Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
རྒྱུད་གསུམ་ངོས་འཛིན་གྱི་ཡི་གེ་ཕྱིན་ཅི་མ་ལོག་པའི་གཏམ།
   
   
   
   
   


 
previousརྒྱུད་གསུམ་ངོས་འཛིན་གྱི་ཡི་གེ་ཕྱིན་ཅི་མ་ལོག་པའི་གཏམ།next

རྒྱུད་གསུམ་ངོས་འཛིན་གྱི་ཡི་གེ་ཕྱིན་ཅི་མ་ལོག་པའི་གཏམ།

རྒྱུད་གསུམ་ངོས་འཛིན་གྱི་ཡི་གེ་ཕྱིན་ཅི་མ་ལོག་པའི་གཏམ་ཞེས་བྱ་བ་བཞུགས་སོ། །འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ། །རྟོགས་དཀའ་དཔལ་ལྡན་རྡོ་རྗེ་ཐེག་པའི་ལུང་། །ཚིག་གི་སྤུན་པར་ཟད་དུ་མ་བཅུག་པར། །དོན་གྱི་སྙིང་པོར་འཁྲིལ་འདི་བཀའ་དྲིན་དུ། །བསམས་ཀྱིན་རྡོ་རྗེའི་སློབ་དཔོན་ལ་ཕྱག་འཚལ། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཨེ་ཡིག་གི་བདག་ཉིད་ཅན་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཝཾ་ཡིག་གི་རང་བཞིན་ཅན་གཉིས་བཟོད་མ་ཉིད་ནས་གཅིག་གིས་གཅིག་ལ་འཁྱུད་པས་རོ་གཅིག་པར་འདྲེས་འདྲེས་པར་གནས་པ་ནི་རྒྱུན་ཆགས་པ་སྟེ། རྒྱུད་ཀྱང་ཡིན་ལ་བརྗོད་པར་བྱ་བ་ཡང་ཡིན་པས་བརྗོད་བྱ་དོན་གྱི་རྒྱུད་ཅེས་བྱ་སྟེ། རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པའོ། །དེ་བརྗོད་བྱར་བྱེད་པའི་རྗོད་བྱེད་ཀྱི་ཚིག་རྣམས་ལ་ཡང་རྒྱུད་ཅེས་རྣམ་པར་གཞག་པ་ཡིན་ནོ། །དེ་ཡང་འགའ་ཞིག་ཏུ་འཁོར་ལོ་སྡོམ་པ་དང་། ཧེ་བཛྭ་དང་། གསང་བ་འདུས་པ་དང་། དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད། མིང་གི་ཐ་དད་པར་ཕྱེ་བ་ལྟར་སྣང་ཡང་། དོན་ལ་རྣམ་པར་དབྱེ་རྒྱུ་སྤུ་ཙམ་ཡང་ཡོད་པ་མ་ཡིན་པས་ཐར་པ་ཞེས་བྱ་བའི་གོ་འཕང་ནི་གཅིག་ཏུ་ཟད་ཅིང་། དེ་བས་ན་དེར་བགྲོད་པའི་ལམ་ཡང་གཅིག་ཏུ་བབས་པས་ཐེག་པ་གསུམ་ལ་སོགས་པ་རྣམས་ནི་གདུལ་བྱ་ལམ་དེ་ལ་ཁ་དྲང་བའི་ཆེད་དུ་གསུངས་པའི་ཕྱིར་དགོངས་པ་ཅན་ཞེས་བྱ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུགས་པའི་ཆེད་དུ་ལགས། །ཞེས་དང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་དང་། རྒྱལ་བ་ཉིད་ཀྱིས་ཀྱང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་གསུངས་སོ། །དེ་བས་ན་ཐེག་པ་གསུམ་མཉམ་པ་ཉིད་ཡིན་པ་དེའི་དབང་གིས། སཱུ་ཏྲ་ཞེས་པ་མདོར་བསྒྱུར་བར་བཀས་བཅད་དུ་བཤད་པ་ཡིན་ལ། དེའི་གོ་དོན་ཡང་སྡེ་སྣོད་གསུམ་མདོར་བསྡུས་པ་ནི་མདོ་ཡིན་པས་མདོ་ཞེས་བྱ་ལ། ཤིན་ཏུ་རྒྱས་པ་ནི་རིག་པ་འཛིན་པའི་སྡེ་སྣོད་ཡིན་པས་སྔགས་ཞེས་བྱའོ། །དེས་ན་མདོར་བཤད་པའི་དོན་རྣམས་རྫོགས་པར་སྟོན་པ་སྔགས་ཀྱི་ཐེག་པ་ལ་རག་ལས་པས་སྡེ་སྣོད་གསུམ་ལས་གཞན་དུ་རིག་པ་འཛིན་པའི་སྡེ་སྣོད་གྲུབ་པ་མ་ཡིན་ཞིང་། རིག་པ་འཛིན་པའི་སྡེ་སྣོད་ལས་ཀྱང་གཞན་དུ་འདུལ་བ་དང་། མདོ་སྡེ་དང་། མངོན་པའི་སྡེ་སྣོད་གྲུབ་པ་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡང་བཞི་ལས་གཞན་མེད་དེ། ལུང་དང་རིགས་པའི་ཚུལ་ལ་བརྟེན་ནས་མཐའ་ཐམས་ཅད་འགེགས་ཤིང་། མཐའ་བྲལ་དུ་ཞེན་པའང་མི་འདོད་པའི་དབུ་མ་པ་དེ་ཡང་རྟགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བལྟོས་པའི་ཕྱིར་རྟོག་པ་ལས་མ་འཕགས་པས་འབྲིང་ཙམ་དུ་ཟད་ལ། ཆོས་ཐམས་ཅད་ཀྱི་གནས་ལུགས་དགག་གཞག་ལ་མ་བལྟོས་པར་བླ་མའི་མན་ངག་གིས་མངོན་སུམ་དུ་གཏན་ལ་ཕབ་པས་ཤིན་ཏུ་ཟབ་པའི་གནས་ལ་གནས་པ་རྡོ་རྗེ་འཛིན་པའི་ལམ་ལ་ཞུགས་པ་རྣམས་ནི་དབུ་མ་ཆེན་པོ་ཞེས་བྱ་སྟེ། ཚུལ་འདི་ལ་དགོངས་ནས་རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་ཤིང་། རྗེ་བཙུན་མཻ་ཏྲི་པས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་གསུངས་སོ། །དེ་ལྟར་བརྗོད་བྱ་དོན་གྱི་རྒྱུད་དེ་ལ་ངེས་པའི་དོན་དུ་དབྱེ་བ་མེད་ཀྱང་། གདུལ་བྱ་གཞན་འཇུག་པའི་ཆེད་དུ་རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་གསུམ་དུ་གསུངས་ཏེ། དང་པོ་ནི། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་གདོད་མ་ནས་ལྷན་ཅིག་ཏུ་སྐྱེས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བ་ལས། གཞན་ཚིག་གི་ལམ་ལས་ཤིན་ཏུ་འདས་ཤིང་། ཡིད་ཀྱིས་བསམ་པའི་ཡུལ་དུ་མ་གྱུར་པ་འདི་ཁོ་ན་ངོ་མ་ཤེས་པས་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་བྱས་པའི་ཕྱིར་འཁོར་བ་དང་། ཇི་ལྟ་བ་རྟོགས་པ་ཉིད་རྣམ་པར་གྲོལ་བའི་ཡེ་ཤེས་སུ་གཞག་པའི་ཕྱིར་མྱ་ངན་ལས་འདས་པ་སྟེ། འཁོར་འདས་ཐམས་ཅད་འདི་ལས་བྱུང་བས་ཐམས་ཅད་ཀྱི་རྒྱུ་ཡང་ཡིན་ལ། འཁོར་བའི་གནས་སྐབས་སུ་ཇི་ལྟར་མཆིས་པ་དེ་ཀ་མྱ་ངན་ལས་འདས་པའི་གནས་སྐབས་སུ་མ་འགྱུར་བར་གནས་གནས་པ་ཉིད་ཀྱིས་རྒྱུན་ཆགས་པ་དེའི་ཕྱིར་རྒྱུད་ཀྱང་ཡིན་པས་རྒྱུའི་རྒྱུད་ཅེས་བྱའོ། །དེ་ཡང་བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་དང་། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ཡིན། །ཞེས་གསུངས་སོ། །དེ་ཡང་ཆོས་ཐམས་ཅད་ལ་ཁྱབ་བྱེད་ཀྱི་ཚུལ་དུ་ཁྱབ་པའི་རང་བཞིན་ཡིན་པས་རང་བཞིན་གྱི་རྒྱུད་དང་། དངོས་པོའི་གནས་ལུགས་ཞེས་ཀྱང་བྱའོ། །དེ་ལྟར་རྒྱུའི་རྒྱུད། རང་བཞིན་གྱི་རྒྱུད། དངོས་པོའི་གནས་ལུགས་ཞེས་བྱ་བ་གསུམ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །གཞན་ཡང་། གཞི་ལ་ཇི་ལྟར་གནས་པ་ལམ་དུ་འགྱུར་ཞིང་འབྲས་བུའི་གནས་སྐབས་སུ་ཡང་དེ་ཀ་ལྟར་གནས་པས་གཞི་ལམ་འབྲས་བུ་གསུམ་རང་བཞིན་དབྱེར་མེད་གཅིག་པ་ཞེས་བྱ་སྟེ། རྒྱལ་བའི་དབང་པོས། གཞི་འབྲས་རང་བཞིན་དབྱེར་མེད་གཞི་ཡིན་ཏེ། །དེ་ལྟར་མ་རྟོགས་རྟོགས་བྱེད་ལམ་ཡིན་ནོ། །རྟོགས་ནས་གཅིག་གྱུར་འབྲས་བུའི་ཆོས་ཉིད་དོ། །ཞེས་གསུངས་སོ། །འོ་ན་གཞི་སྒྲིབ་བཅས་སུ་མི་འདོད་དམ་ཞེ་ན། མི་འདོད་དེ། སེམས་ཅན་གྱི་བློ་ངོ་ལ་བལྟོས་ན་སྒྲིབ་བཅས་སུ་སྣང་ཡང་། རང་གི་ཡིན་ལུགས་ལ་དྲི་མ་ནམ་ཡང་གྲུབ་མ་མྱོང་བས་ན་དྲི་མ་དང་བཅས་པ་ཡང་ཇི་ལྟར་གྲུབ། དེ་བས་ན་དྲི་མ་ཡོད་པར་རྟོག་པ་འགོག་པའི་དབང་གིས་དྲི་མ་མེད་པ་ཞེས་བྱའོ། །དེ་ཡང་རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་སྒྲིབ་མེད་དེ། །ཡང་དག་མིན་རྟོགས་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་ཤིང་། རྒྱལ་བ་ཉིད་ཀྱིས་ཀྱང་། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་སོ། །འོ་ན་སེམས་ཅན་གྱི་བློ་ངོ་ན་ཡིན་པས་ཡིན་གོད་མི་ཆོད་དམ་ཞེ་ན་མི་ཆོད་དེ། སེམས་ཅན་གྱི་བློ་ལ་ཡོད་པ་མི་སྣང་མེད་པ་སྣང་སྟེ། རྗེ་བཙུན་ཆེན་པོས། ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་གསུངས་སོ། །དེ་ཡང་མེད་པ་ཇི་ལྟར་སྣང་སྙམ་ན། རྗེ་བཙུན་བྱམས་པས། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམན་མེད་ཀྱང་སྣང་བ་ཇི་བཞིན་དུ། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་དོན་ལ་མེད་ཀྱང་སྣང་བར་འགྱུར། །ཞེས་གསུངས། རི་མོ་ལ་མཐོ་དམན་མེད་ཀྱང་མཐོ་དམན་དུ་སྣང་གི་འདུག་པ་ལྟར། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་གཟུང་བ་དང་འཛིན་པའི་ཆོས་སྣང་བ་ཡང་དེ་དང་འདྲའོ། །འགའ་ཞིག །རྒྱུའི་རྒྱུད་ཀུན་གཞིའི་རྣམ་ཤེས་ལ་བྱེད་ཅིང་། དེ་སངས་རྒྱས་ཀྱི་སར་གནས་གྱུར་པར་འདོད་པ་ནོངས་ཏེ། ཀུན་གཞི་རྣམ་ཤེས་སངས་རྒྱས་ཀྱི་སར་རྣམ་པར་ཤེས་པ་མ་ཡིན་པར་སོང་བས་རྒྱུན་ཆད་པའི་ཕྱིར་རྒྱུད་དུ་མི་རུང་ལ། རྣམ་ཤེས་རང་དུ་བསྡད་ན་གནས་གྱུར་པའི་རྣམ་གཞག་འཇིག་སྟེ་གནས་མ་གྱུར་པར་འདུག་པའི་ཕྱིར་རོ། །དེ་ལྟར་རྒྱུའི་རྒྱུད་དེ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། དེའི་རྟེན་ཀུན་ད་ལྟ་བུ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་གསུངས་སོ། །ཀུན་རྫོབ་ཀྱི་བྱང་སེམས་དེ་ཡང་ལས་ཀྱི་རླུང་གིས་ཁ་བདག་བྱས་པ་ནི་སྙིགས་མ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་རླུང་གིས་བྱས་པ་ནི་དྭངས་མ་ཞེས་བྱ་སྟེ་རླུང་སེམས་ཐ་མི་དད་པ་ཞིག་གོ །རླུང་སེམས་དེ་ཡང་རྩ་དབུ་མ་ལས་ཕྱིར་ཕྱོགས་ནས་ལས་བྱེད་པ་རྣམས་ནི་ལས་ཀྱི་རླུང་ཞེས་བྱ་སྟེ་རྣམ་པར་རྟོག་པ་ཐམས་ཅད་སྐྱེད་པའི་རྒྱུ་ཡིན་ནོ། །དབུ་མའི་ནང་དུ་ཕྱོགས་པ་རྣམས་ནི་ཡེ་ཤེས་ཀྱི་རླུང་ཞེས་བྱ་སྟེ་རྣམ་པར་མི་རྟོག་པ་སྐྱེད་པའི་བྱེད་པ་པོའོ། །དེ་ལྟ་བུའི་དབུ་མ་དེ་རྩ་ཐམས་ཅད་ཀྱི་རྩ་བ་ཡིན་མོད་ཀྱང་། མདུད་པ་དོག་པོས་བཅིངས་པས་རོ་རྐྱང་ལ་སོགས་པའི་རླུང་ནང་དུ་འཇུག་མི་ཐུབ་པར་ཕྱི་རོལ་གྱི་བུ་གར་འགྲོ་ལ། དེ་སྲིད་རོ་རྐྱང་ལ་སོགས་པ་འཁོར་བའི་རྩར་གཞག་ལ། རྩའི་མདུད་པ་བྲལ་བ་ཚུན་ཆད་ནས་ཐམས་ཅད་ཀྱི་ལས་ནང་དུ་བལྟས་ནས་བྱེད་པའི་ཕྱིར་མྱ་ངན་ལས་འདས་པའི་རྩར་དག་པ་ཞེས་བྱ་སྟེ། དོན་དུ་རྩ་ཐམས་ཅད་དབུ་མར་གྲུབ་ལ། དེས་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་འགྲོ་བ་དང་། ཚུལ་དེ་ཉིད་ཀྱིས་ཁམས་ཐམས་ཅད་དྭངས་མར་གནས་པ་ཡང་ཤེས་པར་འགྱུར་བས་ཕུང་སོགས་ཀྱི་སྙིགས་མ་དོན་ལ་ཡོད་པ་མ་ཡིན་པས་སྦྱང་དུ་རུང་ཞིང་། ལུས་ཐམས་ཅད་དྭངས་མ་ཡེ་ཤེས་ཀྱི་སྐུར་དོན་ལ་གནས་པས་འགྲུབ་ཏུ་རུང་བ་ཡིན་ནོ། །དེ་ལྟར་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལས། འདི་ལྟར་དབུ་མ་ཐམས་ཅད་ཀྱི། །ཁྱབ་བྱེད་དུ་ནི་རྣམ་པར་གནས། །ཞེས་སོ། །བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་། རླུང་དང་རྩ་རྣམས་རོ་གཅིག་ཏུ་འདྲེས་པའི་ཕྱིར་རྣམ་པར་དབྱེ་བ་མེད་མོད། གནས་སྐབས་སུ་རྟེན་དང་བརྟེན་པ་ལྟ་བུར་ཡང་སྣང་བས། ལུས་དངོས་པོའི་གནས་ཚུལ་དང་། སེམས་དངོས་པོའི་གནས་ཚུལ་གཉིས་སུ་ཡང་གསུངས་སོ། །དེ་ལ་ལུས་ཀྱི་གནད་མ་ཤེས་ན་ཡེ་ཤེས་ལུས་ལ་གནས་ཀྱང་འཆར་བར་དཀའ་བའི་ཕྱིར། ཐོག་མར་ལུས་དངོས་པོའི་གནས་ཚུལ་བསྟན་པ་ཡིན་ཏེ། སམྦུ་ཊ་ལས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་ཆོ་གས་ཀྱང་། །ལུས་ཀྱི་དེ་ཉིད་མི་ཤེས་ན། །དེ་ཡི་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་པ་ཡིན་ནོ། །དེ་ཡང་བ་ལ་འོ་མ་ཡོད་པར་གྲུབ་ཀྱང་རྭ་རྩེ་ནས་འཐེན་ན་མི་ཡོང་། ནུ་ཁ་ནས་འཐེན་ན་ཡོང་བ་ལྟར། ལུས་ལ་ཡེ་ཤེས་གནས་པའང་ཐ་མལ་གྱི་དུས་སུ་ལྟེ་བར་སེམས་གནས། གཉིད་སྟུག་གི་ཚེ་སྙིང་གར། རྨི་ལམ་གྱི་ཚེ་མགྲིན་པར། སྙོམས་འཇུག་གི་ཚེ་སྤྱི་བོར་གཏད་ན་འཕྲལ་དུ་ཡེ་ཤེས་སྐྱེ་བར་འགྱུར་ལ། གཞན་དུ་མ་ཡིན་ནོ། །མདོར་ན་རྩ་སྙིགས་མར་གནས་པ་ཚུན་ཆད་ཁམས་གསུམ་འཁོར་བའི་ཡུལ་སར་སྣང་ལ། རྩ་དག་པ་ནས་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་སུ་འཆར་བ་དང་། དེ་བཞིན་དུ། རླུང་སེམས་མ་སྦྱངས་ཕན་མ་དག་གི་སེམས་ཅན་དུ་སྣང་ལ། འབྱོངས་ནས་སངས་རྒྱས་ནང་ཕན་ཚུན་ལས་གཞན་དུ་མི་སྣང་བས། ཆོས་ཐམས་ཅད་ཆོས་ཀྱི་སྐུ་ཡིན་ཞེས་པའི་གྲུབ་པའི་མཐའ་ནི་ཕྱིར་མི་ལྡོག་པའི་སེམས་དཔའ་ཁོ་ནའི་སྤྱོད་ཡུལ་ཏེ། གཞན་གྱིས་བློས་འཁྱུད་པར་དཀའ་བ་བདེན་པ་ཞིག་གོ །རྩ་སོགས་སྙིགས་མ་ནི་དྭངས་མར་བློ་ངོ་ལ་བལྟོས་ནས་གནས་གྱུར་ཡིན་ཏེ། སྔར་འཁོར་བ་ཡིན་པ་ཞིག་ཕྱིས་མྱང་འདས་སུ་སོང་བར་སྣང་བས་དང་། ཡིན་ལུགས་ཡིན་བཞིན་དུ་ཤར་བས་དོན་གྱི་གནས་ཚུལ་ལ་གནས་གྱུར་པར་མི་འདོད་དོ། །དེ་ལྟར་རྒྱུའི་རྒྱུད་ཤེས་བྱར་བསྟན་ནས་ཐབས་ཀྱི་རྒྱུད་བརྟེན་པར་བྱ་བ་ཡིན་ཏེ། དེ་ལ་སྐལ་བ་མེད་པ་རིམ་གྱིས་འཇུག་པ་དང་། སྐལ་བ་དང་ལྡན་པ་ཅིག་ཅར་དུ་འཇུག་པའི་རིམ་པ་གཉིས་ལས། དང་པོ་ནི། བརྟག་གཉིས་ལས། སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་གསུངས་པས། དང་པོར་ཡན་ལག་བརྒྱད་པའི་ཁྲིམས་ཙམ་ཕོག་ནས་དགེ་བའི་རྩ་བ་ལ་ཁ་དྲང་། དེ་ནས་ཁྱིམ་པ་དང་རབ་ཏུ་བྱུང་བའི་སྡོམ་པ་སྦྱིན། བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་བཅུག་སྟེ་ལེགས་པར་ཤེས་ནས། མདོ་སྡེ་པ་དང་། སེམས་ཙམ་པ་དང་། དབུ་མ་པའི་གཞུང་ལུགས་ལ་རིམ་བཞིན་དྲངས་ནས། འོག་མ་འོག་མའི་གྲུབ་པའི་མཐའ་ལས་གོང་མ་གོང་མའི་གྲུབ་པའི་མཐའ་ཆེས་ཕུལ་དུ་བྱུང་བ་དང་། ལུང་དང་རིགས་པས་གཏན་ལ་ཕབ་པའི་ལྟ་བ་ནི་རབ་ཏུ་མི་གནས་པའི་གཞུང་ལས་གོང་དུ་ཕྱིན་ས་ཅི་ཡང་མེད་པར་རིག་ནས་དབུ་མའི་དོན་ལ་ཡིད་ཆེས་རྙེད་པར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ལ། །སྒྱུ་མ་ལྟ་བུ་མིན་པས་འདིར། །འཇིག་རྟེན་པ་དང་རྣལ་འབྱོར་རྩོད། །འཇིག་རྟེན་རྣལ་འབྱོར་གྱིས་གནོད་ཅིང་། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་སོ། །དེ་ནས་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཕལ་མོ་ཆེ་སྦྱིན་པའི་རྗེས་ཐོགས་སུ་ཀྱེ་རྡོ་རྗེའི་དབང་བསྐུར། མན་ངག་སྦྱིན། རྒྱུད་བཤད་བྱ་བར་གསུངས་ལ། བདེ་མཆོག་ལས། རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །དེ་དང་དེ་ལ་དགའ་བ་སྦྱིན། །ཞེས་གསུངས་པས། གསང་ཆེན་ཉིད་ལ་དང་པོར་བྱ་རྒྱུད། དེ་ནས་སྤྱོད་རྒྱུད། དེ་ནས་རྣལ་འབྱོར་གྱི་རྒྱུད། དེ་ནས་རྣལ་འབྱོར་ཆེན་པོའི་རྒྱུད། དེ་ནས་རྣལ་འབྱོར་བླ་མའི་རྒྱུད། དེ་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད། དེ་ནས་རྣལ་འབྱོར་གསང་མཐའི་རྒྱུད་དེ་དཔལ་འཁོར་ལོ་སྡོམ་པ་ཉིད་སྟོན་པར་གསུངས་སོ། །དེ་བས་ན་གང་ཟག་དེ་ལ་རྒྱུད་མ་སྦྱངས་པར་དབང་བསྐུར་སྦྱིན་ན་གསང་བ་བསྒྲགས་པར་འགྱུར་བས། སྨིན་བྱེད་ཀྱི་དབང་བསྐུར་བྱར་མི་འདོད་དོ། །གལ་ཏེ་དེ་ལ་དབང་སྦྱིན་པས་ཆོག་གོ་སྙམ་ན། དབང་བསྐུར་ནས་ནི་རིམ་པ་གཉིས་དང་རྒྱུད་ཀྱང་རྒྱས་པར་སྟོན་དུ་རུང་ལ། དེ་བས་ན་སྐལ་མེད་རིམ་འཇུག་པའི་རྣམ་གཞག་བཟོས་པ་དོན་མེད་པར་ཐལ་ལོ། །སོར་སྡོམ་དང་བྱང་སྡོམ་རིམ་པ་ཅན་དུ་སྦྱིན་པས་རིམ་གྱིས་བཀྲ་ཤིས་པར་འགྱུར་རོ་ཞེས་པ་ནི་ཤིན་ཏུ་ནོངས་པའི་ཚིག་སྟེ། དེ་ལྟར་ན་སྐལ་ལྡན་ཅིག་ཅར་དུ་འཇུག་པ་མེད་པར་འགྱུར་ཏེ། གསང་ཆེན་གྱི་ལམ་དུ་སྨིན་བྱེད་ཀྱི་དབང་བསྐུར་ཞུ་བ་ལ་སྡོམ་པ་གཉིས་པོ་དེ་ངེས་པར་ལེན་དགོས་པས། ཐམས་ཅད་རིམ་འཇུག་པར་ཐལ་བ་གང་གིས་བཟློག །ཁ་ཅིག །སྔགས་ཀྱི་སྒོར་འཇུག་པ་ལ་ལྷག་བསམ་དམན་པས་ཞུགས་པ་ཡོད་པའི་ཕྱིར་ཉན་ཐོས་ཀྱི་སྔགས་ལ་སོགས་པ་ཡོད་པར་སྨྲ་བ་ནི་གསང་ཆེན་བབ་ཅོལ་དུ་སྤྱད་པའི་བ་ལང་བསྐྱས་ཤུགས་ཉིད་དུ་ཟད་དེ། ཐེག་པ་ཆེན་པོར་གྱུར་པ་ལ་ཆེན་པོ་བདུན་དང་ལྡན་པ་ཞིག་དགོས་པར་སྨྲ་བཞིན་དུ་ཐེག་པ་ཆེན་པོའི་མཐར་ཐུག་གི་ཐེག་པ་ལ་ཆེན་པོ་བདུན་དང་ལྡན་མི་དགོས་པར་སྨྲས་པ་གཅིག་པུས་ཆོག་གོ །དེ་བས་ན་ཞུ་མི་བྱུང་ཚད་ལ་སྨིན་བྱེད་ཀྱི་དབང་བསྐུར་བ་དང་། དབང་བསྐུར་འོས་པ་ལ་མ་བསྐུར་བར་རིམ་པ་གཉིས་སྟོན་པ་ཉེས་པ་སྲང་ལ་འཇལ་ན་མཉམ་པ་ཉིད་དོ། །སྐལ་ལྡན་ཅིག་ཅར་དུ་འཇུག་པའི་ལམ་ལ་སྨིན་བྱེད་ཀྱི་དབང་ཐོབ་ཏུ་རུང་ལ། མ་ཐོབ་པའི་གང་ཟག་ལ་ནི་ངེས་པར་དབང་བསྐུར་དགོས་ཏེ། དེ་ལ་བསྐུར་ན་ཐོབ། མ་བསྐུར་ན་མི་ཐོབ་པ་ཡིན་ནོ། །རྒྱུད་ཡོངས་སུ་སྨིན་པའི་གང་ཟག་འགའ་ཞིག་ལ་དབང་བསྐུར་མ་བྱས་ཀྱང་ཐོབ་པས་ཆེད་དུ་བསྐུར་བ་ལ་བལྟོས་པ་མ་ཡིན་ནོ། །ལྷག་པའི་བསམ་པ་དམན་པ་འགའ་ཞིག་ལ་ནི་བསྐུར་ཡང་མི་ཐོབ་པས་བུལ་མེད་དོ། །དེ་ནས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྟོན་ཏེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གཞག་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པས། རྒྱས་པར་བསྐྱེད་པའི་རིམ་པ་ཡན་ལག་དྲུག་གམ། བསྡུས་པ་རྡོ་རྗེ་རྣམ་པ་བཞིའི་ཆོ་གས་བསྐྱེད་རིམ་ལ་བརྟན་པ་ཐོབ་པར་བྱས་ནས་ཞི་སོགས་ཀྱི་ལས་ཆེན་བཅུ་གཉིས་དང་། ཐུན་མོང་གི་གྲུབ་པ་བརྒྱད་སོགས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཚུལ་མཐའ་ཡས་པ་ལ་འཇུག་པར་བཤད་ལ། རྗེ་བཙུན་མཻ་ཏྲི་པས་འཁོར་ལོ་སྡོམ་པའི་མན་ངག་ཏུ། རྣལ་འབྱོར་གྱི་ཚུལ་དགུས་བསྐྱེད་པའི་རིམ་པ་བརྟན་པར་བྱེད་པ་བཤད་དོ། །བདེ་མཆོག་གི་གཞུང་གཞན་ལས། ལུས་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག །ངག་རྫོགས་པ་ལས་རྒྱལ་མཆོག །ཡེ་ཤེས་རྫོགས་པ་ཕྲ་མོའི་རྣལ་འབྱོར། བདེ་བ་རྫོགས་པ་ཐིག་ལེའི་རྣལ་འབྱོར་བཞིར་གསུངས་ཤིང་། གསང་བ་འདུས་པ་ལས། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་བཞིའམ། ཆོ་ག་ཉི་ཤུས་བཤད་པ་ཡིན་ནོ། །སྤྱིར་ལྷའི་རྣལ་འབྱོར་འདི་ལ་བྱ་བའི་རྒྱུད་དུ་ལྷ་རྗེ་བོ་དང་རང་ཉིད་ཐ་མལ་པའི་ཚུལ་གྱིས་བསྒྲུབ་པ་དང་། སྤྱོད་རྒྱུད་དུ་བདག་ལྷར་བསྐྱེད་ནས་མདུན་བསྐྱེད་ཀྱི་ལྷ་དང་གྲོགས་པོའི་ཚུལ་དུ་བསྒྲུབ་པ་དང་། རྣལ་འབྱོར་གྱི་རྒྱུད་དུ་བདག་དམ་ཚིག་པར་བསྐྱེད། དེ་ལ་ཡེ་ཤེས་པ་བསྟིམ། ཕྱག་རྒྱ་བཞིས་རྒྱས་གདབ་པ་སོགས་བྱས་ལ་སླར་ཡེ་ཤེས་པ་གཤེགས་པ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་བདག་དང་ཡེ་ཤེས་ཀྱི་ལྷ་གཉིས་མེད་དུ་བསྲེ་བ་དང་། བདག་མདུན་ཐ་མི་དད་དུ་བསྒྲུབ་པར་བཤད་པ་ཡིན་ནོ། །གཉིས་པ་རྫོགས་རིམ་ནི། རྣལ་འབྱོར་མའི་རྒྱུད་གཙོ་ཆེ་བའི་དབང་དུ་བྱས་ནས། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་བཞིར་བཤད་ནས། དང་པོ་གཉིས་ཀྱིས་བདེ་བ་ཆེན་པོ་བསྒྲུབས། གསུམ་པར་དེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བདག་པོ་བཅོས། བཞི་པར་འབྲས་བུ་ཟུང་འཇུག་གི་སྐུར་བཞེངས་པ་ཡིན་ལ། ཕ་རྒྱུད་གཙོ་ཆེ་བའི་དབང་དུ་བྱས་ནས། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་སྟེ་རིམ་པ་ལྔར་བཤད་ནས། བསྐྱེད་རིམ་གྱིས་ལུས་སྦྱངས། ངག་དབེན་གྱིས་རླུང་སྦྱངས། སེམས་དབེན་གྱིས་ཡིད་སྦྱངས། སྒྱུ་ལུས་ཀྱིས་སྣང་བ་སྦྱངས། འོད་གསལ་གྱིས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་བྱས། དེ་ལས་འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུར་བཞེངས་པ་ཡིན་ནོ། །གཉིས་སུ་མེད་པའི་རྒྱུད་གཙོ་ཆེ་བའི་དབང་དུ་བྱས་ནས། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་ཏེ་རྣལ་འབྱོར་གྱི་ཡན་ལག་དྲུག་ཏུ་བཤད་ནས། དང་པོ་གཉིས་ཀྱིས་རྩ་སྦྱངས། གསུམ་པ་དང་བཞི་པས་རླུང་སྦྱངས། ལྔ་པ་དང་དྲུག་པས་ཐིག་ལེ་སྦྱངས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་མངོན་དུ་བྱེད་པ་ཡིན་ལ། འདིར་ནི་རྒྱུད་སྡེ་དེ་དག་ཐམས་ཅད་ཀྱི་རྫོགས་པའི་རིམ་པའི་དོན། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་དུ་བསྒྲིལ་ནས་སློབ་མའི་སྐལ་བ་བཞིན་བཀྲི་བ་ནི་ཁྱད་པར་གྱི་ཆོས་སོ། །དེ་ལྟར་གཞི་སྨིན་བྱེད་ཀྱི་དབང་ཐོབ། ལམ་གྲོལ་བྱེད་ཀྱི་རིམ་པ་གཉིས་སྒོམ་པ་ལ་གྲོགས་དམ་ཚིག་གཅེས་པ་ཡིན་ཏེ། བདེ་མཆོག་ལས། དམ་ཚིག་ཐམས་ཅད་བསྐྱང་བར་བྱ། །ཞེས་གསུངས་སོ། །དེ་ཡང་། གསང་ཆེན་གྱི་རྒྱུད་དུ་དམ་ཚིག་གི་རྣམ་བཞག་ཇི་སྙེད་པ་ཅིག་གསུངས་ཀྱང་། བསྲུང་བྱའི་དམ་ཚིག་ཉི་ཤུ་རྩ་གཉིས་དང་། དེ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་བསྡུའོ། །ཆོས་རྗེས། སྔགས་ཀྱི་དམ་ཚིག་འབུམ་སྡེར་བགྲངས་ཀྱང་ནི། །ཉི་ཤུ་རྩ་གཉིས་སྐུ་གསུང་ཐུགས་སུ་འདུས། །ཞེས་གསུངས་པ་ཡིན་ནོ། །དེའི་བོགས་འདོན་པ་ལ་སྤྱོད་པ་བཤད་པ་ཡིན་ཏེ། བརྟག་གཉིས་ལས། དེ་ནས་སྤྱོད་པ་བྱ་བར་བཤད། །སྤྱོད་པས་ཕ་རོལ་ཕྱིན་མཆོག་ཉིད། །ཅེས་གསུངས་སོ། །དེ་ལ་དང་པོར་ཀུན་ཏུ་བཟང་པོའི་སྤྱོད་པར་བསླབ། དེ་མཐར་ཕྱིན་ནས་གསང་བའི་སྤྱོད་པར་བསླབ། དེ་མཐར་ཕྱིན་ནས་ཚོགས་སྤྱོད་དམ་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པར་བསླབ། དེ་མཐར་ཕྱིན་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ལ་བསླབ་སྟེ། དེ་ཞག་བདུན་བསྒྲུབས་ནས་རྣམ་པ་ཐམས་ཅན་མཁྱེན་པའི་སར་འཇུག་པ་ཡིན་ནོ། །སྤྱོད་པའི་ཚེ་རྒྱུ་བའི་གནས་ལ་དགྱེས་པ་རྡོ་རྗེའི་རྒྱུད་ལས་སུམ་ཅུ་རྩ་བདུན་དང་། བདེ་མཆོག་འཁོར་ལོའི་རྒྱུད་དུ་ཡུལ་ཉི་ཤུ་རྩ་བཞིར་བཤད་ལ། དེར་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་འདུ་བ་ལ་དགོས་པས་ལུས་དང་ངག་གི་བརྡ་བཤད་པ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པ་ཡང་སེམས་རྩེ་གཅིག་ཏུ་ཟིན་ན་དགོས་པ་འགྲུབ་སྟེ་གཞན་ནི་མ་ཡིན་ནོ། །དེ་ཡང་། སེམས་གཞན་གཡེངས་པས་མི་འགྲུབ་བོ། །ཞེས་གསུངས་པ་དང་། གཏུམ་མོ་ལ་སོགས་པ་མཚན་མ་དང་བཅས་པའི་རྫོགས་རིམ་ཐམས་ཅད་ལ་ཡང་། ཤེས་པ་རྣམ་པར་རྟོག་པའི་ཡུལ་ལ་མ་འཕྲོས་ན་ཇི་སྐད་བཤད་པའི་ཡོན་ཏན་རྣམས་འབྱུང་བ་ཡིན་ཏེ། རྗེ་བཙུན་གྱིས། ཤེས་པ་རྣམ་རྟོག་ཡུལ་ལ་མ་འཕྲོས་ན། །དེ་རྣམས་བསལ་བ་མེད་ཀྱང་ཡོན་ཏན་ཤུགས་ཀྱིས་འབྱུང་། ཞེས་གསུངས་པ་དང་། བདག་བྱིན་གྱིས་བརླབ་པའི་རིམ་པར་ཡང་། །སེམས་རྩེ་གཅིག་པ་དགོས་པར་གསུངས་ཏེ། དུས་འཁོར་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། ཞེས་དང་། ཕྱག་རྒྱ་ཆེན་པོ་དང་མངོན་པར་བྱང་ཆུབ་པའི་ལམ་ནི་སེམས་མ་བཅོས་པ་འབའ་ཞིག་གིས་འཐོབ་སྟེ། རྣམ་སྣང་མངོན་བྱང་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་དང་། གྲུབ་ཐོབ་ཆེན་པོས། མ་བཅོས་སོ་མར་གཞག་ན་རྟོགས་པ་འཆར། །ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། །དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོང་ལ། །རྟག་ཏུ་མཉམ་པར་ཞོག་དང་རྣལ་འབྱོར་པ། །ཞེས་གསུངས་སོ། །དེར་མ་ཟད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཆེད་དུ་གསུངས་པར་མཐུན་མོད། དེ་ཁོ་ན་ཉིད་དེ་ནི་རྣམ་པར་མི་རྟོག་པ་ཉིད་དུ་བས་པ། དེ་ལྟ་བས་ན་དེ་ཁོ་ན་ཉིད་དམིགས་པ་དང་མཚན་མར་བཅས་པའི་རྟོག་པ་ལས་རྙེད་པར་ག་ན་རིགས་ཏེ། ཀོ་ཊ་པའི་ས་བོན་ལས་སཱ་ལུའི་འབྲས་བུ་མི་འབྱུང་བ་བཞིན་ནོ། །འོ་ན་དེ་ཁོ་ན་ཉིད་དེ་གང་གིས་རྙེད་སྙམ་ན། དེ་ཡང་། རང་སེམས་མ་དུལ་ན་སྲིད་རྩེ་ནས་མནར་མེད་པའི་བར་གྱི་སྣང་བ་འདི་དག་བཀག་པས་མི་ཁེགས། རང་སེམས་དུལ་ན་ཡིད་ལ་མི་འདོད་ཀྱང་སངས་རྒྱས་ཞར་གྱིས་འགྲུབ་པ་དེའི་ཕྱིར་རང་སེམས་འདུལ་བ་ལ་འབད་པས་རྙེད་པ། དེ་ཡང་། མ་བཅོས་པའམ། མ་ཡེངས་པ་ཞེས་བྱ་བ་འདི་ཁོ་ནས་འདུལ་དགོས་པ་དེའི་ཕྱིར། སེམས་མ་ཡེངས་པ་ནི་ཡོན་ཏན་ཐམས་ཅད་སྐྱེད་པའི་གཞི་མ་ཡིན་པས་དང་། ལས་དང་པོ་པ་ནས་སངས་རྒྱས་ཀྱི་བར་རྒྱུན་མ་ཆད་པར་བསྟེན་པ་ཉིད་ཀྱི་ཕྱིར་གཞིའི་རྒྱུད་ཅེས་བྱ་ལ། འབྲས་བུ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ཡིན་པས་ཐབས་རྒྱུད་ཅེས་ཀྱང་བྱའོ། །ཚོགས་སྦྱོར་དང་། མཐོང་སྒོམ་དང་། མཐར་ཕྱིན་པའི་ལམ་དེ་ལས་ཕྱི་པའི་ཕྱིར་ལམ་གྱི་རིམ་པར་ཡང་བརྗོད་དོ། །དེ་ཡང་ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུས། མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། ཞེས་གསུངས་ཤིང་། མགོན་པོ་ཀླུ་སྒྲུབ་ཀྱིས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ལ་བསྒྲིམས་ཏེ་མངོན་པར་བསྲུང་བགྱི་ཞིང་། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་དང་། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པའོ། །ཞེས་པས་ཀྱང་། དྲན་པ་ནི་མ་ཡེངས་པ་ཉིད་ལ་བརྗོད་པ་ཡིན་ནོ། །འོ་ན་མ་ཡེངས་པ་ཁོ་ན་ཐབས་རྒྱུད་ཡིན་ན། དེ་བསྟན་པ་གཅིག་པུས་ཆོག་མོད་གཞན་རྣམས་ཀྱིས་ཅི་བྱ་ཞེ་ན་བདེན་ཏེ། དབང་པོ་རྣོན་པོ་ཟུར་གྱི་གོ་བ་མ་ཡིན་པའི་གདུལ་བྱ་ལ། སེམས་མ་ཡེངས་པ་ཙམ་བསྟན་ན་སྒོམ་རིན་མི་ཆོག་པར་བྱས་ནས་ཡིད་མི་ཆེས་པས་ཐབས་སྣ་ཚོགས་ཀྱིས་བློའི་འཁྲི་བ་བཅད་ནས་གཟོད་ལམ་འདི་ཁོ་ན་ལ་བཀྲི་བར་མཛད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐབས་ལ་མཁས་པ་ཞེས་བྱའོ། །དེ་ཡང་། སློབ་དཔོན་དཔའ་བོས། སངས་རྒྱས་བརྫུན་པས་ཁྲིད་ནས་ནི། །བདེན་པ་ཉིད་ལ་སྦྱོར་བར་མཛད། ཅེས་གསུངས་སོ། །དབང་པོ་རྣོན་པོ་ཟུར་གྱིས་གོ་བ་དག་ལ་སྤྲོས་པའི་རྣམ་གཞག་མང་པོས་དགོས་པ་མེད་པས། རྗེ་བཙུན་གྱིས། ཡ་གི་མི་མངོན་དབྱིངས་ཤེད་ན། །རྫོགས་པའི་སངས་རྒྱས་ཞལ་བརྫུན་མཁན། །ཆོས་དྲང་དོན་གྱི་བློ་འདྲིད་གསུང་གསུང་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཅེས་གསུངས་པ་ཡིན་ནོ། །གསུམ་པ་འབྲས་བུའི་རྒྱུད་ནི། འོད་གསལ་གྱི་མེས་དངོས་པོའི་བག་ཆགས་ཐམས་ཅད་བསྲེགས་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་དང་། དེ་ལས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགོག་པ་མེད་པར་འཆར་བས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ཡང་གཞི་ལ་ལྷུན་གྲུབ་ཏུ་གནས་པ་མངོན་དུ་བྱས་པའི་ཕྱིར་འབྲས་བུའི་རྒྱུད་དང་། ཉན་རང་གི་བྱང་ཆུབ་ལྟ་བུ་མ་ཡིན་པར་གཏན་དུ་གནས་པའི་མཚན་ཉིད་ཅན་ཡིན་པས་མི་འཕྲོག་པའི་རྒྱུད་ཅེས་ཀྱང་བྱའོ། །ལས་དང་པོ་པ་ནས་མཐར་ཐུག་པའི་གོ་འཕང་ལ་གནས་ཀྱི་བར་གྱི་ཡོན་ཏན་ཐམས་ཅད་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་བྱུང་བས་འབྲས་བུ་སྐྱེ་བའི་རིམ་པ་ཞེས་ཀྱང་བྱའོ། །དེ་ཡང་ཟུང་འཇུག་གི་གནས་འདི་ནི་ཐབས་དང་ཤེས་རབ་གང་གི་ཕྱོགས་སུ་མ་ཆད་པ་མ་ནིང་གི་སྒྲས་དོན་ལ་མི་གནས་པའི་མྱ་ངན་ལས་འདས་པ་བཤད་པ་ཡིན་ཏེ། ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་ཤིང་། སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པས་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ཡང་། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། འདི་ནི་ངོ་བོ་ཉིད་ཀྱི་སྐུ། །སྟོང་ཉིད་ཐུགས་རྗེའི་བདག་ཉིད་དོ། །མ་ནིང་ཞེང་ཀྱང་གྲགས་པ་ཡིན། །ལ་ལར་ཟུང་འཇུག་ཅེས་བྱའོ། །ཞེས་གསུངས་སོ། །དེ་ཡང་། གསང་ཆེན་གྱི་ལམ་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པས་ས་བཅུ་གཉིས་སུ་བཤད་པའི་དང་པོ་བཅུ་གཅིག་སློབ་པ་འཕགས་པའི་ས་ཕྱི་མ་སངས་རྒྱས་ཀྱི་ས་དང་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ལས་ཕྱེ་བའི་ས་དང་པོ་བཅོ་ལྔ་སློབ་པ་དང་། བཅུ་དྲུག་པ་མི་སློབ་པའི་ས་དང་། བརྟག་གཉིས་ལས། འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་གསུངས་པ་སློབ་པའི་ས་དང་། ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་པས་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ས་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཚང་རྒྱ་བ་ཡོད་མེད་ཀྱི་རྣམ་གཞག་ལ། རྗེ་བཙུན་ཆེན་པོ་མཻ་ཏྲི་པས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་སྔགས་ཀྱི་སྒོར་འཇུག་པའི་ཐེམ་སྐས་ལྟ་བུ་ཡིན་ལ། འཚང་རྒྱ་བ་ནི་ངེས་པར་སྔགས་ཀྱི་ཐེག་པ་ལ་བརྟེན་དགོས་སོ། །ཞེས་གསུངས་པས་དེའི་དབང་དུ་མཛད་ནས། ཕར་ཕྱིན་ཐེག་པའི་གང་ཟག་སྔགས་ཀྱི་སྒོར་འཇུག་པའི་ཕྱི་མཐའ་ནི། ཚོགས་ལམ་ཆེན་པོ་ནས་ཡིན་ཏེ། དེར་མཆོག་གི་སྤྲུལ་པའི་སྐུ་ལ་མངོན་སུམ་དུ་ཆོས་ཉན་དུ་ཡོད་པས་སྔགས་ཀྱི་ཐེག་པ་ངེས་པར་ཐོས་པ་ཡིན་ནོ་ཞེས་བཞེད་ལ། རྗེ་བཙུན་དཔལ་ལྡན་ནཱ་རོ་པས། ཕར་ཕྱིན་གྱི་ཐེག་པ་ཉིད་ལ་བརྟེན་ན་ཤིན་ཏུ་ཡུན་རིང་པས་འཚང་རྒྱ་ལ། སྔགས་ནི་ཤིན་ཏུ་མྱུར་བ་ཡིན་ནོ་ཞེས་གསུངས་སོ། །འགའ་ཞིག་གི་ལུགས་བཞིན། ཕར་ཕྱིན་ཐེག་པར་འཚང་རྒྱ་བ་ཞིག་བཅོས། དེ་སྔགས་ལམ་དུ་མ་ཞུགས་པས་སྔགས་ཀྱི་སྤངས་རྟོགས་མ་རྫོགས་པར་ཁས་བླངས་ནས། སངས་རྒྱས་གོ་མ་ཆོད་ཅིག་ཡིད་ཡུལ་དུ་ཀྲོང་ཀྲོང་འཆར་བར་བྱེད་མོད། དེ་དང་ཆེས་མི་མཐུན་ཏེ། རྗེ་བཙུན་འདིའི་བཞེད་པ། ཕར་ཕྱིན་ཐེག་པའམ། རྒྱུད་སྡེ་ཕྱི་མའམ། བསྐྱེད་རྫོགས་གང་ལས་ཕྱིན་ཀྱང་། ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་དེའི་ཚེ་ས་དང་པོ་དེ་དག་ནང་ཕན་ཚུན་ལ་སྤངས་རྟོགས་ཀྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། སྟོང་པ་ཉིད་མཚན་ཉིད་པ་ཅིག་ས་དང་པོ་ཐོབ་པ་ལ་མངོན་སུམ་དུ་རྟོགས་དགོས་ལ། དེའི་ཚེ་སྟོང་པ་ཉིད་དེ་ལ་འདི་ནི་མདོའི་སྟོང་པ་ཉིད། འདི་ནི་སྔགས་ཀྱི་སྟོང་པ་ཉིད་དོ་ཞེས་འབྱེད་རྒྱུ་ཞིག་ཡོད་ན་ཁྱེད་བདེན་པ་ཞིག་སྟེ། ཅི་ཡང་མེད་པས་སྤངས་རྟོགས་ལ་ཁྱད་པར་བཟོས་པ་ནོངས་པ་ཡིན་ནོ། །རྒྱུ་མཚན་དེས་ན། མདོ་ལམ་ནས་སངས་རྒྱས་པ་དང་སྔགས་ལམ་ནས་སངས་རྒྱས་པ་ལ་སྤངས་རྟོགས་ལ་ཁྱད་པར་མེད་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་པ་གཅིག་པ་དབྱངས་གཅིག་པ་ཞེས་གསུངས་སོ། །དེ་མིན་ན་སྔགས་ལམ་རང་དུ་ཡང་། སྦྱོར་དྲུག་པ་སངས་རྒྱས་པ་ཞིག་གིས་ལམ་འབྲས་མ་བསྒོམས་པས་ལམ་འབྲས་མི་ཤེས། ལམ་འབྲས་པ་སངས་རྒྱས་པ་ཞིག་གིས་སྦྱོར་དྲུག་མ་བསྒོམས་པས་སྦྱོར་དྲུག་མི་ཤེས་པ་ཡོད་པར་འགྱུར་ལ། སངས་རྒྱས་གྱ་མ་དོ་དེ་འདྲ་སྒྲུབ་དགོས་པ་ངལ་བ་ཞིག་གོ །འགའ་ཞིག་མདོ་ལམ་དུ་ས་བཅུ་ཚུན་བགྲོད་ནས། དེ་ནས་ངེས་པར་སྔགས་ལ་ཞུགས་ཏེ་ས་བཅུ་གཅིག་དང་བཅུ་གཉིས་དང་བཅུ་གསུམ་རྣམས་རིམ་པ་བཞིན་ཐོབ་པར་འདོད་ཅིང་། བཅུ་གསུམ་པ་དེའི་ཕྱེད་འོག་མ་སློབ་པ་དང་གོང་མ་མི་སློབ་པའི་ལམ་དུ་འདོད་དོ། །ས་བཅུ་བགྲོད་པ་དེའི་རྩ་མདུད་མ་གྲོལ་ན་ནི་ནང་རྩ་གནས་ཀྱི་རྟེན་འབྲེལ་ངོ་མཚར་ཅན་གྱི་ས་དང་མ་མཐུན་པས་འཕགས་ས་བཏགས་པ་བར་ཁས་ལེན་དགོས། གྲོལ་ན་ནི་མདོ་ལམ་ནས་ཕྱིན་ཀྱང་སྔགས་ཀྱི་སྤངས་རྟོགས་རྫོགས་པར་སོང་ངོ་། །གང་ཟག་དེ་ལ་སྨིན་བྱེད་ཀྱི་དབང་བསྐུར་མི་དགོས་ཏེ་སྨིན་བྱེད་ནི་རྒྱུའི་དབང་ཡིན་ལ། དེ་ལ་ལམ་དང་འབྲས་བུའི་དབང་བསྐུར་བ་ཙམ་གྱིས་ཆོག་སྣང་བའི་ཕྱིར་རོ། །དེས་སྨིན་བྱེད་དབང་མ་བསྐུར་བར་ཐོབ་པ་མ་ཡིན་ན། དབང་མ་ཐོབ་པར་སྔགས་ཀྱི་འཕགས་པའི་སྤངས་རྟོགས་རྙེད་པ་འདོད་ན་ནི་རང་གཞུང་དང་འགལ་ལོ། །གཞན་ཡང་། དུས་ཀྱི་འཁོར་ལོ་ལས། གཟུགས་བརྙན་ལ་སོགས་བཏགས་པའི་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམས་པ་གོམས་པར་གྱུར་པ་ཡིས། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་གསུངས་པས། བསྐྱེད་རིམ་གྱིས་འཇིག་རྟེན་པའི་དངོས་གྲུབ་ལས་མཆོག་མི་ཐོབ་པར་གསུངས་པ་གྱ་ནོམ་ལྷར་ཞེན་བཞིན་པའི་བསྐྱེད་རིམ་ཙམ་ལ་བརྟན་པ་ཐོབ་པ་ལ་དགོངས་ལ། གསང་བ་འདུས་པ་ལས། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་བསྐྱེད་རིམ་གྱིས་ས་བརྒྱད་པ་ཐོབ་པར་བཤད་པ་ཡང་། བསྐྱེད་པའི་རིམ་པས་ལས་ཀྱི་སྒྲིབ་པ་བསྲབས་ནས། ཡི་དམ་ལྷའི་བྱིན་གྱིས་བརླབས་ལས་ཡང་དག་པའི་མཐའ་མངོན་དུ་བྱེད་པ་ཡོད་པ་ལ་དགོངས་སོ། །ལར་སྒྱུ་ལུས་མན་ཆད་དུ་ས་བཅུ་གཉིས་ཐོབ་ནས་གདོད་འོད་གསལ་མངོན་དུ་བྱ་དགོས་པར་བཤད་པའི་ས་དེ་དག་མོས་སྤྱོད་ལ་ས་བཅུ་གཉིས་སུ་ཕྱེ་བར་སྤྱོད་བསྡུས་ཀྱི་རྒྱ་འགྲེལ་ལས་འབྱུང་བ་ལྟར་དུ་ཟད་ལ། བསྐྱེད་རྫོགས་གང་ལས་ཀྱང་སྟོང་ཉིད་སྙིང་རྗེ་ཆེན་པོས་འཁྱུད་པ་ཞིག་མངོན་དུ་མ་བྱས་པར་ས་ཐོབ་པའི་རྣམ་གཞག་ཇི་སྙེད་ཅིག་བཟོས་ཀྱང་མོས་སྤྱོད་ལས་མ་འཕགས། དེ་མངོན་དུ་བྱས་ནས་ནི་འཕགས་པའི་ས་ལས་མ་འདས་སོ། །ཡང་འགའ་ཞིག །དང་པོར་དབང་བསྐུར། དེ་ནས་བསྐྱེད་རིམ་བསྒོམས། དེ་ནས་རྫོགས་རིམ་བསྒོམ་པ་ཞིག་མེད་པར་འཚང་རྒྱ་བ་མི་སྲིད་དོ་སྙམ་དུ་མཐའ་གཅིག་ཏུ་སེམ་མོད། དེ་ནི་སྨན་མ་ཞུ་བ་དུག་ཏུ་སོང་བ་དང་འདྲ་སྟེ། འཚང་རྒྱ་བ་ལ་ལམ་གྱི་རིམ་པ་དེ་བདེན་པར་དགོས་པ་ཞིག་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་གསུངས་པ་བརྫུན་དུ་འགྱུར་རོ། །དཔེར་ན་རྨི་ལམ་གྱིས་མི་འཚང་རྒྱ་བ་ལ་ལམ་གྱི་གོ་རིམ་དེ་ཁོ་ན་ངེས་པར་དགོས་སམ། དེ་མི་དགོས་ན་མངོན་སུམ་གྱིས་མི་གྲོལ་བ་ལ་ཡང་ཅི་ལ་དགོས། རྨི་ལམ་དང་མངོན་སུམ་གྱི་སྣང་བ་ནི་ཡོད་ན་ཡོད་མཚུངས་མེད་ན་མེད་མཚུངས་སུ་སངས་རྒྱས་པའི་གཞུང་ཐམས་ཅད་ལས་རྐང་བཙུགས་ཏེ་གསུངས་པ་ཡིན་ནོ། །དེ་ཡང་སློབ་དཔོན་འཕགས་པས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྐྱུ་འདྲ་མཐོང་བ་མེད། །ཅེས་གསུངས་ཤིང་། གསང་བ་འདུས་པ་ལས། རྣལ་འབྱོར་པ་ཡིས་གང་གང་མཐོང་། །དེ་དེ་སྒྱུ་མ་བཞིན་དུ་བརྟག །ཅེས་གསུངས་སོ། །དེ་ལྟར་བཤད་པ་དེ་དག་གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། གཞི་དང་རང་བཞིན་འབྲས་བུ་དང་། །མི་འཕྲོག་པ་ཡིས་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོག་འབྲས་བུའོ། །ཞེས་གསུངས་ཤིང་། རྗེ་བཙུན་ཏིལླི་པའི་མན་ངག་ལས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་ལྟར་དུ་རྣམ་པར་ཕྱེ་བ་ཡིན་ནོ། །འཇམ་མགོན་བྱིན་རླབས་གསེར་ཐུར་གྱིས་ཕྱེ་བའི། །རྣམ་དཔྱོད་བློ་མིག་གཞན་ལས་ཆེར་གསལ་བས། །མཐའ་དྲུག་ཚུལ་བཞིར་སྦས་པའི་རྒྱལ་བའི་གཞུང་། །ཇི་བཞིན་མཐོང་བའི་སྐལ་བ་བདག་གིས་ཐོབ། །རྒྱ་ཆེའི་ཚིག་རྣམས་དོན་ལ་སྒྲིབ་པའི་རྒྱུ། །ཧ་ཅང་བསྡུས་པའང་རྟོགས་པར་དཀའ་བའི་ཕྱིར། །མང་ཉུང་རན་པའི་ལེགས་བཤད་འདི་བྱིན་པས། །བློ་གསལ་ཡིད་ཀྱི་རེ་བ་རྫོགས་གྱུར་ཅིག །རྒྱུད་གསུམ་གྱི་ངོས་འཛིན་གྱི་ཡི་གེ་ཕྱིན་ཅི་མ་ལོག་པའི་གཏམ་ཞེས་བྱ་བ་འདི། རིག་པ་འཛིན་པ་པདྨ་དཀར་པོས། དོན་གཉེར་གྱི་ཡིད་བཞིན། མཐའ་འདུལ་གྱི་གཙུག་ལག་ཁང་ཆེན་པོ་མཁོ་མཐིང་ལྷ་ཁང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།


previousརྒྱུད་གསུམ་ངོས་འཛིན་གྱི་ཡི་གེ་ཕྱིན་ཅི་མ་ལོག་པའི་གཏམ།next