Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
བསྔོ་བའི་ཡོན་བཤད་དང་བསྔོ་བ་མདོར་བསྡུས་བཀོད་པ་ལེགས་བྱས་ཀྱི་ཤིང་རྟ།
   
   


 
previousབསྔོ་བའི་ཡོན་བཤད་དང་བསྔོ་བ་མདོར་བསྡུས་བཀོད་པ་ལེགས་བྱས་ཀྱི་ཤིང་རྟ།next

བསྔོ་བའི་ཡོན་བཤད་དང་བསྔོ་བ་མདོར་བསྡུས་བཀོད་པ་ལེགས་བྱས་ཀྱི་ཤིང་རྟ།

བསྔོ་བའི་ཡོན་བཤད་དང་བསྔོ་བ་མདོར་བསྡུས་བཀོད་པ་ལེགས་བྱས་ཀྱི་ཤིང་རྟ་བཞུགས། །དཔལ་ཀུན་འབྱུང་གནས་དཔལ་ལྡན་བླ་མ་ལ། །མཆོག་གསུམ་ངོ་བོར་མཆོག་ཏུ་གུས་པས་འདུད། །ཡོན་སྦྱོར་བྱེད་པོ་ཡོན་བདག་སྤྲོ་བསྐྱེད་ཕྱིར། །བྱང་ཆུབ་བསྔོ་སྨོན་བྱང་ཆུབ་ཡོན་བཤད་བྲི། །ཞེས་བྱ་བའི་ཚིག་གི་བརྗོད་པ་སྔོན་དུ་བཏང་ནས། འདིར་བསྔོ་བའི་ཡོན་བཤད་དང་བསྔོ་བའི་རིམ་པ་མདོར་བསྡུས་མཚོན་དཔེར་འགོད་པ་ལ། དེ་ཡང་བསྔོ་བའི་ཡོན་བཤད་རྒྱས་པ་ནི་ཀུན་མཁྱེན་ཆེན་པོ་ངག་དབང་ནོར་བུ་དང་། མཁས་མཆོག་བུདྡྷ་བཛྭ། རྗེ་བོད་མཁས་པ་ཆེན་པོ་སོགས་ཀྱིས་མཛད་སྣང་བས་དེར་ཤེས་ལ། བར་མ་འབྲིང་པོར་བརྗོད་པ་བགྱིད་ན། དེ་ཡང་འདིར་ཡོན་གྱི་བདག་པོས་ལྷག་བསམ་རྨད་དུ་བྱུང་བས་དགེ་ལེགས་ཀྱི་ཕུང་པོ་སྦྱིན་པ་རྒྱ་ཆེར་སྤེལ་བ་འདི་ནི་འཕྲལ་དང་ཡུན་གྱི་ཕན་བདེ་མ་ལུས་པའི་འབྱུང་གནས་སུ་གྱུར་བ་ཡིན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །ཞེས་དང་། མདོ་གཞན་ལས་ཀྱང་། །སྦྱིན་པས་འབྱུང་པོ་དབང་དུ་བྱེད། །སྦྱིན་པས་ཕ་རོལ་གཉེན་དུ་འགྱུར། །སྦྱིན་པས་འཁོན་རྣམས་ཉམས་པར་འགྱུར། །དེ་ཕྱིར་སྦྱིན་པ་གཙོ་བོར་བྱེད། །ཞེས་དང་། །རྒྱལ་བའི་སྐྱེས་རབས་ལས། སྦྱིན་པ་ནོར་གྱི་སྙིང་པོ་ལེན་པར་གསུངས། །སྦྱིན་པ་དབང་ཕྱུག་རྣམས་ཀྱི་རྒྱུ་ཞེས་གསུངས། །སྦྱིན་པ་དཔལ་ལྡན་སྐྱེས་བུ་མཆོག་གི་ཚུལ། །ཤེས་རབ་ཆུང་ངུས་རྡུལ་ཙམ་སྦྱིན་མི་ནུས། །ཅེས་གསུངས་ཤིང་། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། བཤེས་སྤྲིང་དུ། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སྦྱོང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ན། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གསུངས་པ་ལྟར་གནས་སྐབས་དང་མཐར་ཐུག་གི་སྦྱིན་པའི་ཕན་ཡོན་ནི་མཚོན་ཙམ་གསུངས་པ་ཡིན། སྦྱིན་པ་ལ་དབྱེ་ན་གསུམ་དུ་འགྱུར་ཏེ། གདུལ་བྱའི་སྐལ་པ་དང་རྗེས་སུ་མཐུན་པར་ལེགས་བཤད་ཀྱི་དགའ་སྟོན་འགྱེད་པ་ཆོས་ཀྱི་སྦྱིན་པ་དང་། ལོངས་སྤྱོད་ལ་ཆགས་པ་མེད་པར་གང་ལ་ཅི་འདོད་པའི་ཕན་འདོགས་པ་ཟང་ཟིང་གི་སྦྱིན་པ་དང་། འཁོར་བ་དང་ངན་སོང་གི་འཇིགས་པ་ལས་འཕྲལ་ཡུན་དུ་བསྲུང་བ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གསུམ་དུ་འདུ་བ་ཡིན་ཏེ། མདོ་ལས། ཆོས་དང་ཟང་ཟིང་མི་འཇིགས་གསུམ་དུ་རྣམ་ཕྱེ་ནས། །ཕ་རོལ་ཕྱིན་པ་འདི་དག་སྦྱིན་པའི་ངོ་བོ་ཉིད། །ཅེས་གསུངས། དེ་ལྟར་སྦྱིན་པའི་རྩ་བ་རྣམས་ཀྱང་། ཡོངས་སུ་བསྔོ་བ་ཆེན་པོས་རྒྱས་བཏབ་དགོས་ཏེ། ལུང་ལས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་ཀུན་ལ་ཡོངས་བསྔོ་བ། །ཐུབ་པ་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་དགེ་བ་བྱས་ཤིང་བསགས་པ་ཐམས་ཅད་གཞན་དོན་དུ་བསྔོ་བ་སྤྱིར་ནང་པ་སངས་རྒྱས་པ་ཐམས་ཅད་དང་། བྱེ་བྲག་ཐེག་ཆེན་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན་ལ། བསྔོ་བས་མ་ཟིན་ན། དགེ་རྩ་འཛད་པའི་རྒྱུ། ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་སྐྱེས་པ་དང་། ལོག་པར་ལྟ་བ་དང་། དགེ་བ་ལ་འགྱོད་པ་སྐྱེས་པ་དང་། སྐུར་འདེབས་བྱས་པ་སོགས་ཚུལ་མིན་ལོག་རྟོག་ངན་པས་དགེ་བ་ལ་བར་དུ་གཅོད་པར་གསུངས་པས། སྤྱོད་འཇུག་ཏུ། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་པ་ལྟ་བུས་མཚོན་བག་ཡོད་པར་བྱ་དགོས། བྱང་ཆུབ་ཏུ་བསྔོས་པའི་དགེ་བ་ནི་ནམ་ཡང་མི་འཛད་ཅིང་འཕེལ་བར་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང་། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་ཕྱུང་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཅེས་གསུངས། དེར་མ་ཟད་དགེ་བ་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་ངེས་པར་འགྱུར་བའི་དགོས་པ་ཡོད་དེ། སྡུད་པ་ལས། ཐམས་ཅད་མཁྱེན་པ་ཉིད་ཕྱིར་ཡོངས་སུ་བསྔོས་བྱས་ན། །བྱང་ཆུབ་ཅེས་བྱར་དྲུག་པོ་འདི་ཀུན་རོ་གཅིག་འགྱུར། །ཅེས་གསུངས་པ་བཞིན། དེ་ལྟར་ན་ཡོངས་སུ་བསྔོ་བའི་ཚུལ་ནི། ཕལ་པོ་ཆེའི་མདོ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་སྤྱོད་ཕྱིར་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །ཞེས་པ་ལྟར། བདག་གཞན་འཁོར་འདས་ཀུན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད། གཞན་དོན་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཕྱིར་དུ་བསྔོ་བ་ཡིན་ལ། དེ་ཡང་སྐྱབས་ཡུལ་དཔང་པོར་གསོལ་ཏེ་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱ་སྟེ། མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །ཞེས་དང་། རྒྱན་ལས། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །དུས་ལའང་ཡེ་ཤེས་སྒྲིབ་པ་མེད། །ཅེས་པ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་ཕྱིར། འོ་སྐོལ་གྱི་སྒོ་གསུམ་བྱེད་སྤྱོད་ཐམས་ཅད་གཟིགས་མོད་ཀྱང་། རང་གི་མོས་ཡུལ་དུའང་། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་བཞིན་དུ་བཞུགས་པས་བསྔོ་སྨོན་ལ་ཐུགས་གཏད་པར་བསམ་པ་དང་། རང་ཅག་གི་བསྔོ་སྨོན་གྱི་འདུན་པ་ཡང་སངས་རྒྱས་ལ་མཁྱེན་པར་གསོལ་ནས། རྒྱུ་འདི་ལས་འབྲས་བུ་རྣམ་པར་དག་པ་འདི་ལྟ་བུ་ཐོབ་པར་གྱུར་ཅིག་སྙམ་པ་དང་། སྤྱིར་ཡང་རྫོགས་པའི་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་བློ་འདུན་དད་པ་འགོག་པ་མེད་པར་བསྐྱེད་པ་སོགས་བསྔོ་བ་སྨོན་ལམ་གྱི་གནད་ལ་མཁས་པར་བྱ་དགོས་པས། དེ་ལྟར་ཐུགས་ཡུལ་དུ་བཞུགས་ནས་དགེ་འདུན་རྣམས་ཀྱིས་བསྔོ་བའི་མཐུན་འགྱུར་མཛད་པ་ཞུ། ཞེས་བརྗོད་ནས་གསོན་བསྔོ་བགྱིད་ན། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་སྦྱིན་པའི་བདག་པོས་ཐོག་དྲངས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། འདི་ལྟར་སྦྱིན་པ་པོས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུ་དང་ནུས་པ་ལ་བསྟེན་ནས། རྒྱལ་བ་ཐུབ་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག བསྟན་པའི་གཉེན་གྱུར་དཔལ་ལྡན་བླ་མ་དམ་པ་མཆོག་ཏུ་གྱུར་པ་གང་ན་སུ་བཞུགས་ཐམས་ཅད་ཀྱང་སྐུ་ཚེ་བརྟན་ཅིང་། རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་ཐམས་ཅད་ཡར་ཟླ་ལྟར་འཕེལ་བར་གྱུར་ཅིག ཚོགས་ན་སྤྱོད་པ་དང་དབེན་པའི་རིར་བཞུགས་པའི་དགེ་འདུན་དང་། རྣལ་འབྱོར་ཉམས་སུ་ལེན་པའི་སྒྲུབ་པ་པོ་ཕོ་མོ་ལ་སོགས་པ་ཐམས་ཅད་ཀྱང་བསླབ་པ་གསུམ་དང་། ཉམས་རྟོགས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་། ས་ལམ་གྱི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག བླ་མ་མཆོག་གསུམ་སྐྱབས་ཡུལ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་བྱིན་གྱིས་རླབས་པ་ལ་བསྟེན་ནས། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་ཚེ་འདིར་བར་དུ་གཅོད་པའི་འགལ་རྐྱེན་མི་མཐུན་པའི་ཚོགས་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག བྱེ་བྲག་ཏུ་ཡང་ལས་ཉོན་གྱིས་བསྐྱེད་པའི་ནད་གདོན་བགེགས་ཀྱིས་འཚེ་བ། ཕ་རོལ་གྱི་རིགས་སྔགས་ལས་གྱུར་པའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ས་དང་ཆུ་དང་མེ་དང་རླུང་གི་གནོད་པ་དང་། ལོ་ཉེས་པ་དང་། བཀྲ་མི་ཤིས་པ་དང་། བྱུར་དང་། སྐལ་པ་ངན་པ་དང་། དགྲའི་གནོད་པ་དང་། འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་མི་མཐུན་པའི་ཚོགས་ཐམས་ཅད་ཞི་བར་གྱུར་ཅིག མཐུན་པའི་རྐྱེན་ཚེ་དང་དབང་ཕྱུག དཔལ་དང་གྲགས་པ། འཁོར་དང་ལོངས་སྤྱོད། བསོད་ནམས་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག མདོར་ན་རྒྱུའི་དུས་སུ་ཚོགས་གཉིས་རླབས་པོ་ཆེ་ཡོངས་སུ་བསོག་པར་ནུས་པའི་སྐལ་པ་དང་ལྡན་པར་གྱུར་ཅིག ལམ་གྱི་དུས་སུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱོང་བར་ནུས་པའི་སྐལ་བ་དང་ལྡན་གྱུར་ཅིག འབྲས་བུའི་དུས་སུ་དག་པ་གཉིས་ལྡན་གྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཁྱད་པར་དུ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་འཇུག་པའི་སྐལ་བར་ལྡན་ཅིང་ལམ་རིམ་པ་གཉིས་ཀྱིས་རྒྱུད་སྦྱངས་ཏེ་མྱུར་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །སོགས་དང་། བསོད་ནམས་སྟོབས་ཆེན། ལོ་བརྒྱ་འཚོ་ཞིང་སོགས་བསྔོ་སྨོན་ཚིག་བཅད་གང་འོས་བྱའོ། །གསོན་བསྔོ་དེ་ལས་བསྡུས་པར་བྱ་ན་དགོངས་གསོལ་སྔར་བཞིན་ལ། འདི་ལྟར་སྦྱིན་པ་པོས་སྒྲུབ་པའི་དགེ་བའི་རྩ་བ་འདིས་མཚོན་བྱེད་དུ་བྱས་ནས། འཁོར་འདས་ལམ་གསུམ་གྱི་བསྡུས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུ་ལས། ལུང་རྟོགས་གཉིས་ལྡན་གྱི་བསྟན་པ་དེ་འཛིན་དང་བཅས་པ་དར་ཞིང་རྒྱས་པར་གྱུར་ཅིག ཆོས་ལྡན་གྱི་སྒྲུབ་པ་པོའམ་སྦྱིན་པའི་བདག་པོ་འདི་ཉིད་ཀྱང་ནད་གདོན་བགེགས་ཀྱིས་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས་གོང་འཕེལ་དུ་གྱུར་པས་དམ་པའི་ཆོས་ཀྱི་དཔལ་ལ་མངའ་འབྱོར་བར་གྱུར་ཅིག མྱུར་དུ་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་ཆོས་ལྡན་གྱི་བསམ་པ་ཡིད་བཞིན་འགྲུབ་པར་གྱུར་ཅིག སྦྱིན་པ་གཏོང་ཞིངྎ འབད་དང་རྩོལ་བ་སོགས་དང་། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་ཅི་རིགས་བྱའོ། །ཡང་གཤིན་བསྔོ་ལྟ་བུར། ཕྱོགས་ཅུར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྤྱི་གཟུགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་ལས་འདས་པ་འདི་ཞེས་བྱ་བའི་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། དམིགས་ཡུལ་དེས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་བསགས་པའི་དུས་གསུམ་གྱི་ལེགས་སྤྱད་ཅི་མཆིས་པ་དང་། ཤུལ་དུ་གནས་པ་རྣམས་ཀྱིས་ཀྱང་། དཀོན་མཆོག་མཆོད་ཅིང་། ངན་སློང་ལ་སྦྱིན་པ་བཏང་བ། གསང་སྔགས་ཀྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། གཟུང་སྔགས་བཟླས་པ་སོགས་དགེ་བ་བྱས་བསགས་ཐམས་ཅད་ཀྱི་མཐུ་ནུས་ལ་བསྟེན་ནས། དུས་འདས་དེ་དག་འགྲོ་བ་རིགས་དྲུག་གང་དུ་སྐྱེ་འགྱུར་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་ཡོངས་སུ་བྱང་བར་གྱུར་ཅིག བར་དོའི་འཇིགས་སྐྲག་ལས་ཡོངས་སུ་གྲོལ་ཏེ་དཔལ་ལྡན་འཇིག་རྟེན་མགོན་པོ་དང་། འཇམ་པའི་དཔལ་དང་། གསང་བའི་བདག་པོ་རྣམས་ཀྱི་ཞལ་མཇལ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་ནུབ་ཕྱོགས་བདེ་བ་ཅན་དང་། ཤར་ཕྱོགས་མངོན་པར་དགའ་བ། དགའ་ལྡན་ཆོས་ཀྱི་ཕོ་བྲང་། པདྨ་འོད་སོགས་ཞིང་ཁམས་རྣམ་པར་དག་པ་རྣམས་སུ་སྐྱེ་བ་ལེན་པར་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག སྐྱེས་མ་ཐག་ཏུའང་བཅོམ་ལྡན་འདས་རྒྱལ་བ་འོད་དཔག་མེད་དང་། བཅོམ་ལྡན་མི་འཁྲུགས་པ་དང་། རྒྱལ་བ་བྱམས་པ། རིག་འཛིན་སློབ་དཔོན་ཆེན་པོ་པདྨ་ཀཱ་ར་སོགས་ཀྱི་ཞལ་མཇལ་ཞིང་རྗེས་སུ་འཛིན་པའི་སྐལ་བ་དང་ལྡན་པར་གྱུར་ཅིག དེར་ནམ་བྱང་ཆུབ་སེམས་དཔའ་རྣམས་དང་སྤྱོད་ཡུལ་གཅིག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ལ་སོགས་པའི་ལམ་ལ་སློབ་ཅིང་ལམ་གྱི་མངོན་རྟོགས་མཐར་ཕྱིན་པར་གྱུར་ཅིག ཞིང་ནས་ཞིང་ཉུལ་ཏེ་སྔགས་སྤྱོད་ཀྱི་ཞིང་དུ་སྔགས་ལམ་བདེ་བ་ཆེན་པོའི་ཡེ་ཤེས་མཐར་ཕྱིན་པའི་གོ་འཕང་ཐོབ་པར་གྱུར་ཅིག གལ་ཏེ་ལས་ཉོན་གྱི་འཆིང་པས་སྲིད་པར་སྐྱེ་བ་ལེན་པར་གྱུར་ན་དལ་འབྱོར་ཆོས་ལྡན་གྱི་ལུས་རྟེན་བཟང་པོ་ཐོབ་པར་གྱུར་ཅིག མ་ནོར་དམ་པའི་མགོན་གྱིས་རྗེས་སུ་བཟུང་ནས་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག དམ་སྡོམ་རྣམ་པར་གཙང་ཞིང་སྨིན་གྲོལ་ས་ལམ་གྱི་ཡོན་ཏན་གོང་དུ་འཕེལ་ཏེ། མཐར་ཐུག་རྫོགས་པའི་བྱང་ཆུབ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ངན་སོང་སྡུག་བསྔལ་མི་མྱོང་ཞིང་སོགས་དང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་བསྔོ་སྨོན་བྱའོ། །གཤིན་བསྔོ་དེ་ལས་བསྡུས་པ་བྱ་ན། དགོངས་གསོལ་སྔར་བཞིན་ནས། ཚེ་འདས་དེ་ཉིད་ཀྱིས་དུས་གསུམ་བསགས་པའི་དགེ་བ་དང་། ཤུལ་ན་གནས་པ་རྣམས་ཀྱིས་འདི་ལྟར་སྒྲུབས་པའི་དགེ་བའི་མཐུ་ལས། དམིགས་ཡུལ་དེ་ཉིད་སྲིད་པ་བར་དོའི་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག བར་དོ་ལ་བར་དོར་ངོ་ཤེས་པས་འཁྲུལ་པའི་སྣང་བ་དབྱིངས་སུ་དག་ནས་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམ་པར་དག་པར་སྐྱེ་བ་ལེན་ནུས་པར་གྱུར་ཅིག སྐྱེས་མ་ཐག་ཏུ་རྒྱལ་སྲས་རབ་འབྱམས་ཀྱི་ཞལ་མཇལ་ཏེ་དམ་པའི་ཆོས་ཀྱི་སྒོ་མཐའ་ཡས་པར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག མདོར་ན་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ་ཏེ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག བདེ་བ་ཅན་གྱི་ཞིང་ཁམས་ན་སོགས་སྨོན་ལམ་སྐབས་བསྟུན་བྱའོ། །དེ་ཙམ་དཔེར་མཚོན་ཏེ། གཞན་ནི་ཚིག་དོན་བཟང་པོའི་རང་བཞིན་མཁྱེན་ཀློང་ནས་དཔྱད་པའི་བབས་འོས་དང་། རྒྱས་བསྡུས་སྐབས་བསྟུན་མཛད་པ་ལེགས་སོ། །ཐེག་ཆེན་ཆོས་ལ་སྤྱོད་པའི་ལུགས། །བསྔོ་བ་སྨོན་ལམ་རིམ་པ་ཡིས། །འབྲེལ་ཐོགས་འགྲོ་ལ་ཕན་འདོགས་ཕྱིར། །བཀོད་གང་དོན་ལྡན་ཉིད་གྱུར་ཅིག །ཅེས་བསྔོ་བའི་ཡོན་བཤད་དང་། བསྔོ་བ་རྒྱས་བསྡུས་ཀྱི་རིམ་པ་དཔེར་བརྗོད་དུ་བཀོད་པ་འདི་བཞིན། བདེ་ཆེན་ཆོས་འཁོར་ནས་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེའི་གསུང་གིས་བསྐུལ་བ་ལྟར། ༧ མི་ཕམ་ཆོས་ཀྱི་སྣང་བས་གཡེང་བའི་བར་གསེང་ཞིག་ལ་བྲིས་པ་ལགས།། །།


previousབསྔོ་བའི་ཡོན་བཤད་དང་བསྔོ་བ་མདོར་བསྡུས་བཀོད་པ་ལེགས་བྱས་ཀྱི་ཤིང་རྟ།next