Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་ཞིབ་མོ་རྣམ་པར་འཐག་པ།
   
   
   
   
   
   
   


 
previousརྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་ཞིབ་མོ་རྣམ་པར་འཐག་པ།next

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་ཞིབ་མོ་རྣམ་པར་འཐག་པ།

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་གི་ཆོས་རྣམས་ཀུན་གྱི་རང་བཞིན་གཅིག་པུར་མངོན་དུ་མཛད་པ་ཡི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དམ་པ་ཞར་ལ་བརྙེས་པ་གང་གི་ཐུགས། །ནམ་མཁའ་ཇི་སྲིད་གཞན་དོན་ལྷུར་ལེན་རྨད་བྱུང་གྲགས་པའི་གཞིར་གྱུར་པ། །རྫོགས་པའི་སངས་རྒྱས་དཔའ་བོ་བདུན་གྱིས་དེང་འདིར་བདེ་ལེགས་མཛད་གྱུར་ཅིག །མཐའ་ཀླས་ནམ་མཁའི་རྗེས་འགྲོ་འཇིག་རྟེན་གྱི། །རྡུལ་རེར་སྐུ་གསུང་ཐུགས་ཀྱི་སྣང་བརྙན་ནི། །སྐད་ཅིག་རེ་རེར་སྟོན་པའི་མིག་འཕྲུལ་མཁན། །མཚུངས་པ་མེད་པ་ཆོས་རྗེའི་ཞབས་ལ་འདུད། །རྒྱལ་བ་རྣམས་ཀྱི་དམ་ཆོས་བདུད་རྩིའི་རྒྱུན། །མ་ལུས་ཡི་གེའི་སྐྱོགས་སུ་ག་ལ་ཆུད། །དེ་ལྟ་ན་ཡང་སྙིང་ནས་ཡིད་ཆེས་པའི། །ལེགས་བཤད་ཐིགས་པའི་འཕྲེང་བ་འདིར་བཟུང་ངོ་། །རྒྱལ་བའི་ཐུགས་དང་འགྲོ་བ་རྣམས་ཀྱི་སེམས། །རེ་དོགས་ཕྲ་མོས་སོ་སོར་ཕྱེ་བ་འདི། །ངེས་ནས་གཉིས་མེད་དགའ་སྟོན་ཆེན་པོ་ལ། །དགྱེས་དགུར་སྤྱོད་པ་བསྟན་པ་འདི་ཡི་དྲིན། དུས་གསུམ་གྱི་འཇིག་རྟེན་གྱི་སྒྲོན་མེ་དག་གིས་ཆོས་ཀྱི་ཕུང་པོ་མོས་པ་དང་། དབང་པོ་དང་། སྐལ་པ་ཇི་ལྟ་བ་བཞིན་དུ་འབབ་པ་ཐམས་ཅད་ཀྱི་འབྱུང་ཁུངས། ཇི་སྙེད་པར་བརྗོད་པའི་ཆོས་ཐམས་ཅད་ཞི་ཞིང་ཉེ་བར་ཞི་བར་འཇུག་པ་ལ་སྟོན་པའི་ཆོས་ཀྱི་ཕྱག་རྒྱ། ཐབས་ཀྱི་སྒོ་མཐའ་ཡས་པ་ལ་སློབ་པར་འདོད་པ་ལ་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་འདི་བཤད་པ་ལ། གླེང་གཞི་དང་། མདོ་དོན་དངོས་གཉིས་ལས། དང་པོ་ནི། འཇིག་རྟེན་ཐམས་ཅད་ཀྱི་བླ་མ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་བདུན་གྱིས་སངས་རྒྱས་ཀྱི་བགྲོ་བ་མཛད་དེ། །འཇིགས་བྱེད་ཆེད་པོ་ཧེ་རུ་ཀའི་ཕོ་བྲང་གསང་བ་མཆོག་གི་གནས་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ། དཔའ་བོ་དང་ཌཱ་ཀི་བྱེ་བ་སྙེད་ཀྱི་འདུན་ས་ཡུལ་སྟོད་ཀྱི་རི་བོར་དེ་བཞིན་གཤེགས་པའི་རྣམ་པར་རོལ་པའི་ཆོས་ཀྱི་རྗེ་གཙང་པ་རྒྱ་རས་པ་སྐྱིལ་མོ་ཀྲུང་གཅིག་གིས་ཟླ་བ་གསུམ་གནས་པའི་ཤིང་དྲུང་པའི་བརཏལ་ཞུགས་བཟུང་བ་ལ། །ཆོས་རྒྱས་པ་ཐམས་ཅད་ཀྱི་མདོར་བྱ་བ་འདི་མགྲིན་གཅིག་པའི་དབྱངས་ཀྱིས་སྟོན་པར་མཛད་ནས་མི་སྣང་བར་གྱུར་ཏོ། དེས་ཀྱང་མ་བརྗེད་པར་བཟུང་སྟེ་ཆོས་ཀྱི་སྒོ་འདིས་ཡུལ་སྣ་ཚོགས་པར་ཐོས་པ་དང་། སེམ་པ་དང་། བསྒོམ་པ་མང་པོ་ཞིག་རྣམ་པར་གྲོལ་བའི་སྙིང་པོ་ཅན་བྱས་སོ། །དེ་ནས་གྲུབ་པའི་དབང་པོ་བགྲང་བ་ལས་འདས་པས་དར་བར་མཛད་བཞིན་པས་རིམ་པར་འོངས་པ། ཐུབ་པའི་རིང་ལུགས་པ་མཐའ་དག་གི་བླ་ན་བཞུགས་པ་མཉམ་པ་མེད་པ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་དང་། རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པ་བཙུན་མོ་ཅན་གཉིས་ཀྱིས་མཆོག་ཏུ་ཟབ་པའི་གནས་འདི་མཐར་ཐུག་པ་བདག་ལ་བཀའ་དྲིན་དུ་སྩལ་བ་ཡིན་ནོ།། །།གཉིས་པ་མདོ་དོན་དངོས་ལ། ཤེས་བྱའི་ཚུལ་གྱིས་གཏན་ལ་དབབ་པའི་རྟེན་འབྲེལ་དང་། བསྒོམ་བྱའི་ཚུལ་གྱིས་ཉམས་སུ་བླང་བའི་རྟེན་འབྲེལ་གཉིས་ལས། དང་པོ་ལ། རྟེན་འབྲེལ་གྱི་སྙིང་པོས་མདོར་བསྟན། དེ་ཉིད་ཞིབ་མོ་རྣམ་པར་འཐག་པས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གང་གི་ཆོས་རྣམས་རྒྱུ་ལས་རབ་ཏུ་བྱུང་། །རྒྱུ་དེ་རྣམས་ནི་དེ་བཞིན་གཤེགས་པས་གསུངས། །དེ་རྣམས་ཀྱང་གང་འགོག་པ་ཨེ་ཝཾ་དུ། །སྨྲ་བ་པོ་ནི་དགེ་སྦྱོང་ཆེན་པོ་ཡིན། །ཞེས་དང་པོར་གསུངས་པ་འདི་ཉིད་སཾ་སྐྲྀ་ཏའི་སྐད་དུ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་་བ་དཏ྄། ཏེ་ཥཱཉྩྨ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿ ཡེ་ནི་གང་། དྷརྨཱ་ཆོས་རྣམས། ཧེ་ཏུ་རྒྱུ། པྲ་བྷ་ཝཱ་རབ་ཏུ་བྱུང་བ་སྟེ། རྐང་པར་བསྡེབས་པས། གང་གི་ཆོས་རྣམས་རྒྱུ་ལས་རབ་ཏུ་བྱུང་། ཧེ་ཏུན་རྒྱ། ཏེ་ཥཱན་དེ་རྣམས། ཏ་ཐཱ་ག་ཏོ་དེ་བཞིན་གཤེགས་པ། ཧི་ངེས་གཟུང་། ཨ་བ་ད་ཏ་གསུངས་ཞེས་པ་སྟེ། གོང་གི་ཧི་དང་མཚམས་སྦྱར་བས་་ཞེས་པ་སྟེ། དེ་རྒྱུ་རྣམས་ནི་དེ་བཞིན་གཤེགས་པས་གསུངས། ཏེ་ཥཱཉ་དེ་རྣམས། ཙ་ཀྱང་། ཡོ་གང་། ནི་རོ་དྷ་འགོག་པ། ཨེ་ཝཾ་བསྒྱུར་ན་འདི་སྐད་དེ། དེ་རྣམས་ཀྱང་གང་འགོག་པ་ཨེ་ཝཾ་དུ། ཝཱ་དཱི་སྨྲ་བ་པོ། མ་ཧཱ་ཤྲ་མ་ཎཿདགེ་སྦྱོང་ཆེན་པོ་སྟེ། སྨྲ་བ་པོ་ནི་དགེ་སྦྱོང་ཆེན་པོ་ཡིན། །ཞེས་འབྱུང་ངོ་། རྒྱུ་ལས་བྱུང་བའི་ཆོས་སྡུག་བསྔལ། དེ་རྒྱུ་ཉོན་མོངས་པ་དང་ལས་ཀྱི་ཀུན་འབྱུང་སྟེ་འཁོར་བ་རྒྱུ་འབྲས་དང་། དེ་རྣམས་སྤོང་བར་བྱེད་པ་ལམ་བདེན། འགོག་པ་འགོག་བདེན། ཐར་པ་རྒྱུ་འབྲས་སུ་བསྟན་ཏེ། རྒྱུད་བླར། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བརྟེན་པར་བྱ། །ཞེས་སོ། །དེའི་ཕྱིར་མཐའ་བཞི་ལས་རྣམ་པར་གྲོལ་བའི་རྣམ་པར་དག་པའི་སེམས་ཀྱི་རང་བཞིན་ལ་བརྟེན་ནས། སྒྱུ་མ་ལྟ་བུའི་ལས་དང་འབྲས་བུ་འབྲེལ་བར་འབྱུང་བ་ཉིད་ཨེ་ཝཾ་དུ་གསུང་པ་ཁོ་ན་དགེ་སྦྱོང་ཆེན་པོ་ཡིན་གྱི། གཞན་ནི་མ་ཡིན་ཏེ། གང་གི་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟན་པས་སོ། །འདི་ཉིད་དམ་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རྟེན་འབྲེལ་གྱི་སྙིང་པོ་སྟེ། དྲི་མེད་འོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྔོན་དུ་འགྲོ་བ་ནི་ཡེ་དྷརྨཱའོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་འཁོར་ལོ་དང་པོའི་གདུལ་བྱ་ཉན་ཐོས་པ་དག་གིས་ཉེར་ལེན་གྱི་ཕུང་པོ་ལྔའི་ཆོས་ཅན་གྱི་འཁོར་བ་སྡུག་བསྔལ་གྱི་བདེན་པ་དང་། དེའི་རྒྱུ་གང་ཟག་གི་བདག་ཏུ་འཛིན་པའི་མཚན་ཉིད་ཅན་གྱི་འཇིག་ཚོགས་ལ་ལྟ་བ་ཀུན་འབྱུང་གི་བདེན་པར་ཤེས་ནས་དེ་འགོག་པར་བྱ་བའི་ཕྱིར། ཤིན་ཏུ་སྦྱངས་པའི་ཞི་གནས་དང་། བདེན་བཞིའི་རྣམ་པ་བཅུ་དྲུག་བསྒོམ་པའི་ལྷག་མཐོང་ལམ་བདེན་དང་། དེའི་འབྲས་བུ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འགོག་བདེན་དུ་རྟོགས་སོ། །དེའི་སྟེང་དུ་ཀུན་འབྱུང་གི་གཙོ་བོ་གཟུང་བ་བདེན་འཛིན་དང་། ལམ་བདེན་བདེན་བཞིའི་རྣམ་པའི་སྟེང་དུ་རྟེན་འབྲེལ་ཟབ་མོ་བསྒོམ་པས་ལྷག་པ་རང་རྒྱལ་དག་གིས་སོ། །རྒྱུའི་ཐེག་པ་ཆེན་པོ་དག་ལས་འཁོར་ལོ་བར་པའི་འདུལ་བར་བྱ་བ་དག་གིས་འདུ་བྱེད་སྡུག་བསྔལ་གྱི་གཙོ་བོ་དང་། དེའི་རྒྱུ་ཆོས་ཀྱི་བདག་ཏུ་འཛིན་པའི་མཚན་འཛིན་ཀུན་འབྱུང་གི་དང་། བྱང་ཆུབ་ཏུ་སེམས་སྐྱེད་ནས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་སྒོ་རྣམས་ལ་སློབ་པ་ལམ་བདེན། མི་གནས་པའི་མྱ་ངན་ལས་འདས་པ་འགོག་བདེན་དུ་འདོད་ལ། དབུ་མའི་ལྟ་བ་ལ་དད་ཅིང་མོས་ལ་བཟོད་པ་ཡོད་དུ་ཟིན་ཀྱང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྒོ་ཐམས་ཅད་རང་བཞིན་མེད་པའི་ཤེས་རབ་ཀྱིས་ཟིན་པ་མ་ཡིན་པ་དག་ལ་ནི་དམིགས་པ་ཅན་གྱི་བྱང་སེམས་སམ། དབང་པོ་རཏལ་པོ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་རང་བཞིན་མེད་པའི་ཤེས་རབ་ཀྱི་ཟིན་པར་སྤྱོད་པ་དག་ལ་ནི་ཐབས་ལ་མཁས་པ་ལ་སྤྱོད་པའི་བྱང་སེམས་སམ། དབང་རྣོན་ཞེས་བྱའོ། །དེ་ལྟ་བུའི་བྱང་སེམས་དེ་གཉིས་ལ་ཤེས་རབ་ཀྱི་ཁྱད་པར་དེས་བྱང་ཆུབ་ཐོབ་པ་ལ་མྱུར་བུལ་ཆེས་ཆེ་བ་འབྱུང་སྟེ། བཅོམ་ལྡན་འདས་བྱམས་པས། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རཏལ་པོས་རྟོགས་དཀར་བཞེད། །ཅེས་གསུངས་སོ། །འཁོར་ལོ་ཐ་མའི་རྗེས་སུ་འབྲང་བ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཞུགས་པ་སྙིང་པོའི་ཐེག་པ་ལ་རྟེན་པ་དག་གིས་ཀུན་འབྱུང་གི་གཙོ་བོ་བདེ་བར་གཤེགས་པའི་སྙིང་པོ་རྣམ་ཤེས་ཀྱི་དྲི་མ་དང་བཅས་པ་དང་། དེས་འཕངས་པའི་འདུ་བྱེད་ཀྱི་སྡུག་བསྔལ་སེམས་ཀྱི་རྣམ་པར་འགྱུར་བ་གློ་བུར་གྱི་དྲི་མའི་ཆོས་ཅན་དང་། དེ་འགོག་པ་མོས་པ་ཤེས་རབ། སྙིང་རྗེ། ཏིང་ངེ་འཛིན་གྱི་སྒོ་བཞི་ལ་ལམ་བདེན་དང་། གཙང་བ་དང་། བདག །བདེ་བ། རྟག་པའི་ཕ་རོལ་ཏུ་ཕྱིན་པ་བཞིའི་རང་བཞིན་འགོག་བདེན་དང་། རྒྱུད་སྡེ་ཕྱི་མ་དག་ཏུ་བག་ཆགས་བསྒོ་བའི་གཞིར་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་འབྱུང་གི་གཙོ་བོ་དང་། དེས་འཕངས་པའི་ལུས་ངག་ཡིད་ཐ་མལ་པ་སྡུག་བསྔལ་དང་། དེ་ཡེ་ཤེས་སུ་བསྒྱུར་བའི་དབང་བསྐུར་སྔོན་དུ་འགྲོ་བའི་སྔགས་ལམ་དང་། གཉིས་སུ་མེད་པའི་ཡེ་ཤེས་འདུས་མ་བྱས་པ་འགོག་པར་བཤད་དོ། །སྔགས་ནི། སློབ་དཔོན་སངས་རྒྱས་གསང་བས། ལྷ་དང་། དེའི་མཚན་མ་དང་། དེའི་སྙིང་པོ་ལ་སོགས་པའི་རིག་པ་ལ་སྔགས་ཞེས་བསམ་གཏན་ཕྱི་མའི་འགྲེལ་པར་གསུངས་པ་ཉིད་དོ། །བླ་ན་མེད་པའི་རྒྱུད་དུ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་བཅོས་པ་ངོ་མ་ཤེས་པ་ཉིད་འཁོར་བ་དང་། དེའི་རྒྱུ་འཕོ་བའི་བག་ཆགས་ཀུན་འབྱུང་གི་གཙོ་བོ་དང་། སྨིན་བྱེད་དང་གྲོལ་བྱེད་རིམ་པ་གཉིས་ཀྱི་མ་ཡེངས་པ་ལམ་བདེན་དང་། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་འགོག་བདེན་དུ་བསྟན་ནོ།། །།གཉིས་པ་རྒྱས་པར་བཤད་པ་ལ། ངོ་སྤྲོད་གཉིས། དབྱེ་བ་གསུམ། སྒོམ་ཐབས་གཉིས། བརྩི་ལུགས་གསུམ། སྒྲིག་དུས་བཞི། ལག་ལེན་གསུམ། རྟོགས་པ་གཞིར་བཞག་པ་དང་བདུན་ནོ། །དང་པོ་ནི། ལུགས་འབྱུང་ལུགས་མི་མཐུན་ལས་འཁོར་འདས་ཆོས། ཞེས་པའི་དོན་ལུགས་འབྱུང་ནི། ཇི་ལྟར་ཚངས་པ་དག །བསམ་གཏན་ལས་སྙིང་གར་ཚངས་པའི་སྒོ་ང་འོད་ཀྱི་རང་བཞིན་ཅན་མཐོང་ཞིང་དེ་ལས་ཆོས་ཐམས་ཅད་འབྱུང་འཇིག་བྱེད་པ་དང་། སྔོན་ཀྱང་ཚངས་པའི་སྒོ་ང་བསམ་གཏན་གྱི་མིག་གིས་མཐོང་བ་དག་ལས་འཇིག་རྟེན་ཐམས་ཅད་བྱུང་སྟེ། དེས་ན་ཚངས་པ་ཉིད་བྱེད་པའོ་ཞེས་སྨྲ་ལ། དབང་ཕྱུག་པ་དག །ནང་དུ་བསམ་གཏན་གྱི་དབང་ལས་ཕྲ་བ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་ཐིག་ལེ་ཉི་མའི་རང་བཞིན་ཅན་མཐོང་བར་འདོད་པ་དང་། དེ་ཡང་དུས་ཀྱི་ཆ་བཅུ་གཉིས་དང་ལྡན་པའི་དབང་གིས་དང་པོར་འབྱིན་པའི་དུས་སྦྱོར་གྱི་ངེས་པས་འཇིག་རྟེན་བསྐྱེད་ཅིང་། ད་ལྟ་ཡང་དུས་སྦྱོར་བཅུ་གཉིས་ཀྱི་བགྲོད་པས་གནས་པ་དང་། རླུང་གཙོ་བོར་གྱུར་པའི་ངེས་པས་དབྱངས་འཆར་བའི་སྤྲོས་པ་སོགས་མང་དུ་སྨྲ་བས་དབང་ཕྱུགས་བྱེད་པ་པོར་འདོད་དོ། །ཁྱབ་འཇུག་པ་དག །སེམས་ནང་དུ་བརྟན་པའི་ཏིང་ངེ་འཛིན་གྱི་དབང་ལས་འོག་གི་སྒོ་ནས་ཁྱབ་འཇུག་མུན་པའི་རང་བཞིན་འོག་གི་ཡོན་ཏན་ཡིན་པས་འཇིག་རྟེན་ཐམས་ཅད་ཀྱི་འོག་ཏུ་ཁྱབ་པར་གནས་པའི་དབུས་སུ་སྐྱེས་བུ་ཉི་མའི་མདོག་ཅན་མཐོང་བར་འདོད་ཅིང་། སྐྱེས་བུ་ལས་བྱུང་བའི་མེས་མཐར་འཇིག་རྟེན་སྲེག་པར་བྱེད་ལ། དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་རྟེན་དང་། ཐམས་ཅད་དུ་ཁྱབ་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་འཇུག་གི་གཟུགས་སུ་གནས་ཤིང་དང་པོར་བྱེད་པ་པོ་ཡིན་པར་ཡང་སྨྲའོ། །རྒྱང་འཕེན་དག །ཨ་རུ་ར་དང་། བུ་རམ་དང་། དྷཱ་ཏ་ཀི་ཞེས་པ་ཕབས་རྩི་སྟེ། དེ་རྣམས་ཡང་དག་པར་སྦྱར་བ་ལས་ཆང་གིས་སྨྱོས་པའི་ནུས་པ་འབྱུང་བ་བཞིན་དུ། ས་ལ་སོགས་པའི་འབྱུང་བ་རྣམས་གཅིག་ཏུ་གྱུར་པ་ཁོ་ན་ལས་དབང་པོ་དང་བཅས་པའི་སེམས་གྲུབ་ཀྱི། དབང་བཅས་ཀྱི་སེམས་དེ་སྐྱེ་བ་སྔ་མའི་རིགས་ཀྱི་རྒྱུན་ལ་མི་ལྟོས་ཤིང་འབྱུང་བའི་ནུས་པ་ཟད་ནས་སྐྱེས་བུ་དེ་ཤི་བར་འགྱུར་ལ། འཇིག་རྟེན་ཕ་རོལ་གྱི་ལུས་ལེན་པ་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། ཟེར་རོ། ཟད་བྱེད་པ། ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་ནི་གཅིག་ཉིད་དེ་གཉིས་པ་མེད་དོ། སྔོན་དང་ཕྱི་མར་ཆགས་འཇིག་བྱེད་པ་ཅིའང་མེད་ལ། རྒྱུ་མཚན་དེས་ན་སྲིད་པ་གསུམ་པོ་རྟག་པ་སྟེ། སྲོག་ཀྱང་རྟག་པའོ། སྲོག་ནི་ཆེ་ཆུང་ལུས་ཀྱི་བོངས་ཚད་དོ། །སྲོག་གི་རྫས་སྐྱེ་བ་དང་འཇིག་པའི་བདག་ཉིད་ལྟ་བུར་སྣང་བ་ནི་སྲོག་རང་གི་ཡོན་ཏན་རྣམ་འགྱུར་སྐྱེ་འཇིག་དང་ལྡན་པའི་ཕྱིར། ཡན་ལག་སྐྱེ་འཇིག་ཏུ་གྱུར་པ་ལས་རྣམ་པ་གཞན་སྐྱེ་འཇིག་ཏུ་གྲུབ་པ་མེད་དོ། །འཁོར་བ་ལས་གྲོལ་བར་གྱུར་ན་སྲིད་པ་གསུམ་པོ་འདིའི་སྟེང་ན་ཐར་པ་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ་བདེ་བའི་གནས། གང་ཟག་དང་བྲལ་བ་ཡོད་པས་དེར་འགྲོའོ་ཟེར་ལ། སྟག་གཟིག་པ། སྐྱེས་བུ་ཚེ་འདིའི་བྱ་བ་གང་བྱེད་པ་དེ་སྐྱེ་བ་སྔར་བྱས་པའི་ལས་རྣམས་ཀྱིས་ཇི་ལྟར་འཕངས་པ་དེ་ལ་སྐྱེ་བ་འདིར་ལོངས་སྤྱོད་ཅིང་། སྐྱེས་བུའི་འཕྲལ་གྱི་བྱ་བ་ཅིའང་མེད་དོ། །སྐྱེ་བ་འདི་ལ་བྱས་པའི་ལས་ཀྱི་འབྲས་བུ་ལ་ནི་སྐྱེ་བ་ཕྱི་མར་སྤྱོད་ཀྱི། དེར་ཡང་འཕྲལ་གྱི་བྱ་བ་ཅིའང་མེད་དོ། །མི་ཤི་བ་དག་མཐོ་རིས་སམ་དམྱལ་བར་མིའི་ལུས་འདི་ཉིད་ཀྱིས་བདེ་བའམ་སྡུག་བསྔལ་ལ་ལོངས་སྤྱོད་པ་ཡིན་གྱི། ལུས་གཞན་གསར་དུ་ལེན་པ་མེད་ལ། ཚེ་ཕྱི་མར་ཡང་ལུས་འདི་ཉིད་ཀྱིས་འགྲོའོ། །དེའི་ཕྱིར་བདེ་སྡུག་གི་བྱེད་པ་པོ་ལྷ་ར་ཎ་མཉེས་པ་དང་མ་མཉེས་པའོ་ཞེས་འདོན་པར་བྱེད་པ་ལ་སོགས་པ་ནི་གྱི་ན་ལོག་པར་སྨྲ་བ་ཡིན་ལ། ཕྱིན་ཅི་མ་ལོག་པར་སྨྲ་བར་བཞེད་ནས། འདི་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེའི་དོན་ཡང་རྒྱུ་དང་འབྲེལ་བའམ། རྒྱུ་ལས་རག་ལས་ནས་འབྱུང་བའམ། རྒྱུས་འབྲས་བུ་བསྐྱེད་པ་ན་ལྷན་ཅིག་བྱེད་པའི་རྐྱེན་ལ་བལྟོས་པ་རྒྱུ་རྐྱེན་ཚོགས་པའི་བདག་ཉིད་ཐོབ་ནས་འབྲས་བུ་འབྱུང་བར་འགྱུར་བའོ། །དེ་ཡང་རྟེན་འབྲེལ་གྱི་སྐད་དོད། པྲ་ཏཱི་ཏྱ་ས་མུཏྤཱ་དཿ པྲ་ཏི་ཕྲད་པ། ཨི་ཏི་དྲོ་བ། ཀྟྲཱའི་རྐྱེན་ནས་སམ། ཅིང་ངམ། ཏེ་ཞེས་པ་ལ་འཇུག་ཀྱང་། ཉེ་བར་བསྒྱུར་བའི་དབང་གིས་ན། །སྐད་བྱིངས་དོན་ནི་ཡོངས་གྱུར་ཏེ། །གངྒའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་ཇི་བཞིན་ནོ། །ཞེས་པ་ལྟར་ཉེ་བསྒྱུར། པྲ་ཏི་དབང་གིས་ཐམས་ཅད་བསྡོམས་པས་ཀྱང་། ཕྲད་པའམ། ལྟོས་པའི་དོན་རྟེན་ཞེས་སམ། །རྟེན་ཅིང་ཞེས་པ་ཉིད་དོ། །ས་མུཏྤཱ་དཿ ས་མ་ཡང་དག་པ་སོགས་དང་། ཨུཏཱ་ཤིན་ཏུ་སོགས་དང་། པཱ་ད་འགྲོ་བ་སོགས་ལ་འཇུག་ཀྱང་། ས་མ་དང་ཨུཏ་ཀྱི་ཉེ་བསྒྱུར་གྱི་དབང་གིས་ཐམས་ཅད་བསྡོམས་པས་ཀྱང་འབྱུང་བ་གཅིག་པུ་སྟོན་ལ། དེ་ལྟར་ན་དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པའི་དོན་རྟེན་ཅིང་འབྱུང་བ་ཞེས་ཡིན་པ་ལ། བོད་ལ་དོན་ལས་ཀྱི་དབང་དུ་བྱས་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ཐ་སྙད་དུ་མཛད་དོ། །དེ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས། མཚན་ཉིད་དང་། ཡན་ལག་རྣམ་པར་དབྱེ་བ་དང་། ཡན་ལག་མདོར་བསྡུ་བ་དང་། ཡན་ལག་རྐྱེན་དུ་རྣམ་པར་བཞག་པ་དང་། ཡན་ལག་གི་ལས་རྣམ་པར་བཞག་པ་དང་། ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ་དང་། དོན་དང་ཟབ་པ་དང་རབ་ཏུ་དབྱེ་བས་རྒྱས་པར་ཕྱེ་ཞིང་། མགོན་པོ་ཀླུ་སྒྲུབ་གྱིས། ཡན་ལག་བཅུ་གཉིས་པོ་དེ་དག་ལས། དང་པོ་མ་རིག་པ། བརྒྱད་པ་སྲེད་པ། དགུ་པ་ལེན་པ་རྣམས་ནི་ཉོན་མོངས་པའི་རང་བཞིན་ཡིན་ལ། གཉིས་པ་འདུ་བྱེད། བཅུ་པ་སྲིད་པ་དག་ནི་ལས་དང་། ལྷག་མ་རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་བདུན་སྡུག་བསྔལ་དུ་བསྡུས་ཏེ། དེ་ལྟར་ཡང་། དང་པོ་བརྒྱད་པ་དགུ་ཉོན་མོངས། གཉིས་པ་བཅུ་པ་ལས་ཡིན་ཏེ། ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་པས་སོ། །ཡང་ཞེས་པའི་སྒྲ་ནི་བསྡུ་བ་སྟེ། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། འདོད་པས་འཕོངས་པའི་སྡུག་བསྔལ་རྣམས་སོ། །ཉོན་མོངས་པའི་རང་བཞིན་གསུམ་པོ་ལས། ལས་སུ་བཞག་པ་གཉིས་འབྱུང་ཞིང་། གཉིས་པོ་དེ་ལས་སྡུག་བསྔལ་བར་བཞག་པ་བདུན་འབྱུང་ལ། བདུན་པོ་རྣམས་ལས་སླར་ཡང་ཉོན་མོངས་པར་བཞག་པ་གསུམ་པོ་འབྱུང་བའི་ཕྱིར། བར་མེད་པར་འཁོར་བས་སོ་སོ་སྐྱེ་བོའི་འཇིག་རྟེན་འདི་དག་ཀུན་ཏུ་འཕྱན་ནོ། །དེ་ཡང་། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཞེས་སོ། །དགོངས་པ་ལུང་སྟོན་ལས། རྟེན་ཅིང་འབྲེལ་འབྱུང་ཆོས་སུ་གྲགས། །ངོ་བོ་ཉིད་རྣམ་གསུམ་དུ་འགྱུར། །ཞེས་ལུང་རྟེན་འབྲེལ་བཅུ་གཉིས་ངོ་བོ་ཉིད་གསུམ་གྱི་ཆོས་སུ་འབྱུང་བ་དུས་ཀྱི་འཁོར་ལོ་དང་མཐུན་པར་བཤད་དོ། །རིག་དང་མ་རིག་ཡང་དག་ལྡན། །སྲོག་ལ་སོགས་ཏེ་བཅུ་གཉིས་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱིར་བདག་ནི་འདུག་གོ་བདག་ནི་ལངས་སོ། །བདག་གིས་དགེ་བའི་ལས་བྱས་པ་ལས་དེའི་འབྲས་བུ་བདེ་བ་བདག་གིས་མྱོང་ངོ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་པའི་བདག་དེ་ནི་བཏགས་པ་ཙམ་དུ་ཡོད་ལ། དཔྱད་མི་བཟོད་པའི་ཕྱིར་རྫས་སུ་ནི་མེད་དོ། །རྫས་སུ་མེད་ལ་བཏགས་པ་ཙམ་དུ་ཡོད་པའི་བདག་དེ་ནི། ལོ་སྔ་ཕྱི་སོགས་ཀྱི་ཕུང་པོའི་རྒྱུན་གཅིག་ལ་བརྟེན་ནས་འདོགས་ལ། གདགས་གཞི་རྒྱུན་གྱི་སྔ་མར་ལས་བྱས་པ་རྒྱུན་གྱི་ཕྱི་མར་འབྲས་བུ་འབྱུང་བས་ན་བདག་གིས་བྱས་པའི་ལས་ཀྱི་འབྲས་བུ་བདག་གིས་མྱོང་ངོ་ཞེས་ཀྱང་འདོགས་ཏེ། རྒྱུན་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། །ཞེས་སོ། །དེ་ཡང་ཚེ་སྔ་མའི་ཕུང་སོགས་རྣམས་ལ་བདག་རང་བཞིན་གྱིས་མེད་དེ། ཡོད་ན་རང་བཞིན་གྱིས་གྲུབ་པ་ནི་སྔ་མའི་གནས་སྐབས་ན་ཡོད་པ་དེ་ཉིད་མི་འགྱུར་བར་ཕྱི་མའི་གནས་སྐབས་ན་ཡོད་དགོས་ཤིང་། དེ་ཡོད་ན་བདག་དེའི་བདག་གི་ཚེ་སྔ་མའི་མིག་སོགས་དབང་པོ་རྣམས་ཀྱང་ཚེ་ད་ལྟའི་དུས་སུ་ཡོད་དགོས་པ་ལས་མེད་པའི་ཕྱིར་རོ། །དེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་ནི་སྔ་མ་འགགས་ནས་རྒྱུ་དེ་ལས་འབྲས་བུ་ཕྱི་མ་དག་འབྱུང་བ་སྟེ། རང་བཞིན་གྱིས་བདག་མེད་པའི་ཆོས་དེ་དག་ཁོ་ན་ལས་རང་བཞིན་གྱིས་བདག་མེད་པའི་ཆོས་འབྱུང་ངོ་ཞེས་པར་བྱ་སྟེ། འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་གཞན་ཅིའང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །ཅེས་སོ། །དཔེར་ན་བླ་མའི་ཁ་ནས་བརྗོད་པ་རྣམས་སློབ་མར་འཕོ་ན་ནི་བླ་མས་བརྗོད་པ་དེ་མེད་པར་འགྱུར་བས་མི་འཕོའོ། །སློབ་མས་སྨྲས་པའང་གཞན་ལས་མ་ཡིན་ཏེ་རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བླ་མའི་ཞལ་ནས་བརྗོད་པ་ལྟར་འཆི་ཀའི་སེམས་ཀྱང་དེ་བཞིན་ཏེ། རྟག་པའི་སྐྱོན་དུ་ཐལ་བར་འགྱུར་བས་འཇིག་རྟེན་ཕ་རོལ་ཏུ་མི་འགྲོའོ། །འཇིག་རྟེན་ཕ་རོལ་ཡང་གཞན་ལས་མི་འབྱུང་སྟེ་རྒྱུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བླ་མས་བརྗོད་པའི་རྒྱུ་ལས་སློབ་མ་དེ་ཉིད་དང་གཞན་ནོ་ཞེས་བརྗོད་པར་མི་ནུས་པ་ལྟར། འཆི་ཀའི་སེམས་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་པའི་སེམས་ཀྱང་དེ་བཞིན་ཏེ། བདག་ཉིད་དང་དེ་ལས་གཞན་ནོ་ཞེས་བརྗོད་པར་མི་ནུས་སོ། །དེ་ལྟར་ཡང་། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་སོ། །དེ་བས་ན་འཁོར་བའི་འཁོར་ལོ་ནི་ནོར་བའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ནོ། །བག་ཆགས་དེ་ཡང་། གསང་སྔགས་སུ་མ་རིག་པ་ཀུན་འགྲོ་གཞོམ་མེད་ཅེས་སམ། འཕོ་བའི་བག་ཆགས་ཞེས་སམ། བཞི་པའི་གནས་སྐབས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་ལེ་ཞེས་བཞག་པ་སྟེ། དེ་ནི་རང་གི་སེམས་ཀྱི་རང་བཞིན་དུ་འཁྲུལ་པས་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུན་ཅན་ཏེ། འདི་ཉིད་ལ་མ་རིག་པ་ལྷན་སྐྱེས་དང་ཤེས་བྱའི་སྒྲིབ་པ་ཞེས་བྱ་བར་ཡང་བཤད་དོ། །དེས་སྐྱེད་པའི་འཁོར་བའི་ཆོས་ཅན་གྱི་ཤེས་པ་ཐམས་ཅད་ལ་རྣམ་རྟོག་དང་། དེ་ཐམས་ཅད་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་ཉིད་ཀྱིས་མ་རིག་པར་བཞག་སྟེ། རྣམ་སྣང་མངོན་བྱང་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཉིད། །ཅེས་སོ། ཀུན་ནས་ཉོན་མོངས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་ཟིན་ཏོ།། །།ལུགས་ལས་བཟློག་པ་ནི་ཆོས་ལ་བདག་མེད་པའི་སྟོང་པ་ཉིད་རྟོགས་ན་དངོས་པོ་རྣམས་ལ་རྨོངས་པར་མི་འགྱུར་རོ། །ཆོས་བདག་མེད་པའི་སྟོང་པ་ཉིད་རྟོགས་པའི་ཚུལ་ལའང་། གཟུགས་རྣམས་ལ་ཡུལ་གྱི་ཆ་དང་། ནང་གི་ཤེས་པ་ལ་དུས་ཀྱི་ཆར་ཕྱེ་ཞིང་བཙལ་བས་སྙིང་པོའམ། རང་གི་ངོ་བོའི་ཆོས་ཅུང་ཟད་ཀྱང་མི་རྙེད་པས་སམ། རྟོག་གེའི་ལམ་དུ་བྱེད་པ་དག་ལ་གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པའི་གཏན་ཚིགས་ཀྱི་སྦྱོར་བས་དེ་གཉིས་ཀ་ངོ་བོ་ཉིད་མེད་པར་རྟོགས་པའི་བློ་རྗེས་སུ་དཔག་པའི་མཚན་ཉིད་ཅན་སྐྱེ་སྟེ། དཔྱད་ཅིང་ཡོངས་སུ་དཔྱད་གྱུར་ན། །རྣམ་པར་ཤེས་ལ་རྟེན་ཡོད་མིན། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོར། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་མིས་རིམ་གྱིས་གཤགས་བྱས་ན། །ཕྱི་དང་ནང་ན་སྙིང་པོ་ཡོད་མིན་ལྟར། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་སོ། །ཚུལ་གཉིས་པོ་གང་ལ་བརྟེན་ཀྱང་རུང་བློ་དེའི་ཡུལ་དུ་གྱུར་པའི་ངོ་བོ་ཉིད་མེད་པ་དེ་ལ། ཕུང་པོ་རྣམ་དཔྱད་ཀྱི་སྟོང་ཉིད་དམ། བེམ་པོའི་སྟོང་པ་ཉིད་དམ། མཐུན་པའི་དོན་དམ་པའམ། རྣམ་གྲངས་ཀྱི་དོན་དམ་པ་ཞེས་བྱ་སྟེ། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་དང་། བསྡུས་རྒྱུད་ལས། གང་གི་རྒྱལ་བའི་དབང་པོ་རྙེད་ཅིང་ཉིན་ཞག་སོ་སོའི་དབང་ལ་གང་གི་མངལ་ནས་ངེས་པར་བྱུང་། །སྐད་ཅིག་གང་གིས་འགྱུར་བ་དག་དང་རྣམ་པར་བྲལ་བ་གྲུབ་ཅིང་གཡོ་བ་གཡོ་བ་མེད་གྱུར་ན། །སངས་རྒྱས་བྱ་བ་དེ་སྤངས་ནས་ནི་བདེ་མཉམ་དང་བྲལ་སྟོང་པ་གཞན་དག་གང་གིས་སྒོམ་བྱེད་པ། །དེ་ཡི་བསྐལ་པ་བྱེ་བ་རྣམས་ཀྱིས་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བ་དག་ཀྱང་རིང་པོར་འགྱུར། །ཞེས་པས་སྟོང་པ་ཉིད་དེ་ཙམ་གྱིས་ཐེ་ཚོམ་གྱི་ས་བོན་དང་བྲལ་བར་བྱེད་ནུས་ཀྱང་གཟུགས་ལ་སོགས་པའི་མངོན་པར་ཞེན་པ་བསལ་བར་བྱེད་ཅིང་སྤྲོས་པའི་ཚོགས་ཚེར་མ་འདོན་པ་བཞིན་བྱ་བར་མི་ནུས་པས། སེམས་གནས་པའི་ཏིང་ངེ་འཛིན་ནང་གི་ཡིད་བྱེད་ཁྱད་པར་ཅན་གྱི་ངོ་བོར་སྐྱེས་པའི་ཡིད་བྱེད་དེས་དཔྱད་པས་ངོ་བོ་ཉིད་མེད་པ་ལས་མི་འཕྲོགས་པའི་ངེས་པ་གཏིང་ཚུགས་པ་མཉམ་གཞག་ཏུ་སྐྱེས་པ་དེ་ལ། བསྒོམ་བྱུང་སོ་སོས་རང་རིག་པའི་མངོན་སུམ་ཟེར་བ་ཡིན་ཞིང་། རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིག་པའི་ཏིང་ངེ་འཛིན་གྱི་སྒོ་དེ་ལ་མཉམ་པར་གཞག་པ་ན། སེམས་ཀྱི་རང་བཞིན་ཆོས་སྐུའི་མཚན་ཉིད་ཅན་མཐོང་བ་ལས་དེའི་སྣང་བ་གཟུགས་སྐུའི་མཚན་ཉིད་ཅན་གྱི་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་མཐོང་བར་འགྱུར་རོ། །དེ་ནི་ཡང་དག་པའི་ལྟ་བ་མཚན་ཉིད་པ་ཡིན་ལ། སྔ་མ་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཕྱིར་བཏགས་པ་བ་ཡིན་ཏེ། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་། །གང་གིས་ཆད་པར་རྣམས་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་འབྱུང་བའི་དོན་མ་མཐོང་། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པས་སོ། །ཚུལ་དེས་དངོས་པོ་རྣམས་ལ་རྨོངས་པ་མེད་པར་བྱས་པས་མི་ཆགས་སོ། །མ་ཆགས་ན་ཞེ་མི་སྡང་ངོ་། །ཞེ་སྡང་བ་མེད་ན་ལས་མི་གསོག་གོ །ལས་མེད་ན་དངོས་པོ་མི་ལེན་ནོ། །ལེན་པ་མེད་ན་སྲིད་པར་མངོན་པར་འདུ་མི་བྱེད་དོ། །སྲིད་པ་མེད་ན་མི་སྐྱེའོ། །མ་སྐྱེས་ན་ལུས་དང་སེམས་ལ་སྡུག་བསྔལ་མི་འབྱུང་ངོ་། །དེ་ལྟར་རྒྱུ་ལྔ་པོ་དེ་མ་བསགས་པས་འབྲས་བུ་གཞན་དུ་མི་འབྱུང་སྟེ། །འདི་ནི་ཐར་པའམ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། །དེ་ལྟར་ཡང་དབུ་མ་རྩ་བར། ལས་དང་ཉོན་མོངས་ཟད་ལས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས། བླ་མེད་ཀྱི་རྒྱུད་ལས། བྱེད་ཆིངས་ཀྱི་སྟོབས་ཀྱིས། ལྟེ་བར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་འབྱུང་དུ་བཅིངས་པས། ལུགས་བཟློག་ཏུ་རྒ་ཤི་ལ་སོགས་པ་གསུམ་འགགས་པས་རགས་པའི་མཚན་ཉིད་ཅན་གྱི་ཐ་མལ་བའི་ལུས་འགག །དེ་འགག་པས་ལེན་པ་སོགས་གསུམ་འགགས་པ་སྲོག་རླུང་གི་མཚན་ཉིད་ཅན་ཐ་མལ་པའི་ངག་འགག །དེ་འགགས་པས་རེག་པ་སོགས་གསུམ་འགགས་པས་ཁུ་བའི་མཚན་ཉིད་ཅན་ཐ་མལ་པའི་ཡིད་འགག །དེ་འགགས་པས་རྣམ་ཤེས་སོགས་གསུམ་འགགས་པས་འཛག་པའི་མཚན་ཉིད་ཅན་གྱི་ཐ་མལ་པའི་ཡེ་ཤེས་འགགས་པའི་འདུས་བྱས་པའི་འཁོར་བ་རྣམ་པར་དག་པའི་སངས་རྒྱས་ཀྱི་ས་ཐོབ་བོ། །དེ་ཉིད་ལ་མཐོང་བའི་ལམ་ཞེས་བཤད་ཅིང་། དེ་ནས་སྙིང་རྗེ་མི་འགྱུར་བའི་བདེ་བའི་མཚན་ཉིད་ཅན་མཚན་འཛིན་གྱི་དམིགས་པ་མེད་ཅིང་། སྤྲོས་པའི་རྣམ་པར་རྟོག་པ་མཐའ་དག་དང་བྲལ་བ་ཇི་ལྟ་བ་རིག་པའི་དབྱིངས་ལ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྒོ་ནས་དུས་གསུམ་གྱི་ཤེས་བྱ་མཐའ་དག་ཡོངས་སུ་ཤེས་པའི་ཇི་སྙེད་པའི་རིག་པར་འཆར་བ་རང་བཞིན་གཞིའི་རྟེན་འབྲེལ་དུས་གསུམ་དུ་རྒྱུན་ཆད་མེད་པར་འཇུག་པ་མངོན་སུམ་དུ་བྱས་ནས། སྐྱེ་མེད་ལས་འགག་མེད་དུ་འཆར་བའི་རྣམ་པ་སོ་སོ་རང་གིས་རིག་པ་ལམ་གྱི་རྟེན་འབྲེལ་གྱི་རྩལ་སྦྱངས་པས། རོ་རྐྱང་གི་རླུང་བདུད་དང་ཉོན་མོངས་པའི་མཚན་ཉིད་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་ཟད་པ་འདུས་མ་བྱས་པའི་འཁོར་བ་དྲུངས་ཕྱུང་བས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་པྲ་ཕབ་པ་ལྟ་བུར་སྣང་བས་ཤེས་བྱ་མཐའ་དག་ཡོངས་སུ་སྤྱོད་ཀྱང་། སྣང་བ་དེ་ཉིད་དམིགས་པ་མེད་པའི་སྙིང་རྗེའི་ངོ་བོ་ཡིན་པས་འཁྲུལ་པ་མེད་བཞིན་དུ་མཁྱེན་ནས་སེམས་ཅན་གྱི་དོན་བྱེད་པའི་སྐུ་གསུང་ཐུགས་བདེ་བ་ཆེན་པོའི་སྐུ་བཞི་མངོན་དུ་མཛད་པ་ནི། ཇི་ལྟ་བ་ལས་ཇི་སྙེད་པར་འཆར་བ་མཐར་ཕྱིན་འབྲས་བུའི་རྟེན་འབྲེལ་ཞེས་བྱ་བ། སེམས་དཔའ་ཆེན་པོ་རྣམས་ཀྱི་འབྲས་མཆོག་ཡིན་ལ། རྒྱུད་འགའ་ཞིག་ལས་བཤད་པའི་མཐོང་ལམ་ཆེན་པོའང་དེ་ཡིན་ནོ། །སངས་རྒྱས་ཀྱི་ས་ཁོ་ནར་དེ་འདྲའི་འབྲས་བུ་ཞིག་གཤིས་དང་མི་མཐུན་པ་གསར་དུ་བྱུང་བ་མ་ཡིན་གྱི། གདོད་མ་ནས་སེམས་ཀྱི་གཤིས་ཟབ་གསལ་དབྱེར་མེད་ཡིན་པ་དེ་ཁོ་ནའི་ངང་ཚུལ་མ་བསྒྲིབས་པར་བསྟན་པ་ཡིན་ཏེ། ཞལ་ལུང་དུ། དེ་འདྲའི་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །ཞེས་བཤད་པས་སོ། །དེ་ལྟ་བུའི་མྱ་ངན་ལས་འདས་པ་དེ་ཉིད་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་ཀྱིས་སྲིད་པར་མི་ལྡོག་པས། སྲིད་པའམ་རྟག་པའི་མཐའ་སྤོང་ལ། །མཆོག་ཏུ་མི་འགྱུར་བའི་སྙིང་རྗེས་ནི། སེམས་ཅན་ལ་རྗེས་སུ་ཆགས་པའི་སྒོ་ནས་ཆད་པའི་མྱང་འདས་ཀྱི་མཐའ་སྤངས་པ་སྟེ། དམ་པ་དང་པོ་ལས། གཟུགས་ནི་སྲིད་པར་མི་འོང་སྟེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཕན་ཚུན་འཁྱུད་པ་ཞི་བ་སྟེ། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་དང་། སམ་པུ་ཊ་ལས། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་བསྒྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་ལྡན་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་བཞིན་ནོ། །ཞེས་སོ། །ད་དེ་དག་གིས་མྱ་ངན་ལས་འདས་པའི་ཕྱོགས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་བཤད་ཟིན་ཏོ།། །།གཉིས་པ་དབྱེ་བ་གསུམ་ནི། ཤིན་ཏུ་ཕྲ་དང་ཕྲ་བ་རགས་རིམ་ཕྱིར། །ཞེས་པ། མཛོད་འགྲེལ་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་ཞེས་བཤད་པ། ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་གྱུར་གྱི། ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་འགྲུབ་པར་མི་ནུས་པས། དེའི་ཕྱིར་སྲིད་པའི་རྩ་བ་ཕྲ་རྒྱས་ཡིན་པར་རིག་པར་བྱ་སྟེ། ཞེས་གསུངས་ལ། ཕྲ་རྒྱས་ཀྱང་དུ་ཞིག་ཅེ་ན། །འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དྲུག །འདོད་ཆགས་ལ་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་གཉིས་སུ་ཕྱེ་བས་བདུན་ནམ། ལྟ་བ་ལ། འཇིག་ཚོགས། ལོག་ལྟ། མཐར་འཛིན། ལྟ་བ་དང་ཚུལ་ཁྲིམས་ལ་མཆོག་འཛིན་གཉིས་ཏེ་ལྔར་ཕྱེ་བས་བཅུ་དང་། ཕྲ་རྒྱས་དྲུག་པོ་དེ་དག་རྣམ་པ་དང་། བྱེ་བྲག་དང་། ཁམས་ཀྱི་དབྱེ་བས་འདོད་པ་ན་སྤྱོད་པ་སུམ་ཅུ་རྩ་དྲུག་དང་། གཟུགས་ན་སྤྱོད་པ་སུམ་ཅུ་རྩ་གཅིག་དང་། གཟུགས་མེད་དུ་སྤྱོད་པ་སུམ་ཅུ་གཅིག་སྟེ་དགུ་བཅུ་རྩ་བརྒྱད་དུ་འཆད་ཅིང་། ཀུན་ཏུ་སྦྱོར་བ་དང་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉེན་མོངས་པ་དང་། ཀུན་ནས་དཀྲིས་པའི་དབྱེ་བས་ལྔར་ཡང་ཕྱེ་ལ། མདོར་བསྡུ་ན་ཁམས་གསུམ་པའི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་གཉིས་དག་ཏུ་བསྡུའོ། །ཕྲ་རྒྱས་ཀྱི་དོན་ཅི་ཡིན་ཞེ་ན། རྟོགས་པར་དཀའ་བས་རྒྱུ་བ་ཕྲ་བའི་ཕྱིར་དང་། ཐོབ་པ་དང་རྗེས་སུ་འབྲེལ་བས་དང་། དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་བ་དང་། སྦྱོར་བ་མེད་པར་དེ་བཟློག་བཞིན་དུ་ཡང་དང་ཡང་དུ་མངོན་དུ་འགྱུར་བས་རྗེས་སུ་འབྲང་བས་ཏེ། གང་ཕྱིར་དེ་དག་ཕྲ་བ་དང་། །རྗེས་འབྲེལ་རྣམ་གཉིས་རྒྱས་འགྱུར་དང་། །རྗེས་སུ་འབྲང་བ་དེ་ཡི་ཕྱིར། །ཕྲ་རྒྱས་དག་ཏུ་བཤད་པ་ཡིན། དེའང་བྱེ་བྲག་ཏུ་སྨྲ་བ་ཆོས་མངོན་པ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཉོན་མོངས་པ་ཁོ་ནས་མཚན་ཉིད་པ་ཡིན་ཏེ། དེ་ལྟ་བས་ན་ཕྲ་རྒྱས་རྣམས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། ཕྲ་རྒྱས་རྣམས་ནི། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་། །སྒྲིབ་ཕྱིར་དེ་དག་འགལ་ཕྱིར་དང་། །ཞེས་འདོད། མདོ་སྡེ་པ་རྣམས་ནི། ཕྲ་རྒྱས་ནི་མཚུངས་པར་ལྡན་པའང་མ་ཡིན་ལ། ལྡན་པ་མ་ཡིན་པའང་མ་ཡིན་གྱི། ཉོན་མོངས་པ་ཉལ་བ་ལ་ནི་ཕྲ་རྒྱས་ཞེས་བྱ་ལ། སད་པ་ལ་ནི་ཀུན་ནས་བཀྲིས་པ་ཞེས་བྱའོ། །དེ་ལ་ཉལ་བ་གང་ཡིན་ཞེ་ན། མངོན་སུམ་དུ་མ་གྱུར་པར་ས་བོན་གྱི་དངོས་པོ་རྗེས་སུ་འབྲེལ་བའོ། །སད་པ་གང་ཡིན་ཞེ་ན། མངོན་དུ་གྱུར་པའོ། །ཞེས་འདོད་དོ། །ད་ནི་ཐེག་པ་ཆེན་པོ་ལས་ཕྱོགས་རེ་རེ་བས་གསུངས་པ་ཆབས་གཅིག་ཏུ་བསྡོམས་ནས་བཤད་པར་བྱ་སྟེ། འཁོར་འདས་གཉིས་སུ་མེད་པའི་ཟུང་འཇུག་གི་མཐར་ཐུག་སེམས་ཀྱི་རྡོ་རྗེ་འདི་ཉིད་ཕུང་པོ་ལ་སོགས་པ་དང་བྲལ་བའི་མཚན་ཉིད་ཅན་མྱ་ངན་ལས་འདས་པའི་གཟུགས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཡིན་པའི་ཆ་ནས་གསལ་བ་སྟེ། དེས་རྟག་པའི་མཐའ་དང་བྲལ་ལ། འཁོར་བའི་བདེ་བ་ལས་འདས་པ་མི་འགྱུར་བའི་ཡེ་ཤེས་སུ་གྱུར་པས་ཟབ་པ་སྟེ། དེས་ཆད་པ་ལས་ངེས་པར་གྲོལ་ལ། བདེ་སྟོང་དེ་དག་གཅིག་པ་ཉིད་ཀྱི་ཕྱིར་དངོས་མེད་ཀྱི་མཐའ་སྤངས་པས་དངོས་པོ་དང་དངོས་པོའི་མཐའ་སྤངས་པས་དངོས་མེད་ཅེས་བྱ་བར་ཡང་བཞག་སྟེ། དམ་པ་དང་པོར། མྱ་ངན་འདས་པ་བྲལ་བའི་གཟུགས། །འཁོར་བ་ལས་འདས་མི་འགྱུར་བ། །དེ་དག་སྦྱོར་བ་གཉིས་མེད་མཆོག །རྟག་དང་ཆད་ལས་ངེས་པར་གྲོལ། །དངོས་མེད་ལས་བྱུང་མཚན་ཉིད་ཕྱིར། །གཟུགས་ནི་དངོས་པོ་མེད་པ་མིན། །དངོས་པོ་ལས་བྱུང་མཚན་ཉིད་ཕྱིར། །འགྱུར་བ་མེད་པ་དངོས་པོ་མིན། །དངོས་པོ་དངོས་མེད་ཡང་དག་སྦྱོར། །རྡོ་རྗེའི་རྣལ་འབྱོར་གཉིས་མེད་མཆོག །གཟུགས་དང་གཟུགས་མེད་རྣམ་པར་གྲོལ། །པྲ་ཕབ་མེ་ལོང་ལ་བཞིན་ནོ། །ཞེས་དང་། ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་བར་གྱིས་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་སོ། །ཞེས་སོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་གཤིས་ཚུལ་ཡིན་པའི་ཕྱིར་ཆོས་ཉིད་དང་། རིས་མེད་པའི་ཀུན་ཏུ་འགྲོ་བའི་ངོ་བོ་ཉིད་ཀྱིས་ཁྱབ་པའི་ཕྱིར་ཁྱབ་བདག་དང་། ཆོས་གནས་པ་ཐམས་ཅད་ཀྱི་ས་བོན་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སུ་བཞག་སྟེ། གྲོལ་བའི་ཐིག་ལེ་ལས། དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཀྱི་ཤེས་པའོ། །ཞེས་དང་། རྣལ་འབྱོར་སྤྱོད་པའི་ས་ལས། ཆོས་ཉིད་ནི་གང་། ཆོས་གནས་པ་ནི་གང་། ཆོད་དབྱིངས་ནི་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་གྲགས་པ་གང་ཡིན་པ་དེ་ནི་ཆོས་ཉིད་དོ། །དེ་ལྟར་གྲགས་པ་དེ་རིགས་པའི་ཚིག་དང་ཡི་གེ་རྣམས་ཀྱིས་བཞག་པ་ནི་ཆོས་གནས་པའོ། །གནས་པ་དེའི་རྒྱུ་ཆོས་ཉིད་དེ་ཡིན་པས་ན་ཆོས་ཀྱི་དབྱིངས་ཞེས་བྱའོ། །ཞེས་སོ། །དེ་ལྟ་བུའི་ཟབ་གསལ་དབྱེར་མེད་དེ་ཉིད་བཅོས་མ་མ་ཡིན་པ་དང་། གཞན་ལ་བལྟོས་པ་མ་ཡིན་པ་དང་། མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་ཆོས་གསུམ་དང་ལྡན་པས་རང་བཞིན་དུ་བཞག་སྟེ། ཀླུ་སྒྲུབ་ཀྱིས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་བལྟོས་པ་མེད་པ་ཡིན། །ཞེས་དང་། རང་བཞིན་དེ་ལ་མི་སླུ་བ་ཞེས་ཀྱང་བྱ་སྟེ། ཟླ་བ་གྲགས་པས། འཇིག་རྟེན་པའང་མ་བྱས་པ་ཉིད་ལ་རང་བཞིན་ཞེས་བརྗོད་པའི་ཕྱིར་རོ། །འདི་ལྟར་འཇིག་རྟེན་པ་འགའ་ཞིག །འགའ་ཞིག་ཏུ་སླུ་བའི་ཐ་སྙད་དམིགས་པ་དང་། འདིའི་ཐ་སྙད་འདི་ནི་བྱས་པ་སྟེ། རང་བཞིན་མ་ཡིན་པའོ་ཞེས་སྨྲའོ། །དེ་བཞིན་དུ། སྒྱུ་མའི་སྐྱེས་བུ་དམིགས་པ་ན་སྐྱེས་བུ་འདི་ནི་བྱས་པའོ་ཞེས་བརྗོད་དེ་རང་བཞིན་མ་ཡིན་པ་ཞེས་བྱའོ། །དེ་བཞིན་དུ་འཇིག་རྟེན་དུ་རང་བཞིན་ཞེས་བྱ་བ་མ་བྱས་པ་ལ་བརྗོད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་བྱས་པ་ཉིད་དུ་ཡོད་པའི་གཟུགས་དང་། ཚོར་བ་ལ་སོགས་པའི་དོན་ཡང་སླུ་བར་སོ་སོར་སྣང་བའོ་ཞེས་བྱ་སྟེ། གང་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་འདི་དག་ཉེ་བར་དམིགས་པའི་རང་བཞིན་དེ་ནི་བྱས་པ་སྟེ། བྱས་པའི་ཕྱིར་རང་བཞིན་དུ་མི་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་དང་། ཐོག་མ་མེད་པའི་འཁོར་བ་ནས་ཐ་མ་མེད་པའི་མྱ་ངན་ལས་འདས་པའི་བར་ཏུ་སྤུ་རིས་མི་འགྱུར་བར་གནས་པས་རྒྱུན་ཆགས་པའི་ཕྱིར་རང་བཞིན་གྱི་རྒྱུ་དང་། འགའ་ཞིག་ཏུ་ཐམས་ཅད་སྟོང་པ་འོད་གསལ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་དང་། རང་བཞིན་ལྷན་ཅིག་སྐྱེས་པ་དང་། བདེ་བར་གཤེགས་པའི་སྙིང་པོ་ཞེས་པ་ལ་སོགས་པའི་མིང་དུ་མས་གདགས་པར་མཛད་དོ། །རང་བཞིན་དེ་ཉིད་འགྱུར་བ་མེད་ཀྱང་སྣང་བའམ། རྣམ་པ་དང་བཅས་པ་ཉིད་ཀྱིས་མ་དག་པ་ལྟར་སྣང་བའི་གནས་སྐབས་སུ་འཁོར་བའི་ཕུང་ཁམས་སྐྱེ་མཆེད་སོགས་ཇི་སྙེད་པའི་གཞིར་གྱུར་པས། ཀུན་གཞི་ཞེས་བྱ་ཞིང་། སྒྲིབ་པའི་ཆ་དག་པ་ན། དེ་ཉིད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་གཞིར་གྱུར་པས་རིགས་སམ། རྣམ་པ་ཐམས་ཅད་པའམ། དབང་པོ་ཐམས་ཅད་པ་ཞེས་བྱའོ། །དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། བདེ་གཤེགས་སྙིང་པོ་དགེ་བ་སྟེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་སོ། །འོ་ན་འཇུག་ཤེས་རྣམས་ནི་རྒྱུན་མི་བརྟན་པའི་ཕྱིར་བག་ཆགས་བསྒོ་བའི་གཞིར་མི་རུང་ལ། ཀུན་གཞི་ལ་བསྒོ་བར་འདོད་ན་ནི། ཀུན་གཞི་རང་བཞིན་འོད་གསལ་ལ་བྱས་ན། དེ་ཉིད་འཁོར་བའི་བག་ཆགས་དང་བྲལ་བའོ་ཞེས་འདོན་པ་དང་འགལ་ལོ་སྙམ་དུ་རྟོག་པ་ལ། སམ་པུ་ཊར། རང་བཞིན་འོད་གསལ་རྟོག་ལས་ངེས་པར་གྲོལ། །ཆགས་སོགས་བཟློག་དཀའི་དྲི་མས་གོས་གྱུར་པ། །ཞེས་ནམ་མཁའ་སྤྲིན་གྱིས་བསྒྲིབས་པའི་དོན། ནམ་མཁའི་ངོ་བོ་ལ་སྤྲིན་གྱིས་གོས་པ་མེད་ཀྱང་སྤྲིན་དང་བཅས་པར་སྣང་བ་ཙམ་ལ་བྱ་བ་བཞིན་དུ། སེམས་ཀྱི་རང་བཞིན་ལ་བག་ཆགས་ཀྱིས་གོས་པ་མེད་ཀྱང་གློ་བུར་གྱི་འཁྲུལ་པའི་བག་ཆགས་དང་བཅས་པ་ཙམ་ལ་དེ་ལྟར་བརྗོད་པར་མཛད་པ་ཡིན་ནོ། །དེ་བས་འཁོར་བའི་རྩ་བ་རགས་པ་འཇིག་ཚོགས་ལ་བལྟ་བ་ལོག་ཀྱང་བག་ཆགས་ཐམས་ཅད་ཀྱི་གནས་ཀུན་གཞི་མ་ལོག་པ་དེ་སྲིད་དུ་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་ལ། སངས་རྒྱས་ཐོབ་པར་འགྱུར་བའི་རྒྱུའི་ལམ་རྣམས་ཀྱང་ཀུན་གཞི་དེ་ཉིད་ལས་འབྱུང་བའི་ཕྱིར། ཀུན་གཞི་ནི་འཁོར་བ་འཇུག་ལྡོག་གཉིས་ཀའི་རྒྱུ་ཡིན་ནོ། །ཀུན་གཞི་དེ་ལའང་ཉོན་མོངས་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། ཉོན་མོངས་ལོག་ཀྱང་བག་ཆགས་ཐམས་ཅད་ཀྱི་གཞིར་གྱུར་པ་གཉིས་ཡོད་དོ། །དེ་ལ་དང་པོའི་དབང་དུ་བྱས་ནས། དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་དང་། རྣམ་སྣང་མངོན་བྱང་ལས། རྩ་བའི་རྣམ་ཤེས་ལོག་གྱུར་ནས། །ཞེས་དེ་དང་མཐུན་པར་བཤད་དོ། །ཕྱི་མ་ནི་དཔལ་འཕྲེང་གི་མདོར། མ་རིག་བག་ཆགས་ཀྱི་ས་ཞེས་བཤད་ཅིང་། ཉན་ཐོས་ལྷག་མེད་དུ་ཞུགས་པ་དང་། བྱང་སེམས་ཉོན་མོངས་སྤངས་ཀྱང་ཡིད་ཀྱི་ལུས་མ་ལོག་པ་དག་གིའོ། །ཇི་ལྟར་བག་ཆགས་བསྒོ་བའི་ཚུལ་ཡང་། ཤེས་པ་སྐོར་གཅིག་གི་འཇུག་པ་ལ་སྦྱར་ན། འདོད་པའི་ནུས་པ་གཟུགས་ཀྱི་དངོས་པོ་ལ་ཡིད་འཇུག་པར་བྱེད་པ་དང་། བྱ་བའི་ནུས་པ་དབང་པོ་ལ་ཤེས་པ་ཞུགས་པ་ཤེས་པའི་ནུས་པ་ལྷན་ཅིག་དམིགས་པ་ངེས་པའི་ངོ་བོ་ཉིད་ཀྱིས་དེའི་རྗེས་ལ་བདག་གིས་འདི་ཤེས་སོ་སྙམ་དུ་ངེས་པའོ། །རྗེས་ཤེས་དེ་ལ་ཡུལ་ངེས་པ་དང་། ཡུལ་ཅན་ངེས་པའི་འཛིན་སྟངས་ཐ་དད་པ་གཉིས་མེད་ཀྱི། དོན་ངེས་པ་ཉིད་ཤེས་པ་ངེས་པ་སྟེ། གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་སྤྱོད་འཇུག་ཏུ་གསུངས་པ་བཞིན། ཟླ་བ་གྲགས་པས། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །དེ་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་སོ། །བཞི་པའི་ནུས་པ་ནི། དེ་རྣམས་ཀྱི་རྒྱུན་འཇིག་པར་བྱེད་པ་གཟུང་འཛིན་གཉིས་མེད་ཀྱི་མཚན་ཉིད་ཅན་འཕོ་བའི་སྐད་ཅིག་མའོ། །དེ་དག་གདན་བཞིར། ཡུལ་ཅན། ཡུལ། ཡུལ་ཡུལ་ཅན་འདྲེས་པའི་ཤེས་པ་ཡུལ་གྱི་རྣམ་པར་སྐྱེས་པ་དེ་ཤེས་པའི་རང་བཞིན་དུ་ཐིམ་པ་བཞིའི་ཐ་སྙད་ཀྱིས་བཤད་ལ། གསང་བ་འདུས་པ་ལས། སྐད་ཅིག །ཐང་ཅིག །ཡུད་ཙམ། མིག་བཙུམ། ཐལ་མོ་བརྡེབ་པ་ཙམ་ལ་བདག་དང་གཞན་དུ་རྟོག་པའི་སྣང་བ་གཡོའོ། །སྣང་བ་གཡོས་པ་དེ་ནས། སྐད་ཅིག །ཐང་ཅིག །ཡུད་ཙམ། མིག་བཙུམ། ཐལ་མོ་བརྡེབ་པ་ཙམ་ལ་རང་བཞིན་རྣམས་རྗེས་སུ་མྱོང་བར་འགྱུར་རོ། །དེ་ནས་རླུང་གི་ཁམས་ཀྱི་རྒྱུས་རང་བཞིན་རྣམས་གཅིག་ལ་གཅིག་རྗེས་སུ་འགྲོ་བས་ཡུལ་གྱི་ལོངས་སྤྱོད་མ་ལུས་ཤིང་། ལུས་པ་མེད་པ་རྣམས་ཉིན་དང་མཚན་དུ་རང་བཞིན་གྱི་རྒྱུད་ལ་རྗེས་སུ་མྱོང་བར་འགྱུར་ཏེ། སློག་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །གང་ཚེ་སྣང་བ་ལྡན་གྱུར་ཅིང་། །ངོ་བོ་ཉིད་ཀྱིས་གང་གཡོ་བའི། །རླུང་ནི་བཞོན་པ་ཉིད་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་ནི་གང་དང་གང་གནས་ལ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཞེས་གསུངས་ཤིང་། འཆི་ཀར། འཕོ་བའི་སྐད་ཅིག་དེའི་བསམ་པ་ཤས་གང་ཆེ་བའི་བག་ཆགས་ཀྱིས་བསླད་པས། འོད་གསལ་བའི་སེམས་ཉིད་ཁུ་བའི་ཁམས་དང་ཚོགས་པ་གཅིག་ཏུ་གྱུར་པའི་དབང་གིས་ཡིན་ལ། ཁུ་བའི་ཁམས་ཕྲ་བ་ཡོད་པ་དེ་ན་རྡུལ་དང་རླུང་གི་ཁམས་ཕྲ་མོའང་ཡོད་པས། དེའི་ཕྱིར་གནས་ལུགས་ཀྱི་རང་འོད་ཁམས་སུ་སྣང་བའི་ངེས་པས་ཁམས་དང་ཤེས་པ་འདྲེས་པ་དེ་ཉིད། རྟེན་བྱེད་པའི་ཆ་ནས་རྩ། གཡོ་བའི་ཆ་ནས་རླུང་། བརྟེན་པའམ་ཡོན་ཏན་གྱི་ངེས་པས་ཐིག་ལེ། འཆར་སྒོའི་ངོས་ནས་ལེན་པའི་རྣམ་པར་ཤེས་པ། དེ་དག་གི་ཚོགས་པ་མི་ཕྱེད་པའི་ཆ་ནས་མི་ཤིགས་པའི་ཐིག་ལེ་ཞེས་གྲགས་ཤིང་། དེ་དག་གི་ཚོགས་པའི་རྟེན་བརྟེན་པའི་འབྲེལ་བ་འཁོར་བ་ཇི་སྲིད་དུ་འཇུག་ཅིང་། གཟུགས་མེད་པའི་སྲིད་པར་ཡང་ཡོད་དེ། དུས་འཁོར་ལས། ཇི་སྲིད་འགྱུར་བ་ཐོབ་ཀྱི་བར། །རྟེན་དང་བརྟེན་པའི་འབྲེལ་པར་བཅས། །སེམས་ཀྱི་འགྱུར་མེད་ཐོབ་ནས་ནི། །རྟེན་དང་བརྟེན་པའི་འབྲེལ་པ་མེད། །ཅེས་གསུངས་སོ། །དེའི་ཁུ་རྡུལ་རླུང་གསུམ་ག་སེམས་ཀྱི་རྟེན་ཡིན་ཀྱང་ཁུ་བ་བདག་པོར་གྱུར་པ་དང་། དེ་ཟླ་བའི་ཆོས་ཅན་ཡིན་པའི་ཕྱིར་འཕེལ་འགྲིབ་ཀྱི་དབང་ལས། སྲིད་རྩེའི་མཐར་ཐུག་པའི་བདེ་འགྲོ་སོགས་གྱེན་དུ་འཛེག་པ་དང་། འགྲིབ་པ་ངན་འགྲོ་སོགས་འཐུར་དུ་ལྟུང་བ་དང་། འཕོས་པ་ཆགས་པ་དང་འགྲིབ་པ་ཆགས་བྲལ་ཡིན་པས། དེའི་ཕྱིར་དུས་ཀྱི་འཁོར་ལོར། རྡུལ་མུན་སྙིང་སྟོབས་གསུམ་དུ་ཕྱེ་ནས། དགེ་བའི་སེམས་སྙིང་སྟོབས་ཀྱིས་ལྷ་དང་ལྷ་མ་ཡིན། མི་དགེ་བའི་སེམས་དྲག་པོ་མུན་པའི་བདག་ཉིད་དམྱལ་བ་དང་། མི་དགེ་བའི་སེམས་འབྲིང་པོ་དུད་འགྲོ་དང་། ཐ་མ་དང་རྡུལ་མུན་སྙིང་སྟོབས་འདྲེས་བའི་དབང་གིས་ཡི་དྭགས་དང་། མི་ལ་སོགས་པར་སྐྱེ་ཞིང་། སྙིང་སྟོབས་ལྷག་ན་བདེ་བ་དང་། གཞན་གཉིས་ལྷག་ན་སྡུག་བསྔལ་དུ་འགྱུར་བར་གསུངས་སོ། །ཤིན་ཏུ་ཕྲ་བ་བཤད་ཟིན་ཏོ། །དེ་ལྟ་བུའི་ཚོགས་པ་དེ་ཉིད་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔར་གྱེས་པ་ཚོར། འདུ། སེམས། རེག །ཡིད་བྱེད། སེམས་བྱུང་ཀུན་འགྲོ་ལྔར་གྲགས་པ་སྟེ། འདི་ལས་སེམས་ཀྱི་འཇུག་པ་སྟོང་ཆེན་འགྱུར་མེད་ལྔའི་ཆོས་ཅན་དུ་གནས་པའི་གསལ་བར་ཤེས་པར་འགྱུར་ལ། སྔ་འགྱུར་བ་དག་གིས་བཤད་པའི་འོད་ལྔའི་ཐིག་ལེ་དང་འོད་ཟེར་ལྔའི་རླུང་ཡང་འདི་ཡིན་ལ། །དེས་དབང་བྱས་པའི་ཀུན་ཏུ་སྣང་བའི་མཚན་ཉིད་ལས། མཚམས་ཀྱི་མུན་ནག་ལྟ་བུ་ནི་སྣང་བ་ཉེར་ཐོབ་ཀྱི་མཚན་ཉིད་ཡིན་ལ། མིང་གི་རྣམ་གྲངས་ནི། སྟོང་པ་ཆེན་པོ་དང་། མ་རིག་པ་དང་། ཡོངས་སུ་གྲུབ་པ་ཉིད་དང་། ཉེ་བར་ཐོབ་པ་ཞེས་བྱའོ། །དེ་ནས་དེས་དབང་བྱས་པའི་ཉི་མའི་སྣང་བ་ལྟ་བུ་ནི་སྣང་བ་མཆེད་པའི་མཚན་ཉིད་ཡིན་ལ། དེ་ཉིད་ལ་སྟོང་པ་དང་། ཐབས་ཀྱི་ཡེ་ཤེས་དང་། ཀུན་བརྟགས་དང་། སེམས་ལས་བྱུང་བ་དང་། མཆོད་པ་ཞེས་བྱའོ། །དེས་དབང་བྱས་པའི་ཟླ་བའི་སྣང་བ་ལྟ་བུ་ནི་སྣང་བའི་མཚན་ཉིད་དེ། སྟོང་པ་དང་ཤེས་རབ་ཀྱི་ཡེ་ཤེས་དང་། སེམས་དང་། གཞན་གྱི་དབང་ཞེས་བྱའོ། །རྣམ་པར་ཤེས་པ་གསུམ་པོ་དེ་དག་ནི། ནམ་མཁའི་མཚན་ཉིད་ཅན་རྣམ་པ་མེད་པའི་ངོ་བོར་ཁྱབ་པ་འགྲོ་བ་དང་འོང་བ་དང་བྲལ་བའོ། །དེ་དག་གིས་དབང་བྱས་པའི་མ་དག་པ་ལ་བྱེད་ལས་ཀྱི་ངོས་ནས་སྲོག་དང་། ཐུར་སེལ་དང་། གྱེན་རྒྱུ་དང་། མེ་དང་མཉམ་དུ་གནས་པ་དང་། ཁྱབ་བྱེད་དུ་བཞག་པའི་རང་གི་ངོ་བོ་རིག་པ་ཟག་མེད་ཀྱི་ཤེས་རབ་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་མ་རིག་པ་བདེན་པ་གཉིས་ལ་ཀུན་ཏུ་རྨོངས་པའི་གཏི་མུག་དང་། སེམས་ཅན་སྡུག་བསྔལ་གྱི་གནས་ཀྱིས་ཆོས་ལ་ཀུན་ནས་མནར་སེམས་པའི་ཞེ་སྡང་དང་། ཁམས་གསུམ་པའི་ལུས་དང་ལོངས་སྤྱོད་ལ་རྗེས་སུ་ཆགས་པའི་འདོད་ཆགས་དང་། འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པའི་སེམས་ཁེངས་པའི་ང་རྒྱལ་དང་། རྙེད་བཀུར་ལ་ཆགས་པས་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པར་འགྱུར་བའི་སེམས་ཁོང་ནས་འཁྲུག་པ་ཞེ་སྡང་གི་ཆར་གཏོགས་པའི་ཕྲག་དོག་སྟེ་ལྔ་ལངས་པས། བདུད་རྩི་ལྔའི་དངས་མའི་རྟེན་གྲུབ་ལ། ཁུ་བའི་དབང་གིས་ཡིད་བྱེད་རྡུལ་གྱི་ཡུལ་རླུང་གི་དབང་པོ་གྲུབ་སྟེ། དེ་ལྟར་དབང་པོ་ཀུན་འབྱུང་དང་འདྲེས་པ་དེ་ཉིད་ཡུལ་དུ་འཆར་བས་བདག་པོར་བསྙད་ལ། དེ་འདྲ་བའི་ཡུལ་ལྔ་པོ་དེ་རྩ་བའི་ཁམས་ལྔའི་གཟུགས་ཆུའི་ཡོན་ཏན། སྒྲ་ནམ་མཁའ། དྲི་ས། རོ་མེ། རེག་བྱ་རླུང་གི་ཡོན་ཏན་ཡིན་པའི་གནད་ཀས། དབང་སོགས་ཀྱི་རླུང་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་དང་། ཡན་ལག་གི་རླུང་དུ་བཞག་པ་ཡིན་ནོ། །ཕྲ་བ་བཤད་ཟིན་ཏོ།། །།རླུང་བཅུ་པ་ཕྱི་རོལ་ཏུ་འཕོས་པའི་འབྱུང་འཇུག་གནས་པ་གསུམ་ལས། དབྱུག་གུ་དང་། ཆུ་ཚོད་དང་། འཕོ་བ་དང་། ཐུན་དུ་བཞག་པ་དེའི་དབང་གིས་ཟླ་བ་དང་། ལོ་དང་། ཁྱིམ་དང་། གཟའ་དང་། རྒྱུ་སྐར་གྱི་འཆར་ནུབ་དང་། དུས་སྦྱོར་གྱི་དབྱེ་བ་ལ་སོགས་པའི་དུས་ཀྱི་འཁོར་ལོ་འདི་རྣམས་བྱུང་ཞིང་། གཞན་ཡང་རླུང་ཡི་གེ་དང་། དེ་མིང་དང་། དེ་ལས་ཚིག་མ་ལུས་པ་འབྱུང་བའང་ཤེས་པར་བྱའོ། །རླུང་མུན་རྡུལ་ཁུ་བའི་ངེས་པ་ཡུལ་དུ་སྣང་བ་ལས། གཟུགས་མེད་པ་དང་། གཟུགས་དང་། འདོད་པའི་ཁམས་ཀྱི་སྣང་བ་འབྱུང་ཞིང་། དེ་དག་ཏུ་ས་ཆུ་མེ་རླུང་གང་ཤས་ཆེ་བ་རིམ་པ་བཞིན་དུ་རྫུས་ཏེ་སྐྱེ་བ་དང་། དྲོད་གཤེར་དང་། མངལ་དང་། སྒོ་ང་ལས་སྐྱེ་བ་ཡིན་ནོ། །དེ་དག་གི་ལུས་ཀྱི་རྩ་ཡང་མི་ཤིགས་པ་མུན་ཅན་གྱི་དབང་གིས་དབུ་མ་དང་། དེ་ལས་ཁུ་བའི་དབང་གིས་འཛིན་པའི་ཆོས་བསྐྱེད་པ་རྐྱང་མ་དང་། རྡུལ་ལས་བཟུང་བའི་ཆོས་བསྐྱེད་པ་རོ་མ་དང་། བཞིར་འབྱེད་ན་དབུ་མའི་ཕྱེད་ཕྱི་མ་དུང་ཅན་ས་ཁམས་སུ་ཁམས་བཞིའི་དབང་གིས་ལྟེ་སྙིང་མགྲིན་དཔྲལ་བའི་འཁོར་ལོ་བཞི་ས་ལས་ཡེ་ཤེས་དང་། རླུང་ལས་ནམ་མཁའ་ཕྱེ་བས་གསང་བ་དང་གཙུག་ཏོར་གྱི་འཁོར་ལོ་གཉིས་ཏེ་འཁོར་ལོ་དྲུག་གོ །དེ་ཐབས་ཤེས་ཀྱིས་ཕྱེ་བས་གནས་སོགས་བཅུ་གཉིས། དེ་ཐབས་ཤེས་ཀྱིས་ཕྱེ་བས་ཡུལ་ཉེར་བཞི། རྩ་བའི་ཁམས་དྲུག་ལ། ཁམས་སུམ་ཅུ་རྩ་དྲུག་ཏུ་ཕྱེ། ཁུ་བ་ཁྱབ་བྱེད་དུ་བྱས་པས་གནས་སོ་བདུན་ནོ། །ཁམས་སོ་དྲུག་ནི་ཤ་དང་། རྩ་དང་། རྒྱུས་པ་དང་། མགོ་བོ་དང་། ཀླད་པ་དང་། ཀླད་རྒྱ་དང་། རུས་པ་དང་། རྐང་དང་། རྒྱུ་མ་དང་། གཉེ་མ་དང་། མཁལ་མ་དང་། སྙིང་དང་། ལྟོ་བ་དང་། གློ་བ་དང་། མཚེར་པ་དང་། གཅིན་དང་། ཕྱི་ས་དང་། ལྒངས་པ་དང་། ཕོ་བ་དང་། ལང་ཁ་དང་། གཞང་དང་། ཆུ་སེར་དང་། རྣག་དང་། ཁྲག་དང་། མཁྲིས་པ་དང་། བད་ཀན་དང་། ངར་སྣབས་དང་། སྐྲ་དང་། ཁ་སྤུ་དང་། སོ་སེན་དང་། སྤུ་དང་། པགས་པ་དང་། རྐང་པ་དང་། ལག་པ་དང་། མིག་དང་། ཉིང་ལག་གོ །དེ་ལས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་བསམ་གྱིས་མི་ཁྱབ་པའི་རྩར་གྲུབ་ལ། དེ་ལས་ཀླུ་དབང་རྣམས་ཀྱི་ལུས་གྲུབ་པས་དེའི་ལོངས་སྤྱོད་ཀྱི་ཆུ་ཀླུང་སོགས་གྲུབ་པ་ལྟར། ནང་ལུས་གྲུབ་པའི་དབང་གིས་ཕྱི་འཇིག་རྟེན་གྱི་ཁམས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ནང་དང་མཐུན་པ་ཁུ་རྡུལ་རླུང་གསུམ་དབང་བྱེད་པའི་ཚེ་སྐྱེ་བར་སྣང་ལ། ལོངས་སྤྱོད་པའི་ཚེ་གནས་པ་དང་། ཐིམ་པའི་ཚེ་འཇིག་པ་ཡིན་ནོ། །དེ་ལྟ་བུར་སྣང་བ་དང་བཅས་རླུང་གི་གཞོན་པ་དང་བཅས་པ་ལས། རང་བཞིན་རྗེས་སུ་མྱོང་བའི་མཚན་ཉིད་འབྱུང་སྟེ། སྟོང་པ་ཆེན་པོ་ལས་ཆགས་པ་བར་མ་དང་། བརྗེད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་སྟེ་བདུན་ནོ། །ཤིན་ཏུ་སྟོང་པ་ལས། ཆགས་པ་དང་། ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱ་བ་དང་། དཔྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། དཀའ་བ་ལ་སྦྱོར་བ་དང་། དཀའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དཀའ་བ་ལ་སྦྱོར་བ་དང་། དྲག་པོ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། བསྐུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། སྒྲིན་པ་དང་། སྡུག་པ་དང་། མི་བསུན་པ་དང་། གྱ་གྱུ་ཆེ་བ་སྟེ་བཞི་བཅུའོ། །སྟོང་པ་ལས། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱི་འགྲོ་འོང་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་། རྣམ་པར་རྟོགས་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་སྐོམ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ། སུམ་ཅུ་རྩ་གསུམ་མོ། །དེ་ལྟར་བརྒྱད་ཅུ་པོ་དེ་དག་ཉིན་མཚན་དུ་རྒྱུ་བའི་དབང་ལས། བརྒྱ་དང་དྲུག་ཅུར་འགྱུར་རོ། །རང་བཞིན་བརྒྱ་དང་དྲུག་ཅུ་པོ་དེ་ལས་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་འབྱུང་བ་དང་། དེ་ལས་ལྟ་བ་དྲུག་ཅུ་རྩ་གཉིས་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་དག་གི་རྩ་བ་ཚོགས་པ་གཅིག་པའི་ལུས་ངག་ཡིད་གསུམ་ནི་རྟོགས་པར་དཀའ་བས་ཕྲ་བ་ཡིན་ལ། སྣང་བ་གསུམ་གྱིས་རྒྱས་པར་འགྱུར་བས་ན་ཕྲ་རྒྱས་སོ། །དེས་འཁོར་བའི་ཆོས་ཀྱི་ཕྲ་རྒྱས་བཤད་ཟིན་ཏོ།། །།འགའ་ཞིག །སྟོབས་སོགས་སྒྲིབ་བྲལ་ཉིད་སེམས་ཅན་ལ་སྙིང་པོའི་ཚུལ་དུ་རྣམ་པ་ཐམས་ཅད་དུ་འགྱུར་བ་མི་བརྟེན་པར་གནས་སོ། །ཞེས་སྨྲ་ལ། འགའ་ཞིག །གཞི་ཉིད་འབྲས་བུ་ཡིན་པས་སྒྲིབ་པ་སྤང་དུ་མེད། གཉེན་པོ་རྟེན་དུ་མེད་ཟེར་ལ། འགའ་ཞིག །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སངས་རྒྱས་ཀྱི་ས་ཁོ་ནར་གསར་དུ་བྱུང་ཞེས་མུ་ཅོར་དུ་སྨྲའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ནི་རིས་སུ་བཅད་པ་དང་བྲལ་བའི་ཕྱིར། ཆར་ཕྱེ་སྟེ་བགྲང་བ་ལས་འདས་པའོ། །དེའི་ཕྱིར་གྲངས་སུ་བཅད་པ་ནི་མ་དག་པའི་ཁམས་ཀྱི་དབྱེ་བ་ཉིད་ལས་ཡིན་ཏེ། དཔེར་ན། ཆང་གི་མྱོས་པའི་ནུས་པ་སེམས་ལ་འབྱུང་བ་བཞིན་དུ། རྟེན་ཁུ་བའི་དབང་ལས་སྐུ། རྡུལ་ལས་གསུང་། མུན་ཅན་ལས་ཐུགས། ཁམས་སོ་གཉིས་ལས་མཚན་སོ་གཉིས། རང་བཞིན་བརྒྱད་ཅུ་ལས་དཔེ་བྱད་བརྒྱད་ཅུ། རླུང་བཅུས་སྟོབས་བཅུ། འབྱུང་བཞིའི་མཚན་ཉིད་ཅན་འཁོར་ལོ་བཞིས་མི་འཇིགས་པ་བཞི། ཁམས་བཅོ་བརྒྱད་ལས་མ་འདྲེས་པའི་ཆོས་སམ། སྐྱེ་མཆེད་བཅུ་གཉིས་ལས་དབང་དྲུག་གང་རུང་ལས་སོ། །ཨེ་ཡིག་གི་ངེས་པས་མངོན་པར་བྱང་ཆུབ་པའི་སྤངས་པ། ཝཾ་ཡིག་གི་ངེས་པས་ཡང་དག་པར་རྫོགས་པའི་རྟོགས་པ་མཐར་ཐུག་གོ །རྩ་བའི་ཚོགས་པ་གཅིག་པས་གསང་བ་ཆེན་པོ་རིགས་གཅིག །ཁུ་རྡུལ་ཐབས་ཤེས་ཀྱིས་རིགས་གཉིས། ཁུ་རྡུལ་མུན་ཅན་གྱིས་རིག་གསུམ། ཁམས་ལྔས་རིགས་ལྔ་ནས་བརྒྱ་དང་གྲངས་མེད་པར་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །དེ་བས་ན། རྫོགས་སྨིན་སྦྱང་གསུམ་གྱིས་གནས་སྐབས་ཀྱི་འཁྲུལ་པ་རྣམ་པར་སྦྱངས་པས་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ་དེ་ཉིད་གནས་གྱུར་གྱི་ཚུལ་གྱིས་མངོན་དུ་བྱེད་པ་ཡིན་ནོ། །ནཱ་རོ་ཞབས་ཀྱིས། རགས་དང་ཕྲ་དང་ཤིན་ཏུ་ཕྲ། ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་གསུངས་པའི་གནས་སྐབས་དང་པོ་ནི། མངོན་གྱུར་པ་ཡིན་པས་མ་བསླབས་པར་ཤེས་པའི་རྟེན་འབྲེལ་དང་། བར་མ་བག་ལ་ཉལ་ཡིན་པས་ཐོས་བསམ་གྱི་ཤེས་རབ་ཀྱིས་རྟོགས་པར་བྱ་བས་བསླབས་ནས་ཤེས་པའི་རྟེན་འབྲེལ་དང་། ཐ་མ་བག་ཆགས་ཡིན་པས་སོ་སོ་རང་རིག་གིས་རྟོགས་པར་བྱ་བས་བསྒོམས་ནས་ཤེས་པའི་རྟེན་འབྲེལ་ཞེས་བྱའོ། །འདི་དག་ནི་ལས་ཕྲ་རྒྱས་དང་། སྣང་སྲིད་སི་ལུ་ཞེས་བྱ་བའི་དགོངས་པའི་དོན་ཀུན་གྱི་བློ་གྲོས་ཀྱི་ཡུལ་དུ་མ་གྱུར་པའི་གསང་བའོ།། །།གསུམ་པ་བསྒོམ་ཐབས་གཉིས་ལ། སྐྱེ་བ་མེད་པ་ངོས་འཛིན་པ་མཉམ་གཞག་ཡོན་ཏན་སྐྱེ་བའི་རྟེན་འབྲེལ། འགག་པ་མེད་པ་ལམ་དུ་ཁྱེར་བ་རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་གཉིས་ལས། དང་པོ་ནི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ་པའི་ཆུས། སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱངས་ནས། ཞེས་པ་ཉོན་མོངས་པ་དང་། སྐྱོན་མ་ལུས་པ་སྤོང་བར་འདོད་པས་ནི། འཁོར་བ་འདི་ཅིའི་རྩ་བ་ཡིན་ཞེས་དེ་ལྟར་ཉེ་བར་བརྟགས་ནས་དེ་སྤོང་པ་ལ་འཇུག་པར་བྱ་ཞིང་། དེ་ཁོ་ན་ཉིད་རྟོགས་པའི་ཐར་པའང་ཅི་ཞིག་གིས་རྟོགས་ཞེས་རྣམ་པར་དཔྱད་པས་སེམས་ཀྱི་རྡོ་རྗེ་མ་དག་པ་དང་དག་པའི་འབྱུང་ལྡོག་ཏུ་རིག་ནས་སེམས་ཀྱི་རྡོ་རྗེ་དེ་རྣམ་པར་སྦྱང་བར་བྱ་སྟེ། རྡོ་རྗེ་གུར་ལས། སེམས་ཀྱི་རྡོ་རྗེ་ལས་བྱུང་བའི། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་བདག་གི་རྣམ་རྟོག་གི །སྐྱེ་བོ་དྲི་མས་ནག་པོར་བྱས། དེ་བས་ཀུན་ཏུ་རབ་འབད་པས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱང་། སེམས་དག་པ་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཕྲོག །ཅེས་གསུངས། སྦྱོང་བྱེད་ཀྱི་ཐབས་ཀྱང་། སྦྱངས་འབྲས་འབྲས་བུའི་རྒྱུད་དང་། སྦྱང་གཞི་རྒྱུའི་རྒྱུད་གཉིས་ལ་ངོ་བོ་དོན་གཞན་དུ་གྱུར་པ་མེད་པའི་ཕྱིར་རྒྱུ་འབྲས་གཉིས་དང་མཚུངས་པའི་ཟུང་འཇུག་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་དུ་འདྲ་བ་ཞིག་དགོས་ཏེ། དེའང་འཁོར་ལོ་བར་པའི་མདོར། གང་ཤེས་རབ་ཀྱི་མིག་གིས་ལེགས་པར་དཔྱད་ནས་མ་རྙེད་པ་དང་མཉམ་པར་བཞག་པས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་ནས་ཆོས་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས་མངོན་སུམ་དུ་རྟོགས་པ་ནི་སྟོང་པ་ཉིད་དོ། །དེའི་མཐུ་ལས་ཀྱེ་མ་མ་ལ་གཏི་མུག་གི་ནུས་པ་གང་ལས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ཡང་བདག་ཉིད་ཀྱིས་མ་རྟོགས་ཏེ་འདི་རྣམས་ཇི་ལྟར་རྟོགས་པར་བྱ་ཞེས་རྣམ་པར་བསམས་ནས་བདག་ཉིད་ཇི་ལྟ་བུར་འགྲོ་བ་ཐམས་ཅད་དམིགས་ནས་དམིགས་པ་མེད་པའི་སྙིང་རྗེ་སྐྱེའོ། །དེའི་ཚེ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་ཆུག་སྟེ། དེ་ཉིད་རྣམ་པར་མི་རྟོག་པ་ཆེན་པོའི་རྣལ་འབྱོར་རོ། །སྟོང་པ་ཉིད་ཀྱང་ནང་སྟོང་པ་ཉིད་ལ་སོགས་པའི་དབྱེ་བས་བཅུ་དྲུག་དང་། བཅོ་བརྒྱད་དང་། ཉི་ཤུ་ལ་སོགས་པར་གསུངས་ལ། མདོར་བསྡུ་ན་གང་ཟག་དང་ཆོས་ཀྱི་བདག་མེད་པའི་སྟོང་པ་ཉིད་གཉིས་སུ་བསྡུའོ། །སྙིང་རྗེའང་སེམས་ཅན་ལ་དམིགས་པ་དང་། ཆོས་དང་། དམིགས་པ་མེད་པ་གསུམ་སྟེ། སློབ་དཔོན་ཟླ་གྲགས་ཀྱིས་གསུངས་པའི་དོན། རང་དབང་མེད་པར་འཕྱན་ལ་ཞེས་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དེ་དང་བྲལ་བས་སེམས་ཅད་རྣམས་བསྒྲལ་བར་འདོད་པ་ནི་དང་པོ་ཡིན་ལ། གང་ཟག་གི་ཟླས་དབྱེ་བའི་ཕུང་པོ་ལ་སོགས་པ་རྣམས་སྐད་ཅིག་རེ་རེར་འཇིག་པའི་འཇིག་པ་ནི་སྡུག་བསྔལ་བ་ཡིན་ལ། དེ་དང་བྲལ་བར་འདོད་པ་གཉིས་པའོ། །བདག་དང་སེམས་ཅན་ཐམས་ཅད་སྟོང་པ་ཉིད་དུ་མངོན་སུམ་དུ་རྟོགས་ནས་བདག་གཅེས་པར་འཛིན་པའི་བློ་རིང་དུ་སྤངས་པ་དེ་ཉིད་ལས་སེམས་ཅན་གྱི་དོན་བྱེད་པར་སྤྲོ་བའི་དགའ་བ་མཐའ་ཡས་པ་འབྱུང་བའི་ཕྱིར་སྙིང་རྗེའི་མིང་གིས་བཏགས་པ་ནི་ཕྱི་མའོ། །འདི་ལས་དང་པོ་གཉིས་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ལ་ཞུགས་པའི་སོ་སོ་སྐྱེ་བོ་ལའང་ཡོད་ལ། ཕྱི་མ་ནི་ས་ཐོབ་པ་མན་ཆད་ལའོ། །བློ་གྲོས་མི་ཟད་པའི་མདོ་ལས། སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པའི་བྱམས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ་ཞེས་གསུངས་པའང་། ས་དང་པོ་ནི་འཇིག་ཚོགས་ལ་ལྟ་བ་མེད་ཀྱང་དེའི་བག་ཆགས་ཀྱིས་བསླད་པའི་བདག་ཏུ་སྣང་བ་ཕྲ་མོ་ཡོད་པའི་ཕྱིར་སེམས་ཅན་ལ་དམིགས་པ་ཞེས་བྱའོ། །ས་གཉིས་པ་ནས་བདུན་པའི་བར་ལ་ནི་སྤྱོད་པ་ལ་ཞུགས་པ་སྟེ། དེ་དག་ཏུ་ཆོས་གསུང་རབ་དང་འབྲེལ་བའི་སྒྲ་དོན་ཅན་གྱི་རྟོག་པ་ཡོད་པས་ཆོས་ལ་དམིགས་པ་ཞེས་བྱའོ། །ས་བརྒྱད་པ་ནས་ནི་རྟོག་པ་མེད་པའི་ཕྱིར་དམིགས་པ་མེད་པ་ཞེས་བྱའོ། །འཁོར་ལོ་ཐ་མར་ནི། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ་གློ་བུར་གྱི་དྲི་མ་དང་བྲལ་བ་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་གཞག་པར་བྱ་བ་ཅུང་ཟད་ཀྱང་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་ཟག་པ་མེད་པའི་སྙིང་པོ་ཆེན་པོའི་ཁམས་དབྱེར་མེད་དུ་ཡོད་པས་དེ་ཉིད་སེམས་ཅན་གྱི་དོན་ལ་མི་ཕྱོགས་པའི་སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པས་བྲལ་མི་ཤེས་པའམ་དེས་མི་སྟོང་པའོ། །དེའི་ཕྱིར་སྟོང་པ་ཞེས་པས་སྒྲོ་འདོགས་དང་། ཉིད་ཀྱིས་སྐུར་པའི་མཐའ་བསལ་བ་དབུ་མའི་ལམ་ནི་སེམས་འགོག་པ་མེད་ཅིང་བཅོས་མ་མ་ཡིན་པར་མཉམ་པར་གཞག་པ་ན་ཉོན་མོངས་པ་དང་རྣམ་པར་རྟོག་པའི་རྙོག་པ་མེད་པར་དངས་མའི་སེམས་ཀྱིས་དངས་མའི་སེམས་ལ་བལྟས་པས་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཇི་ལྟ་བའི་སྙིང་པོ་མཐོང་བར་འགྱུར་བ་ནི་རྣམ་པར་གྲོལ་བའོ། །དེ་ལྟར་ཡང་རྒྱུད་བླ་མར། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་གསུངས་ལ། སྙིང་རྗེ་བཅུ་དྲུག་གི་རྣམ་གཞག་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་གསུངས་པ་ནི། ལྟ་བ་སྣ་ཚོགས་པ་དང་། ཕྱིན་ཅི་ལོག་བཞི་དང་། ང་ཡིར་འཛིན་པ་དང་། སྒྲིབ་པ་ལྔ་དང་། སྐྱེ་མཆེད་དྲུག་གིས་ཡུལ་ལ་ཆགས་པ་དང་། ང་རྒྱལ་བདུན་དང་། འཕགས་པའི་ལམ་ལས་ཉམས་པ་དང་། རང་དབང་མེད་པ་དང་། ཁོང་ཁྲོ་བ་དང་། སྡིག་པའི་གྲོགས་པོས་ཟིན་པ་དང་། འཕགས་པའི་རིགས་མེད་པ་དང་། ལོག་པར་ལྟ་བ་དང་། མ་རིག་པས་བདག་ཏུ་ལྟ་བ་དང་། ཕུང་པོའི་གཤེད་མས་ཟིན་པ་དང་། བདུད་ཀྱི་ཞགས་པས་བཅིངས་པ་དང་། མཐོ་རིས་དང་ཐར་པའི་ལས་ཉམས་པ་དག་ལ་དམིགས་ནས་དེ་དག་དང་བྲལ་བར་འདོད་པའི་རྣམ་པའོ། །རྡོ་རྗེའི་ཐེག་པར་ནི་དངོས་པོ་དང་དངོས་པོ་མེད་པ་དང་། རང་དང་གཞན་གྱི་དངོས་པོ་ལ་སོགས་པའི་ཡིད་ལ་བྱེད་པ་སྤངས་ཏེ་ཐམས་ཅད་ལ་སེམས་ཡང་དག་པར་བསྡུས་ཏེ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །དེ་ལྟར་ཅིའང་མི་བསམ་པའི་རྣལ་འབྱོར་པ་སྔོན་ཆད་བླ་མ་ཡུན་རིང་དུ་བསྟེན་པ་དང་། བླ་མའི་དྲིན་གྱིས་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐྱེ་བར་འགྱུར་ཏེ། སྟོང་པ་ཉིད་དེ་ནི་ཆད་པའི་མྱང་འདས་དང་མི་འདྲ་བར་བྲལ་བའི་གཟུགས་རྣམ་པ་ཐམས་ཅད་པའོ། །སྙིང་རྗེ་ནི་འཁོར་བའི་འགྱུར་བའི་བདེ་བ་ལས་འདས་པ་མི་འགྱུར་བའི་བདེ་བའོ། །བདེ་སྟོང་དེ་དག་གཅིག་ཏུ་སྦྱོར་བ་ནི་དབྱེར་མེད་པ་སྟེ། དེའི་ཕྱིར་སྟོང་ཉིད་སྙིང་རྗེའི་བྱང་ཆུབ་ཀྱི་སེམས་ནི་འཁོར་བའི་མཚན་ཉིད་དང་བྲལ་བས་རྟག་པའི་མཐར་མ་ལྷུང་། ཆད་པའི་མྱང་འདས་དང་བྲལ་བའི་ཕྱིར་ཆད་པའི་མཐར་མ་ལྷུང་བ་དབུ་མ་ཆེན་པོའི་ལམ་དུ་གསུངས་སོ། །དེ་ལྟར་རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ནི་རབ་བསྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་དང་། ཡང་། བདག་འཛིན་ཞེན་པ་བཟློག་པའི་ཕྱིར། །ཆོས་དབྱིངས་བདག་ཉིད་སྒྲུབ་ཐབས་ནི། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་ཏེ། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་དང་། མངོན་བརྗོད་འབུམ་པ་ལས། སྟོང་ཉིད་སྙིང་རྗེ་གཅིག་གྱུར་པ། །རྒྱུད་གང་ལས་ནི་རབ་བསྟན་ཅིང་། །འཇིག་རྟེན་མགོན་པོ་སྒྲུབ་བྱེད་པ། །རྒྱུད་དེ་སངས་རྒྱས་ཀྱི་བསྟན་པའོ། །ཞེས་དང་། རྡོ་རྗེ་འཕྲེང་བར་ཡང་། རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །གང་ལས་དེ་ཉིད་མངོན་པར་བརྗོད། །དེ་ནི་དེ་བཞིན་གཤེགས་པའི་རྒྱུ། །ཞེས་སོ། །ཕུང་པོ་ལྔ་གཡས་ཀྱི་རླུང་ལྔ་དང་། ཁམས་ལྔ་གཡོན་གྱི་རླུང་ལྔ་དང་། དབང་པོ་ལྔ་ནི་མིག་ལ་སོགས་པའི་བཞོན་པར་གྱུར་བའི་རླུང་ལྔ་སྟེ་བཅོ་ལྔ་སྟེ། མཉམ་རྒྱུའི་རླུང་དབུ་མར་ཞུགས་པ་ལས་སྟོང་པ་ཉིད་བཅུ་དྲུག་ཅེས་བཞག་ཅིང་། ཐིག་ལེའི་རྒྱུ་འབྲས་མ་དག་པ་དང་དག་པའི་དབྱེ་བས་སྙིང་རྗེ་བཅུ་དྲུག་སྟེ། རྡོ་རྗེ་འཕྲེང་བར། གང་ཕྱིར་ཨ་ཝ་དྷཱུ་ཏཱིར་ཞུགས། །ཡང་དག་སྟོང་པ་ཉིད་དུ་འདོད། །ཅེས་གསུངས་སོ། །དེ་ཉིད་སཾ་པུ་ཊར། ནང་གི་སྐྱེ་མཆེད་ནས་བརྩམས་ཏེ། ཕྱི་རོལ་གྱི་བཟའ་བ་སྟོང་པ་ཉིད་དང་། དེའི་ལུས་ཀྱི་ཟ་བ་པོ་དང་། བཟའ་བ་དག་གང་ཞིག་བྱིན་གྱིས་བརླབས་པའི་ལུས་དེའི་སྟོང་པ་ཉིད་བལྟ་ཞིང་སྐྱོང་བས་འདུ་བྱེད་སྤོང་བར་བྱེད་དེ་དགེ་བ་མི་ཟད་པ་དང་། གང་ཡང་ཁྱད་པར་ཅན་དུ་ལྟ་བས་ནང་དང་ཕྱི་རོལ་སྟོང་པ་ཉིད་དུ་གསུངས་སོ་ཞེས་སོགས་སྟོང་ཉིད་བཅུ་དྲུག་གསུངས་པ་ཉིད། དབུས་མཐའ་རྣམ་འབྱེད་དུའང་། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང་། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །ཅེས་སོགས་གསུངས་པ་ཡིན་ནོ། །དེ་ལ་གང་གི་ཚེ་སེམས་བརྟན་པར་གྱུར་པ་དེའི་ཚེ་མཉམ་པར་གཞག་པའི་རྣལ་འབྱོར་ཞེས་བྱ་ལ། གཞན་གྱི་ཚེ་ནི་མཉམ་པར་མ་བཞག་པ་ཁོ་ནའོ། །དེ་ལྟ་བུས་རྣལ་འབྱོར་པ་ཉོན་མོངས་པ་སྤོང་བར་བྱེད་པའི་ཚེ་ན། ཅི་ཀུན་ནས་དཀྲིས་པ་ལས་སྤོང་བར་བྱེད་དམ། འོན་ཏེ་བག་ལ་ཉལ་ལས་སྤོང་བར་བྱེད། གང་ལས་སྤངས་ན་སྤངས་པ་ཞེས་བརྗོད་པར་བྱ་ཞེ་ན། བག་ལ་ཉལ་ལས་སྤོང་བར་བྱེད་དེ། ཀུན་ནས་དཀྲིས་པ་ནི་དང་པོ་ཉིད་ནས་སྤངས་ཟིན་པའི་ཕྱིར་རོ། །བག་ལ་ཉལ་ལས་སྤངས་ན་སྤངས་པ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་དཀྲིས་པ་ལ་སྤངས་ལ་བག་ལ་ཉལ་ལས་མ་སྤངས་ན་ནི་ཡང་ནས་ཡང་དུ་ཀུན་ནས་དཀྲིས་པ་འབྱུང་བར་འགྱུར་གྱི། བག་ལ་ཉལ་ལས་སྤངས་ན་ནི་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་གཉིས་ཀ་ལས་གཏན་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །ཅི་འདས་པ་སྤོང་བར་བྱེད་དམ། འོན་ཏེ་མ་འོངས་པའམ། ད་ལྟར་བྱུང་བ་སྤོང་བར་བྱེད་ཅེ་ན། འདས་པའང་མི་སྤོང་། མ་འོངས་པའང་མི་སྤོང་། དེ་ལྟར་བྱུང་བའང་མི་སྤོང་མོད་ཀྱི། འོན་ཀྱང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྤངས་པ་ཡིན་ནོ། །དེ་ལ་རེ་ཞིག་བག་ཆགས་དང་བཅས་པ་འདས་པ་གང་ཡིན་པ་དེ་ནི་རང་གི་ངང་གིས་འགགས་པའི་ཕྱིར་སྤངས་ཟིན་པ་ཡིན་པས་དེ་ལ་ཅིའང་སྤང་དུ་མེད་དོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་བྱུང་བ་དང་ལུས་མེད་པ་ཡིན་པས་དེ་ལའང་ཅིའང་སྤང་དུ་མེད་དོ། །བག་ལ་ཉལ་དང་བཅས་པ་ད་ལྟར་བྱུང་བ་གང་ཡིན་པ་དེ་ནི་སྐད་ཅིག་ལྷག་པར་མི་གནས་ཏེ་བག་ལ་ཉལ་དང་བཅས་པ་དང་། བག་ལ་ཉལ་མེད་པའི་སེམས་གཉིས་འགྲོགས་པ་ནི་མེད་པས་དེའི་ཕྱིར་ད་ལྟར་བྱུང་བའང་མི་སྤོང་ངོ་། །འོན་ཀྱང་གཞན་གྱི་སྒྲ་དང་། བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཉོན་མོངས་པའི་གཉེན་པོའི་སེམས་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་ནི་སྐྱེ། དེའི་མི་མཐུན་པའི་ཕྱོགས་བག་ལ་ཉལ་དང་བཅས་པའི་སེམས་ནི་འགག་སྟེ། དེ་ལྟར་ན་དེ་སྐྱེ་བའི་དུས་གང་ཡིན་པ་དེ་ཉིད་ནི་འགག་པའི་དུས་ཡིན་པས། དེ་གཉིས་ཀྱི་སྐྱེ་བ་དང་འགག་པ་ནི་མགོ་མཉམ་དུ་རིག་པར་བྱའོ། །དེ་ལ་ཉོན་མོངས་པའི་གཉེན་པོའི་སེམས་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་དེ་ནི་ད་ལྟར་བྱུང་བ། བག་ལ་ཉལ་མེད་པ་ཡིན་ནོ། །སྐད་ཅིག་དེ་ལས་ཐལ་བ་ནི། འདས་པ་བག་ལ་ཉལ་མེད་པ་ཡིན་ནོ། །མ་འོངས་པའང་བག་ལ་ཉལ་མེད་པ་ཡིན་ནོ། །དེ་ལྟར་གནས་གྱུར་ཏེ་བག་ལ་ཉལ་གྱི་རྒྱུན་ཡང་དག་པར་ཆད་ནས། དེའི་རྗེས་ལ་འཛིན་པའི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་དེའི་འོག་ཏུ་ཕྱིས་འབྱུང་བ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་གང་ཡིན་པ་དེའང་བག་ལ་ཉལ་མེད་པས་དེའི་ཕྱིར་འདས་པའང་སྤངས་པ་ཡིན་ལ། ད་ལྟར་བྱུང་བ་དང་མ་འོངས་པའང་སྤངས་པའོ། །དེ་ལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་ནི། མདོ་ལས་བཤད་པ་ཆ་གཉིས་ཀྱིས་རྣམ་པར་དག་པ་ཡིན་ཏེ། དང་བའི་གཟུགས་དང་རྗེས་སུ་འབྲེལ་བ་དང་། སེམས་དང་སེམས་ལས་བྱུང་བ་དང་རྗེས་སུ་འབྲེལ་བས་སོ། །དེ་ལ་མཐོང་བའི་ལམ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུས་མཐོང་བའི་ལམ་ཡང་བསྟན་པ་གནས་པའི་རྒྱས་པ་རྣམ་པར་གཞག་པ་སྤྲོས་པ་དང་བཅས་པ་དང་། དོན་དམ་པ་རྣམ་པར་གཞག་པ་སོ་སོ་རང་གི་རིག་པ་སྤྲོས་པ་མེད་པའོ། །དེ་ལ་རྣམ་པར་གཞག་པ་དང་པོའི་དབང་དུ་བྱས་ནས། ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་བཞི་དང་། རྗེས་སུ་རྟོགས་པའི་ཕྱོགས་དང་མཐུན་པའི་སེམས་བཞི་དང་། དུས་ཇི་སྲིད་དུ་སེམས་བརྒྱད་པོ་དེ་དག་འབྱུང་བར་འགྱུར་བའི་དུས་ཀྱི་དེ་སྲིད་དུ་དེའི་འཇུག་ཐོགས་སུ་ཡོངས་སུ་བསྒོམས་པའི་སེམས་ཞི་གནས་འབའ་ཞིག་ལ་ཞུགས་པ་དེ་དག་ཀྱང་འབྱུང་བར་འགྱུར་ཏེ། དེ་དག་བསྡུས་ན་སེམས་དགུར་འགྱུར་བས། དེ་དག་གིས་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་གཞག་པ་གཉིས་པའི་དབང་དུ་བྱས་ནས་དེ་བཞིན་ཉིད་ཤེས་པ་དག་མཚུངས་པར་ལྡན་པ་ཅིག་ཁོ་ནས་སེམས་ཀྱི་རང་བཞིན་ལས་བརྩམས་ཏེ་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །འཕགས་པ་ཉན་ཐོས་ནི་ཞི་གནས་ཀྱིས་སྤང་བར་བྱ་བ་དང་། ལྷག་མཐོང་གིས་སྤང་བར་བྱ་བའི་བག་ལ་ཉལ་རྣམ་པ་གཉིས་ཀ་ཅིག་ཅར་སྤོང་བར་བྱེད་དོ། །དེ་ལ་དང་པོ་ནི་ལྷག་མཐོང་གིས་སྤང་བར་བྱ་བ་ཡིན་ནོ། །གཉིས་པ་ནི་ཞི་གནས་ཀྱིས་སྤང་བར་བྱ་བ་ཡིན་ཏེ། དེའི་ཕྱིར་མཐོང་བའི་ལམ་ཡོངས་སུ་རྫོགས་པ་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་ལྷག་མཐོང་གི་ཕྱོགས་སུ་གཏོགས་པའི་ཤེས་པ་དེ་དག་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་བག་ལ་ཉལ་དང་། འབྲེལ་པར་དབྱུང་ཞིང་གཉེན་པོ་ཉིད་ཀྱིས་སྦྱོར་བར་མི་བྱེད་ན་ནི་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་འཁོར་བའི་ལས་ལ་ཞུགས་པ་གཉིས་དང་། གང་ཟག་དྲུག་པ་རང་མཚན་མ་མེད་པ་ལ་གནས་པ་ཡིན་ལ། དེ་ལས་གཞན་པ་ལྔ་པོ་དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། ལུས་ཀྱིས་མངོན་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་གའི་ཆ་ལས་རྣམ་པར་གྲོལ་བ་དེ་དག་ཀྱང་འགོག་པ་ལ་ཞི་བའི་འདུ་ཤེས་ཀྱིས་གནས་པ་ཡིན་པས། དེའི་ཕྱིར་མཚན་མ་མེད་པར་གནས་པ་ཞེས་གསུངས་སོ། །དེའང་དོན་ནི་འདི་ཡིན་པར་བལྟ་བར་བྱ་སྟེ། འབྲས་སྨིན་པ་ཇི་ལྟ་བ་དེ་བཞིན་དུ་ནི་མཐོང་བས་སྤང་བར་བྱ་བའི་ཟག་པ་རྣམས་ཀྱིས་ཟག་པའི་གནས་ལྟ་བུའི་དངོས་པོ་རྣམས་བལྟ་བར་བྱའོ། །མཚོན་གྱིས་བརྟོལ་བ་ཇི་ལྟ་བ་དེ་བཞིན་དུ་ནི་ལྷག་མཐོང་གི་ཕྱོགས་སུ་གཏོགས་པའི་མཐོང་བའི་ལམ་བལྟ་བར་བྱའོ། །བཙིར་བ་ཇི་ལྟ་བ་དེ་བཞིན་དུ་ནི་ཞི་གནས་ཀྱི་ཕྱོགས་སུ་གཏོགས་པ་མཐོང་བའི་ལམ་དུ་བལྟ་བར་བྱའོ། །རྣག་ཇི་ལྟ་བ་དེ་བཞིན་དུ་ནི་མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་དུ་གཏོགས་པའི་ཟག་པ་བལྟ་བར་བྱའོ། །རྨ་དག་མ་སོས་པ་ཇི་ལྟ་བ་དེ་བཞིན་དུ་ནི་བསྒོམ་པས་སྤང་བར་བྱ་བའི་ཟག་པའི་དངོས་པོ་དང་བཅས་པ་བལྟ་བར་བྱའོ། །ཕྱེ་མར་གྱི་ཆངས་བུས་རྨ་རློན་པ་མར་དང་སྣུམ་བག་ཅན་ཇི་ལྟ་བ་དེ་བཞིན་དུ་ནི་བསྒོམ་པའི་ལམ་བལྟ་བར་བྱའོ། །དེ་ལ་སོ་སོའི་སྐྱེ་བོ་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་པའི་བྱེད་པ་གང་ཡིན་པ་དེ་ནི་བསྒོམ་པའི་ལམ་ཁོ་ནས་བྱེད་ཀྱི། དེ་ལ་མཐོང་བའི་ལམ་ནི་མེད་དེ། འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་དེ་ནི་འདོད་པའི་འདོད་ཆགས་དང་། གནོད་སེམས་དང་དེ་དང་མཐུན་པའི་ཆོས་དང་འབྲེལ་བའི་ང་རྒྱལ་དང་། དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་ཀུན་ཏུ་མི་འབྱུང་བའི་ཚུལ་གྱིས་སྤངས་པ་ཡིན་གྱི། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་དེ་ལྟ་མ་ཡིན་ནོ། །དེ་དག་ཀྱང་འདི་ན་གནས་པ་ལུས་འདི་ལ་གནས་པ་ལངས་པ་དེ་ལ་ནི་ལན་འགའ་ཀུན་ཏུ་འབྱུང་བར་འགྱུར་གྱི། གོང་མར་སྐྱེས་པ་ལ་ནི་མི་འབྱུང་ངོ་། དེ་བཞིན་དུ་སོ་སོའི་སྐྱེ་བོ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལའང་ཁོང་ཁྲོ་བ་མ་གཏོགས་པ་དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ཅི་རིགས་པར་བལྟ་བར་བྱའོ། །སྙོམས་པར་ཞུགས་པ་དང་། ལངས་པ་དང་། སྐྱེས་པ་རྣམས་ཀྱི་རང་གི་ས་པའི་མཐོང་བས་སྤང་བར་བྱ་བའི་ཟག་པ་ནི་རྐྱེན་དང་ཕྲད་ན་རྟག་པ་ཁོ་ནར་ཀུན་ཏུ་འབྱུང་ངོ་། །གཉིས་པ་རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་ནི། དེས། སྣང་བའི་སྒྱུ་མ་དག་ནི་བཤིག་པར་བྱ། རྒྱས་པར་བྱང་ཆུབ་ཀྱི་ཕྱོགས་སོ་བདུན་གྱི་སྒོམ་རིམ་དང་། བསྡུས་པ་སྲིད་ཞི་མཉམ་ཉིད་དུ་སྦྱོར་བའི་རྣལ་འབྱོར་གཉིས་སུ་བཞག་སྟེ། དེ་ལས་དང་པོ། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ལ་དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་དྲན་པ་ཉེར་གཞག །ཚོར་བ། སེམས། ཆོས་དྲན་པ་ཉེར་གཞག་སྟེ། ལུས་སོགས་རང་བཞིན་མེད་པའི་ཤེས་རབ་ཀྱིས་དམིགས་ཡུལ་ལ་དྲན་པ་ཉེ་བར་འཇོག་པས་དྲན་པ་ཉེར་གཞག་བཞིའོ། །དེའི་ཕྱིར་འདིའི་ངོ་བོ་ནི་དྲན་པ་ཤེས་རབ་བོ། །དམིགས་པའི་ཡུལ་ནི་ལུས་ཚོར་སེམས་ཆོས་བཞིའོ། །སྒོམ་པ་པོའི་རྒྱུད་ཀྱི་དབང་པོ་ལྔ་ནི་ནང་གི་སྐྱེ་མཆེད་ཀྱིས་བསྡུས་ཤིང་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་ནང་གི་ལུས་སོ། །རྒྱུ་མཚན་དེ་ལས་བཟློག་པས་སེམས་ཀྱིས་མ་ཟིན་པའི་ཕྱིའི་གཟུགས་རྣམས་ནི་ཕྱིའི་ལུས་སོ། །རང་གི་དབང་པོ་ལྔ་དང་འབྲེལ་བའི་ཕྱིའི་སྐྱེ་མཆེད་དབང་པོའི་གནས་སུ་གྱུར་པའི་འབྱུང་བ་འབྱུང་འགྱུར་རྣམས་ནི་སེམས་ཅན་དུ་གཏོགས་པས་ནང་། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པས་ཕྱི། སྒོམ་པ་པོ་ལས་གཞན་རྒྱུད་ཀྱི་མིག་སོགས་རྣམས་ཀྱི་སྐྱེ་མཆེད་ནང་། རྒྱུ་དབང་བཙན་གྱི་ཕྱི་ཡིན་པས་ཕྱི་ནང་གཉིས་ཀའི་ལུས་སོ། །རང་གི་དབང་པོ་ལ་བརྟེན་ཅིང་རང་གི་ལུས་ལ་དམིགས་ནས་བྱུང་བའི་ཚོར་བ་ནི་གནས་དང་དམིགས་པ་གཉིས་ཀ་ནང་ཡིན་པས་ནང་གི་ཚོར་བ། གཞན་ལུས་ལ་བརྟེན་ཅིང་ཕྱིའི་གཟུགས་ལ་དམིགས་ནས་བྱུང་བའི་ཚོར་བ་ནི་ཕྱིའི་ཚོར་བ། རང་གི་ནང་གི་ལུས་ལ་དམིགས་པའི་གཞན་རྒྱུད་ཀྱི་ཚོར་བ་དང་། ཕྱིའི་གཟུགས་ལ་དམིགས་པའི་རང་རྒྱུད་ཀྱི་ཚོར་བ་ནི་ནང་དང་ཕྱི་གཉིས་ཀའི་ཚོར་བའོ། །ཚོར་བ་གནས་དང་དམིགས་པའི་སྒོ་ནས་ཕྱི་ནང་གསུམ་དུ་ཕྱེ་བ་བཞིན་དུ། སེམས་རྣམ་པར་ཤེས་པ་དང་། ཆོས་སེམས་བྱུང་དགེ་བ་ལུང་མ་བསྟན་རྣམས་ཀྱང་ཤེས་པར་བྱའོ། །བསྒོམ་པའི་ཚུལ་ནི་ཉན་ཐོས་པས། ལུས་མི་གཙང་། ཚོར་བ་སྡུག་བསྔལ། སེམས་མི་རྟག །ཆོས་བདག་མེད་དུ་དམིགས་ལ། བྱང་སེམས་ཀྱིས་མི་དམིགས་པའི་ཚུལ་གྱིས་བསྒོམ་ཞིང་། འདིར་ནི་ལུས་ལ་ལུས་ཀྱི་ཆོས་ཉིད་རྗེས་སུ་བལྟ་བ་ལ་གུས་པ་དང་རྒྱུན་དུ་སྦྱོར་བའི་ཕྱིར་གདུང་བ་མེད་པའི་བརྩོན་འགྲུས། རྗེས་སུ་ལྟ་བ་དང་ཤེས་བཞིན་དུའང་སྦྱོར་བའི་ཕྱིར་ཤེས་བཞིན་ཅན། མི་བརྗེད་པའི་བདག་ཉིད་དང་། བསྲུང་བ་མེད་པའི་ཕྱིར་དང་། གཡེང་མེད་དུ་འབྱུང་བས་དྲན་པས་སྦྱོར་བའི་ཕྱིར་དྲན་པ་དང་ལྡན་པ་སྟེ། དེ་ལྟར་བརྩོན་ཤེས་དྲན་གསུམ་གྱིས། འཇིག་རྟེན་གྱི་ཆོས་རྙེད་སོགས་བཞི་ལ་ཆགས་པ་དང་། དེའི་འགལ་ཟླ་བཞི་ལ་ཡིད་མི་བདེ་བ་བསལ་ཏེ་གནས་པར་བྱེད་དོ། །འབྲས་བུ་ནི་དངོས་ལུས་ལ་བརྟགས་པས་ལུས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད་གནས་ངན་ལེན་གྱིས་ཕྱེ་བར་ཤེས་ནས། སྡུག་བདེན་ལ་འཇུག །གཉིས་པས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་། དེའི་གཙོ་བོ་སྲེད་པ། དེའི་རྒྱུ་ཚོར་བ་ལ་ཡོངས་སུ་བརྟགས་པས་ཀུན་འབྱུང་ལ་འཇུག །གསུམ་པས་བདག་ཏུ་ཞེན་པའི་གཞི་སོགས་ལ་བརྟགས་པས་བདག་མེད་དུ་ཤེས་ནས་བདག་ཆད་ཀྱི་དོགས་མྱང་འདས་ལ་སྐྲག་པ་མེད་པས་འགོག་པ་ལ་འཇུག །བཞི་པས། བདག་ལྟ་སོགས་ཉོན་མོངས་ཀྱི་ཆོས་སྤང་བྱ་དང་། གཉེན་པོའི་ཆོས་ཤེས་རབ་ཀྱི་དེ་གཅོད་པར་རྟོགས་པའི་ཕྱིར་ཆོས་ལ་བརྟགས་པས་ཀུན་བྱང་གི་ཆོས་ལ་མ་རྨོངས་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ །འོ་ན་དེ་བཞིས་ཆོས་ཐམས་ཅད་ཤེས་ན་གཞན་ཕྱི་མས་ཅི་བྱ་ཞེ་ན། དེས་ཆོས་ཉིད་ཡོངས་སུ་ཤེས་ཀྱང་མི་རྟག་པ་ལ་སོགས་པའི་ཁྱད་པར་ཡོངས་སུ་ཤེས་པའི་ཆེད་དུ་ཕྱི་མ་རྣམས་བསྒོམ་མོ། །དེ་ནས་རྩོལ་བ་ལས་བྱུང་བའི་ལམ་ལ་ཡང་དག་པར་སྤོང་བ་བཞི་ནི། མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད། སྐྱེས་པ་སྤོང་། དགེ་བ་མ་སྐྱེས་པ་སྐྱེད། སྐྱེས་པ་འཕེལ་བར་བྱེད་པ་སྐྱེ། འདི་བཞིས་སེམས་སྒོ་གསུམ་ཡང་དག་པར་འཇོག་ཅིང་འཛིན་པས་ཡང་དག་འཇོག་གམ། བག་ལ་ཉལ་རབ་ཏུ་སྤོང་བས་ཡང་དག་སྤོང་བ་བཞིའོ། འདིའི་ངོ་བོ་ནི་དྲན་པ་ཉེར་གཞག་བསྒོམས་པས་དེའི་མི་མཐུན་ཕྱོགས་དང་གཉེན་པོ་རྟོགས་ནས་དེ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་བྱེད་པའི་བརྩོན་འགྲུས་སོ། །དམིགས་པ་ནི་མི་དགེ་བ་སྐྱེས་མ་སྐྱེས་གཉིས། དགེ་བ་སྐྱེས་མ་སྐྱེས་གཉིས་ཏེ་བཞིའོ། །ལས་ཀྱི་བག་ཆགས་བྱེད་པས་སྡིག་པ། སྒོ་གསུམ་གྱི་ཉེས་སྤྱོད་ཕྱིན་ཅི་ལོག་གི་ངོ་བོ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གྱུར་པས་མི་དགེ་བ་དང་། ཐར་འདོད་རྣམས་ཀྱི་སྤང་བྱ་ཡིན་ཀྱང་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ། །དགེ་བ་ནི་བྱང་སེམས་དང་སྦྱིན་སོགས་ཕར་ཕྱིན་འཁོར་བཅས་ཏེ། རང་གཞན་ལ་ཕན་པར་འདོད་པ་རྣམས་ཀྱི་བླང་བྱ་ཡིན་པའི་ཕྱིར་གཟུང་བར་བྱ་བས་ན་ཆོས་སོ། །བསྒོམ་ཚུལ་ནི། མི་དགེ་བ་མ་སྐྱེས་པ་མ་འོངས་པ་རྣམས་རང་གི་རྒྱུད་ལ་མི་སྐྱེད་པའི་ཕྱིར། དང་པོར་གོ་ཆའི་བརྩོན་འགྲུས་ཀྱིས་འདི་ལྟར་བྱའོ་ཞེས་འདུན་པ་བསྐྱེད་དོ། །དེ་ལ་བརྟེན་ནས་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་གསུམ་དང་བཅས་བསྒོམ་པའི་སྦྱོར་བའི་བརྩོན་འགྲུས་ཀྱིས་འབད་དོ། །དེ་ནས་བྱིང་བའི་གཉེན་པོ་རབ་ཏུ་འཛིན་ཅིང་གཟེངས་བསྟོད་པར་བྱེད། རྒོད་པའི་གཉེན་པོར་ཡང་དག་པར་འཇོག་པར་བྱེད། མཉམ་པའི་གཉེན་པོ་བཏང་སྙོམས་སུ་འཇོག་པའི་སྐྱེ་མེད་ཀྱི་བརྩོན་འགྲུས་བརྩམ་མོ། མི་དགེ་བ་སྐྱེས་པ་ཕྲད་ཅིང་མངོན་དུ་གྱུར་པ་རྣམས་ཀྱང་ཚུལ་དེས་སྤང་བར་བྱའོ། །དགེ་བའི་ཕྱོགས་མ་འོངས་པ་སྐྱེད་པ་དང་། སྐྱེས་པ་འཕེལ་བའམ་རྒྱས་པའི་ཕྱིར། བརྩོན་འགྲུས་གསུམ་གྱིས་ཚོགས་ལམ་དུ་རྒྱུན་གནས་པར་བྱ་བ་དང་། སྦྱོར་ལམ་དུ་ཐབས་ཚད་མེད་པ་བསྒོམ་པ་དང་། མཐོང་ལམ་དུ་ཡོངས་སུ་རྫོགས་པ་དང་། བསྒོམ་ལམ་དུ་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བའོ། །འབྲས་བུ་ནི་མི་མཐུན་ཕྱོགས་མ་ལུས་པར་སྤངས་པ་དང་། གཉེན་པོ་ཐོབ་པ་དང་འཕེལ་བའོ། །དེ་ནས་རང་བཞིན་ཡོངས་སུ་སྦྱོང་བའི་ལམ་ལ། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་དང་། དཔྱོད་པའི་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་སྟེ། བཞི་པོ་འདི་རྣམས་ནི། རྫུ་འཕྲུལ་ཞེས་པ་འཇིག་རྟེན་ལས་འདས་པའི་ཆོས་ཕུན་སུམ་ཚོགས་པ་མངོན་ཤེས་ལ་སོགས་པ་རྣམས་ཡིན་ལ། རྐང་པ་ནི་དེའི་རྒྱུ་བཞི་ཡིན་པས་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །ངོ་བོ་ནི་ཏིང་ངེ་འཛིན་ནོ། །དམིགས་པ་ནི་ཏིང་ངེ་འཛིན་གྱིས་གྲུབ་པའི་བྱ་བ་སྟེ། གུས་སྦྱོར་ལ་བརྟེན་ནས་སམ། ཡང་དག་སྤོང་བཞིའི་འདུན་པ་བསྐྱེད་པ་ལ་བརྟེན་ནས་སེམས་ནང་དུ་འཇོག་པའི་སེམས་རྩེ་གཅིག་པ་ལ་རེག་པ་འདུན་པའི་ཏིང་ངེ་འཛིན་ནོ། །རྟག་སྦྱོར་ལ་བརྟེན་ནས་སམ། འབད་ཅིང་བརྩོན་འགྲུས་རྩོམ་པ་ན་སེམས་རྩེ་གཅིག་པ་ལ་རེག་པ་བརྩོན་འགྲུས་ཀྱིའོ། །སྔར་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་སམ། སེམས་རབ་ཏུ་འཇོག་པ་ན་སེམས་རྩེ་གཅིག་པ་རེག་པ་སེམས་ཀྱིའོ། །གཞན་གྱི་བསྟན་པས་ཆོས་རབ་ཏུ་རྣམ་འབྱེད་ལ་བརྟེན་ནས་སམ། སེམས་རབ་ཏུ་འཛིན་པ་ན་སེམས་རྩེ་གཅིག་པ་ལ་རེག་པ་ནི་དཔྱོད་པའི་ཏིང་ངེ་འཛིན་ནོ། །བསྒོམ་ཚུལ་ནི། ལྟ་བ་ལྔ་དང་ལྟ་མིན་ལྔའི་བག་ལ་ཉལ་སྤང་བའི་ཆེད་དུ་ཡང་དག་སྤོང་བཞིའི་བརྩོན་འགྲུས་རྩོམ་པའི་ཏིང་ངེ་འཛིན་གྱི་སྐྱོན་ལེ་ལོ། གདམས་ངག་གི་དམིགས་པ་བརྗེད་པ་བྱིང་རྒོད། བྱིང་རྒོད་སྐྱེས་པའི་ཚེ་གཉེན་པོ་འདུ་མི་བྱེད་པ། བྱིང་རྒོད་ཞི་བའི་ཚེ་གཉེན་པོ་འདུ་བྱེད་པ་སྟེ། ཉེས་པའི་སྐྱོན་ལྔ་པོ་དེ་སྤང་པའི་ཕྱིར་འདུ་བྱེད་བརྒྱད་བརྟེན་ཏེ། དེའང་དང་པོ་དགེ་བ་ལ་མི་སྦྱོར་བའི་ལེ་ལོའི་གཉེན་པོ་བཞི་སྟེ། ཏིང་ངེ་འཛིན་བསྒོམ་འདོད་ཀྱི་འདུན་པ་ནི་བརྩོན་འགྲུས་ཀྱི་གནས་ཡིན་ལ། རྩོལ་བ་ནི་དེ་ལ་གནས་པའི་བརྩོན་འགྲུས་སོ། །འདུན་པའི་རྒྱུ་ཏིང་ངེ་འཛིན་ཡོད་པ་ཉིད་དང་། ཡོན་ཏན་ཅན་དང་། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང་། དང་པ་དང་། འདོད་པའི་མཚན་ཉིད་ཅན་གྱི་དད་པ་གསུམ་མོ། རྩོལ་བའི་འབྲས་བུ་ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་སྟེ་བཞིས་ལེ་ལོ་བཟློག་གོ གཉིས་པ་བརྗེད་པའི་གཉེན་པོ་གདམ་ངག་གི་དམིགས་པ་མ་བརྗེད་པའི་དྲན་པ། གཉིད་རྨུགས་ཀྱི་བྱིང་བ་དང་རྒོད་འགྱོད་ཀྱི་གཉེན་པོར། བྱིང་རྒོད་ལ་བྱིང་རྒོད་དུ་རྟོག་པའི་ཤེས་བཞིན། བྱིང་རྒོད་མ་ཞི་བའི་ཚེ་གཉེན་པོ་མངོན་པར་འདུ་མི་བྱེད་པའི་གཉེན་པོར་བྱིང་རྒོད་སྤོང་བའི་ཐབས་མངོན་པར་འདུ་བྱེད་པའི་སེམས་པ། བྱིང་རྒོད་ཞི་བ་ན་གཉེན་པོ་འདུ་བྱེད་པའི་གཉེན་པོར་རྣལ་དུ་འཇོག་པའི་བཏང་སྙོམས་ཏེ། དེ་ལྟར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པས་ཏིང་ངེ་འཛིན་ལས་སུ་རུང་བར་འགྱུར་ཞིང་། དེས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྣམས་རྫོགས་པར་བྱ་བའི་ཕྱིར། ཉོན་མོངས་པ་ལས་དབེན། སྲེད་པ་ལས་འདོད་ཆགས་དང་བྲལ། སྡུག་བསྔལ་འགོག་པའམ། ཡང་ན་སྡུག་བསྔལ་གྱིས་དབེན། ཀུན་འབྱུང་ལས་འདོད་ཆགས་དང་བྲལ། སྡུག་ཀུན་འགགས་པའི་འགོག་པ་ལ་གནས་པས་ཟག་བཅས་ཀྱི་རྫས་ཐམས་ཅད་རྣམ་པར་སྤོང་བར་བྱེད་པའི་ལམ་བདེན་གྱི་ཆེད་དུ་སྒོམ་པ་པོ་བདག་གི་འདུན་པའི་ཏིང་ངེ་འཛིན་བྱིང་བ་དང་རྒོད་པར་མི་འགྱུར་བ་མཉམ་པ་ཉིད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་གཞན་གསུམ་ལའང་ཤེས་པར་བྱའོ། འབྲས་བུ་ནི་དེ་ལྟར་ཏིང་ངེ་འཛིན་ལེགས་པར་ཡོངས་སུ་སྦྱངས་པས་རྫུ་འཕྲུལ་དང་། མངོན་ཤེས་ལ་སོགས་པ་གང་མངོན་དུ་བྱ་བར་འདོད་པ་དེ་འགྲུབ་པའོ། །དེ་ལྟར་སྡེ་ཚན་གསུམ་པོ་དེ་ཚོགས་ལམ་ན་ཡོད་དོ། །དེ་ནས་མངོན་པར་རྟོགས་པ་དང་སྦྱོར་བའི་ལམ་ལ་དབང་པོ་ལྔ་ནི། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དང་། དྲན་པའི་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའོ། །འདི་ལྔས་རྣམ་བྱང་ལ་དབང་བྱེད་པའི་ཕྱིར་དབང་པོ་ལྔའོ། །ངོ་བོ་ནི་སེམས་བྱུང་དད་བརྩོན་དྲན་ཏིང་ཤེས་རབ་བོ། །དམིགས་པ་ནི། སྤྱིར་འཕགས་པའི་བདེན་བཞི། ཁྱད་པར་བྱང་ཆུབ་ཆེན་པོ་དང་། བྱང་ཆུབ་སེམས་ཀྱི་སྤྱོད་པ་དང་། ཐོས་པ་མཆོག་དང་། ཞི་གནས་དང་ལྷག་མཐོང་རྣམས་རིམ་པ་བཞིན་ནོ། །བསྒོམ་པའི་ཚུལ་ནི་རྫུ་འཕྲུལ་རྐང་བཞིའི་ཡོན་ཏན་མཐོང་བ་ལས་གོང་མ་ལ་ངེས་ཤེས་སྐྱེ་བའི་ཕྱིར། སངས་རྒྱས་བྱང་སེམས་ཀྱི་རྟོགས་པ་ལ་ཡིད་ཆེས་པ་འདི་ནི་ཐར་ཆ་དང་ལྡན་པས་དགེ་རྩ་ལ་འདུན་པའི་བདག་པོའི་དབང་བྱེད་པའི་ཕྱིར་དང་དབང་པོ། དད་པར་བྱ་བའི་ཆོས་དེ་རྣམས་ལ་བརྩོན་འགྲུས་ཀྱིས་ཡང་དག་པར་སྤྲོ་བའི་ཚུལ་གྱིས་རྒྱུད་ལ་ཉེ་བར་ལེན་པར་བྱེད་པ་ནི་སྦྱོར་བ་ལ་དབང་བྱེད་པ་བརྩོན་འགྲུས་ཀྱི་དབང་པོའོ། །རྒྱུད་ལ་ཉེ་བར་བླངས་པའི་ཆོས་དེ་རྣམས་དྲན་པས་མི་བརྗེད་པའི་ཕྱིར་སྔར་ཐོབ་པའི་ཆོས་རབ་ཏུ་ཉམས་པ་མེད་པས་ཆུད་མི་སོན་པར་བྱེད་པ་དམིགས་པ་མི་བརྗེད་པ་ལ་དབང་སྒྱུར་བའི་བདག་པོ་ཡིན་པའི་ཕྱིར་དྲན་དབང་ངོ་། །མ་བརྗེད་པས་མ་ཉམས་པར་ཡོད་པའི་ཆོས་དེ་རྣམས་ལ་ཏིང་ངེ་འཛིན་གྱི་དམིགས་པ་གཅིག་ལ་རྒྱུན་དུ་འཇོག་པར་བྱེད་པ། སེམས་མི་འཕྲོ་བར་གནས་པ་ལ་དབང་བྱེད་པའི་ཕྱིར་ཏིང་ངེ་འཛིན་གྱི་དབང་པོའོ། །མཉམ་བཞག་གི་ཡུལ་དུ་བྱས་པའི་ཆོས་དེ་རྣམས་ཤེས་རབ་ཀྱིས་རབ་ཏུ་རྣམ་པར་འབྱེད་པའི་ཚུལ་གྱིས་མ་འདྲེས་པར་སོ་སོར་རིག་པར་བྱེད་པ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་དབང་བྱེད་པའི་ཕྱིར་ཤེས་རབ་ཀྱི་དབང་པོའོ། །འབྲས་བུ་སྦྱོར་ལམ་དྲོད་རྩེ་དེ་དུས་བསྟེན་པས་བསྒྲུབ། བཟོད་པ་དང་ཆོས་མཆོག་མཐོང་ལམ་ཕྱིས་འབྱུང་བ་སྟེ། འདི་དྲོད་རྩེ་ན་ཡོད་དོ། །དེ་ནས་མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་ལ་སྟོབས་ལྔ་ནི། དད་པའི་སྟོབས་དང་། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་སྟོབས་སོ། །འདི་ལྔ་ནི་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་ངེས་པར་བསྲབས་ཤིང་གཉེན་པོ་སྟོབས་ཆེ་བའི་ཕྱིར་སྤང་བྱས་གཉེན་པོ་མི་ཐུབ་པའི་ཕྱིར་སྟོབས་ལྔའོ། །ངོ་བོ་ལ་སོགས་པའི་རྣམ་གཞག་དབང་པོ་ལྔ་དང་འདྲ་ལ། བཟོད་པ་དང་ཆོས་མཆོག་དེ་དུས་བསྟེན་པས་འགྲུབ། མཐོང་ལམ་ཡན་ཆད་ཕྱིས་འབྱུང་བས། འདི་བཟོད་པ་དང་ཆོས་མཆོག་ན་ཡོད་དོ། །འདི་མན་ཆད་རྣམས་ཟག་བཅས་འཇིག་རྟེན་པའི་ལམ་ཡིན་ལ། ཀུན་རྫོབ་སེམས་བསྐྱེད་དང་འབྲེལ་ལོ། དེ་ནས་མངོན་པར་རྟོགས་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་དང་། ཏིང་ངེ་འཛིན་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འདི་རྫོགས་པའི་བྱང་ཆུབ་བམ་མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པས་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ངོ་བོ་ཆོས་ཉིད་ཡང་དག་པ་ཇི་ལྟ་བའོ། །དམིགས་པ་བདེན་བཞིའོ། །བསྒོམ་ཚུལ་ནི། ཤེས་བྱ་མ་རྟོགས་པ་རྟོགས་པར་བྱེད་པའི་དྲན་པ་འཇིག་རྟེན་ལས་འདས་པས་ན་ཡང་དག་པ་ནི། འཁོར་ལོ་རིན་པོ་ཆེས་གཡུལ་མ་ཕེབས་པ་འབེབས་པ་ལྟ་བུ། འདི་མཐོང་ལམ་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་སྟེ། ཡན་ལག་གཞན་གཉིས་འདི་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །འདི་ཞི་ལྷག་གཉིས་ཀའི་ཕྱོགས་སོ། །ཆོས་བདག་མེད་པར་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ནི་བདག་གཉིས་སུ་རྟོག་པའི་མཚན་མ་འཇོམས་པས་གླང་པོ་ཆེས་ཕྱི་རྒོལ་འཇོམས་པ་ལྟ་བུ། འདི་རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །མངོན་ཤེས་མྱུར་དུ་བསྒྲུབ་པའི་བརྩོན་འགྲུས་ནི་རྟས་མྱུར་དུ་འགྲོ་བ་ལྟ་བུ་སྟེ། འདི་ངེས་འབྱུང་གི་ཡན་ལག་སྟེ། བགྲོད་བྱ་མཐར་ཐུག་མ་ཐོབ་བར་དུ་ལམ་རྒྱུན་མི་ཆོད་པར་འགྲོ་བའི་ཕྱིར་རོ། །བརྩོན་འགྲུས་བརྩམས་པས་ཆོས་ཀྱི་སྣང་བ་འཕེལ་ནས་ལུས་དགའ་བས་ཚིམ་པའི་དགའ་བ་ནི་ནོར་བུའི་འོད་ཀྱིས་རྒྱལ་པོ་དགའ་བར་བྱེད་པ་ལྟ་བུ་སྟེ། འདི་ཕན་ཡོན་གྱི་ཡན་ལག་སྟེ། སེམས་རྒྱུད་ཚིམ་པར་བྱེད་པའི་ཕྱིར་རོ། །འདི་གསུམ་ལྷག་མཐོང་གི་ཕྱོགས་སོ། །གནས་ངན་ལེན་གྱི་སྒྲིབ་པ་བཅོམ་པས་ཤིན་ཏུ་སྦྱངས་པ་ནི་ལས་སུ་རུང་བའི་བདེ་བ་ཐོབ་པ་སྟེ། བཙུན་མོས་རྒྱལ་པོ་དགའ་བ་ཉམས་སུ་མྱོང་བ་བཞིན་ནོ། འདི་གང་གིས་ཀུན་ནས་ཉོན་མོངས་པར་མི་འགྱུར་གཞིའི་ཡན་ལག་སྟེ། གནས་ངན་ལེན་སྤོང་བའི་ཕྱིར་རོ། ཏིང་ངེ་འཛིན་གྱིས་བསམས་པའི་དོན་གནས་གྱུར་པའི་འབྱོར་པ་ཐམས་ཅད་བསྒྲུབ་པས་ཁྱིམ་བདག་གིས་ནོར་བསྒྲུབ་པ་ལྟ་བུ་སྟེ། འདི་གང་ལ་བརྟེན་ནས་ཉོན་མོངས་མེད་པའི་གནས་ཀྱི་ཡན་ལག་གོ །དེ་ལ་གནས་པས་རྣམ་པར་སྤོང་བས་གནས་ཡོངས་སུ་བསྒྱུར་བའི་ཕྱིར་རོ། །གཏང་སྙོམས་ནི་མི་རྟོག་ཡེ་ཤེས་ཏེ་དེས་ཐམས་ཅད་དུ་འདོད་པ་བཞིན་དུ་གནས་ཏེ་རྗེས་ཐོབ་ཏུ་ཤེས་བྱ་མ་རྟོགས་པ་རྟོགས་པར་འདོད་པས་མཉམ་གཞག་ཏུ་རྩོལ་མེད་དུ་གནས་པའི་ཕྱིར་བློན་པོ་ལྟ་བུའོ། །འདི་ཀུན་ནས་ཉོན་མོངས་མེད་པའི་ངོ་བོའི་ཡན་ལག་སྟེ། ཉོན་མོངས་དང་བྲལ་བའི་གནས་སྐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་གསུམ་ཞི་གནས་ཀྱི་ཕྱོགས་སོ། །འབྲས་བུ་ནི་མཐོང་སྤངས་སྤངས་པ་སྟེ། འདི་མཐོང་ལམ་ན་ཡོད་དོ། །དེ་ནས་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག །ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་ཏེ་བརྒྱད་དོ། །འདི་ན་འཕགས་པ་སློབ་པ་རྣམས་ཀྱིས་ལམ་འདི་ཉོན་མོངས་ལས་གྲོལ་བར་བྱ་བའི་ཆེད་དུ་བསྐྱེད་པས་སམ། བརྒྱད་པོ་ཚོགས་པ་འཕགས་ལམ་ཡིན་ཅིང་དེའི་ཆ་ཤས་ཡིན་པས་འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱའོ། །ངོ་བོ་ནི་ཟག་པ་མེད་པའི་ཤེས་རབ་བོ། །དམིགས་པ་ནི་མཐོང་ལམ་གྱིས་རྟོགས་པའི་བདེན་བཞིའི་ཆོས་ཉིད་དོ། །བསྒོམ་ཚུལ་ནི། ཆོས་སུ་སྒྲོ་འདོགས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་རྟོགས་པས་ཀུན་ནས་བསླང་བ་མཐོང་ལམ་གྱི་རྗེས་སུ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ནི་ཡང་དག་པའི་ལྟ་བ་སྟེ། མཐོང་བའི་ལམ་ཡོངས་སུ་གཅོད་པའི་ཡན་ལག་ཡིན་ལ། འདིས་ལུས་གཞན་རྣམས་འཁོར་རོ། །ལྷག་པ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་དང་། མི་སློབ་ལམ་གྱི་མོས་པ་རྣམ་གྲོལ་བ་དང་། ཟད་མི་ཤེས་པའི་ཡང་དག་པའི་ལྟ་བ་རྣམ་གྲོལ་ཡེ་ཤེས་མཐོང་བ་སྟེ། དེ་རྣམས་ཀྱིས་ཀུན་ནས་བསླང་བའམ་བསྐྱེད་པའི་མཉམ་གཞག་གིས་རྟོགས་པའི་དེ་ཁོ་ན་ལ་རྣམ་པར་འཇོག་ཅིང་། གཞན་གྱི་རྣམ་པར་གཞག་པ་ལ་ཚུལ་བཞིན་སེམས་པ་ནི་ཡང་དག་པའི་རྟོག་པ། འདི་དང་ངག་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། རྟོག་པས་ཀུན་ནས་བསླང་བའི་ངག་གིས་གོ་བར་བྱེད་པའི་ཕྱིར་རོ། །འདི་གཉིས་དང་རྩོལ་བ་གསུམ་ཤེས་རབ་ཀྱི་ཕུང་པོའོ། །ངག་གི་ཉེས་པ་བཞི་དང་བྲལ་བས་ཕྱིན་ཅི་ལོག་གི་རྟོག་པས་མ་དཀྲུགས་པའི་གཉིས་མེད་ཀྱི་ཤེས་རབ་མཉམ་གཞག་དང་ལྡན་པ་དེས་ཀུན་ནས་བསླང་བའི་ཚིག་གང་ཡང་དག་པའི་འཕགས་པར་རང་གཞན་འཇུག་པར་བྱེད་པ་འདི་ནི་ཡང་དག་པའི་ངག་གོ །དཀར་ནག་གི་རྣམ་པར་སྨིན་པ་ཟད་པར་བྱ་བའི་ཕྱིར་ཡང་དག་པར་སྤྱོད་པའི་འཇུག་པའི་ལས་དེ་མངོན་པར་འདུ་བྱེད་ཅིང་དེ་ལྟར་དམ་པའི་ལས་རྗེས་སུ་འབྲང་སྒྲུབ་པར་བྱེད་པ་ནི་སླུ་བ་མེད་པས་ཡང་དག་པ་དང་། ལས་ཀྱི་མཐར་ཐུག་པའི་ཕྱིར་མཐའ་སྟེ་ཡང་དག་པའི་ལས་ཀྱི་མཐའོ། །ལྟ་བ་དང་། ཚུལ་ཁྲིམས་དང་། འཚོ་བ་རྣམ་པར་དག་པས་འཚོ་བ་ནི་ཡང་དག་པའི་འཚོ་བའོ། །འདི་ནི་གཞན་ཡིད་ཆེས་པའི་ཡན་ལག་སྟེ། དེ་ལྟར་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་ལ། མཉམ་གཞག་ཏུ་དངོས་སུ་མེད་ཀྱང་དེ་ལས་ལངས་ནས་ལོག་པའི་ངག་ལ་སོགས་ལ་མི་འཇུག་ཅིང་ཡང་དག་པའི་ངག་ལ་སོགས་ལ་འཇུག་པའི་བསམ་པ་དང་ལུས་ཐོབ་སྟེ་རྒྱུ་མཚན་ལ་རྒྱུ་མཚན་ཅན་ཉེ་བར་བཏགས་ནས་དེར་བཞག་གོ །ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པ་ལ་སྦྱོར་བའི་བརྩོན་འགྲུས་ཀྱིས་འཇུག་ཅིང་མི་གནས་པའི་མྱ་ངན་ལས་འདས་པར་འགྲོ་བའི་རང་བཞིན་གྱི་དོན་བསྒྲུབ་པའི་བརྩོན་འགྲུས་རྩོམ་པ་ཡང་དག་པའི་རྩོལ་བའོ། །གང་གིས་ལམ་བསྒོམ་པའི་སྦྱོར་བའི་གནས་སྐབས་སུ་དམིགས་པ་ལ་ཤིན་ཏུ་ཉེ་བར་གནས་པ་དང་། དངོས་གཞིའི་གནས་སྐབས་སུ་ཡང་དག་པ་མ་ཡིན་པའི་རྟོག་པས་རབ་ཏུ་མི་གཡོ་བ་དང་། གཉིས་སུ་མེད་པ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་དབང་དུ་གྱུར་པའི་ཆོས་རྣམས་མཐོང་བ་མི་བརྗེད་པ་ནི་ཡང་དག་པའི་དྲན་པའོ། །ཡང་དག་པ་དེས་བསྒོམ་བྱ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་རྣམ་པར་ཐར་པར་བྱེད་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ། །དེ་གསུམ་གཉེན་པོའི་ཡན་ལག་སྟེ། རྩོལ་བས་བསྒོམ་པས་ཉོན་མོངས་པ་དང་། དྲན་པས་ཉེ་བའི་ཉོན་མོངས་པ་བྱིང་རྒོད་དང་། ཏིང་ངེ་འཛིན་གྱིས་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་འགྲུབ་པའི་མི་མཐུན་ཕྱོགས་དེ་གསུམ་སྤོང་བའི་ཕྱིར་རོ། །ཕྱི་མ་གཉིས་ཏིང་ངེ་འཛིན་གྱི་ཕུང་པོའོ། །འབྲས་བུ་ནི། ཡོངས་སུ་གཅོད་པ་དང་། གཞན་གོ་བར་བྱེད་པ་སོགས་སོ། །འདི་བསྒོམ་ལམ་ན་ཡོད་དོ། །བསྡུས་པ་སྲིད་ཞི་མཉམ་ཉིད་དུ་སྦྱོར་བའི་རྣལ་འབྱོར་ནི། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་རྩོལ་བ་མེད་པ་ཡང་དག་པའི་དྲན་པའི་གཟུངས་ལ་བརྟེན་ཏེ་དེའི་ངང་དུ་མཉམ་པར་གཞག་པས་ཆོས་ཐམས་ཅད་སྒྱུ་མ་དང་མཉམ་པར་རྟོགས་པས་ན་རེ་དོགས་ཀྱི་བློ་དང་བྲལ་བས་སྤང་གཉེན་གྱི་བཅོས་མ་ཞིག་པར་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་ཀྱང་སེམས་སུ་འདུས་ཏེ། དེ་མ་གཏོགས་པའི་ཤེས་བྱ་གཞན་ཅིའང་མེད་དོ། །དེ་ལྟ་བུའི་སེམས་ཀྱི་རང་བཞིན་ཀྱང་སྤང་དུ་མེད་ཅིང་ཐོབ་པར་བྱར་མེད་པ་འོད་གསལ་བ་ལྷུན་གྱིས་གྲུབ་པ་ཉིད་དུ་བརྡར་ཤ་ཆོད་པས། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་མི་གཉིས་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་ས་ལ་གནས་པའོ། །ཚུལ་དེ་ལྟ་བུས་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྦྱངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་དོ།། །།བཞི་པ་བརྩི་ལུགས་གསུམ་ལ། དངོས་པོར་སྣང་བའི་རྒྱུ་འབྲས་སྤྲུལ་སྐུའི་རྩལ་སྦྱོང་། སྒྱུ་མ་ལྟ་བུའི་སྒྱུ་འབྲས་ལོངས་སྐུའི་རྩལ་སྦྱོང་། ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཆོས་སྐུའི་རྩལ་སྦྱོང་གསུམ་ལས། དང་པོ་ནི། ཇི་ལྟར་དངོས་དང་སྒྱུ་མ་མཁའ་འདྲ་བ། །དེ་ལྟར་རྟེན་འབྱུང་ཆོས་ཀྱང་ཤེས་བྱ་སྟེ། །ཞེས་པའི་དོན། ཐེག་པ་ཆུང་འབྲིང་དག་རྒྱུ་ལ། བྱེད་རྒྱུ། ལྷན་ཅིག་འབྱུང་རྒྱུ། སྐལ་མཉམ། མཚུངས་ལྡན། ཀུན་འགྲོ། རྣམ་སྨིན་དྲུག་སྐྱེ་བ་ལ་གེགས་མི་བྱེད་པའི་ཕྱིར་རང་གི་ངོ་བོ་མ་གཏོགས་པ་ཐམས་ཅད་ཆོས་འདུས་བྱས་པ་དག་གི་བྱེད་རྒྱུ་ཡིན་ནོ། །ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །ཆོས་འདྲ་བ་རྣམས་ནི་ཆོས་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུའོ། །གང་དག་ལ་རྟེན་མཚུངས་ཡོད་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ནི་ཕན་ཚུན་དུ་མཚུངས་ལྡན་གྱི་རྒྱུའོ། །རང་གི་ས་པའི་ཆོས་སྔར་སྐྱེས་པ་རྣམས་ནི་ཉོན་མོངས་པ་ཅན་གྱི་ཆོས་ཕྱི་མ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུའོ། །རྣམ་པར་སྨིན་པའི་ཆོས་ཅན་ཡིན་པའི་ཕྱིར་མི་དགེ་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པའི་རྒྱུའོ། །ལུང་དུ་མ་བསྟན་པ་ནི། ས་བོན་རུལ་བ་བཞིན་དུ་སྟོབས་ཆུང་བ་དང་། སྲེད་པས་མངོན་པར་མ་བརླན་པའི་ཕྱིར་ཟག་པ་མེད་པ་རྣམས་ལོགས་སུ་བཀར་ནས་འདིར་མ་བཤད་དོ། །ཀུན་འགྲོ་སྐལ་མཉམ་གཉིས་འདས་ད་ལྟར་བའི་དུས་གཉིས་ཀ་ཡིན་ལ། གཞན་གསུམ་ནི་མ་འོངས་པ་དང་བཅས་པའི་དུས་གསུམ་པ་དང་། བྱེད་རྒྱུ་ནི་དུས་ཐམས་ཅད་པའོ། །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་བཞིར་བསྡུས་ཏེ། ཉོན་མོངས་པ་ཅན་དང་། རྣམ་སྨིན་ལས་སྐྱེས་པ་རྣམས་དང་། ཟག་པ་མེད་པའི་དང་པོ་རྣམས་དང་། དེ་དག་གིས་ལྷག་མ་རྣམས་སོ། །དེ་ལས་དང་པོ་ནི། རྣམ་སྨིན་མ་གཏོགས་པའི་རྒྱུ་ལྷག་མ་ལྔ་ལས་སྐྱེའོ། །གཉིས་པ་ནི། ཀུན་ཏུ་འགྲོ་བ་མ་གཏོགས་པའི་ལྔ་ལས་སོ། །གསུམ་པ་ནི། རྣམ་སྨིན། ཀུན་འགྲོ། སྐལ་མཉམ་མ་གཏོགས་པའི་གསུམ་ལས་སོ། །བཞི་པ་ནི། རྣམ་སྨིན། ཀུན་འགྲོ་མ་གཏོགས་པའི་བཞི་ལས་སྐྱེའོ། །ལྡན་པ་མ་ཡིན་པ་དང་། གཟུགས་ཅན་གྱི་ཆོས་བཞི་པོ་དེ་དག་ལ་མཚུངས་ལྡན་ཡང་ཐམས་ཅད་ལས་ཕྲི་ལ། ལྷག་མའི་སྐྱེ་ཚུལ་སྔ་མ་བཞིན་ནོ། །དེའི་ཕྱིར་རྒྱུ་གཅིག་ལས་བྱུང་བའི་ཆོས་ནི་མེད་དོ། །རྐྱེན་ལ། རྒྱུའི་རྐྱེན། དེ་མ་ཐག་རྐྱེན། དམིགས་རྐྱེན། བདག་པོའི་རྐྱེན་བཞིའོ། །བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་པོ་རྒྱུའི་རྐྱེན་ནོ། །དགྲ་བཅོམ་པའི་ཕུང་པོ་ཐ་མ་མ་གཏོགས་སེམས་དང་སེམས་ལས་བྱུང་བ་སྔ་མ་གཞན་དག་གིས་བར་དུ་མ་ཆོད་པ་རྣམས་ནི་དེ་མ་ཐག་རྐྱེན་ནོ། །ཆོས་གང་ཆོས་གང་གི་དམིགས་པ་ཡིན་པའི་ཆོས་དེ་ནི་མི་དམིགས་ཀྱང་དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར། རང་དང་ལྷན་ཅིག་འབྱུང་བ་མ་གཏོགས་པའི་ཆོས་ཐམས་ཅད་དམིགས་རྐྱེན་ནོ། །བྱེད་རྒྱུ་ནི། བདག་པོའི་རྐྱེན་ཏེ་རང་གི་ངོ་བོ་ལས་གཞན་པའི་ཆོས་ཐམས་ཅད་དོ། །ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གཉིས། འགག་པར་མངོན་དུ་ཕྱོགས་པའི་འགག་པ་ལྷན་ཅིག་འབྱུང་བའི་འབྲས་བུ་ལ་བྱ་བ་བྱེད་དོ། །སྐལ་མཉམ་ཀུན་འགྲོ་རྣམ་སྨིན་གསུམ་ནི་སྐྱེ་བར་མངོན་དུ་ཕྱོགས་པ་སྐྱེ་བ་མ་འོངས་པ་ལའོ། །དེ་མ་ཐག་རྐྱེན་ནི་སྐབས་འབྱེད་པའི་ཕྱིར་སྐྱེ་བ་ལའོ། །དམིགས་རྐྱེན་ནི་ད་ལྟར་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པའི་ཕྱིར་འགག་པ་ལའོ། །བདག་རྐྱེན་ནི་གནས་སྐབས་ཐམས་ཅད་དུ་མི་སྒྲིབ་པའི་ངོ་བོར་གནས་པས་བྱ་བ་བྱེད་དོ། །འབྲས་བུ་ལ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བྲལ་བའི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ། བདག་པོའི་འབྲས་བུའོ། །གང་ཞིག་དེ་ལས་དུས་ཕྱི་མ་ལ་འབྲས་བུ་འབྱུང་ཞིང་། དེ་མ་ཐག་ཏུ་མ་ཡིན་པ་དེ་ནི་རྣམ་སྨིན་ནོ། །གཞན་གྱིས་བྱས་པའི་ལས་གཞན་གྱིས་མྱོང་བ་མེད་པའི་ཕྱིར་ཐུན་མོང་མ་ཡིན་པར་བཞག་གོ །རྒྱུ་དང་འདྲ་བའི་ཆོས་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། སོ་སོར་བརྟགས་པས་འགོག་པ་ནི་བྲལ་བའི་འོ། །ས་འོག་མ་པའི་སྦྱོར་བའི་སེམས་ཀྱིས་གོང་མའི་ཏིང་ངེ་འཛིན་དང་། ཟག་པ་དང་ཟག་མེད་དང་། བསམ་གཏན་གྱིས་སྤྲུལ་པའི་སེམས་ལྟ་བུ་སྔར་བྱུང་བ་ལས་གཞན་པའི་འདུས་བྱས་བདག་པོའི་འབྲས་བུའོ། །རྣམ་སྨིན་གྱི་འབྲས་བུ་ནི་རྣམ་སྨིན་གྱི་རྒྱུའི་འབྲས་བུ་ཡིན་ལ། བདག་པོའི་ནི་དང་པོ། རྒྱུ་མཐུན་ནི་སྐལ་མཉམ་དང་ཀུན་འགྲོའི། སྐྱེས་བུ་བྱེད་པ་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱིས་སོ། །མཛོད་འགྲེལ་ལས། དེ་ལྟ་བས་ན་རེ་ཞིག་ལམ་ནི་ཇི་ལྟར་ཡང་འདིའི་རྒྱུ་མ་ཡིན་གྱི་བྲལ་བ་ནི་འདིའི་འབྲས་བུ་ཡིན་ནོ་ཞེས་གསུངས་པས། བྲལ་འབྲས་ནི་དེ་ལྟར་དུ་ཟད་དོ། །བྱེད་རྒྱུ་དེ་དག་དང་འདྲ་མོད་ཀྱང་འབྲས་བུ་འབྱིན་པར་མ་ངེས་པས་དེ་ལས་གཞན་པ་ལྔ་ཞེས་སྨྲོས་ཏེ། དེ་དག་བཟུང་ཟིན་པས་འདས་པ་ཡང་མ་ཡིན། སྐྱེས་བུ་བྱེད་པ་མེད་པའི་ཕྱིར་མ་འོངས་པ་ཡང་མ་ཡིན་པས། དེ་ལྟར་འབྲས་བུ་འཛིན་ལ། སྐལ་མཉམ་ཀུན་འགྲོ་གཉིས་ནི། ད་ལྟར་དང་འདས་པ་གཉིས་ཀར། རྣམ་སྨིན་འདས་པ་ཁོ་ནར། འབྲས་བུ་ཇི་ལྟར་བཟུང་བ་ཡིན་ཞེ་ན། དེའི་ས་བོན་གྱི་དངོས་པོ་ཉེ་བར་འགྲོ་བའི་ཚུལ་གྱིས་སོ། །དེ་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་བཤད་ཟིན་ནས། ད་ནི་ལས་སྟོན་པར་བྱ་སྟེ། སེམས་པའི་ལས་དང་། བསམ་པའི་ལས་སོ། །སེམས་པ་ཡིད་དང་། བསམ་པ་དེས་བསྐྱེད་པའི་ལུས་ངག་གི་ལས་ཏེ། ཕྱི་མ་གཉིས་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དག་ཏུ་རིག་པར་བྱའོ། །ཀུན་ནས་སློང་བ་དང་། རྟེན་ལས་དང་ངོ་བོ་ཉིད་ཀྱི་རྒྱུ་གསུམ་གྱི་གོ་རིམ་བཞིན་དུ་གསུམ་པོ་དེ་རྣམ་པར་བཞག་གོ །ཡང་ན། དགེ་མི་དགེ་ལུང་མ་བསྟན་གསུམ་སྟེ། ལས་བདེ་བ་ནི་དུས་རེ་ཤིག་དང་གཏན་དུ་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་དགེ་བ་ཡིན་ཏེ། འབྲས་བུ་ཡིད་དུ་འོང་བ་དང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །མི་བདེ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་མི་དགེ་བ་ཡིན་ཏེ། གང་གི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བའོ། །དེ་གཉིས་ལས་གཞན་པ་བདེ་བ་ཡང་མ་ཡིན་མི་བདེ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བ་ལས་གཞན་པ་ཡིན་པར་རིག་པར་བྱ་སྟེ། ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་གསུམ་སྟེ། དང་པོ་ནི། འདོད་པ་ཁམས་ཀྱི་དགེ་བའི་ལས་ཡིན་ལ། གཉིས་པ་ནི་མི་དགེ་བ་དང་། གསུམ་པ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་དགེ་བ་སྟེ། འདོད་པ་ན་སྤྱོད་པའི་ལས་ནི་རྣམ་པར་སྨིན་པ་རྣམ་པར་མི་གནས་པའི་ཕྱིར་གཡོ་བ་ཞེས་བྱ་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་ནི་ས་གཞན་དུ་རྣམ་པར་སྨིན་པར་ནམ་ཡང་མི་ནུས་སོ། །དེ་ལྟ་བས་ན་རྣམ་པར་སྨིན་པ་རྣམ་པར་གནས་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །ཡང་ན། བདེ་བ་མྱོང་འགྱུར་གྱི་ལས། སྡུག་བསྔལ་མྱོང་འགྱུར་གྱི་ལས། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་གསུམ་ལས། དང་པོ་ནི། བསམ་གཏན་གསུམ་པ་མན་ཆད་ཀྱི་དགེ་བ། གཉིས་པ་ནི་མི་དགེ་བ་སྟེ་འདིའི་འབྲས་བུ་ཚོར་བར་མ་ཟད་ཚོགས་པ་དང་བཅས་པ་འདོད་པའི་ཁམས་ཁོ་ན་ནའོ། །གསུམ་པ་ནི་བསམ་གཏན་གསུམ་པ་ཡན་ཆད་ཀྱི་དགེ་བ་སྟེ་དེ་དག་ན་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་རོ། །ལས་དེ་དག་ཀྱང་། ངོ་བོ་ཉིད་དང་མཚུངས་ལྡན་དང་། །དམིགས་པ་དང་ནི་རྣམ་སྨིན་དང་། །མངོན་སུམ་དུ་ནི་གྱུར་པ་ལས། །མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ། །ཞེས་གསུངས་ལ། ཡང་། མཐོང་ཆོས་དང་། ཕྱི་མ་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་ཏེ་རྣམ་པར་འདིར་གསུམ་ནི་མྱོང་བར་ངེས་པ་དང་། དེ་ལས་གཞན་པ་ནི་མྱོང་བར་མ་ངེས་པ་སྟེ། དེའི་ཕྱིར་ལས་རྣམ་པ་བཞི་ཡིན་ནོ། །དེ་དག་ཀྱང་། འདོད་པ་ན་སྤྱོད་པའི་ལུས་དང་ངག་གི་ལས་ནི་འདོད་པ་ན་སྤྱོད་པའི་འབྱུང་བ་དག་ཁོ་ན་རྒྱུར་བྱས་པ་ཡིན་ལ། དེ་བཞིན་དུ་བསམ་གཏན་བཞི་པའི་ས་པའི་བར་དུ་ཡང་དེའི་ས་པའི་འབྱུང་བ་དག་ཁོ་ན་རྒྱུར་བྱས་པ་ཡིན་ནོ། །ཟག་པ་མེད་པའི་ལུས་དང་ངག་གི་ལས་དེ་ནི་ས་གང་དུ་སྐྱེས་ཏེ། དེ་སྐྱེད་པར་བྱེད་པ་དེའི་ས་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཡིན་ཏེ། ཁམས་སུ་མ་གཏོགས་པའི་ཕྱིར་དང་། ཟག་པ་མེད་པ་རྣམས་ལ་འབྱུང་བ་དག་མེད་པའི་ཕྱིར་དང་། དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ། །གང་གིས་བྱས་པའི་སྦྱོར་བ་ལས་བྱུང་བའི་བྱ་བ་ཡོངས་སུ་རྫོགས་པ་དེ་ཁོ་ན་ལ་འབྲས་བུ་ཆེས་མང་པོ་འགྲུབ་ནུས་པའི་རྒྱུ་ཅན་གྱིས་རྒྱུད་ཡོངས་སུ་འགྱུར་བ་སྐྱེའོ། །དེ་ལྟ་བུའི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་འདི་ནི་ལས་ཀྱི་ལམ་ཞེས་བྱའོ། །དེ་དག་ལས་ལུས་ཀྱི་གྱ་གྱུ་ལས་བྱུང་བ་ནི་གཡོ་ལས་སྐྱེས་པའི་ཕྱིར་ལུས་ཀྱི་ཡོན་པོ་ཞེས་བཤད་ལ། ངག་དང་ཡིད་ཀྱང་དེ་དང་འདྲ་བས་ཡོན་པོ་གསུམ་དང་། ལུས་ཀྱི་ལས་ཞེ་སྡང་ལས་སྐྱེས་པ་ནི་སྡང་བའི་རྒྱུ་ལས་བྱུང་བའི་ཕྱིར་ལུས་ཀྱི་ཉེས་པ་སྟེ་དེ་ལྟར་གསུམ་དང་། ལུས་ཀྱི་ལས་ཆགས་པའི་རྒྱུ་ལས་བྱུང་བ་ནི་ལུས་ཀྱི་སྙིགས་མ་སྟེ་དེ་འདྲ་བར་ངག་དང་ཡིད་ཀྱི་སྙིགས་མ་ཡང་ཤེས་པར་བྱའོ། གཞན་ཡང་། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཀྱང་ཡོད། དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་པའི་ལས་ཀྱང་ཡོད། མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་པ་ལས་ཟད་པར་བྱེད་པའི་ལས་ཀྱང་ཡོད་དེ། དང་པོ་ནི། ལས་མི་དགེ་བ་རྣམས་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་གཞག་གོ །གཉིས་པ་ནི་གཟུགས་སུ་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་མ་འདྲེས་པའི་ཕྱིར་བཞག་གོ །གསུམ་པ་ནི། འདོད་པར་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་འདྲེས་པའི་ཕྱིར་བཞག་པ་སྟེ། འདྲེས་པ་འདི་ནི་རྒྱུད་ཀྱི་སྒོ་ནས་རྣམ་པར་བཞག་གི་ངོ་བོ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ཏེ། ལས་སམ་རྣམ་པར་སྨིན་པ་གཅིག་ལ་དཀར་པོ་ཡང་ཡིན་ནག་པོ་ཡང་ཡིན་པ་དེ་ལྟ་བུ་ནི་མེད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལྟ་ན་མི་དགེ་བ་ཡང་དགེ་བ་དང་འདྲེས་པའི་ཕྱིར་དཀར་གནག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདོད་པའི་ཁམས་ན་མི་དགེ་བ་གདོན་མི་ཟ་བར་དགེ་བ་དང་འདྲེ་བ་ནི་མ་ཡིན་ཏེ། དེ་སྟོབས་དང་ལྡན་པའི་ཕྱིར་རོ། །དགེ་བ་ནི་སྟོབས་ཆུང་བའི་ཕྱིར་འདྲེ་བར་འགྱུར་རོ། ཟག་པ་མེད་པའི་ལས་ནི་ལས་གསུམ་པོ་དེ་དག་ཟད་པར་བྱེད་ཅིང་སྤོང་བར་བྱེད་པ་ཡིན་ནོ། །དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་གནག་པའོ། །རྣམ་པར་སྨིན་པ་དཀར་པོ་ཉིད་མེད་པའི་ཕྱིར་མི་དཀར་བའོ། །དེས་ལས་བཤད་ཟིན་ནས། དེ་ཟད་པར་བྱ་བའི་རྩལ་སྦྱོང་བའི་ཚུལ་བཤད་པར་བྱ་སྟེ། མཐོང་བའི་ལམ་ལ་ཆོས་ཤེས་པའི་བཟོད་པ་བཞི་དང་། འདོད་པ་ལས་འདོད་ཆགས་བྲལ་བ་ལ་བར་ཆད་མེད་པའི་ལམ་བརྒྱད་གྱི་སེམས་པ་གང་ཡིན་པ་སྟེ། སེམས་པ་རྣམ་པ་བཅུ་གཉིས་པོ་དེ་ནི་ནག་པོའི་ཟད་པར་བྱེད་པའི་ལས་ཡིན་ནོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་བར་ཆད་མེད་པའི་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་གནག་སྟེ། དགེ་བ་དང་མི་དགེ་བ་ནག་པོ་རྣམ་པ་དགུ་པོ་སྤོང་བར་བྱེད་པ་ཡིན་ནོ། །བསམ་གཏན་དང་བསམ་གཏན་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་བར་ཆད་མེད་པའི་ལམ་ཐ་མ་དགུ་པ་དེའི་སེམས་པ་གང་ཡིན་པ་སྟེ། སེམས་པ་རྣམ་པ་བཞི་པོ་དེ་ནི་དཀར་པོའི་ལས་སྤོང་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་བར་ཆད་མེད་པའི་ལམ་ཐ་མ་ཁོ་ནས་སྤོང་བར་བྱེད་ལ་གཞན་གྱིས་ནི་མ་ཡིན་ཞེ་ན། དེའི་རང་གི་ངོ་བོ་ནི་སྤོང་བ་མ་ཡིན་ཏེ། སྤངས་ཀྱང་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་ཏེ། དེའི་ཕྱིར་ཇི་སྲིད་དུ་དེ་ལ་དམིགས་པའི་ཉོན་མོངས་པའི་རྣམ་པ་ཅིག་ཡོད་པ་དེ་སྲིད་དུ་དེ་སྤོང་བ་མི་འཐད་དོ། །ད་ནི་མཚན་ཉིད་ཀྱི་ཐེག་པ་ལས་བྱུང་བའི་ཚུལ་བཤད་པར་བྱ་སྟེ། སྔར་བཞིན་གྱི་རྒྱུ་འབྲས་ཀྱི། གྲངས་སམ། རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་དང་། ལྟོས་པའི་རྒྱུ་དང་། འཕེན་པའི་རྒྱུ་དང་། མངོན་པར་འགྲུབ་པའི་རྒྱུ་དང་། ཡོངས་སུ་འཛིན་པའི། འདྲེན་པའི། སོ་སོར་ངེས་པའི། ལྷན་ཅིག་བྱེད་པའི། མི་མཐུན་པའི། མི་མཐུན་པ་མེད་པའི་རྒྱུ་སྟེ་བཅུ་འམ། ཡང་ན། སྐྱེད་པའི་རྒྱུ་དང་། ཐབས་ཀྱི། ལྷན་ཅིག་འབྱུང་བའི། འགགས་མ་ཐག་པ་དང་། འགགས་ནས་རིང་དུ་ལོན་པའམ། སྡུག་པའི་རྒྱུ་དང་། མི་སྡུག་པའི། ལྟ་བའི། འཇུག་པའི། ལྡོག་པའི་རྒྱུའོ། །ཞེས་བཤད། རྒྱུའི་རྐྱེན་སྐྱེད་པའི་རྒྱུ་ཡང་ཡིན་རྐྱེན་ཡང་ཡིན་ལ། དེ་ལས་གཞན་པའི་རྐྱེན་གསུམ་ནི་སྐྱེ་བའི་ཐབས་ཁོ་ན་ཡིན་པས། རྐྱེན་འབའ་ཞིག་ཏུ་རིག་པར་བྱའོ། །དང་པོ་རྒྱུའི་རྐྱེན་ནི། ཉོན་མོངས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་ལ་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ་དང་། དབང་དང་ལྡན་པ་དང་། ཀུན་ཏུ་འབྱུང་བ་དང་ལྡན་པའོ། དེ་ལ་རེ་ཞིག་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དང་། སྐྱེས་ནས་ཐོབ་པའི་དགེ་བའི་ཆོས་མ་སྩལ་བར་ཀུན་དུ་འབྱུང་བ་གང་དག་ཡིན་པ་དེ་དག་གི་ས་བོན་དེ་ཞི་གནས་ཀྱི་ཉམས་པས་ཀྱང་ཉམས་པར་མ་བྱས་ལ། འཕགས་པའི་ལམ་གྱིས་ཀྱང་ཡང་དག་པར་མ་བཅོམ་པ་དང་། དགེ་བ་རྣམས་ཀྱི་ཡང་འདི་ལྟ་སྟེ། དཔེར་ན་དགེ་བའི་རྩ་བ་ཀུན་ཏུ་གཅོད་པ་རྣམས་ཀྱི་ལྟར་ལོག་པར་ལྟ་བས་ཉམས་པར་མ་བྱས་པ་གང་ཡིན་དེ་ནི་ས་བོན་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟར་ཇི་སྲིད་དུ་དེའི་ས་བོན་དེ་ཉམས་པར་མ་བྱས་ཡང་དག་པར་མ་བཅོམ་པ་དེ་སྲིད་དུ་དེ་ཉོན་མོངས་པ་ཅན་ལ་སོགས་པའི་ཆོས་ཀུན་ཏུ་འབྱུང་བའམ། ཀུན་ཏུ་འབྱུང་བ་མ་ཡིན་པ་དེ་དག་དང་ལྡན་པ་ཞེས་བྱ་བའི་ཕྱིར་རོ། །དགེ་བའི་ཆོས་མངོན་པར་བྱ་བས་བསྐྱེད་པ་རྣམས་དང་། ལུང་དུ་མ་བསྟན་པ་དེ་དག་ཁ་ཅིག་འབྱུང་བའི་རྐྱེན་གྱིས་རྒྱུ་ས་བོན་ཡོངས་སུ་བརྟས་པ་ཡོངས་སུ་འཛིན་པ་ནི་དབང་དང་ལྡན་པ་ཞེས་བྱའོ། །ད་ལྟར་གྱི་ཆོས་རྣམས་མངོན་སུམ་གྱི་དངོས་པོ་རང་གི་མཚན་ཉིད་ཀྱིས། གྲུབ་པ་ནི་ཀུན་ཏུ་འབྱུང་བ་དང་ལྡན་པ་ཞེས་བྱའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་ནི་འཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་འབྱུང་བ་དེ་དག་ནི་དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཅེས་བྱའོ། །དེ་ལ་རྣམ་པར་ཤེས་པ་དྲུག་པོ་གང་དག་ཡིན་པ་དེ་དག་ནི་རྣམ་པར་ཤེས་པ་དྲུག་པོ་དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་དག་ནི་ཡིད་ལས་བྱེད་ཅེས་བྱ་བ་དང་། ཡིད་ཀྱི་སྐྱེ་མཆེད་ཅེས་བྱ་བ་དང་། ཡིད་ཀྱི་ཁམས་ཞེས་བྱ་བར་ཡང་གདགས་སོ། །དེ་ལ་དམིགས་པའི་རྐྱེན་གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་དམིགས་པའི་རྐྱེན་ཡིན་ནོ། །ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཡིན་ནོ། །དེ་ལ་བདག་པོའི་རྐྱེན་གང་ཞེ་ན། མིག་ལ་སོགས་པའི་སྐྱེ་མཆེད་ལྷན་ཅིག་འབྱུང་བ་རྣམས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བདག་པོའི་རྐྱེན་ཡིན་ནོ། །རྣམ་པར་ཤེས་པ་རྣམས་དམིགས་པ་ལ་གཏོད་པར་བྱེད་པའི་ཡིད་ལ་བྱེད་པ་ཡང་ཡིན་ནོ། །སེམས་དང་སེམས་ལས་བྱུང་བའི་ཆོས་ལྷན་ཅིག་འབྱུང་བ་རྣམས་ཀྱང་གཅིག་གི་བདག་པོའི་རྐྱེན་གཅིག་ཡིན་པས་བདག་པོའི་རྐྱེན་ཡིན་ནོ། །དགེ་བ་དང་མི་དགེ་བའི་ཆོས་སྔོན་བྱས་པ་རྣམས་ཀྱང་ཕྱ་ཡི་འབྲས་བུ་འདོད་པ་དང་། མི་འདོད་པ་རྣམ་པར་སྨིན་པར་འགྱུར་བའི་བདག་པོའི་རྐྱེན་ཡིན་ནོ། །ཞིང་དང་ཆུ་དང་ལུད་ལ་སོགས་པ་ནི་ལོ་ཏོག་མངོན་པར་འགྱུར་བའི་བདག་པོའི་རྐྱེན་ཡིན་ནོ། །བཟོ་ཤེས་པ་དང་། བཟོའི་ལས་དེ་དང་དེ་དག་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་དེ་དང་དེ་དག་མངོན་པར་འགྲུབ་པའི་བདག་པོའི་རྐྱེན་ཡིན་ནོ། །དེ་ལྟ་བས་ན་འདུ་བྱེད་གང་དང་གང་གི་སྐྱེ་བའི་ཐབས་ཉེ་བར་གནས་པར་གྱུར་པའི་འདུ་བྱེད་ཀྱི་ས་བོན་དེ་དང་དེ་ནི་འདུ་བྱེད་དེ་དང་དེ་མངོན་པར་འགྲུབ་པར་བྱེད་དེ། དེའི་ཕྱིར་འདུ་བྱེད་ཐམས་ཅད་ཅིག་ཅར་འགོ་མཉམ་དུ་འབྱུང་བར་མི་འགྱུར་རོ། །མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ངན་སོང་དག་ཏུ་རྣམ་པར་སྨིན་པར་འགྱུར་བ་དང་དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱི་བདེ་འགྲོ་རྣམ་པར་སྨིན་པར་འགྱུར་བ་དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །མི་དགེ་བ་ལ་གོམས་པས་མི་དགེ་བ་ལ་དགའ་ཞིང་མི་དགེ་བ་མང་བར་གནས་པ་དང་། དགེ་བ་ལ་གོམས་པས་དགེ་བ་ལ་དགའ་ཞིང་དགེ་བ་མང་བ་དང་། སྔོན་གྱི་ལས་དང་མཐུན་པར་ཕྱིས་འབྲས་བུ་རྗེས་སུ་འཇུག་པ་གང་ཡིན་པ་དེ་ནི་རྒྱུ་འཐུན་པའི་འབྲས་བུའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་ཉོན་མོངས་པ་འགོག་པ་ནི་བྲལ་བའི་འབྲས་བུའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་འགོག་པ་གང་ཡིན་པ་དེ་ནི་གཏན་དུ་རྗེས་སུ་འཇུག་པ་མ་ཡིན་ཏེ། དེ་ལྟ་བས་ན་དེ་ནི་བྲལ་བའི་འབྲས་བུ་མ་ཡིན་ནོ། །ཚེ་འདི་ཉིད་ལ། ལ་ལ་བཟོ་དང་ལས་ཀྱི་གནས་གང་ཡང་རུང་བ་ལ་བརྟེན་ནས་སྐྱེས་བུའི་བྱེད་པས་ཡང་ན་ཞིང་རྨོད་དམ་ཡང་ན་ཚོང་བྱེད་དམ། ཡང་ན་རྒྱལ་པོའི་ཞབས་འབྲིང་བྱེད་དམ། ཡི་གེ་དང་། རྩིས་དང་ཤོད་འགོད་པ་དང་། བགྲང་བ་དང་ལག་རྩིས་ཀྱིས་མེ་ཏོག་ལ་སོགས་པ་དང་རྙེད་པ་ལ་སོགས་པའི་འབྲས་བུས་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་སྐྱེས་བུའི་བྱེད་པའི་འབྲས་བུ་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོའི་བདག་པོའི་འབྲས་བུའོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་དབང་པོའི་ཡིན་ནོ། །དེ་བཞིན་དུ་སྲོག་དང་བྲལ་བ་ནི་སྲོག་གི་དབང་པོའི་ཡིན་ནོ། །དེ་ལྟར་ན་དབང་པོ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་ཀྱི་སོ་སོའི་དབང་གིས་འབྲས་བུ་གང་གྲུབ་པ་དེ་ནི་བདག་པོའི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་ལ། ལས་ཀྱི་ཀུན་ནས་ཉོན་མོངས་པའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔས་རྣམ་པར་བཞག་སྟེ། དངོས་གཞིའི་ལས་ཀྱི་ལམ་གྱིས་བསྡུས་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་། དེ་དག་ཉིད་ཀྱི་སྦྱོར་བས་བསྡུས་པའི་ལས་དང་། འཇུག་གིས་བསྡུས་པའི་ལས་ཀྱིས་སོ། དེ་ལས་མི་དགེ་བའི་ལས་ཀྱི་ལམ་རྣམ་པ་ལྔས་རྣམ་པར་བཞག་སྟེ། གཞི་དང་། འདུ་ཤེས་དང་། བསམ་པ་དང་། ཉོན་མོངས་པ་དང་། མཐར་ཐུག་གོ །དེ་དག་ལྕི་བ་དང་ཡང་བར་རྣམ་པར་བཞག་པ་དང་། བྱས་ལ་བསགས་པ་དང་བསགས་ལ་མ་བྱས་པ་དང་། བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པ་དང་། མ་བྱས་ཤིང་མ་བསགས་པའི་མུ་རྣམ་པར་དབྱེ་ལ། དེ་དག་ལས། བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པ་དང་། ལྕི་བ་རྣམ་པ་ལྔ་ལས། ལྕི་བར་གསུངས་པ་གང་ཡིན་པ་དེ་དག་ནི་མྱོང་བར་ངེས་པ་ཡིན་ལ། དེ་ཡང་རྣམ་པར་སྨིན་པ་ངེས་པ་དང་། གནས་སྐབས་ངེས་པ་དང་། གཉིས་ཀ་ངེས་པ་ཡིན་པར་བལྟ་བར་བྱའོ། །དེ་ལས་བཟློག་པ་ནི་མྱོང་བར་མ་ངེས་པ་ཡིན་ནོ། །དེ་ལ་དགྲ་བཅོམ་པའི་མི་དགེ་བའི་ལས་མྱོང་བར་ངེས་པ་སྔོན་གྱི་ཚེ་རབས་གཞན་དག་ཏུ་བྱས་པ་གང་ཡིན་པ་དེ་ནི་སྔོན་སོ་སོའི་སྐྱེ་བོར་གྱུར་པ་ན། དེ་ཉིད་ཀྱི་ཚེ་སྡུག་བསྔལ་ཅུང་ཟད་དེ་ཙམ་མམ་ངན་ངོན་ཙམ་ཉེ་བར་གྱུར་པས། དེའི་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པར་བརྗོད་པར་བྱའོ། །གནས་གྱུར་པ་རྣམ་པར་སྨིན་པའི་ས་བོན་ཡང་དག་པར་བཅོམ་པས་ནི། དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱོང་བར་ངེས་པ་དེ་ནི། བཅོམ་ལྡན་འདས་ཀྱིས་སེམས་ཀྱི་རྒྱུད་རྣམ་པར་མ་གྲོལ་བ་ལས་བརྩམས་ཏེ་རྣམ་པར་གཞག་པའི་ཕྱིར་རོ། །ཞིང་རྒྱ་ཆེ་བ་དང་། སེམས་པ་རྒྱ་ཆེ་བ་དང་། སེམས་ཀྱི་རྒྱུད་རྣམ་པར་དག་པའི་རྒྱུ་གསུམ་པོ་ཐམས་ཅད་ཚོགས་པར་ཡོད་ན། དེ་ལྟར་ན་དེའི་ལས་དེ་ཚེ་འདི་ལ་མྱོང་བར་འགྱུར་བར་ངེས་པ་ཡིན་ནོ། །སྐྱེས་ནས་མྱོང་བར་འགྱུར་བ་ཡང་དེ་ཡིན་ལ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་དེ་ཡིན་ནོ། །དེ་ལས་བཟློག་པའི་རྒྱུ་གསུམ་གྱིས་ནི་མི་དགེ་བ་ཡང་ཚེ་འདི་ལ་མྱོང་བར་འགྱུར་བར་རིག་པར་བྱའོ། ལས་གང་སྐད་ཅིག་གཅིག་ལ་སྐྱེས་ལ་ཚེ་འདི་ལ་མྱོང་བ་ཁོ་ནར་འགྱུར་བ་དེ་ལྟ་བུ་ཡང་ཡོད་དོ། །གང་ཚེ་འདི་ལ་མྱོང་བར་འགྱུར་བ་དང་སྐྱེས་ནས་མྱོང་བར་འགྱུར་བ་ཡང་ཡོད་དོ། །གང་རྣམ་པ་གསུམ་ཆར་དུ་འགྱུར་བ་ཡང་ཡོད་དོ། འདི་ལྟ་སྟེ། དཔེར་ན་སྐུད་པ་གཅིག་ལ་མེ་ཏོག་གཅིག་ཁོ་ན་བརྒྱུར་ཡོད་དེ། མེ་ཏོག་གཅིག་ཁོ་ན་བརྒྱུར་རུང་བ་ཟད་ཀྱི། དེ་ལས་ལྷག་པ་བརྒྱུར་མི་ནུས་པ་དེ་ལྟར་སྲིད་ཐུང་བ་གང་ཡིན་པ་དང་། གཞན་ཡང་མེ་ཏོག་གཉིས་བརྒྱུར་རུང་བའི་སྐུད་པ་གང་ཡིན་པ་དང་། གཞན་ཡང་མེ་ཏོག་རབ་ཏུ་མང་པོ་དག་བརྒྱུར་རུང་བའི་སྐུད་པ་གང་ཡིན་པ་ལྟ་བུའོ། །དགེ་བའི་ལས་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་གཞིར་གྱུར་པ་གང་ཡིན་པའོ། །མི་དགེ་བའི་ལས་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་གཞིར་གྱུར་པ་གང་ཡིན་པའོ། །ལུང་དུ་མ་བསྟན་པའི་ལས་ནི། མ་ཆགས་པ་སོགས་གཞིར་གྱུར་པ་ཡང་མ་ཡིན་ལ་ཆགས་པ་སོགས་གཞིར་གྱུར་པ་ཡང་མ་ཡིན་པ་གང་ཡིན་པའོ། །དེ་ལ་སེམས་པ་ནི་ལས་ཡིན་ལ། ལས་ཀྱི་ལམ་ནི་མ་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པ་ཚིག་བཀྱལ་བའི་མཐར་ཐུག་པའི་བར་དག་ནི། ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ནོ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དག་ནི་ལས་ཀྱི་ལམ་ཁོ་ན་ཡིན་ལ། ལས་ནི་མ་ཡིན་པར་བལྟ་བར་བྱའོ། ལས་ཀྱི་ལམ་དེ་དག་ལ་རྣམ་པར་སྨིན་པའི་འབྲས་བུ། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་གསུམ་འབྱུང་བར་འགྱུར་རོ། །དེའི་ཕྱིར་འཕེན་པར་བྱེད་པ་རྒྱུ། རྫོགས་པར་བྱེད་པ་རྐྱེན། སྨིན་པར་བྱེད་པ་འབྲས་བུ་ཞེས་རྣམ་པར་གཞག་གོ །དེ་ལས་བཟློག་སྟེ་དགེ་བ་ལ་ཡང་ཤེས་པར་བྱའོ། །དེ་ནི་རྩལ་སྦྱང་པ་བཤད་པར་བྱ་སྟེ། རིགས་ཀྱི་ས་ལ་ནི་སྤོང་བར་བྱ་བའི་ཐབས་ལ་ཞུགས། མོས་སྤྱོད་གྱི་སར་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་། །ལྷག་པའི་བསམ་པ་དག་པའི་སར་ཚེར་མ་འབྱིན་པ་བཞིན་དུ་ཐམས་ཅད་གཏན་སྤངས་པ་ཡིན་ནོ། །སྔགས་ཀྱི་གསང་བའི་མཐའ་ལས་ནི། དགེ་བ་སྙིང་སྟོབས། ལུང་དུ་མ་བསྟན་པ་རྡུལ། མི་དགེ་བའི་སེམས་མུན་ཅན་དུ་བཞག་ནས། འཕེན་བྱེད་ཀྱི་རྒྱུ་དུས་སྦྱོར་བཅུ་གཉིས་ཀྱི་མཚན་ཉིད་ཅན་གྱི་རླུང་འཕོ་བ་བཅུ་གཉིས་སམ་བཅུ་དྲུག་སྨིན་བྱེད་ཀྱི་འབྲས་བུ་ཟག་པ་དང་བཅས་པའམ་འདུས་བྱས་པའི་འཁོར་བའི་གནས་སྐབས་མཐའ་དག་སྟེ། རླུང་ཞེས་བྱ་བ་ལས་ཀུན་བྱེད། །དུས་དང་དུས་མིན་འགྱུར་དང་འཕོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཚོགས་ཀྱི་སར་འདུས་པ་གསུམ་གྱིས་ཏིང་ངེ་འཛིན་གྱི་མགོ་མནན། སྦྱོར་བའི་ལམ་བཞིར་རིམ་ཅན་དུ་ཁེགས་པས་སྤངས། མཐོང་བའི་ལམ་དུ་ཟད་པ་མངོན་དུ་བྱེད་པ་ཡིན་ནོ། །གཉིས་པ་ནི། དཔེར་ན་སྒྱུ་མ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་ཡང་མ་ཡིན་ལ། སྒྱུ་མ་བྱས་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་བརྗོད་པ་དང་འདྲིས་པའི་དབང་གིས་བྱས་པ་རྣམས་ལ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་ཡང་མ་ཡིན་ལ། དོན་དམ་པར་བརྗོད་དུ་མེད་པའི་བདག་ཉིད་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ནོ། །དེ་དག་ཀྱང་འཇུག་པའི་ཚུལ་འདིས་སྒྱུ་མ་བཞིན་དུ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཏེ། གཉིས་སུ་མེད་པ་དེའི་ཕྱིར་སྒྱུ་མ་ལྟ་བུ་ཞེས་བྱའོ། །རྐྱེན་གྱི་མཚན་ཉིད་ནི་མ་རིག་བག་ཆགས་ཀྱི་ས་སྟེ་འདུ་བྱེད་རྣམས་ཀྱི་མ་རིག་པ་བཞིན་ནོ། །རྒྱུའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཉིད་དེ་འདུ་བྱེད་བཞིན་ནོ། །འབྱུང་བའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་དང་ལྡན་པ་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་གྲུབ་པ་སྟེ། ཉེ་བར་ལེན་པ་བཞིའི་རྐྱེན་དང་ལྡན་པ་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ཅན་གྱི་སྲིད་པ་གསུམ་མངོན་པར་གྲུབ་པ་བཞིན་ནོ། །འཇིག་པའི་མཚན་ཉིད་ནི་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་གྲུབ་པའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་སྟེ། སྐྱེ་བའི་རྐྱེན་ཅན་གྱི་རྒ་ཤི་བཞིན་ནོ། །ཡིད་ཀྱི་ལུས་གསུམ་གང་ཞེ་ན་འདི་ལྟ་སྟེ་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་དང་། ཆོས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པའི་ཡིད་ཀྱི་ལུས་དང་། རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་ལས་བར་མ་ས་དང་པོ་དང་ཐ་མ་གོང་ནས་གོང་དུ་སའི་མཚན་ཉིད་ཡོངས་སུ་ཤེས་པས་རྣལ་འབྱོར་ཅན་རྣམས་ཀྱིས་ཐོབ་པར་འགྱུར་རོ། །སློབ་དཔོན་ཐོགས་མེད་ཀྱིས། སྨྲས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་དེ་བཞིན་ཉིད་ལ་དམིགས་པའི་རྐྱེན་གྱི་ས་བོན་དང་ལྡན་པར་སྐྱེའི། དེ་དག་བག་ཆགས་བསགས་པའི་ས་བོན་དང་ལྡན་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་རྩལ་སྦྱོང་བ་ནི། ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། པགས་ཤུན་ལ་ཡོད་པ་དང་། སྲི་ལ་ཡོད་པ་དང་། སྙིང་པོ་ལ་ཡོད་པ་ལྟ་བུའོ། །དེ་ལ་པགས་ཤུན་ལ་ཡོད་པ་ལྟ་བུ་ནི། རབ་ཏུ་དགའ་བའི་གནས་པ་ལ་སྤོང་ངོ་། །སྲི་ལ་ཡོད་པ་ལྟ་བུ་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པས་སྤང་ངོ་། །སྙིང་པོ་ལ་ཡོད་པ་ལྟ་བུ་ནི་དེ་བཞིན་གཤེགས་པའི་གནས་པ་ལ་སྤོང་སྟེ། སའི་ཡོངས་སྦྱོངས་ཉིད་ཀྱིས་སོ། །རྣལ་འབྱོར་གྱི་གསང་བའི་མཐའ་ལས། མཉམ་རྒྱུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་རླུང་གིས་ཁམས་གསུམ་པ་ཐམས་ཅད་རྨི་ལམ་རྨི་བ་བཞིན་དུ་སྣང་སྟེ། རྡོ་རྗེ་འཕྲེང་བ་ལས། སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་སྣང་། །ཞེས་གསུངས་སོ། །དེའི་ཡོངས་སུ་སྦྱོང་བའི་ཚུལ་ཡང་། བདེན་དོན་རྣམས་པ་བཅུ་གཉིས་སམ། དེ་ཉིད་རྣམ་པ་བཅུ་དྲུག་མས་བརྟན་གྱི་དགའ་བའི་འགྲོས་ལས་རིག་པར་བྱ་བ་ཉིད་དོ། །གསུམ་པ་ནི། དཔེར་ན་ནམ་མཁའ་ལ་གཟུགས་དེ་དག་དང་། གཟུགས་ཀྱི་བྱ་བ་རྣམ་པ་སྣ་ཚོགས་མང་པོ་དག་སྣང་བ་ན་གཟུགས་རྣམས་དང་གཟུགས་ཀྱི་བྱ་བ་དེ་དག་ཐམས་ཅད་ཀྱི་འགྲོ་བ་དང་འོང་བ་དང་འགྲེང་བ་དང་འཕར་བ་དང་ལྷུང་བ་དང་བསྐུམ་པ་དང་བརྐྱང་བ་ལ་སོགས་པའི་གོ་སྐབས་ཀྱང་འབྱེད་ལ། གང་གི་གཟུགས་དེ་དག་དང་། གཟུགས་ཀྱི་བྱ་བ་དག་གསལ་བ་དེའི་ཚེ་གཟུགས་མེད་པ་ཙམ་གྱི་བདག་ཉིད་ཁོ་ནས་ནམ་མཁའ་ཡོངས་སུ་དག་པར་སྣང་བ་དེ་བཞིན་དུ། མི་སྐྱེ་བའི་ཚོས་ལ་བཟོད་པ་ཐོབ་པས། །བྱང་ཆུབ་སེམས་དཔའི་གནས་པ་ཟབ་མོ་ཐོབ་པ་ཞེས་བྱ་ལ། ཟབ་མོའི་གནས་པ་དེ་ལ་མངོན་པར་དགའ་བ་དེའི་ཆོས་ཀྱི་སྒོའི་རྒྱུན་དེ་ལ་དེ་བཞིན་གཤེགས་པས་བསྐུལ་བ་དང་ཡང་དག་པར་འཛིན་དུ་འཇུག་པ་དང་། མངོན་པར་བསྒྲུབ་པའི་སྒོ་དང་། ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པའི་གོ་སྐབས་ཀྱང་འབྱེད་ལ། མཚན་མ་མེད་པ་ལ་གནས་པ་སྔ་མ་རྣམས་ཀྱི་སྐྱོན་རྣམ་པ་བཞི་པོ་གང་ཡིན་པ་དེ་དག་ཀྱང་སྤངས་པ་ཡིན་ཏེ། རྩོལ་བའི་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ཡང་སྤངས་པ་ཡིན། རྣམ་པར་དག་པའི་གནས་པ་གོང་མ་ལ་སྙིང་ལས་སུ་འགྱུར་བ་ཡང་སྤངས་པ་ཡིན། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་ནུས་པ་ལ་སྙིང་ལས་སུ་འགྱུར་བ་ཡང་སྤངས་པ་ཡིན། འདུ་ཤེས་ཕྲ་མོ་ཀུན་དུ་འབྱུང་བ་ཡང་སྤངས་པ་ཡིན་ཏེ། དེ་ལྟ་བས་ན་གནས་པ་དེ་ཤིན་ཏུ་ཡོངས་སུ་དག་པར་སྣང་ཏེ། དེའི་ཕྱིར་ནམ་མཁའ་ལྟ་བུ་ཞེས་བྱ་ལ། ཡང་དག་པའི་མཐའ་ལ་གནས་ནས་ཀྱང་གནས་པར་བྱེད་ལ་འགོག་པ་ཡང་མངོན་སུམ་དུ་མི་བྱེད་པ་གང་ཡིན་པ་འདི་ནི་དེའི་ཤིན་ཏུ་རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེས་ན་བསམ་གྱིས་མི་ཁྱབ་པ་ལ་རྒྱུ་འབྲས་འོང་བའི་ཚུལ་དང་། རྒྱུ་འབྲས་བསམ་གྱི་མི་ཁྱབ་པའི་ཚུལ་འདིས་རྡོ་རྗེའི་ས་ཡང་གཏན་ལ་ཕབ་པ་ཡིན་ནོ། །འདིའི་རྩལ་སྦྱོང་ནི་ཆོས་ཀྱི་དབྱིངས་ཐམས་ཅད་ལས་ཅི་ཡང་འབྲི་བར་མི་བྱེད། སྣོན་པར་ཡང་མི་བྱེད། ཉུང་ངུར་ཡང་མི་བྱེད། ལྷག་པར་མི་བྱེད། རྣམ་པར་འཇིག་པར་ཡང་མི་བྱེད་དེ། ཡང་དག་པ་ལ་ཡང་དག་པར་རབ་ཏུ་ཤེས་ལ། དེ་ཁོ་ན་བཞིན་དུ་ཡང་དག་པ་འཇུག་ཅིང་སྟོན་པར་བྱེད་པ་ཡིན་ནོ། །དེ་ཡང་། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཞིག་དང་། །ཞེས་དང་། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་གསུངས་པ་ལས་ཤེས་པར་བྱའོ། །འདུས་པ་ཕྱི་མ་ལས། འབྲས་བུས་རྒྱུ་ནི་རྒྱས་གདབ་ཅིང་། །རྒྱུ་ཡིས་འབྲས་བུ་རྒྱས་བཏབ་པར། །བསྒོམ་གྱི་གཞན་དུ་དངོས་གྲུབ་ནི། །བསྐལ་པ་བྱེ་བར་འབྱུང་མི་འགྱུར། །ཞེས་དང་། དབང་མདོར་བསྟན་ལས། སྟོང་བ་ལས་བྱུང་གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ནི་འབྲས་བུས་རྒྱས་བཏབ་པ། །འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ། །ཞེས་གསུངས་སོ།། །།ལྔ་པ་སྒྲིག་དུས་བཞི་ལ། གཞི་སྡོམ་པ་དང་དམ་ཚིག་གི་རྟེན་འབྲེལ་སྒྲིག་པ། བླ་མའི་དྲུང་དུ་མོས་གུས་ཀྱི་རྟེན་འབྲེལ། སྒྲུབ་པའི་དུས་འཇིག་རྟེན་བློས་བཏང་གི་རྟེན་འབྲེལ། འགྲོ་དོན་གྱི་དུས་གཞན་ཕན་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་བསྒྲིག་པ་བཞི་ལས། དང་པོ་ནི། སྡོམ་གནས་བླ་མ་གུས་ལྡན་དེ་དག་གིས། །མ་ཆགས་སྙིང་རྗེའི་ཡ་ལད་བགོས་ནས་སུ། །ཞེས་པ། ཐེག་དམན་གྱི་ལུགས་ལ་སྡོམ་པ་ཞེས་པ་འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པའོ། །རྣམ་པར་དབྱེ་བ་ནི། སོ་སོ་ཐར་པ་དང་། བསམ་གཏན་དང་། ཟག་མེད་ཀྱི་སྡོམ་པ་ཞེས་བྱ་བ་རྣམ་པ་གསུམ་མོ། །སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་དང་། ལུས་དང་ངག་སྡོམ་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པའོ། །གལ་ཏེ་སྡོམ་པ་ཡང་དག་པར་བླངས་པ་སྐྱོན་མེད་པ་དེ་ཉིད་ལ་བརྟེན་ནས་འགྱོད་པ་མེད་པའི་རྒྱུས་བསམ་གཏན་དང་པོའི་བར་ལ་སྙོམས་པར་འཇུག་ཅིང་། །ཚུལ་ཁྲིམས་འཆལ་པའི་ས་བོན་ཞི་གནས་ཀྱིས་ཉམས་པར་བྱེད་པ་དེ་ནི་དེའི་བསམ་གཏན་གྱི་སྡོམ་པ་ཡིན་ཏེ། བསམ་གཏན་དང་པོ་ཇི་ལྟ་བ་བཞིན་དུ་གཉིས་པ་དང་གསུམ་པ་དང་བཞི་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །བྱེ་བྲག་ནི་འདི་ཡོད་དེ། ཚུལ་ཁྲིམས་འཆལ་བའི་ས་བོན་ཐག་རིང་དུ་བྱ་བ་དེ་གཉེན་པོས་ཡོངས་སུ་ཟིན་པའི་ཞི་གནས་ཀྱི་ལམ་གྱིས་ཆེས་ཤིན་ཏུ་ཉམས་པར་བྱེད་པ་སྟེ། དེ་ནི་ཡོངས་སུ་དག་པ་དང་པོས་དེའི་སྡོམ་པ་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་ཚུལ་ཁྲིམས་ཀྱི་སྡོམ་པ་སྐྱོན་མེད་པ་དེ་ཉིད་དང་། བསམ་གཏན་གྱི་སྡོམ་པ་དེ་ལ་ཡང་བརྟེན་ནས་བདེན་པ་རྣམ་པ་མངོན་པར་རྟོགས་པར་བྱེད་ཅིང་ཕྱིར་མི་འོང་བའི་འབྲས་བུ་ཡང་ཐོབ་པར་བྱེད་པ་དེའི་ཚེ་ན་ནི་དེ་ཚུལ་ཁྲིམས་འཆལ་བའི་ས་བོན་ཐམས་ཅད་ཡང་དག་པར་བཅོམ་པ་ཡིན་ནོ། །གལ་ཏེ་མི་ལྕོགས་པ་མེད་པ་ལ་བརྟེན་ནས་འབྲས་བུ་དང་པོ་ཐོབ་པ་དེའི་ཚེ་ན་དེའི་ངན་སོང་དུ་འགྲོ་བའི་ཚུལ་ཁྲིམས་འཆལ་པའི་ས་བོན་ཡང་དག་པར་བཅོམ་པ་ཡིན་ནོ། །ཡོངས་སུ་དག་པ་གཉིས་པ་འདིས་རྣམ་པར་དག་པ་དེ་དག་ནི་དེའི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཟག་པ་མེད་པའི་སྡོམ་པ་ཞེས་བྱའོ། །དེ་ལས་དང་པོ་ནི་གཞན་དགེ་འདུན་ནམ་གང་ཟག་གི་རྣམ་པར་རིག་བྱེད་ལས་ཐོབ་བོ། །གཉིས་པ་ནི། བསམ་གཏན་གྱི་ས་པའི་སེམས་ཟག་པ་དང་བཅས་པ་དངོས་གཞི་པའམ་ཉེར་བསྡོགས་པ་ཐོབ་པ་དང་ལྷན་ཅིག་ཐོབ་པ་ཡིན་ནོ། །གསུམ་པ་ནི། ཟག་པ་མེད་པའི་བསམ་གཏན་གྱི་ས་ཐོབ་པ་དེ་ཉིད་ཀྱིས་ཐོབ་བོ། །ཟག་མེད་བསམ་གཏན་གྱི་ས་ནི་དྲུག་སྟེ། བསམ་གཏན་བཞི་དང་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་ནོ། །དེའི་ཟག་པ་མེད་པའི་སྡོམ་པ་དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ལ་ནི་གཉེན་པོ་དང་རྣམ་པར་དག་པའི་ཁྱད་པར་གྱིས་ཁྱད་པར་དུ་འགྱུར་བར་ཟད་ཀྱི། མི་མཐུན་པའི་ཕྱོགས་སྤང་བའི་ཁྱད་པར་གྱིས་ནི་མ་ཡིན་ནོ། །སློབ་དཔོན་ཐོགས་མེད་ཀྱིས། སྡོམ་པ་མ་ཡིན་པ་ལས་བཟློག་པ་སྤོང་བའི་སེམས་པ་སྤོང་བ་དེ་ལ་དབང་བྱེད་པའི་དབང་པོ་ལྔ་དང་ལྡན་པ་གང་ཡིན་པ་དེ་ནི་སྡོམ་པ་ཞེས་བྱའོ། །ཞེས་གསུངས་ལ། བྱེ་བྲག་ཏུ་སྨྲ་བ་དག་སྤོང་བའི་གཟུགས་ཅན་དུ་འདོད་ལ། མདོ་སྡེ་པ་སེམས་ཀྱི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་འདོད་དོ། །སློབ་དཔོན་གྱིས། གང་ལ་ཏིང་ངེ་འཛིན་ཡོད་པ་དེ་ལ་ནི་ཚུལ་ཁྲིམས་ཀྱང་ཡོད་པར་ངེས་སོ། །གང་ལ་ཤེས་རབ་ཡོད་པ་དེ་ལ་ནི་ཏིང་ངེ་འཛིན་ཡང་ཡོད་པར་ངེས་སོ། །གང་ལ་ཚུལ་ཁྲིམས་ཡོད་པ་ལ་ནི་ཏིང་ངེ་འཛིན་དང་ཤེས་རབ་ཡོད་པར་ངེས་པ་མེད་དོ། །ཞེས་གསུངས་སོ། །ཕར་ཕྱིན་ཐེག་པ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་རྣམ་པར་བཞག་སྟེ། དེ་ཡང་། གཞན་དོན་དུ་མི་འགྱུར་བའི་ལུས་ངག་ཀྱི་ཉེས་པ་མ་ལུས་པ་སྤོང་བར་བྱེད་པའམ། ཁོ་བོའི་ཀླད་ན་བཞུགས་པའི་ཞལ་སྔ་ནས། སོ་སོ་ཐར་པ་ཉེས་པ་སྤོང་བ། བྱང་ཆུབ་སེམས་དཔའ་ཉེས་པ་ཉེས་མེད་དུ་བསྒྱུར་བ། ཟབ་མོ་གསང་སྔགས་སུ་ཉེས་པ་ཡོན་ཏན་དུ་འཆར་ཚུལ་ལ། ཕྱི་སྡོམ་གསུམ་གནད་གཅིག ནང་སྡོམ་གསུམ་གནད་གཅིག །གསང་བ་སྡོམ་གསུམ་གནད་གཅིག་ཅེས་གསུངས་པ་ལྟར་ན། ལུས་ངག་ཡིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་བསྡམ་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་མཚན་ཉིད་དོ། །དང་པོ་ནི། རྣམ་བཅད་དགག་པའི་དབང་དུ་བྱས་པ་དང་། གཉིས་པ། ཡོངས་གཅོད་བསྒྲུབ་པའི་དབང་དུ་བྱས་པས་ཚིག་གི་སྒྲོས་མ་མཐུན་པ་ཙམ་ལས་དོན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། ཇོ་བོ་གསེར་གླིང་པ་ལས་བརྒྱུད་པ་ལ་ནི། སྨོན་པ་དང་འཇུག་པའི་སྡོམ་པ་ཞེས་རྣམ་པ་གཉིས་བཞེད་ལ། རྗེ་བཙུན་ནཱ་རོ་ཞབས་ལས་བརྒྱུད་དེ་འོངས་པ་ལ་ནི་རྣམ་པར་དབྱེ་བ་མི་བཞེད་དོ། །སོ་ཐར་སྡོམ་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་བྱས་ནས་འདིའི་བསླབ་པའི་བྱེ་བྲག་ཏུ་མཛད་པར་མཐུན་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ངོ་བོ་གཅིག་ཀྱང་འཇུག་སྒོ་དང་རྣམ་པ་དང་སྤང་བྱ་སོ་སོ་ལ་ལྟོས་ཏེ་ལུས་ཀྱི་སྡོམ་པ་ལ་འོད་གསལ་གྱི་རྣམ་པའི་སྒོ་ནས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་དང་། ངག་གི་སྡོམ་པ་ལ་སོ་སོ་རང་རིག་གི་རྣམ་པའི་སྒོ་ནས་ནམ་མཁའ་མཛོད་དམ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་དང་། ཡིད་ཀྱི་སྡོམ་པ་ལ་མཉམ་པ་ཉིད་རྣམ་པའི་སྒོ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་བཞག་སྟེ། ཚུལ་འདི་ལྟ་བུ་ནི་མདོ་སྔགས་དགོངས་པ་གཅིག་ཏུ་སྟོན་པའི་ཕྱག་རྒྱར་ཤེས་པར་བྱའོ། །འགའ་ཞིག །བྱ་སྤྱོད་དུ། བྱང་ཆུབ་སེམས་དཔའི་འཇུག་པའི་སྡོམ་པ། དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་ལས་བྱུང་བའི་དམ་ཚིག་གི་ཁྱད་པར་དུ་བྱས་པ་དག་སྟེ། སྡོམ་རིགས་ནི་ད་དུང་འཇུག་སྡོམ་དེ་ཉིད་ཡིན་ནོ། དེ་བས་ན་འདི་ལ་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་དུ་གྱུར་པའི་བསྡམ་བྱ་དག་མེད་པ་དང་ཡོད་ཀྱང་། སྡོམ་རིས་ཟུར་པ་ལེན་པའི་ཆོ་ག་ཁྱད་པར་བ་མེད་དོ། །ཞེས་ཟེར་བ་ཡང་ལེགས་པ་མ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། འདུས་མ་བྱས་པའི་དམ་ཚིག་ཆེན་པོ་བཤད་པས་དང་། རང་སོའི་དབང་བསྐུར་དེ་དག་གི་ཆོ་གའི་ཁྱད་པར་ཡིན་པའི་ཐད་དུ་བློ་གྲོས་ཀྱི་མིག་གཡེང་པར་གྱུར་སྣང་བའི་ཕྱིར་རོ། །རང་གི་ལུགས་བཞག་པ་ནི། ལུས་ངག་ཡིད་ཀྱིས་ཀུན་རྫོབ་བྱང་སེམས་དོན་དམ་བྱང་སེམས་སུ་ཟིན་པར་བསྡམ་པ་སྔགས་སྡོམ་གྱི་མཚན་ཉིད། དེ་ཡང་། ཀུན་རྫོབ་དང་དོན་དམ་པ་ལ་ཁྱད་ཞུགས་པའི་དབང་གིས་དབྱེ་བ་དུ་མར་བཞག་པ་ཡིན་ནོ། །དེའི་ཕྱིར་སྡོམ་པ་འདི་ལྟ་བུ་ནི་དབང་ཐོབ་པ་ཉིད་ལས་འབྱུང་གི །གཞན་དུ་རྙེད་པར་དཀའོ། །དེ་ལྟ་བུའི་དབང་ཡང་བྱ་རྒྱུད་དངོས་ཟིན་ལས་ཆུ་དབང་གི་མཐར་ཕྱག་རྒྱ་སྤྱི་བོར་གཏུག་པ་ཙམ་དང་། སྤྱོད་རྒྱུད་དུ་ཆུ་དབང་། ཐུར་མ། མེ་ལོང་། ཆོས་བཤད་ཙམ་ཞིག་ལས་མ་བྱུང་ཡང་། བྱ་རྒྱུད་ལའང་། གྲུབ་པའི་སློབ་དཔོན་དག་གིས། རྣལ་འབྱོར་གྱི་རྒྱུད་དུ་ཇི་ཙམ་གྲགས་པའི་དེ་ཙམ་གྱི་དབང་བསྐུར་བའང་བཤད་པའི་ཕྱིར་དབང་བསྐུར་བའི་འགྲོས་དེ་དག་གིས་སྡོམ་པའང་ཤེས་པར་བྱའོ། །ཅི་ཞིག་མ་སྨིན་ཞེ་ན། གཞི་མི་ཤིགས་པ་ཆེན་པོ་ལས་གནས་སྐབས་བཞི་སྐྱེད་པའི་ཐིག་ལེ་བཞིར་དབྱེ་བ་སྐུ་བཞིར་ལྷུན་གྲུབ་ཏུ་གནས་པ་ཉིད་རང་ངོ་མ་ཤེས་པས་མ་སྨིན་པ་ཡིན་ལ། དེ་ཤེས་པར་བྱེད་པའི་དོན་སྨིན་ལམ་དུ་བསྙད་དོ། །དེ་ལྟར་ཤེས་པ་དེ་ཉིད་དགའ་བ་བཞིའི་ཡེ་ཤེས་ཡིན་པས། དེ་དག་ལས་དགའ་བ་དང་པོ་བུམ་པའི་དབང་གི་ངོ་བོར་འཇོག་སྟེ། འདི་ཡང་ཕལ་ཆེ་བ་ནི་སྣང་བ་ཆོས་རྒྱའི་དབང་དུ་བྱས་པ་ཡིན་ལ། ལས་ཡེས་ལ་བརྟེན་པ་ནི་སློབ་དཔོན་གྱི་དབང་གི་དངོས་གཞི་ལྟ་བུ་སྟེ། དོན་གྱི་ཐ་མལ་གྱི་བག་ཆགས་མཐུ་བརྟས་པའི་གཞན་རྟོག་གི་སྣང་བ་ཕྲ་རགས་ལས་གཞིའི་ཆོས་ཇི་སྙེད་པ་དང་། མདོ་སོགས་ཀྱི་ལམ་གཞན་སྣང་ཅན་རྣམས་དང་། དེ་དག་གི་འབྲས་བུ་རིགས་ལྔ་དང་དྲུག་ལ་སོགས་པ་བསྡུས་པའི་རྟེན་བརྟེན་པའི་མཚན་ཉིད་ཅན་རྣམས་རང་གི་ཕུང་ཁམས་སྐྱེ་མཆེད་ལས་དབང་དང་བཅས་པའི་ཉེར་ལེན་འབའ་ཞིག་ལས་སྣང་བའི་ལྷའི་འཁོར་ལོ་སྤྲུལ་སྐུའི་ངོ་བོར་གནས་པ་བརྡ་སྤྲོད་པ་སྟེ། དེ་ཡང་རྩ་བ་ལུས་ངག་ཡིད་གསུམ་ཐ་དད་དུ་གྱུར་པ་ཁོ་ན་ལས་གཞན་རྟོག་རྣམས་འབྱུང་བས། ཕྱག་རྒྱ་ལས་མཉམ་པར་སྦྱར་བ་ལས་བྱུང་བའི་དགའ་བས་གཞན་རྟོག་བསྡུས་པའི་སྟེང་དུ་དམ་ཚིག་གསུམ་གྱིས་མཚོན་ནས་ངོ་སྤྲད་པས་རྡོ་རྗེ་གསུམ་མི་ཕྱེད་པར་བརྡ་འཕྲོད་པ་སློབ་དཔོན་གྱི་དབང་གི་དངོས་གཞི་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་འབྱུང་བ་ལྟར་རོ། །རྒྱུད་སྡེའི་ངེས་པ་མཆོག་དམན་མ་གཏོགས། དབང་འདིའི་མཐར་ཐུག་པ་ནི་རྣལ་འབྱོར་གྱི་རྒྱུད་དུ་ཡང་ཡོད་པས་བུམ་དབང་གི་འབྲས་བུ་ས་བཅུ་གཅིག་པའི་བར་དུ་བགྲོད་དེ་སྒྱུ་འཕྲུལ་དྲ་བས་རྟེན་བརྟེན་པའི་འཁོར་ལོར་འཚང་རྒྱ་བ་དང་། དེའི་ལམ་ས་བཅུ་པོ་དེ་དག་བགྲོད་པའི་རིམ་པ་དང་། རིགས་སོ་སོའི་ཕྱག་རྒྱའི་རེག་པ་ལམ་དུ་བྱེད་པའི་ངེས་པ་ཡང་དཔལ་མཆོག་སོགས་སུ་འབྱུང་སྟེ། དེ་བས་ན་དམ་ཚིག་གསུམ་པོ་དེ་དག་བརྡ་མི་འཕྲོད་པའི་རིགས་ལ་རིགས་ལྔའི་སྡོམ་པའང་སྦྱིན་དུ་མི་རུང་བས། རྣལ་འབྱོར་གྱི་རྒྱུད་དུ། དཀྱིལ་འཁོར་དུ་བཅུག་སྟེ། ལྷ་བསྟན་པ་ཙམ་དང་། སློབ་མའི་དབང་ཙམ་དང་། སློབ་དཔོན་གྱི་དབང་གི་མཐར་ཐུག་པར་སྦྱིན་པ་སྟེ་རིམ་པ་གསུམ་འབྱུང་བ་ཡིན་ནོ། །བླ་མེད་དུའང་དབང་པོའི་རིམ་པ་ལས་བསྐྱེད་རིམ་ལ་མི་ཟབ་པ་དང་ཟབ་པར་འགྱུར་བའི་ངེས་པས། ཕྱིའི་ཡོ་བྱད་ཁོ་ན་ལ་བརྟེན་ཏེ་དམ་ཚིག་གསུམ་བརྡ་སྤྲོད་ཅིང་། དཀྱིལ་འཁོར་ཀྱང་ཕྱི་དཀྱིལ་ཉིད་དུ་སྦྱིན་པར་བྱས་ནས། ལུས་དཀྱིལ་སློབ་དཔོན་གྱི་ལུས་ལ་བརྡ་སྤྲོད་པ་ཙམ་ཞིག་དང་། ཟབ་པའི་དབང་ལས། རྡུལ་ཚོན་མན་དུ་འཇིག་རྟེན་པའི་དངོས་གྲུབ་དག་བསྒྲུབ་པའི་དབང་བདུན་གྱི་བར་སྦྱིན་ནས། བུམ་དབང་ལུས་དཀྱིལ་དུ་སྟེར་བ་སྟེ། འདི་ལ་དཀར་འཛིན་བུམ་པར་བྱེད་པ་ལ་སོགས་པའི་རིམ་པས་ཡོ་བྱད་ཀྱང་ནང་གཙོ་བོར་གྱུར་པའོ། །དེ་ལྟར་རིམ་པ་གཉིས་པོ་གང་གི་དབང་དུ་བྱས་ཀྱང་རུང་སྟེ། ས་བཅུ་གཅིག་གི་ངེས་པས་དབང་བསྐུར་བཅུ་གཅིག་ཡིན་ཞིང་། དེ་ལ་ཡང་སློབ་མ་ཙམ་དང་། སློབ་དཔོན་གྱི་བར་དུ་གཉེར་བའི་རིམ་པ་གཉིས་ལས། རིགས་ལྔའི་སྡོམ་པ་མི་སྦྱིན་པ་དང་། སྦྱིན་པའི་ངེས་པར་འགྱུར་བ་གཉིས་སོ། །ཕྱི་དང་ལུས་དཀྱིལ་གང་དུ་བརྡ་སྤྲོད་ཀྱང་རུང་སྟེ། གཙོ་བོར་རྩའི་ངེས་པ་ལས་ལྷ་ཡིན་པའི་ཕྱིར་ལུས་ཀྱི་རྩ་དག་པའམ་མངོན་དུ་བྱེད་པ་ཞེས་བྱ་བར་ཡང་སྦྱོར་རོ། །གསང་དབང་ནི། མཆོག་དགའི་མཚན་ཉིད་ཅན་ཏེ། འདིའང་གཙོ་བོར་མཆེད་པ་དམ་ཚིག་གི་ཕྱག་རྒྱའི་དབང་དུ་བྱས་པ་ཡིན་ལ། དབང་བཞི་སྤྱིའི་ཡ་གྱལ་དུ་གྱུར་པ་ཞིག་དང་། དབང་གསུམ་པ་འབའ་ཞིག་གི་ཡན་ལག་ཏུ་གྱུར་པ་ཞིག་སྟེ་གཉིས་ཡོད་ལ། དང་པོ་ལ་ཡང་སྔར་བཤད་པ་ལྟར་བུམ་དབང་ཕྱི་དཀྱིལ་དང་ལུས་དཀྱིལ་དུ་སྦྱིན་པས་ངེས་པ་རྣམ་པ་གཉིས་སུ་འགྱུར་བ་ཡིན་ཏེ། འདི་ལྟར་བུམ་དབང་ཕྱི་དཀྱིལ་དུ་བརྡ་སྤྲད་པ་དེ་དག་གིས་ནི་ལམ་འབྲས་གཞི་ལས་གཞན་དུ་རྟོག་པ་རགས་པ་བཅོམ་ནས། གཞན་རྟོག་ཕྲ་བ་གཞིལ་པའི་སླད་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཆོས་མཐའ་དག་སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་ཐབས་ཤེས་མཚན་ཉིད་ཅན་དུ་བསྡུས་ཏེ་དབང་གི་ཡོ་བྱད་ཀྱང་བོ་ལ་དང་ཀ་ཀོ་ལ་བཏུང་བར་བཅས་པ་ཉིད་ལ་ཕྱི་ཡི་ཡོ་བྱད་ཀྱི་ངེས་པ་མཐའ་དག་བརྩིས་ཏེ་སྦྱིན་པ་དང་། ལུས་དཀྱིལ་དུ་ཡིན་ན་ནི་རིགས་བརྒྱ་སོགས་གཞན་རྟོག་གི་དབྱེ་བ་མཐའ་དག་རྩ་གཙོ་བོར་གྱུར་པའི་ལུས་ཀྱི་ཆོས་ཁོ་ནར་ངོ་འཕྲོད་ཚར་བས། ད་ནི་ལུས་དཀྱིལ་གྱི་ཆོས་དེ་དག་ལ་གཟུང་འཛིན་གྱིས་ཕྱེ་བའི་གཞན་རྟོག་ཕྲ་བ་དག་ཡོད་པ་དེ་དག་པར་བྱ་བའི་ཆེད་དུ། རྟེན་དང་བརྟེན་པའི་མཚན་ཉིད་ཅན་གྱི་སློབ་དཔོན་གྱི་ལུས་ཀྱི་ཆོས་ཇི་རྙེད་པའང་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་བྷ་གའི་དཀྱིལ་འཁོར་དུ་དཀར་དམར་གྱིས་མཚོན་པའི་ཐབས་ཤེས་ཀྱི་ཆོས་ཁོ་ནར་བསྡུས་ཏེ་བརྡ་སྤྲད་ནས། སློབ་མ་རང་ཉིད་ཀྱི་ལུས་ཆོས་རྣམས་ཀྱང་དེ་ཁོ་ནའོ་ཞེས་མཚོན་པར་བྱ་བའི་ཕྱིར་རྡོ་རྗེ་དང་པདྨའི་སྦྲང་རྩི་གཞིབ་ཏུ་སྩལ་ཏེ་མགྲིན་པའི་བུང་བ་མྱོས་པར་བྱས་པ་ལས། སྒྱུ་མ་ལྟ་བུའི་གར་གྱི་རིམ་པ་དག་ཅི་དགར་བགྱིར་སྣང་བ་སྟེ། དོན་ལ་ངག་རྔུལ་གྱི་ཆོས་གཙོ་བོར་འཛིན་པའི་ཐིག་ལེ་ཅན་མགྲིན་པར་ཐབས་ཤེས་ཀྱི་རྟེན་འབྲེལ་བསྒྲིགས་པས་ངག་རྡུལ་གྱི་ཆོས་ཅན་གསུང་ཐམས་ཅད་པ་ལ་ལོངས་སྐུར་གནས་པ་མངོན་དུ་བརྡ་སྤྲོད་པའོ། །དབང་གསུམ་པ་འབའ་ཞིག་གི་ཡན་ལག་ཏུ་གྱུར་པ་ནི་དེ་དག་གི་དགའ་བ་བཞི་ལས་མཆོག་དགའ་མཆེད་པའི་ཆོས་ཁོ་ན་ལ་འཇོག་པ་སྟེ། མདོར་ན་གསང་དབང་ངག་ལོངས་སྐུའི་རང་བཞིན་མངོན་དུ་བྱེད་པའི་ཐབས་ཡིན་པས་རྡུལ་ངག་གི་ཆོས་ལས་བརྡ་སྤྲོད་པ་སྟེ། དེ་བས་ན་མཆེད་པ་གཙོ་བོར་གྱུར་བའི་སྒྱུ་མ་ལྟ་བུའི་རིམ་པ་འདིའི་ལམ་དུ་གཞག་ཅིང་། དབང་གསུམ་པར་ཡང་དེ་དག་གི་ཆོས་བརྩིས་པ་ཡིན་ལ། རླུང་གི་གནད་བཅིང་བ་དག་འདིའི་ལམ་དུ་འགྱུར་བའི་ངེས་པའང་ཤེས་པར་བྱ་ཞིང་། འདིའི་འབྲས་བུ་ལོངས་སྐུ་ཞེས་པའང་གསུང་ཐམས་ཅད་པ་ཉིད་ལ་གཙོ་བོར་བཟུང་བ་ནི་རྡོ་རྗེ་ཐེག་པའི་ངེས་པ་སྟེ། ལོངས་སྐུ་མཚན་དཔེས་བརྒྱན་པའི་སྐུ་ཁོ་ན་ལ་འདོད་པ་ནི་ཐེག་པ་ཐུན་མོང་བའི་ལུགས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་ཁྱད་པར་གྱི་དགའ་བའི་མཚན་ཉིད་ཅན་ཐོབ་པ་ལས་རྒྱའི་དབང་དུ་བྱས་པ་སྟེ། ཆགས་པ་བདེ་ཆེན་དུ་འཆིང་མི་ནུས་པ་དང་། ནུས་པ་དག་གི་ངེས་པས། དགའ་བྲལ་དང་། ལྷན་སྐྱེས་སུ་འཆད་པའི་རིམ་པ་གཉིས་སུ་འགྱུར་བ་ལས། སྔ་མ་ལྟར་ན་ནི་དཔེའི་ཡེ་ཤེས་དང་། དངོས་པོ་ལྷན་སྐྱེས་སུ་འགྱུར་ལ། ཕྱི་མ་ལྟར་ན་ནི་གསུམ་པ་ཉིད་ནས་དོན་གྱི་ཡེ་ཤེས་དང་། རང་བཞིན་ལྷན་སྐྱེས་སུ་འཆར་བ་སྟེ། དབང་པོའི་རིམ་པ་འདི་ལ་གསུམ་པ་ལས་གཞན་དུ་དབྱེར་མེད་ཅིང་། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་མ་ཡིན་པར་ཡང་མི་འགྱུར་ཏེ། ལས་རྒྱ་ཉིད་ཕྱག་རྒྱ་ཆེན་མོར་འཆིང་ཞིང་འཆར་བའི་དབང་དུ་བྱས་པའི་ཕྱིར་རོ། །ངེས་པ་འདི་ནི་རང་བཞིན་གྱི་རིམ་པ་ལས་རྒྱ་ལ་བརྟེན་པ་དག་བཤད་པའི་ངེས་པ་དེ་ཉིད་ཡིན་ཏེ། ལས་རྒྱ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་འདི་ནི་དབང་པོ་ཤིན་ཏུ་རྣོན་པོ་དག་གི་དབང་དུ་ཡིན་ལ། སྤྱིར་ནི་ལས་རྒྱ་ལ་བརྟེན་པའི་ཡེ་ཤེས་འདི་ལ་འཆར་རིམ་དུ་མ་ཞིག་ཡོད་པའི་དོན་གྱིས། དུས་ཀྱི་འཁོར་ལོར་དབང་གསུམ་པ་དང་བཞི་པ་ལ་ཡང་འཇིག་རྟེན་ལས་འདས་མ་འདས་གཉིས་སུ་ཕྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་དེ་བཞིན་གྱི་སྒྲ་འདི་ལ། སྤྱིའི་ངེས་པས་དཔེའི་ཚིག་ཕྲད་དུ་དྲི་མ་མེད་འོད་དུ་བཤད་པ་དང་། དེ་བཞིན་ངེས་པའི་ཚིག་ཕྲད་དུ་འཆད་པ་ཞིག་སྟེ་གཉིས་གོ་དགོས་པར་སྣང་ངོ་། །དེ་ལྟར་ན་དངོས་པོ་ལྷན་སྐྱེས་སུ་འཆར་བའི་དབང་དུ་ནི། སྤྱིའི་དགའ་བ་བཞི་ལས་བྲལ་དགའི་མཚན་ཉིད་ཅན་ཡིན་ལ། དེས་ནི་རྟོག་པའི་གཡོ་བ་དང་བྲལ་བའི་སེམས་ཞུ་བའི་བདེ་བར་རོ་གཅིག་པ་ཆོས་སྐུར་བརྡ་སྤྲོད་པས་གཟུང་འཛིན་གྱི་རྩ་བ་ཅན་གྱི་གཉིས་སྣང་ཕྲ་བ་དག་གཅོད་ཅིང་། ད་དུང་གཞིའི་གཉིས་མེད་ཉིད་མངོན་དུ་བྱེད་པའི་ལམ་དང་། དེ་བརྡ་སྤྲོད་པའི་རིམ་པ་གཞན་ཡོད་དགོས་པས། དབང་བཞི་པ་སོགས་སུ་འཇོག་པ་སྤྱིའི་ངེས་པ་ཡིན་ཞིང་། ཡེ་ཤེས་དེ་ཉིད་ལའང་ཡོན་ཏན་གསུམ་ལྡན་དང་བཞི་ལྡན་སོགས་ཀྱི་རིམ་པས། གསུམ་པ་དང་། འཇིག་རྟེན་པའི་བཞི་པ་གཉིས་སུ་ཕྱེའོ། །རང་བཞིན་ལྷན་སྐྱེས་སུ་འཆར་བ་ནི་ཅིག་ཅར་བའི་དབང་དུ་སྟེ། འདི་ནི་གཞི་གཉིས་མེད་དང་པོར་མཐོང་བའི་རིམ་པ་དག་ཡིན་པས་གཤིས་བདེ་སྐུ་བརྡ་སྤྲོད་པ་སྟེ། མཆོག་མཐའ་དགའ་བྲལ་དང་པོ་ཅན། །མུན་པ་ལར་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་པ་དག་སྟེ། འདི་ལ་ཡང་དབང་པོའི་རིམ་པས་འཆར་བ་ནི་ཡོད་ལ། རབ་ཀྱི་དབང་དུ་ནི། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་རྟོགས་པར་འགྱུར། །ཞེས་པ་དག་ཀྱང་དབང་དུས་ཉིད་དུའང་ཡིན་ནོ། །དབང་བཞི་པ་ནི་སྟོང་གཟུགས་ལ་མཉམ་པར་སྦྱར་བ་ལས་བྱུང་བའི་མི་འགྱུར་བའི་ཡེ་ཤེས་ཟུང་འཇུག་གི་མཚན་ཉིད་ཅན་གྱི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ཕྱག་རྒྱ་ཆེན་མོའི་ངེས་པ་ལས་གཞི་འབྲས་དབྱེར་མེད་བརྡ་སྤྲོད་པའི་ཚུལ་མཐར་ཐུག་དེ་ལ་དབང་བཞི་པར་བསྙད་པ་ཡིན་ལ། ངེས་པ་འདིའི་དབང་དུ་བྱས་ནས། ཡེ་ཤེས་ཞབས་ལུགས་ལ་སོགས་ཀྱིས་དབང་བཞི་པ་འབྲས་བུའི་ཡན་ལག་བདུན་ལྡན་དུ་ངོ་སྤྲད་པ་ཡིན་གྱི། མ་འོངས་པ་ནི་འབྱུང་རྒྱུའི་ཡན་ལག་བདུན་ཞིག་ལུང་སྟོན་པ་ཡིན་ན་ནི། སྔར་ལུང་བསྟན་རྒྱས་པར་ཚར་བ་དང་ཟློས་པར་འགྱུར་དུ་དོགས་སོ། །དེ་བས་ན་འདི་ལ་དཀྱིལ་འཁོར་དང་བྱ་བའི་ཆོ་ག་དེ་དག་གི་འབྲས་བུ་སྤངས་ཐོབ་སོགས་གཅིག་ཀྱང་བཞག་དུ་མེད་དེ། གང་བཞག་ཐམས་ཅད་མི་རིག་པའི་སྒྱུ་མ་འབའ་ཞིག་ཡིན་པས་ངེས་པའི་སྙིང་པོ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཤ་སྟག་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །ཞེས་སོགས་དང་། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏི་ལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་དེ་ཁོ་ན་ཉིད་རིག་པ་རྣམས་གསུང་པ་ཡིན་ནོ། །དེ་འདྲ་བའི་དབང་བཞི་པོ་རེ་རེ་ཡང་རྣམ་པ་བཞི་བཞིར་འགྱུར་བ་ཡིན་ཏེ། དབང་སོ་སོའི་ལམ་གྱིས་ཐོབ་པའི་འབྲས་བུ་རྣམས་ཀྱང་སོ་སོ་རང་རིག་གི་རྡོ་རྗེ་བཞིའམ་སྐུ་བཞིའི་བདག་ཉིད་ཡིན་པའི་ཕྱིར་དང་། སྒྲུབ་བྱེད་ལམ་གྱི་དགའ་བ་བཞི་པོ་ཡང་སོ་སོར་བཞི་བཞིའི་བདག་ཉིད་དེ། དེ་བས་ན་དབང་བཞི་སྤྱི་ལ་ཡང་། བཞི་འགྲོས་ཀྱིས་དེ་ཉིད་རྣམ་པ་བཅུ་དྲུག་རིག་དང་། གསུམ་འགྲོས་ཀྱིས་བདེན་དོན་རྣམ་པ་བཅུ་གཉིས་ནི་ངེས་པར་ཡང་གོ་དགོས་ཏེ། འདི་ལྟར་བུམ་དབང་ལ་མཚོན་ན། རིག་པའི་དབང་ལྔ་བུམ་པའི་བུམ་པ་ནས། དྲིལ་བུ་གསུམ་གསང་བ། མཉམ་སྦྱོར་ཤེས་རབ་ཡེ་ཤེས། རྡོ་རྗེའི་དམ་ཚིག་དེ་བཞིན་དུ་གཞན་ལ་ཡང་ངོ་། །དེ་ལྟར་དགའ་བ་བཞིའི་ངེས་པས་དབང་བཞིར་བཞག་པའི་འཐད་པས། རྒོད་པ་ལ་སོགས་ཆགས་པ་རིགས་བཞིའི་བདེ་བ་ལས་དང་། དཀྱིལ་འཁོར་བཞིའི་ངེས་པ་ལས་དང་། སྟོང་པ་བཞིའི་དབང་ལས་དང་། གནས་སྐབས་བཞི་སྐུ་བཞིར་གནས་པ་མངོན་དུ་བརྡ་སྤྲད་པའི་རིམ་པས་བཞག་པ་སོགས་མཐའ་དག་ཀྱང་གནད་གཅིག་པ་ཉིད་དུ་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་ཞིང་། དེ་ཡང་། རབ་ལ་བྱིན་རླབས་དང་ཚིག་ཙམ་གྱི་སྒོ་ནས་རྟོགས་པ་དང་། འབྲིང་ལ་དེའི་སྟེང་དུ་བརྡ་དང་ཐབས་འགའ་ཞིག་དང་བཅས་ནས་ཅིག་ཅར་དུ་གྲོལ་བའི་རིགས་ཏེ། དེ་ནི་བཞི་པ་ཉིད་ལས་བཞག་ལ། དབང་སྔ་མ་ལ་མ་ལྟོས་པར་ཕྱི་མ་སོ་སོ་ནས་ཞུགས་ཏེ་ཐོབ་པ་ཞིག་དང་། དབང་བཞི་རིམ་གྱིས་ཆོ་ག་བསྡུས་འབྲིང་རྒྱུད་སྡེ་ནས་བཤད་པའི་ཡོངས་སུ་རྫོགས་པའི་སྒོ་ནས། སྦྱང་གཞི་སྦྱང་བྱེད་ཀྱི་བརྡ་རིམ་པར་འཕྲོད་དགོས་པ་ཡོད་པས་དབང་པོ་རྣོན་པོའི་འཇུག་ངོགས་ཀྱིས་མཆོག་ཏུ་གྱུར་པ་ཟབ་མོ་རྡོ་རྗེ་ཐེག་པ་ཉིད་ཡིན་ཞིང་། དེ་ལ་དབང་གི་སྒོ་ནས་སྨིན་གྲོལ་དུས་གཅིག་ལ་འབྱུང་བ་སྲིད་ཀྱང་། དབང་དང་མ་འབྲེལ་བ་ནི་གྲོལ་བའི་ནུས་པ་མེད་དེ། ཕྱག་ཆེན་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་དོན་ཞུ། །ཞེས་པས། དབང་ཐོབ་མ་ཐོབ་ཀྱིས་མཚམས་དབང་དོན་ངོ་འཕྲོད་མ་འཕྲོད་ལ་བྱེད་པར་དེ་ཉིད་དུ་བསྟན་ཅིང་། གཞིའི་ངེས་པ་མཐར་ཐུག་པ་རྟོགས་པ་ནི་བཞི་པ་ཉིད་ལ་རག་ལས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར། རྡོ་རྗེ་མཁའ་འགྲོ་ལས། སྐྱེས་བུའི་བཅོས་མའི་བྱ་བ་རྣམས། །རྒྱུད་ཀྱི་རྗེས་སུ་འབྲང་ནས་ནི། །འབད་པས་སྡུག་བསྔལ་སློང་བར་བྱེད། །དེ་ཕྱིར་དཀྱིལ་འཁོར་ལ་སོགས་པ། །བྱ་བའི་ཆོ་ག་ལ་འབད་པ། །ཐར་པ་དང་བྲལ་ཕྱི་རོལ་ཏེ། །སྐྱེས་བུ་ཉོན་མོངས་འབའ་ཞིག་བྱེད། །མི་རྟོག་པས་ནི་འཚང་མི་རྒྱ། །རྟོག་དང་བཅས་པས་ཀྱང་དེ་བཞིན། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། ཡིད་འདོད་རྣམས་ཀྱི་དེ་ཉིད་འགྱུར། །ཞེས་དང་། ཀྱེ་རྡོ་རྗེ་ལས། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་རླབས་ཏེ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་དང་། དུས་འཁོར་བསྡུས་རྒྱུད་ལས། སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ཡུལ་དང་ཡུལ་ཅན་གཞན་རྣམས་སུའང་ཐམས་ཅད་འབྱུང་བར་འགྱུར། ཞེས་དང་། རྩ་རྒྱུད་ལས། ཇི་ལྟར་ནོར་བུ་ཆེ་རེག་ལས། །རྣོ་ནི་རབ་ཏུ་འབར་བར་འགྱུར། །དེ་བཞིན་འགྱུར་མེད་བདེ་རེག་ལས། །སེམས་ནི་བདེ་བ་ཉིད་དུ་འགྱུར། །ཞེས་སོ། །དེ་ལྟར་གཞི་ལམ་འབྲས་བུ་ཇི་ལྟར་རིགས་པར་བརྡ་འཕྲོད་ནས། དེ་ཚུལ་བཞིན་དུ་སྐྱོང་བའི་གཙོ་བོའི་ཡན་ལག་ནི་དམ་ཚིག་གམ་སྡོམ་པ་རྣམས་ཡིན་ཏེ། གཞི་འབྲས་བུར་རྫོགས་པ་ཉིད་འཁྲུལ་པའི་དྲི་མས་བསླད་པ་ལས། སེམས་མ་བསྡམས་ན་འབྲས་བུ་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །དེ་ཡང་དབང་པོའི་རིམ་པ་ལ་ལྟོས་པའི་དབང་བཞི་སོ་སོའི་ངེས་པས་གནས་སྐབས་ཐ་དད་པ་ལྟ་བུར་འགྱུར་ཏེ། འདི་ལྟར། བུམ་དབང་གིས། ཕྱི་བརྟན་གཡོ། ནང་ལུས། གཞན་བྱང་ཕྱོགས་སོ་བདུན་ལ་སོགས་པ་ལམ་གྱི་ཆོས་མཐའ་དག །རང་གི་རྩ་གཙོ་བོར་གྱུར་པ་ལས་བྱུང་བའི་ཁམས་དག་པའི་སྣང་བ་རྟེན་བརྟེན་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོར་ངོ་སྤྲད་དེ། དེ་འདྲ་བའི་སངས་རྒྱས་དེའི་ཡོན་ཏན་ཞིང་མཛད་པ་སོགས་ཐོབ་བྱ་ཡིན་པའི་ཕྱིར་སངས་རྒྱས་དེའི་རྡོ་རྗེ་བཞིའམ་སྐུ་བཞི་པོའི་རིགས་འདྲ་ལམ་དུ་བྱེད་དགོས་པས། དེ་དང་མི་མཐུན་པའི་ཆོས་རྣམས་ལ་ལྟུང་བའི་ཆོས་སུ་བཞག་སྟེ། དེ་དག་གི་གཉེན་པོ་ཕྱི་དཀྱིལ་དུ་སློབ་དཔོན་གྱི་དབང་རྫོགས་པར་ཐོབ་ནས། རིགས་ལྔ་སྤྱིའི་དམ་ཚིག་གི་སྟེང་དུ། །རྡོ་རྗེའི་རིགས་སུ་དམ་ཚིག་གསུམ་བཟུང་བ་སོགས་ཁྱད་པར་གྱི་དམ་ཚིག་རྣམས་འཛིན་པ་ཡིན་ལ། དེའི་དམ་ཚིག་གསུམ་སོགས་ཀྱང་ཕྱི་གཙོ་བོར་གྱུར་ལ། རྣལ་འབྱོར་གྱི་རྒྱུད་དང་ཐུན་མོང་བ་ཡིན་ལ། ལུས་དཀྱིལ་དུ་ཐོབ་པ་ལ་ནི། རིགས་ལྔ་ལུས་སོགས་ཀྱི་ཆོས་སུ་ཡིད་ཆེས་པ་ལས་བྱུང་བའི་དམ་ཚིག་ཁྱད་པར་བ་དག་ཡོད་དེ། འདི་ནི་བུམ་དབང་ལ་ལྟོས་པའི་གསང་དབང་དང་གནད་གཅིག་པ་ལྟ་བུ་ཡིན་པའི་ཕྱིར་རོ། །གསང་དབང་ནི། དེ་ཐམས་ཅད་ཀྱང་ཐབས་ཤེས་ཀྱི་མཚན་ཉིད་ཅན་གྱི་ལུས་སམ་བྷ་གའི་དཀྱིལ་འཁོར་དང་བརྟེན་པ་དང་བཅས་པར་ངོ་སྤྲད་དེ་གཞན་རྟོག་ཕྲ་བ་འགོག་པའི་ངེས་པས། སངས་རྒྱས་ཐབས་ཤེས་ཀྱི་མཚན་ཉིད་ཅན་གཙོ་བོར་ངག་དག་པའི་རིམ་པ་ལས་བཞག་པ་དེའི་སྐུ་བཞིའི་འདྲ་བ་ལམ་དུ་བྱེད་པ་ལས། དེའི་མི་མཐུན་པའི་ཆོས་རྣམས་ལ་ལྟུང་བའི་ཆོས་སུ་བཞག་སྟེ། དེ་དག་གི་གཉེན་པོ་རྩ་བ་དང་ཡན་ལག་གི་རླུང་བཅུ་དབུ་མར་སྡོམ་པ་ཉིད་དམ་ཚིག་གི་རྩ་བ་ཡིན་ཏེ། འདིའི་ཕྱི་ནང་གི་རྟེན་འབྲེལ་ལས་བྱུང་བའི། ཕྱི་དང་ནང་དང་། གསང་བའི་ཤ་ལྔ་བདུད་རྩི་བསྟེན་པ་ལས་མི་འདའ་བ་ཡན་ལག་དང་བཅས་པ་རྣམས་སོ། །ཤེས་རབ་ཡེ་ཤེས་སུ་ནི་ཁམས་ཞུ་བའི་བདེ་བ་ཉིད་ཀྱི་རྟེན་བརྟེན་པའི་ཆོས་ལ། དེ་ཐམས་ཅད་འཇོག་པས་གཉིས་སྣང་གཅོད་པའི་ཞུ་བདེའི་མཚན་ཉིད་ཅན་གྱི་སངས་རྒྱས་དེའི་སྐུ་བཞིའི་འདྲ་བ་ལམ་དུ་བྱེད་པ་ལས། དེ་དང་མི་མཐུན་པའི་ཆོས་རྣམས་ལ་ལྟུང་བའི་ཆོས་སུ་བཞག་སྟེ། དེ་དག་གི་གཉེན་པོར། ཁམས་འཛག་པ་ཕྱི་ནང་གསང་བའི་བདག་ཉིད་ཅན་རྣམས་སྡོམ་པ་ཡན་ལག་དང་བཅས་པ་སྟེ། གཙོ་བོར་ཕྱག་རྒྱ་གསུམ་དང་འབྲེལ་བའི་དམ་ཚིག་རྣམས་ཡིན་ནོ། །བཞི་པར་ནི། གཞི་མ་བཅོས་པ་སངས་རྒྱས་ཀྱི་ངེས་པས་བཅོས་མ་མཐའ་དག་ལྟུང་བར་འགྱུར་ཏེ། གཞི་ལས་གཞན་དུ་འཁྲུལ་པའི་སེམས་ཀྱི་འཛག་པ་མཐའ་དག་སྡོམ་དགོས་པའི་ཕྱིར། ཁམས་རླུང་སེམས་ཀྱི་མཚན་ཉིད་ཅན་གྱི་སྡོམ་པ་ཉིད་རྣམས་ལས་ཀྱང་བསྡམ་པར་བྱ་དགོས་ན། གཞན་ལྟ་ཅི་སྨོས་ཏེ། གང་དུ་སྡོམ་པར་བཞག་པ་ཕྲ་རགས་དེ་ཐམས་ཅད་ཀྱང་གཞིའི་གནས་ཚུལ་ལས་གཞན་དུ་གྱུར་པའི་ཡིད་ཀྱི་གཡོ་བ་འབའ་ཞིག་ཡིན་པའི་ཕྱིར་རོ། དེ་བས་ན་མ་བཅོས་པ་ཉིད་དམ་ཚིག་ཐམས་ཅད་ཀྱི་རྩ་བ་སྟེ། འདི་ལ་དྲང་བའི་ཐབས་སུ་སྡོམ་པའི་རིམ་པ་ཇི་སྙེད་པ་རྣམས་བྱུང་ཞིང་། དེ་ཡང་འདིར་མི་འགལ་བ་ཡིན་ཏེ། རྩ་བའི་ངེས་པ་འདི་ལས་ནི་སེམས་ཅན་གྱི་རྣམ་པར་རྟོག་པ་ཇི་སྙེད་པ་ཐམས་ཅད་ལྟུང་བའམ་བསྡམ་བྱར་འགྱུར་བ་ལས་ནི། དམ་ཚིག་ཀྱང་དེ་སྙེད་དེ། དེའི་ཕྱིར་ས་མ་ཡ་འབུམ་སྡེ་ཞེས་སོགས་འབྱུང་ཞིང་། དེ་ལས་རགས་པར་སེམས་ཀྱི་ཉེ་བར་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་སོགས་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་དང་། བརྒྱ་དང་དྲུག་ཅུ། བརྒྱ། བརྒྱད་ཅུ། སོ་དྲུག་ལ་སོགས་པའི་དབྱེ་བས་དེའི་གཉེན་པོ། རིགས་ཀྱིས་ཕྱེ་བའི་ལྷ་སོགས་ཀྱིས་ངེས་པས་དམ་ཚིག་ཀྱང་དེ་སྙེད་དེ། དེ་ཉིད་ཀྱི་ཕྱིར་བཙོ་བླག་མཁན་གྱི་དཔེས། ཐམས་ཅད་ཀྱང་རྡོ་རྗེ་ཐེག་པའི་ངེས་པར་འགྱུར་རོ། །དེ་བས་ན་རྩ་བའི་ལྟུང་བ་བཅུ་བཞི་དང་། སྦོམ་པོ་བརྒྱད་སོགས་དབང་བཞི་ལས་སྤྱིར་བཞག་པ་དང་། བྱེ་བྲག་ཏུ་ནི་དབང་སོ་སོ་ལ་ལྟོས་ཏེ་རྩ་བ་དང་སྦོམ་པོར་འགྱུར་བའི་ཚུལ་གོ་དགོས་ཏེ། དུས་ཀྱི་འཁོར་ལོར། དབང་བདུན་དུ་བརཏལ་ཞུགས་ཉེར་ལྔ་ཙམ་སྦྱིན་པ་དང་། བུམ་པར་རིགས་ལྔའི་སྡོམ་པ། དེ་ཡང་དབང་གོང་མ་སོ་སོར། རྡོ་རྗེའི་རིགས་སུ་ངེས་པར་སྲོག་གཅོད་པ་དང་། རལ་གྲིར་མི་བདེན་པའི་ངག་བརྗོད་པར་བྱ་བ་དང་། ཞེས་སོགས་སྐབས་སོ་སོའི་དགོངས་པའི་སྐད་ཀྱིས་དམ་ཚིག་སོ་སོར་འགྱུར་བ་ལས། རིམ་པ་བཞིན། སྔགས་ཀྱི་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་དང་། གནས་བརྟན་རྒན་པོ་དང་། སྐྱེ་དགུའི་བདག་པོ་སོགས་སུ་བཞག་ཅིང་། སྒྲུབ་ཕྱོགས་སུ། སྤྱོད་པ། བྱིས་པས་རྣལ་འབྱོར་པ་དང་དེས་གྲུབ་པ་དང་། དེས་ཐམས་ཅད་མཁྱེན་པའི་སྤྱོད་པ་མི་བྱ་བ་སོགས་ཀྱི་གནད་ཀྱང་དེ་ཡིན་ནོ། །དེས་ནི་སྡོམ་པ་གསུམ་པོ་མདོར་བསྟན་པ་ཙམ་སྟེ། རྒྱས་པར་གཞན་དུ་བཤད་ཟིན་ཏོ། །གཉིས་པ་བླ་མའི་དྲུང་དུ་མོས་གུས་ཀྱི་རྟེན་འབྲེལ་བསྒྲིག་པ་ནི། བླ་མ་སྤྲུལ་སྐུར་མཐོང་ན་རང་ལུས་ཐ་མལ་ཏུ་འཛིན་པའི་དྲི་མ་སྦྱོང་ནུས་ཏེ། སྣང་སྟོང་སྐུ་རྡོ་རྗེའི་རྟེན་འབྲེལ་དེས་འགྲིག །བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་ན་དྭངས་མ་གསུམ་གྱི་དཀྱིལ་འཁོར་དུ་ཞུགས་པས་སྙིགས་མའི་བག་ཆགས་སྦྱོང་ནུས་ཏེ། གསལ་སྟོང་གསུང་རྡོ་རྗེའི་རྟེན་འབྲེལ་དེས་འགྲིག །བླ་མ་ཆོས་སྐུར་མཐོང་ན་སྡུག་བསྔལ་དང་དངོས་པོར་འཛིན་པ་སྦྱོང་ནུས་ཏེ། བདེ་བ་དང་སྟོང་པ་མཉམ་པས་ཐུགས་རྡོ་རྗེའི་རྟེན་འབྲེལ་དེས་འགྲིག །བླ་མ་ངོ་བོ་ཉིད་ཀྱི་སྐུར་མཐོང་ན་ཆོས་ཐམས་ཅད་ལ་ཐ་དད་དུ་འཛིན་པའི་དྲི་མ་བྲལ་ཏེ། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྫོགས་པའི་རྟེན་འབྲེལ་དེས་འགྲིག་གོ །གསུམ་པ་བསྒྲུབ་པའི་དུས་འཇིག་རྟེན་བློས་བཏང་པའི་རྟེན་འབྲེལ་བསྒྲིག་པ་ནི། བདུད་ཀྱི་ལས་ཡོངས་སུ་ཤེས་ནས་སྤང་བའི་ཕྱིར་སྤྱོད་པ་གཉིས་བརྩམ་པ་སྟེ། བདུད་ནི་གང་དེའི་ལས་ནི་གང་ཞེ་ན། བདུད་ནི་འདོད་པའི་ལྷ་སྡིག་ཅན་ཞེས་བྱ་བ་ཆུང་མ་པདྨའི་འཕྲེང་བ་ཅན་དང་། འཁོར་འཇིག་རྟེན་སྐྱོང་བ་བཞི་དང་། བདུད་ཀྱི་རིགས་ཀྱི་ཡི་དྭགས་དང་བཅས་པ་གང་ཡིན་པའོ། །དེ་དག་གི་ལས་ནི་འདོད་པའི་ལྷ་དེ་ཆུང་མ་དང་བཅས་པའི་སྤྱི་བོ་ན་མེ་ཏོག་གི་མདའ་ལྔ་ཡོད་པ་ནི་འདི་ལྟ་སྟེ། དྲེགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་ཞེས་བྱ་བ་རྣམས་སོ། །དེའི་མེ་ཏོག་དེ་དག་བསྣུན་པ་དེ་ཕོག་པ་ལས། ཉོན་མོངས་པ་ལྔ་གང་ཤེས་ཆེ་བ་དེ་ལ་དེས་ཕོག་པ་ཁོ་ནས་རབ་ཏུ་འབར་བར་འགྱུར་ཏེ། དེའི་དབང་དུ་སོང་ཞིང་ཐར་པ་དང་མངོན་པར་མཐོ་བ་ལས་ཉམས་པར་འགྱུར་རོ། །དེའི་འཁོར་འཇིག་རྟེན་སྐྱོང་བ་བཞི་ནི་འདི་ལྟ་སྟེ། འཐབ་པར་བྱེད་པ་དང་། གཡེང་བར་བྱེད་པ་དང་། ལྷག་པར་རབ་ཏུ་ཆགས་པ་དང་། འདུ་ཤེས་ལོག་པ་ཞེས་བྱའོ། །བདུད་དེ་དག་གི་ལས་ནི་ཐ་དད་དེ། འདི་ལྟར་འཐབ་པར་བྱེད་པའི་བདུད་དེས་ནི་ལམ་བསྒོམ་པ་དག་འཐབ་པ་དང་། རྩོད་པ་དང་། འགྱེད་པ་ལ་འཇུག་ཅིང་། དེའི་རྐྱེན་འབད་པས་བསྒྲུབ་བོ། །གཡེང་བར་བྱེད་པའི་བདུད་དེས་ནི་ལམ་བསྒོམ་པ་དག་གཉིད་དང་། རྨུགས་པ་རབ་ཏུ་འཕེལ་བའམ། ཆོས་ཉན་པ་དག་ཀྱང་གཉིད་ལ་རབ་ཏུ་སྦྱོར་བའམ། ཁ་ཅིག་རབ་ཏུ་གཡེང་བར་ཡང་བྱེད་པར་གནས་སོ། །ལྷག་པར་རབ་ཏུ་ཆགས་པའི་བདུད་དེས་ནི་ཕལ་ཆེར་ཁྱིམ་ན་གནས་པ་ལ་བར་དུ་གཅོད་དེ། སྦྱིན་པའི་དུས་ཉེ་བར་གནས་པ་ན་བུ་དང་བུ་མོ་དང་ཆུང་མ་དང་། བདག་ཉིད་ལོངས་ཅི་སྤྱད་ཅེས་དེ་རང་གི་ཤ་ལ་གཅོད་པ་སྙམ་བྱེད་པའི་འདུ་ཤེས་ཉེ་བར་བསྒྲུབ་བོ། །འདུ་ཤེས་ལོག་པའི་བདུད་གང་ཡིན་པ་དེས་ནི་ཕལ་ཆེར་རབ་ཏུ་བྱུང་བའི་ཕྱོགས་སུན་འབྱིན་པར་བྱེད་པ་སྟེ། འདི་ལྟར་རབ་ཏུ་འབྱུང་བའི་སེམས་ཉེ་བར་གནས་པ་ན། འཁྲིག་པའི་བདེ་བ་དང་། བཟའ་བ་དང་བཏུང་བའི་བདེ་བ་དང་། རང་གི་སྐྱེ་བོའི་ཚོགས་དང་། གླུ་གར་ལ་སོགས་པ་དྲན་པས་ཆགས་པ་དང་། དེའི་རང་གི་སྐྱེ་བོས་བསུ་བ་དང་། འདྲིད་པ་དང་། བསྡིགས་པ་དང་། བཟུང་བས་དེའི་ངེས་པར་འབྱུང་བའི་བར་ཆད་བྱེད་དུ་འཇུག་གོ །རབ་ཏུ་བྱུང་བ་དག་ལའང་བུད་མེད་ཀྱི་མཚན་མ་དག་ཡིད་ལ་བྱེད་པ་དང་། སྔོན་བགད་པ་དང་རྩེས་པ་དག་དྲན་པར་བྱེད་པ་དང་། ཚོང་དང་ཞིང་ལས་དང་། རང་གི་འབྲེལ་བ་དང་ཡིད་གཅུགས་པར་བྱ་བའི་སེམས་བསྐྱེད་ཅིང་། རྨི་ལམ་ན་བུད་མེད་དུ་སྤྲུལ་ཅིང་། དེས་ཆགས་པ་དང་ས་བོན་འབྱུང་བར་བྱེད་ལ། སྣ་ཚོགས་ཀྱིས་ཀྱང་རབ་ཏུ་བྱུང་བ་ལས་འབེབས་ཤིང་། དེ་དག་ཚངས་པར་སྤྱོད་པ་དྲི་མ་ཅན་དུ་ཡང་བྱེད་དོ། །འདི་དག་བཞི་ཆར་ཡང་འཛམ་བུའི་གླིང་པ་རྣམས་སྡུག་བསྔལ་བར་བྱ་བའི་ཕྱིར་ཀླུ་མ་རུངས་པ་དག་བསྐུལ་ལ། ལྷ་མ་ཡིན་དག་བསྐུལ་ཞིང་ལོ་ཏོག་མ་རུངས་པར་བྱེད། མི་ཆོས་དང་ལྡན་པའི་སྲོག་འཕྲོག་ཅིང་། ལུས་ལ་ནད་སྣ་ཚོགས་གཏོང་པར་བྱེད་དོ། །ཇི་ལྟར་རྒྱལ་པོ་ཆེན་པོ་བཞི་པོ་དག་ཆོས་མ་ཡིན་པ་ལ་སྤྱོད་པ་དག་ལ་ཆད་པ་སྦྱིན་པ་ལྟར། འདི་དག་ནི་ཆོས་དང་ལྡན་པ་རྣམས་ལ་ཆད་པ་སྦྱིན་པའོ། །བདུད་ཀྱི་རིགས་ཀྱི་ཡི་དྭགས་ནི་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ལས་འདི་དག་རིགས་གཅིག་ཏུ་བགྲང་བ་ཡིན་ཏེ། དེ་དག་གི་བདུད་ཀྱི་ལས་ནི་བསམ་གཏན་པ་དག་ལ་རྨི་ལམ་དུ་འཇིགས་པ་སྐྱེད་པར་བྱེད། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཉེ་བར་སྟོན་པས་བར་དུ་གཅོད། བསམ་གཏན་ལ་མཉམ་པར་གཞག་པ་ན་སྒྲ་ཆེན་པོ་སྒྲོག་པར་བྱེད་དོ། །རྡོ་རྗེ་རྩེ་མོ་ལས། རང་གི་སེམས་ནི་བདུད་ཅེས་གསུངས། །རང་གི་སེམས་ཉིད་བགེགས་ཡིན་མོད། །རྣམ་པར་རྟོག་པ་ཐམས་ཅད་སྤང་། །བགེགས་ཀུན་རྣམ་པར་རྟོག་ལས་བྱུང་། །ཞེས་སོ། །བདུད་ཀྱི་ལས་དེ་དག་ཀྱང་བརྩོན་པ་ལ་འབྱུང་བར་རིག་པར་བྱ་སྟེ། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །དེ་ལྟར་བདུད་ཀྱི་ལས་ཤེས་པས་དེ་བཟློག་པར་བྱ་བའི་ཕྱིར། ལུང་དང་། རིགས་པ་དང་། མན་ངག་དག་གིས་མངོན་པར་རྟོགས་པར་བྱ་བའི་ངོ་བོ་ཉིད་སངས་རྒྱས་ཀྱི་ཡུལ་ངེས་པར་བྱས་ནས། ཡུལ་ལ་རོལ་པ་དང་ཞེན་པ་ཐམས་ཅད་སྤངས་ཏེ། བསམ་གཏན་གྱི་ཟས་དང་། གནས་འབའ་ཞིག་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་རྣམ་པར་མི་རྟོག་པའི་དངོས་གྲུབ་འབའ་ཞིག་ལ་སེམས་རྩེ་གཅིག་པར་རབ་ཏུ་གསང་སྟེ་བསྒོམ་པར་བྱའོ། །ཡང་ན། འཇིག་རྟེན་པས་སྨོད་པའི་དམ་ཚིག་གང་ཡིན་པ་ལ་སྦྱང་བ་ལ་སོགས་པའི་རིམ་གྱིས་མངོན་པར་འདུ་བྱས་ལ། འཇིག་རྟེན་པའི་མཚན་མ་ལ་གནས་པའི་བརྟུལ་ཞུགས་མཐའ་དག་སྤངས་ཏེ། ནང་གི་བདག་ཉིད་ཁོ་ནས་རྣལ་འབྱོར་རྫོགས་པར་བྱེད་པའི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྨྱོན་པའི་བརྟུལ་ཞུགས་གཟུང་བས་སོ། །འགྲོ་དོན་གྱི་དུས་གཞན་ཕན་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་བསྒྲིག་པ་ནི། །བཏང་སྙོམས་ཀྱི་ས་གཞི་བྱམས་པའི་ཆུས་བཅུས། རབ་ཏུ་དགའ་བས་རྨོད། སྙིང་རྗེའི་ས་བོན་བཏབ་པས། བུ་གཅིག་པ་སྡུག་བསྔལ་བའི་མ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བརྩེ་བར་གྱུར་ན། ལྟ་བའི་ནམ་མཁས་གོ་ཕྱེ་ལ། །བྱང་སེམས་མྱུ་གུ་ཐབས་ཀྱིས་བསྐྱེད། །དངོས་གྲུབ་ལོ་ཏོག་རབ་བཙལ་ལ། །མ་ཆགས་བློ་ཡིས་ཀུན་ལ་དགྱེ། །སྦྱིན་པའི་གཡབ་མོས་ལེགས་བོས་ལ། །སྙན་པར་སྨྲ་བས་གཏམ་བྱ་སྟེ། །དོན་མཐུན་པ་ཡིས་བག་ཕབ་ཅིང་། །དོན་སྤྱོད་གྲོས་ཆེན་ངེས་པར་གདབ། །དད་པའི་ཆུ་བུམ་རབ་ཐོགས་ལ། །བདག་གཞན་སྡིག་པ་རྣམ་པར་བཀྲུ། །དྲན་པའི་འཕྲེང་བ་མཆོག་ཐོགས་ཏེ། །ཡང་དག་གདམས་ངག་གཟུངས་སུ་གཟུང་། །ཤེས་བཞིན་མར་མེ་ལག་ཐོགས་ཏེ། །བག་ཡོད་གོམ་པ་ལེགས་པར་བོར། །ནད་མེད་སྦྱིན་པའི་ལུས་ལ་ནི། ཚུལ་ཁྲིམས་གཙང་མའི་གོས་བགོ་ཞིང་། བཟོད་པའི་མདངས་ཆེན་རབ་ཕྱུང་སྟེ། །བརྩོན་འགྲུས་ཡན་ལག་ལེགས་བསྐྱོང་ལ། །ཏིང་ངེ་འཛིན་གྱི་ཁང་པ་རུ། །བསམ་གཏན་ཁ་ཟས་ལེགས་སྦྱར་ཞིང་། །ཤེས་རབ་སྣང་བས་སྒོ་ཕྱེ་སྟེ། །སྟོང་ཉིད་ཡེ་ཤེས་ཁང་ཆེན་ལ། །ཁམས་གསུམ་སྐྱེ་བོ་མགྲོན་པོའི་ཚོགས། །སྨོན་ལམ་སྙིང་རྗེས་བོས་ནས་སུ། །ཐབས་མཁས་ཐེག་པའི་གོ་རིམ་བཞིན། །དམ་ཆོས་སྟོབས་ཀྱི་དགའ་སྟོན་བྱ། །ཞེས། སློབ་དཔོན་དཔའ་བོས་གསུངས་པ་ལྟར་དུ་ཡང་སྤྱོད་ཅིང་། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ཆོས་འབྱུང་བའི་ཨཱ་ར་ལི་ཆེན་པོའི་རོལ་པའི་ངོ་བོ་ཉིད་དུ་བཞེངས་ནས། གདུལ་བྱ་སྟོང་པ་ཉིད་ཀྱི་ལྟ་བ་ཅན་ལ་ལ་དག་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོ་དེ་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱིས་ཞི་བ་ཆེན་པོའི་ཏིང་ངེ་འཛིན་དང་། སྟོང་པ་མ་ཡིན་མི་སྟོང་མིན་ཞེས་བྱ་བའི་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་རབ་ཏུ་བསྟན་ནས་སྟོང་པ་ཉིད་ཀྱིས་ལྟ་བ་ཚར་གཅོད་པར་བྱེད་དོ། །དེ་བཞིན་དུ་ཤིན་ཏུ་གདུག་ཅིང་གདུལ་དཀའ་བ་རྣམས་དཔལ་རྡོ་རྗེ་ཧེ་རུ་ཀའི་ཁྲོ་བོའི་རྒྱལ་པོའི་ཏིང་ངེ་འཛིན་གྱིས་ལྟ་བ་ངན་པ་ཚར་བཅད་ནས་ཕན་འདོགས་པར་བྱེད་དོ། །ལོག་པར་ལྟ་བ་རྣམས་ལ་པདྨ་གར་གྱི་དབང་ཕྱུག་གི་གཟུགས་ཀྱི་དོན་དམ་པའི་བདེན་པ་བསྟན་ནས་དབང་དུ་བྱེད་དོ། །ཤིན་ཏུ་དམན་ཞིང་སེར་སྣ་ཅན་བརྐམ་པ་རྣམས་ལ་དཔལ་རྡོ་རྗེ་ཉི་མའི་གཟུགས་དང་རྒྱས་པ་ཆེན་པོའི་ཏིང་ངེ་འཛིན་གྱི་ཉོན་མོངས་པའི་ལྟ་བ་ཚར་གཅོད་པར་བྱེད་དོ། །བརྩོན་འགྲུས་ཤིན་ཏུ་དམན་པ་རྣམས་ལ་ནི་རྟ་མཆོག་གི་གཟུགས་དང་དྲག་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱིས་ཕ་རོལ་གནོན་པས་བརྩོན་འགྲུས་ཞན་པ་རྣམས་ཚར་གཅོད་པར་བྱེད་དོ།། །།དྲུག་པ་ལག་ལེན་གསུམ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་སོར་སོར་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ནི། ཕྱི་ལུས། ནང་ངག །གསང་བ་ཡིད་དག་ལ། སོ་སོར་བརྟགས་བའི་འགོག་པ་ལ་སྦྱངས་ན། ཞེས་པ། ལམ་གྱི་ཆོས་འདི་དག་ཀྱང་མདོ་རྒྱུད་དབང་གི་ངེས་པ་མཐའ་དག་རྒྱུ་རྣམ་པ་གསུམ་གྱིས་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟར་སྤོང་ལམ་གྱི་དབང་དུ་བྱས་པ་དང་། བསྒྱུར་ལམ་གྱི་དབང་དུ་བྱས་པ་དང་དངོས་པོའི་ངོ་བོ་ཉིད་ལམ་དུ་བྱེད་པའི་དབང་དུ་བྱས་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤོང་ལམ་གྱི་དབང་དུ་ནི་དེ་ཐམས་ཅད་ཀྱང་སོ་སོའི་མི་མཐུན་པའི་ཕྱོགས་སྤོང་བའི་གཉེན་པོའི་སེམས་ཀྱི་རབ་ཏུ་དབྱེ་བ་ལས་ཕྱེ་བ་སྟེ། འདི་ལྟར་ཕྱི་ནང་གི་ཆགས་པ་ཕྲ་རགས་ཀྱི་གཉེན་པོར་མ་ཆགས་པའམ་གཏོང་བའི་སེམས་པ་འཁོར་དང་བཅས་པ་ལ་སྦྱིན་པར་བཞག་པས་མཚོན་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་རྣམ་པར་གཞག་པ་དང་། ལུས་ཚོར་སེམས་ཆོས་བཞིའི་གཉེན་པོར་དྲན་པ་ཉེར་གཞག་བཞི་བཞག་པའི་བྱང་ཕྱོགས་སོ་བདུན་གྱི་རྣམ་པར་གཞག་པ་ལ་སོགས་པ་ལྟ་བུའོ། །རྣལ་འབྱོར་གྱི་རྒྱུད་དུ་བྱང་ཕྱོགས་རྣམས་རྩ་བའི་ལྷ་སོ་བདུན་དང་། ཕར་ཕྱིན་རྣམས་ཕྱི་ནང་གི་སྒེག་མོ་དང་། དེ་བཞིན་དུ་ས་དང་གཟུངས་རྣམས་ཀྱང་སྟེ་མདོར་ན་ལམ་གྱི་ཆོས་མཐའ་དག་ལྷར་བསྒྱུར་བ་དང་། དེ་བཞིན་དུ་བླ་མེད་ཀྱི་བུམ་དབང་ཙམ་གྱི་ལམ་གྱི་ཆོས་རྣམས་རྟེན་དང་བརྟེན་པའི་ངོ་བོ་གཞིའི་ངེས་པ་དང་ཆོས་མཐུན་པར་ལྷའི་རྣལ་འབྱོར་དུ་བསྒྱུར་ཏེ། སྔགས་ཟླས་པ་དང་། ཕྱག་མཚན་ལ་སེམས་འཛིན་པ་སོགས་ཀྱི་ཐབས་མཁས་ཀྱིས། སྤྱོད་ལམ་གྱི་བྱ་བ། དེ་དང་དེའི་མི་མཐུན་ཕྱོགས་སྤོང་བའི་སྟེང་དུ་དངོས་གྲུབ་ཀྱི་མཚན་མ་དག་ཀྱང་མྱུར་དུ་མངོན་དུ་བྱེད་པ་ནི་ཐབས་མཁས་པའི་ཁྱད་པར་ཏེ། ལམ་འདི་དག་རྣམས་སུ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་མཚན་ཉིད་ཅན་དང་རང་ལམ་གྱི་སྒྲིབ་པ་བཞི་དང་། བདུད་བཞི་སོགས་ཀྱང་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་སུ་བསྒྱུར་བ་ལས་དེ་དག་བཅོམ་སྟེ་མི་འཇིགས་པ་བཞི་ལ་སོགས་པའི་ངོ་བོར་འགྱུར་བས། དེས་ན་ཉོན་མོངས་ལམ་བྱེད་ཀྱི་གནད་ཀྱང་བསྒྱུར་བ་ཉིད་གཙོ་ཆེ་བ་ཡིན་ནོ། །གསུམ་པ་དངོས་པོའི་ངོ་བོ་ཉིད་ལམ་དུ་བྱེད་པའི་དབང་ལས་ནི་གཞི་འབྲས་དབྱེར་མེད་ཀྱི་ངེས་པ་གཙོ་བོར་གྱུར་པ་ཡིན་ལ། དེ་འདྲ་བའི་དངོས་པོའི་ངོ་བོ་ཉིད་ལ་ཡང་ཀུན་རྫོབ་རྩ་རླུང་ཐིག་ལེའི་ངེས་པ་དང་། དོན་དམ་སེམས་ཀྱི་གདོད་མའི་བབས་ཀྱི་དབྱེ་བས་དབང་གོང་མ་གསུམ་གྱི་ལམ་དུ་འགྱུར་བ་ཡིན་ཏེ། རྩ་རླུང་གཙོ་བོར་གྱུར་པ་ལ་གསང་དབང་། ཐིག་ལེ་གཙོ་བོར་གྱུར་པ་ལ་གསུམ་པ། ཕྱི་མ་བཞི་པར་བཞག་པའོ། །རྩའི་དབང་དུ། སྙིང་གའི་རྩ་བཅུ་ལ་ཕར་ཕྱིན་དང་ས་བཅུའམ། འཁོར་ལོ་དྲུག་གི་ལྟེ་བ་ལ་ཐབས་ཤེས་ཀྱིས་ཕྱེ་བས་ས་བཅུ་གཉིས་དང་། རྩ་སོ་བདུན་ལ་བྱང་ཕྱོགས་སུ་འཇོག་པ་ནས། བདུད་དང་ཉོན་མོངས་བཞི་བཅོམ་པ་ཡང་འབྱུང་བཞིའི་འཁོར་ལོ་བཞི་དག་པར་བྱས་པ་སོགས་ཡིན་ལ། དེ་བཞིན་དུ་རླུང་གི་དབང་དུ་རྩ་བ་ཡན་ལག་གི་རླུང་བཅུ་ས་བཅུ་དང་། དེ་ཡང་མགོན་པོ་བཞིའི་རྣམ་པར་དབྱེ་བ་ལས་ཕྱེ་བའི་ཕར་ཕྱིན་དང་། དེ་ལས་སྒྲིབ་བཞི་བཅོམ་པ་སོགས་འཇོག་ལ། ཐིག་ལེའི་དབང་ལས་ནི་ཁམས་ལྔའམ་དྲུག་གི་ཐིག་ལེ་ཐབས་ཤེས་ཀྱིས་ཕྱེ་བས་ཕར་ཕྱིན་དང་ས་སོགས་དང་ཁམས་སོ་བདུན་ལས་བྱང་ཕྱོགས། འབྱུང་བཞིའི་ཐིག་ལེ་དག་པ་ལ་སྒྲིབ་པ་བཅོམ་པ་སོགས་དང་། བཞི་པའི་དབང་དུ་ནི་ཐམས་ཅད་ཀྱང་དངས་མའི་འབྱུང་བ་ཁོ་ན་ལས་དང་། དེ་ཡང་རྩ་བ་སེམས་སྐད་ཅིག་མ་གཅིག་གི་ཆོས་ལ་ཐམས་ཅད་ཚང་བ་སྟེ། གྲངས་མཐུན་པ་ཙམ་ཞིག་སྙིང་པོར་བྱེད་པ་མ་ཡིན་གྱི། རྩ་བ་སེམས་ཀྱི་གཤིས་བདེ་བ་ཆེན་པོ་གཅིག་ཉིད། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དུ་གནས་པ་ལ་ས་ལམ་སོགས་སུ་དབྱེ་བའི་རྒྱུ་མཚན་རྩ་སོགས་ཀྱི་ངེས་པ་ལས་ཡིན་པས་དེའི་གནད་བཅིང་བ་ལ་དེ་དང་དེར་བཞག་པ་ནི་ནང་གི་རིག་པ་ལས་བླ་ན་མེད་པའི་ཐབས་ཏེ། དེ་ཡང་ཀུན་འབྱུང་གི་ངེས་པས་ན་སེམས་ཀྱི་ཆོས་ཉག་གཅིག་ལ་བཞག་པ་དང་དེ་ཐམས་ཅད་གནད་གཅིག་སྟེ། དེ་དག་རྣམས་ཀྱི་དོན་སྦྱིན་པའི་ཕར་ཕྱིན་ལྟ་བུ་གཅིག་ལ་མཚོན་ན། མཚན་འཛིན་གྱིས་བཅིངས་པའི་ཆགས་པའམ་སེར་སྣ་འཁོར་བཅས་ནི་ཐར་པ་དོན་གཉེར་ཀྱི་སྤང་བྱ་ཡིན་ལ། དེའི་གཉེན་པོའི་རིམ་པ་ལ་དབང་པོའི་ངེས་པས། འཁོར་གསུམ་ཡོངས་དག་གི་མ་ཆགས་པའི་སེམས་པ་རྒྱུན་ཆགས་སུ་བསྒོམ་པས་སྤང་བ་དང་། གང་ལས་སེར་སྣ་འབྱུང་བའི་རྩ་རླུང་གི་གནད་ལྷར་བསྒྱུར་སྟེ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་སྔགས་ཟློས་པས་སྤང་བ་དང་། རྩ་རླུང་ཐིག་ལེ་ཉིད་ཀྱི་གནད་བཅིངས་པས་སྤོང་བ་དང་། ཆགས་སེམས་རྩལ་རྫོགས་པ་ཉིད་ཀྱིས་རང་ངོ་ཤེས་པས་སྤོང་བ་རྣམས་ལས། ཐམས་ཅད་ཀྱང་ཆགས་པ། སྤོང་བར་ནི་སྦྱོར་བ་གཅིག་ཅིང་། འོན་ཀྱང་སྔ་མ་སྔ་མ་རྣམས་རིང་ཞིང་ཐབས་དཀའ་བ་དང་། སྤང་བྱ་དེ་དག་གི་བག་ཆགས་དང་བཅས་པའི་ས་བོན་འབྱིན་བྱེད་ཀྱང་མ་ཡིན་ལ། ཕྱི་མ་ཕྱི་མ་རྣམས་གནད་བཅིངས་པས་ཉེ་ཞིང་ཐབས་སླ་ལ། བག་ཆགས་ཀྱི་ལྡང་རོ་ཡང་རྩད་འབྱིན་ཞིང་། ཐམས་ཅད་ཀྱི་རྩ་བའི་མཐར་གཏུགས་པ་ཆགས་པ་རང་སར་བཅོམ་པའི་ངོ་ཤེས་པའི་མ་བཅོས་པའི་རིམ་པ་ཉིད་དོ། །དེ་ལ་རྩ་བ་ཁམས་ཀྱི་འབྱུང་ཟློག་ཉིད་གོ་དགོས་པས། དེ་ཡང་ཕྱི་རོལ་ཏུ་སྦྱར་ན། དུས་བཞི་སྟོངས་པ་ནི་ནམ་མཁའ་དང་། དེ་ནས་རྫོགས་ལྡན་དུ་ཁམས་བཞི་ཆར་རྫོགས་ཤིང་གསུམ་ལྡན་དུ་རླུང་གི་སྟོབས་བྲི་སྟེ་ཁམས་གསུམ་པོ་སྟོབས་དང་། གཉིས་ལྡན་དུ་མེའི་སྟོབས་བྲི་སྟེ་ཁམས་ལྷག་མ་གཉིས་སྟོབས་དང་། རྩོད་དུས་སུ་ཆུའི་སྟོབས་ཀྱང་བྲི་སྟེ་ས་ཉིད་སྟོབས་སུ་གྱུར་པའི་ངེས་པས། དུས་བཞི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་རགས་ཤིང་སྙིགས་མར་གྱུར་པས། ཉོན་མོངས་པ་རྣམས་ཀྱང་ཆེས་རགས་པ་དང་། ཚེ་ལུས་ཉོན་མོངས་སེམས་ཅན་ལྟ་བ་སོགས་སྙིག་མར་འགྱུར་ཞིང་། རགས་པ་ལས་ཡེ་ཤེས་འཆིང་བ་ནི་ཆེས་མྱུར་བའི་ལམ་ཡིན་པའི་རྩ་བའི་གནད་ཀྱིས་གསུམ་ལྡན་ཕྱིན་དུ་ཐུབ་པའི་ཉི་མ་རྣམས་འབྱུང་ཞིང་། ཁྱད་པར་ས་ལས་ཡེ་ཤེས་འཆིང་བ་ནི་གསང་སྔགས་ཀྱི་སྙིང་པོའི་མྱུར་ཁྱད་ཡིན་པས། རྩོད་དུས་སུ་སྟོན་པ་འདིས་ཞིང་འདིས་གསང་སྔགས་གསུང་བ་ཡིན་ཏེ། དེ་དག་ནི་ཁམས་འབྱུང་བའི་རིམ་པ་ཡིན་ལ། དེ་ནས་རྫོགས་ལྡན་དུ་འཕེལ་བ་ནི་ཁམས་ཟློག་པ་ལས་ཏེ། ཕལ་པའི་ཡོན་ཏན་སྣོད་བཅུད་ཀྱི་འབྱོར་པ་དག་ཀྱང་ཁམས་ཟློག་པའི་ངེས་པ་ལས་སོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ཁམས་གསུམ་པོ་དག་ཀྱང་གཟུགས་མེད་པ་རྣམས་རླུང་གི་ཁམས་གཙོ་བོར་གྱུར་པས་ཡེ་ཤེས་ཀྱི་ཞིང་མ་ཡིན་པ་དང་། གཟུགས་ན་སྤྱོད་པ་རྣམས་མི་དང་། འདོད་ལྷ་རྣམས་གཙོ་བོར་གྱུར་པས་ཁམས་ཕྲ་བའི་ཕྱིར། སྔགས་ཀྱི་སྐྱེ་བ་འདི་ཉིད་ལ་སངས་རྒྱས་སྟེར་བ་ཞེས་པའི་ངེས་པ་ནི་མི་བཞག་ཅིང་། འོན་ཀྱང་གཟུགས་མེད་ལས་རགས་པས། བྱང་སེམས་འཕགས་པ་དེ་དག་ཏུ་སྐྱེ་བ་དོན་དུ་གཉེར་བ་དང་ལམ་གསར་དུ་ཐོབ་པ་ཡང་ཡོད་པ་ཡིན་ནོ། །མིའི་འགྲོ་བ་པ་ཕྱིན་ནི་ས་ཁམས་གཙོ་བོར་གྱུར་པས་རགས་ཤིང་། ས་ཉིད་ལ་ཡང་ནང་གསེས་ཀྱི་ཕྲ་རགས་ཀྱི་ངེས་པས། ལོངས་སྤྱོད་དང་། ལས་ཀྱི་ས་པ་གཞན་རྣམས་ལས་ཀྱང་འཛམ་བུའི་གླིང་པ་ཉིད་ས་ཁམས་སྟོབས་ཆེ་བས་ཉོན་མོངས་པ་ཡང་ཆེས་རགས་ཤིང་གནས་ལུས་སོགས་ཀྱང་སྙིགས་པ་སྟེ། དེ་ཉིད་ཡེ་ཤེས་ཀྱི་ཞིང་མཆོག་ཡིན་པའི་གནད་ཀྱིས་ཚེ་གཅིག་གི་སྔགས་ཀྱི་བྱང་ཆུབ་སྟེར་བ་ནི་འཛམ་བུའི་གླིང་ཁོ་ནའི་དབང་དུ་ཡིན་པར་གསུངས་སོ། དེའི་ཕྱིར་ད་ལྟའི་དུས་དག་འདི་བས་ཀྱང་ཆེས་སྙིགས་པ་འོང་བར་འགྱུར་བའི་དུས་དག་གསང་སྔགས་ཉམས་སུ་ལེན་པའི་དུས་ཡིན་པ་རྒྱུད་སྡེའི་དགོངས་པ་ཐུན་མོང་མ་ཡིན་པའོ་ཞེས་ཀྱང་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་སོ་སོར་ཕྱེ་སྟེ་བཤད་པ་ལ། ལུས་སོ་སོར་བརྟགས་ཏེ་འགོག་པ་བེམ་རིག་བསྲེ་བ་ཕྱིའི་རྟེན་འབྲེལ། ངག་སོ་སོར་བརྟགས་ཏེ་འགོག་པ་ཟབ་གསལ་གཉིས་མེད་ནང་གི་རྟེན་འབྲེལ། ཡིད་སོ་སོར་བརྟགས་ཏེ་འགོག་པ་ཁ་སྦྱོར་གྱི་ཏིང་ངེ་འཛིན་གསང་བའི་རྟེན་འབྲེལ་གསུམ་ལས། དང་པོ་ནི། ཕྱི་ནང་གཞན་གསུམ་ཐམས་ཅད་རང་གི་རྩ་ཁམས་ཀྱི་ཉེར་ལེན་ལ་སྣང་བའི་ལྷའི་འཁོར་ལོར་བསྡུས་ཏེ་ཆོས་བདག་མེད་པའི་ལྟ་བ་དང་སྦྱར་ནས་སྣང་སྟོང་ཟུང་འཇུག་གི་མཚན་ཉིད་ཅན་དུ་ཉམས་སུ་ལེན་པ་སྟེ། དེ་ཡང་། གནས་སྐབས་སོ་སོས་དུ་མར་འགྱུར་བ་ལས་དང་པོ་བསྒྱུར་བའི་ལམ་དུ་ཁམས་དང་འབྱུང་བའི་ངེས་པ་དང་ཐབས་ཤེས་ཀྱི་མཚན་ཉིད་ཅན་གྱི་ཞལ་ཕྱག་ཁ་དོག་རྒྱན་ཕྱག་མཚན་ལོངས་སྤྱོད་ཅན་གྱི་ལྷའི་འཁོར་ལོ། རང་གི་སེམས་ཀྱི་སྣང་བ་ཙམ་ལས་གཞན་མ་ཡིན་པར་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་པ་ནི་ལྷག་མཐོང་དང་། རྟེན་བརྟེན་པ་དེ་དང་དེ་ལ་རེག་མཐོང་གི་བར་གྱི་སེམས་བརྟེན་པས་ཐ་མལ་གྱི་སྣང་ཞེན་འགོག་པ་ནི་ཞི་གནས་ཏེ། གོམས་པ་ལས་འདི་དག་ཟུང་དུ་འཇུག་པ་ནི་ལམ་གྱི་ངོ་བོ་ཡིན་ཞིང་། ལམ་འདིར་ནི། སེམས་ཀྱི་འོད་འཁོར་འདས་ཀྱིས་བསྡུས་པའི་སྣོད་བཅུད་ཀྱི་སྣང་བ་ལྷར་བསྒྱུར་ཙམ་དུ་མ་ཟད་ཀྱི། ཉོན་མོངས་པ་དག་ཀྱང་ཕལ་ཆེར་བསྒྱུར་བ་སྟེ། འདི་ལྟར་འདོད་ཆགས་ཆགས་པའི་ཉམས་ཅན་དང་འདོད་ལྷ་ཡབ་ཡུམ་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བ་སོགས་སུ་དང་། ཞེ་སྡང་ཁྲོ་ཚུལ་སོགས་སུ་རྣམ་པར་གསལ་བ་དེ་དང་། གཏི་མུག་དུད་འགྲོའི་འགྱུར་བ་ཅན་ཁ་དོག་མཐིང་ནག་སོགས་སུ་དང་། དེ་བཞིན་དུ་ང་རྒྱལ་རྒྱས་པའི་ཉམས་ཅན་ལ་སེམས་བརྟན་པ་ནས། སེམས་བྱུང་ལྔ་བཅུ་དག་པའི་འཕྲེང་བ་སོགས་རྒྱན་དང་མཚན་མ་དབྱིབས་མདོག་སོ་སོའི་བར་ཕྲ་རགས་ཇི་སྙེད་པ་གཞིའི་ངེས་པ་རྟེན་འབྲེལ་གྱི་དབང་ལས་འཆར་བ་ཉིད་ཕྱི་ནང་དུ་བཅས་པ་ལམ་དུ་ལྷའི་འཁོར་ལོ་རྟེན་བཅས་སུ་བསྒྱུར་བ་ཡིན་ལ། རྣལ་འབྱོར་གྱི་རྒྱུད་ལམ་འདི་ཉིད་ཀྱི་དབང་དུ་བྱས་ཤིང་། གཞི་འོད་གསལ་ལས་སྲིད་པ་འཆི་བ་བར་དོ་སྐྱེ་བ་གསུམ་འཆར་བ་དང་། ལམ་དུ་ཆོ་ག་ཡན་ལག་བཞི་རྫོགས་ཤིག་དང་། འབྲས་དུས་སུ་གཞན་དོན་དུ་མཛད་པ་བཅུ་གཉིས་སྤྲོ་བའི་རིམ་པ་དག་རྟེན་འབྲེལ་གྱི་འགྲོས་གཅིག་པར་ཁོང་དུ་ཆུད་པ་ལས་གནད་འཆིང་ཤེས་པས་རྒྱུད་སྡེ་ནང་མའི་བསྐྱེད་རིམ་རྫོགས་རིམ་གྱིས་སྨིན་བྱེད་དུ་ཉེ་བ་ཡིན་ནོ། །འཁོར་བའི་བདེ་བ་ཁྱད་པར་ཉིད་ཀྱི་ཡིད་དྲངས་ཏེ་བསྒྱུར་བ་ལ་ནི། འོག་མིན་གྱི་མཐར་ཐུག་པའི་ལྷ་དག་དང་སྐལ་བ་མཉམ་པའི་གནས་ལུས་ལོངས་སྤྱོད་ཅན་འགྲུབ་ལ་དེ་ཡང་ཕལ་ཆེ་བ་ལ་ནི་རང་གིས་གང་བསྒོམས་པའི་འཁོར་ལོ་དེའི་གནས་ལུས་ལོངས་སྤྱོད་ཅན་དུ་སྣང་བཞིན། ངོ་བོ་ནི་ཁམས་གསུམ་པའི་མཚན་ཉིད་ཅན་ཏེ། འདོད་སྲེད་སོགས་རྟོག་པ་མཐུ་བརྟས་པའི་སྣང་བ་འབའ་ཞིག་ཡིན་པའི་ཕྱིར་རོ། །འོན་ཀྱང་སྔགས་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་རྟེན་དེས་ཡུན་རིང་ཏུ་འཚོ་ཞིང་ངེས་པར་ལམ་གོང་མའི་སྐལ་བ་ཅན་ཡིན་པས། འཇིག་རྟེན་པའི་ལམ་ཐུན་མོང་པས་ཐོབ་པའི་འཇིག་རྟེན་པའི་ལྷ་སོགས་ལས་ཁྱད་ཞུགས་པ་ཡིན་ནོ། །དེ་ཡང་བསོད་ནམས་དང་མི་གཡོ་བའི་མཚན་ཉིད་ཅན་གྱི་སེམས་པས་འཕངས་པའི་བསྒྱུར་ལམ་གྱི་དབང་དུ་བྱས་ཀྱི། བསྒྱུར་ཀྱང་སེམས་དུག་གསུམ་དུ་རེད་པ་ལས་ནི་ངན་སོང་ཉིད་དེ། ལས་དང་འབྲས་བུའི་ངེས་པ་ནམ་ཡང་མི་འདོར་བའི་ཕྱིར་རོ། །དེ་བས་ན་ངན་སོང་གི་གནས་དེ་ཉིད་དུ་འདོད་ལྷའི་ཤ་ཚུགས་ཀྱིས་རྣམ་སྨིན་མྱོང་བ་དག་ཡིན་ཏེ། དེའི་ཕྱིར་སེམས་མ་བསྒྱུར་ན་ཞལ་ཕྱག་བསྒྱུར་བའི་རྟོག་པའི་གསལ་སྣང་གིས་མ་སླུ་ཞིག་གུ། ཇི་ལྟར་ཕྱི་རོལ་ཏུ་ལུས་བདག་པོར་གྱུར་པ་ལས་སྣོད་སྣང་བ་བཞིན་དུ། ལུས་ཀྱི་དབང་ལས་སྣང་བའི་གཞལ་ཡས་ཁང་བསྒོམ་པ་དང་། རྩ་ཁམས་རྣམས་ཀྱང་འབྱུང་བ་དང་། བྱེད་ལས་ཀྱི་ངེས་པ་དང་བསྟུན་པའི་ལྷ་ཞལ་ཕྱག་ཅན་དུ་བསྒོམ་པ་ལ་སོགས་པའི་རྣམ་བཞག་ཕྱི་ལ་ཞེན་པ་དག་ནང་ལ་ཡང་དག་པར་དྲང་བའི་ཐབས་ཁོ་ནར་གསུངས་ཤིང་གྲུབ་པའི་སློབ་དཔོན་ཁ་ཅིག་གིས་ཀྱང་བཀྲལ་ཏེ། འདིའི་བསྒོམ་ཚུལ་ནི། རྔུལ་ཚོན་མཚན་མ་སོགས་དམིགས་རྟེན་དུ་བྱས་པ་བསྒྱུར་ཏེ་བསྒོམ་པའི་ཚབ་ཏུ་ལུས་གཞག་པས་ཅུང་ཟད་ནང་ལ་ཉེ་ཞིང་གཞན་རྟོག་རགས་པ་གཅོད་ནུས་པའི་ཆ་ནས་སྔ་མ་ལ་ལྟོས་ཏེ་ནང་དུ་བཞག་ལ། དོན་ལ་གདགས་གཞི་རྫས་ཡོད་ལ་དགོས་པ་ཉིད་ཡིན་པས་ཟབ་མོ་བསྐྱེད་རིམ་ཞེས་བསྙད་པ་སྟེ། འདི་འདྲ་བ་དེ་ནི་བུམ་དབང་འབའ་ཞིག་གི་དབང་དུ་བྱས་པའི་ཟབ་མོ་ཡིན་ནོ། །ཚུལ་འདི་ལ་གོམས་པ་དག་ལས་ལུས་ཀྱི་གནས་དེ་དང་དེར་ཁམས་རླུང་འདུས་པ་ལས་ལྷའི་གསལ་སྣང་འཆར་བ་དང་། ཕྱིས་སམ། གཞན་དུ་མ་བཅོས་པའི་འཁོར་ལོ་བསྒོམ་པ་ན་ཡང་། སྔོན་གྱི་བག་ཆགས་ཀྱིས་དྲངས་པའི་སྣང་བ་ཁམས་འདུས་པའི་རྟེན་འབྲེལ་ལས་འཆར་བ་དག་ཇི་ལྟར་གཉིད་ཀྱིས་ལོག་པ་ལས་རྨི་ལམ་གྱི་སྣང་བ་འབྱུང་བ་ལྟ་བུ་ནི་ཡོད་པར་སྣང་ངོ་། །ལྷ་ཁམས་དང་སེམས་ཀྱི་རྟེན་འབྲེལ་ལས་སྣང་བར་ཤེས་ཏེ། དེ་འདྲ་བའི་ཚོགས་པ་ལས་གཞན་པའི་ལྷ་མི་ཚོལ་བའི་བློ་ཅན་དག་ལ་ནི། རྩ་ཁམས་རྣམས་ལ་དཀྱིལ་འཁོར་པ་སྟེ། དེ་ལས་གཞན་པའི་བརྟགས་པ་མི་འདོད་པ་དེ་ནི། གསང་དབང་ལ་གཉིས་སུ་ཕྱེ་བའི། ཟབ་པ་རྫོགས་པའི་ཆར་གཏོགས་པ་དག་གི་དབང་དུ་ཡིན་ནོ། །སེམས་ཉིད་ལྷར་ཤེས་ཤིང་དེ་ཡང་སྣང་བ་ལས་གཞན་དུ་མ་རྙེད་པའི་གང་ཟག་མཆོག་དག་ལ་ནི། ལུས་སུ་མ་ཟད་བརྟན་གཡོར་སྣང་ངོ་ཅོག་ལུས་དཀྱིལ་ལམ་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཏེ། འདི་ནི་མི་ཕྱེད་པའམ་རྡོ་རྗེའི་ལུས་དཀྱིལ་ཡིན་པས་བཏགས་པ་ཐམས་ཅད་ཞིག་པའི་ཕྱིར་དབང་བཞི་པ་འབའ་ཞིག་གི་ལམ་གྱི་ཟབ་པར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་ཟབ་པ་དག་ཀྱང་སྒྲ་ཇི་བཞིན་པར་འགྱུར་མི་འགྱུར་ནི་ངེས་པར་སྒོམ་པ་པོའི་བློའི་རིམ་པ་ལས་ལྟོས་པ་ཡིན་ཏེ། ལུས་རྩ་ཁམས་དང་བཅས་པའི་སྟེང་དུ་རྟེན་དང་བརྟེན་པའི་འཁོར་ལོ་ངོ་འཕྲོད་དེ། དེར་བློས་བཞག་ཙམ་ཁོ་ན་མ་ཡིན་པར་བསྒོམ་ཤེས་པ་ཞིག་བྱུང་ན་ནི་ཟབ་མོ་བསྐྱེད་རིམ་དུ་འགྱུར་ལ། རང་བཞིན་གྱིས་གྲུབ་པའི་འཁོར་ལོ་བཅོས་མིན་དུ་ངོ་འཕྲོད་ནས་སྐྱོང་ཤེས་ན་ནི་རྫོགས་རིམ་ཉིད་ཡིན་ཞིང་། གཞན་དུ་ལུས་ལ་དེ་དང་དེའི་དག་པ་བརྩི་བ་ཙམ་ཞིག་སྙིང་ལ་བཀོད་ནས། ཕྱི་དཀྱིལ་ཉིད་བསྒོམ་པ་ན་ནི་ལུས་དཀྱིལ་དུ་མི་འགྱུར་ཏེ། ལུས་ཀྱི་དག་པ་ལ་མ་ལྟོས་པའི་ཕྱིའི་དཀྱིལ་འཁོར་མ་གྲུབ་པས། དེ་ཐམས་ཅད་ཀྱང་ལུས་དཀྱིལ་དུ་ཐལ་བའི་ཕྱིར། ཅི་སྟེ་ལུས་དཀྱིལ་ལ་ལུས་རྒྱུར་བྱས་ཏེ་གཞལ་ཡས་ཁང་སོགས་བསྒོམ་པས་མི་མཚུངས་སོ་ཞེ་ན། རུས་པ་རྣམས་ཀྱི་ཀ་བ་རྡོར་འཕྲེང་འཛིན་མའི་གཞི་དང་རྩིག་པར་བཅས། ཞེས་སོགས་གཞལ་ཡས་ཁང་གི་དག་པའི་དོན་ཀྱང་དེ་ལ་དེ་བདག་པོར་བསྒྱུར་བའི་དོན་གྱིས་རྒྱུར་བྱེད་པ་ལ་སྨྲ་བ་མ་ཡིན་ནམ། ཆོས་མཚུངས་ཙམ་ལས་ཡིན་ན་ནི་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་རྡོ་རྗེའི་ཐེག་པ་ལ་བྱིས་པའི་མུ་ཅོར་གྱི་ལན་བླན་ཀྱང་བཞད་གད་ཀྱི་རྒྱུར་ཟད་དོ། གཉིས་པ་ངག་སོ་སོར་བརྟགས་ཏེ་འགོག་པ་ཟབ་གསལ་གཉིས་མེད་ནང་གི་རྟེན་འབྲེལ་ནི། ངག་རྡུལ་གྱི་ཆོས་མཆེད་པའི་དབང་ལས་སྣང་བའི་རྨི་ལམ་གྱི་གནས་སྐབས་ཀྱི་གནད་བཅིངས་པ་ལས་གསལ་སྟོང་ཟུང་འཇུག་གི་མཚན་ཉིད་ཅན་དུ་ཉམས་སུ་ལེན་པ་སྟེ། ཇི་ལྟར་མཁྲིས་པ་འཕེལ་བའི་མི་ལ་དེའི་རྩ་རླུང་ཁམས་ཐམས་ཅད་མཁྲིས་པས་བདག་པོ་བྱེད་པ་བཞིན་དུ་རྩ་རླུང་ཐིག་ལེ་ཀུན་འབྱུང་གི་ངེས་པས་ཁུ་རྡུལ་རླུང་གསུམ་གནས་སྐབས་སོ་སོར་བདག་པོར་གྱུར་པ་དང་། གནས་སྐབས་གང་དང་གང་གི་དེ་དག་གསུམ་འདྲེས་པའི་གནས་སྐབས་ཏེ་བཞི་ལ་དེ་དང་དེའི་རྡོ་རྗེ་བཞིར་མིང་བཏགས་བདག་གནད་བཅིངས་པས་སོ་སོའི་ནང་གསེས་ཀྱི་དགའ་བ་བཞིའམ། རང་སའི་རྣལ་འབྱོར་བཞི་འཆར་ཞིང་དེ་ལས་རང་སའི་སྐུ་བཞི་མངོན་དུ་བྱེད་པ་ནི་སྤྱིའི་ངེས་པ་ཡིན་པས་ན། རྡུལ་སྣང་ཆ་ལ་རང་སའི་ཁུ་བ་བདག་པོར་གྱུར་པའི་ཆོས་ལས་སྒྱུ་མ་ལྟ་བུར་སྡང་བའི་ངེས་པས་རྩ་འཆིང་བ་ལུས་དབེན་ནམ་སྒྱུ་ལུས། གཙོ་བོར་རྩ་དང་ཁུ་བའི་བྱེད་པ་འཆིང་པ་ལས་སྐུ་རྡོ་རྗེའི་རྣལ་འབྱོར་དུ་བཞག་ཅིང་ཀུན་འབྱུང་གི་ངེས་པས་གསུང་ཐུགས་སུའང་མི་འགལ་ལོ། དེ་ལ་ཡང་སེམས་ཇི་ལྟ་བ་ཤེས་པས་སེམས་ཀྱི་རྣམ་པར་འགྱུར་བ་ཇི་སྙེད་པ་རང་བབས་སུ་བཅིངས་པའི་སྦྱོར་བས་འོད་གསལ་དུ་ལྷུན་གྱིས་གྲུབ་པ་ཉིད་མངོན་དུ་བྱེད་པ་ཞིག་དགོས་ཀྱི། དེ་ལྟར་མ་ཤེས་པར་ཁམས་རླུང་གི་འཆར་སྒོའི་འདུ་འཕྲོད་བསྒུགས་པའི་འོད་གསལ་ཉི་ཚེ་བས་ནི་མྱོང་ཞེན་དག་པ་དང་། སྣང་བ་སྒྱུ་མ་མངོན་དུ་འགྱུར་བའང་དཀའོ། །དེ་ནི་ཟབ་མོའི་བུམ་དབང་གི་ལམ་དང་། རྩ་ལས་རླུང་རྡུལ་ངག་གི་ཆོས་འཆིང་པའི་རིམ་པ་ལས་ནི་ངག་དབེན། རྩ་བ་ཡན་ལག་གི་རླུང་བཅུ་དབུ་མར་བྱེད་ཅིང་དེ་ཡང་འཁོར་ལོ་སོ་སོའི་ལྟེ་བར་འཆིང་པ་ལས་གསུང་རྡོ་རྗེའི་རྣལ་འབྱོར་དུ་གཞག་ཅིང་ཀུན་འབྱུང་གི་ངེས་པས་སྐུ་ཐུགས་སུ་ཡང་མི་འགལ་ལོ། །གཡས་རོ་མ་གཟུང་བ་ཡུལ་གྱི་ཆ་ལ་འབྱུང་བ་ལྔ་དང་། གཡོན་རྐྱང་མ་འཛིན་པ་ཡུལ་ཅན་གྱི་ཆ་ལ་ཡེ་ཤེས་ལྔར་ཕྱེ་བ་མ་དག་པའི་གནས་སྐབས་གཟུང་འཛིན་གྱི་སྣང་བ་གཉིས་མེད་དུ་སྦྱོང་བ་ནི་དབུ་མར་བྱེད་པའི་དོན་དང་། ཁམས་དྲུག་གི་འཛག་པ་བཅིངས་པ་ལས་རང་རིག་ཏུ་བརྟན་པར་བྱེད་པ་ནི་འཁོར་ལོའི་ལྟེ་བར་འཛིན་པའི་དོན་ཏེ། བེམ་རླུང་རྩ་སྦུབས་སུ་བཅུག་ནས་གནས་སོ་སོར་སྡོམ་པ་ཁོ་ན་ལ་མི་བྱ་སྟེ། དངས་མ་མ་འཆིངས་པས་འཁོར་བར་འཁྱམས་ཀྱི། བེམ་རླུང་སོགས་འཆིངས་པ་ཙམ་ནི་རྣལ་འབྱོར་ཅན་ལས། ཕྱེ་བ་སོགས་དུད་འགྲོ་སྟོབས་ཆེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། དངས་མའི་རྩ་བ་རྡུལ་ཉིད་འཆིང་བ་ལས་སེམས་དབེན་གཏུམ་མོའི་ཐབས་ཀྱིས་འདོད་ཆགས་རགས་པར་རྩལ་རྫོགས་པ་དེ་ཉིད་བདེ་ཆེན་ཡིན་པ་མངོན་དུ་བྱེད་པ་སྟེ། རགས་པ་ལས་ཡེ་ཤེས་འཆིང་བའི་གནད་ཀྱིས་ཐུགས་རྡོ་རྗེར་བཞག་ཅིང་ཀུན་འབྱུང་གི་ངེས་པས་སྐུ་གསུང་དུ་ཡང་མི་འགལ་ལོ། །འདི་ལ་བདེ་ཆེན་སེམས་དབེན་དུ་འགྲོ་བ་ལ་འདོད་ཆགས་ཉིད་ཆགས་པ་ཆེན་པོར་དག་དགོས་ཀྱི། ཞུ་བདེ་མྱོང་བཅས་ལ་སེམས་ཟིན་པ་ཙམ་གྱིས་སེམས་དབེན་དུ་མི་འགྲོ་ལ། འདི་ལས་ནི། རྡོར་བཟླས་ཀྱང་རླུང་སྔགས་མི་ཕྱེད་པ་བེམ་རླུང་ཁོ་ན་ལ་རྟོག་བཟོས་བྱེད་པ་ལ་མི་གཟུང་གི །རླུང་སྔགས་ཀྱི་གནས་གཞན་ཞིག་གོ་ན་གཏུམ་མོ་དང་རྡོར་བཟླས་གནད་གཅིག་པར་འགྱུར་བ་ཡིན་ནོ། །གསུམ་པ་ཡིད་སོ་སོར་བརྟགས་ཏེ་འགོག་པ་ཁ་སྦྱོར་གྱི་ཏིང་ངེ་འཛིན་གསང་བའི་རྟེན་འབྲེལ་ནི། ལུས་ངག་ཡིད་གསུམ་ཡེ་ཤེས་དང་བཞི་དག་བྱ་གཉིད་སྟུག་གི་གནས་སྐབས་དག་བྱེད་ཉེར་ཐོབ་ཕྱག་རྒྱ་གསུམ་དང་སྦྱར་ནས་རིག་སྟོང་ཟུང་འཇུག་གི་མཚན་ཉིད་ཅན་དུ་ཉམས་སུ་ལེན་པ་སྟེ་དེ་ཡང་ཡེ་ཤེས་དང་དམ་ཚིག་གི་ཕྱག་རྒྱ་རང་ལུས་ཐབས་ལྡན་ལ་བརྟེན་པ་ནི་ཡོད་མོད། འོན་ཀྱང་དེ་དག་ནི་ཐོག་མར་བརྡ་སྤྲོད་ཅིང་གོམས་པར་བྱེད་དུས་ཀྱི་དབང་དུ་གྲོལ་ལམ་པ་ལ་གཙོ་བོར་བཤད་ཀྱི། དངོས་བཞི་ནི་ཤེས་རབ་ལས་རྒྱ་ལས་རྙེད་པའི་ཡེ་ཤེས་ཉིད་ལ་བཞག་གོ །དེའི་ཕྱིར་ལམ་འདི་སྔགས་ཀྱི་ལམ་མཐར་ཐུག་ཏུ་གོ་བ་དག་གིས། ལས་རྒྱ་ལ་མ་བསྟེན་པར་སྔགས་ཀྱི་བྱང་ཆུབ་མངོན་དུ་བྱེད་པ་མེད་ཅེས་སྨྲས་ཏེ། ཉན་རང་དགྲ་བཅོམ་པ་ལྷག་མེད་པའང་འཚང་རྒྱ་བ་ན་སྔགས་ཀྱི་ལམ་ལ་བསྟེན་པར་འདོད་ན། སྡུག་བསྔལ་གྱི་ཕུང་པོ་སླར་མི་ལྡོག་པར་སྤངས་པ་དེ་དག་གི་ལས་རྒྱ་བསྟེན་ཚུལ་ངེས་པར་འཆད་དགོས་སོ། །འདི་ལ་ཡང་དཔེའི་ལྷན་སྐྱེས་ཀྱི་དབང་དུ་བྱས་ནས། དང་པོ་ལ་ཞུ་བདེ་ལྷན་སྐྱེས་དེ་ཉིད་ཆོས་སྐུ། ཁམས་ལོངས་སྐུ། ཐིག་ལེ་མཚོ་སྐྱེས་ཀྱི་ཞིང་དུ་རྣམ་པར་རོལ་པ་སྤྲུལ་པའི་སྐུ་དང་། ཕྱི་མ་དབྱེར་མེད་པའི་བདེ་སྐུ་འབའ་ཞིག་གི་དབང་དུ་བཞག་ནས། དང་པོ་དེ་ལྟར་ཞུ་བའི་བདེ་བས་གཟུང་འཛིན་ཕྲ་རགས་ཐམས་ཅད་བསྡུས་ཏེ་གཉིས་སྣང་ཕྲ་བའང་གཅོད་པ་གཉིད་འཐུག་གི་རང་བཞིན་མངོན་གྱུར་པའི་ཆོས་སྐུ་ཡིན་ཀྱང་། ཐིག་ལེ་ལུགས་འབྱུང་གི་རྩ་བ་སྤྱི་བོའི་དཀར་ཆ་བད་ཀན་ང་བདག་གི་རྟེན་དུ་གྱུར་པ་ཡུལ་ཅན་འཛིན་པའི་ཆོས་སུ་གྱུར་པ་དག་གིས་བསྐྱེད་པས་མྱོང་ཆ་དང་བཅས་པ་ཉིད་ཀྱིས་རྟོག་པའི་ཁ་ཟས་ཅན་ཡིན་པའི་ཕྱིར་དཔེའི་ཡེ་ཤེས་སུ་བཞེད་པ་ཡིན་ལ། དབང་གསུམ་པའི་ལམ་དུ་བཞག་ཅིང་། རགས་པ་ལས་ཡེ་ཤེས་འཆིང་ནུས་པ་དག་གི་དབང་དུ་ནི། ལས་རྒྱ་དང་ཕྲད་པའི་བདེ་བ་གཡོ་བ་ཉིད་ནས་རགས་པར་རྩལ་རྫོགས་ཤིང་འཆིང་ནུས་པ་དང་། དེའི་རྣམ་ཉེད་དང་། རྣམ་སྨིན་ཙམ་ནས་འཆིང་ནུས་པ་སོགས་དུ་མ་སྲིད་པའི་ངེས་པས། དགའ་བ་དང་པོ་དང་། གཉིས་པ་དང་། གསུམ་པ་ནས་རང་བཞིན་ལྷན་སྐྱེས་སུ་འཆིང་བ་དག་ཡོད་ཅེས་བཞག་སྟེ། དེ་བས་ན་རགས་པ་ཡེ་ཤེས་སུ་འཆིང་ནུས་པ་དེ་ནས་ནི་རྟེན་འབྱུང་བ་ཐམས་ཅད་པ་དག་པ་གཙོ་བོར་གྱུར་པའི་འབྱུང་བ་ཡིན་པས་གང་དུ་བྱུང་ཀྱང་ལུགས་བཟློག་སྟེ། དོན་ལ་བདག་མེད་པའི་མཚན་ཉིད་ཅན་གྱི་གཟུང་འཛིན་དང་བྲལ་བའི་སེམས་ནི་དུག་གསུམ་གང་ལས་རྙེད་ཀྱང་ལུགས་བཟློག་གི་ཡེ་ཤེས་ཡིན་པས་ཕྱིར་རོ། །སེམས་དག་པར་བྱེད་པ་ལ་དེ་གང་གིས་མ་དག་པ་བྱས་པའི་ཚོགས་པ་གཅིག་པའི་རྩ་རླུང་ཐིག་ལེའི་ངེས་པ་ཁོང་དུ་མ་ཆུད་པར། དེ་བཞིན་གཤེགས་པས་དགོངས་པའི་སྐད་གཞན་དུ་བསམ་པ། རྩ་ཆུ་རྒྱུས། ཡི་གེ་ཡིག་གཟུགས། རླུང་འབྱུང་འཇུག་གི་མཚན་ཉིད་ཅན། ཐིག་ལེ་དཀར་དམར་གྱི་སྙིག་མ་སོགས་ཁོ་ནར་བཟུང་བའི་དབང་ལས་ཡིན་ཏེ། སྨྲ་བ་པོ་དེ་དག་གིས་ནི་རྩ་སྤྲུལ་སྐུ་སོགས་དང་། ཁམས་གསུམ་རྩ་རླུང་ཐིག་ལེ་དེ་དག་གིས་བྱས་པ་སོགས་མཐའ་དག་ཕྱོགས་ཡང་མ་མཚོན་ཞིང་། ཡི་གེ་འདུ་བྱེད་ཕུང་པོར་གཏོགས་པར་ཆོས་མངོན་པར་གྲགས་པ་ཙམ་ཡང་མ་ཚོར་བར་ཟད་དོ། དག་པའི་དབང་ལས། རྩ་དབུ་མ་དང་། ཡེ་ཤེས་ཀྱི་རླུང་དང་། དངས་མ་བདེ་ཆེན་གྱི་ཐིག་ལེ་དང་། གཟུང་འཛིན་དང་བྲལ་བའི་སེམས་རྣམས་ཀྱང་མིང་གི་རྣམ་གྲངས་ཏེ། དེ་བས་ན་སེམས་ཀྱི་གཟུང་འཛིན་དག་ན། རྩ་ཐམས་ཅད་དབུ་མ། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་། ཐིག་ལེ་ཐམས་ཅད་བདེ་ཆེན་དུ་འཆར་བ་ཡིན་ཏེ། དེང་སང་ནི། རོ་རྐྱང་གི་རླུང་དྷཱུ་ཏཱིར་ཆུད་པ་གཟུང་འཛིན་དབུ་མར་རོ་མཉམ་པ་ལ་མ་གོ་བར་རོ་རྐྱང་གི་རླུང་གཉིས་ལུས་དབུས་ཀྱི་རྩ་དྲང་པོ་ཞིག་ཏུ་རྒྱུ་མ་ཕུས་བཏབ་པ་ལྟར་དགང་རྒྱུ་ཡོད་པར་གཟུང་ནས་མི་ཤེས་བཞིན་དུ་གནད་བཅིངས་པར་རློམས་པ་ཕལ་ཆེར་ཕྱིན་ཅི་ལོག་གི་རླུབས་སུ་ཆུད་པ་ཡིན་ནོ། །ལམ་གོང་མ་གསུམ་རིམ་གྱིས་སམ། ཐོད་རྒལ་དུའམ། རྒྱུད་སྨིན་པ་དག་དང་པོ་ནས་རིམ་པ་འདི་ཉིད་དུ་ཞུགས་ཀྱང་རུང་སྟེ། སེམས་ཀྱི་རང་བཞིན་གདོད་མའི་བབས་འོད་གསལ་བའི་མཚན་ཉིད་ཅན་ཕྱག་རྒྱ་ཆེན་པོ་དང་ཟུང་དུ་འཇུག་པ་བཞི་པའི་གནས་སྐབས་དག་བྱེད། བདེ་བ་ཆེན་པོའི་སྐུར་ལྷུན་གྱིས་གྲུབ་པ་ནི་དབང་བཞི་པའི་ཉམས་ལེན་ཏེ། གཞིའི་གནས་ཚུལ་འདི་མངོན་དུ་གྱུར་པ་དང་མ་གྱུར་པ་ལས་སངས་རྒྱས་དང་འཁོར་བ་ཡིན་པའི་ཕྱིར། ལམ་གྱི་རིམ་པ་དེ་ཐམས་ཅད་ཀྱང་ངེས་པ་འདི་ལ་བཀྲི་བའི་ཐབས་མཁས་ཀྱི་རིམ་པ་ཡིན་པས། རང་སའི་འབྲས་བུའི་རྣམ་གཞག་སོགས་དེ་ཐམས་ཅད་ཀྱང་དེད་དཔོན་ཐབས་ལ་མཁས་པས་གླིང་བར་དུ་རིན་པོ་ཆེའི་གླིང་རེ་བསྐོང་བ་དག་སྤྲུལ་པའི་སྒྱུ་མ་ཇི་ལྟ་བ་བཞིན་ཡིན་ཏེ། སེམས་ཀྱི་ཡིད་བཞིན་མ་རྙེད་པར་དེ་ཐམས་ཅད་ཀྱིས་ཀྱང་འདོད་དགུ་ཡིད་བཞིན་མི་སྦྱིན་པས་ཆེད་དུ་བྱ་བའི་དོན་མ་རྙེད་པ་ཉིད་ཀྱིས་བླ་དང་བཅས་པ་ཁོ་ན་ཡིན་པའི་ཕྱིར་རོ། །འདི་ལ་ཡང་ངེས་པ་རྙེད་དཀའ་སླ་དབང་པོའི་རིམ་པ་ལས། ཕྱག་རྒྱ་ཆེན་མོ་འབྱུང་བ་རེངས་པའི་སྣང་བ་ལ་ངོ་འཕྲོད་པ་དང་། གཡོ་བཅས་ཐལ་བྱུང་གི་སྣང་བ་ལ་ངོ་སྤྲོད་པའི་འཆད་སྒོ་གཉིས་འབྱུང་མོད། སྔ་མ་ནི་ད་དུང་གཞི་འབྲས་དོན་གཞན་གྱིས་ཞེན་པ་ཨ་འཐས་ཀྱི་ཤུགས་ཀྱིས་ད་ལྟའི་སྣང་རྒྱུའི་ཐོག་ཏུ་ངོ་མི་འཕྲོད་པ་དག་གིས་དབང་དུ། འགྱུ་བ་རགས་པ་བཀག་པའི་དངོས་སྣང་གི་སྟེང་དུ་ངོ་སྤྲད་པས་ཡིད་ཆེས་རྙེད་སླ་བའི་དབང་དུ་ཡིན་ལ། ཕྱི་མ་ནི་རྒྱུད་ཡོངས་སུ་སྨིན་པ་ཤུགས་ཆེན་པོས་འབྱུང་བ་དག་མ་དག་གི་སྣང་བ་ལ་རྩིས་གདབ་མེད་པར། ད་ལྟའི་སྣང་འགྱུར་འདི་ཉིད་ཀྱི་སྟེང་དུ་ངོ་སྤྲོད་པས་ཚེགས་ཆུང་ངུས་དོན་ཆེན་པོ་བདེ་བླག་ཏུ་གྲུབ་པ་སྟེ། དབང་པོ་ཤིན་ཏུ་སྨིན་པ་དག་གི་དབང་དུ་ནི་ཡིན་ལ། གཉི་ཀའི་འང་རྩ་བའི་ངེས་པ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེ་ནས་སྟོང་གཟུགས་ཉིད་ཀྱི་རྩ་བའང་། སེམས་མི་འགྱུར་བའི་བདེ་བར་ལྷུན་གྱིས་གྲུབ་པའི་ངེས་པས། དེའི་འོད་རྩ་རླུང་གི་རྟེན་འབྲེལ་ལས་སྣང་བ་འདི་མཐའ་དག་པྲ་རྣམས་ཀྱི་རང་བཞིན་ལྟ་བུ་ལྷུན་གྲུབ་ཏུ་གནས་ཤིང་། དེའི་གནད་ཀྱིས་བཙན་ཐབས་ཀྱི་སྦྱོར་བས་རླུང་ཅུང་ཟད་རེངས་ནའང་། དེའི་རང་གཟུགས་རྟགས་སྣང་དུ་འཆར་བ་འདིས་མཚོན་ལ། དེ་ཡང་རྩ་བ་ཟུང་འཇུག་གི་ངེས་པར་མ་ཤེས་ན་རྟགས་སྣང་ལ་སྙིང་པོ་མེད་ཅིང་། ཤེས་ན་རྟགས་སྣང་དང་སྟོང་གཟུགས་ད་ལྟར་གྱི་སྣང་བ་མ་འགགས་པ་འདི་མཐའ་དག་ཡིན་པའི་ཕྱིར་རོ། །དེ་བས་ན་ཕྱག་རྒྱ་ཆེན་མོ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་འཛག་མེད་ཀྱི་ཡེ་ཤེས་ལུགས་ཟློག་ཕྱིར་མི་ལྡོག་གི་ངེས་པ་ཅན་འཁོར་ལོ་དྲུག་གི་ལྟེ་བར་ལས་རླུང་སྟོང་བརྒྱད་བརྒྱ་པ་ཟུང་རེ་འཛག་མེད་དུ་འཆིངས་པའི་མི་འགྱུར་བའི་བདེ་བ་དེ་སྙེད་ཟུང་ལ་ས་གཉིས་གཉིས་སུ་བཞག་པས་ས་བཅུ་གཉིས་ཀྱིས་མཐར་ཐུག་པར་སངས་རྒྱས་ཀྱི་འབྲས་བུ་སྟེར་བ་པོ་དེ་སྙེད་བགྲོད་པའི་དུས་ཀྱང་། ལོ་བརྒྱའི་དབུ་མའི་རླུང་ཕྱོགས་གཅིག་ཏུ་བསྡོམས་པ་ནི་ལོ་གསུམ་ཕྱོགས་གསུམ་སྟེ། དེ་དག་ཟག་པ་ལས་འཆི་བ་དང་། འཛག་མེད་དུ་འཆིངས་པ་ལས་འཆི་མེད་སྟེར་བའི་ངེས་པས་ལོ་གསུམ་ཕྱོགས་གསུམ་མོ། །འདི་ཡང་ཚེ་ལོ་བརྒྱ་པའི་དུས་ཀྱི་ངེས་པར་སྣང་བས། ཚེའི་ངེས་པ་དེ་བས་བྲི་བར་ཡང་ལོ་གསུམ་ཕྱོགས་གསུམ་གྱི་སྟོབས་བརྩི་བའི་ངེས་པ་ཁོད་དུ་ཆུད་དགོས་པར་སྣང་ངོ་། །འདི་གསུམ་རིམ་པ་བཞིན་དགེ་འདུན་དང་། ཆོས་དང་། སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་དགོངས་པའི་སྐད་ཀྱི་གསུངས་སོ། །གཞན་ཡང་ཞིང་སྦྱོང་བ་དང་། སྨོན་ལམ་རྫོགས་པ་དང་། སེམས་ཅན་སྨིན་པར་བྱེད་པ་སྟེ། རྣམ་པ་འདི་གསུམ་གྱི་སྦས་པ་བཤད་པའང་དེ་ཀར་ཟད་དོ།། །།བདུན་པ་རྟོགས་པ་གཞིར་བཞག་པ་ནི། རྒྱལ་བ་རྣམས་དང་སྤྱོད་ཡུལ་གཅིག་པར་འགྱུར། ཞེས་པ་སྤོང་ལམ་གྱི་དབང་དུ་བྱས་པ་དག་ལ་ཀུན་ཏུ་འོད་སངས་རྒྱས་ཀྱི་སར་བཞག་ནས་བཤད་པར་བྱ་སྟེ། འདི་སངས་རྒྱས་པ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་དང་། འདིས་སངས་རྒྱས་པ་ཆོས་ཀྱི་སྐུ་བྱང་ཆུབ་ཕྱོགས་མཐུན་ཚད་མེད་ལ་སོགས་པའི་ཡོན་ཏན་གྱིས་ཕྱེ་བ་ཅན་དག་རྫས་དང་ལྡོག་པའི་དབྱེ་བས་གཅིག་དང་ཐ་དད་དུ་སྨྲ་བའི་དབང་གིས་སྐུ་གསུམ་མམ་བཞིར་འདོད་པ་དག་གང་ཡིན་ཡང་རུང་། ངོ་བོ་དངོས་པོ་སྤྱིའམ་སེམས་ཀྱི་རང་བཞིན་དྲི་མ་མེད་པའི་ཡོན་ཏན་དེ་ཉིད་ཀྱིས་ཕྱེ་བ་མངོན་དུ་གྱུར་པ་ནི་དྲི་མ་མཐའ་དག་དག་ཅིང་ཡོན་ཏན་རྣམ་པ་ཐམས་ཅད་པའི་དོན་གྱིས་སངས་རྒྱས་དངོས་ཡིན་ཞིང་། དེ་ནས་སངས་རྒྱས་ནང་ཁོ་ནའི་སྤྱོད་ཡུལ་ཅན་ཡིན་པས་སྒྲིབ་པ་དང་བཅས་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ལ། འོན་ཀྱང་སངས་རྒྱས་རྣམས་ནི་གཞན་དོན་འབའ་ཞིག་གིས་རབ་ཏུ་ཕྱེ་བའི་ཕྱིར། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་ནུས་པའི་འཕེན་ཤུགས་བསམ་གྱིས་མི་ཁྱབ་པ་དག་ལས་ཇི་ལྟར་ཡིད་བཞིན་གྱི་ནོར་བུས་སེམས་ཅན་གྱི་རེ་བ་སྐོང་བ་ལྟར། ཡེ་ཤེས་ཀྱི་སྐུ་དེ་ཉིད་བདག་པོར་གྱུར་པའི་ཚུལ་གྱིས་སྐུ་གསུང་ཐུགས་ཀྱི་སྣང་བརྙན་སེམས་ཅན་རང་གི་རྒྱུད་ཀྱི་ཁྱད་པར་ཡོངས་སུ་སྨིན་པའི་ཉེར་ལེན་ལས་སྣང་བ་དག་འབྱུང་བ་ཡིན་ཏེ། རེ་ཞིག་ཉོན་མོངས་པའི་སྒྲིབ་པས་རྣམ་པར་དག་ཀྱང་། ཤེས་སྒྲིབ་ཀྱིས་ཡོངས་སུ་བཟུང་བའི་རྒྱུད་ཀྱི་ཁྱད་པར་ཅན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་ལ་ལོངས་སྤྱོད་རྗོགས་པའི་སྐུ་མཚན་དཔེ་དང་། ཞིང་དང་། ཆོས་དང་། འཁོར་དུས་སོགས་ངེས་པ་ཅན་དུ་སྣང་བ་ཡིན་ལ་ཉོན་མོངས་པའི་སྒྲིབ་པ་ཙམ་གྱིས་དག་པ་དང་། དེས་མ་དག་ཀྱང་སྤྱིར་རྒྱུད་ཡོངས་སུ་དག་པ་དག་ལ་དེའི་ཆ་མཐུན་སྤྲུལ་པའི་སྐུ་གསུང་ཐུགས་དང་མཛད་པའི་ཁྱད་པར་དག་སྣང་ལ། དེ་ལའང་རིགས་ཅན་སོ་སོའི་རྒྱུད་ཀྱི་ཁྱད་པར་ལས། ཐེག་པ་ཆེན་པོ་པ་རྣམས་ལ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དག་སར་ཆུད་པ་རྣམས་ལ་དམ་པའི་ཆོས་ཕལ་པོ་ཆེ་ལ་སོགས་པ་ནས་འབྱུང་བ་ལྟར་སྣང་བ་ལས་ནི་དམན་ལ། ཉན་རང་ལ་སོགས་ལ་བལྟོས་ཏེ་ནི་དེ་དག་བསམ་གྱིས་མི་ལང་བ་དག་སྣང་བ་སྟེ། དེའང་ཉན་ཐོས་རྣམས་ལ་ནི་རང་གི་རྒྱུད་ཁོ་ནའི་རྐྱེན་ཅན་གྱི་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་ཅན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་དག་ཀྱང་མཉམ་པར་བཞག་པ་ལས་མངོན་དུ་མཛད་དེ་ཤེས་བྱ་རིམ་གྱིས་མཁྱེན་པ་ཅན་དང་། མཁྱེན་པ་ཇི་ཙམ་པས་མངོན་རྟགས་སུ་གྱུར་པའི་ཆོས་བདེན་བཞིས་བསྡུས་པ་དག་གསུང་ཞིང་། ཡོངས་སུ་མྱ་ངན་ལས་འདས་པ་ན་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཤེས་བརྗོད་ཀྱི་རྒྱུན་ཆད་དེ་སྙོམས་པར་ཞུགས་པ་ཙམ་དུ་སྣང་ལ། དེ་བས་ཀྱང་སྐལ་བ་དམན་པ་རང་ཅག་ལྟ་བུ་རྣམས་ལ་ནི་ད་ལྟར་སློབ་དཔོན་གྱི་གཟུགས་སུ་སྣང་བ་ལས་ཆོས་དེ་དང་དེ་སྟོན་པ་ལའང་སངས་རྒྱས་ཀྱི་ཡེ་ཤེས་བདག་པོར་གྱུར་པ་ཡིན་ནོ། །གོང་མའི་བུམ་དབང་ནས་རྒྱུད་སྡེ་འོག་མའི་བར་བསྒྱུར་བའི་ལམ་དུ་བྱས་པ་དག་ལ། པད་མོ་ཅན་གྱིས་སར་བཞག་ནས། བྱ་བའི་རྒྱུད་དུ་ནི་ལྷའི་རྣལ་འབྱོར་དང་། ལྷ་དེ་དང་དེ་དག་གིས་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལས་གཙོ་བོར་བཟླས་པའི་བསམ་གཏན་གང་ཡང་རུང་བ་ལ་འབད་པས་རིག་པ་འཛིན་པའི་སའི་གནས་ལུས་ལོངས་སྤྱོད་དུ་སྣང་བ་དང་། གཙོ་བོར་གཞན་དོན་གྱིས་སྒོ་རྣམས་གཟུངས་ཉིད་དུ་སྣང་བས་བྱེད་ཅིང་། གཞན་དག་ཕྱག་རྒྱས་ཀྱང་སྒྲུབ་པ་སྟེ། དེ་ཡང་བདག་གིས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལས་སྣང་བའི་གནས་ལུས་ལོངས་སྤྱོད་དུ་སྣང་བ་ནི་སྐུ་དང་། གཟུངས་སྔགས་གསུང་། ཕྱག་རྒྱ་ཐུགས་སམ། རང་སའི་སྐུ་གསུམ་མམ་བཞིར་འགྱུར་ལ། དེ་དག་ལྷར་སྣང་བའི་དབང་གཙོ་བོར་གཟུང་བ་ལས་ནི་འཇིག་རྟེན་ལས་འདས་པའི་རིགས་གསུམ་དང་། སྤྲུལ་སྐུའི་མཛད་པའི་དབྱེ་བས་དེ་དག་གིས་འཁོར་འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་གིས་བསྡུས་ཤིང་། དེའི་གཙོ་བོའི་དབང་བསྟན་པ་ཉེ་བར་གཟུང་ནས་རྗོད་བྱེད་ཀྱི་རྒྱུད་ཀྱང་དྲུག་ལ་སོགས་པར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱེ་བ་ཡིན་ནོ། །སྤྱོད་པའི་རྒྱུད་དུ་ནི་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལ་སོགས་པ་ལས་ཡང་དག་པར་འདས་ཏེ། མོས་པས་སྤྱོད་པའི་ས་ལ་འདུག་ནས་ལྡང་བའི་སེམས་གསུམ་མངོན་དུ་བྱེད་ཏེ་དེ་ཉིད་ལྷ་དང་སྔགས་ཀྱི་བསམ་གཏན་གཙོ་བོར་གྱུར་པ་དང་སྦྱར་བ་དག་ས་ལ་འཇུག་པ་སོགས་སུ་གོམས་པ་ལས་ཇི་ལྟར་རིག་པར་བདེན་པ་མཐོང་ཞིང་མངོན་པར་ཤེས་པ་ལ་སོགས་པའི་གྲུབ་པའི་ས་བཅུར་ཕྱེ་བ་དག་བགྲོད་པའི་མཐར་ཀུན་ཏུ་སངས་རྒྱས་པའི་སར་ཡེ་གེ་བཞིའི་རིམ་གྱིས་མངོན་པར་བྱང་ཆུབ་པ་བཞི་མངོན་དུ་བྱས་པ་ལས། སེམས་གསུམ་གྱི་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་དྲི་མ་མེད་པའི་མཚན་ཉིད་ཅན་ལས། ལམ་དུ་ཇི་ལྟར། སྒྱུར་བ་དང་མཐུན་པའི་སྐུ་མི་ཟད་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་ཡོན་ཏན་གྱི་ཆོས་མ་ལུས་རྟེན་དང་བརྟེན་པའི་ལྷར་སྣང་བས་རབ་ཏུ་ཕྱེ་བའི་འཁོར་ལོར་སྣང་བ་དང་། གསུང་མི་ཟད་པ་ཡི་གེ་འཁོར་ལོའི་དཀྱིལ་འཁོར་དུ་འབྲས་བུའི་ཡོན་ཏན་ཐམས་ཅད་ཡི་གེའི་དཀྱིལ་འཁོར་དུ་སྣང་བ་དང་། ཐུགས་མི་ཟད་པ་ཕྱག་རྒྱའི་དཀྱིལ་འཁོར་དུ་དེ་དག་ཕྱག་རྒྱར་སྣང་བ་སྟེ། རང་སའི་སྐུ་གསུམ་མམ་བཞི་ལ་སོགས་པར་ཡང་འགྱུར་ལ། འབྲས་བུའི་དཀྱིལ་འཁོར་གསུམ་པོ་དེ་དག་གི་དབང་ལས་རིགས་ཀྱང་གསུམ་དུ་ཕྱེ་ཞིང་རྗོད་བྱེད་ལ་ཡང་ངོ་། །རྣལ་འབྱོར་གྱི་རྒྱུད་དུ་སྲིད་པ་ཐ་མ་པར་གྱུར་པ་ན་འོག་མིན་དུ་མངོན་བྱང་ལྔ་མངོན་དུ་བྱས་པ་ལས་ལོངས་སྐུར་གྱུར་ཏེ། སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པའི་བར་གྱིས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་མངོན་དུ་གྱུར་ཏེ། རིགས་ཐམས་ཅད་ཀྱི་ཆོས་སྟོན་པ་པོར་དབང་ཐོབ་ནས། ལོངས་སྐུ་ལས་སྤྲུལ་པའི་རིགས་ལྔ་ལས་སྐུ་རྩ་དཀྱིལ། གསུང་ཆོས། ཐུགས་གཟུངས། འཕྲིན་ལས་ལས་དཀྱིལ་གྱི་བར་དག་དུམ་བུ་བཞིས་འདུལ་བའི་གདུལ་བྱའི་རྒྱུད་དང་འཚམ་པར་རིགས་སོ་སོར་སྣང་ཞིང་། དེ་ཡང་རྒྱས་བསྡུས་བར་གསུམ་ལ་མོས་པའི་ཁྱད་པར་ལས་དཀྱིལ་འཁོར་རྒྱས་པ་དང་ཕྱག་རྒྱ་བཞི་གཅིག་སོགས་སུ་བྱུང་སྟེ། ཐམས་ཅད་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ཆོས་མཐའ་དག་ལྷ་དང་ཡི་གེ་ལ་སོགས་པར་སྣང་བ་ཉིད་ལམ་དུས་སུ་ལམ་གྱི་ཆོས་མཐའ་དག་དེ་དང་དེར་བསྒྱུར་ཞིང་། གཞི་ལ་ལྟོས་ཏེ་ཉོན་མོངས་བསྒྱུར་བར་ཡང་སོང་བས་ལམ་འབྲས་མངོན་རྟོགས་མཐུན་པར་འབྱུང་ཞིང་། དེ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབྱིབས་རིགས་ལྔར་འདུ་ཞིང་། གདུལ་བྱའི་དབང་གི་དབྱེ་བསྡུས་རྗོད་བྱེད་དུམ་བུ་བཞིར་གནས་པ་ཡིན་ནོ། །བླ་ན་མེད་པའི་བུམ་དབང་དུ་སྣང་སྐབས་ཀྱི་འབྲས་བུའི་སྣང་བ་རང་གི་ཕུང་ཁམས་སྐྱེ་མཆེད་ཁོ་ནའི་གནས་སྐབས་ཀྱི་འཁྲུལ་པ་བསྒྱུར་བ་ལས་འབྱང་བའི་རིགས་གཅིག་ནས་རིགས་བརྒྱའི་བར་གྱི་དཀྱིལ་འཁོར་རྟེན་བརྟེན་པའི་ངོ་བོར་སྣང་བ་དང་། རིགས་དེ་དག་ཀྱང་རྩ་ཁམས་ཀྱི་དབྱེ་བ་ཁོ་ན་ལས་སྣང་བས་དེའི་རླུང་བཅིངས་པ་ལས་འབྱུང་བའི་ངག་སྔགས་དང་། ཡིད་རང་སའི་བདེ་སྟོང་དགའ་བའི་མཚན་ཉིད་ཅན་རྣམས་ནི་སྐུ་གསུང་ཐུགས་སམ་སྐུ་གསུམ་དང་བཞིར་ཕྱེ་བ་རང་སའི་དབང་དུ་བྱས་པ་དག་ཡིན་ལ། གསང་བའི་དབང་གི་བྱང་ཆུབ་ནི། ངག་རྡུལ་གྱི་ཆོས་དག་པ་ལ་བཞག་པའི་ཕྱིར། ཡེ་གེ་འཁོར་ལོ་ཚོགས་ཆེན་གྱི་སར་བཞག་ལ། རྩ་དག་པར་བདག་རྐྱེན་ཅན་གྱི་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་པར་ཤར་བའི་སྣ་ཚོགས་གཟུགས་དང་། གཙོ་བོར་རླུང་དག་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པར་འགྱུར་བས་སྐད་རྣམས་པ་ཐམས་ཅད་པའམ་ལོངས་སྐུའི་སྐད་ཅེས་བྱ་ལ། དེ་ཡང་མགོན་པོ་བཞིའི་རྒྱུ་བའི་ངེས་པ་ལས་དང་། འཁོར་ལོ་དྲུག་ཡོན་ཏན་གསུམ་གྱིས་ཕྱེ་བ་རྣམས་ལ་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་རྣམས་སུ་འཇོག་གོ །དེ་བཞིན་དུ་ཤེས་རབ་ཡེ་ཤེས་སུ་ནི་དེ་མཐའ་དག་ཞུ་བའི་བདེ་བ་ཉིད་ཀྱི་རྒྱུ་འབྲས་ཀྱི་ཆོས་ལ་བརྩེ་བ་སྟེ། དེ་ཡང་ཐུགས་མི་ཕྱེད་པ་ལྷན་སྐྱེས་ཀྱི་ཆོས་ལ་བཞག་པའི་ཕྱིར། རྡོ་རྗེ་འཆང་བའི་སར་བསྙད་ལ། འདི་དག་ཏུ་ནི་འདོད་པའི་གནས་སྐབས་བཅུ་དང་། ཁམས་ལས་འབྱུང་པའི་དགའ་བ་སོགས་ཐིག་ལེའི་རྣམ་པར་འགྱུར་བ་བཞི་དང་། འཁོར་ལོ་དྲུག་ཏུ་ཐིམ་ལོངས་སྤྱོད་བདག་པོའི་ཐིག་ལེ་འམ། ཡང་ན་དཀར་དམར་འདྲེས་པའི་དུས་ཉིད་ཀྱི་འབྱུང་བ་བཞི་དང་། ཁམས་དྲུག་ཡོན་ཏན་གསུམ་གྱི་ཕྱེ་བ་རྣམས་ལ་སྟོབས་སོགས་དང་། དེའི་རྟེན་གྱི་ངོས་ནས་མཚན་སོགས་ལྔར་ཕྱེ་བ་དག་སྟེ། རིམ་པ་དེ་འདྲ་བས་སྐུ་བཞིའམ་གསུམ་ལ་སོགས་པར་འགྱུར་རོ། །མྱ་ངན་ལས་འདས་པའི་ཕྱོགས་དབང་བཞི་པའི་ལམ་གྱི་ངེས་པ་ལས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པར་ལམ་གྱི་འབྲས་བུས་མཐར་ཐུག་པ་ཡེ་ཤེས་བླ་མའི་སའི་ངེས་པ་ཉིད་ཀྱིས། གཞིའི་གནས་ཚུལ་བསལ་བཞག་ཐམས་ཅད་དང་བྲལ་བ་དེ་ཉིད། ཁམས་རླུང་གི་གཡོ་བ་ལས་བྱུང་བའི་འཁྲུལ་པའི་དྲི་མ་ཕྲ་བས་ཀྱང་མ་བསླད་པའི་ངོ་བོར་མངོན་དུ་གྱུར་པ་སྟེ། འདི་ནི་དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་བྱར་བརྗོད་པ་ཡིན། །ཞེས་འབྱུང་བ་ལྟར་རིས་ཡོངས་སུ་བཅད་པ་དང་བྲལ་པས་ནམ་མཁའ་ལྟར་ཐམས་ཅད་དུ་ཁྱབ་པ་ཡང་ཡིན་ལ། རང་གི་ངོ་བོ་སྐྱེ་འགག་དང་བྲལ་བ་ཉིད་ཀྱིས་ཟད་པ་མེད་པའང་ཞིང་ཁམས་ཀྱི་རྣམ་པར་དབྱེ་བ་དང་བྲལ་བ་དང་། ཤེས་བརྗོད་ཀྱི་ཡུལ་མཐའ་དག་ལས་འདས་པས་ཡོན་ཏན་ཞིང་མཛད་པ་སོགས་གྲངས་སུ་བགྲང་བ་ལས་ཡང་དག་པར་འདས་ཤིང་། ཡང་རྒྱ་ཆད་ཕྱོགས་ལྷུང་མེད་པའི་སེམས་ཀྱི་རང་བབས། མངོན་དུ་གྱུར་པའི་གནས་སྐབས་ཡིན་པའི་ཕྱིར། སྔར་བསྟན་པའི་ལམ་འབྲས་སྲིད་དོ་ཅོག་དང་། དེར་མ་ཟད་བརྟན་གཡོ་ཐམས་ཅད་ཀྱི་ངོ་བོར་བདག་པོར་གྱུར་པ་ཉིད་ཀྱིས་ལྷུན་གྲུབ་ཏུ་འཆར་བ་ཡིན་ནོ། །གནས་སྐབས་སུ་སོ་སོ་བར་བཞག་པ་ཐམས་ཅད་བརླ་དང་བཅས་པ་ཞེས་བྱ་ལ། སོ་སོ་དེ་ལྟ་བུར་སྦྱངས་པ་ལས། མཐར་ཐུག་བགྲོད་པ་གཅིག་པའི་ངེས་པར་འབྱུང་བ་གཅིག་པུ་ཉིད་བདེ་བ་ཆེན་པོའི་ས་ཞེས་བྱ་ལ། གཞིའི་གནས་སྐབས་ཀྱི་འཁྲུལ་པ་བཞི་རྣམ་པར་དག་པ་བྱས་པ་ལས་གདོད་མའི་སྒྲིབ་པ་མེད་པ་སོགས་མངོན་དུ་གྱུར་པ་ཉིད་ལ་ཇི་ལྟར་རིགས་པར་རིམ་པ་བཞིན་དུ་སྒྱུ་འཕྲུལ་དྲ་བ་དང་། རྣམ་པ་ཉི་ཤུ་དང་། རྣམ་པ་ལྔ་དང་། སྐད་ཅིག་མ་གཅིག་གི །བྱང་ཆུབ་པའི་མཚན་ཉིད་ཅན་གྱི་སྐུ་བཞི་དང་། དམ་ཚིག་སེམས་དཔའ་ལ་སོགས་པའི་སེམས་དཔའི་བཞི་དང་། གཞི་དང་ལམ་དང་རྣམ་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། རྡོ་རྗེ་བཞིའི་དབྱེ་བས་སྐུ་བཞིར་ཡང་རྣམ་པར་བཞག་པ་སྟེ། དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ཏུ་གནས་སོ། །སྐུ་ཇི་སྙེད་པ་དེ་སྙེད་ཀྱི་གསུང་དང་། སྐུ་དང་གསུང་། ཇི་སྙེད་པ་དེ་སྙེད་ཀྱི་ཐུགས་དག་ཀུན་ཏུ་གནས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་ན་སེམས་ཅན་གྱི་ཁམས་ཚད་མེད་པ་ཡིན་པས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རབ་འབྱམས་ཚད་མེད་པ་ཁོ་ནར་རྟོགས་པར་བྱའོ། །ཞེས་འབྱུང་པ་ལ་སོགས་དང་། དཔལ་ལྡན་རྒྱུད་དུ། ལུས་ནི་དང་ཞིང་ཕྲ་རབ་རྡུལ་ཕྲན་རྣམས་ཀྱི་ཉམས་པ་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་དག་ཀྱང་དང་ཞིང་སྒྲིབ་པ་བྲལ་བ་རྨི་ལམ་རྨི་བ་བཞིན་དུ་སྣང་། སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་ཡོངས་གང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་སོགས་རྒྱ་ཆེར་འབྱུང་བ་དག་སྟེ། མདོར་ན་སེམས་ཀྱི་བབས་ཡན་ལག་བདུན་ལྡན་སྒྲིབ་བྲལ་དེ་ཉིད་དུ་མངོན་དུ་གྱུར་པ་ལས་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པར་འཆར་ཞིང་། འཕྲིན་ལས་རྣམ་པ་ཐམས་ཅད་པ་འཁོར་བ་ཇི་སྲིད་པར་འབྱུང་ལ། རང་གི་ངོ་བོ་ཉིད་ལས་བཞག་པ་ཐམས་ཅད་དང་བྲལ་ཞིང་ཅི་ཡང་འབྱུང་བ་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་ལྟར་མཉམ་སྦྱོར་གྱི་འགྲེལ་པ་ལས། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དང་། པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་བ་དང་། ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་རིམ་པ་བཞིན་དུ་སྦྱངས་ཤིང་། ཅིག་ཅར་ཐོབ་པའོ་ཞེས་དང་། མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས་སོ། །དེ་ལྟར་རྒྱས་པར་བཤད་ཟིན་ནས། དོན་བསྡུ་བའི་ཕྱིར་འདི་ལྟར་སྨྲས་ཏེ། ངོ་སྤྲོད་གཉིས་དང་དབྱེ་བ་གསུམ། ཕྲ་རྒྱས་དང་སི་ལུ་འཕྲོས་པ་དང་བཅས་པས་དབྱིངས་ཨེ་ལས་རིག་པ་ཝཾ་འཆར་བའི་ཚུལ་གྱིས་རང་བཞིན་གཞིའི་རྟེན་འབྲེལ་རྣམ་པར་བཞག་ལ། ཆོས་ཚན་བར་པ་བཞིས་སྐྱེ་མེད་ཨེ་ལས་ཝཾ་འགག་མེད་དུ་འཆར་བའི་རྣམ་པ་ལམ་གྱི་རྟེན་འབྲེལ་བཞག་ཅིང་། མཉམ་གཞག་བརྟན་པར་བྱེད་པ་ལས་གཅིག་ཆོག །རྗེས་ཐོབ་རྩལ་རྗོགས་པ་ལས་བྱང་ཆུབ་ཀྱི་སེམས་སུ་རྩལ་སྦྱོང་། ལམ་དང་འབྲས་བུ་ལ་རྩལ་སྦྱོང་། དུས་ཐབས་ཀྱི་གནད་ཤེས་པས་རྩལ་སྦྱོང་། ལག་ལེན་ཤེས་པས་རྩལ་སྦྱོང་བ་ཞེས་རྣམ་པར་བཤད་པའི་ཕྱི་མ་འབའ་ཞིག་གི་ཕྱིའི་རྟེན་འབྲེལ་ལས། དབང་བཞི་དང་སྤེལ་སྦྱང་། ནང་ལས་ཆ་སྙོམས། གསང་བ་ལ་བཞི་སྒྲོམས། དྲུག་གསུམ་བཅོ་བརྒྱད། ངེས་ཅན། ངེས་མེད། རྟགས་དང་བཅས་པ། ཞར་ལས་དག་སྣང་ཞིང་སྦྱོང་། ཆོས་བརྒྱད་མགོ་སྙོམས། བྱམས་ཁྲིད། ཁྲིད་ཆུང་བརྒྱད་ལ་སོགས་པ་རྣམ་པར་དབྱེ་བ་དུ་མ་ཞིག་བྱུང་བ་ཡིན་ལ། རྩ་བ་ནི་མཉམ་རྗེས་གཉིས་སུ་འདུའོ། །ཆོས་ཚན་ཕྱི་མ་འབའ་ཞིག་ཇི་ལྟ་བ་ཨེ་ལས་ཝཾ་ཇི་སྙེད་པར་འཆར་བ་མཐར་ཕྱིན་འབྲས་བུའི་རྟེན་འབྲེལ་བཤད་པའི་ཕྱིར་གསུངས་པ་དེ་བས་ན། རྣམ་པ་ཐམས་ཅད་དུ་གཞི་ལམ་འབྲས་བུ་གསུམ་ཆོས་ཐམས་ཅད་མི་འཆུག་པར་སྡོམ་པ་ཡིན་ནོ་ཞེས་བྱ་བར་ཡང་ཤེས་པར་བྱའོ། བློ་ཆེན་འདོད་པའི་ཕོ་ཉའི་བཞིན་རས་ལ། །རྒྱ་སྐྱེགས་ཁུ་བ་རབ་བྱུག་ཚིག་སྦྱོར་གྱི །རི་དྭགས་མིག་ཅན་དོན་བཟང་མངལ་གྱི་ཁུར། །ལྕི་བས་དུབ་འདི་དད་པའི་གྲོང་ནས་སོང་། །དེར་ནི་ལུང་རིགས་སྨིན་འཁྱོག་གཞུ་བཀང་ནས། །རིགས་པ་ཟུར་མིག་མདའ་རྣོན་ཅི་ཡང་གིས། །ཐར་འདོད་ནགས་སུ་རིག་བྱེད་རི་དགས་མོ། །ཡུགས་སས་འདེབས་ལ་འཕོང་མཁས་ནོར་བཟང་ལྟའི། །དྲི་མས་རབ་དབེན་ཡོངས་རྫོགས་ཟླ་བཞིན་མ། །ཐུབ་པའི་གཞུང་ལུགས་ཀུ་མུཏ་མཛའ་བོ་དང་། །ཆགས་པའི་དགའ་མགུར་དུས་བཞིའི་མཚན་མོ་འདི། །ཇི་སྲིད་དར་བའི་མཁའ་ལ་སྤྱོད་གྱུར་ཅིག །ཕལ་ཆེར་ཉེས་བཤད་ཟ་མའི་བློ་འདྲིད་ཀྱི། །དྲི་མས་རྒྱལ་བའི་བསྟན་ལ་གཡེམ་པར་སེམ། །ལ་ལ་ཀུན་རྟོག་སོམ་ཉིའི་མ་ནིང་ལ། །ཞུགས་ནས་ཐུབ་གཞུང་རིགས་རྒྱུད་གཞག་པར་རློམ། །འཇམ་མགོན་བླ་མའི་ལེགས་བཤད་ཐུར་མས་བློ་གྲོས་མིག །ལེགས་པར་ཕྱེ་ཚེ་རྒྱལ་བའི་ཆོས་ཚུལ་སྔོན་རབས་སུ། །སྦས་པ་དང་འདྲ་ངོ་མཚར་ལྟད་མོའི་གཟུགས་བརྙན་རྣམས། །རི་མོར་བྲི་ལ་གྲངས་མེད་བཤད་པའི་པིར་འདི་སྦྱར། དེ་ལྟར། རྟེན་འབྲེལ་ཁོ་བོ་ལུགས་ཞེས་གྲགས་པ་ཆོས་ཐམས་ཅད་ཀྱི་སྙིང་པོ་རྣམ་པར་བཤད་པའི་འགྲེལ་པ་ཞིབ་མོ་རྣམ་པར་འཐག་པ་གྲུབ་པ་མཆོག་རྣམས་ཀྱིས་རྗེས་སུ་བཟུང་བའི་འབངས། །ལུང་དང་རིགས་པ་སྨྲ་བའི་ནང་ནས་ཕུལ་དུ་བྱུང་བའི་བློ་ཅན་ཤར་ཀོང་པོའི་པཎྜྻི་ཏ་པདྨ་དཀར་པོས། གཙང་ཤར་ཁ་གཞུང་གི་སའི་ཐིག་ལེ་ཆོས་སྨྲ་བའི་ནགས་ཁྲོད་རྒྱལ་བྱེད་ཀྱི་ཚལ་དུ་སྦྱར་བ་བསྟན་པ་དར་བའི་རྒྱུར་གྱུར་ཅིག། །།མངྒ་ལཾ།།


previousརྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་ཞིབ་མོ་རྣམ་པར་འཐག་པ།next