Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
རྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པ
   
   
   
   
   
   
   
   


 
previousརྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པnext

རྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པ

རྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པ་ཞེས་བྱ་བ་བཞུགས་སོ། །མཚུངས་པ་མེད་པའི་ཆོས་ཀྱི་རྗེ་བོ་དཔལ་འབྲུག་པ་འཇམ་པའི་རྡོ་རྗེའི་ཞབས་པད་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །གཉིས་པ་བསྒོམ་བྱའི་ཚུལ་གྱིས་ཉམས་སུ་བླང་བའི་རྟེན་འབྲེལ་ལ། །དབྱིངས་ལས་རིག་པ་འཆར་བ་རང་བཞིན་གཞིའི་རྟེན་འབྲེལ། །སྐྱེ་མེད་ལས་འགག་མེད་དུ་འཆར་བ་རྣམ་པ་ལམ་གྱི་རྟེན་འབྲེལ། ཇི་ལྟ་བ་ལས་ཇི་སྙེད་པར་འཆར་བ་མཐར་ཕྱིན་འབྲས་བུའི་རྟེན་འབྲེལ་གསུམ་ལས། དང་པོ་ནི། ལུགས་འབྱུང་ལུགས་མི་མཐུན་བྱུང་འཁོར་འདས་ཆོས། །ཤིན་ཏུ་ཕྲ་དང་ཕྲ་བ་རགས་རི་མ་ཕྱིར། །ཞེས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་གི་རྩ་བ་མ་རིག་པ་ཡིན་ཅིང་། ལུགས་ལྡོག་གི་རྩ་བ་མ་རིག་པ་འགགས་པའི་རིག་པ་ཡིན་ལ། དེ་ལྟ་བུའི་མ་རིག་པ་དང་རིག་པ་གཉིས་འགྱུ་བྱེད་ཀྱི་ཤེས་པ་སྐད་ཅིག་མའི་སྟེང་དུ་རྩད་བཅད་པས། རང་རྒྱུད་པ་དེ་ཉིད་གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་ཞུགས་པས་དབྱིངས་ཆོས་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཞེས་བྱ་ལ། དེ་རྒྱུན་ཆགས་ཏེ་སྣང་ཚུལ་ལས་ཕྱིན་ཅི་ལོག་ཏུ་ཞུགས་པས་རིག་པ་ཆོས་ཅན་ལ་སྒྲིབ་པའི་ཕྱིར་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ཞེས་བྱའོ། །དང་པོ་ནི། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་འགྱུ་བྱེད་འཁྲུལ་པའི་ཤེས་པ་དེ་མ་ཐག་པ་ཡིན་པས་རྟོག་པའམ་ཤིན་ཏུ་ཕྲ་བའི་གནས་སྐབས་སུ་བཞག་ལ། ཕྱི་མ་ལས་ཤེས་པ་ཡུལ་དང་ཡུལ་ཅན་ནམ་གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་སུ་སྒྲོ་བཏགས་ཤིང་གཉིས་སུ་མངོན་པར་ཞེན་པ་ཨ་འཐས་པའི་གཉིས་འཛིན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་ཞེས་བྱ་བ་ཕྲ་བའི་གནས་སྐབས་དེ་ལས་གྲངས་དང་རིས་སུ་མ་ཆད་པ་སྣ་ཚོགས་སུ་འཆར་ཞིང་། སྣ་ཚོགས་སུ་སྣང་བའི་འཁྲུལ་པའི་སྒོ་མཐའ་ཡས་པ་ཁམས་གསུམ་གྱི་སྣང་གྲགས་ཇི་སྙེད་པ་ནི་ཀུན་ཏུ་རྟོག་པ་ཞེས་བྱ་བ་རགས་པའི་གནས་སྐབས་དེ་ལྟ་བའི་རྒྱུ་རྐྱེན་གྱིས་འབྲས་བུ་འཁོར་བར་གྲུབ་བོ། །འགྱུ་བྱེད་ཀྱི་ཤེས་པ་སྐད་ཅིག་མ་དེ་ཉིད་རང་ངོ་ཤེས་པས་རྟོག་པའི་རྒྱུན་ཆད་དེ་འཁྲུལ་པ་རང་སར་གྲོལ་བ་མྱ་ངན་ལས་འདས་པ་ཡིན་ཏེ། ས་ར་ཧས། སེམས་བཅིངས་པས་ནི་འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །ཅེས་དང་། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་ལས། ཡེ་ཤེས་ཀྱིས་ནི་སེམས་ཕུག་ན། འགའ་ཡང་བག་ཆགས་མེད་པའོ། །ཞེས་གསུངས་ལ། འཁྲུལ་མ་འཁྲུལ་གང་གི་གནས་སྐབས་སུ་ཡང་རང་བཞིན་གྱི་མེད་པའི་དབྱིངས། སྣང་ཙམ་དུ་མི་འགག་པའི་རིག་པར་ཤར་བས་རྟེན་འབྲེལ་སྒྱུ་མ་ཙམ་དུ་གྲུབ་པ་འདི་ཉིད་འཁོར་འདས་གཉིས་མེད་དམ། སངས་རྒྱས་ཀྱི་དགོངས་པ་བཅོས་མ་མ་ཡིན་པར་བཞུགས་པ་སྟེ། སྣང་ཙམ་དུ་མ་འགགས་པ་རྟེན་འབྲེལ་གྱི་གཞི། རང་བཞིན་གྱིས་མ་གྲུབ་པ་སྟོང་ཉིད་ཀྱི་གཞི། ཐ་དད་དུ་མི་གནས་པ་ཟུང་འཇུག་གི་གཞི། ཕྱོགས་ཆ་དང་བྲལ་བ་ཁྱབ་གདལ་གྱི་གཞི། ཞེས་བྱ་སྟེ། ཡན་ལག་མེད་པའི་རྡོ་རྗེས། སྐྱེ་མེད་ཉིད་ཕྱིར་རང་བཞིན་མེད། །འགག་པ་མེད་པས་རྟེན་འབྱུང་བ། །ཡོད་དང་མེད་པ་ཉམས་འདི་ལས། །ཟུང་འཇུག་ཉིད་དུ་སྐྱེ་བར་འགྱུར། །ཞེས་གསུངས། དེ་ལྟ་བས་ན་སེམས་གློ་བུར་བ་ལ་སེམས་ཉིད་གཉུག་མས་ཁྱབ་པ་ཡིན་ཅིང་། སེམས་བསྒོམ་འདོད་ཀྱི་བློ་ཐམས་ཅད་ཆགས་པའི་ཕྱོགས། སྤོང་འདོད་ཀྱི་བློ་ཐམས་ཅད་སྡང་བའི་ཕྱོགས། ཆགས་སྡང་བཅོས་མ་དེ་ལྟ་བུས་འཁོར་བར་འཕེན་པ་ཡིན་ལ། སེམས་ལ་དགག་སྒྲུབ་མ་བཅོས་པ་ཉིད་ལ་མཉམ་པར་བཞག་པས་ཆགས་སྡང་དུ་མི་འགྱུར་བར་ཡེ་ཤེས་སུ་འཆར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དཔེར་ན་ཁྱག་པ་གློ་བུར་བ་ལ་ཆུའི་རང་བཞིན་གྱིས་ཁྱབ་པས་ཁྱག་པ་ལས་ཆུ་འབྱུང་བ་བཞིན། ཆུ་ཉིད་ལ་རང་བཞིན་དང་རྣམ་འགྱུར་གྱི་སྒོ་ནས་གཉིས་སུ་འབྱེད་པ་གནས་སྐབས་ཀྱི་ཆོས། ཁྱག་པ་དང་ཆུ་གཉིས་དབྱེ་བ་བྱས་ཀྱང་ཆུ། མ་བྱས་ཀྱང་ཆུ་ཡིན་པས། མཐར་ཐུག་གི་ཆོས་ཀྱང་མཚོན་ཞིང་། མདོར་ན་མ་བཅོས་པའི་སྣང་བ་ལ་རང་སྣང་། བཅོས་པའི་སྣང་བ་ལ་འཁྲུལ་སྣང་ཞེས་བྱ་སྟེ། ཀླུའི་བྱང་ཆུབ་ཀྱིས། སྟོང་ཉིད་བག་ཆགས་ཀྱིས་བསྒོས་ན། །སྟོང་པ་ཉིད་ནི་དངོས་པོར་འགྱུར། །རླུང་གིས་དཀྲུགས་ལས་བརྟན་པོར་ནི། །གྱུར་པས་ཆུ་ཉིད་ཆབ་རོམ་མོ། །ཞེས་གསུངས་སོ། །དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པར་ངོ་སྤྲད་པ་དབྱེ་བ་གསུམ་གྱིས་བཞག་པའི་དོན་ནོ། །གཉིས་པ་སྐྱེ་མེད་ལས་འགག་མེད་དུ་འཆར་བ་རྣམ་པ་ལམ་གྱི་རྟེན་འབྲེལ་ལ། གཅིག་ཤེས་པས་ཀུན་ཤེས་པར་བྱེད་པའི་རྟེན་འབྲེལ་སྒོམ་ཐབས་གཉིས། ནང་གི་སེམས་ཉིད་དབང་དུ་འདུས་པས་ཕྱིའི་སྣང་བ་དབང་དུ་སྡུད་པའི་རྟེན་འབྲེལ་ཆིག་ཆོག །གནས་ཚུལ་གཅིག་ལ་སྡོམ་པས་འཁོར་འདས་ཡོངས་ལ་ཁྱབ་པའི་རྟེན་འབྲེལ་བརྩི་ལུགས་གསུམ། འཁྲུལ་པ་གཞི་དང་བྲལ་བས་འཁྲུལ་མེད་རང་སོ་ཚུགས་པའི་རྟེན་འབྲེལ་སྒྲིག་དུས་བཞི། གཞི་ལྷུན་གྲུབ་ཀྱི་གནད་ལམ་དུ་བཅིངས་པས་གཞི་འབྲས་དབྱེར་མེད་འཆར་བའི་རྟེན་འབྲེལ་ལག་ལེན་གསུམ་དང་ལྔ་ལས། དང་པོ་ལ། སྐྱེ་བ་མེད་པ་ངོས་འཛིན་པ་ཉམས་གཞག་ཡོན་ཏན་སྐྱེ་བའི་རྟེན་འབྲེལ། འགག་པ་མེད་པ་ལམ་དུ་ཁྱེར་བ་རྗེས་ཐོབ་རྩལ་རྗོགས་པའི་རྟེན་འབྲེལ་གཉིས་ལས། དང་པོ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ་པའི་ཆུས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱངས་ནས་ཞེས་པའི་དོན། གཞན་གྱི་དོན་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས་ཡང་དག་པར་བསྐྱེད་ནས། བདེ་བའི་སྟན་ལ་རྣམ་པར་སྣང་མཛད་ཀྱི་བྱེད་ཆིངས་བདུན་སྐྱོན་མེད་པར་བཅིངས་ལ། རང་ཉིད་བཅོམ་ལྡན་འདས་ཟས་གཙང་གི་སྲས་བསོད་ནམས་ཀྱི་ཚོགས་ཀྱིས་བསྒྲུབས་པའི་མཚན་དང་དཔེ་བྱད་བཟང་པོས། བལྟ་བའི་མིག་ངོམས་པ་མེད་ཅིང་། ཡིད་ཕྱིར་ཕྱིར་བལྟ་བར་འདོད་པའི་གདུང་བ་བསྐྱེད་པར་བྱེད་པའི་མཛེས་སྡུག་གི་སྙིང་པོ་ལས་སྙིང་པོར་ཕྱིན་པའི་སྐུ། ཆོས་གོས་རྣམ་པ་གསུམ་ལེགས་པར་བགོས་པས་ན། གསེར་གྱི་རི་མཚམས་ཀྱི་སྤྲིན་པས་འཁྱུད་པ་ལྟ་བུ་བྱང་ཆུབ་ཀྱི་སྙིང་པོའི་སྤོར། རྩྭའི་གདན་དང་འཛམ་བུའི་གྲིབ་མ་ལ་བཞུགས་ནས་བདུད་འདུལ་བའི་ཚུལ་ཇི་ལྟ་བ་དེ་ལྟ་བུར་བསྒོམས་ཏེ། མདུན་གྱི་གཞི་ལས་གཉའ་ཤིང་གང་ཙམ་པའི་ཐད་དུ་དྭངས་ཤིང་དྭངས་པའི་ཟླ་བ་ཆུ་ཤེལ་དྲི་མ་མེད་པའི་འོད་ཀྱིས་འཁོར་མོ་ཡུག་ཏུ་བསྐོར་བ་ལ་མིག་རྩེ་གཅིག་ཏུ་གཏད་དེ། བརྗོད་པ་དང་བློས་བཞག་པ་ཐམས་ཅད་དང་བྲལ་བཞིན་དུ་སོ་སོ་རང་རིག་པའི་ཡེ་ཤེས་གཉུག་མ་ཁྱབ་གདལ་ཆེན་པོ་རང་ལ་འཆར་བ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་མ་བཅོས་པ་ཉིད་ཀྱིས་མཉམ་པར་བཞག་པས། སྐྱོན་ཡོན་གྱི་མཚན་མ་ཐམས་ཅད་ཀྱི་གཞི་བདེན་པར་ཞེན་པ་འཇིག་སྟེ། དེ་ཕྱིན་ཆད་ཆོས་ཐམས་ཅད་སྒྱུ་མ་མཁན་ལ་རང་གིས་སྤྲུལ་པའི་སྒྱུ་མ་བཞིན་དུ་སྣང་ངོ་། །དེ་ལྟར་ཡང་། སློབ་དཔོན་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས། བདག་མེད་ཉིད་ཕྱིར་ངེས་པར་ཆོས་ཀྱི་དབྱིངས། །རྣམ་པར་དག་པས་རོ་དག་ཉལ་པའི་གནས། །ཤིན་ཏུ་རྣམ་དག་ཆོས་དབྱིངས་རང་བཞིན་གྱིས། །དེར་ནི་བཞེངས་འདི་འགྲོ་བ་གཅིག་པའི་སྐུ། །ཞེས་གསུངས། འདིར་སྣང་བའི་སྟེང་དུ་སྟོང་པའི་རང་ཞལ་མཐོང་བ་ལ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་། སྡུག་བསྔལ་དབྱིངས་སུ་ཟད་པའི་བདེ་ཆེན་ལ་མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོའམ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཞེས་བྱ་ཞིང་། དེ་གཉིས་ཕྱོགས་རིས་སུ་འབྱེད་མི་ཤེས་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་བཞག་སྟེ། ཚུལ་འདི་བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་འབྱོངས་པ་ཡིན་ནོ། །དེ་ལྟར་ཡང་དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་བརྙན་གཟུང་བ་རྒྱུ། །སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་མི་འཕོ་བའོ། །ཞེས་གསུངས་ཤིང་། ལྟ་བའི་དུག་ཐམས་ཅད་ཚེར་མ་འབྱིན་པ་བཞིན་དུ་ནུས་པའི་གཉེན་པོ་བར་ཆད་མེད་པའི་ལམ་གྱི་ངོ་བོ་འདི་ཁོ་ན་ཡིན་ནོ། །གཉིས་པ་འགག་པ་མེད་པ་ལམ་དུ་འཁྱེར་བ་རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་ནི། དེས་སྣང་བའི་སྒྱུ་མ་དག་ནི་བཤིག་པར་བྱ་ཞེས་པའི་དོན། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ལས་ལོག་ན་མེད་པར་ཤེས་ནས། ཆོས་ཅན་གྱི་སྣང་བ་ཅི་དང་ཅི་ཤར་བ་དེ་དང་དེའི་ཐོག་ཏུ་མ་བཅོས་པར་མཉམ་པར་བཞག་པས་འཁྲུལ་པའི་དེ་ཉིད་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་དག་ཅིང་། ཚུལ་དེས་ཉམས་ལེན་ཡང་སྐོར་ལེ་གཅིག་ཏུ་མ་ལུས་པར་ཀུན་ཁྱབ་བམ། ཕྱོགས་བྲལ་ལམ། ཁྱབ་གདལ་གྱི་ཀློང་དུ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱིས་བྱེད་པ་ཡིན་ནོ། །དེའི་ལག་རྗེས་སྣང་སྲིད་འཁོར་འདས་ཀྱི་སྟེང་དུ་བསྒྲུབ་རྒྱུའི་རྩོལ་བ་ཟད། འདོར་རྒྱུའི་སྐྱོན་ཟད་པའི་ཚུལ་འདི་ཉིད་ལ་སྲིད་ཞི་མཉམ་ཉིད་ཅེས་བཏགས་ཏེ། རྡོ་རྗེ་མཁའ་འགྲོ་ལས། འདི་ཡི་ཚུལ་གྱིས་རབ་རྟོགས་པ། །རྫོགས་དང་བྲལ་བས་གྲོལ་བ་མིན། །རྣལ་མའི་ལམ་ལ་བརྟེན་ན་ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། །ཞེས་དང་། མཁའ་འགྲོ་རྒྱ་མཚོར། དབང་པོ་དང་ནི་ཡུལ་དང་ནི། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །སྐྱེ་བ་དང་ནི་འགག་པ་སྟེ། །རྨོངས་པ་འཆིང་ཞིང་མཁས་པ་ནི། །ཡོངས་སུ་ཤེས་པས་གྲོལ་བའོ། །ཞེས་དང་། ཡང་། དེ་བཞིན་མན་ངག་ཐམས་ཅད་ཀྱང་། །མན་ངག་གཅིག་གིས་ཐོབ་པར་འགྱུར། ཞེས་གསུངས་སོ། །འདི་ལྟ་བུའི་ཉམས་སུ་ལེན་པའི་ཁྱེར་སོ་ཤེས་ན་ངོ་བོའི་སྒོ་ནས་སྤང་བླང་དང་བྲལ་བ་དང་། རྣམ་པའི་སྒོ་ནས་སྤང་བླང་མི་འགལ་བས། དྲུག་གསུམ་བཅོ་བརྒྱད་དུ་གསུངས་པའི་གནད་ཐམས་ཅད་ལག་ཏུ་ལོན་པར་འགྱུར་ཏེ། དེ་ཡང་གཟུང་འཛིན་གྱིས་བསྡུས་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་རང་སར་དག་པས། སྤང་བྱ་སྤངས་པ་དང་མི་འགལ་ཞིང་། ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ནས་ཆོས་སྤྱོད་སྒྱུ་མ་ལྟ་བུར་བྱེད་པས་བླང་བྱ་བླངས་པ་དང་མི་འགལ་བ་ཡིན་ནོ། །གཞན་ཡང་རྟོགས་པ་གཤའ་མ་ཞིག་ཤར་ནས། ངོ་བོའི་སྒོ་ནས་བོགས་འདོན་རྒྱུ་མེད་དེ། ནམ་མཁའ་ལ་སྟོང་དུ་འགྲོ་རྒྱུ་དང་ཆུ་ལ་སླ་རུ་འགྲོ་རྒྱུ་མེད་པ་ལྟ་བུ། རྣམ་པའི་སྒོ་ནས་ཐམས་ཅད་མཁྱེན་པར་མ་གྱུར་གྱི་བར་ལ་བོགས་འདོན་རྒྱུ་ཡོད་དེ། ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་ལ་འཕྱར་བ་ལྟ་བུའོ། །གཉིས་པ་ལ། རང་སྣང་དབང་དུ་སྡུད་པའི་རྟེན་འབྲེལ་རྩ་བ་གཅིག་པུ་ཉམས་སུ་བླང་བ། གཞན་སྣང་དབང་དུ་སྡུད་པའི་རྟེན་འབྲེལ་ཡན་ལག་བཞི་བསྐྱང་བ། ཐུན་མོང་དུ་འཇུག་པའི་རྟེན་འབྲེལ་དམ་ཚིག་གསུམ་ལ་ཁྲིད་པ་དང་གསུམ་ལས། དང་པོ་ནི། གསུང་ངག་རིན་པོ་ཆེ་གཅིག་ཆོག་མའི་རྩ་བར། བདག་ཉིད་གཞན་དབང་འཆོར་བ་དང་། གཞན་རྣམས་རང་དབང་འདུ་བ་ནི། །རྩ་བའི་ཁྱིམ་རྣམས་གཅིག་ཏུ་བསྲེ། །ཞེས་པའི་དོན། ཆོས་ཉིད་སྐྱེ་བ་མེད་པའི་གཤིས་ལས་ཆོས་ཅན་འགག་པ་མེད་པའི་རྩལ་ཇི་སྙེད་པར་ཤར་བ་ཐམས་ཅད་རང་རིག་པའི་ཡེ་ཤེས་གཅིག་པུའི་རྣམ་པར་རོལ་པ་ལས་གཞན་མ་ཡིན་པའི་ཕྱིར་རང་སྣང་ཞེས་བྱ་ལ། གཟུང་འཛིན་བག་ཆགས་ཀྱིས་བསླད་པའི་སྣང་བ་ནི་མེད་བཞིན་དུ་སྣང་བ་ཁོ་ནར་ཟད་པས་འཁྲུལ་སྣང་ངམ་གཞན་སྣང་ཞེས་བྱའོ། །དེ་བས་ན་རང་རིག་པའི་ཡེ་ཤེས་རྒྱུན་མི་ཆད་དུ་བསྟེན་ནུས་ན་རང་གཞན་དབང་དུ་འཆོར་བའི་རྒྱུ་དང་། གཞན་རང་དབང་དུ་མི་འདུ་བའི་རྒྱུ་ཅི་ཡང་མེད་དོ། །དེ་ལྟར་བསྟེན་མི་ནུས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་བདག་པོར་འགྱུར་བའི་མིག་སོགས་ཀྱི་རྣམ་པར་ཤེས་པ་གཟུགས་སོགས་ཀྱི་ཚོགས་པ་ལ་འཇུག་པ་ཡིན་པས། དེ་དག་རྩ་བའི་ཁྱིམ་སེམས་ཀྱི་རང་བཞིན་ལ་བསྡུས་ཏེ་མ་བཅོས་པར་བཞག་གོ །དེ་ལྟར་ཡང་། ར་ཝི་ཤྲཱིས། སེམས་ཀྱི་རྩ་བ་ཕྱུང་བྱས་ནས། །སྟོང་པ་ཉིད་ལ་གནད་དུ་བཏང་། །མ་རིག་རབ་རིབ་ཀྱིས་ལྡོངས་ལ། །འདི་ལས་མིག་སྨན་མཆོག་ཅི་ཞིག །ཅེས་གསུངས་ཤིང་། གནས་སྐབས་འགའ་རེར་བལྟ་མྱུལ་བྱ་ཞེས་པས། གལ་ཏེ་ནང་དུ་མི་གནས་པར་དབང་སོགས་ཀྱི་སྟེང་དུ་ལྡང་བ་དེའི་ཚེ། དེ་ཉིད་ཀྱི་སྟེང་དུ་མ་ཡེངས་པར་བསྲེས་ནས་དེ་ཁོ་ན་ལམ་དུ་བྱས་པ་ལས། འཁྲུལ་པ་ཐམས་ཅད་རང་སར་འདག་པས་ཆེད་དུ་སྤང་དགོས་པ་ཡང་མ་ཡིན་ལ། །མངོན་པར་ཤེས་པ་དྲུག་གི་རང་བཞིན་སྒྱུ་མ་ཙམ་དུ་འགྱུར་བའི་ཕྱིར། ཆེད་དུ་བསྒྲུབ་དགོས་པ་ཡང་མ་ཡིན་པ་འདི་ལ་སྟོང་ཉིད་ཀྱི་རྩིས་ཞེས་བྱ་སྟེ། སྡོམ་འབྱུང་ལས། ཡུལ་དང་ཡུལ་ཅན་སྦྱོར་བ་ཡིས། །རྣམ་རྟོག་མེད་པའི་གོ་འཕང་འགྱུར། །རྣམ་པ་ཀུན་གྱི་མཆོག་གནས་པས། །ཡུལ་ནི་རྣམ་དག་ཤེས་པར་བྱ། །ཞེས་དང་། དཱ་རི་ཀ་པས། གལ་ཏེ་ཡེ་ཤེས་སྣང་མེད་ཉིད་ཡིན་ན། །གཉིད་འཐུག་ལྟ་བུར་བསྒྲུབ་བྱར་འགྱུར་བ་སྟེ། །གང་ཡང་དབང་པོ་འགོག་ལ་ཡེ་ཤེས་ནི། བྱེ་བྲག་སྨྲ་བ་རྣམས་ཀྱི་ལུགས་ཡིན་ནོ། །ཞེས་གསུངས་སོ། །དེ་ལས་བདག་དང་སེམས་ཅན་མཉམ་པ་ཉིད་དུ་མཐོང་ནས་སེམས་ཅན་གྱི་སྡུག་བསྔལ་དྲུངས་ནས་འབྱིན་པ་ལ་དཔའ་བ་ནི་སྙིང་རྗེའི་ལྕགས་ཀྱུ་ཞེས་བྱ་སྟེ། དབང་མདོར་བསྟན་ལས། སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། །དམིགས་མེད་སྙིང་རྗེའི་འབྲས་བུ་འབྱུང་། །ཞེས་སོ། །དེ་ལས་བདག་གིས་རྟོགས་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པར་བྱ་བའི་ཕྱིར་འཕགས་པའི་ཡོངས་སུ་བསྔོ་བས་ཡོངས་སུ་སྔོ་བར་བྱེད་པའི་དགའ་བ་ནི་བདེ་བའི་སྒྲ་སྟེ། ཟླ་གྲགས་ཀྱིས། ཀུན་ཏུ་བཟང་པོའི་སྨོན་པས་རབ་བསྔོས་དགའ་བ་ལ། །རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱའོ། །ཞེས་སོ། །སྟོང་པ་ཉིད་རྒྱུ་འབྲས་སུ་ལྡང་བ་རྒྱུ་དང་འབྲས་བུ་མི་སླུ་བའི་སྙིང་པོར་ཤེས་ནས། འཕྲིན་ལས་བཞིའི་ས་བོན་འཇོག་པ་ནི་བློས་བྱས་ཀྱིས་བློས་བྱས་བསྒྲུབ་པ་ཞེས་བྱ་སྟེ། །གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་མྱུར་བར་འགྱུར། །ཞེས་སོ། །དེ་ལྟ་བུས་སེམས་ལ་དབང་བསྒྱུར་བ་ལ་བསླབས་པས་ཁམས་གསུམ་གྱིས་མངོན་པར་འདུད་ཅིང་དེ་ཉིད་ལ་དུས་རྟག་ཏུ་མཉམ་པར་བཞག་པས། །བདུད་ཀྱི་དཔུང་བྱེ་བ་ཉིད་ཀྱིས་ཀྱང་དབྱེ་བར་མི་ནུས་ཤིང་། རང་དང་གཞན་གྱི་རྒོལ་བ་སྟོང་གིས་ཀྱང་ཕམ་པར་མི་བྱེད་ལ། སྲིད་པའི་རོལ་རྩེད་ཀྱིས་རྣམ་པར་བསྒྱུར་བ་གྲངས་མེད་ཀྱི་བསྒྱུར་སྟབས་ཀྱིས་ཀྱང་ཉམས་པར་བྱེད་མི་ནུས་པས་ཏེ། གོ་འཕང་འདི་ལ་གནས་ནས་སྲིད་པ་དང་ཞི་བ་ལ་མཉམ་པར་གནས་པས། འཁོར་འདས་ཀྱི་དབྱེ་བ་ཟད་པ་དང་། ཐམས་ཅད་དབང་དུ་འདུ་བ་དུས་མཉམ་ཡིན་ནོ། །གཉིས་པ་གཞན་སྣང་དབང་དུ་བསྡུ་བའི་རྟེན་འབྲེལ་ཡན་ལག་བཞི་བསྐྱང་བ་ནི། བྱ་བ་བཏང་བ་དང་། ཆོག་ཤེས་པ་དང་། འདོད་པ་ཟད་པ་དང་། སྡོད་ཚུགས་པ་སྟེ་བཞི་ནི་ངོ་བོ་ལ་གཡོ་བ་མེད་པར་བྱེད་པའི་ཡན་ལག་ཡིན་པས་ཡན་ལག་བཞི་ཞེས་བྱའོ། །སོ་ནམ་ཟིན་ན་ཉལ་ལས་བསྡད། །ཅེས་པས། བྱ་བ་མ་ཐོངས་ན་སེམས་བྱ་རྩོལ་གྱི་སྤྲོས་པའི་དབང་དུ་སོང་ནས་གནས་ལུགས་ཀྱི་བཙན་ས་མི་ཟིན་པས་རྒྱལ་པོ་དམངས་སུ་བབས་པ་དང་འདྲ་བའི་ཕྱིར། སྤྲོས་པ་འཕེལ་བའི་བྱ་བ་ཐམས་ཅད་བཏང་སྟེ་ཏིང་ངེ་འཛིན་གྱི་གནས་པ་འབའ་ཞིག་ལ་གཅིག་ཏུ་བརཏལ་བ་བརྟན་པར་བྱ་བ་ནི་བྱ་བ་བཏང་བའོ། །དེ་ལྟར་ཡང་གསང་བ་གྲུབ་པ་ལས། ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་སོགས་ནི། །བསྒྲུབ་པར་འདོད་པ་མ་འོངས་པའི། །སློབ་དཔོན་རྣམས་ནི་བདུད་ཀྱི་རིགས། །ཞེས་གསུངས་པ་དང་། བི་བུདྡྷ་ཀ་རས། ཡེ་ཤེས་གོམས་བྱེད་རྣལ་འབྱོར་པ་ཡི་ཡིད་ནི་འདི་ལྟར་རིགས་མིན་ཉིད། །སློང་བ་བགྱིད་དང་ཤིན་ཏུ་མང་པོའི་བཟའ་བ་དང་ནི་གཉིད་ཀྱང་སྟེ། །མྱུར་བའི་དབང་ལས་མང་དུ་སྨྲ་དང་སྒྲ་སྒྲོགས་རླུང་དང་ཀློག་པ་དང་། །མཆོད་དང་སྦྱིན་སྲེག་སོགས་ཀྱང་དེ་བཞིན་སྤང་བྱ་འདིར་ནི་ཏིང་འཛིན་ལའོ། །ཞེས་གསུངས་སོ། །ལྟོ་བ་འགྲངས་ན་མི་འདོད་བྱ། །ཞེས་པ། །སྒྲོ་འདོགས་སེམས་ལ་ཆོད་ནས་སླར་སྒྲོ་འདོགས་གཅོད་པའི་ཕྱིར་ཐ་སྙད་ཀྱི་གཙུག་ལག་སྣ་ཚོགས་པའི་རྗེས་སུ་འབྲང་བ་ནི། །ཡོད་པའི་སྒོ་བོར་ནས་མེད་པའི་སྲང་མདོར་འཁྱམ་པ་ལྟ་བུའམ། སྤྲོས་པ་ཀུན་དང་བྲལ་བའི་རང་གི་སེམས་རྟོགས་ནས། སྤྲོས་པ་རྣམས་ལ་ཆེད་དུ་འབད་པའི་རྣལ་འབྱོར་ནི། །ནོར་བུ་རྙེད་ནས་མཆིང་བུ་འཚོལ་བ་དང་། ཟས་མཆོག་རྙེད་ནས་ཟས་ངན་འཚོལ་བ་བཞིན། །ཞེས་གསུངས་པ་ལྟར་དུ་ཟད་པས། གནས་འདི་ཁོ་ན་ལ་ཡིད་གཅིག་ཏུ་བྱ་བ་ནི་ཆོག་ཤེས་པ་སྟེ། བ་ན་རཏྣས། གང་དུའང་མཆོག་གི་གོ་འཕང་ལ། །ཡིད་གཅིག་པ་ཡིས་བསམ་བྱས་ན། །དེ་ལས་དངོས་གྲུབ་རྙེད་འགྱུར་ཏེ། །བྱ་མང་རྩོམ་ལ་འབྲས་བུ་ཅི། །ཞེས་སོ། །ཆོས་དང་ཟང་ཟིང་མི་འདོད་བྱ། ཞེས་པས། ཇི་ལྟར་ཐོག་མ་མེད་པའི་བག་ཆགས་ཀྱིས་ཡོངས་སུ་བསྒྲུབས་པའི་སྣང་རྐྱེན་སྣ་ཚོགས་པ་སྣང་བའི་རྗེས་སུ་མངོན་པར་རྒྱུག་ཅིང་དེ་ལ་ཆགས་པས་མིག་བྲིད་ན་སེམས་ཉོན་མོངས་པ་དང་། རྣམ་པར་རྟོག་པ་དང་། རྣམ་པར་རྟོག་པ་ཁོ་ནར་འགྱུར་ཏེ། གནས་ལུགས་ཀྱི་དོན་དེ་ཉིད་དོན་སྤྱིའམ་གོ་ཡུལ་ཙམ་དུ་ལུས་ནས། གདེང་རྙེད་པར་མི་འབྱུང་བས་ཐམས་ཅད་དུ་བླང་དོར་ལས་རིས་སུ་བཅད་པ་མཐའ་དག་ལ་ལྟོས་པ་མེད་པར་རིས་མེད་པའི་རང་ཉམས་ལ་མཉམས་པར་གནས་པ་ནི་འདོད་པ་ཟད་པ་སྟེ། ཀླུ་སྒྲུབ་ཀྱིས། དེ་ཉིད་དུ་ན་འཁོར་བ་ཡོད་པ་མིན་ན་ལུས་ཅན་རྣམས་ནི་འཆིང་བར་སྨྲ་བ་ཅི། །གང་དུ་འཆིང་བ་མེད་ན་གྲོལ་ཟིན་དེ་ལ་གྲོལ་བའི་བྱ་བ་རྫུན་པ་ཉིད་དུ་འགྱུར། །ཐག་པ་སྦྲུལ་དང་གྲིབ་མ་ཤ་ཟར་འཁྲུལ་པ་བཞིན་དུ་སྒྲོ་བཏགས་པས་ནི་བྱས་ངེས་ན། །ཅུང་ཟད་དོར་བར་མི་བྱ་བླང་མི་བགྱི་སྟེ་རང་ཉམས་ཇི་ལྟ་བ་བཞིན་གསལ་བར་གནས། །ཞེས་སོ། །རི་དྭགས་ཉལ་སར་ཕུར་བ་གདབ། །ཅེས་པ། ཕྱི་དབེན་པའི་གནས། ནང་བསམ་གཏན་གྱི་ཁང་བུ། གསང་བ་ལུས་གནད། དེ་ཁོ་ན་ཉིད་གནས་ལུགས་ཀྱི་སྟེང་དུ་ཉིན་མཚན་དུ་རྐྱེན་གཞན་གྱིས་གཡོ་བ་མེད་པར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་གྱིས་མཉམ་པར་འཇོག་པ་ནི་སྡོད་ཚུགས་ཐུབ་པའོ། དེ་ལྟར་ཡང་། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་གསུངས་སོ། །གསུམ་པ་ཐུན་མོང་དུ་འཇུག་པའི་རྟེན་འབྲེལ་དམ་ཚིག་གསུམ་ལ་ཁྲིད་པ་ནི། སྐྱེས་བུ་གསུམ་ལ་ལས་མི་གཞོལ། །ཞེས་པ། ལུས་ཀྱི་དམ་ཚིག་བསམ་གཏན་གྱི་བྱེད་ཆིངས། ངག་སྨྲ་བ་བཅད་པའམ་རླུང་གི་རྒྱུ་བ་འགེགས་པ། ཡིད་ལས་དང་ཉོན་མོངས་པའི་དབང་དུ་མི་བཏང་བར་མ་ཡེངས་པ་ལས་མི་གཡོ་བ་སྟེ། རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར། །དམ་ཚིག་སེམས་དཔར་བརྗོད་པར་བྱ། །ཞེས་པའི་ངེས་པ་ཡིན་ལ། ལས་དང་ཉོན་མོངས་པའི་དབང་དུ་མི་བཏང་བ་ཞེས་པ་ལས་ཉོན་འགེགས་པ་མ་ཡིན་གྱི། རང་གར་མ་ཤོར་བར་རང་མྱོང་གི་གནད་ཀྱིས་ཁ་ཡན་དུ་བཞག་པས་ཡེ་ཤེས་ཀྱི་རྩལ་སྦྱོང་དུ་འགྱུར་བ་སྟེ། ནག་པོ་སྤྱོད་པས། རྣམ་མི་རྟོག་ལས་སངས་རྒྱས་མིན། །དེ་བཞིན་རྣམ་རྟོག་བཅས་ལས་ཀྱང་། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །མཁས་པ་རྣམས་ནི་འགྱུར་བ་ཉིད། །ཅེས་སོ། །གསུམ་པ་གནས་ཚུལ་གཅིག་ལ་བསྡོམས་པས་འཁོར་འདས་ཡོངས་ལ་ཁྱབ་པའི་རྟེན་འབྲེལ་བརྩི་ལུགས་གསུམ་ལ། དངོས་པོར་སྣང་བའི་རྒྱུ་འབྲས་སྤྲུལ་སྐུའི་རྩལ་སྦྱོང་། སྒྱུ་མ་ལྟ་བུའི་རྒྱུ་འབྲས་ལོངས་སྐུའི་རྩལ་སྦྱོང་། ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཆོས་སྐུའི་རྩལ་སྦྱོང་གསུམ་ལས། དང་པོ་ནི། ཇི་ལྟར་དངོས་དང་ཞེས་པའི་མཐར་འདྲ་བ། །དེ་ལྟར་རྟེན་འབྱུང་ཆོས་ཀྱང་ཤེས་བྱ་སྟེ། །ཞེས་སྦྱར་བའི་དོན་ལས་དང་ཉོན་མོངས་པའི་སྒྲིབ་པས་མ་དག་པའི་སྣང་བ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་འབྲས་ཨ། །མཐས་སུ་སྣང་བའི་ཕྱིར་དངོས་པོར་སྣང་བའི་རྒྱུ་འབྲས་ཞེས་བྱ་ལ། དེ་ཉིད་ཆོས་ཅན་ཅི་རིགས་པའི་སྟེང་དུ་སྐྱོན་ཡོན་གྱི་ཆ་ཚུལ་བཞིན་དུ་འཇལ་བའི་རྣམ་པར་འབྱེད་པའི་མཚན་ཉིད་ཅན་སོ་སོར་རྟོག་པའི་བློ་སྔོན་དུ་འགྲོ་བས་སམ། མ་བཏང་བར་ཞི་གནས་ཀྱི་རླན་རིག་པ་གསལ་ལ་གོ་མ་འགགས་པ་གསལ་བ་དང་། ཉམས་དེ་ལ་འཛིན་པ་མ་ཞུགས་པ་མི་རྟོག་པ་དང་། དེ་གཉིས་ཀྱི་ངོ་བོ་དབྱེར་མི་ཕྱེད་པའི་བདེ་བ་སེམས་ཀྱི་འགྱུར་བ་སྐད་ཅིག་མའི་སྟེང་དུ་རང་གི་ངོ་བོ་ཤིན་དུ་ཕྲ་བ་རྣམ་པར་འབྱེད་པའི་ཡང་དག་པའི་སོ་སོར་རྟོག་པར་ལྡང་བ་དག་བཙལ་བར་བྱའོ། ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་སོ། །དེ་ནས་ལངས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་སྙོམས་པའི་རྒྱུད་དག་པའི་ས་གཞི་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པའི་ཆུས་བཅུས་པ་ལ། བདེ་བ་དང་མི་འབྲལ་བར་འདོད་པའི་རྣམ་པ་ཅན་གྱི་རྣལ་འབྱོར་པས་སྡུག་བསྔལ་ལས་འདོན་པར་འདོད་པའི་ས་བོན་བཏབ་པས་སྙིང་རྗེ་ཆེན་པོའི་མྱུ་གུས་ཁྱབ་པར་བྱའོ། །དེ་ལྟར་ཡང་། དཔའ་བོས། བཏང་སྙོམས་ས་གཞི་ལེགས་བརྡལ་ལ། །བྱམས་པའི་ཆུ་བོས་རྣམ་བཅུས་ལ། །རབ་ཏུ་དགའ་བའི་རྣལ་འབྱོར་པས། །སྙིང་རྗེའི་ས་བོན་ལེགས་པར་གདབ། །ཅེས་གསུངས་སོ། །གཉིས་པ་སྒྱུ་མ་ལྟ་བུའི་རྒྱུ་འབྲས་ལོངས་སྐུའི་རྩལ་སྦྱོང་ནི། ཇི་ལྟར་སྒྱུ་མ་འདྲ་བ་དེ་ལྟར་རྟེན་འབྱུང་ཆོས་ཀྱང་ཤེས་བྱ་སྟེ། །ཞེས་སྦྱར་བའི་དོན། འཁོར་བ་རང་བཞིན་མེད་པར་ཤེས་པའི་གནད་ཀྱི་མ་དག་པ་ཞེས་བྱ་བ། གཤིས་ལ་མེད་པར་རྟོགས་ཀྱང་མ་འགགས་ཙམ་གྱི་འཁོར་བ་སྣང་བ་མ་ཟད་ཀྱི་བར་དེ་སྲིད་སྒྱུ་མ་ལྟ་བུའི་སྣང་བས་སྒྱུ་མ་ལྟ་བུའི་རྒྱུ་འབྲས་ཞེས་བྱའོ། །དེ་ཡང་རིག་པ་སྐད་ཅིག་མའི་སྟེང་དུ་སྐད་ཅིག་དང་པོ་རང་ལ་ངོས་ཟིན་པས་གཤིས་སྟོང་པ་ཉིད་ཀྱི་ཞི་གནས་ཆེན་པོ་ལ་གདངས་འགག་པ་མེད་པའི་ལྷར་འཆར་བའི་སྣང་སྟོང་ལྷན་ཅིག་སྐྱེས་པའི་ངང་དུ་རྩལ་སྦྱོང་ནས་བྱའོ། །དེ་ལྟར་ཡང་གུར་ལས། སྟོང་ཉིད་དྲི་མེད་དམ་པའི་གནས། །རྨི་ལམ་སྒྱུ་མའི་རང་བཞིན་ཉིད། །ཇི་སྲིད་མ་ཞིག་བར་དུ་ནི། །སེམས་ཀྱི་རང་བཞིན་སྒོམ་པར་གྱིས། །ཞེས་དང་། གཉིས་མེད་རྡོ་རྗེས། བདེ་བའི་སེམས་ཀྱི་རྣམ་པ་ལྷ། །ཤེས་རབ་སྟོང་པ་ཉིད་དུ་གསུངས། །སྣ་ཚོགས་འཁོར་ལོའི་ཐབས་གྱུར་པ། །དེ་ཡི་བདག་ཉིད་འདོད་བསྒྲུབ་བྱ། །ཞེས་གསུངས་སོ། །གསུམ་པ་ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཆོས་སྐུའི་རྩལ་སྦྱོང་ནི། ཇི་ལྟར་རྣམ་མཁའ་འདྲ་བ་དེ་ལྟར་རྟེན་འབྱུང་ཆོས་ཀྱང་ཤེས་བྱ་སྟེ། །ཞེས་སྦྱར་བའི་དོན་ཆོས་ཐམས་ཅད་ཀྱི་སྟེང་དུ་རང་བཞིན་གྱིས་དག་པའི་ཆོས་སྐུ་གློ་བུར་གྱི་དྲི་མ་དག་པ་རྣམ་པ་ཐམས་ཅད་པར་འཆར་བར་མཐོང་བ་ནི་ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཞེས་བྱའོ། །དེའི་རྩལ་སྦྱོང་ནི། གང་སྣང་ཆོས་སྐུའི་བཞུགས་ཚུལ་དུ་གཏན་ལ་ཕེབས་པས་འཁྲུལ་པ་མེད་པས། དེའི་ཕྱིར་སྤང་དུ་མེད་ཅིང་ཐོབ་པར་བྱར་མེད་པས་ཉམས་སུ་ལེན་པའོ། །དགོངས་པ་ལུང་སྟོན་ལས། ཡོད་མེད་གཉིས་ཀ་ལས་འདས་པ། །གནས་མེད་གནས་པ་ཞེས་བྱ་བ། །ནམ་མཁའི་རང་བཞིན་འདི་ལས་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་། །ཞེས་དང་། དབང་མདོར་བསྟན་ལས། དེ་ལྟར་དངོས་པོའི་ཚོགས་པ་ཡང་། །མཆོག་ཏུ་མི་འགྱུར་ཟོས་པ་ཡིས། །མཆོག་ཏུ་མི་འགྱུར་བ་ཉིད་འགྱུར། །རྣམ་པ་ཐམས་ཅད་རང་བཞིན་འཛིན། །ཞེས་གསུངས་སོ། །བཞི་པ་འཁྲུལ་པ་བཞི་དང་ཕྲལ་བས་འཁྲུལ་མེད་རང་སོ་ཚུགས་པའི་རྟེན་འབྲེལ་སྒྲིག་དུས་བཞི་ལ། གཞི་སྡོམ་པ་དང་དམ་ཚིག་གི་རྟེན་འབྲེལ་སྒྲིག་པ། བླ་མའི་དྲུང་དུ་མོས་གུས་ཀྱི་རྟེན་འབྲེལ། བསྒྲུབ་པའི་དུས་འཇིག་རྟེན་བློས་བཏང་གི་རྟེན་འབྲེལ། འགྲོ་དོན་གྱི་དུས་གཞན་ཕན་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་སྒྲིག་པ་བཞི་ལས། དང་པོ་ནི། སྡོམ་གནས་ཞེས་པ་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ཟག་པ་མེད་པའི་དབྱིངས་སུ་སྡོམ་པས་ན་སྡོམ་པ་སྟེ། འཆལ་པའི་དྲི་མས་མ་གོས་པ་ཡང་དེ་ཡིན་ནོ། །དེ་བས་ན་མི་མཐུན་པའི་ཕྱོགས་སྡོམ་པའི་ཆ་ནས་སྡོམ་པ་དང་། མཐུན་པའི་ཕྱོགས་དང་མི་འབྲལ་བའི་ཆ་ནས་དམ་ཚིག་དང་། ལུས་ངག་ཡིད་ཐ་མལ་པ་བརཏལ་བས་བརཏལ་ཞུགས་སུ་ཡང་བཞག་ཅིང་། སྡོམ་པ་ཐམས་ཅད་ཡེ་ཤེས་གཅིག་གི་ངོ་བོར་རྫོགས་པ་ནི་ཐུན་མོང་གི་ཐེག་པ་ལ་མ་གྲགས་པས་རྣལ་འབྱོར་པ་རྣམས་ཀྱི་ཁྱད་ཆོས་ཡིན་པས། གནད་ཀ་དེ་ལྟ་བུ་ཞིག་རྟོགས་ན་བཅོས་མའི་བསླབ་པ་ལ་ཆེད་དུ་མི་ལྟོས་པ། དེ་ལྟར་མ་རྟོགས་པ་རྣམས་ཀྱི་ལམ་གྱི་སྟེགས་ཡིན་པས། རེ་ཞིག་རྒྱུད་ཚོད་དང་མཐུན་པའི་ཉམས་ལེན་བྱས་ནས་མཐར་ངེས་དོན་དུ་སྦྱོར་ཐུབ་ན་ཆོས་ཀྱི་དགོས་པ་གྲུབ་པ་ཡིན་ནོ། །དེ་ལྟར་ཡང་སྡོམ་པ་འབྱུང་བ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་ལ་རབ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་ཏུ་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། སྡོམ་པ་སྲུང་བར་བྱེད་པ་གང་། །དེ་ནི་བྱང་ཆུབ་སེམས་ཞེས་བརྗོད། །ཅེས་དང་། འཇམ་དཔལ་ཞལ་ལུང་ལས། །དེ་ལྟར་དམ་ཚིག་སྡོམ་ལྡན་པའི། །སྣོད་དུ་རྩེ་གཅིག་ཆུ་འདྲ་ལས། །ཡེ་ཤེས་གཟུགས་རྙན་འཆར་བ་རུ། །རྣལ་འབྱོར་པ་ཡིས་རབ་ཏུ་བརྟག །ཅེས་དང་། །དེ་བས་ལུས་ངག་ཡིད་གསུམ་གྱི། །སྡོམ་པ་མཆོག་ལ་གནས་བྱས་ནས། །ཞེས་སོ། །གཉིས་པ་བླ་མའི་དྲུང་དུ་མོས་གུས་ཀྱི་རྟེན་འབྲེལ་སྒྲིག་པ་ནི། བླ་མར་གུས་ལྡན་ཞེས་པས། རང་ཉིད་ཀྱི་སྤྱི་བོའམ་སྙིང་གི་པདྨོ་ཁ་བྱེ་བའི་དབུས་སུ་རྩ་བའི་བླ་མ་གསལ་བཏབ། རིས་མེད་པའི་མཆོད་པའི་རྫས་ཀྱིས་ལེགས་པར་མཆོད་ཅིང་བསྟོད་དེ། ཇི་ལྟ་བ་ལས་ཇི་སྙེད་པར་འཆར་བའི་མཐར་ཕྱིན་འབྲས་བུའི་རྟེན་འབྲེལ་རྟོགས་པར་གསོལ་བ་འདེབས་པ་འདི་ལྟ་བུའི་རྣམ་པར་རྟོག་པ་དང་འབྲེལ་བའི་མོས་གུས་ལ་རྩེ་གཅིག་ཏུ་གནས་པ་ཉིད་ཀྱིས་ཉམས་མྱོང་གི་རྩལ་རྒྱས་པའི་སྟེང་དུ་འདྲེན་ལ། དེ་དང་འདྲེས་པའི་མོས་གུས་ཀྱིས་ཞེན་པའི་དག་བྱེད་བྱས་ནས་གནས་ལུགས་རྟོགས་པ་དང་སྤྲོད་ལ། གནས་ལུགས་རྟོགས་པའི་རྩལ་མོས་གུས་སུ་ཤར་བས་ཆོས་ཐམས་ཅད་བླ་མ་དམ་པའི་སྐུ་གསུང་ཐུགས་རྡོ་རྗེ་བཞིར་མཉམ་པར་སྦྱོར་བའི་སྙིང་པོ་བླ་ན་མེད་པའི་བྱིན་རླབས་ཀྱི་ཉེ་ལམ་བགྲོད་པ་གཅིག་པའི་རྣལ་འབྱོར་མངོན་སུམ་དུ་བྱེད་པར་འགྱུར་རོ། །གསུམ་པ་བསྒྲུབ་པའི་དུས་འཇིག་རྟེན་བློས་བཏང་གི་རྟེན་འབྲེལ་ནི། །དེ་དག་གི་མ་ཆགས་ཞེས་པ། སྒྲུབ་པ་པོས་འཁོར་བ་ཐོག་མ་མཐའ་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ལ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པས་འཁོར་བའི་གནས་སྐབས་ཐམས་ཅད་ལ་ཡང་སྡུག་བསྔལ་གྱི་འདུ་ཤེས་བསྒོམས་ནས་ཞེན་པ་ཡོངས་སུ་སྤང་བར་བྱ་ཞིང་། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བསྒྲུབ་པ་ལ་ལུས་དང་སྲོག་ལ་ཡང་ཞེན་པ་མེད་པར་བྱ་བ་དང་། །ཏིལ་འབྲུ་ཙམ་ལ་ཡང་དངོས་པོར་འཛིན་པ་གཟུང་འཛིན་གྱི་ཞེན་པ་དོར་བ་དང་། རྣམ་པར་གཡེང་བར་འགྱུར་བ་དང་། ཕྱིར་བཟློག་པར་འགྱུར་བའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་དང་། གྲུབ་པ་ཆེན་པོ་བརྒྱད་ལྟ་བུ་འཚོལ་བ་ལ་ཞེན་པ་རྣམས་བོར་ནས། རྣམ་པར་མི་རྟོག་པའི་དངོས་གྲུབ་འབའ་ཞིག་ལ་སེམས་རྩེ་གཅིག་པ་བསྒོམ་པར་བྱ་བ། བྷུ་སུ་ཀུའི་སྤྱོད་པ་སྟན་རྡོལ་ལམ། ལྷམ་རྡོལ་ཏེ། སྨྱོན་པ་ལྟ་བུར་སྤྱོད་པའི་གསང་སྤྱོད་གང་ཡང་རུང་བ་ལ་གནས་པར་བྱ་སྟེ། སྤྱོད་བསྡུས་སུ་ལུང་། གང་ཚེ་ཆགས་མེད་རྣལ་འབྱོར་པས། །དེ་ཚེ་ཕུན་སུམ་ཚོགས་འཕེལ་འགྱུར། །སྡིག་པ་མ་ལུས་ལྡན་པ་དང་། །གཏི་མུག་སྡིག་ལ་རབ་གནས་པའང་། །སྨྱོན་པའི་བརཏལ་ཞུགས་སྦྱོར་པ་ཡིས། །ཟླ་བ་དྲུག་གིས་དོན་འགྲུབ་འགྱུར། །ཞེས་སོ། །བཞི་པ་འགྲོ་དོན་གྱི་དུས་གཞན་ཕན་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་སྒྲིག་པ་ནི། སྙིང་རྗེའི་ཡ་ལད་བགོས་ནས་སུ། །ཞེས་པའི་དོན། བདག་གཞན་མཉམ་པ་ཉིད་དུ་རྟོགས་པས་འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་ནོན་པ་དེའི་ཚེ་སྙིང་རྗེ་ཆེན་པོ་བསྡུ་བ་རྣམ་པ་བཞིའི་ལག་ལེན་ལ་བརྡར་བས་སམ། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་ལ་སོགས་པའི་ལས་རབ་འབྱམས་གང་གིས་གང་འདུལ་བ་དེ་དང་དེའི་ཚུལ་གྱིས་འགྲོ་བའི་དོན་བྱའོ། །དེ་ལྟར་ཡང་མཚན་བརྗོད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། །དེ་ལ་བརྟན་པའི་རྟགས་སྐྱེས་ནས། །ས་ནས་སར་ནི་འཕར་བ་ལྟར། །བློ་ཡི་རྣམ་པ་གོང་དུ་འཕེལ། །རིག་འཛིན་ལ་སོགས་འཕྲུལ་པ་ཡིས། །གཞན་ནི་དོན་དེ་ལ་སྦྱོར་བྱེད། །ཅེས་གསུངས་སོ། །ལྔ་པ་གཞི་ལྷུན་གྲུབ་ཀྱི་གནད་ལམ་དུ་བཅིངས་པས་གཞི་འབྲས་དབྱེར་མེད་དུ་འཆར་བའི་རྟེན་འབྲེལ་ལག་ལེན་གསུམ་ལ། ལུས་སོ་སོར་བརྟགས་ཏེ་འགོག་པ་བེམ་རིག་བསྲེ་བ་ཕྱིའི་རྟེན་འབྲེལ། ངག་སོ་སོར་བརྟགས་ཏེ་འགོག་པ་ཟབ་གསལ་གཉིས་མེད་ནང་གི་རྟེན་འབྲེལ། ཡིད་སོ་སོར་བརྟགས་ཏེ་འགོག་པ་ཁ་སྦྱོར་གྱི་ཏིང་ངེ་འཛིན་གསང་བའི་རྟེན་འབྲེལ་གསུམ་ལས། དང་པོ་ལ། ཕྱི་བསག་སྦྱང་གི་ལམ་གཙོ་བོར་བཏོན་པ་སྤེལ་སྦྱང་གི་རྟེན་འབྲེལ། ལས་དང་ཉོན་མོངས་ལྷར་བསྒྱུར་བ་ཐབས་ལ་མཁས་པ་ཁ་བཟེའི་རྟེན་འབྲེལ། དགེ་སྡིག་གི་ཟད་པ་མངོན་དུ་བྱེད་པ་རང་བཞིན་ཤེས་པའི་ལམ་དབང་བཞིའི་རྟེན་འབྲེལ་གསུམ་ལས། དང་པོ་ནི། སྟོབས་རྣམ་པ་བཞིའི་སྦྱང་བ་སྔོན་དུ་བཏང་ནས། རང་གི་སེམས་འོད་གསལ་བའི་རང་བཞིན་ཨ་ཡིག་དཀར་པོ་སྡིག་པའི་དྲི་མས་ནག་ནོག་ཏུ་གྱུར་པ་དེ་བཞིན་ཉིད་ཀྱི་སྟོང་པའི་རང་གདངས་སུ་འཆར་དུ་བཅུག་ལ། དེ་ནས་ཆོས་ཉིད་རྣམ་པར་དག་པའི་ཕྱག་རྒྱ་དང་། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཞེས་གཞོམ་དུ་མེད་པའི་སྒྲའི་རྩིས་ཟིན་པ་གསེར་འགྱུར་གྱི་སྨན་གྱིས་རེག་པའི་ལྕགས་དྲག་པོའི་མེས་གདུངས་པ་ལྟ་བུ་སྡིག་པའི་དྲི་མ་ཟད་པའི་དྲི་མ་མེད་པར་བསམས་ལ། སྔགས་ཉི་ཤུ་རྩ་གཅིག་བརྗོད་པར་བྱའོ། །དེ་ནས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་ཨ་ཡིག་དྲི་མ་མེད་པ་དེ་ཉིད་དགེ་བའི་འོད་ཟེར་དང་བཅས་པའི་ཇེ་ཆེར་གྱུར་ཏེ་ནམ་མཁའི་ཁམས་ཁྱབ་པའི་སྔགས་ཀྱི་ལྷ་བསམས་ལ་ཉེར་གཅིག་བརྗོད། མཐར་དེ་བཞིན་ཉིད་ཀྱི་སྟོང་པའི་གཞི་གནས་སྒྲ་ཚུལ་གྱི་ལྷར་ཤར་བའི་ལྷག་མཐོང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་གཉིས་སུ་མི་ཕྱེད་པར་མཉམ་པར་བཞག་ལ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་རྣམས་ཀྱིས་ཡོངས་སུ་བསྔོ་བར་བྱའོ། །དཽ་ལི་པས། སེམས་ལ་སྡུག་བསྔལ་ས་བོན་བཏབ་པ་ལས། །སྐྱེ་བ་དུ་མ་རྣམས་སུ་འཕེལ་འགྱུར་བ། །དེ་ཕྱིར་རྣམ་པར་དག་ལས་ཡོངས་སྤངས་ཤིང་། །རྣམ་པར་དཔྱད་ལས་བདེ་མཉམ་འདོད་པ་བྱ། །ཞེས་གསུངས་སོ། །གཉིས་པ་ལས་དང་ཉོན་མོངས་པ་ལྷར་བསྒྱུར་བ་ཐབས་ལ་མཁས་པ་ཁ་བཟེའི་རྟེན་འབྲེལ་ནི། ཉོན་མོངས་པ་དང་གཏི་མུག་གམ་དེས་བསྐྱེད་པའི་ལས་ཀྱི་ཀུན་འབྱུང་ངམ་དེའི་འབྲས་བུ་སྡུག་བསྔལ་བ་གང་ཤར་ཡང་རང་རང་གི་སྐད་ཅིག་མ་དང་པོའི་སྟེང་དུ་ངོས་ཟིན་ན་དེའི་ལག་རྗེས་ཀྱི་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་མཐར་རམ། གལ་ཏེ་མ་ཐུབ་པར་བརྒྱུད་མར་ཤོར་ན་དྲན་པས་བཟུང་ནས་གཏི་མུག་དེ་ཉིད་དྲན་ཙམ་བྱས་ནས་གཉེན་པོས་སྟོང་པ་ཉིད་དུ་བསྒྲུབས་པའི་མཐར་དེ་ཉིད་དུ་སྤྲུལ་སྐུའི་ས་བོན་དུ་བསྒྱུར་བ་འདི་ལྟར་བྱ་སྟེ། སྟོང་པ་ཉིད་དེའི་གསལ་སྣང་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བདུད་རྩིའི་རྒྱ་མཚོ་ལྟ་བུར་དཀར་ཞིང་ལྟ་བའི་དུག་མ་ལུས་པ་དྲུངས་ཕྱུང་པའི་ཞི་བ་ཆེན་པོའི་གནས་ལ་གནས་པ། རང་གི་སྐྱིལ་ཀྲུང་གིས་བཞུགས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་སེམས་རྣམ་པར་རྟོག་པས་མི་གཡེང་བར་གསལ་བཏབ་ནས། བཏང་སྙོམས་ཆེན་པོའི་སེམས་ཀྱིས་བདག་གི་ཉོན་མོངས་པ་གཏི་མུག་འདི་ལྟར་སྦྱངས་པའི་དགེ་བའི་རྩ་བ་འདིས་བདག་གང་དུ་སངས་རྒྱས་པའི་ཞིང་དེར་གཏི་མུག་གི་སྒྲ་མི་གྲག་པ་དང་། གང་དུ་སྐྱེ་བའི་གདུལ་བྱ་ཐམས་ཅད་ཀྱང་ཞི་བ་ཆེན་པོའི་ལས་རབ་འབྱམས་ལ་དབང་དང་ལྡན་པ་ཤ་སྟག་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་གདབ་པར་བྱའོ། །དེ་བཞིན་དུ་རིགས་བསྒྲེས་ནས་འདོད་ཆགས་ལ་པདྨ་གར་གྱི་དབང་ཕྱུག་ལི་ཁྲིའི་དྭངས་མ་ལྟ་བུར་དམར་སེར་དབང་དུ་གྱུར་པ་ཆེན་པོའི་གནས་ལ་གནས་པ་རང་གི་སྐྱིལ་ཀྲུང་གིས་བཞུགས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གསལ་བཏབ། བྱམས་པའི་སེམས་ཀྱིས། ཞེ་སྡང་ལ་རྡོ་རྗེ་མི་འཁྲུགས་པ་ཨིནྡྲ་ནཱི་ལའི་དཀྱིལ་ལྟར་སྔོ་བ་དྲག་པོ་ཆེན་པོའི་གནས་ལ་གནས་པ། ས་གནོན་མཉམ་གཞག་གི་ཕྱག་རྒྱ་ཅན་སྙིང་རྗེའི་སེམས་ཀྱིས། ང་རྒྱལ་ལ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་ཡོངས་སུ་སྦྱངས་པའི་ཛམྦུ་ནཱ་དའི་སྦྲམ་བུ་ལྟ་བུར་སེར་ཞིང་རྒྱས་པ་ཆེན་པོའི་གནས་ལ་གནས་པ། མཉམ་གཞག་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་དགའ་བའི་སེམས་ཀྱིས། ཕྲག་དོག་ལ་རྟ་མཆོག་མརྐ་ཏའི་འོད་ཟེར་ལྟ་བུར་ལྗང་བ་སྣ་ཚོགས་པ་ཆེན་པོའི་གནས་ལ་གནས་པ། མཉམ་གཞག་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་སྙིང་རྗེའི་སེམས་ཀྱིས་སྨོན་ལམ་གདབ་བོ། །ཀྱེ་རྡོ་རྗེར། སྤྲོས་པ་རྨི་ལམ་ལྟར་བྱས་ན། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་དང་། མཻ་ཏྲིས། འདི་ལྟར་འོད་གསལ་བའི་སེམས་ལས། །སེམས་ཅན་དོན་དུ་རྫོགས་ལོངས་སྤྱོད། །སྤྲུལ་པའི་སྐུ་དག་སྨོན་ལམ་དང་། །རྟེན་ཅིང་འབྲེལ་འབྱུང་ལ་འཇུག་པ། །དེ་རྣམས་ཀྱང་ནི་དེ་དག་གི །རང་བཞིན་ལས་གཞན་མ་ཡིན་ནོ། །ཞེས་སོ། །གསུམ་པ་དགེ་སྡིག་གི་ཟད་པ་མངོན་དུ་བྱེད་པ་རང་བཞིན་ཤེས་པའི་ལམ་དབང་བཞིའི་རྟེན་འབྲེལ་ནི། རང་གི་གདོད་མའི་གཟུགས་ཀྱི་ཕུང་པོ་རྣམ་སྣང་། ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མ། འདུ་ཤེས་ཀྱི་ཕུང་པོ་པདྨ་གར་དབང་། འདུ་བྱེད་ཀྱི་ཕུང་པོ་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ། མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་། སྣ་སེར་སྣ། ལྕེ་འདོད་ཆགས། རེག་ཕྲག་དོག །ཡིད་དབང་ཕྱུག་རྡོ་རྗེ། སའི་ཁམས་ལྟུང་བྱེད། ཆུའི་ཁམས་གསོད་བྱེད། མེའི་ཁམས་འགུགས་བྱེད། རླུང་གི་ཁམས་གར་གྱི་དབང་ཕྱུག །ནམ་མཁའི་ཁམས་པདྨའི་དྲྭ་བ་ཅན་མར་གནས་པ་མ་བཅོས་པ་ཉིད་ཀྱིས་རིག་པར་བྱ་བ་དང་རིག་པ་དབྱེར་མེད་པའི་ལྷ་རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་སྐུ་རྡོ་རྗེའི་ཏིང་ངེ་འཛིན་གསལ་བཏབ་ནས། རླུང་འབྱུང་འཇུག་གནས་པ་གསུམ་རང་གི་ཁ་ནཱ་དེའི་རླུང་ཡི་གེ་གསུམ་གྱི་ངེས་པ་དང་སྦྱར་བས་སྒྲ་དང་བྲལ་བར་བཟླས་པ་གསུང་རྡོ་རྗེའི་རྣལ་འབྱོར་གྱི་མཐར། དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀུན་གྱིས་རྟོགས་པར་བྱ་བ་ཡང་དག་པའི་ཡེ་ཤེས་མངོན་སུམ་དུ་བྱས་ཏེ་གནས་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཏེ། གསང་འདུས་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་དང་ངག་སེམས་སྒོམ་པ་ནི། །གང་གི་ངོ་བོ་དེ་བྱས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །དེ་ནས་ནང་གི་སྦྱིན་སྲེག་གསང་བའི་བྷ་གའི་གནས་ཀྱི་དྷཱུ་ཏིའི་ཐབ་ཁུང་དུ་རོ་རྐྱང་གི་དགང་བླུགས་སྦྱོར་བ་ལས། རྗེས་སུ་ཆགས་པ་གཏུམ་མོའི་མེ་ལ་ཧཾ་ཡིག་གི་བདུད་རྩིའི་རྒྱུན་བླུགས་པས། ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་བདེ་བས་ཚིམ་པར་བྱེད་དེ། དེ་ལྟར་ཡང་མཁའ་འགྲོ་རྒྱ་མཚོ་ལས། མཁས་པས་རྒྱུན་དུ་ནང་བདག་གི །སྦྱིན་སྲེག་བཤད་ཀྱིས་མཉན་པར་གྱིས། །སྟོབས་པོ་ཆེ་ཡི་རབ་སྦྱོར་བས། །ཁམས་རྣམས་ཀུན་གྱི་དགང་བླུགས་ཏེ། །བདེ་བ་ཐབ་ཏེ་ཡང་དག་ཐོབ། །ཉི་ཟླ་དགང་གཟར་བླུགས་གཟར་རོ། །སློབ་དཔོན་གཉིས་མེད་དེ་དེ་ལ། །ཡང་དག་རིག་པའི་གཟུགས་སུ་སྲེག །ཅེས་གསུངས་སོ། །དེ་ནས་ཕྱི་རོལ་གྱི་ཤ་ལྔ་བདུད་རྩི་ལྔ། ནང་མི་ཤིགས་པའི་ཐིག་ལེ་ལྔ། གསང་བར་གཟུགས་སྒྲ་དྲི་རོ་རེག་བྱའི་བདུད་རྩི་ལྔ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱིས་སྙིགས་མ་བསྲེགས། དངས་མའི་བདུད་རྩི་དང་རོ་གཅིག་པ་དྲངས་ཤིང་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་ཚིམ་པའི་ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །དེ་ལྟར་ཡང་འདུས་པ་ལས། བདག་ཉིད་བདེ་བའི་ལྷར་སྦྱོར་བས། །བདག་ལ་བདག་གིས་རབ་ཏུ་མཆོད། །རྣལ་འབྱོར་ཐམས་ཅད་བདེ་བ་ཡིས། །རྗེས་སུ་སྦྱར་བས་མཆོད་བྱེད་ཅིང་། །རྟག་ཏུ་མྱོང་བར་བྱེད་པ་ནི། །ཤིན་ཏུ་སྦྱོར་བས་རབ་འགྲུབ་འགྱུར། །སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །ར་སཱ་ཡ་ན་བདེ་བ་དེས། །རྡོ་རྗེ་སེམས་དཔའི་དཔལ་ཚེ་དང་། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །ཅེས་དང་། གུ་ཎྜྻ་རིས། འགྲོ་བ་གསུམ་པོ་མཚུངས་པར་སྲོག་ཆགས་རྡོ་རྗེ་འཆང་དང་བུད་མེད་རྣམས་ནི་ཐོད་པ་ཅན། །ཧེ་རུ་ཀ་ཡི་སྐུ་དེ་ང་ཉིད་འདི་ནི་བཅོམ་ལྡན་མ་གང་ཐ་དད་མིན་བདག་ལ། །བུད་མེད་པདྨ་ཆང་དང་གོ་ཀུ་ད་ཧ་ན་ཡིས་ཇི་ལྟ་བ་བཞིན་རིམ་གྲོ་བགྱི། །འདི་ལས་ཀུན་ཏུ་དབང་པོ་འཕོ་བ་མིན་པའི་ཡིད་ཀྱིས་རྣལ་འབྱོར་དབང་ཕྱུག་གྲུབ་པར་འགྱུར། ཞེས་སོ། །ཕུང་ཁམས་ལྷ་སྐུར་ཤེས་པས་རྣམ་པའི་སྒྱུར་སྒོམ་ལ་མ་ལྟོས། རླུང་སྔགས་ཟུང་འཇུག་ཏུ་ཤེས་པས་བགྲང་འདྲེན་གྱི་བཟླས་བརྗོད་ལ་མ་ལྟོས། རང་བཞིན་ལྷན་སྐྱེས་སུ་ཤེས་པས་བཅོས་མའི་ཟུང་འཇུག་ལ་མ་ལྟོས། འཁོར་འདས་རོ་མཉམ་དུ་ཤེས་པས་གཉིས་མེད་ཀྱི་རྒྱས་འདེབས་ལ་མ་ལྟོས་པ་སྟེ། ལྟོས་མེད་བཞིའི་གདམས་ངག་ཅེས་ཀྱང་བྱའོ། །དེ་དག་ནི། །ཕྱི་ལུས་ལ་སོ་སོར་བརྟགས་པའི་འགོག་པ་ལ་སྦྱངས་ན་ཞེས་སྦྱར་ནས་བཤད་པའི་དོན་ནོ། །གཉིས་པ་ངག་སོ་སོར་བརྟགས་ཏེ་འགོག་པ་ཟབ་གསལ་དབྱེར་མེད་ནང་གི་རྟེན་འབྲེལ་ལ། ཕྱིའི་སྤྱོད་ལམ་ཆ་སྙོམས་པ་ལུས་ཟད་པར་དུ་སྒྱུར་བའི་རྟེན་འབྲེལ། ནང་གི་འབྱུང་བ་རོ་སྙོམ་པ་ལས་རླུང་དབང་དུ་སྡུད་པའི་རྟེན་འབྲེལ། གསང་བའི་ཉོན་མོངས་ལམ་དུ་འཁྱེར་བ་ཐིག་ལེ་སངས་རྒྱས་ཀྱི་འཁོར་ལོར་སྤྲོ་བའི་རྟེན་འབྲེལ་གསུམ་ལས། དང་པོ་ནི། བསམ་གཏན་གྱི་ཏིང་ངེ་འཛིན་ལས་སུ་རུང་བ་ཐོབ་ནས། །ཟད་པར་གྱི་ཏིང་ངེ་འཛིན་འདི་ལྟར་དུ་བསྒོམ་སྟེ། དཔྱིད་སའི་དུས། དབྱར་ཆུའི་དུས། སྟོན་མེའི་དུས། དགུན་རླུང་གི་དུས། སྔ་དྲོ་མེའི་དུས། ཕྱི་དྲོ་རླུང་གི་དུས། སྲོད་སའི་དུས། ཐོ་རངས་ཆུའི་དུས། བྱིས་པ་ཆུང་ངུ་སའི་ཁམས། གཞོན་ནུ་ཆུའི་ཁམས། དར་མ་མེའི་ཁམས། རྒན་པར་རླུང་གི་ཁམས། མི་རིགས་དང་སྦྱར་ན། ཤེས་པ་གསལ་བ་མེ། འཕྱོ་བ་རླུང་། ལྕི་བ་ས། གཉེན་པ་ཆུར་ཤེས་པར་བྱས་ལ། དགྲ་དང་སྤྲད་དེ། དཔྱིད་སའི་དུས་ཟད་པར་རླུང་གི་ཏིང་ངེ་འཛིན་སྒོམ་པ་ནི། གློ་དཀར་གྱི་བུག་པའི་རླུང་རང་གི་ལུས་ལ་ཕོག་ཏུ་བཅུག །ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་གཡོ་བ་བ་དན་གྱིས་མཚན་པ་འུར་སྒྲ་དང་བཅས་པ་ལ་སེམས་གཏད་དེ་བསྒོམས་པས་གསལ་སྣང་འཐོན་ནས་བསྒོམས་པ་ཇི་ལྟ་བར་སྟོན་ནུས་པ་ནི་རྣམ་པར་ཤེས་པ་ལ་དབང་ཐོབ་པ་ཞེས་བྱ་ལ། ཡེ་ཤེས་ལ་དབང་ཐོབ་པའི་ཚེ་རང་དང་སྣང་བ་ཐམས་ཅད་རླུང་གི་སྣང་བ་ཅི་འདོད་པ་དེ་ལྟ་བུར་བསྒྱུར་ནུས་པ་ཡིན་ནོ། །རླུང་གི་གཉེན་པོར་མདུན་དུ་ལམ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིའི་ཟུར་སྣ་ཚོགས་རྡོ་རྗེས་མཚན་པ་ཇི་ལྟར་རིགས་པ་ཞིག་ལ་དམིགས་པ་གཏད་ནས་བསྒོམ། དེ་ནས་རྒྱ་ཆེར་སོང་བར་བསམ། ཆུའི་གཉེན་པོར་མེའི་ཟད་པར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རབ་ཏུ་འབར་བ་བཀྲ་ཤིས་ཀྱིས་མཚན་པ་དང་། མེའི་གཉེན་པོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་བཞིས་མཚན་པ་ལ་སྔར་བཞིན་དུ་བསྒོམ་མོ། །དེ་ནི་ནཱ་རོ་པས། ཁམས་ཀྱི་རབ་ཏུ་དབྱེ་བར་བྱ། །ཞེས་དང་། འདུས་པ་ལས། རྣལ་འབྱོར་པ་ཡིས་གང་གང་མཐོང་། །དེ་དེ་སྒྱུ་མ་བཞིན་དུ་བརྟག །ཅེས་པའི་ཚུལ་ཅིག་གོ །གཉིས་པ་ནང་གི་འབྱུང་བཞི་རོ་སྙོམ་པ་ལས་རླུང་དབང་དུ་སྡུད་པའི་རྟེན་འབྲེལ་ནི། རང་གི་ལུས་སྒྱུ་མ་ལྟ་བུའི་ལྷའམ་དེ་ཁོ་ན་ཉིད་དུ་དག་པའི་དབུས་སུ་ཨ་ཝ་དྷཱུ་ཏཱི་འོད་ཟེར་ལྔའི་སྣལ་མ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྤྲོ་བའི་སྦུབས་སྤྱི་བོ་ནས་གསང་བའི་བར་དུ་སླེབ་པའ་ི་ལྟེ་བའི་དཀྱིལ་འཁོར་གྱི་ནང་དུ་མི་ཤིགས་པའི་སའི་དྭངས་མ་གསེར་ལྟ་བུ་ཨེ་ཡིག་གསལ་བཏབ་ནས། །འབྱུང་འཇུག་གནས་པ་ནཱ་དའི་ངེས་པ་དང་སྦྱར་བའི་བཟླས་པས་སའི་ཡོན་ཏན་གོང་དུ་སྤེལ་བའི་འོད་ཟེར་གྱི་སྣལ་མས་ལུས་ཐམས་ཅད་ཁྱབ་པས་སྲ་བ་དང་བརྟན་པའི་ནུས་ལྡན་དུ་བྱས། དེ་བཞིན་དུ་སྙིང་གར་ཆུའི་སྙིང་པོའི་བཾ་ཡིག་དཀར་ཞིང་བསིལ་བ། མགྲིན་པར་མེའི་མི་ཤིགས་པ་མཾ་ཡིག་དམར་ཞིང་སྲེག་པ། སྤྱི་བོར་རླུང་གི་དྭངས་མ་ཡཾ་ཡིག་ནག་པོ་གཡོ་བ་ལ་དམིགས་ཏེ་སྔར་བཞིན་བསྒོམས་པས་དབང་ཕྱུག་གི་ཡོན་ཏན་རྣམས་ཐོབ་པར་གྱུར་ཏེ། ཨཱ་རྻ་དེ་ཝས། འབྱུང་བ་ལྔ་ཡི་བདག་ཉིད་ལྔ་རྣམས་ཀྱིས། །མཐོང་བ་མི་རྣམས་ལུས་ལ་འདུས་པ་སྟེ། །ངོ་བོས་དེ་དངོས་འདུས་པ་རང་གི་སེམས། །རབ་ཏུ་སྒོམ་པར་བྱེད་རྣམས་སངས་རྒྱས་འགྱུར། །ཞེས་དང་། ནཱ་རོ་པས། ཨེ་ཝཾ་བཞི་ཡི་བསམ་གཏན་བྱ། །ཞེས་པའི་འགྲེལ་པར། རྗེ་བཙུན་གྱིས། ཨེ་ལྟེ་བ། ཝཾ་སྙིང་ག །མ་མགྲིན་པ། ཡ་སྤྱི་བོ། ཤྲཱི་ཨ་ཝ་དྷཱུ་ཏིར་གསུངས་པའི་དོན་ནོ།། །།གསུམ་པ་གསང་བའི་ཉོན་མོངས་ལམ་དུ་འཁྱེར་བ་ཐིག་ལེ་སངས་རྒྱས་ཀྱི་འཁོར་ལོར་སྤྲོ་བའི་རྟེན་འབྲེལ་བ་ནི། ཨ་ཝ་དྷཱུཏཱི་གསལ་བཏབ་པ་ཡན་ཆད་སྔར་བཞིན་ལ། སྤྱི་བོའི་ཡཾ་ཡིག་གི་སྟེང་དུ་ཧཾ་ཡིག་རྡོ་རྗེའི་ཟླ་བ་དང་མར་སྣར་ཨ་ཤད་རྡོ་རྗེའི་ཉི་མ་སྣང་བ་ཆེན་པོ་སྤྲོ་བ་གསལ་བཏབ་ནས་སྟེང་འོག་གི་རླུང་རོ་གཅིག་ཏུ་འདྲེས་པས་རྡོ་རྗེ་ཉི་མ་བསྐུལ་བའི་ཐུགས་རྗེའི་རྒྱུན་ཉི་མའི་ཞུན་མ་ལྟ་བུས་མི་ཤིགས་པའི་ཐིག་ལེ་རྣམས་ཀྱི་གནས་སྐབས་ཀྱི་བྱ་བ་སྦྱངས་ནས། སྤྱི་བོའི་ཟླ་བ་དང་འཕྲད་པའི་རྗེས་སུ་ཆགས་པའི་སྦྱོར་བས་དེ་ཉིད་འོད་དུ་ཞུ་བ་སྤྱི་བོ་ནས་རྐང་པའི་མཐེ་བོའི་བར་གྱི་དབུ་མ་ལས་འཕྲོས་པའི་སྣལ་མ་ཐམས་ཅད་གོང་བུའི་གཟུགས་ཅན། ལོངས་སྤྱོད་རྫོགས་པའི་ལྷ་ཞལ་སྦྱོར་གྱིས་གང་བར་སྤྲོ་བ་ནི། འདོད་ཆགས་ཆགས་པ་ཆེན་པོའི་ཆེན་པོར་ལམ་དུ་འཁྱེར་བ་ཞེས་བྱའོ། །ཕུང་པོའི་བདུད་གཞོམ་པའི་ཚུལ་ཡང་དེ་ཉིད་དོ། །དེ་ནས་འདོད་ཆགས་ཀྱི་མཐའི་བདེ་བ་ཆེན་པོར་ཐིམ་པ་སོ་སོ་རང་རིག་པའི་ཡེ་ཤེས་སུ་སད་པ་རྣམ་པ་ཐམས་ཅད་པའི་སྣང་བ་སྒྲིབ་པ་མེད་པར་ལོངས་སྤྱོད་པ་ཞེ་སྡང་སྡང་བ་ཆེན་པོར་སྡང་བ་ཞེས་བྱ་སྟེ། །ཉོན་མོངས་པའི་བདུད་འཇོམས་ཚུལ་ཡང་དེའོ། །དེ་ནས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དེ་ལས་དུས་གཞར་ཡང་དགག་སྒྲུབ་མེད་པའི་རིག་སྟོང་མུ་མི་འཆད་པ་གཏི་མུག་གཏི་མུག་ཆེན་པོར་སྤྲོ་བ་སྟེ། །འཆི་བདག་གི་བདུད་གཞོམ་པ་ཡང་ཡིན་ནོ། །དེ་ནས་ཆོས་ཐམས་ཅད་ངོ་བོ་ཉིད་ལས་མི་གཡོ་བའི་ང་རྒྱལ་གྱིས་རྒྱས་བཏབས་པ་འདི་ནི་ང་རྒྱལ་ཆེན་པོའི་ཆེན་པོ་སྟེ། །ལྷ་བུའི་བདུད་གཞོམ་པ་ཡང་ཡིན་ནོ། །དེ་ལྟར་ཡང་། བཅོམ་ལྡན་འདི་ལ་བྷ་ག་ལྔ། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད། །ཅེས་སོ། །དེ་དག་གསུམ་པོ་རིམ་པ་བཞིན་གདོས་བཅས་མ་ཡིན་པའི་ཟབ་པ་ལས། དངས་ཤིང་སྒྲིབ་པ་མེད་པའི་སྣང་བརྙན་གྱི་གསལ་བ་དབྱེར་མེད་པའི་ཟབ་གསལ་དང་། ལས་རླུང་གི་རྒྱུ་བ་འགགས་པའི་ཟབ་པ་ལས། ཡེ་ཤེས་ཀྱི་རླུང་སྟོབས་སུ་གྱུར་པའི་གསལ་བ་དབྱེར་མེད་ཀྱི་ཟབ་གསལ་དང་། གཏུམ་མོས་ཕུང་སོགས་སྲེག་པའི་ཟབ་པ་དང་། ཧཾ་ཡིག་གིས་དགའ་བ་བླུགས་པའི་གསལ་བ་བླུགས་གཏོར་གཉིས་མེད་ཀྱི་ཟབ་གསལ་གཉིས་མེད་དེ། གསུམ་པོ་འདི་ནི་གཞུང་ལས། ནང་དག་ལ། སོ་སོར་བརྟགས་པའི་འགོག་པ་ལ་སྦྱངས་ན། །ཞེས་པའི་དོན་ནོ། །གསུམ་པ་ཡིད་སོ་སོར་བརྟགས་ཏེ་འགོག་པ་ཁ་སྦྱོར་གྱི་ཏིང་འཛིན་ལ། །ལས་རྒྱ་བརྟེན་པ་ཁ་སྦྱོར་བཞིའི་རྟེན་འབྲེལ་གྱི་གནད། ཡེ་རྒྱ་སྒོམ་པ་ཁ་སྦྱོར་གཉིས་ལྡན་བཞི་སྒྲོམ་ཀྱི་རྟེན་འབྲེལ་གྱི་གནད། ཕྱག་རྒྱ་ཆེན་མོ་ལ་མཉམ་པར་སྦྱོར་བ་བདེ་སྟོང་ཁ་སྦྱོར་གྱི་རྟེན་འབྲེལ་གྱི་གནད་གསུམ་ལས། དང་པོ་ནི། ཡོངས་སུ་སྦྱངས་པའི་རིག་མ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་དགའ་བ་བཞི་པའི་ལྷན་སྐྱེས་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དེ་ཉིད་གཉིས་འཛིན་གྱི་རྣམ་རྟོག་རགས་པ་མེད་ཀྱང་རང་རིག་ཙམ་དུ་འཛིན་པའི་ཞེན་པ་ཡོད་པའི་ཕྱིར། ཕྱི་རོལ་ཏུ་འཛིན་པ་དང་རང་རིག་ཏུ་འཛིན་པའི་ཁྱད་པར་ཙམ་མ་གཏོགས་མངོན་ཞེན་གྱི་རྣམ་པའི་རྣམ་རྟོག་གི་ཟུག་རྔུ་ལ་ཁྱད་པར་མེད་དེ། ལྕགས་དང་གསེར་གྱི་སྒྲོག་ལ་བཟང་ངན་ཡོད་ཀྱང་འཆིང་བ་ལ་ཁྱད་པར་མེད་པ་བཞིན་ནོ། །དེས་ན་རྣམ་ཤེས་མི་བསྐྱོད་པ་ལ་རྡོར་སེམས་སྟོང་ཉིད་ཀྱི་རྒྱས་བཏབ་པས། རྡོར་སེམས་སྟོང་ཉིད་ཀྱི་རྟག་མཐའ་བསལ། མི་བསྐྱོད་པ་རང་རིག་བདེ་བས་ཆད་མཐའ་བསལ་ཏེ། ཟུང་དུ་འཇུག་པ་རྡོ་རྗེ་འཆང་གི་དབུགས་དབྱུང་། མས་བརྟན་གྱི་དགའ་བཞིའི་འགྲོས་ལས་འབྲས་བུ་རྡོ་རྗེ་སེམས་དཔས་རྒྱུ་མི་བསྐྱོད་པ་ལ་རྒྱས་བཏབ་པས་རྟག་མཐའ་བསལ་ནས་ཉམས་སུ་མྱོང་བ་ཉིད་རང་བཞིན་མེད་པ་དང་། ཡང་མི་བསྐྱོད་པས་རྡོར་སེམས་ལ་རྒྱས་བཏབ་པས་ཆད་མཐའ་བསལ་ནས་རང་བཞིན་མེད་པ་ཉིད་ཉམས་སུ་མྱོང་བར་བྱེད་དེ། བདེ་བའི་རོལ་པ་འགག་མེད་དུ་ཤར་ཡང་རང་བཞིན་མེད་པའི་རྣམ་པར་མྱོང་པས་ཉམས་མྱོང་དང་སྟོང་ཉིད་གཉིས་མེད་དུ་ཟུང་དུ་འཇུག་པ་ཉིད་ལ་སྐབས་འདིའི་རྡོ་རྗེ་སེམས་དཔའ་དང་། སྟོང་ཉིད་སྙིང་རྗེའམ་ཐབས་ཤེས་གཉིས་མེད་དང་མཐའ་གཉིས་ལ་མི་གནས་པའོ། །དེ་ལྟར་ཡང་། ཟུང་འཇུག་གསལ་བ་ལས། གཉིས་སོང་ནས་ནི་གཉིས་གནས་པ། །རྡོ་རྗེ་ནས་ལྷུང་པདྨར་རེག །རྡོ་རྗེ་ནས་ལྷུང་མི་བསྐྱོད་པ། །པདྨར་རེག་པ་རྡོ་རྗེ་སྟེ། །འབྲས་བུར་རྒྱུ་ཡིས་རྒྱས་བཏབ་པ། །འདི་ནི་གཉིས་མེད་རྒྱལ་པོའོ། །ཞེས་དང་། རྟག་གཉིས་ལས། །བྷ་གར་ལིངྒ་རབ་བཞག་ནས། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་གསུངས་པའི་དོན་ནོ། །འདིར་ལིངྒ་དང་། དྷཱུ་ཏཱི་དང་། ཝཱ་ཡུ་དང་། ཏི་ལ་ཀ་བཞི་ཁ་སྦྱར་བས་ཁ་སྦྱོར་བཞི་ཞེས་བྱའོ། །གཉིས་པ་ཡེ་རྒྱ་སྒོམ་པ་ཁ་སྦྱོར་གཉིས་ལྡན་བཞི་སྒྲོམ་གྱི་རྟེན་འབྲེལ་གྱི་གནད་ནི། བདེ་སྐྱིད་ཁ་སྦྱོར་དུ་བསྒོམ་པ་ནི། གསུང་ངག་རིན་པོ་ཆེ་བཞི་སྒྲོམ་ཀྱི་རྩ་བ་ལས། བདེ་སྐྱིད་ཐམས་ཅད་བླ་མའི་དྲིན་དུ་བསྒོམ། །བྱས་པ་ཤེས་ན་བདེ་བ་ཆེན་པོ་འཕེལ། སྡུག་བསྔལ་བྱུང་ན་ལས་ངན་ཟད་པར་སོམས། །སྒྲིབ་པ་ཟད་ན་སྡུག་བསྔལ་འབྱུང་དོན་མེད། །ཅེས་པའི་དོན། གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཐམས་ཅད་བླ་མ་དམ་པའི་དྲིན་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་མཆོག་གི་རྡོ་རྗེ་སློབ་དཔོན་གང་གི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། ཕུང་པོ་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རོ་སྙོམ་པར་བལྟ་བ་ནི་བསམ་གྱིས་མི་ཁྱབ་པའི་མོས་གུས་ཞེས་བྱ་སྟེ། བརྟག་གཉིས་ལས། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས་ལ། འདིས་མཚོན་ནས་བདེ་བ་མཐའ་དག་རང་གར་མ་ཞེན་པར་རྣམ་པ་ཐམས་ཅད་པར་སྤྲོ་བར་བྱའོ། །སྡུག་བསྔལ་ཐམས་ཅད་མི་དགེ་བ་ཐམས་ཅད་ཀྱི་ཕྱགས་ཤིང་དུ་ཤེས་ནས་བྱུང་ན་དགའ་བའི་འདུན་པ་ལྷད་མ་ཞུགས་པས་སྡུན་བསུས་ལ། སྡུག་བསྔལ་བྱུང་བའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་ནས་དེ་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་ལ། དེ་རེ་རེའི་ཆེད་དུ་ཡང་བསྐལ་པ་ཇི་སྲིད་དུ་བདག་གིས་སྡུག་བསྔལ་འདི་འཁུར་ནུས་པར་བྱའོ་སྙམ་སྙིང་རྗེ་ཆེན་པོས་སྤང་བློ་སྐད་ཅིག་ཀྱང་མ་ཞུགས་པར་སྡུག་བསྔལ་གྱི་རང་བཞིན་གང་ཡིན་པ་དེ་ཉིད་རང་གི་སྟེང་དུ་མ་བཅོས་པར་གཞག་ནས། སོ་སོ་རང་རིག་པའི་ངང་དུ་ཉམས་སུ་བླངས་ནས་གཞི་མེད་རྩ་བྲལ་དུ་གྲོལ་ན་མི་མཐུན་པ་ཐམས་ཅད་གྲོགས་སུ་འཆར་རོ། །དེ་ལྟར་ཡང་། ཕག་མོ་གྲུ་པས། སྙིང་ནས་ཆོས་ཤིག་གོ་གྱུར་ན། །སྡུག་བསྔལ་ཐམས་ཅད་བདེ་བ་ཡིན། །ཞེས་དང་། བརྟག་གཉིས་ལས། །སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་སོ། །ལེགས་པའི་ཕྱོགས་ལ་རྟེན་འབྲེལ་ཟབ་མོ་བསྒྲིགས། །ཕུན་སུམ་ཚོགས་པ་རང་གིས་བྱས་པས་ཆོག །མ་ལེགས་པ་ལ་གཉེན་པོའི་ཟློག་སྒོམ་གྱིས། །ཀུན་རྫོབ་རྫུན་ཕུགས་བཏིབ་པའི་མན་ངག་ཡིན། །ཞེས་པས། ལེགས་ཚོགས་ནི་ཚེ་རིང་ཞིང་ནད་མེད་པ་དང་། འཁོར་དང་ལོངས་སྤྱོད་རྒྱས་པ་དང་། འཕྲིན་ལས་དང་ཞིང་ཁམས་དག་པ་ལ་སོགས་པའོ། །ལམ་ཁྱེར་ནི། སྒྱུ་མ་མཁན་པོས་སྒྱུ་མའི་རྫས་ལ་སྔགས་བཏབ་པ་ལ་སོགས་པ་རང་བཞིན་མེད་བཞིན་དུ་སྒྱུ་མའི་སྣང་བ་རྟ་གླང་ལ་སོགས་པའི་འགྲོ་འོང་ཇི་ལྟར་འདོད་པ་བཞིན་བྱེད་ཤེས་པ་ལྟར། འདིར་ཡང་ཆོས་སྐུ་མངོན་དུ་གྱུར་པའི་སྟེང་ནས་མ་འགགས་པའི་རྩལ་སྣ་ཚོགས་སུ་འཆར་བ་དེའི་གདངས་ཇི་ལྟར་སྤྲོས་པ་བཞིན་དུ་དེ་དང་དེའི་འབྲས་བུ་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་རྒྱལ་དབང་རྗེས། ངེས་ཅན་ཐབས་ཀྱིས་བསྒྲིགས་ན་འཆར། །ངེས་མེད་ནང་ནས་ཤུགས་ཀྱིས་འཆར། །ཞེས་གསུངས་སོ། །མི་ལེགས་པ་ནི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། དགྲས་བཅོམ་པ། གཉེན་གྱིས་བོར་བ། མ་ཉེས་པའི་ཁ་ཡོག་ལ་སོགས་པ་གང་བྱུང་ཡང་། ཆོས་རྗེ་འབྲུག་པའི་ཁྱད་ཆོས་ཡིན་པས། ཟློག་སྒོམ་གྱིས་ལམ་དུ་སློངས་པ་ཡིན་ཏེ། ཐབས་གཞན་གང་ཡང་མི་ཚོལ་བར་ཆོས་ཀྱི་ཕྱོགས་སུ་འཆི་ནུས་ཀྱི་བློ་སྒྱུར་གྱིས། ཅི་འོང་བ་ཤོག །གང་ལྟར་འགྲོ་བ་སོང་། ད་ལྟ་རང་སྤྱིའུ་ཚུགས་སུ་དམྱལ་བར་འགྲོ་ན་ཡང་སོང་། །དེ་ལ་ཕན་རེའི་བསམ་སྦྱོར་སྐད་ཅིག་ཀྱང་བྱེད་རེ་སྙམ་པའི་ཞེ་བཅད་དྲག་པོ་དང་། ད་དུང་ཡང་རྐྱེན་འདི་བས་སྟོབས་ཆེ་བ་ཞིག་བྱུང་ན་དགའ་སྟེ། དེ་ཉིད་ཀྱི་སྟེང་དུ་ངེས་པ་ཁོ་ན་རོ་སྙོམས་པ་ཡིན་ལ། རྐྱེན་ལ་བསྲེ་མི་ནུས་པའི་དགེ་སྦྱོར་གྱིས་དོན་མི་འགྲུབ། ས་ལམ་གང་ཆོད་འདི་ལ་སྒོམ་ཡུན་གྱིས་ཕན་པར་མི་འདུག །གྲུབ་ཐོབ་གོང་མ་རྣམས་ཀྱིས་ཀྱང་སྙིང་རུས་དང་བརྩོན་འགྲུས་དྲག་པོས་ལམ་ཐམས་ཅད་བཙན་ཆོད་དུ་བཅད་པ་ཤ་སྟག་ཏུ་འདུག་པས། སྤྲང་པོ་ང་ཡང་རྐྱེན་འདིའི་སྟེང་དུ་འཁོར་འདས་ཀྱི་རུས་ཤན་དུས་ད་རེས་འབྱེད་པ་ཡིན་སྙམ་དུ་བསམས་ཏེ། རྐྱེན་སྣང་དེ་རང་གི་སྟེང་དུ་རི་བཙུགས་པ་བཞིན་བལྟ་བ་ཞིག་ཡིན་ཏེ། ཆོས་རྗེས། །ཆོས་ཤན་རྐྱེན་གྱིས་འབྱེད་པ་ལ། །རྐྱེན་དང་མི་བསྲེ་བའི་སྙིང་མེད་པོ། །ཞེས་དང་། བརྟག་གཉིས་ལས། །ཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་སོ། །གསུམ་པ་ཕྱག་རྒྱ་ཆེན་མོ་དང་མཉམ་པར་སྦྱོར་བ་བདེ་སྟོང་ཁ་སྦྱོར་གྱི་རྟེན་འབྲེལ་གྱི་གནད་ནི། རྟག་ཏུ་འགྲོ་བ་རྣམས་ཀྱི་རྒྱུད་ལ་ཤར་ཞིང་རྒྱུན་མ་ཆད་པར་ཡོད་པའི་སེམས་ཀྱི་རང་བཞིན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྤྲོས་པ་དང་མཚན་མས་སྟོང་ཙམ་ཉིད་མ་ཡིན་པར་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་འཆར་བཞིན་པ་ཟུང་འཇུག་འོད་གསལ་བའི་ངོ་བོ་ཉིད་ཉམས་སུ་མྱོང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ཞེས་བྱ་སྟེ། སྤྱོད་བསྡུས་ལས། སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པ་ལ་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡོན་ཏན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ནས་གནས་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པོ་འདི་ཡང་། གསང་བ་ཡིད་དག་ལ། །སོ་སོར་བརྟགས་པའི་འགོག་པ་ལ་སྦྱངས་ན། །ཞེས་པའི་དོན་ནོ། །གསུམ་པ་ཇི་ལྟ་བ་ལས་ཇི་སྙེད་པར་འཆར་བ་མཐར་ཕྱིན་འབྲས་བུའི་རྟེན་འབྲེལ་ནི། རྒྱལ་བ་རྣམས་དང་སྤྱོད་ཡུལ་གཅིག་པར་འགྱུར། །ཞེས་པས། །ཡང་དག་པའི་མཐའ་བདག་མེད་པའི་ངོ་བོ་ཉིད་ཀྱི་རྡོ་རྗེ་ཅན་གཙུག་ཏོར་གྱི་འཁོར་ལོར་བརྟན་པ་ལས། རླུང་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོ་དབུ་མའི་རླུང་གིས་རང་ཉམས་སུ་བྱས་པའི་གཞོམ་མེད་ཀྱི་སྒྲས་སྤྲོས་པ་དང་མཚན་མའི་རྣམ་རྟོག་ཐམས་ཅད་འབྱེར་བར་བྱེད་པ་དང་། རྩ་ཐམས་ཅད་མི་འགྱུར་བའི་ཐིག་ལེས་དབང་བྱས་པ་ཉིད་ཀྱིས་དྷཱུ་ཏཱིར་དག་པས། ལུས་མེ་ལོང་གི་གཟུགས་བརྙན་ལྟ་བུ་ཐམས་ཅད་ཀྱི་ངོ་བོ་བཞིན་དུ་ཐམས་ཅད་དུ་འགོག་པ་མེད་པར་འཆར་ཏེ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དེ་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །ཞེས་དང་། རྟོག་པ་ཀུན་ལས་བཏུས་པ་ལས། །དག་པའི་སེམས་ནི་བཟུང་གྱུར་ནས། །རྡོ་རྗེའི་ལུས་ནི་རྣམ་བསྒོམས་པས། །བརྟན་ལུས་ཁོང་སྟོང་མ་ཡིན་པ། །རྡོ་རྗེའི་སྐུ་ནི་དེས་ཐོབ་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཟུང་འཇུག་གི་སྐུ་ཐོབ་པས་རང་གི་དོན་མཐར་ཐུག་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་ནས་ཐམས་ཅད་དུ་རིས་མེད་པར་འཆར་བར་འཇུག་པ་གཅིག་པར་འགྱུར་ཞིང་། མདོར་ན་གདོད་མའི་དེ་ཁོ་ན་ཉིད་གློ་བུར་གྱི་སྒྲིབ་པ་ཐམས་ཅད་སྤངས་ཤིང་། །རྣམ་པར་བྱང་བའི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པའི་བདག་ཉིད་ཀྱི་བྱང་ཆུབ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་མི་ཟད་པར་སྦྱིན་པའི་གཏེར་གྱི་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན་ཏེ། །དབང་མདོར་བསྟན་ལས། །གཟུགས་ནི་སྲིད་པར་མི་འོང་སྟེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཕན་ཚུན་འཁྱུད་པ་ཞི་བ་སྟེ། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་གསུངས་སོ། །དེ་ལྟར་རྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པ་ཞེས་བྱ་བ་པདྨ་དཀར་པོས་བརྗེད་བྱང་དུ་བགྱིས་པ། ཐར་པ་འདོད་པ་རྣམས་ཀྱི་བཅུད་ལེན་དུ་གྱུར་ཅིག། །།


previousརྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པnext