དབང་གིས་ཕྱིར་སྲིད་པའི་རྒྱལ་མོ་འཁྲུགས་པས་མགོན་པོ་རྣམས་འཁྲུགས། སྡེ་བརྒྱད་ཕོ་མོ་ཐམས་ཅད་གཡོས་ཏེ་ནད་བརྒྱད་ཁྲི་བཞི་སྟོང་འཇིག་རྟེན་དུ་འགྱེད་དོ། །ནང་གི་རིགས་ལྡན་མ་མི་མཉེས་པ་ནི་ཕྱིར་རླུང་འཕོ་བ། ཕྱིའི་མ་མོ་འཁྲུགས་པ་ནི་དམ་ཚིག་ལས་གཡེལ་བའོ། །དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་ལའང་རྩ་རྣམས་དུལ་བར་ནི་འདོད། དུལ་ནི་མ་དུལ། དེའི་ཚེ་རྩ་ཟུགས་ཀྱི་སྣང་བ་ལྷ་འདྲེའི་དམག་གི་གནོད་པ་དག་འབྱུང་ལ། དེ་ལམ་དུ་ཁྱེར་བས་བར་ཆད་དངོས་གྲུབ་ཏུ་འདུ་བ། ཆོས་རྗེ་ལ་མཁར་ཆུར་དཔལ་གྱི་མགོན་པོ་ལྕམ་དྲལ་ཡང་ལྷ་འདྲེའི་དམག་དཔོན། ཕྱིས་བདུད་རིགས་ཐམས་ཅད་འཕྲིན་ལས་བསྒྲུབ་པའི་ཆོས་སྐྱོང་དུ་ཤར་ནས། བར་ཆད་ཆེ་དུས་སུ་ཆོས་སྐྱོང་ཡང་དགྲ་རུ་ལངས། ད་ལྟ་བདུད་ཀྱང་དཔལ་དུ་ཤར་ཞེས་དང་། རྗེ་བཙུན་དང་ཚེ་རིངས་མའི་ལོ་རྒྱུས། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བའི་ཐུབ་པའི་རྣམ་པར་ཐར་པས་ཀྱང་ཤེས་སོ།། །། གཉིས་པ་ལ། འབྱུང་བ་འཁྲུགས་པ། ཉོན་མོངས་དུག་གསུམ། ལུས་ངག་ཡིད་གསུམ། རྣམ་རྟོག་གི་ནད་ལས། དང་པོ་ནི། འབྱུང་བ་བཞི། ཕྱི་འཇིག་རྟེན་གྱི་ཁམས། ནང་རྣལ་འབྱོར་པའི་ལུས་ཐམས་ཅད་ནི། ས་ཆུ་མེ་རླུང་གི་ཁམས་ཁོ་ནར་སྣང་བ་སྟེ། དེ་དག་རྣམ་པར་མ་གྱུར་པ་ནི་འདུ་བ་ཆ་སྙོམས་པ། མཉེས་པ་ནི་ཆ་མཉམ་དུ་འཕེལ་བས་འཇིག་རྟེན་དང་ལུས་དར། ནང་ཟད་པར་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྒྱུ་བྱེད། མ་མཉེས་ན་ཕྱི་འཇིག་རྟེན་གྱི་ཁམས་ཀྱང་རྫོགས་ལྡན་ལས་གསུམ་ལྡན། གཉིས་ལྡན་རྩོད་དུས། ཐ་མ་ཚེ་ལོ་བཅུ་པའི་བར་དུ་འགྲིབ་པ་དང་འཇིག་པ་ཐམས་ཅད་དང་། རྣལ་འབྱོར་པའི་ལུས། ཉེས་པ། རིགས། གནས། གཙོ་བོས་ཕྱེ་བའི་ནད་བཞི་བརྒྱ་རྩ་བཞི། རྒྱས་པར་ཕྱེ་བས་སྟོང་ཉིས་བརྒྱར་བཞག་པ་དག་དང་འཆི་བ་བྱེད་དོ། །མ་མཉེས་པ་ནི། འཕེལ་འཁྲུགས་ཟད་དང་། ཉེས་པ་འཕེལ་བ་སྟེ་གཟི་བརྗིད་འབར་བ། འཁྲུགས་པ་ནི་རྟེན་བརྟེན་པ་འཆོལ་བ། ཟད་པ་ནི་ཁ་བྲི་བ་སྟེ་ངེས་སོ། །གཉིས་པ་ནི། ཚ་གྲངས་དང་། བད་ཀན་འདུས་པ་ཉོན་མོངས་ནད། ཞེ་སྡང་གི་རྟོག་པ་སུམ་ཅུ་རྩ་གསུམ་གྱིས་བསྐྱེད་པ་ཚད་པ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུས་སྐྱེད་པ་གྲང་བ་རླུང་། གཏི་མུག་གི་རྟོག་པ་བདུན་གྱིས་བསྐྱེད་པ་བད་ཀན། དུག་གསུམ་ཆ་མཉམ་པས་བསྐྱེད་པ་འདུས་པ་སྟེ། དཀར་དམར་མུན་ཅན་དུས་མེའི་ཐིག་ལེ་མ་མཉེས་པ་ལས་སོ། །དཀར་དམར་གྱི་ཐིག་ལེ་གཉིས་ཀྱི་ངེས་པས་ནད་ཀྱང་ཚ་གྲང་གཉིས་སུ་འདུ། མུན་ཅན་བསྣན། ནད་ཀྱང་བད་ཀན་བསྣན་པས་གསུམ། དེའི་སྟེང་དུ་དུས་མེ་བསྣན། ནད་ཀྱང་འདུས་པ་བསྣན་པས་བཞི་སྟེ། ཐེག་པ་ལྔ། ནད་ལ་ལྡན་པ་བསྣན་པས་ལྔ། ཐིག་ལེ་དྲུག་གི་དབང་གིས་གཞན་སྔར་བཞིན། རླུང་དང་གྲང་བ་སོ་སོར་དབྱེ་བས་དྲུག །དེ་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་ཕྱེ་བའི་བར་བཞིན་ནད་ཀྱང་རྣམ་པ་དེ་ལྟར་དུ་འབྱེད་དོ།། །། གསུམ་པ་ལ། མདོར་བསྟན། རྒྱས་པར་བཤད་པ་ལས། དང་པོ་ནི། སྔར་གྱི་གསུམ་ནི་རྩ་རླུང་ཐིག་ལེ་རྣམ་པར་འགྱུར་བའི་དབང་གིས་ནད་དེ་དང་དེ་དག་ཏུ་འགྱུར་ཚུལ་ཡིན་ལ། འདི་ནི་གསུམ་ཁའི་བྱེད་ལས་གྱི་དབང་དུ་བྱས་པ་དང་། སྒོམ་པ་ཏིང་ངེ་འཛིན་གྱི་གེགས་ཁོ་ན་གཙོ་བོར་བྱས་པའོ། །ལུས་ལ་འཐེམས་འཆུས་ལྷགས་དང་གསུམ་འདི་ནི་བསྒོམས་པས་རླུང་ཟིན། ཁམས་འདུ་བ་དང་པོའི་འགོ་ནི་བརྩམས། རླུང་ཟིན་པ་བརྟན་པར་མ་གྱུར་པས་མཐར་ནི་མ་ཕྱིན་པའི་བར་དེར། འཐེམས་པ་རྩའི་འཕྲང་། འཆུས་པ་རླུང་གི་འཕྲང་། ལྷགས་པ་ཐིག་ལེའི་འཕྲང་གསུམ་འབྱུང་བ་བསྟན་ནོ། རྩ་མ་དུལ་བའི་སྐྱོན་ཡིན་པས་ལུས་ལ་ཞེས་སྨྲོས་སོ། །ངག་ལ་ལོག་འཚུབས་གཏོར་དང་གསུམ། །རླུང་ཟིན་པ་བརྟན་པས་འདུས་པ་བར་མའི་འགོ་ནི་ཟུག །རླུང་ལས་སུ་མ་རུང་བས་མཐར་ནི་མ་ཕྱིན་པའི་བར་དེར། །རླུང་གི་དེ་ཁོ་ན་ཉིད་གསུམ་སུ་ལོག་པའི་འཕྲང་། འཚུབས་པའི་འཕྲང་། གཏོར་བའི་འཕྲང་གསུམ་འབྱུང་ལ། དེ་དག་རླུང་མ་དུལ་བའི་སྐྱོན་ཡིན་པས་ངག་ལ་ཞེས་སོ། །ཡིད་ལ་འབྱམས་འདུས་ལྟེངས་དང་གསུམ། དེ་ནས་རླུང་ལས་སུ་ནི་རུང་བས་འདུས་པ་ཐ་མའི་འགོ་ཟུག །ཏིང་ངེའི་ཛིན་ལས་སུ་མ་རུང་བས་མཐར་ནི་མ་ཕྱིན་པའི་བར་དེར། གསལ་བ་ལ་འབྱམས་པའི་འཕྲང་། བདེ་བ་ལ་འདུས་པའི་འཕྲང་། མི་རྟོག་པ་ལ་ལྟེངས་པའི་འཕྲང་གསུམ་འབྱུང་སྟེ། ཏིང་ངེ་འཛིན་གྱི་དུག་ཡིན་པས་ཡིད་ཞེས་སོ། །དགུ་པོའི་འཕྲང་ལ་མ་བརྡུགས་ན། །སྒོམ་སྐྱོན་འབྱུང་བར་འགྱུར་མ་ཡིན། །ཞེས་འཕྲང་དེ་དག་སྒྲོལ་ན་ཏིང་ངེ་འཛིན་ཁྱད་པར་ཅན་དུ་འགྱུར་བས། ཕྱིས་གེགས་མི་འབྱུང་བས་གེགས་སེལ་མི་དགོས་ཞེས་པའི་དོན་ནོ། །གཉིས་པ་ལ། འཐམས་པ། འཆུས་པ། ལྷགས་པ། ལོག་པ། འཚུབས་པ། གཏོར་བ། འབྱམས་པ། འདུས་པ། ལྟེངས་པ་བཤད་པ་ལས། དང་པོ་ནི། འཐེམས་པ་ཤ་རུས་ཐམས་་པ་སྟེ། །ཆུ་སེར་ཚད་པ་འཕེལ་བར་འགྱུར། །རླུང་ཟིན་པས་ཕྱིར་འཕོ་རྒྱུ་མ་བྱུང་། །དྲོད་བཙན་ཐབས་སུ་སྐྱེས་པས་རྩ་ཁ་འགའ་ཞིག་ཕྱེ། དེ་དག་ཏུ་རླུང་དེས་འཚངས་པས། ཤ་དང་རུས་པའི་བར་དང་། ཤ་དང་པགས་པའི་བར་དུ་སོང་། དེ་ནས་ཕུགས་བརྡུགས་ཏེ་གཞན་དུ་མ་རྟོལ་བས། ལུས་རིལ་པོའམ། གཞོགས་ཕྱེད་དམ། སྟོད་སྨད་གང་རུང་ངམ། ཁོལ་བུར་ན་བ། ཚ་འཁྱུག་བྱེད་པ། སྦྲིད་ཅིང་བེམས་པ། ལྒང་བུག་ཆུས་བཏབ་པ་ལྟར་གྱུར་ན་འཕྲལ་དུ་མ་བཅོས་ན་ཆུ་སེར་འཕེལ་ཏེ་ནད་དུ་འགྱུར་རོ། །རྩ་ཐམས་རླུང་ཁྲག་བྱང་ཆུབ་སེམས། རྒྱུ་བའི་ལམ་ཆད་འཛག་པའང་འབྱུང་། །རྩའི་གནས་འགའ་ཞིག་ཏུ་རླུང་གི་ཕྱིན་པས་རླུང་ངམ། ཁྲག་གམ། བྱང་ཆུབ་ཀྱི་སེམས་འབབ་པ་བཅེར་བས་རྒྱུ་བའི་ལམ་ཁྲག་གིས་འགགས་ནས། དེར་རླུང་ལ་སོགས་པ་དེ་དག་ནད་དུ་འགྱུར་བ་དང་། ཡང་ལམ་གསུམ་པོ་དེ་དག་ཁ་བྱེ་ནས་དབང་མེད་དུ་འཛག་པའང་འབྱུང་བས་མ་བཅོས་ན་ནད་དུ་འགྱུར་རོ།། །། གཉིས་པ་ནི། འཆུས་པ་དེ་དང་ཆ་མཐུན་ཏེ། འོན་ཀྱང་འཕྲལ་ལ་བསལ་བར་འགྱུར། ལྟེ་བ་ཡན་སྟེང་རླུང་། མན་ཆད་འོག་རླུང་། བསྒོམས་པས་སྟེང་རླུང་ཐམས་ཅད་སྙིང་གར་སྲོག་འཛིན་པའི་རླུང་གིས་དབང་དུ་བསྡུས་ནས་གྱེན་དུ་འདྲེན་པའི་རླུང་སྟོབས་ཉམས་འོག་རླུང་སྟོབས་འཕེལ་ཏེ་སྟེང་རླུང་ཐམས་ཅད་འོག་ཏུ་འཆུས། འཕྲལ་ལ་ཕོ་སྨད་རྐྱལ་པ་ཆུས་བཏབ་པ་བཞིན་སོང་ནས་དྲི་ཆེན་དྲི་ཆུང་བསྡམ་པ་དང་། སྦོ་བ་དང་། འོག་རླུང་མི་ཐོན་པ་དང་། དེས་སྟོད་དུ་གཟེར་ཆུང་འོང་། ཉིན་ཞག་གིས་ཚེའི་དུས་བྱེད། ཡང་སྲོག་འཛིན་གྱི་རླུང་དེས་འོག་རླུང་ཐམས་ཅད་དབང་དུ་བསྡུས། འོག་སྟོབས་ཉམས་གྱེན་དུ་འདྲེན་པ་སྟོབས་འཕེལ་ཏེ། འོག་རླུང་སྲོག་དང་བསྡོངས་ཏེ་གྱེན་དུ་འཚངས་པས་འཕྲལ་ལ་རླུང་ཕྱིར་གཏོང་མ་ཤེས། ནང་དུ་སྡུས་མི་ཚུགས། དེས་རོ་སྟོད་གཟེར་བ་དང་། བརྒྱངས་ནས་ན་བ་འབྱུང་། ཉིན་ཞག་གཅིག་གིས་འཆི་བར་བྱེད་པའོ། །གསུམ་པ་ནི། ལྷགས་པ་ཆུ་སེར་སྐྱ་རྦབ་སོགས། ཡུན་རིང་ལུས་ན་མཛེ་རུ་འགྱུར། །ལྷགས་པ་ནི། བྱང་སེམས་འཛག་པ་ཞེས་བྱ་སྟེ། བདེ་བ་རྒྱས་པ་དང་། ནད་གདོན། རྩ་ཁ་བྱེ་བ། ཟས། ཆགས་པ། བག་ཆགས། སྤྱོད་ལམ། གྲིབ་སྟོབས་ཀྱིས་འཛག་པའོ། །མ་བཅོས་ན་ལུས་ཀྱི་ཤེད་ཤོར། ཆུ་སེར་འཕེལ། སྐྱ་རྦབ་དང་། འོར་དང་། དམུ་ཆུ་དང་། མཛེ་ལ་སོགས་པར་འགྱུར་རོ། །གཞན་ཡང་། ལྦ་བ་ལ་སོགས་བེམ་པོར་རོ། ཁོལ་བུར་ལྷགས་པས་ལྦ་བ་དང་། སྐྲངས་པ་དང་། ཤ་ནག་པོ་བམ་བེམ་དང་། ཧ་ཅང་རྒྱས་དྲགས་ནས་ཤ་འཕེལ་ཏེ་གས་པའོ། །བཞི་པ་ནི། སྲོག་འཛིན་རླུང་ནི་སྙིང་ལ་གནས། །ལས་སུ་བདག་འཛིན་དྲན་རྟོག་སྐྱེད། །ལོག་ན་འདར་དང་སྨྱོ་སོགས་འབྱུང་། །རླུང་བཅུ་རེ་རེ་ལ་བདུན་བདུན་ཏེ། གནས་གང་ན་གནས་པ། མིང་གང་ཡིན་པ། འབྱུང་བ་ལྔ་གང་གི་རླུང་ཡིན་པ། བྱེད་པའི་ལས་ཅི་བྱེད་པ། རླུང་རེངས་པའི་སྐྱོན་ངོས་གཟུང་བ། སྐྱོན་དེ་བསལ་བའི་ཐབས། ཡེ་ཤེས་སུ་འཆར་ན་གང་འཆར་བའོ། །དང་པོ་སྲོག་འཛིན་གནས་སྙིང་ག །མིང་སྲོག་འཛིན། འབྱུང་བ་ཆུ། བདག་འཛིན་དང་དྲན་རྟོག་སྐྱེད། གནས་སུ་ལོག་པའི་སྐྱོན། འཕྱོ་ཞིང་མི་དགའ་བ། གཟེར་ཞིང་ཟུག་པ། དགང་ཞིང་སྟོང་པ། བྱིང་ཞིང་རྨུགས་པའོ། །འཆོས་པ་དང་ཏིང་ངེ་འཛིན་འོག་ཏུ་འཆད་དོ། །དེ་བཞིན། མེ་དང་མཉམ་པ་ལྟེ་བར་གནས། ཁ་ཟས་འཇུ་ཞིང་དྭངས་སྙིགས་འབྱེད། །ལོག་ན་སྦོ་ཞིང་འཁྲོག་དང་འཁྲུ། གནས་ལྟེ་བ། མིང་མེ་མཉམ། རླུང་གི་རླུང་། ལས་ཁ་ཟས་འཇུ། དྭངས་སྙིགས་འབྱེད། ལོག་ན་དགངས་པ། འགྲིམ་པ། གཟེར་བ། ཁོང་པ་འབྱམས་པའོ། །ཐུར་དུ་སེལ་བ་གསང་བར་གནས། །སྒོ་གཉིས་སྡོམ་དང་འཕེན་པར་བྱེད། ལོག་ན་དྲི་གཉིས་སྡོམ་དང་འཆོར། །གནས་གསང་གནས། མིང་ཐུར་སེལ། འབྱུང་བ་ས། ལས་འོག་ཏུ་སྡོམ་འཕེན། ལོག་ན་དྲི་ཆེན་དྲི་ཆུ་འོག་གི་རླུང་བསྡམ་པ་དང་། དབང་མེད་དྲི་གཉིས་འཆོར་བའོ། །གྱེན་དུ་རྒྱུ་བ་མགྲིན་པར་གནས། སྨྲ་བརྗོད་ལས་ཀུན་བྱེད་པར་འགྱུར། །ལོག་ན་མགྲིན་པ་སྐྲངས་དང་དིག །གནས་མགྲིན་པ། མིང་གྱེན་རྒྱུ། འབྱུང་བ་མེ། ལས་སྨྲ་བརྗོད་གྱེན་དུ་འདྲེན་པ། ལོག་ན་མཇིང་པ་སྐྲངས་པ་སོགས་ཀྱི་ནད། སྐད་འགག་པ་དང་ངག་དིག་པའོ། །ཁྱབ་བྱེད་ལུས་ཀྱི་ཚིགས་ལ་གནས། ལས་ནི་ཡན་ལག་སྒུལ་སྐྱོད་བྱེད། ལོག་ན་ཚིགས་བ་ཞི་ན་བར་འགྱུར། །གནས་ལུས་ཐམས་ཅད་དུ། མིང་ཁྱབ་བྱེད་འབྱུང་བ་ནམ་མཁའ་ལས་ལུས་ཀྱི་བྱ་བའི་གནས་སྐབས་ཐམས་ཅད། ལོག་ན་ཚིགས་ན་ལ། ལུས་བྱིན་ནམ། ཕྱོགས་རེའམ། སྟོད་སྨད་ན་བ། ཞ་འཁུམས་ཐམས་ཅད་དོ། །རྩ་བའི་རླུང་ལྔ་བཤད་ནས། ད་ནི་ཡན་ལག་གི་རླུང་སྟོན་ཏེ། རྒྱུ་བ་མིག་གིས་གཟུགས་མཐོང་བྱེད། གནས་མིག མིང་རྒྱུ་བ། འབྱུང་བ་ཆུ་མེ་གཉིས་འདྲེས། ལས་གཟུགས་ལྟ་བ། ལོག་ན་ལོང་བ་སོགས་མིག་ནད། རབ་ཏུ་རྒྱུ་བ་རྣ་བའི་སྒྲ། གནས་རྣ་བ། མིང་རབ་ཏུ་རྒྱུ་བ། འབྱུང་བ་ནམ་མཁའ་ཡེ་ཤེས་གཉིས་འདྲེས། ལས་སྒྲ་ཐོས་པ། ལོག་ན་འོན་པ་ལ་སོགས་པ་རྣ་བའི་ནད། དེ་བཞིན་དུ། ཤིན་ཏུ་རྒྱུ་བ་སྣ་ཡི་དྲི། གནས་སྣ། མིང་ཤིན་ཏུ་རྒྱུ་བ། འབྱུང་བ་ས་རླུང་གཉིས་འདྲེས། ལས་དྲི་སྣོམ་པ། ལོག་ན་སྣ་ཞོམ་པ་སོགས་སྣའི་ནད། མངོན་པར་རྒྱུ་བ་ལྕེ་ཡི་རོ། །གནས་ལྕེ། མིང་མངོན་པར་རྒྱུ་བ། འབྱུང་བ་མེ་ཆུ་གཉིས་འདྲེ། ལས་རོ་མྱང་། ལོག་ན་ལྕེ་ཆད་པ་སོགས་ལྕེའི་ནད། ཡང་དག་རྒྱུ་བ་པགས་པ་ཡི། རེག་བྱ་ཉམས་སུ་མྱོང་བར་བྱེད། གནས་ལུས་ཀྱི་པགས་པ། མིང་ཡང་དག་པར་རྒྱུ་བ། འབྱུང་བ་རླུང་ས་གཉིས་འདྲེས་པ་ལས་རེག་བྱ་ཚོར་བ། ལོག་ན་ལུས་བེམ་པ་ཟ་ཕྲུག་ལ་སོགས་སོ། །འདི་རྣམས་གནས་སུ་ལོག་གྱུར་ན། །ཡུལ་ལྔ་རྣམ་པ་སྣ་ཚོགས་འབྱུང་། །ལོག་པའི་སྐྱོན་གཟུགས་གཅིག་གཉིས་སུ་སྣང་བ་ལྟ་བུ་སོགས་འབྱུང་ཞེས་སོ། །འདི་དག་རང་གི་གནས་སུ་ལོག་པ་ལ་བཤད་པ་ཡིན་ལ། སྔ་མ་ནི་གནས་གཞན་དུ་འཕྱུགས་པ་ཡིན་པས་ཁྱད་པར་ཆེའོ། །ལྔ་པ་ནི། སྟོད་དུ་འཚུབས་ན་མགོ་བོ་ན། །སྨད་དུ་འཚུབས་ན་རྒྱུ་ལོང་ཁྲོག །བར་དུ་འཚུབས་ན་རོ་རྒྱབ་གཟེར། །འདི་ནི་རླུང་འགྲོ་ས་མ་རྙེད་པས་སྟོད་དུ་འཁྱིམས་ནས་སྟོད་ནད། སྨད་དུ་སྨད་ནད། བར་དུ་འཁྱིམས་པས་བར་ནད་ཐམས་ཅད་བྱེད་དོ། །དོན་རྩ་ཁ་མ་བྱེ་བས་སམ། ལུས་གནད་ཀྱིས་བསྡམས་པས་སམ། ཁྲག་ལ་སོགས་པ་འགགས་པས་སོ། །དྲུག་པ་ནི། སྐྱོན་ཡོན་ཅི་ཡང་མ་བྱུང་ན། །གཏོར་བར་ཡིན་པས་བཙལ་བར་བྱ། །འདི་ནི་རླུང་བྱ་འདས་པ་སྟེ་དབྱུང་རྡུབ་བྱེད་མ་ཤེས་པའོ། །གཞན་ལུས་ཐམས་ཅད་དུ་འཐོར་བའང་ཡིན་ཏེ། དེ་ནི་ཡུན་རིང་ན་སྐྱ་རྦབ་ལ་སོགས་པར་འགྱུར་རོ། །བདུན་པ་ནི། རྩ་དང་རླུང་གི་བྱེ་བྲག་གིས། རྩའི་མདུད་པ་དང་རླུང་གི་ཁྱད་པར་གྱིས། རླུང་སེམས་དྲོད་གསུམ་འདུས་པའི་ཉམས་སྐྱོན་ཅན་སྣ་ཚོགས་པར་འགྱུར་བ་ནི། ལ་ལས་བརྒྱལ་ཞིང་འགྱེལ་བར་འགྱུར། ལ་ལས་སྐྱུག་ཅིང་འཁྲུ་བར་འགྱུར། ལ་ལས་སྡུག་བསྔལ་མྱ་ངན་སྐྱེ། ལ་ལས་སྐྲག་ཅིང་དངངས་པར་འགྱུར། ཞེས་དང་། སངས་རྒྱས་ཞིང་དང་། སྐྱོན་མེད་སངས་རྒྱས་ཀྱི་ཞིང་ཁམས་མཐོང་བ་སོགས་མཐོང་སྣང་ངོ་མཚར་ཅན་ཅི་ཡང་འབྱུང་ངོ་། །དམྱལ་བའི་གནས། མཐོང་སྣང་དཔག་ཏུ་མེད་པ་འབྱུང་། །དམྱལ་བའི་རྩ་ཡིག་དུཿབཤང་ལམ་ན་གནས། འགའ་ཞིག་ལ་རྐང་མཐིལ་དུའང་སྲིད། དེར་རླུང་སེམས་དྲོད་གསུམ་འདུས་པས་དམྱལ་བའི་སྣང་བ་འཆར། ཡི་དྭགས་ཀྱི་པྲེ་ཆུ་ལམ། དུད་འགྲོའི་ཏྲི་ལྟེ་བ་ན། མིའི་ནྲི་སྙིང་ག་ན། ལྷ་མ་ཡིན་གྱི་སུ་སྨིན་འོག་གི་མཚམས། ལྷའི་རྩ་ཡིག་ཨ་དཔྲལ་བ་ན་གནས་ཤིང་། དེ་དག་ཏུ་རླུང་སེམས་དྲོད་གསུམ་འདུས་པས་སོ་སོའི་གནས་གྲོགས་ལོངས་སྤྱོད་འཆར་རོ། གཞན་ཡང་། རྒོད་ཅིང་ཀུ་ཅོ་འདོན་པ་དང་། ལྐུགས་ཤིང་ཡན་ལག་རེངས་པ་དང་། །ཁོལ་བུར་ཤ་ཕྲིག་ལ་སོགས་འབྱུང་། །ཀུན་གྱི་བྱེ་བྲག་ཤེས་བྱ་སྟེ། །གེགས་སེལ་གནད་དུ་བསྣུན་པར་བྱ། །ཞེས་པ་རྣམས་ནི་གསལ་བ་ལ་འབྱམས་པའམ་བརྡུགས་པ་ཞེས་བྱ་སྟེ། འབྱམས་པ་རི་གཟར་ཆུ་འབབ་འདྲ། །སྣ་ཚོགས་ཡུལ་ལ་འཐོར་བ་ཡིན། །ཏིང་ངེ་འཛིན་དེ་ལ་འབྱམས་སམ་བརྡུགས་ན་རྟགས་བཅུ་ཡོན་ཏན་བརྒྱད་འགྲིབ་བོ། །བརྒྱད་པ་ནི། འདུ་བ་བྱ་རྙིས་ཟིན་པ་འདྲ། རྩ་ཁ་བྱེ་བས་བྱང་སེམས་འཕེལ། །ཟག་བཅས་ཀྱི་བདེ་བ་རྒྱས་དྲགས་པས་བརྡབས་པ། ཚེར་མ་ཟུག་པ་སོགས་ཀྱང་བདེ་བར་སོང་། ཏིང་ངེ་འཛིན་ཡང་དྲན་མེད་ལྟ་བུ་ཁྲིས་སུ་མི་སླེབ་པ་མི་ཚོར། དཔེར་ན་རི་མགོ་རྨུགས་པས་གཡོགས་པ་ལྟ་བུའོ། །འདར་དང་འཕར་དང་དུ་སོགས་འབྱུང་། །ཞེས་པ་ནི་དིང་སང་གི་སྦྱོར་དྲུག་པ་དག་ཉམས་འཕར་བ་དེ་ཇི་ལྟ་བའོ། །དགུ་པ་ནི། ལྟེངས་པ་ཀོ་མའི་ཆུ་དང་འདྲ། །སེམས་ཀྱི་དྭངས་སྙིགས་མ་ཕྱེད་པས། །མི་གསལ་རྨུགས་པའི་རང་བཞིན་ཅན། །འདིར་བྱིང་བ་ནི་གཉིས་ཏེ། ཆུང་ངུ་ཆེན་པོའོ། །དང་པོ་ནི། ལུས་ལྕི་ཞིང་མི་ཐེག་ལ། སེམས་ཉམས་སུ་ཤེས་པ་ལོག་པ་བྱིང་བ། ཏིང་ངེ་འཛིན་མི་གསལ་བ་རྨུགས་པའོ། །ཆེན་པོ་ནི། དེའང་ལུས་འདི་ལ་རླུང་ཁྲག་བྱང་སེམས་མི་རྒྱུ་བའི་རྩ་འགའ་ཞིག་ཡོད་ལ། དེར་རླུང་ཞུགས་པས་འགོག་པའི་སྙོམས་འཇུག་བཞིན་དྲན་མེད་དུ་འགྲོ། དེ་ནི་བྱིང་བ་ཆེན་པོའི་འཕྲང་ཞེས་བྱའོ། །དེའི་དུས་སུ་ལུས་ལ་རེག་ཏུ་མི་བཏུབ་སྲོག་གི་བར་ཆད་དུ་འགྲོ་ཉེན་ཡོད་གསུང་ངོ་། །རྩ་རླུང་སྒོམ་པའི་ལོག་རྣམས་ནི། །ཕལ་ཆེར་ལུས་གནད་རླུང་ལས་བྱུང་། །རྩ་རླུང་གི་གེགས་ཕལ་ཆེ་བ་ལུས་གནད་བཅའ་མ་ལེགས་པ་དང་། རླུང་སྒོམ་པ་མ་ལེགས་པ་ལས་འབྱུང་ངོ་། །ཞི་གནས་ལོག་ནི་སེམས་ལས་སོ། །ཞི་གནས་ཀྱི་སྐྱོན་རྣམས་ནི་དྲན་ཤེས་སྐྱོན་ཅན་གྱིས་སེམས་ལས་འབྱུང་ངོ་། རང་བཞིན་ལོག་རྣམས་རྐྱེན་རེས་སློང་། །སྒོམ་པས་མ་ཡིན་པར་འབྱུང་བ་ནི་རང་བཞིན་ཞེས་བྱ་ལ། དེ་ནི་འཕྲལ་གྱི་རྐྱེན་གྱིས་བསླངས་པའོ། །སྐྱོན་རྣམས་ངོ་ཡིས་མ་ཟིན་ན། །ལོག་གནོད་བྱེ་བྲག་དཔག་མེད་ཀྱང་། །མུན་པའི་འབེན་ལ་འདའ་འཕེན་འདྲ། །ནད་ངོས་མ་ཟིན་པར་འཆོས་ཐབས་ཅི་ཤེས་ཀྱང་ཐོག་ཏུ་མི་ཁེལ་བས་དོན་མེད་ཅེས་པའོ། །ལུས་སྐྱོན་དམིགས་པས་འཆོས་པ་ནི། །མགོ་ཆག་རྐང་པ་འཆིང་དང་མཚུངས། །ལུས་གནད་མ་ལེགས་པས་འབྱུང་བ་ལྟ་བུ་དམིགས་པས་ཅི་བཅོས་ཀྱང་ཕན་མི་ཐོགས། ལུས་གནད་བཅོས་པས་དེ་ཉིད་དུ་ཞི་འགྲོའོ། །རྩ་རླུང་དམིགས་པ་དེ་དང་འདྲ། རྩའི་གནད་ཤེས་པས་འཆོས་རྒྱུ་རླུང་གིར་འཁྲུལ་ནས་བཅོས་པ་ལྟ་བུས་མི་ཕན་ནོ། །དེ་བས་མིག་དང་འདྲ་བ་ཡི། །མན་ངག་སྙིང་གི་དཀྱིལ་དུ་བཅང་། །བརྟག་ཐབས་ཀྱི་མན་ངག་ནི་མིག་ལྟ་བུར་ཤེས་པར་བྱའོ། བཞི་པ་རྣམ་རྟོག་གི་གནད་ནི། འདུས་པ་ཐ་མ་རྫོགས་ནས་ཐམས་ཅད་རྣམ་པར་རྟོག་པ་ཙམ་དུ་ཤེས་པ་དེའི་ཕྱིར། །རྣམ་རྟོག་ནད་ནི་གློ་བ། །ཞེས་སོ། །གཉིས་པ་གསོར་རུང་མི་རུང་བརྟག་པ་ནི། མི་རུང་བ་གང་ཞེ་ན། པགས་བཞི་ས་ལ་ལྷུང་བ་དང་། །ཤ་ཟད་རུས་ལ་གཏུགས་པ་དང་། །ཟས་ལ་ཞེན་པ་ལོག་པ་དང་། །ལྡང་འདུག་མེད་པར་ན་བ་དང་། མཚོན་ཆ་གནད་དུ་ཕོག་པ་དང་། །ཤེས་པ་གནས་ནས་འཁྱར་བ་སྟེ། །དྲུགག་པོ་འདི་དག་མཁས་པས་སྤང་། །ཞེས་སམ། འབྲས་བུ་སྲོག་གཅོད་པའི་ནད་དགུ་ཞེས་གསོ་དཔྱད་པ་འདོད་པ་དག་གོ །བཅོས་སུ་བཏུབ་པ་གང་ཞེ་ན། བླ་མ་ལ་གུས་གཏོང་ཕོད་ཆེ། །ལུས་སྟོབས་བརྟན་ཞིང་སྙིང་རུས་ཆེ། །དམིགས་པ་རྣོ་ཞིང་ཉམས་ལེན་བཟང་། །མི་མཐུན་ཕྱོགས་རྣམས་རྒྱན་དུ་ཤར། །དེ་ནི་བློ་གྲོས་ཅན་གྱིས་བསྟེན། །གཞན་གྱི་འདོན་པའམ། རང་ཉིད་ལ་འདིས་ནད་འཆོས་ན་མཚན་ཉིད་དེ་དག་ལྡན་པ་ལ་བྱའོ།། །། གསུམ་པ་ནད་འདོན་པ་ལ། སྤྱིའི་ནད་འདོན། བྱེ་བྲག་སོ་སོའི་ནད་འདོན། ནད་འདོན་གྱི་མཇུག་བསྡུ་བ་གསུམ་ལས། དང་པོ་ལ། རབ་ལྟ་བས། འབྲིང་སྒོམ་པས། ཐ་མ་འཁྲུལ་འཁོར་གྱིས་འདོན་པ་ལས། དང་པོ་ལ། སྔོན་འགྲོ། དངོས་གཞི་ལས། དང་པོ་ལ། ལུང་བསྟན་པ་དང་། མཚམས་སྦྱར་བ་ལས། དང་པོ་ནི། མི་བརྗེད་གཟུངས་ཐོབ་ནཱ་རོ་པས། །བཅུ་གཉིས་བར་དུ་ང་བསྟེན་བྱས། །ང་ཡི་རྟོགས་པ་ཁོ་ལ་ཡོད། །ཕྱི་རབས་སེམས་ཅན་དོན་གཉེར་རྣམས། །རྟོགས་པར་འདོད་ན་ཁོ་ལ་ཐུག །འདི་ནི་སློབ་དཔོན་ཏིལླི་པས་ནཱ་རོ་པ་ལ། ཇི་ལྟར་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སྐྱེ་བ་བརྒྱུད་མར་གཞན་གྱི་དོན་བྱེད་པར་བྱིན་གྱིས་བརླབས་པ་ལྟ་བུའོ་ཞེས་ཤེས་པར་བྱེད་པའོ། །དེ་ལྟ་བུའི་སློབ་དཔོན་དེ་ལ་དེ་ལྟར་བྱིན་གྱིས་རློབ་པའི་མཐུ་ཡོད་དམ་ཞེ་ན། ཡོད་དེ། ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །སྤྲུལ་པ་བརྒྱ་ཕྲག་བརྒྱ་ཡང་བསྟན། །ཙཱརྻ་ཀླུ་སྒྲུབ་ལྭ་བ་པ། །སངས་རྒྱས་དང་ཡང་ངས་གཏམ་བྱས། །སློབ་དཔོན་ཉིད་ཀྱིས་དེ་ལྟར་ཞལ་གྱིས་བཞེས་པ་ནི་ཁེངས་པ་སྐྱུང་བ་སྟེ། དོན་ལ་བཅོམ་ལྡན་འདས་ཉིད་དུ་གྲགས་པས་སོ། གཉིས་པ་ནི། བཅའ་བ་ལུས་ཀྱི་འཁྲུལ་འཁོར་དང་། །སྲོག་རྩོལ་རླུང་གི་བྱེད་པ་དང་། །དམིགས་པ་ཡིད་ཀྱི་ཏིང་ངེ་འཛིན་གསུམ། །རྣལ་འབྱོར་པ་ཡིས་གཟུང་བར་བྱ། །དམིགས་པ་རླུང་འཁྲུལ་འཁོར་གསུམ་ཕྲུགས་སུ་གྱུར་ནས་འདོན་པ་ཤས་ཆེ་བས་དེ་སྐད་དུ་གསུངས་སོ།། །། གཉིས་པ་ལ། མདོར་བསྟན། རྒྱས་པར་བཤད་པ་ལས། དང་པོ་ནི། རྟོགས་ལྡན་རྣམས་ནི་ལྟ་བས་ཏེ། །དམིགས་པ་རྣོན་པོ་སྒོམ་པ་ཡིན། །རྩོལ་བསྒྲུབ་དྲག་པོའི་འཁྲུལ་འཁོར་གྱིས། །སྦྱོར་བ་འཇོམས་པར་བྱེད་པ་ཡིན། །འོ་ན་ཐམས་ཅད་ལ་གསུམ་ཕྲུགས་སུ་དགོས་སམ་ཞེ་ན་མི་དགོས་ཏེ། དབང་པོ་རྣོན་པོ་འདུས་པ་གསུམ་པ་མཐར་ཕྱིན་པ་དེ་ལ་ལྟ་བས་ཆོག །འབྲིང་འདུས་པ་གཉིས་པ་ལ་གནས་པ་དེ་ལ་སྒོམ་པས། །དབང་པོ་ཐ་མ་ཚོགས་ཀྱི་ས་ལ་བཞུགས་པ་ཙམ་ལ་གསུམ་ཀ་དགོས་ཞེས་རྣམ་པར་ཕྱེ་སྟེ་བཤད་དོ། །གཉིས་པ་ལ། དང་པོར་རྟོག་པ་ངོས་གཟུང་། བར་དུ་བདག་འཛིན་བློས་བཏང་། ཐ་མ་རེ་དོགས་ཀྱི་འཕྲང་བསལ་བ་ལས། དང་པོ་ལ། ཅི་དགུ་རྟོག་པར་ཐག་བཅད། རྟོག་པའི་རང་བཞིན་ཆོས་སྐུར་བསྟན། ཆོས་སྐུའི་ངང་ནས་འཁོར་འདས་འབྱུང་བའི་དཔེ་བསྟན། འཁོར་བའི་སྡུག་བསྔལ་ཉམས་སུ་བླང་བའོ། །དང་པོ་ནི། ནད་དང་གདོན་གྱི་བར་ཆད་ཀྱང་། །བསྡུ་ན་རྣམ་པར་རྟོག་པར་འདུས། ནད་གདོན་ཐམས་ཅད་མི་བདེན་པ་ཞིག་ལ་རྟོག་པས་ཞེན་ཞུགས་བྱས་པས། ན་ནའང་རྟོག་པ་དེ་ཉིད་ན། །གནོད་ནའང་རྟོག་པ་དེ་ཉིད་གནོད། །འཆི་ནའང་རྟོག་པ་དེ་ཉིད་འཆི། །སྐྱེ་ནའང་རྟོག་པ་དེ་ཉིད་སྐྱེ། །ཐམས་ཅད་རྣམ་པར་རྟོག་པ་སྟེ། །ནད་གདོན་སྐྱེ་འཆི་ཐམས་ཅད་བདེན་པ་ལྟར་དུ་ཐོབ་བོ། །གཉིས་པ་ནི། སེམས་ལ་ཅི་ཡང་ཡོད་མ་ཡིན། །ཇི་ལྟར་རྟོག་པས་ཐོབ་པ་དེ་ལྟར་སེམས་ཀྱི་ངོ་བོའི་གཤིས་སམ་གདངས་མ་བཅོས་པ་ལ་ཡོད་པ་མིན་པས། འདི་དག་གི་རང་བཞིན་དག་པའོ། །རྟོག་པའི་གཞི་རྩ་ཆོད་གྱུར་ན། །ནད་གདོན་འབྱུང་བར་མི་འགྱུར་རོ། །རྟོག་པར་བཞག་པ་ལ་བཞག་པ་ལྟར་མ་གྲུབ་པར་སོ་སོ་རང་རིག་གིས་མཐོང་ན་རྟོག་པའི་རང་བཞིན་ཤེས་པ་ཞེས་བྱ་ལ། དེ་ནས་སྣང་བ་ཆོས་སྐུའི་རྒྱ་ཡན་ཞེས་བྱ་བ་དེ་འབྱུང་ངོ་། གསུམ་པ་ནི། སངས་རྒྱས་ཆེ་བའི་ཡོན་ཏན་དང་། །འཁོར་བ་སྡུག་བསྔལ་རང་བཞིན་གཉིས། །རྟོག་པའི་ངོ་བོར་གཅིག་པ་སྟེ། །དཔེར་ན་ནམ་མཁའི་སྤྲིན་བཞིན་ནོ། །དྲི་མ་མེད་པའི་གནས་སྐབས་ཡོན་ཏན་གྱིས་བརྒྱན་པ་དང་། དྲི་མ་དང་བཅས་པའི་གནས་སྐབས་སུ་སྐྱོན་གྱི་ཕུང་པོར་སྣང་བ་གཉིས་ཀའང་ནམ་མཁའ་སྤྲིན་མེད་དང་སྤྲིན་བཅས་བཞིན་རྟོག་ངོར་ཡིན་ཏེ། དོན་ལ་རང་བཞིན་དེ་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མ་གྱུར་ན། དྲི་མ་དང་བཅས་མ་བཅས་སུ་གཞོག་སུས་ནུས། རི་བོང་གི་རྭའི་རྣོ་ངར་ལྟ་བུའོ། །བཞི་པ་ལ། ན་ཚ་བྱུང་ན་ཕྱིའི་རྐྱེན་ལ་མི་ལྟོས་པར་བསྟན། ནད་འདོན་གྱི་རྩ་བ་བླ་མའི་མོས་གུས་སུ་བསྟན། གདམ་ངག་ལ་ཡིད་ཆེས་པས་ལྟེམ་ཀྱང་མེད་པར་ཉམས་སུ་བླང་བར་བསྟན་པའི། དང་པོ་ནི། ཡོན་ཏན་ཉིད་ཀྱང་ཡལ་གྱུར་ན། །སྡུག་བསྔལ་རྟོག་པ་སུ་ཞིག་ལེན། །ཡོན་ཏན་ཏེ་གཉེན་པོ་རྣམ་པར་བྱང་བ་རྣམས་ཀྱང་སྒྱུ་མ་ལྟ་བུར་མི་བདེན་པར་ཡལ་བ་ལ། སྤང་བྱ་སྡུག་བསྔལ་གྱིས་བསྡུས་པ་འཁོར་བའི་ཆོས་ཐམས་ཅད་ལ་བདེན་པར་སུ་ཞིག་ལྟ་ཞེས་བརྟགས་ནས། དེ་བས་རང་བཞིན་ཤེས་པ་ཡིས། །བླང་དོར་མེད་པར་སྤྱད་པར་བྱ། །དེ་བས་འགའ་ཞིག་ནི་སྤང་ལ་འགའ་ཞིག་ནི་བསྒྲུབ་པར་བྱར་ཅི་ཞིག་ཡོད་དེ་མེད་པས་མཉམ་པ་ཉིད་དུ་སྤྱད་པར་བྱའོ། །དེ་བས་ན། ནད་ལ་སྨན་པ་མི་འགུགས་ཤིང་། །གདོན་ལ་རིམ་གྲོ་མི་བྱ་སྟེ། །གཞན་གྱིས་ཕན་པའི་སེམས་སྤངས་ལ། །འཇིག་རྟེན་མི་དང་བློ་མི་བསྟུན། །འཇིག་རྟེན་དངོས་པོ་ཡང་དག་པ་ཉིད་དུ་རྟོག་པ་དང་བློ་མི་བསྟུན་ཏེ་ནད་རྨི་ལམ་གྱི་སྣང་བ་ཙམ་དུ་ལམ་དུ་ཁྱེར་བའོ། །གཉིས་པ་ནི། རྒྱུན་ཆད་མེད་པར་གསོལ་བ་གདབ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་བླ་མ་ཕྱིར་མ་ལུས་རང་སེམས་ནང་དུ་མ་ལུས་པས་གཉིས་སུ་མེད་པར་ངེས་པའི་གསོལ་བ་བཏབ་བོ། འདི་ནི་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །གསུམ་པ་ནི། སྟེམས་རྐྱང་མེད་པར་ཉམས་སུ་བླང་། སྟེང་ཤོད་མེད་པར་རོ། །ཁུ་འཁྲིག་མེད་པར་བརྟན་པའི་བློས། །ཕན་ནམ་མི་ཕན་ནམ་སྙམ་པ་ཁུ་འཁྲིག་སྟེ་དེ་མེད་པའོ། །རེ་དོགས་ཐག་པ་གཅད་པར་བྱ། །ཕན་དུ་མི་རེ། མི་ཕན་དོགས་མི་བྱའོ། །གཉིས་པ་བར་དུ་བདག་འཛིན་བློས་གཏང་བ་ལ། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ངོས་བཟུང་། དེ་གཉེན་པོས་ཉམ་སུ་བླང་བའོ། །དང་པོ་ནི། ཀུན་གྱི་རྩ་བ་འཛིན་པ་སྟེ། །གང་ལ་ཞེན་པ་ཡོད་ན་དེ་ནི་འཆིང་བར་འགྱུར་བ་ཆོས་ཉིད་ཡིན་པས་འཛིན་པའམ་ཞེན་པ་བྱ་བ་དེ་འདུས་བྱས་སམ་འདུས་མ་བྱས་པའི་འཁོར་བ་ཐམས་ཅད་ཀྱི་རྩ་བའོ།། །། གཉིས་པ་ལ། གནས་ལུགས་ཉམས་སུ་བླང་བ་དང་། །རྟོག་ཆོས་ཉམས་སུ་བླང་བའོ། །དང་པོ་ལ། ལྟ་བ་གཏན་ལ་ཕབ། སྒོམ་པས་ལུས་སེམས་ཕྲལ་ལ་གཞག །དེའི་འབྲས་བུ་རང་སར་གྲོལ་བ། ལྟ་སྒོམ་གཅིག་ཏུ་དྲིལ་ནས་སྤྲོས་བཅས་ཀྱི་སྤྱོད་བ་བྱ་བར་བསྟན་པའོ། །དང་པོ་ནི། འཛིན་པ་མེད་ན་ས་རྡོ་དང་། །ནམ་མཁའ་ལྟ་བུ་གནས་པ་ལ། །ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་མི་དགག་ལ། མཐར་ཐུག་ཅི་ལའང་མི་གནས་པས་ནམ་མཁའ་ལྟ་བུར་ཤེས་པར་བྱའོ། །གཉིས་པ་ནི། ན་བ་གང་ཡིན་བདེ་བ་གང་། །གང་ཡང་ཡིད་ལ་མི་བྱ་བར། །ལམ་ཁར་བོར་བའི་རོ་བཞིན་དུ། །ལུས་ཀྱི་བདག་འཛིན་བོར་བྱས་ལ། །འཛིན་མེད་ནམ་མཁའི་ངང་ལ་གཞག །སེམས་ཀྱིས་སེམས་ལ་མི་ལྟ་བར་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་རང་ལུགས་གཞག་པའོ། །དེ་ཉིད་བདག་འཛིན་བློས་གཏོང་བ་ཡིན་ལ། གཞན་བདག་འཁོར་བར་བསྐྱུར་མཁན་བདག་འཛིན་དུ་འདུག་ལ། དེ་སྤང་དགོས་སྙམ་ཞེ་གནག་བརྣག་པས་དེ་བློས་ཐོངས་པར་མི་འདུག་གོ །གསུམ་པ་ནི། དེ་ལྟར་བདག་འཛིན་བོར་བྱས་པས། །རྟོག་པ་མཁའ་ལྟར་དག་གྱུར་ཏེ། ནད་དང་ནད་པ་གདོན་དང་གསུམ། །ནམ་མཁའ་ལྟ་བུར་བྱིན་ལོབས་ན། །རང་སར་གྲོལ་བ་ཐེ་ཚོམ་མེད། །དེ་ལྟར་བཞག་པས་རྩ་དྭངས། རྩ་དྭངས་པས་རླུང་དྭངས། རླུང་དྭངས་པས་བྱང་ཆུབ་ཀྱི་སེམས་དྭངས། བྱང་སེམས་དྭངས་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ངང་གིས་གསལ་ཏེ། །དེའི་ངང་དུ་རྩ་ཟུག་རླུང་ཟུག་ཐིག་ལེའི་ཟུག་སོགས་ནད་དང་ནད་པ་གདོན་ཐམས་ཅད་རང་ཞི་རང་དག་ཏུ་འགྲོ་བ་ནི་འབྲས་བུའོ། །བཞི་པ་ནི། རེས་འགའ་ནམ་མཁའ་འཇའ་ཚོན་འདྲ། །གཟུགས་སྐུའི་རང་བཞིན་ཤེས་བྱ་ལ། །ཐོགས་མེད་རྡོ་རྗེ་ལྟ་བུའི་སྐུ། །མཁའ་དང་མཉམ་པའི་ཞིང་ཁམས་དགང་། །དེ་ལྟར་བདག་བྱིན་གྱིས་རློབས་ན། སྟོང་པ་ཉིད་དེའི་ངང་དུ་སྒྱུ་མའི་དཔེ་བཅུ་དྲུག་གམ་བཅུ་གཉིས་ཀྱིས་མཚོན་པའི་ལྷའི་སྐུ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པ་དེ་ཤར་དུ་བཅུག་ལ། དེའི་དབྱིངས་སུ་རིག་བྱ་རིག་བྱེད་གཉིས་མེད་དུ་རོ་མཉམ་ཞིང་། འདི་ལ་གོམས་ནས་བདག་གི་ལུས་དང་སྟོང་གཟུགས་དེ་བསྲེ་ཞིང་ལུས་ཀྱང་འཇའ་ཚོན་འདྲ་བ་དེར་སོང་ན་ཕྱིའི་སྣང་བ་ཐམས་ཅད་ཀྱི་ཚུགས་མི་ཐུབ་པར་སྦྱངས་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དུ་འབྱམས་སླའོ། །མཁའ་ལ་གྲགས་པའི་བྲག་ཆ་ལྟར། །སྒྲ་ཡི་རང་བཞིན་ཤེས་བྱ་ལ། གསང་སྔགས་རྡོ་རྗེའི་འབྲུག་སྒྲ་དང་། །འོད་ཀྱི་ནམ་མཁའ་དགང་བར་བྱ། །དེ་ཙ་ན་ཕྱི་ནང་གི་རླུང་ཐམས་ཅད་སྲོག་གི་གཟུགས་སུ་གྲུབ་པས་སྒྲ་ཐམས་ཅད་བརྗོད་དུ་མེད་ལ་བརྗོད་པ་ཐམས་ཅད་ཀྱི་རྒྱུར་སོང་བའི་ཕྱིར་དང་། །རྣལ་འབྱོར་པའི་ལུས་ཀྱང་ཉི་མ་འཇས་བསྐོར་རང་བཞིན་འོད་ཟེར་ལྔའི་ཁྱིམ་དུ་ཚུད་པ་གསལ་སྟོང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དུ་སེངྒེ་རྣམ་པར་རྩེ་བ་སྟོན་ནོ། །རྟོགས་པ་ལྟ་བའི་གདེངས་ཚད་དང་། །བསྐྱེད་རིམ་ལྷ་ཡི་ང་རྒྱལ་དང་། །བརྗོད་པ་སྔགས་ཀྱི་ནུས་པ་ཡིས། །རིག་པའི་བརཏལ་ཞུགས་སྐྱེད་པར་བྱེད། །གཤིས་གཉིས་སུ་མེད་པའི་ཡེ་ཤེས་ནི་རྫོགས་རིམ་གདངས་འགག་པ་མེད་པའི་འཆར་སྒོའི་སྣང་བ་ནི་བསྐྱེད་རིམ་གྱི་ལྷ། གྲགས་པ་ནི་སྔགས་ཀྱི་སྒྲ་དེ་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའི་ཉམས་མྱོང་དུ་རོ་གཅིག་པ་རིག་པའི་བརཏལ་ཞུགས་ཞེས་བྱ་སྟེ། བདེ་སྟོང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཡུལ་དུ་བདུད་བཞིའི་དཔུང་རྨིག་མེད་དུ་འཇོམས་སོ། །གཉིས་པ་རྟོག་ཆོས་ཉམས་སུ་བླང་བ་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནད་ཡང་དང་ཡང་དུ་སྟོང་པ་ཉིད་དུ་ལྟ་བ། ནད་གདོན་གྱི་གཉེན་པོར་རྟོག་པ་གློ་བུར་བས་ཐོག་བརྫིས་བཏང་བ། དོན་བསྡུས་ཏེ་ཉམས་སུ་བླང་བ་ལས། དང་པོ་ནི། ནད་དང་གདོན་གྱི་དངོས་པོ་དེ། །གང་ལས་བྱུང་ཞིང་གང་ལ་འདོན། །གང་དུ་འགྲོ་བ་བལྟ་བྱས་ལ། །མ་རྙེད་པ་དང་ངང་ལ་བཞག །ཡང་ཅིག་ལྡང་བར་བཟོ་བ་དང་། །ད་དུང་གཞི་རྩ་གཅད་པར་བྱ། །སྔར་མ་རྙེད་པའི་ནད་དང་གདོན། །ཕྱིས་ནས་འབྱུང་བར་ག་ལ་འགྱུར། །ན་བའམ་གདོན་གདོན་ན་ནད་དམ་གདོན་དེ་རྒྱུ་གང་ལ་སྐྱེས། །གར་གནས། གར་འགག་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མཚན་མ་མེད་པའི་ཞི་གནས་ཀྱི་ཀློང་དུ་བརྟགས་པས་ནད་དང་གདོན་གྱི་དངོས་པོ་མ་རྙེད་ལ། དངོས་པོ་མེད་པར་དངོས་མེད་འཇོག་མི་ཤེས་པས་ཉེ་བར་ཞི་བར་འགྱུར་ལ། དེ་ཀའི་ངང་དུ་འབོལ་ལེ་ཤིག་གེ་གཞག་གོ །གལ་ཏེ་ནད་ལྡང་བར་བཟོན་ན་བའི་མཁན་པོ་རྩད་དཔྱད་པས་སྔར་བཞིན་དུ་བྱའོ། །གྲུབ་ཆེན་གླིང་གིས། ན་ཚ་སེམས་ཀྱི་མེ་ལོང་ཡིན། །ན་མཁན་འདུག་གམ་མི་འདུག་ལྟོས། །ཇི་སྲིད་སེམས་ལ་གནོད་ཀྱི་བར། །ད་དུང་ན་མཁན་གྱི་རིག་པ་ཚོལ། །ཞེས་སོ། །གཉིས་པ་ནི། དེས་ཀྱང་མ་བདེ་ལྡང་གྱུར་ན། །བཟློག་པ་སྨན་དུ་བཏང་བར་བྱ། །དེ་ལྟ་བུར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནད་གཞི་མེད་དུ་རྩལ་མ་སྦྱོངས་ན། བཟློག་སྒོམ་གྱི་གནད་ལ་འབོར་ཏེ། ཇི་ལྟར་རླུང་ནད་ལྡན་པ་ལ། །སྲན་མའི་བཟའ་བ་སྦྱིན་པར་བྱ། །རླུང་གིས་རླུང་ནི་འཇོམས་པར་བྱེད། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ལ་བདུག་པར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་དེ་ཉིད་ཀྱིས་དབྱུང་བར་བྱ། །འདོད་ཆགས་ཉིད་ཀྱིས་གདུངས་པ་ལ། །འདོད་ཆགས་ཉིད་ཀྱིས་དབྱུང་བར་བྱ། །བཟློག་པ་སྨན་དུ་ཤེས་པར་བྱ། །བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །སངས་རྒྱས་པའི་ལམ་གཞན་དང་གཞན་དུ། །རྣམ་རྟོག་དགག །མི་རྟོག་པ་སྒྲུབ་བྱར་འདོད། ཉོན་མོངས་ལ་སྤང་བྱ། སྤོང་གཉེན་སོགས་གཉེན་པོ་རྣམ་པ་བཞི་བླང་བྱར་འདོད། འདྲེ་འདུལ། ལྷ་བསྟེན་པར་འདོད། སྡུག་བསྔལ་བསལ། བྱང་སེམས་ཚོལ་བར་འདོད། ནད་སྐྱོན། ནད་མེད་པ་ཡོན་ཏན་དུ་འདོད། འཁོར་བ་བསྐྱུར། མྱང་འདས་ནི་ཐོབ་པར་འདོད། མདོར་ན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་སུ་བཏགས་ནས་མཐུན་ཕྱོགས་ལ་འོང་དུ་རེ། མི་མཐུན་ཕྱོགས་བྱུང་གི་དགོས་པས་སྡུག་བསྔལ་ལས་མ་འདས། འདིར་གཞན་སྤང་བྱར་བྱེད་པ་ཐམས་ཅད་བསྒྲུབ་བྱར་བྱེད་པས། ངོ་བོ་ཆོས་བརྒྱད་མཉམ་པ་ཉིད་དུ་མགོ་སྙོམས་པ་ཡིན་ནོ། །དེའང་མི་རྟོག་པ་བསྒྲུབ་མ་དགོས་ཏེ། རྣམ་རྟོག་ངོས་ཟིན་པས་མི་རྟོག་པ་རང་འབྱུང་བའི་ཕྱིར་དང་། ཉོན་མོངས་སྤང་མ་དགོས་ཏེ་དེར་ཞེན་གྱིས་མ་བསྙད་པས་ཐབས་སུ་འགྱུར་བས་དང་། འདྲེ་འདུལ་མ་དགོས་ཏེ་ཆོས་སྐྱོང་དུ་ཞལ་སྒྱུར་བས་དང་། སྡུག་བསྔལ་བསལ་མ་དགོས་ཏེ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུར་འགྱུར་བས་དང་། ནད་སྐྱོན་དུ་མི་བལྟ་སྟེ་སྒྲིབ་སྦྱོང་གི་ཐབས་མཆོག་ཏུ་འཆར་བ་དང་། འཁོར་བ་མི་སྤང་སྟེ་འཆི་རྒྱུ་ཟད་པས་སོ། །མདོར་ན་ཚད་པ་ལ་དྲོད་བཏང་། གྲང་བ་ལ་བསིལ་བཏང་། ལྷ་འདྲེ་ལ་ལྷ་འདྲེ་བཏང་། མི་གཙང་བ་ལ་ཉམས་གྲིབ་བཏང་། སྐྱུག་བྲོ་བ་ལ་ཞེ་ལོག་པ་བཏང་། ཉམ་ང་བ་ལ་བག་ཚ་བ་བཏང་། འཇིགས་པ་ལ་སྐྲག་པ་བཏང་། རེ་བ་ལ་དོགས་པ་བཏང་། མགོ་བོ་མེད་པ་ལ་མཇུག་མེད་བཏང་། བཏད་པ་དུས་མེད་དུ་བཏང་། མཐའ་མེད་ལ་རླུང་ཁྱེར་བཏང་། བསོད་ནམས་ལ་ལར་ཟད་བཏང་། བཟློག་ཐབས་མ་ནོར་བར་བྱའོ།། །། གསུམ་པ་ལ། །ནད་འདོན་པའི་སྔོན་དུ་བླ་མ་ལ་གསོལ་བ་འདེབས་དགོས་པར་བསྟན། བླ་མས་ཅི་གསུང་ཚད་མར་འཛིན་པ། གནས་ལུགས་ངོ་སྤྲད་པ། ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་གཞན་གྱི་སྡུག་བསྔལ་དང་དུ་བླང་བའོ། །དང་པོ་ནི། དེ་ལྟར་སྟོན་པའི་བླ་མ་ལ། །དད་གུས་བསྐྱེད་ཅིང་གསོལ་བ་བཏབ། ཡོན་ཏན་ཐམས་ཅད་བླ་མ་ལ་གསོལ་བ་བཏབ་པ་ལས་འབྱུང་བས་གསོལ་བ་གདབ་པ་ལ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །གཉིས་པ་ནི། དེ་ལྟ་བུ་ཡི་གདམ་ངག་ལ། །ངེས་ཤེས་སྐྱེད་ཅིང་ཉམས་སུ་བླང་། །ཅི་མཛད་གཞན་དོན་དུ་གོ་བས་བླ་མ་སངས་རྒྱས་སུ་མཐོང་། གང་བསྟན་གདམ་ངག་ཏུ་གོ་ནས་ཅི་གསུང་ཚད་མར་ཤེས། སློབ་དཔོན་ཐུགས་ཡིད་འདྲེས་ནས་རང་ཉིད་ཚད་མར་གྱུར་པ་སྟེ། ཚད་མ་གསུམ་གྱིས་ཉམས་སུ་བླང་བར་བྱའོ། །གསུམ་པ་ལ། ནད་གློ་བུར་བར་ངོ་སྦྲད་པ། སྒྱུ་ལུས་ངོ་སྤྲད་པ། རྣམ་རྟོག་རྩ་ཆད་དུ་ངོ་སྤྲད་པ། སེམས་ཆོས་སྐུར་ངོ་སྤྲད་པའོ། །དང་པོ་ནི། གློ་བུར་བ་ཡི་ནད་གཞི་ལ། །རྟག་མཛིན་མ་བྱེད་བོར་ལ་ཞོག །ནད་གློ་བུར་བ་སྟེ་མི་རྟག་པ་ཡིན་ནོ། །རྟག་པར་མ་འཛིན། དེ་ཀར་གློད་ལ་གཞག་གོ །དེས་གྲོལ་བར་འགྱུར་རོ། །གཉིས་པ་ནི། སྙིང་པོ་མེད་པའི་སྒྱུ་ལུས་ལ། །གཅེས་པར་མ་གཟུང་བློ་ཡིས་ཐོང་། །སྒྱུ་ལུས་ཆུ་ཤིང་ལྟ་བུར་དཔྱད་ན་སྙིང་པོ་ཡིད་ཁར་འོང་བ་མེད་དོ། །གཙང་བར་མི་འཛིན། གཅེས་གཅེས་བོར་ལ་གཞག་གོ །གསུམ་པ་ནི། གཞི་རྩ་མེད་པའི་རྣམ་རྟོག་ལ། །དགག་གྲུབ་མ་བྱེད་ཡལ་དུ་ཆུག །བདག་གམ་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་གཞི་མེད་རྩ་བྲལ་ཡིན་ནོ། །བདག་དང་བདག་གིར་མི་གཟུང་། དགག་སྒྲུབ་མི་བྱེད་པར་འཇོག་གོ །བཞི་པ་ནི། སྤྲོས་དང་བྲལ་བའི་སེམས་ཉིད་ལ། །ཕན་གནོད་མེད་ཀྱིས་བློ་བདེར་སྡོད། །ཆོས་ཐམས་ཅད་སེམས་སྣང་ཡིན་ལ། སེམས་རང་བཞིན་གྱིས་མ་གྲུབ་པས། །བདེན་འཛིན་བཤིག་ལ་གཞག་གོ །བཞི་པ་ནི། བདག་གི་ཞེ་འདོད་བསྒྲུབ་བྱ་ལ། །སྐད་ཅིག་ཙམ་ཡང་མི་བསམ་པར། །ཇི་ལྟར་བྱས་ལ་སེམས་ཅན་གྱི། །སྡུག་བསྔལ་ཞི་འགྱུར་སྙམ་དུ་བསམ། དེ་ལྟར་ལྟ་བསྒོམ་སྤྱོད་པ་ཅི་ཉམས་སུ་བསྟར་ཡང་རང་དོན་ཡིད་བྱེད་ཀྱི་བསམས་པས་མ་བསླད་པར་གཞན་སྡུག་བསྔལ་ལས་འདོན་པའི་དོན་འབའ་ཞིག་བསམ་པས་སྤྱད་ཅིང་བསྔོ་བར་བྱའོ། །གསུམ་པ་ཐ་མ་རེ་དོགས་ཀྱི་འཕྲང་བསལ་བ་ལ། ནད་གདོན་ངོས་འཛིན། ནད་ལ་མེ་བཙའ་བཏབ་པ། དུག་བདུད་རྩིར་ངོ་སྤྲོད། ལྷ་འདྲེར་མི་གཟུང་བའོ། །དང་པོ་ནི། གལ་ཏེ་སོས་སུ་རེ་བ་དང་། །ན་ཡི་དོགས་པ་བྱུང་གྱུར་ན། །ནད་གདོན་ངོས་ནི་ཟིན་པ་སྟེ། །ནད་ཀྱང་དེ་ཡིན་འདོན་ཡང་དེ། །ནད་སོས་སུ་རེ། ན་ཡི་དོགས་པ་སྟེ། རེ་དོགས་གཉིས་པོ་འདི་ཁ་ནད། འདི་ཁ་གདོན་ཡིན། འདི་ལས་གཞན་དུ་དེ་གཉིས་མ་གྲུབ་ཅེས་པའོ། །གཉིས་པ་ནི། དེ་ཉིད་ཐོག་བབས་ཚུལ་དུ་བཞག །དེ་ཀ་ངོས་བཟུང་ནས་དེ་རང་གི་སྟེང་དུ་བཅས་བཅོས་མེད་པར་གཞག་པའོ། །གསུམ་པ་ནི། རྣམ་རྟོག་ཆོས་སྐུའི་སྤྲུལ་པ་སྟེ། །ན་བ་ཆོས་སྐུའི་འཕྲིན་ལས་ཡིན། །རྣམ་པར་རྟོག་པ་ཐམས་ཅད་ཆོས་སྐུའི་ཐུགས་རྗེའི་རྩལ་ཡིན་ཞེས་པའོ། །རྣམ་རྟོག་དབྱིངས་སུ་ཡལ་བ་ལ། །འཆི་བ་ཞེས་སུ་བཏགས་པ་ཡིན། །རྣམ་པར་རྟོག་པ་དབྱིངས་སུ་ཡལ་བ་ལ་འཆི་བ་ཞེས་བཏགས་ཏེ། །རྣམ་རྟོག་ཟད་པ་ན་འཁོར་བ་ཐམས་ཅད་ཤི་བ་ཞེས་པའི་དོན་ནོ། །དེ་ཉིད་གསལ་བའི་སྒྲོན་མེ་སྟེ། །དེ་ཉིད་དྲིན་ཅན་བླ་མ་ཡིན། དེ་བས་ན་རྐྱེན་དེ་ཉིད་དགེ་སྦྱོར་གསལ་འདེབས་པའི་སྒྲོན་མེ། །གདམ་ངག་སྟོན་པའི་བླ་མ། དངོས་གྲུབ་སྟེར་བའི་ཡི་དམ། བྱིན་གྱིས་རློབ་པའི་མཁའ་འགྲོ། བར་ཆད་སེལ་བའི་ཆོས་སྐྱོང་ཡིན་ཞེས་པའོ། །བཞི་པ་ནི། གཉེན་པོ་དགག་ཅིང་སྤང་བའི་བློ། །སྐད་ཅིག་ཙམ་ཡང་བསྐྱེད་མི་བྱ། །འདིའི་དམ་ཚིག་ཏུ། གཉེན་པོས་སྤང་བྱ་མི་སྤོང་བ་སྟེ། རང་བཞིན་ཤེས་པར་བྱའོ། །གཉིས་པ་འབྲིང་དམིགས་པས་འདོན་པ་ལ། གཉེན་པོ་མཁའ་འགྲོ་སྡེ་བཞི། དམིགས་པ་ཆོས་ཉིད་སྐོར་གསུམ། གེགས་སེལ་གཅེས་པའི་མན་ངག །ནད་འདོན་དམིགས་པའི་རྣམ་གྲངས། གཏུམ་མོ་ཉི་ཟླ་དྲུག་སྐོར། རོ་སྙོམས་བླ་མའི་རྣལ་འབྱོར། འཇིགས་པ་མེད་པའི་གདེང་ཚད་ལས། དང་པོ་ལ། ཆ་སྙོམས་སུ་བཤད་པ། ནད་འདོན་དུ་བཤད་པ། གེགས་སེལ་དུ་བཤད་པ། རོ་སྙོམས་སུ་བཤད་པ་ལས། དང་པོ་ནི། ངད་ཅན་གྲང་བའི་ཡུལ། སྐམ་པ་ཚད་གདུངས་ཆེ་བ་མཁྲིས་པ། རླན་ཅན་སྣུམ་བད་ཀན་གྱི་ཡུལ། འདུས་པ་ནི་འདྲེས་པ། རྒས་པ་རླུང་། དར་མ་མཁྲིས་པ། བྱིས་པ་བད་ཀན། གཞོན་ནུ་འདུས་པ། རླུང་ཆེན་དབྱིབས་དགུར། ཤ་སྐེམ། མདོག་སྔོ། སྨྲ་བ་མང་། གྲང་ལྷགས་མི་བཟོད། སྒྲ་དང་བཅས་ཏེ་འགྲོ། ནོར་ཆུང་། ཚེ་ཐུང་། གཉིད་སྲབ། ལུས་པོ་ཆུང་། དམུ་རྒོད། འཐབ་མོ་ཟླ་ལ་དགའ། མདར་སྐྱུར་ལན་ཚྭའི་རོར་སྲེད། མཁྲིས་ཤས་ཅན་སྐོམ་དད་དང་བཀྲེས་ཤས་ཆེ། སྐྲ་ལུས་སེར། བློ་རྣོ། ང་རྒྱལ། རྔུལ་ཆེ། དྲི་ང་། ནོར་ལུས་འབྲིང་། མངར་ཁ་བསྐ་བའི་ཟས་ལ་སྲེད། བད་ཀན་ཅན་རང་བཞིན་གྱི་ལུས་གསལ། རུས་ཚིགས་མི་མངོན། ཤ་རྒྱས། ཁ་དོག་དམར། དབྱིབས་དགྱེ། བཀྲེས་པ་དང་སྐོམ་དད་ཆུང་། ཐན་པ་བཟོད། ལུས་ཆེ། ཚེ་རིང་། ནོར་དང་། གཉིད་དང་། ཞེ་སྡང་ཆེ། ངང་རིང་། རང་རྒྱུད་བཟུང་། ཚ་སྐྱུར་ལྒ་རྩུབ་ཟས་ལ་སྲེད། ལྡན་པའམ་འདུས་པ་ཅན་ནི་དེ་དག་འདྲེས་མའོ། །རླུང་ནད་དབྱར་དུས་དགོང་དང་ཐོ་རངས། མཁྲིས་པ་སྟོན་དུས་ཉིན་གུང་མཚན་གུང་། བད་ཀན་དཔྱིད་དུས་སྲོད་དང་སྔ་གྲོ། ལྡན་འདུས་ཅན་ལ་སོ་སོའི་དུས་དེ་དང་དེ་ཀ་མ་ཐོ་བ་ཙམ་མོ། །ད་ནི་ཟས་དང་སྤྱོད་ལམ་གྱི་ཆ་མཉམ་པ་སྟོན་ཏེ། རླུང་ཅན་གྱི་ཟས་ནི། རྟ་བོང་ཕྱི་བ། ཤ་སྐམ། ཤ་ཆེན། འབྲུ་མར་ལོ་མར་རམ། བུ་རམ། སྒོག་སྐྱ། ཙོང་། འོ་མ་ཟན་ཆང་། བུར་ཆང་། ལྕ་བ་དང་ར་མཉེའི་ཆང་། རྒུན་འབྲུམ་གྱི་ཆང་ངོ་། །མཁྲིས་པ་ཅན་ལ་ཟས། བ་ཞོ། ར་ཞོ། དར་བ། མར་གསར། རི་དྭགས་ཤ། ར་ཤ། བཀོམ་ཤ་སྟེ་བ་ལང་གི་ཤ་གསར་པ། སྐྱབས་དང་ཁུར་མང་གི་ཚོད་མའོ། །སྐོམ་ཆབ་ཚ། ཆུ་བསིལ་པོ། །བསྐོལ་གྲངས་བྱས་པའོ། །བད་ཀན་ཅན་གྱི་ཟས། ལུག་གཡག་གཅན་གཟན་ཉའི་ཤ། སྦྲང་རྩི། སྐམ་སའི་འབྲུ་རྙིང་གི་ཟན་དྲོན། སྐོམ་འབྲིའི་ཞོ་དར། གར་ཆང་། ཆུ་བསྐོལ་ལོ། སྤྱོད་ལམ་ནི། རླུང་གི་མིས་དྲོ་སར་སྡོད་ཅིང་དྲོ་བར་བྱ། །ཡིད་འོང་གི་གྲོགས་བསྟེན། མཁྲིས་ཤས་ཅན་གྱི་བསིལ་སར་བསིལ་བར་བྱས་དལ་བའོ། །བད་ཀན་ཅན་གྱི་དྲོ་སར་དྲོ་བར་བྱ། རྩོལ་བས་བཅག་གོ །འདུས་པ་ལ་ཟས་སྤྱོད་ལམ་དེ་དག་ཆ་མཉམ་པའོ། །འོག་ནས་འབྱུང་བ་དག་གི་འབྱུང་བ་གང་ཤས་ཆེ་བ་དེ་དགྲ་དང་སྤྲད་ནས་མནན། ཆུང་ན་རང་གྲོགས་དང་སྦྱར་ཏེ་སྤར་བའོ། །གཉིས་པ་ནི། དམིགས་པས་འདོན་པ་འདི་ལྟ་སྟེ། ཆུ་ནི་མེ་ཡིས་བསྐམ་པར་བྱ། མེ་ནི་ཆུ་ཡིས་གསད་པར་བྱ། རླུང་ནི་ས་ཡིན་མནན་པར་བྱ། །ས་ནི་རླུང་གིས་གཏོར་བར་བྱ། སྙིང་ག་ཆུའི་གནས་གྱི་གྲུ་གསུམ་ནང་དུ་མེའི་ལྷ་མོ་གོས་དཀར་མོ་དམར་མོ་ཡེ་ཤེས་ཀྱི་མེའི་རང་བཞིན་གྲི་ཐོད་འཛིན་པ་གཅེར་བུ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ནུ་མ་དང་བྷ་ག་རྒྱས་པ། བདེ་བའི་ཉམས་ཀྱི་གར་སྟབས་ལིང་ངེ་བ་ཞིག་གསལ་བཏབ། འཇིག་རྟེན་ཁམས་ཀྱི་དྲོད་སྨན་ཐམས་ཅད་མཆོད་པར་ཕུལ་མཉེས། གྲང་བའི་ནད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། སྐུ་ལས་ལས་ཀྱི་མེའི་ཞུན་མ་ཟངས་ལུགས་སུ་རྒྱུག་ཁ་མ་ལྟ་བུ་ཚ་བ་ཆི་ལི་ལི་བབས། སྙིང་ག་ནས་རྐང་པའི་མཐིལ་གྱི་བར་དུ་སོང་། ཆུའི་ནུས་པ་ཐམས་ཅད་བསྐམས། གྲང་བའི་ནད་ཐམས་ཅད་བསྲེགས་ཏེ་སླར་ཁེངས་པ་སྤྱི་བོའི་བར་སྣོད་ལེགས་པར་གང་བ་ལྟ་བུར་བསམ་མོ། མགྲིན་པ་མེའི་གནས་གྱི་གྲུ་གསུམ་ནང་དུ་ཆུའི་ལྷ་མོ་མཱ་མ་ཀཱི་དཀར་མོ་ཡེ་ཤེས་ཀྱི་ཆུའི་རང་བཞིན་གྲི་ཐོད་འཛིན་པ་གཅེར་བུ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ནུ་མ་བྷ་ག་རྒྱས་པ། བདེ་བའི་ཉམས་ཀྱི་གར་སྟབས་ལིང་ངེ་བ་ཞིག་གསལ་བཏབ། བསིལ་སྨན་ཐམས་ཅད་ཕུལ་མཉེས། ཚད་པའི་ནད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་ལས་ལས་ཀྱི་ཆུའི་རྒྱུན་ག་བུར་གྱི་ཁུ་བ་ལྟ་བུ་བསིལ་བ་ཆི་ལི་ལི་བབས། མགྲིན་པ་ནས་རྐང་མཐིལ་གྱི་བར་སོང་བས་མེའི་ནུས་པ་ཐམས་ཅད་བསད། ཚད་པའི་ནད་ཐམས་ཅད་སྦྱངས་ཏེ་སླར་ཁེངས་པས་སྤྱི་བོ་ཁྱབ་པར་བསམ་མོ། །སྤྱི་བོ་རླུང་གི་གནས་སུ་སའི་ལྷ་མོ་སྤྱན་མ་སེར་མོ་ཡེ་ཤེས་ཀྱི་སའི་རང་བཞིན་གྲི་ཐོད་འཛིན་པ་གཅེར་བུ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་ནུ་མ་དང་བྷ་ག་རྒྱས་པ། བདེ་བའི་ཉམས་གྱི་གར་སྟབས་ལིང་ངེ་བ་ཞིག་གསལ་བཏབ། རླུང་སྨན་ཐམས་ཅད་ཕུལ་མཉེས། རླུང་གི་ནད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། སྐུ་ལས་ལས་ཀྱི་སའི་བཅུད་འབྲི་མར་གྱི་ཞུན་ལྟ་བུར་ལྕི་ཞིང་སྣུམ་པ་ཆི་ལི་ལི་བབས། སྤྱི་བོ་ནས་རྐང་མཐིལ་བར་དུ་སོང་། རླུང་གི་ནུས་པ་ཐམས་ཅད་མནན། རླུང་ནད་བསལ། ཁེངས་པར་བསམ་མོ། ལྟེ་བ་སའི་གནས་ཀྱི་གྲུ་གསུམ་ནང་དུ་རླུང་གི་ལྷ་མོ་སྒྲོན་མ་ལྗང་ཁུ་ཡེ་ཤེས་ཀྱི་རླུང་གི་རང་བཞིན་གྲི་ཐོད་འཛིན་པ་གཅེར་བུ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། །ནུ་མ་དང་བྷ་ག་རྒྱས་པ། བདེ་བའི་ཉམས་ཀྱིས་གར་སྟབས་ལིང་ངེ་བ་ཞིག་གསལ་བཏབ། བད་ཀན་གྱི་སྨན་ཐམས་ཅད་ཕུལ་མཉེས། བད་ཀན་གྱི་ནད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། སྐུ་ལས་ལས་ཀྱི་རླུང་གི་བཅུད་མརྒཏ་གྱི་མཚོ་འདྲ་བ་ཡང་ཞིང་གཡོ་བ་ཆི་ལི་ལི་བབས། ལྟེ་བ་ནས་རྐང་མཐིལ་ཚུན་སོང་། སའི་ནུས་པ་ཐམས་ཅད་གཏོར། བད་ཀན་ཞི་བར་བྱས་ཏེ། སྤྱི་བོའི་བར་དུ་ཁེངས་པར་བསམས་ཏེ། ཐམས་ཅད་ཀྱི་མཐར་སྟོང་པ་ཉིད་ལ་གཞག་གོ །གསུམ་པ་ནི། ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་གི་ཏིང་ངེ་འཛིན་སྒོམ་པ་སྟེ་གཞན་ནས་སོ། །བཞི་པ་ནི། ས་ལ་ལག་པའི་སྦྱོར་བ་ལྟ་བུའི་ལས་ཀྱི་ཕྱག་རྒྱས་བསྐུལ་བའི་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟ་བུ་དེ་རྣམ་པར་མི་རྟོག་པའི་ངང་དུ་སྦྱང་སྣང་བའི་ལྷན་ཅིག་སྐྱེས་པ་སྟོང་པས་རོ་མཉམ་པ་ཞེས་བྱ་བ་ཡིན་ནོ། །ཆུ་ལ་ཡིད་ཀྱི་རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱས་བསྐུལ་བའི་དགའ་བའི་བདེ་བ་ཁམས་གསུམ་གྱི་གཟུགས་སུ་སྤྲོས་པ་ནི་སྟོང་པའི་ལྷན་ཅིག་སྐྱེས་པ་སྣང་བས་རོ་མཉམ་པ་ཞེས་བྱའོ། །མེ་ལྷ་མཐའ་ཡས་པའི་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་འཁྱུད་པས་རང་རིག་པ་ཡེ་ཤེས་ཀྱི་སྣང་བའི་གཟུགས་ཙམ་དེའང་རྣམ་པ་མེད་པ་ཞི་བ་ཉིད་དུ་སྦྱང་བ་ནི་སྟོང་པའི་ལྷན་ཅིག་སྐྱེས་པ་བདེ་བས་རོ་མཉམ་པ་ཞེས་བྱའོ། །རླུང་ལ་དམ་ཚིག་གི་ཕྱག་རྒྱ་ལ་ཞུགས་པའི་འགྱུར་བ་ཐམས་ཅད་ཟད་པའི་སྙིང་རྗེ་སྟོང་པ་ཉིད་རིས་མེད་པར་ལྡང་བ་ནི་བདེ་བའི་ལྷན་ཅིག་སྐྱེས་པ་སྟོང་པས་རོ་མཉམ་པ་ཞེས་བྱའོ། །གཉིས་པ་ནི། སྟོད་ནད་ཐམས་ཅད། ཅེས་པ་ནི་ཚད་པའི་ནད་རིགས་རྣམས་སོ། གྱེན་ལ། ཞེས་པ་ནི་དམིགས་པས་གཏོད་པའི་ཡུལ་ཏེ། བཙུག་ཏོར་གྱི་རྩ་དབུ་མའི་སྣའི་རྩར། བླ་མའི་སྐུ་རྡོ་རྗེ་མེ་ལོང་གི་ནང་གི་གཟུགས་བརྙན་ལྟ་བུ་ལས་བདུད་རྩི་དཀར་སིལ་ཆི་ལི་ལི་འབབ་པ་ཞིག་བསམ་པའོ། །འདོན། ཞེས་པ་ནི་རང་གི་ལུས་རྐེད་པ་མན་རྦད་ཀྱི་ཆད་པར་བལྟས་ཏེ། བདུད་རྩི་དེས་ནད་གདོན་ཐམས་ཅད་དྲི་མའི་རྣམ་པར་ནག་ལྡུར་ལྡུར་འོག་ཏུ་ཐོན། མཐར་ལུས་ཇེ་ཕྲ་ཇེ་ཕྲར་འོད་དུ་གྱུར་ཏེ་ཡར་བར་ལྟའོ། །སྨད་ནད་ཐམས་ཅད། གྲང་བའི་ནད་ཐམས་ཅད་དོ། །ཐུར་ལ། དབུ་མའི་མས་གསང་བའི་སྣ་རྩེར་བླ་མའི་ཐུགས་ཡེ་ཤེས་ཀྱི་མེའི་ཐིག་ལེ་མཐིང་ཤུན་གྱིས་བྲིས་པ་ལྟ་བུ་ལས་མེ་འབར་བས་ལུས་ཀྱི་སྨད་ཐམས་ཅད་གང་བའོ། །བདའ། ཞེས་པ་དེ་ནས་ལུས་ཀྱི་ལྟེ་བ་ཡན་རྦད་ཀྱིས་བཅད་པའི་རྩ་སྦུབས་ནས་མེས་དེད་པས་ཡར་ནད་ཐམས་ཅད་དུད་པའི་རྣམ་པར་སྔོ་འཕྱུར་ཐོན། མཐར་ལུས་མེར་གྱུར་ནས་ཡལ་བར་བསམ་མོ། །བར་ནད་ཐམས་ཅད། བད་ཀན་གྱི་ནད་ཐམས་ཅད་དོ། །ཐད་ཀར། སྙིང་གའི་སྣ་རྩེར་དབུ་མའི་དཀྱིལ་དུ་བླ་མའི་གསུང་རྡོ་རྗེ་ཨཱཿཡིག་དམར་པོ་ལས་རླུང་གི་བདུད་རྩི་ལྗང་གུ་འཕྲོ་བའོ། །སང་། ཞེས་པ་ནི་རང་ལུས་ཀྱི་ཁོག་པ་ཐམས་ཅད་ལྕགས་ཀྱི་ཁྲོལ་མ་ལྟ་བུར་བསམས་ཏེ་ནད་ཐམས་ཅད་ཐལ་བ་བུས་པ་བཞིན་དུ་བུ་ག་རྣམས་ནས་ཚུབ་རིང་རིང་ཐོན། མཐར་རླུང་གི་རང་བཞིན་དུ་སོང་ནས་ཡལ་བར་བལྟའོ། །གསུམ་པ་ནི། ལོག་ནོན་རླུང་ལྔ་གནས་སུ་གཞུག །དང་པོར་སྲོག་འཛིན་པའི་རླུང་སྐྱོན་ཐམས་ཅད་ལ་སྙིང་གར་མི་ཤིགས་པའི་ཐིག་ལེ་འོད་ཟེར་ལྔ་པ་ལ་སྲོག་དང་རྣམ་པར་ཤེས་པ་བསྡུས་ཏེ་བུམ་པ་ཅན་བྱའོ། དེས་སེམས་བརྟན་པར་བྱས་པས་མངོན་པར་ཤེས་པ་དྲུག་ཐོབ་ཅིང་ཆོས་ཀྱི་སྐུ་མངོན་དུ་བྱེད་དོ། མེ་དང་མཉམ་པའི་རླུང་གི་སྐྱོན་ཐམས་ཅད་ལ་ལྟེ་བའི་མི་ཤིགས་པའི་ཐིག་ལེ་འོད་ཟེར་ལྔ་པ་ལ་སྲོག་དང་རྣམ་ཤེས་ཐམས་ཅད་བཅིངས་ནས་བུམ་པ་ཅན་བྱས་པས་དེར་སེམས་བརྟན་པ་ན་ལྷའི་མཆོག་ལས་སྐྱེས་པའི་བུ་མོ་ལ་ལོངས་སྤྱོད་ཅིང་སྤྲུལ་པའི་སྐུ་ཐོབ་པར་བྱེད་དོ། ཐུར་དུ་སེལ་པའི་སྐྱོན་ཐམས་ཅད་ལ་གསང་བའི་མི་ཤིགས་པའི་ཐིག་ལེ་འོད་ཟེར་ལྔ་པ་ལ། སྲོག་དང་རྣམ་པར་ཤེས་པ་ཐམས་ཅད་བཅིངས་ཏེ་བུམ་པ་ཅན་བྱས་པས་དེར་སེམས་བརྟན་པ་ན་རྡོ་རྗེ་ནོར་བུར་བྱང་ཆུབ་ཀྱི་སེམས་འཆིང་བར་འགྱུར་ཞིང་བདེ་བ་ཆེན་པོའི་སྐུ་ཐོབ་པར་བྱེད་དོ། གྱེན་རྒྱུའི་སྐྱོན་ཐམས་ཅད་ལ་མགྲིན་པའི་མི་ཤིགས་པའི་ཐིག་ལེ་འོད་ཟེར་ལྔ་པ་ལ་སྲོག་དང་རྣམ་ཤེས་ཐམས་ཅད་བཅིངས་ཏེ་བུམ་པ་ཅན་བྱས་ནས་དེར་སེམས་བརྟན་ན་བསྟན་བཅོས་ཐམས་ཅད་རིག་ཅིང་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་དོ། ཁྱབ་བྱེད་ཀྱི་རླུང་སྐྱོན་ཐམས་ཅད་ལ་སྤྱི་བོར་མི་ཤིགས་པའི་ཐིག་ལེ་འོད་ཟེར་ལྔ་པ་ལ་སྲོག་དང་རྣམ་ཤེས་ཐམས་ཅད་བཅིངས་ནས་བུམ་པ་ཅན་བྱས་པས་དེར་སེམས་བརྟན་ན་ལྷའི་ཚོགས་མཐོང་ཞིང་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ངོ་བོ་ཉིད་ཀྱི་སྐུར་འགྱུར་རོ། འདི་ནི་རླུང་དེ་ཁོ་ན་ཉིད་ཀྱི་གནས་སུ་རེངས་པ་ཞི་བར་བྱེད་པའོ། ཡན་ལག་རླུང་ལྔ་རང་སར་གཞག །མིག་ལ་སོགས་པ་དབང་པོའི་སྒོ་སོ་སོའི་རླུང་བསྐྱོན་ལ་དེ་དང་དེར་སྲོག་དང་རྣམ་ཤེས་ཐམས་ཅད་བསྡུས་ནས་བུམ་པ་ཅན་བྱས་པས་ཤའི་མིག ལྷའི་མིག སངས་རྒྱས་ཀྱི་སྤྱན། བྱང་ཆུབ་སེམས་དཔའི་སྤྱན། ཡེ་ཤེས་ཀྱི་སྤྱན་གྱི་བར་དང་། ལྷའི་རྣ་བ་སོགས་དང་། ལྷའི་སྣ་སོགས་དང་། ལྷའི་ལྕེ་དང་། ལྷའི་ལུས་ལ་སོགས་པ་ནས་ཡེ་ཤེས་ཀྱི་སྐུའི་བར་དུ་འགྱུར་རོ། གནས་དེ་དང་དེའི་རླུང་དབང་པོ་གཞན་དང་གཞན་དུ་འགྱུར་བ་ཐོབ་སྟེ། དབང་པོ་རེ་རེས་དབང་པོ་ཐམས་ཅད་པའི་བྱ་བ་བྱེད་པ་སངས་རྒྱས་འཕགས་པའི་བཞིན་ནོ། བཞི་པ་ནི། ཡན་ལག་ཉིང་ལག་སྤྲུག་ཅིང་འདོན། རྩ་ཟུག་རྣམས་ནི་སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་གྱིས་རླུང་དགག་པའི་མཐར་འཕག་དང་བསྟུན་རྐང་ལག་སྤྲུག་ཅིང་རླུང་ཁ་སྣ་ཐམས་ཅད་ནས་འདོན་པས་བསལ་ལོ། །གཟེར་ན་བཅལ་ཞིང་དབྱུང་བར་བྱ། ཞེས་པ་ནི་རླུང་ཟུག་སེལ་བ་སྟེ། འོག་ཏུ་འཆུས་པ་སྟེང་དུ་བཅོལ་ཏེ་སྒྲེགས་པས་འདོན། དེ་བཞིན་གྱེན་དུ་འཆུས་པ་དཔྱི་ཟུར་བཅལ་ནས་འོག་སྒོར་འདོན་པས་སོ། སྐྲངས་དང་ཁོལ་བུར་ན་བ་ལ། །འཁོར་ལོ་ལྟ་བུར་བསྐོར་བར་བྱ། ཞེས་པ་ཐིག་ལེའི་ཟུག་དབྱུང་སྟེ་ལུས་ཀྱི་གནས་དེ་དང་དེ་དག་བསྐོར་ཞིང་རླུང་དབྱུངས་བས་སོ། ཡང་ན་བཅལ་ཞིང་དབྱུང་བར་བྱ། འདི་ནི་རླུང་ཁམས་འཐོར་བ་སྡུད་པ་སྟེ། ལུས་བརྒྱངས་ནས་ཕོ་ཁ་འབའ་ཞིག་སྟེགས་ཅིག་ལ་བཀལ་གཞན་མ་རེགས་པས། བརྐྱང་བསྐུམ་གྱིས་བཅལ་བའི་མཐར་རླུང་དབྱུང་ཅི་ཐུབ་བྱའོ། །སྐྲན་གྱི་གྲོང་ཁྱེར་མེ་ཡིས་གཞམ། སྐྲན་གྱིས་མཚོན་ནས་ཁོང་ནད་དག་འདོན་པར་བཞེད་པ་སྟེ། མ་ཞུ་བ་རྒྱུ། འབྲས་བུ་གཅོང་ནད་གསར་སྙིང་གཉིས་གསར་པ་བད་ཀན་སྐྱ་སྨྱུག མཁྲིས་པ་དུག་ནད་བཞི། རྙིང་པ་སྐྲན་དམུ་འོར་སྐྱ་རྦབ། ཟད་བྱེད་རྣམ་པ་ལྔ། གྲོང་ཁྱེར་ཞེས་མང་བའི་དཔེས་གསུངས་སོ། ཐམས་ཅད་ཀྱང་གང་ན་བའི་སར་བླ་མ་མེའི་རང་བཞིན་དུ་བསྒོམ། དེས་ནད་ཐམས་ཅད་བསྲེགས། གང་ན་སར་བུམ་པ་ཅན་བཟུང་ནས་བསྐོར། དེ་ནས་དབྱུང་། དམུ་ཆུ་རྒྱ་མཚོའི་གཏིང་ནས་སྤྲུག །དམུ་ཆུ་ལ། ནད་གདོན་དུག་ལས་གྱུར་པ་གསུམ། ནད་ལ་བྱེར་ཟགས་འཁྱིལ་བརྡོལ་བ་བཞིའོ། མདོར་བསྡུ་ན་ཚ་གྲང་གཉིས་སུ་འདུའོ། །ཐམས་ཅད་ལ་བུམ་པ་ཅན་བཟུང་སྟེ་བཙུབ་ཤིང་ལྟ་བུར་བསྒྲིལ་བ་གཙུབ་པ། ཁྱད་པར་ལྟོ་བའི་རླུང་སྤྲུགས་ཏེ་སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་ལ་འབད་པས་ཆུ་ཐམས་ཅད་བཤལ་བར་འགྱུར་རོ། སྨྱོ་ན་རི་བོའི་འོག་ཏུ་མནན། སྨྱོ་འབོག་ལ་སོགས་པའི་ནད་ལ་རང་གི་སྙིང་གི་ལུང་ཐག་དེ་ན་ར་ར་བྱུང་ནས་བཤང་ལམ་ནས་མར་དོན། སའི་འོག་ཏུ་སོང་། ད་རི་རབ་ཀྱིས་མནན་པར་བསྒོམ་མོ། །མཛེ་ནད་ཆུ་སེར་ལ་སོགས་པ། །ཁ་སྦུའི་བུ་གའི་སྦྱོར་བ་བྱ། །མཛེ་རིགས་བཅོ་བརྒྱད་ལ་རང་གི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་སེམས་དཔར་བསྒོམས་པའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་ཡིག་བསྐོར་བ་གསལ་བཏབ། ཡིག་བརྒྱ་གསོལ་འདེབས་སུ་བསམས་ཏེ་བཟླས་པས་སྔགས་འཕྲེང་ལས་བདུད་རྩི་བབས། ཞབས་གཡས་པའི་མཐེ་བོང་གི་བར་དུ་འོངས། དེ་ནས་དོན། བདག་གི་ལུས་ཀྱི་སྤྱི་བོ་ནས་ཞུགས་རྩའི་ནང་ཐམས་ཅད་དུ་སོང་བས་ནད་ཐམས་ཅད་དུད་ཁུ་གདོན་ཐམས་ཅད་སྲིན་གྱི་གཟུགས་ཅི་ཡང་དབང་པོའི་སྒོ། བ་སྤུའི་བུ་ག ལྷག་པར་རྐང་པའི་མཐེ་བོང་ནས་དོན་པར་མོས་ཤིང་། ལུས་ནད་སྡིག་གྲིབ་གདོན་གྱིས་དག་པས་ཤེལ་དཀར་པོ་འདྲ་བ་ལུས་ཐམས་ཅད་གང་། བླ་མ་འོད་དུ་ཞུ་རང་ལ་བསྟིམ་མོ། །སོགས་སྒྲས་རིམས་ཀྱིས་ནད་ཐམས་ཅད་ལ། སྙིང་གའི་འོད་ཀྱིས་འདོད་པ་ཁམས་ཀྱི་དབང་མོ་འཁོར་བཅས་བཀུག སྐུ་འོད་ཀྱི་མཚོན་ཆ་དཔག་ཏུ་མེད་པ་དང་བཅས་པ་བདག་གི་སྙིང་ལ་ཞུགས། ནད་ཐམས་ཅད་འོག་གི་སྒོ་ནས་རླུང་རྡོ་རྗེ་རྒྱ་གྲམ་ཚུན་བདས། སྤུ་གྲི་ཅན་གྱིས་རྨེག་མེད་དུ་བཅོམ། ནད་བདག་རྒྱུ་མའི་ནང་དུ་བཀྱིགས་ནས། །དེ་ལ་ནད་བདག་མོ་ཐམས་ཅད་བསྟིམ། མཚོན་གྱིས་གཏུབས། ཤ་རུས་ཁྲག་ལྷག་མ་མེད་པར་ཞལ་དུ་གསོལ། །མཐར་ལྷ་མོ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །ལྔ་པ་ལ། བདེ་བ་གཙོ་བོར་བྱེད་པ་ཟླ་བ་དྲུག་བསྐོར། དྲོད་གཙོ་བོར་བྱེད་པ་ཉི་མ་དྲུག་སྐོར། བདེ་དྲོད་ཆ་མཉམ་དུ་བསྡོམ་པ་ཉི་ཟླ་དྲུག་སྐོར་ལས། །དང་པོ་ནི། ཟླ་བའི་དཀྱིལ་འཁོར་ཨ་ལས་ནི། །ག་བུར་བསིལ་བའི་ཆུ་རྒྱུན་དབབ། །འདི་ལ་ལུས་གནད་རྣམ་སྣང་ཆོས་བདུན། རླུང་གནད་སྟེང་རླུང་བརྔུབས་ལུས་ཐམས་ཅད་གང་། མི་ཐུབ་ལ་ཁད་ན་རྡུབ་ཆུང་བཙེག །དེ་འདྲ་བ་དྲུག་གི་མཐར་དབྱུང་ངོ་། །དམིགས་པ། འོག་སྟེང་ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་ཨས་མཚན་པ་གསལ་བཏབ་པ་དབྱིབས་ཁང་པ་གྲུ་བཞི་ལྟ་བུའོ། །ནང་དུ་རང་ཉིད་ལྷ་སྟོང་རར་གསལ་བའི་དབུ་མའི་ཡས་སྣ་མཛོད་སྤུ། དེའི་གཡས་གཡོན། ལྕེ་ཆུང་གི་གནས། མགྲིན་པའི་རྦ་རླབས་དཔུང་ཟུར་དུ་འཁྱོགས་འཚམས་རྣམས་སུ་ཟླ་བ་ཨས་མཚན་པ་རེ། གསང་བ་འཁོར་ལོ་དྲུག་གི་མདུད་ཀྱི་དབུ་མའི་ནང་ལ་ཟླ་བ་ཨཱས་མཚན་པའོ། །དང་པོ་སྟེང་གི་ཟླ་བ་དང་ཨ་ལས་བདུད་རྩིའི་རྒྱུན་ག་བུར་ལྟ་བུར་བསིལ་བ་བབས། དེ་ནས་གཡས་གཡོན། མདུན། རྒྱབ། འོག་རྣམས་ལས་བབས་ཏེ་གང་སྣང་ཚུན་ཆུའི་ཕུང་པོ་གྲང་བའི་རེགས་པས་ཁྱགས་པ་ལྟ་བུར་གྱུར་པར་བསམ། དེ་ནས་མཛོད་སྤུའི་ཨ་ལས་བདུད་རྩི་བབས། གཡས་གཡོན། ལྕེ་ཆུང་གི དཔུང་པ་གཡས་གཡོན་ནས་བབས་ཏེ་ལུས་ཐམས་ཅད་ཁྱགས་པའི་གོང་བུ་ལྟ་བུར་སོང་། དེ་ནས་མཛོད་སྤུ་ནས་འཁོར་ལོ་མཐར་ཆགས་སུ་འཛག་པར་བསམ་མོ། གཉིས་པ་ནི། ཉི་མའི་དཀྱིལ་འཁོར་རཾ་ལས་ནི། ཚ་ཞིང་གདུང་བའི་མེ་དཔུང་སྤར། འདི་ལ་ལུས་གནད་ཙོག་པུ་ཐབ་མགལ་གྱི་ཕྱག་རྒྱ་ཅན། རླུང་གནད་འོག་ནས་བཀང་སྟེ་དྲག་པོར་འབྱེད་འཛུམ་གྱིས་འཐེན་ཐེབས་དྲུག་གི་རིང་སྟོང་རར་ཁག དེ་ནས་དབྱུང་ངོ་། དམིགས་པ། །ཕྱི་སྟེང་འོག་ཕྱོགས་བཞིར་ཉི་མ་རཾ་གྱིས་མཚན་པ་དྲུག་གི་ཁང་པར་ནང་རང་ལྷ་སྟོང་རར་གསལ་བའི་རྐང་མཐིལ། དཔྱི་གཉིས། དྲུག་མདོ། དབུ་མའི་མས་སྣ་དྲུག་ལའང་ཉི་མ་རཾ་གྱིས་མཚན་པ་རེ། གསང་བ་འཁོར་ལོ་དྲུག་གི་ནང་གིས་དབུས་སུ་ཉི་མ་རཾ་གྱིས་མཚན་པའོ། །དེ་ནས་འོག་ནས་མེ་འབར། རྒྱབ། མདུན། གཡོན། གཡས། སྟེང་ནས་འབར་བ་བསྐལ་པའི་མེའི་ཕུང་པོ་ལྟ་བུ་མཐོང་བའི་ལམ་གྱི་མཐར་ཐུག་པར་འབར། རབ་ཏུ་འབར། ཀུན་ཏུ་འབར་བས་དུས་ཀྱིས་མཐའ་ལྟ་བུ། དེ་ནས་ལུས་ཀྱི་རྐང་པ་གཡས། གཡོན། དཔྱི་གཡས། གཡོན། དྲུག་མདོ། དབུ་མའི་མས་སྣ་ནས་མེ་མཆེད་ལུས་ཐམས་ཅད། དེ་ནས་གསང་གནས་ནས་རིམ་པ་བཞིན་འཁོར་ལོ་དྲུག་ཏུ་འབར་བས་མེའི་ཕུང་པོ་གཅིག་ཏུ་བལྟའོ། །གསུམ་པ་ནི། བླ་མ་ཕྱོགས་བཅུའི་སངས་རྒྱས་རྣམས། །མདུན་གྱི་ནམ་མཁར་བཞུགས་པ་ལ། །གསོལ་བཏབ་བདུད་རྩི་ཞུ་བ་ཡིས། །གཉིས་མེད་བཅུད་ཀྱིས་བདག་ལུས་དགང་། །རླུང་གི་དཀྱིལ་འཁོར་ཡཾ་ལས་ནི། །རྩོལ་བསྒྲུབ་དྲག་པོའི་འཁྲུལ་འཁོར་བྱ། །ལུས་གནད་གཉིས་པོ་འདམ་ཀ །རླུང་གནད་སྟེང་མནན་འོག་བསྡམ། རྔུབ་ཆུང་དྲུག་པོ་ལའང་སྟེང་རྡུབ་དུས་འོག་ཀྱང་འཐེན་ནོ། །དམིགས་པ། ཕྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཁམ་ནག་གཞུ་ལྟ་བུ་བ་དན་གཡོ་བས་མཚན་པ་སྟེང་ཉི་མ་ལོགས་བཞིའི་འོག་ཏུ་ཉི་མ་བཞི། སྟེང་དུ་ཟླ་བ་བཞི་སྟེ་གྱང་རིམ་གཉིས་པ་ལྟ་བུའི་ཁང་པ་ཐོག་ཟླ་བ། དེའི་ནང་དུ་ཉི་མའི་ཐད་ཉི་མ། ཟླ་བའི་ཐད་ཟླ་བ་སྦུབས་ཅན་གའུ་ག་སྦྱར་ནང་དུ་རང་ལྷ་སྟོང་རར་གསལ་བའི་ལུས་ལ་སྔར་བཞིན་ཉི་མ་དྲུག་དང་། དེ་རེ་རེའི་འོག་ཏུ་རླུང་གི་དཀྱིལ་འཁོར་དྲུག སྔར་བཞིན་ཟླ་བ་དྲུག གསང་བའི་འཁོར་ལོ་དྲུག་ལ་ཉི་ཟླ་ཁ་སྦྱར་ཐམས་ཅད་ས་བོན་གྱིས་མཚན་པ་བསྒོམས་ཏེ། དང་པོར་འོག་གི་རླུང་གི་དཀྱིལ་འཁོར་གཡོས་ཉི་མར་ཕོག ཉི་མ་ལས་མེ་འབར། དེ་ནས་ཕྱོགས་བཞི། དེའི་ནང་གི་ཉི་མ་ལས་མེ་འབར་བས་བར་སྣང་གི་ཕྱེད་མན་མེ་དམར་འུར་འུར་ཕས་ཀྱི་བྱད་ཁ་ཐམས་ཅད་གཞོབ་ཏུའང་མ་ལུས་པར་སྲེག་པ། དེ་ནས་སྟེང་གི་ཟླ་བ་ལས་ཆུ་འཛག ཕྱོགས་བཞི། དེ་བཞིན་ནང་གི་ཟླ་བ་ལས་ཆུ་འཛག་པ་བར་སྣང་གི་ཕྱེད་ཡན་ཆུའི་ཕུང་པོར་ཤིག་ཤིག་པ། ཕས་ཀྱི་བྱེད་མ་ཐམས་ཅད་གྲང་བའི་རེག་པས་རེངས་པར་བྱེད་པ། དེ་ནས་ལུས་ཀྱི་རླུང་གི་དཀྱིལ་འཁོར་རྣམས་གཡོས་ཉི་མ་དྲུག་འབར་ལུས་སྙིང་ག་མན་མེར་དམར་འུར་འུར། ཟླ་བ་དྲུག་ལས་ཆུ་འཛག སྙིང་ག་ཡན་ཆུས་ལྟེམ་ལྟེམ། གསང་བའི་འཁོར་ལོར་འབར་འཛག་སྙོམས་པར་འཇུག་པའི་བདེ་བའི་སྒྲས་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་སྤྱན་དྲངས་པ་མོས་གུས་ཀྱི་འོད་དུ་ཞུ། བདུད་རྩིས་ན་བ་གསོ་བ། བཅད་པ་འབྱོར་བ། འཆི་བ་སློང་བ། མ་དག་པའི་ལུས་ཡེ་ཤེས་ཀྱི་སྐུར་བསྒྱུར་བ། གསེར་འགྱུར་གྱི་རྩི་ལྟ་བུ་སྣ་དང་མཛོད་སྤུ་ནས་ཞུགས་ཏེ་ལུས་ཀྱི་ནང་དང་གསང་བའི་བདུད་རྩི་དཀར་དམར་རོ་གཅིག་ཏུ་འདྲེས་པར་བསྒོམ་ན་བསྲུང་བའི་མཆོག བཟློག་པའི་དཔྱིད། གྲུབ་པ་ན་སྨད་ནས་མེ་འབར། སྟོད་ནས་ཆུ་འབེབས་པའ་ི་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་ཤིང་མཐར་ཐུག་པའི་བར་གྱི་ཡོན་ཏན་ཀུན་འབྱུང་ངོ་། །སྒོམ་པས་དུབ་ན་བཅའ་བ་ལུས་ཀྱི་འཁྲུལ་འཁོར་རྣམས་བྱའོ། དྲུག་པ་ནི། ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགུ་ཐམས་ཅད་བླ་མ་ལ། །གསོལ་བ་བཏབ་ལས་འབྱུང་བར་འདུག །ནད་ཐམས་ཅད་བླ་མའི་མོས་གུས་ཀྱིས་འདོན་པ་འདི་ལ། ཚད་པར་རང་ལྷར་གསལ། མགྲིན་པར་ངོ་བོ་བླ་མ་རྣམ་པ་ཆུ་ཤེལ་གྱི་མཆོད་རྟེན་སྣང་ཙམ་དུ་ཡོད་ལ། བརྟགས་ན་ངོས་གཟུང་དུ་མེད་པ། དེ་ལས་འོད་འཕྲོས། རྩ་བརྒྱུད་ཀྱི་བླ་མ། དཀོན་མཆོག་གསུམ་གྱི་རང་བཞིན་ཡི་དམ་དང་མཁའ་འགྲོ། ཞིང་སྐྱོང་བའི་ཌཱ་ཀི་མ་དང་ཆོས་སྐྱོང་ཐམས་ཅད་བསྟིམ། རོ་སྙོམས་གསོལ་འདེབས་བྱས། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་ག་བུར་ལྟ་བུ་འཕྲོས་པས་ལུས་ཐམས་ཅད་གང་། ཚད་པའི་ནད་ཐམས་ཅད་ཞི། ལུས་ངག་ཡིད་གསུམ་སྒྱུ་མ་ཙམ་དུ་སྦྱངས་པས། ལྷ་དང་། སྔགས་དང་། ཏིང་ངེ་འཛིན་གྱི་རོལ་མོ་སད་པས་བླ་མ་ཉིད་དང་སྐལ་བ་མཉམ་པར་བལྟའོ། །དེ་བཞིན་གྲང་བའི་ནད་ལ། སྙིང་གར་བླ་མ་མེ་ཤེལ་གྱི་མཆོད་རྟེན། བད་ཀན་གྱི་ནད་ལ་ལྟེ་བར་གསེར་གྱི་མཆོད་རྟེན། འདུས་པའི་ནད་ལ་སྤྱི་བོར་རླུང་གི་མཆོད་རྟེན་བསྒོམས་ནས་སྤྲོ་བསྡུ་བྱའོ། བདུན་པ་ནི། སྒྱིད་ལུག་ཞུམ་པའི་སེམས་སྤངས་ལ། །སྙོམས་ལས་ལེ་ལོར་མི་བཞག་པར། །སེང་གེ་ལྟ་བུར་སྤྱད་པར་བྱ། །འདིས་ནི་ཚིག་གཅིག་མ། ཚིག་བཞི་མ། ཚིག་དྲུག སྦས་པ་མིག་འབྱེད་རྣམས་བཤད་དེ། ཆོས་རྗེ་ཉིད་ཀྱི་གསུང་ལས་རྒྱས་པས་འདིར་མ་བྲིས་སོ། །འདིས་ནི་བྱེ་བྲག་གི་ནད་འདོན་ཐམས་ཅད་ཀྱང་བསྟན་པར་འདོད་དོ།། །། གསུམ་པ་ནི། བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། པདྨ་ལྟ་བུའི་སྐྱིལ་ཀྲུང་གིས། །ཐམས་ཅད་མཉེ་ཞིང་སྟེང་གསུམ་བརྒྱད། །མགོ་བོ་མཉེ་ཞིང་གྱོག་པ་དང་། །ལག་པ་བསྐོར་དང་རྒྱབ་ཏུ་བརྡུང་། །ལག་པ་གཅུད་ཅིང་གནས་དྲུག་བཅིང་། །རྒྱབ་ཏུ་བཀད་ཅིང་མདུན་དུ་བསྡུ། །རྒྱ་མཚོ་སྤྲུག་ཅིག་ཧབ་གྱིས་རྡེབ། །གཡས་དང་གཡོན་དུ་བཅུ་བ་དང་། །རྒོད་པའི་ལྡིང་ཐབས་ཚུལ་གྱིས་མཆོང་། །རྡོ་རྗེ་སྐྱིལ་ཀྲུང་ལ་གནས་ཏེ། །རི་བོ་བསྒུལ་ཞིང་བྱ་རྐང་གཟུགས། །མཐེ་བོང་འཐེན་ཅིང་སྲིན་ལག་བསྲང་། །ཀ་ར་ན་ཡི་སྦྱོར་བ་བྱ། །གཡས་བརྐྱང་གཡོན་པ་བཅུད་ལ་བོར། །གཡོན་བརྐྱང་གཡས་པ་བཅུད་ལ་བོར། །བྱ་རྨྱང་ཚུལ་གྱིས་གན་རྐྱལ་དང་། །ཁ་སྦུབ་གཡས་གཡོན་མཉམ་པ་དང་། །ས་ག་སྒྱིད་པའི་ནང་ཕྱོགས་ནས། །ཟླུམ་པོ་སྒྱིད་པའི་ཕྱི་ཕྱོགས་ནས། རོལ་པ་རྟིང་པ་སོག་ཁར་གཞག །གཞན་ཡང་རྒྱུག་དང་འདུར་དང་མཆོང་། །གཡས་དང་གཡོན་དུ་བསྐོར་བ་དང་། །མདུན་རྒྱབ་ལ་སོགས་རྡོ་རྗེའི་གར། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་བྱ་བ་དག་ནི་ཕྱག་ལེན་གྱིས་ཤེས་པར་བྱའོ།། །། གཉིས་པ་བྱེ་བྲག་སོ་སོའི་ནད་འདོན་ནི་འདི་དག་སྟེ། ལྷ་འདྲེའི་ནད་འདོན་ནི་མཛེ་ཕོ་རོ་སྙོམས། འབྱུང་བ་འཁྲུགས་པའི་ནད་འདོན་ནི་འབྱུང་ཆུང་རོ་སྙམས། ཉོན་མོངས་དུག་གསུམ་གྱི་ནད་འདོན་ནི་བྱ་སྤུ་གནམ་འཐོར། ལུས་ངག་ཡིད་གསུམ་གྱི་ནད་འདོན་ནི་དགུ་ཕྲུགས་མ་དང་། ཡུལ་ཉེར་བཞིའི་ནད་འདོན། རྣམ་རྟོག་གི་ནད་འདོན་ནི་བཟློག་སྒོམ་སྤྲིངས་ཡིག་མས་བསྟན་ཏེ། ནད་ཐམས་ཅད་རྣམ་པར་རྟོག་པར་བསྡུས་ནས་དེ་མི་སྤོང་བར་ལམ་དུ་འཁྱེར་བས་རྣམ་རྟོག་ལམ་ཁྱེར། དེ་ཉིད་བཟློག་སྒོམ་གྱི་ལམ་དུ་བྱེད་པ་ཉོན་མོངས། དམིགས་པ་རྣོན་པོའི་ལྷ་སྔགས་རིག་པའི་བརཏལ་ཞུགས་བསྐྱེད་པ་ལྷ་འདྲེ། ནད་བྱང་ཆུབ་ཀྱི་སེམས་སུ་སྦྱོང་པ་སྡུག་བསྔལ། ནད་རང་ཐོག་ཏུ་རོ་སྙོམས་པ་ན་ཚ། འཁོར་བའི་རྫུན་ཕུགས་བཤིག་པས་འཆི་བ་ལམ་ཁྱེར་དུ་བཞག་པའོ།། །། གསུམ་པ་འཇུག་བསྡུ་བ་ནི། གཞི་ལྟ་བའི་གོ་ཆ། རྐྱེན་བླ་མའི་མོས་གུས། དམིགས་པ་རྣོན་པོའི་མཚོན་ཆ་གསུམ་ལ་སོགས་པར་བཤད་པ་དག་གོ། །། བཞི་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ལ། ངོས་གཟུང་བས་མདོར་བསྟན། གཏན་ལ་ཕབ་པས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། བརཏལ་ཞུགས་མཐའ་རུ་འཁྱོལ་པ་དང་། བརཏལ་ཞུགས་ཀྱི་སྤྱོད་པས་རྟག་ཏུ་དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ནུས་པ་ནམ་ཐོབ་པའི་ཚེ། ཡང་ནི་ཕྱོས་ལས་རྣམ་རྒྱལ་བརྩམ། །སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་དང་། རང་བཞིན་ལས་འདའ་བ་མེད་པའི་ཚུལ་གྱིས་བགྲོད་པ་ཐམས་ཅད་ཀྱི་མཐར་ཐུག་པར་བྱེད་པའི་སྤྱོད་པ་ཡིན་པས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་བྱ་བ་དེ་བརྩམ་མོ། །སཾ་པུཊར། གྲུབ་པར་གྲགས་པ་མ་ལུས་པ། །ཞེས་མདོར་བསྟན་དང་། བྱང་ཆུབ་ལ་ནི་སེམས་བཞག་ནས། །ཕྱོགས་ལས་རྣམ་རྒྱལ་བརྩམ་པར་བྱ། །ཞེས་རྒྱས་པར་བཤད་པས་སོ།། །། གཉིས་པ་ལ། དངོས་གྲུབ་ཆེན་པོའི་ཉེ་རྒྱུ། དངོས་གྲུབ་གྲུབ་པའི་དུས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དངོས་བཤད་པའོ། །དང་པོ་ནི། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་རིགས་གང་གི་ཚུལ་དུ་འཚང་རྒྱ་བར་འདོད་པ་དེས་རིགས་རང་གི་ཕྱག་རྒྱ་བླངས་ལ། མེ་ཏོག་སོགས་པས་མཆོད་བྱས་ནས། །བསམ་གཏན་གནས་སུ་ལེགས་འདུག་སྟེ། །ལྷན་ཅིག་སྤྱོད་པ་དེ་དང་གཉིས་གང་འདོད་པའི་ལྷའི་རྣམ་པའི་སྤྲོ་བསྡུ་བྱེད་པ་རྒྱུ་རྡོ་རྗེ་འཛིན་པའོ། །ཕྱག་རྒྱར་ལྷན་ཅིག་རབ་ཞུགས་ནས། རྡོ་རྗེའི་སྦྱོར་བ་ཡང་དག་བརྩམ། །སྙོམས་པར་ཞུགས་པས་ཐབས་ཀྱི་རིགས་བདག་གི་ཁར་ཐིག་ལེའི་དྭངས་མ་མངོན་དུ་བྱས་པ་ཟླ་བ་མེ་ལོང་ལྟ་བུ། ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོར་རཀྟའི་དངས་མ་མངོན་དུ་བྱས་པ་ཉི་མ་མཉམ་པ་ཉིད། རྩ་རླུང་སེམས་བདེ་བ་ཐམས་ཅད་མ་འདྲེས་པ་ཡོངས་སུ་རྫོགས་པ་སོར་རྟོག གཅིག་ཏུ་འདྲེས་པ་བྱ་བ་ནན་ཏན། བཞི་པོ་ཡང་དག་པའི་མཐའ་ཆོས་ཉིད་དོན་གྱི་དབུ་མ་དེར་ཐིམ་ནས་གཙུག་ཏོར་མཆོག་གྲུབ་པའི་ཚེ་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་གནས་གྱུར་པའི་སྐུ་དང་ཡེ་ཤེས་ཐམས་ཅད་མངོན་དུ་མཛད་པ་ཆོས་དབྱིངས་ཏེ། དེ་ལྟར་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་འདིས་ནི་ཕྱག་ཆེན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་སཾ་པུ་ཊར། ཐམས་ཅད་མཁྱེན་པས་གང་གང་གི རིགས་ཀྱི་རབ་ཏུ་དབྱེ་བ་ལས། །ཕྱག་རྒྱ་གང་དང་གང་གསུངས་པ། །དེ་དང་དེ་ནི་ཆོ་གས་བླང་། །དེ་དང་དེ་ཉིད་ཀྱིས་ནི་བསྒྲུབ། །ཅེས་སོགས་དང་། གུར་ལས། དེ་ནས་གཞན་ཡང་བཤད་བྱ་སྟེ། །ཕྱག་རྒྱའི་དོས་གྲུབ་སྒོམ་པ་སྟེ། །ཞེས་སོགས་ཀྱིས་སོ། །འདིར་ནི་མི་མོའི་ཕྱག་རྒྱ་བཟུང་ནས་སུ་ཞེས་གསུངས་པ་ནི་ཙོ་བོར་མཛད་པ་སྟེ། གཞན་དེ་ཉིད་དུ། རང་རིག་མཱ་མ་ཀཱིར་བྱས་ཏེ། །པདྨར་རྡོ་རྗེ་ཅན་བཅུག་ན། །དེས་ནི་དངོས་གྲུབ་བཅས་འགྱུར་ཏེ། །ཕྱག་རྒྱ་ཆེན་པོ་འདི་བསྒྲགས་སོ། །ཞེས་རང་རིག་ཡེ་ཤེས་ཀྱི་རང་གདངས། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་ཉིད་ཡུམ་དུ་བྱས་ནས་འཁྱུད་པ་ལས་ཕྱག་ཆེན་གྱི་དངོས་གྲུབ་འགྲུབ་པར་གསུངས་པས། འཚང་རྒྱ་ཁའི་ཉེ་རྒྱུར་ངེས་པ་ཁོ་ནར་ལས་རྒྱ་དགོས་པའང་མ་ཡིན་ནོ། །གུར་དུ། དེ་ལ་འཁོར་ལོ་རབ་ཕྱེ་སྟེ། །མེ་ཏོག་སྤོས་ཀྱི་བརྒྱན་བྱས་ཏེ། །རྡོ་རྗེའི་གོམ་པ་རབ་རྩམ་མོ། ཞེས་སོགས་གསུངས་ལ། སཾ་པུ་ཊར་ཡང་། རྡོ་རྗེ་སློབ་དཔོན་དམ་ཚིག་གི །གྲུབ་རྟགས་ལག་ན་རྡོ་རྗེ་ཉོན། །དང་པོར་འཁོར་ལོ་ཆེན་པོ་ནི། །སྙིང་ག་ཡི་ནི་དཀྱིལ་འཁོར་དུ། །དེར་དྲི་མ་དང་བྲལ་བའི་སྤངས་པ་དང་། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་རྟོགས་པ་གཉིས་གང་ལ་གཉིས་སུ་མེད་པར་ལྡན་པས་དཀྱིལ་འཁོར་དུ་ཞུགས་པ་དང་། རང་གི་དབང་སོགས་ནི་ཆོས་ཐམས་ཅད་རང་གི་ངང་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་མཁྱེན་པས་འབྲས་བུའི་དབང་རྒྱས་པར་ཐོབ་པའོ། །རང་གི་ནང་དུ་ཞུགས་པ་ཞེས་པ་དེ་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ་རིག་མའི་སྐྱེས་བུ་གྲུབ་པའི་སློབ་དཔོན་ཆེན་པོའི་གོ་འཕང་ཐོབ་པ་བྱའོ།། །། གཉིས་པ་ལ། ཚེ་འདིར་རིག་མའི་སྐྱེས་བུ་གྲུབ་ཚུལ། གཞན་དུ་འཆི་བ་ལམ་དུ་ཁྱེར་བ་མ་བུ་ངོ་སྤྲོད་པའི་གདམ་ངག་བཤད་པ་ལས། དང་པོ་ནི། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ཉིད་རབ་བསམས་ན། །སྐྱ་རེངས་ཤར་བའི་དུས་སུ་ནི། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། སྲོད་ལ་བདུད་བཞི་བཅོམ་ནས་མཚན་གྱི་ཐུན་ཐ་རྫོགས། སྐྱ་རེངས་མ་ཤར་ཙམ་ལ་དཀར་ནག་གི་མཚམས་སུ་མངོན་པ་རྫོགས་པར་འཚང་རྒྱའོ། །ཉིན་གཉིས་གསུམ་བཞི་ལྔས་ངེས་པར། །འདི་ནི་གུར་ལས། ཉི་མ་གཅིག་གིས་འགྲུབ་འགྱུར་རམ། །ཆོ་གས་ཉི་མ་གཉིས་ནའམ། ཉིན་གསུམ་རབ་ཏུ་སྦྱོར་བྱས་བསམ། དེ་བཞིན་ཉི་མ་བཞི་ཡིས་སམ། །ཉིན་ལྔ་རབ་ཏུ་སྦྱར་བ་ཡི། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །ཅེས་གང་ཟག་གི་བརྩོན་པའི་སྟོབས་ལས་གསུངས་ལ། འདི་ནི་རྫོགས་པའི་རིམ་པའི་མཐའི་སྤྱོད་པའི་དབང་དུ་མཛད། ཞག་བདུན་ལྷ་ལྟ་བའི་སྦྱོར་བས་གནས་པར་བྱས་ཏེ། བདུན་པའི་ཐོ་རངས་འཚང་རྒྱ་བ་ནི་བསྐྱེད་པའི་རིམ་པའི་མཐའི་ལ་དགོངས་ཞེས་གསུངས་ངོ་།། །། གཉིས་པ་ལ། རབ་འོད་གསལ་དུ་འཕོ་བ་མངོན་དགའི་ས། །འབྲིང་སྒྱུ་ལུས་སུ་འཕོ་བ་དུས་ཀྱི་ས། ཐ་མ་བསྐྱེད་རིམ་ལ་འཕོ་བ་སྐྱེ་བ་འཛིན་པའི་ས་གསུམ་ལས། དང་པོ་ནི། གལ་ཏེ་འཕོ་རྒྱུར་རྣལ་འབྱོར་པ། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །དགའ་བའི་གནས་སུ་ཁྲིད་པའོ། །འདི་ནི་ཁྲག་འཐུང་ཆེན་པོའི་བརཏལ་ཞུགས་ཀྱི་སྤྱོད་པ་བྱེད་པ་དེ་ལ་དགོས་པ་མ་ཡིན། ཞི་བའི་བརཏལ་ཞུགས་སྤྱོད་པ་འགའ་ཞིག་ལ་སྟེ། ཚེ་འདིར་འཚང་རྒྱ་བར་མ་ནུས་ལ། འོད་གསལ་གྱི་མེས་དངོས་པོར་འཛིན་པ་ཐམས་ཅད་བསྲེགས་པར་འཆི་དུས་སུ་བག་ཆགས་མི་འཇོག དེས་ཕྲ་བ་ཐིམ། འོད་གསལ་མངོན་དུ་གྱུར་བའི་རབ་ཏུ་དགའ་བའི་ས་ཐོབ་སྟེ་ཟུང་འཇུག་ཏུ་ལྡང་ངོ་། །གཉིས་པས་ནི། ཡང་ན་བདེ་བ་ཅན་དུ་སྐྱེ། །གལ་ཏེ་རྣལ་འབྱོར་པས་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མ་བྱས་ཀྱང་བདག་བྱིན་གྱིས་རློབས་པས་བར་དོ་གཉིས་པའི་དུས་སུ་བློ་ཆོད་དུ་གྲོལ་ཏེ་དག་པའི་སྒྱུ་ལུས་ཀྱིས་བདེ་བ་ཅན་ལ་སོགས་པའི་ཞིང་མཆོག་ཏུ་ཕྱིན་ནས་འཕགས་པའི་ས་ཐོབ་པར་བྱེད་དོ། །གསུམ་པ་ནི། གང་འདོད་རིགས་སུའང་སྐྱེ་བར་འགྱུར། སྦྱངས་པ་ཤིན་ཏུ་དམན་ན་བསྐྱེད་པའི་རིམ་པ་བསྡུས་ཏེ། སྨོན་ལམ་གྱིས་མཚམ་སྦྱར་ཏེ་འཕོས་པས་གང་སྨོན་ལམ་བཏབ་པ་དེར་སྐྱེ་བར་འགྱུར་རོ། །གསུམ་པ་ནི། སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །གཟུང་དང་འཛིན་པའི་སྒོམ་སྤངས་ཕྱིར། །ཕྱོགས་ཀུན་རྣམ་རྒྱལ་ཞེས་བྱར་བརྗོད། །རིག་མའི་སྐྱེས་བུ་གྲུབ་པ་ནི། །གང་དུའང་མི་འགྲོ། གང་དུའང་མི་གནས་སོ། །ཐོག་མ་དང་། མཐའ་མ་དང་། དབུས་དང་བྲལ་བ། གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་སོན་པ། ཐམས་ཅད་མཁྱེན་པ། །ཐམས་ཅད་པ། ཐམས་ཅད་ཀྱི་དོན་ཐམས་ཅད། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་པ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ། ཐམས་ཅད་དང་ལྡན་པ། ཞི་བ། མཉམ་པ་མེད་པ། རྟག་པར་བརྗོད་པ། མགོན་པོ། སྐྱོབ་པ། ཀུན་ཏུ་རྟོག་པ་སྤངས་པ། དབྱིབས་དང་ཁ་དོག་བྲལ་བ། རྒྱལ་བའི་ཡང་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོར་ཕྱེད་པ་དཀའ་བའི་ཕྱིར་རོ། །ཉོན་མོངས་པའི་གདུང་བ་ལས་ཉེ་བར་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེངྒེ། གཏིང་དཔག་དཀའ་བའི་ཕྱིར་ཆུའི་ཕུང་པོ། དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དཔེ་བྱའོ། །དེ་ཉིད་གཅིག་པུས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པར་རྟོག་པ་སྤངས་ཀྱང་རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རོལ་མོ་མཆོག་ཏུ་སྟོན་པར་མཛད་དོ། །གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དག་དགའ་ཞིང་མགུ་ལ་རངས་པས་རྣམ་པ་དྲུག་ཏུ་གཡོས་ནས་བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲགས་པ་དང་། ཕྱོགས་བཅུར་བསྐལ་པའི་མེ་ལྟ་བུའི་སྐར་མདའ་ལྟུང་བ་དང་། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་དང་། ཐམས་ཅད་དུ་གནམ་རྡོ་ལྟུང་བ་དང་། དེ་ཉིད་དུ་བསྐལ་པ་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་འབར་བ་དང་། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་ཐམས་ཅད་སྣང་བ། ཁམས་གསུམ་གྱི་སྡེ་བརྒྱད་ཐམས་ཅད་དེར་འོངས་ནས་ཡང་དག་པར་དགའ་བས་བསྟོད་དེ་ལེགས་སོ་བརྗོད་ཅིང་། བསྒྲུབ་པར་བྱ་བའི་བསོད་ནམས་ཀྱི་ཁམས་གསུམ་དུ་སྐྱེས་པའི་མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱེད་དོ། །དཔལ་ལྡན་ནཱ་རོ་པ་ཆེན་པོའི་སྤྱོད་པ་ཆོས་ཀྱི་གླུ་རྫོགས་སོ།། །།བྷ་རི་རྣལ་འབྱོར་མ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བསྒྱུར་ཞིང་ཞུས་པ། ཆོས་ཀྱི་རྗེས་མཁར་ཆུའི་བྲག་ནས་གཏེར་དུ་སྤྱན་དྲངས་པ་ཇི་ལྟ་བའོ།། །། རྒྱལ་བྱེད་ཚལ་དེར་རབ་བྱུང་ལོ། འདི་དོན་འབྱེད་དོ་སྙམ་སེམས་ནུབ། །ཤིན་ཏུ་འཇིགས་བཅས་ནམ་མཁའ་ནས། །གསང་སྔགས་མ་རྒྱུད་ཚིག་ཏུ་བཤད། །ཕ་རྒྱུད་ལམ་རིམ་ཁྲོམ་དུ་གཏོར། གཉིས་མེད་རྒྱུད་དོན་ཐང་མར་བརྡལ། མཁའ་འགྲོས་བཀའ་ཆད་ཅིས་མི་འབྱུང་། །ཟེར་རྨིས་སད་ནས་ཟླ་བའི་བར། །གཤོལ་ནས་གསོལ་བཏབ་རྨི་ལམ་དུ། སྒྱུ་མའི་གར་བསྒྱུར་རྗེ་བཙུན་གྱིས། རིང་བསྲེལ་མང་སྩལ་མཆོད་ཅིག་གསུང་། སྣང་བ་ཐོབ་ཤེས་འདི་སྦྱར་རོ། ཨེ་མ་རྡོ་རྗེ་ཚིག་མཚོ་རེས། །བཤད་པའི་ཆུ་ཀླུང་བྱེ་བ་ཕབ། །མོས་གུས་སྒྱུར་བ་དཔག་མི་ནུས། །ཀུན་ཀྱང་འོ་མཚོ་འདིར་བདུད་རྩི། རང་སེམས་དུལ་བའི་སྣོད་ཀྱིས་འཐུངས། དེ་འདྲའི་སྐལ་བཟང་འཇིག་རྟེན་གྱིས། །ནམ་མཁའ་མ་ལུས་ཁྱབ་གྱུར་ནས། རྡོ་རྗེའི་ས་ཡང་དོག་བགྱིད་ཤོག །འབྱུང་བ་རོ་སྙོམས་ཀྱི་ལེགས་པར་བཤད་པ་ཟླ་འོད་ཀྱི་བཟུང་བས་མཆོག་ཏུ་བསྔགས་པར་འོས་པའི་གནས་སུ་གྱུར་པའི་རྣམ་བཤད་ཀུ་མུ་ཏ་ཞེས་བྱ་བ། དགེ་བའི་བཤེས་གཉེན་བྲག་དམར་བ་ཆེན་པོ་བྱམས་པ་རབ་བརྟན་གྱིས་བསྐུལ་བའི་ངོར། ཤཱཀྱའི་ལུང་རིགས་སྨྲ་བའི་ཚལ་དུ་ལྷག་པར་གཟེངས་མཐོ་བའི་པུཎྜྻ་རི་ཀ་དེས་སྦྱར་བ་ཐམས་ཅད་ཀྱང་གསང་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེས་སྐལ་བ་དགེ་བར་གྱུར་ཅིག། །།


previousའབྱུང་བ་རོ་སྙོམས་ཀྱི་རྣམ་བཤད་ཀུ་མུ་ཏ།next