Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།


   
  collapse section
   
   
   
   
ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་གྲུབ་གཉིས་ནོར་བུའི་གན་མཛོད།
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་གྲུབ་གཉིས་ནོར་བུའི་གན་མཛོད།next

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་གྲུབ་གཉིས་ནོར་བུའི་གན་མཛོད།

༄༅། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་གྲུབ་གཉིས་ནོར་བུའི་གན་མཛོད་ཅེས་བྱ་བ་བཞུགས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བསམ་ཡས་རྡུལ་བྲལ་ལ་ཡོན་ཏན་རྒྱ་མཚོའི་བདག །འོད་སྣང་མཐའ་ཡས་ཡེ་ཤེས་སྒྱུ་མའི་གར། །གསུང་གི་དབང་ཕྱུག་སྙིང་རྗེའི་གཏེར་ཆེན་ལ། །གུས་པས་འདུད་དོ་གྲུབ་གཉིས་ཆར་དུ་བསྙིལ། །རབ་འབྱམས་དཀྱིལ་འཁོར་ལྷ་དང་དབྱེར་མེད་པའི། །གྲུབ་པའི་སློབ་དཔོན་མཚོ་སྐྱེས་ཐུགས་ཀྱི་བཅུད། །ཟབ་ཆོས་ཡངས་སྙིང་འདུས་པའི་བསྙེན་སྒྲུབ་ཀྱི། །དམར་བྱང་ཉུང་གསལ་ཉམས་ལེན་ཁྱེར་བདེ་སྤྲོ། །དེ་ལ་འདིར་རྟེན་གྱི་གང་ཟག་ཁམས་གསུམ་གྱི་འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པས་ཡིད་དྲངས་ཏེ། མཁའ་ཁྱབ་སེམས་ཅན་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་བའི་སེམས་སྟོབས་ཆེན་པོའི་ཁུར་ཁྱེར་ཞིང་དེ་ཡང་ལམ་ཟབ་མོ་རྡོ་རྗེ་ཐེག་པའི་རིམ་པ་གཉིས་ལ་བརྟེན་ནས་ཚེ་འདིར་ཟུང་འཇུག་གི་སྐུ་འགྲུབ་པར་འདོད་པ་དག་གིས་ལྷག་པའི་ལྷ་གང་ཡང་རུང་བ་ཞིག་ལ་ཡི་དམ་དུ་བཟུང་ལ། དེ་ཉིད་ཀྱི་སྒོ་ནས་རིམ་གཉིས་ལས་ཚོགས་དང་བཅས་པ་ལ་མཐར་ཕྱིན་པར་སློབ་དགོས་པ་ལ། ད་ལམ་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་མགོན་པོ་སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་ཇི་སྙེད་གཅིག་མཆིས་པའི་ནང་ཚན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཁ་ནས་བྱོན་པའི་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རིམ་གཉིས་ལ་གཞོལ་བར་འདོད་པ་དག་གི་དབང་དུ་བྱས་ན་ཐོག་མར་ཟབ་ཆོས་འདི་ཉིད་ཀྱི་རྩ་བའི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ཐོབ་པས་རྒྱུད་སྨིན་ཅིང་། དམ་ཚིག་རྣམ་པར་དག་པས་གཞི་བཟུང་ནས་བསྙེན་སྒྲུབ་ལ་ཇི་ལྟར་འཇུག་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་ལ་ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ནི་ཡུན་ཇི་ཙམ་བྱེད་པའི་ལོང་ཁྱབ་དང་བསྟུན་ནས་ཕྱི་མཚམས་ཀྱི་ཁོག་ཏུ་སྔོན་འགྲོ་བློ་སྦྱོངས་དང་བསགས་སྦྱང་གི་རིམ་པ་ཅི་འགྲུབ་ཏུ་དགོས་པས། དབེན་པའི་རི་ལ་སོགས་བག་ཕེབ་གནས་སུ་སྒྲུབ་རྫས་དང་ཡོ་བྱད་ཐམས་ཅད་སྔ་ནས་ཚགས་སུ་ཚུད་པར་བྱས་ཏེ། འདུ་འཛིན་དང་འབྲེལ་འདྲིས་རིམ་གྱིས་བཅད་ལ་དུས་ཚེས་ཀྱི་རྟེན་འབྲེལ་ལ་སོགས་པར་ཕྱི་མཚམས་བསྡམས། བསམ་གཏན་གྱི་ཁང་པར་འབྲུ་དཀར་གྱི་གཡུང་དྲུང་ཆོས་སྐོར་དུ་བྲིས་པའི་ཁར་ཀུན་ཤའི་ཆུན་པོ་དགྲམ་ཞིང་བདེ་བའི་སྟན་བཤམས། རང་དང་ཞལ་སྤྲོད་དུ་ཡོད་པར་འཕགས་པའི་ཞལ་ཐང་བཀྲམ་པའི་མདུན་དུ་ཉེར་སྤྱོད་ཀྱི་མཆོད་བ་ཇི་ལྟར་འབྱོར་བ་དང་མཎྜལ་སོགས་བཀོད། དཀར་ཕྱོགས་སྐྱོང་བ་སྤྱི་དང་བྱེ་བྲག་གནས་དང་གཞི་ཡི་བདག་པོ་རྣམས་ལ་བརྒྱགས་བརྔན་དང་སྡེ་བརྒྱད་མཆོད་པ་གཏོར་མ་ཆ་གསུམ་བཅས་བཏང་ཏེ་དགེ་བའི་སྡོང་གྲོགས་མཛད་པ་དང་། བར་ཆད་སྲུང་བའི་ཕྲིན་ལས་བཅོལ། རང་ཉིད་ལས་ཀྱི་ལྷ་རྟ་མགྲིན་དུ་ལམ་གྱིས་གསལ་བས་བགེགས་ལ་གཏོར་མ་བྱིན་ནས་བསྐྲད་དེ་སྲུང་བའི་འཁོར་ལོ་གསལ་བརྟན་ཐོབ་པར་བསྒོམ། དེ་ནས་བློ་བག་ཕབ་ཏེ། དལ་འབྱོར་གྱི་རྟེན་རྙེད་དཀའ་ཞིང་ཡུན་རིང་དུ་གནས་པའི་མཐུ་མེད་པ་དང་། ལས་འབྲས་ཕྲ་མོ་ལའང་བསླུ་བ་མེད་ཅིང་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་དུ་མས་ཉམས་ཐག་པའི་ཚུལ་ཞིབ་ཏུ་བསམ་སྟེ་ངེས་འབྱུང་གི་བསམ་པ་བློ་དང་འདྲེས་པར་བྱ། དེ་རེས་རྟེན་མི་ལུས་ཐོབ་པ་དང་། རྐྱེན་དགེ་བའི་བཤེས་གཉེན་མཇལ་ཏེ་ཟབ་དགུའི་གདམས་པ་ཐོབ་པའི་སྐབས་འདིར་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱ་བའི་ཕྱིར་ལམ་ཟབ་མོ་སྒོམ་དུ་ཡོད་པ་འདི་ནི་བསྐལ་པ་མང་པོར་ཚོགས་བསགས་པའི་འབྲས་བུ་ཡིན་པས་ང་རེ་དགའ། ད་ནི་བསྙེན་སྒྲུབ་འདི་ཉིད་མཐར་ཕྱིན་ཏེ་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་ཞིག་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བརྩོན་འགྲུས་ལ་ཐང་ལྷོད་མེད་ཅིང་ཉིན་མཚན་གཡེལ་མེད་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཡིད་སྤྲོ་སེང་ངེ་བར་བྱ། ཁྱད་པར་དུ་དམ་བཅའ་འདི་ཉིད་མཐར་མ་ཕྱིན་བར་དུ་ལུས་ཀྱི་ན་ཚ། སེམས་ཀྱི་བཟེ་རེ། གཉེན་གྲོགས་ཀྱི་བར་ཆད་ཅི་ལྟ་བུ་་བྱུང་རུང་དེ་དག་གི་དབང་དུ་ཅུང་ཟད་ཀྱང་བཏང་བར་མི་བྱའོ་སྙམས་དུ་ཞེ་དམ་དྲག་པོ་གཏིང་ཚུག་པར་བྱ། དེ་ལྟར་བློ་སྤྱངས་དང་འབྲེལ་བར་སྐྱབས་འགྲོ་སྤྱི་དང་བྱེ་བྲག་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཕགས་མཆོག་སྤྱན་རས་གཟིགས་ཡངས་སྙིང་འདུས་པ་ལ་སྐྱབས་གནས་དཀོན་མཆོག་གསུམ་བརྒྱུད་པའི་བླ་མ་མཁའ་འགྲོ་ཆོས་སྲུང་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་མོས་པའི་དྲུང་དུ་བདག་གཞན་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བའི་འདུན་པས་ན་མོ་བྱང་ཆུབ་སྙིང་པོ་ལ་མཆིས་སོགས་ཀྱི་སྐྱབས་འགྲོ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ལ་འཇུག་པར་བགྱིའོ་སྙམས་པས་བདག་གི་སྒོ་གསུམ་འབད་རྩོལ་གྱིས་སོགས་ཀྱིས་སེམས་བསྐྱེད་། ཚད་མེད་བཞི་གསལ་བཏབ་ནས་ཡིད་ལ་རྩེ་གཅིག་ཏུ་སྒོམ་ཞིང་སེམས་ཅན་ཐམས་ཅད་བདེ་བ་སོགས་ཀྱིས་སྨོན་ལམ་གདབ་པ་རྣམས་བརྒྱ་སྟོང་ཁྲི་འབུམ་སོགས་བློས་གང་ལྕོགས་བྱ། དེ་ནས་མཎྜལ་སོ་བདུན་མ་སོགས་ཇི་ལྟར་རིག་པ་གང་འགྲུབ་དང་། ཚོགས་ཞིང་སྔར་ལྟར་གསལ་བའི་མདུན་དུ་། ཚོགས་བསགས་ཡན་ལག་བདུན་པ་། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་སོགས་དང་འབྲེལ་བར་དམིགས་འདུན་ཆུན་གཅིག་པར་ཕྱག་ཀྱང་བརྒྱ་སྟོང་ཁྲི་འབུམ་གང་འགྲུབ་དང་། ཡན་ལག་བདུན་པའི་རྗེས་སུ་སྟན་ལ་འདུག་སྟེ། བླ་མ་སྤྱན་རས་གཟིགས་བརྒྱུད་པའི་བླ་མ་དང་བཅས་པ་ལ་མོས་གུས་རྩེ་གཅིག་པས། ཨོཾ་སྭ་སྟི། བདེ་སྟོང་སྤྲོས་དང་བྲལ་བའི་སོགས་བརྒྱུད་འདེབས་ལན་གསུམ་མམ་བདུན་སོགས་ཀྱི་མཐར་ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དང་སོགས་ཀྱི་ཚེ་མཐའ་བསྐོར་གྱི་སྐྱབས་ཡུལ་རྩ་གསུམ་དཀོན་མཆོག་ཐམས་ཅད་སྤྱན་རས་གཟིགས་ལ་ཐིམ། དེའི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རང་གི་གནས་གསུམ་དུ་ཐིམ་པས་བུམ་གསང་ཤེས་རབ་ཀྱི་དབང་གསུམ་ཐོབ། སྒོ་གསུམ་གྱི་དྲི་མ་དག་སྐུ་གསུམ་གྱི་གོ་འཕང་རྒྱུད་ལ་བཞག་པར་བསམ་ལ། ཨོཾ་ཨཱ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་བརྗོད་པས་སྤྱན་རས་གཟིགས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་སེམས་དང་བླ་མའི་ཐུགས་གཉིས་སུ་འཛིན་པའི་རྟོག་པ་སྤང་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག་པས་དབང་བཞི་པ་ཐོབ། ཤེས་བྱའི་དྲི་མ་དག་ངོ་བོ་ཉིད་སྐུའི་གོ་འཕང་རྒྱུད་ལ་བཞག་པར་བསམ། དེ་ལས་ལྡང་བའི་ཚེ་སྣོད་བཅུད་དག་པའི་འཁོར་ལོ་ལྟ་ཞིང་། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་དང་སྨོན་ལམ་གང་མོས་བདག་པར་བྱའོ། །དེ་དག་གིས་ནི། སྐྱབས་འགྲོ་སེམས་བསྐྱེད་མཎྜལ་ཡན་ལག་བདུན་པ་ཕྱག་བླ་མའི་རྣལ་འབྱོར་བཅས་སྔོན་འགྲོའི་རིམ་པ་རྣམས་གྲུབ་ཅིང་། གཞན་ཡང་ཐུན་སྐབས་ཅི་རིགས་པར་རང་ཉིད་སྤྱན་རས་གཟིགས་སམ་ཐ་མལ་གང་མོས་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་སྒོམ་སྟེ་ཡི་གེ་བརྒྱ་བའི་བཟླས་པ་སྟོབས་བཞི་ཚངས་པ་བཤགས་སྦྱང་རྣམས་ཀྱང་སྤྱི་ལྟར་བྱའོ། །སྔོན་འགྲོ་བསགས་སྦྱང་འདི་དག་དངོས་གཞིའི་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་ཞིང་སྒྲིབ་པ་སྦྱངས་བ་དང་བར་ཆད་སེལ་བའི་ཐབས་ཁྱད་པར་ཅན་ཡིན་པས་གལ་ཆུང་ངུ་མ་སོང་བར་ཡིན་རིང་དུ་བྱེད་པར་གནད་ཆེའོ། །དེ་ནས་དངོས་གཞི་ནི་སྔོན་འགྲོ་རྫོགས་མཚམས་ནས་བར་མ་ཆོད་པར་བསྙེན་སྒྲུབ་དངོས་ལ་འཇུག་ཏེ་བསྙེན་པ་རྐྱང་བར་བྱེད་ན་བདག་བསྐྱེད་ཁོ་ན་ལས་མདུན་བསྐྱེད་མི་དགོས་པས་དཀྱིལ་འཁོར་སོགས་མི་དགོས་ལ་བདག་བསྐྱེད་མཆོད་གཏོར་སྨན་རཀ་ཉེར་སྤྱོད་རྣམས་དང་། སྲུངས་མའི་རྒྱུན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་པས་ཆོག་ཅིང་། བསྙེན་བསྒྲུབ་བསྒྲགས་མར་མོས་ན་མདུན་རྟེན་གྱི་དཀྱིལ་འཁོར་སྒྲུབ་རྫས་སོགས་སྒྲུབ་ཁོག་ནས་འབྱུང་བ་ལྟར་དང་རྒྱལ་ཆེན་ཐོ་འཛུག་དམ་སྲི་མནན་པ་སྒོ་བྱང་ཕྱི་ནང་རྒྱན་བཀོད་བྱིན་འབེབས་སོགས་ཀྱང་དགོས་ལ། དུས་ནི་ལྷ་དབང་དུ་བྱ་བའི་རྟེན་འབྲེལ་གྱིས་དམར་ཕྱོགས་ཀྱི་སྲོད་ཐུན་ལ་མགོ་འཛིན་པར་གསུངས་པ་དེ་ལྟར་རམ། དཀར་ཕྱོགས་ལའང་རུང་བས་གང་ལྟར་ཡང་དགོང་ཐུན་གྱི་འགོར། རང་ཉིད་ལས་ཀྱི་ལྷ་རྟ་མགྲིན་གྱི་ང་རྒྱལ་ལ་གནས་པས་སྔོན་འགྲོའི་གཏོར་མ་དཀར་དམར་གཉིས་བསངས་སྦྱངས་བྱིན་གྱིས་བླབས་ནས་གཞི་བགེགས་སོ་སོར་བསྔོས་ཏེ་འདོད་གསོལ་དང་བགེས་བསྐྲད་བྱ། ཧྲཱིཿཧཱུྃ། ང་ནི་ཁྲོ་རྒྱལ་རྟ་མགྲིན༴སོགས། སྲུང་བའི་འཁོར་ལོ་མཚན་བཅས་སྲ་བརྟན་གཞོམ་གཞིག་དང་བྲལ་བར་བསྒོམ་བའི་རྗེས་སུ་མཚན་མེད་བློ་འདས་རེ་དོག་བྲལ་བའི་ངང་ལ་བཞག་ནས་ནང་མཚམས་བཅད། དེ་ནས་ཕྱི་རོལ་གྱི་སྒོ་དྲུང་ནས་གོམ་པ་བདུན་བཅུའི་སའམ། ཇི་ལྟར་རིག་པར་ཐོ་དཀར་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བྲིས་པ་ཤིང་རྩི་བཅས་བཙུགས་ལ་རྒྱལ་ཆེན་བྲན་གཡོག་བཅས་པ་སྤྱན་དྲངས་བསྟིམ་བརྟན་མཆོད་བསྟོད་ཕྲིན་ལས་བཅོལ་བ་སོགས་བྱས་ཏེ་ཇི་སྲིད་སྒྲུབ་པ་མཐར་མ་ཕྱིན་གྱི་བར་དུ་བཞུགས་པར་བསམ་ལ་དུས་མཚམས་རྣམས་སུ་མཆོད་གཏོར་བསྔོ་ཞིང་ཕྲིན་ལས་བཅོལ་བ་སོགས་ཀྱིས་ཁ་གསོ་བར་བྱའོ། །དེ་ནས་བརྩམས་སྟེ་ཡོ་བྱད་བཏང་ལེན་དང་མི་ངོ་གསར་འཕྲད་སོགས་ཕྱི་ནང་གི་འབྲེལ་འགྲུལ་བཅས་གཏན་ནས་མི་བྱ། ཐ་ན་ཡིག་འགྲུལ་དང་མཆོད་རྫས་གསར་པ་སོགས་ལེན་དགོས་བྱུང་ནའང་། དུས་རྒྱུན་བདུད་རྩི་འཁྱིལ་བ་སྒྲུབ་པའི་ལས་ཆུ་དང་། རྟ་མགྲིན་ནམ་གཞན་ཡང་ལས་སྔགས་གང་འོས་ཀྱིས་ནུས་ལྡན་དུ་བྱས་པའི་ཡུངས་གུལ་སྟ་གོན་བྱས་ལ་བཞག་ནས་དེ་དག་གིས་བསངས་བྲབ་བདུག་གསུམ་མ་བརྗེད་པར་བྱེད། སྨྲ་བརྗོད་ཡང་རབ་ངག་བཅད་དང་། ཐ་ན་ཡང་ཐུན་པར་དུ་མཚམས་གཡོགས་སོགས་འོས་རིགས་ལས་གཞན་ཐུན་གྱི་གང་ལ་གཏམ་སྨྲ་བ་དང་སུ་བྱུང་ལ་ངག་བསྲེ་བ་མི་རུང་ཞིང་མདོར་ན་ཕྱི་གྲིམས་ལ་གུ་དོག་དོག་འདྲ་བ་ལ། ནང་ལྟ་བ་དང་ཏིང་ངེ་འཛིན་གྱི་ངང་ལ་ལྷོད་ཆགས་པས་རེ་དོགས་དང་འཁུ་འཕྲིག་ཟིལ་གྱིས་མནན་ནས་གུ་ཡང་ཁྲོལ་ལེ་ཡོད་པ་ཞིག་དགོས་སོ་ཅེས་བླ་མ་དམ་པའི་ཞལ་ལས་ཐོས་སོ། །དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ཡན་ལག་བདུན་པ་དང་ཕྱི་ནང་གསང་བའི་མཆོད་རྫས་བྱིན་གྱིས་རླབས་པ་སོགས་སྔོན་འགྲོའི་ཆོས་རྣམས་གྲུབ་པར་བྱས་ནས། ཐུན་གྱི་དངོས་གཞི་ལ། སྐུ་ཕྱག་རྒྱ་ལྷའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་ཆོས་སྐུའི་རྣལ་འབྱོར་དང་གསུམ་ལས། དང་པོ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཀྱི་དེ་ཁོ་ན་ཉིད་གསལ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ལས། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རྫོགས་པའི་བྱང་ཆུབ་ལ་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསལ་བར་སྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་བྱུང་གི་རིག་པ་ཉིད་ཡི་གེ་ཧྲཱིཿཡིག་དཀར་པོ་དྲི་མ་མེད་པར་གསལ་བ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སྦྱང་ཏེ་སྟོང་ཉིད་ནམ་མཁའ་དྭངས་པའི་དཀྱིལ་ལྟར་མཐའ་དབུས་དང་བྲལ་བའི་ཀློང་དུ་ཧྲཱིཿལས་བྷྲཱུྃ་འཕྲོས་པ་འོད་དུ་ཞུ་བ་ལས་འབྱུང་བ་རིམ་བརྩེགས་ཞིང་ཁམས་གཞལ་ཡས་ཁང་གདན་དང་བཅས་གསལ་བའི་དབུས་སུ་པདྨ་ཉི་ཟླའི་གདན་ལ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་གསལ་བྱེ་རུའི་ལྷུན་པོ་ལ་ཉི་མའི་འོད་ཀྱིས་འཁྱུད་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་པདྨ་དམར་པོའི་ཕྲེང་བ་ཐུགས་ཀར་འདྲེན་ཅིང་། གཡོན་མཉམ་བཞག་གི་སྟེང་ན་པདྨ་ལ་གནས་པའི་བུམ་པ་བདུད་རྩིས་གང་བ་བསྣམས་པ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་སྐྱ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་ཞི་བའི་ཚུལ་དགུ་དང་ལྡན་པ་ཡེ་ཤེས་ལྔའི་རང་མདངས་འོད་ལྔའི་གུར་ཁྱིམ་འཁྲིགས་པའི་དབུས་ན་བཞུགས་པ། ཡབ་ཀྱི་སྤྱི་བོར་རིག་བདག་འོད་དཔག་མེད་སྤྲུལ་བའི་སྐུ་ཡི་ཆ་བྱད་ཅན་དང་། ཐུགས་ཀར་ཙིཏྟ་རིན་པོ་ཆེའི་མཆོང་གུར་ཕུབ་པ་ལྟ་བུ་ཟླ་གམ་སྒོ་གཅིག་པའི་ནང་དུ་པད་དཀར་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿཡིག་དཀར་པོའི་མཐར་སྐོར་དུ་ཡི་གེ་དྲུག་མ་དངུལ་ཞུན་གྱིས་བྲིས་པ་བཞིན་གཡས་བསྐོར་དུ་གསལ་བའི་སྒོ་ནང་དུ་རྟ་མགྲིན་དམར་མོ་ཕྱག་གཡས་དབང་བསྡུད་ཀྱི་ཕྱག་རྒྱ་སྟེ་ལྕགས་ཀྱུ་དང་གཡོན་ཞགས་པ་འཛིན་པ་དུར་ཁྲོད་རོལ་བའི་ཆས་ཅན་བདུད་བཞིའི་གདན་ལ་དོར་སྟབས་ཀྱིས་བཞུགས་པ། གཙོ་བོའི་གཡས་སུ་སྲས་ནོར་བུ་འཛིན་པ་གཡས་ནོར་བུ་དང་གཡོན་དུ་སྲས་མོ་གསངས་སྔགས་འཛིན་མ་གཡོན་ཕྲེང་བ་བསྣམས་ཤིང་ཕྱག་གཞན་གཉིས་མཆོད་སྦྱིན་མཛད་པས་འདུད་པའི་ཚུལ་དུ་བཞུགས་པ་བྱང་ཆུབ་སེམས་དཔའི་ཆས་ཅན། དེའི་ཕྱི་རོལ་གྱི་པད་འདབ་དྲུག་ལ་གཡས་བསྐོར་གྱིས་མདུན་ནས་བརྩམ་སྟེ་ངོ་བོ་ལྷ་ལ་སོགས་པའི་ཐུབ་པ་དྲུག་པོ་ལ་རྣམ་པ་ཨོ་དཀར་པོ་མ་སྔོན་པོ་ཎི་སེར་པོ་པད་སེར་ནག་མེ་ལྗང་དམར་ཧཱུྃ་མཐིང་ནག་རྣམས་ཡིག་ངོ་ནང་བསྟན་དུ་འཁོད་པའི་ཡིག་འབྲུ་སོ་སོ་ལས་རང་མདོག་གི་འོད་ཟེར་གྲངས་མེད་པ་རིགས་དྲུག་སོ་སོའི་གནས་སུ་ཁྱབ་པར་སྤྲོ་བའི་འོད་ཟེར་གྱི་རྩེ་ལ་འགྲོ་འདུལ་ཐུབ་དྲུག་གི་སྤྲུལ་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པར་འབྱེད་པ། དེའི་ཕྱི་རོལ་དུ་པདྨའི་གདན་ཕྱི་ནང་གི་རིམ་པ་བཞི་སྐོར་དུ་ཡོད་པ་ལ་དུས་གསུམ་གྱིས་བསྡུས་པའི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་འགྲོ་བ་སྣ་ཚོགས་པ་འདུལ་ཕྱིར་སྐུ་མདོག་གཅིག་ཏུ་མ་ངེས་པར་དཀར་སེར་དམར་ལྗང་མཐིང་ག་ལ་སོགས་པ་མཚན་དང་དཔེ་བྱེད་འབར་བ་སྤྲུལ་བའི་སྐུ་ཆགས་བྲལ་ཚངས་པར་སྤྱོད་པའི་ཆ་ལུགས་སུ་བཞུགས་པ། སྒོ་བཞིར་རྟ་མགྲིན་རིགས་བཞི་ལས་བཞིའི་མདོག་ཅན་དྲག་པོའི་ཆ་བྱད་ཅན་དང་། གཞན་ཡང་གཞལ་ཡས་ཁང་གི་བར་ཁྱམས་དང་ཕྱི་རོལ་ཀུན་ཏུ་བླ་མ་རིག་འཛིན་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྲུང་གི་ཚོགས་དང་བཅས་བ་ཐམས་ཅད་སྐུ་སྣང་སྟོང་འོད་ཀྱི་རང་བཞིན་གསུང་གྲགས་སྟོང་སྔགས་ཀྱི་རང་སྒྲ་སྒྲོགས་པ་ཐུགས་མཁྱེན་བརྩེ་ནུས་པ་ཡེ་ཤེས་དང་བཅས་སྟེ་རྣམ་འགྱུར་ཞི་དང་ཁྲོ་ཆགས་དཔའ་བརྗིད་ཀྱི་ཉམས་བརྒྱར་འཆར་བ་སྤྲིན་དཔུང་གཏིབ་པ་ལྟར་བཞུགས་པར་བསམ་པ་རྣམས་ཚིག་དོན་འབྲེལ་ཆགས་པར་གསལ་གདབ་བོ། །དེ་ལྟར་གསལ་བའི་དམ་ཚིག་པ་རྣམས་ཀྱི་གནས་གསུམ་དུ་ཟླ་བ་པདྨ་ཉི་མའི་གདན་སོ་སོར་ཨོཾ་དཀར་ཨཱ་དམར་ཧཱུྃ་མཐིང་གསུམ་གསལ་བས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་རྒྱས་གདབ་འོད་དཔག་མེད་རིགས་ཀྱི་བདག་པོར་བྱས་པའི་རྒྱལ་བ་རིགས་ལྔས་དབུ་བརྒྱན། རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་དབང་བསྐུར་བ་སྟེ་བསྐྱེད་པའི་རིམ་པའོ། །དེ་ནས་སྙིང་གའི་འོད་ཀྱིས་རོལ་པ་ཆེན་པོའི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་གང་བར་སྤྱན་དྲངས་ཏེ་དམ་ཡེ་དབྱེར་མེད་དུ་བརྟན་པར་བྱས་ནས་བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། ཕྱི་ནང་གསང་བའི་མཆོད་པ་འབུལ་བ། བརྡའ་དོན་དྲན་པས་ཆེ་བའི་ཡོན་ཏན་ལ་བསྟོད་པའི་བར་རྣམས་དཀྱུས་བཞིན་བྱའོ། །དེ་ནས་བསྐྱེད་རིམ་གྱི་དངོས་གཞི་ལྷའི་རྣམ་པ་གསལ་བ་གལ་ཆེ་བས་ལུས་དྲང་པོར་བསྲང་ལ། ངག་བཟླས་བརྗོད་སོགས་ལ་མི་འཇུག་པར། སེམས་ལྷའི་སྐུ་ལ་དྲན་པར་མངོན་དུ་བཞག་སྟེ། ཐོག་མར་དབུ་རྒྱན་གྱི་ནོར་བུའི་རྩེ་མོ་ནས་ཞབས་ཀྱི་པད་གདན་ཡན་གྱི་རྣམ་པ་སྤྱི་ལ་སེམས་བཟུང་དེ་ནས་བྱེ་བྲག་ལ་གསལ་སྣང་རིམ་གྱིས་འདོན་ཏེ་སྨིན་མཚམས་ཀྱི་མཛོད་སྤུ། སྤྱན་གྱི་དཀར་ནག ཤང་གི་སྤུ་གུ ཞལ་གྱི་སྒྲོས། ཚེམས་ཀྱི་ཕྲེང་བ། ལྗགས་ཀྱི་སྲབ་མཉེན། དཔལ་བའི་དབྱེས། དབུ་སྐྲའི་ཟར་བུ། ནོར་བུའི་ཐོར་ཚུག ཕྱག་ཞབས་ཀྱི་རི་མོ། སྟོད་སྨད་ཀྱི་འཕེལ་ཁ། སྐུ་སྐེད་ཀྱི་ཕྲ་ལྡེམ། སྒེགས་ཉམས་ཀྱི་འགྱིང་ཚུལ། ཡབ་ཡུམ་འཁྲིལ་སྟབས། ཡན་ལག་གི་གཉེན་ལྕུགས། ནོར་བུའི་རྒྱན་ཆ་དར་གྱི་ན་བཟའ། ཕྱག་མཚན་གྱི་འཛིན་ཚུལ་སོགས་རེ་རེ་ནས་གསལ་སྣང་བཏོན་ཏེ་སྒོམ། ཡང་རྣམ་པ་སྤྱི་ལ་སེམས་བཟུང་། དེ་ལྟར་རེས་མོས་ཀྱི་གཙོ་བོ་ལ་གསལ་སྣང་ཐོན་པ་དང་། རིམ་པར་སྤྱི་བོའི་རིགས་བདག་དང་། ཐུགས་ཀའི་རྟ་མགྲིན། འཁོར་གྱི་ལྷ་ཚོགས་རྣམས་གསལ་འདེབས། གཙོ་འཁོར་ཡོངས་རྫོགས་ལ་སེམས་ཟིན་པ་དང་། གཞི་འབྲས་ཀྱི་དག་པ་དྲན་པས་དེ་ལྟར་གསལ་བའི་ལྷ་སྐུ་ཞལ་ཕྱག་རྒྱན་དང་རྣམ་འགྱུར་དང་བཅས་པ་ཐམས་ཅད་སེམས་ཉིད་དབྱིངས་ཀྱི་ཡོན་ཏན་མཚོན་པའི་བརྡའམ་རྟགས་ཀྱི་ཕྱག་རྒྱ་ཙམ་ལས་དངོས་པོ་རང་རྒྱུད་ཏུ་མ་གྲུབ་པར་ཤེས་པས་སྣང་སྟོང་སྒྱུ་མའི་རོལ་པར་རྩལ་སྦྱངས། དེ་ཡང་རང་གི་བློས་བཅོས་པའི་རྟོག་བཟོ་ཙམ་དུ་མི་བལྟ་བར་གདོད་ནས་འཁོར་འདས་དབྱེར་མེད་དག་མཉམ་ཆེན་པོར་བཞུགས་པའི་ཚུལ་ལ་ངེས་པ་དྲང་ནས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་གཅིག་དང་ཐ་དད་བྲལ་བའི་བདག་ཉིད་མགོན་པོ་སྤྱན་རས་གཟིགས་ཀྱི་གསང་གསུམ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ངའོ་སྙམས་པའི་ང་རྒྱལ་བརྟན་པོར་བྱ། གསལ་དག་བརྟན་གསུམ་འདི་ནི་བསྐྱེད་རིམ་གྱི་དངོས་གཞི་བསྙེན་པའི་དོན་པོ་ཏིང་ངེ་འཛིན་གྱི་གཟེར་ཡིན་པས་གལ་ཆུང་དུ་མ་ལུས་གནད་དུ་འགྲོ་བར་བྱ་དགོས་སོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི་ལྷ་དང་ཉེ་བར་བསྙེན་ཅིང་དངོས་གྲུབ་སྒྲུབ་པའི་ཕྱིར་ཐུགས་རྒྱུད་བསྐུལ་བར་བྱེད་པ་སྙིང་པོ་སྔགས་ཀྱི་གཟེར་སྟེ། །འདི་ལ་ཕྱི་བསགས་སྦྱངས་དངོས་གྲུབ་སྡུད་པའི་བཟླས་པ་། ནང་དྲེགས་པ་ཚར་གཅོད་ཀྱི་བཟླས་པ། གསང་བ་དོན་གྱི་བཟླས་པ་། གནས་ལུགས་བོགས་འདོན་གྱི་བཟླས་པ་དང་བཞི་ལས། དང་པོ། ཧྲཱིཿཐ་མལ་ངག་ཞེན་སོགས་ནས་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་པའི་བར་ཚར་གཅིག་བརྗོད། དེ་ནས་བཟླས་པའི་གཞི་དམིགས་པ་འགོད་པ་ནི། ཧྲཱིཿ ཕྱི་ནང་གསང་བའི་སོགས་ཀྱི་བསྟན་པ་ལྟར། གཙོ་བོ་དང་ཐུགས་ཀའི་སྒོར་གསལ་བའི་རྟ་མགྲིན་སྤྱི་བོའི་དཔག་མེད་དེ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་སོ་སོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་དམར་མཐིང་གསུམ་པོ་རང་འོད་མར་མེའི་རྩེ་མོ་ལྟར་འབར་བའི་མཐར་ཡི་གེ་དྲུག་མ་དཀར་དམར་མཐིང་གསུམ་གྱི་ཕྲེང་བ་གཡས་བསྐོར་དུ་བཀོད་དེ། རིམ་པ་བཞིན་འོད་ཟེར་སྤྲོ་བསྡུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་བའི་དམིགས་པ་དང་བཅས་ཏེ། བདག་ཉིད་རྩ་བའི་ཐུགས་ཀ༴ ཞེས་སོགས་ཀྱི་མཐར་ཡིག་དྲུག་གི་བཟླས་པ་ཐུན་ཅིག་ལ་ཇི་ཙམ་བཟླ་རྒྱུའི་བཞི་ཆ་ཙམ་བཟླས། སྤྱི་གཙུག་སྣང་མཐའི༴ ཞེས་སོགས་ཀྱི་མཐར་དེ་ཙམ་དང་། རྟ་མགྲིན་ཐུགས་ཀའི༴ སོགས་ཀྱི་མཐར་ཡང་དེ་ཙམ་སྟེ་དེ་གསུམ་ཐུན་གཅིག་གི་བཞི་ཆ་ཙམ་དུ་བཟླ། དེ་ནས་དྲེགས་པ་ཚར་གཅོད་ཀྱི་བཟླས་པ་ནི་རྩ་བའི་ལྷ་གསུམ་གྱི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་ལས་སྤྲུལ་པའི་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་ཐོག་ཅིང་ཞལ་ནས་ཕཊཿསྒྲ་སྒྲོགས་པ་གྲངས་མེད་པར་བྱུང་སྟེ་ཞལ་གྱི་སྒོ་དང་ཤངས་ཀྱི་རླུང་སྒྲོམ་བ་སྤུའི་བུ་ག་རྣམས་ནས་ཕྱིར་ཐོན་ཏེ་མེའི་ཚྭ་ཚྭ་ལྟར་འཁྲུགས་པས་སྟོང་གསུམ་ཐམས་ཅད་བཀང་སྟེ་བདུད་དང་དགྲ་བགེགས་ཐམས་ཅད་ཚར་བཅད་བྲན་དུ་བཀོལ་བར་བསམ་ལ། བདག་ཉིད་ལྷ་གསུམ་ཐུགས༴ སོགས་ཀྱི་མཐར་ཡི་གེ་བཅུ་གཅིག་པ་འུར་ཆེམ་དྲག་པོ་སེར་འབྲུག་ལྡིར་བ་བཞིན་ཅི་རིགས་སུ་བཟླའོ། །གསུམ་པ་གསང་བ་དོན་གྱི་བཟླས་པ་ནི། རླུང་རྡོ་རྗེའི་བཟླས་པ་སྟེ། །དེ་ལྟར་སྐུ་གསུམ་ལྷ་ཚོགས་སོགས་མཐར་ངག་བཟླས་སྤངས་ཏེ་རླུང་ནང་དུ་རྔུབ་པ་ན་ཨོཾ་མ་ཞེས་པའི་སྒྲ་གདངས་ཀྱིས་འཇུག་པར་བསམ། ཁོང་དུ་གནས་པའི་ཚེ་ཎི་པད་ཅེས་པའི་སྒྲ་གདངས་ཀྱིས་གནས་པར་བསམ། ཕྱིར་འབྱིན་པའི་ཚེ་མེ་ཧཱུྃ་ཧྲཱིཿ ཞེས་པའི་སྒྲ་གདངས་ཀྱིས་སོང་བར་བསམ་སྟེ་ཚུལ་དེ་ལྟ་བུའི་རླུང་ཁུག་བརྒྱའམ་ཉེར་གཅིག་སོགས་གང་ལྕོག་ཏུ་བཟླ། བཞི་པ་གནས་ལུགས་བོགས་འབྱིན་གྱི་བཟླས་པ་ནི། ཧྲཱིཿ སྣང་བ་ཐུགས་རྗེ་ཆེན་པོའི་སྐུ་སོགས་ཀྱི་མཐར། སྒྲ་གྲགས་ཐམས་ཅད་ཐུགས་རྗེ་ཆེན་པོའི་གསུང། རྟོག་ཚོགས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐུགས་སུ་གསལ་བས་སྣང་སྲིད་ཐམས་ཅད་ལྷ་སྔགས་ཆོས་སྐུའི་རོལ་པར་བལྟས་ཏེ་བུང་བ་ཚང་ཞིག་པ་ལྟར་ཡི་གེ་བདུན་པའི་འཛབ་དབྱངས་ཟིལ་ཁོལ་དུ་སྒྲོགས་པར་བསམ་ལ། གསལ་དག་སྙན་པའི་དབྱངས་ཀྱིས་ཐུན་གྱི་བཞི་ཆ་གཅིག་ཏུ་བཟླས་པར་བྱ་སྟེ་དེ་རྣམས་གསུངས་བཟླས་པའི་རྣལ་འབྱོར་རོ། །གསུམ་པ་ཐུགས་འོད་གསལ་ཆོས་སྐུའི་རྣལ་འབྱོར་ནི་སྒྲུབ་པའི་ཡན་ལག་དགོངས་པ་མི་འགྱུར་པའི་གཟེར་བྱ་བ་ཡིན་ཏེ། དེ་ཉིད་གསལ་གདབས་པ་ནི། ཧྲཱིཿ རང་ཉིད་ལྷ་དང་གཉིས་སུ༴ ཞེས་པ་ལ་སོགས་པ་སྟེ། བསྒོམ་བྱའི་ལྷ་དང་སྒོམ་བྱེད་ཀྱི་སེམས་གཉིས་སུ་མེད་དེ་རང་གི་སེམས་ཉིད་ཀྱི་སྣང་ཆ་ལྷ་རུ་ཤར་བའི་ཚུལ་ལ་བལྟ་ཞིང་། དེ་ལྟར་བལྟ་མཁན་གྱི་རྟོག་པ་ཁོ་རང་ལ་ཚུལ་བལྟས་པས་རང་ཡུལ་རྗེས་མེད་དུ་དག་ཏེ་གཉིས་སྣང་གི་ལྷ་མཚན་མ་དང་བཅས་པའི་ཐུགས་རྗེ་ཆེན་པོ་མ་མཐོང་ལ། མ་མཐོང་བའི་ངང་དེ་ཉིད་ལ་བཞག་པས་རང་བྱུང་དོན་གྱི་ལྷ་རིག་སྟོང་ཐུགས་རྗེ་ཆེན་པོའི་ཞལ་མཇལ། མ་སྒྲུབ་རང་གནས་ཀྱི་སངས་རྒྱས་སྒྲུབ་ཏེ་རང་བབ་ཟང་ཐལ་གྱིས་དགོངས་པའི་སྐད་ཅིག་མ་ལ། རང་སྣང་སྐྱེ་མེད་དུ་གྲོལ་བ་སྣང་བ་མཐའ་ཡས། རང་གསལ་འགགས་མེད་དུ་ཤར་བ་རྟ་མགྲིན་རྒྱལ་པོ། རང་གྲོལ་འཛིན་མེད་དུ་དག་པ་གསང་བ་ཡེ་ཤེས། ཡེ་ནས་སྐྱེ་མེད་ཀྱི་རང་གདངས་ཐུབ་ཆེན་སྤྲུལ་སྐུ། རང་བཞིན་བསམ་བརྗོད་དང་བྲལ་བ་སངས་རྒྱས་སྟོང་རྩ། ཕྲིན་ལས་རྩོལ་མེད་དུ་རྫོགས་པ་ཁྲོ་ཆེན་རྣམ་བཞི་སྟེ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལྷུན་གྱིས་རྫོགས་ཤིང་། དེ་ཐམས་ཅད་ངོ་བོ་སྤྲོས་བྲལ་དུ་དབྱེར་མེད་པ་ཆོས་སྐུ་རང་བཞིན་གསལ་རིག་ཏུ་མ་འགགས་པ་ལོངས་སྐུ། ཐུགས་རྗེའི་རིག་རྩལ་སྣ་ཚོགས་འཛིན་བྲལ་དུ་ཤར་བ་སྤྲུལ་སྐུའི་རང་བཞིན་ཏེ་ཡེ་ཤེས་རང་གསལ་གྱི་རིག་པའི་ངང་དུ་ལྷ་སྔགས་ཏིང་འཛིན་གྱི་འཁོར་ལོ་ཐམས་ཅད་རྫོགས་པ་ནི་ངོ་མཚར་ཞིང་རྨད་དུ་བྱུང་བའི་གནས་ཡིན་ལ། དེའི་ངང་ལ་དགོངས་པ་གཡོ་མེད་དུ་བཞག་ནས་ཡི་གེ་བདུན་པ་སྙན་པའི་དབྱངས་ཀྱི་རྟ་ལ་དྲངས་ཏེ་བཟླས་པ་ནི་ཐུགས་འོད་གསལ་ཀྱི་རྣལ་འབྱོར་རོ། །ཐུན་གྲོལ་ཁར་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་རྣམས་ལན་གསུམ་རེ་བརྗོད་པས་ཆད་ལྷག་ཁ་བསྐངས་ཤིང་མཆོད་བསྟོད་ནོངས་བཤགས་རྟེན་བཞུགས་དང་བཅས་པ་བྱས་ཏེ་བསྡུ་བའི་རིམ་པ་ལ་འཇུག་པ་ནི། ཧྲཱིཿ སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་བསྡུ། ཞེས་པ་ལྟར་བདག་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་འམཧྲཱིཿལས་འོད་ཟེར་དཀར་བུན་གྱིས་འཕྲོས་ཏེ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཕོག་པས་འོད་དུ་ལྟེམ་གྱིས་ཞུས་ཏེ་གཞལ་ཡས་ཁང་ལ་ཐིམ། དེ་རིམ་གྱིས་འཁོར་དང་། འཁོར་གཙོ་བོ་ལ། གཙོ་བོ་ཐུགས་སྲོག་ཧྲཱིཿལ། ཧྲཱིཿ འི་འ་ར་ཏ་ལ་ར་ཏ་ཧ་ལ་ཧི་གི་གུ་ལ། གི་གུ་ནཱ་དར་གྱུར་ཏེ་མི་དམིགས་པར་བསམ་ལ་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་དུ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག་ལ་དེའི་ངང་ལས་ལྡང་བ་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་སྒྲ་གདངས་ཀྱི་རྐྱེན་ལས་ཡབ་རྐྱང་ངམ་ལྷན་སྐྱེས་ཀྱི་སྐུ་འཇའ་ཚོན་ལྟ་བུར་ལང་ལ་གནས་གསུམ་འབྲུ་གསུམ་གྱིས་སྲུང་བ་དང་། སྤྱི་བོར་ཟླ་བ་ལ་ཧི་བཀོད་པ་འོད་དུ་ཞུ་ནས་ལུས་ལ་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོག་པར་བསམ་ཞིང་གོ་བགོ་བ་དང་། བསྲུངས་བའི་གུར་ཁང་གསལ་གདབ་པའི་ངང་ལས་ཐུན་མཚམས་ཀྱི་བྱ་བ་ཟས་གོས་ཁྲུས་དང་འགྲོ་འཆག་ཉལ་བ་སོགས་ལ་རང་རང་གིས་རྣལ་འབྱོར་གྱིས་ཟིན་པར་འཇུག་གོ །དེ་ལྟར་ཐུན་བཞིའི་ངེས་པར་ཁྲིགས་ཆགས་སུ་བྱས་ནས་སྲོད་ཐུན་ནམ་དགོང་ཐུན་གང་བདེར་ཚོགས་དང་གཏོར་བསྔོ་སོགས་བྱ། རྫོགས་རིམ་རླུང་དང་གཏུམ་མོ་སོགས་བསྒོམ་པར་འདོད་ན་རྗེས་ཐོབ་ཀྱི་ལྷ་སྐུ་ཡབ་ཡུམ་ལྷན་སྐྱེས་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུའི་ནང་དུ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་ནས་རང་རང་གི་མན་ངག་ལྟར་ཉམས་སུ་ལེན་པར་བྱ་བ་ཡིན་ནོ། །བསྙེན་པའི་ཚད་ཀྱང་གྲངས་དུས་རྟགས་ཀྱི་རིམ་པ་རྣམས་དང་མཐུན་པར་གྲུབ་ནས་གསུམ་པ་རྗེས་ཀྱི་རིམ་པ་ནི། སྒྲུབ་པ་ཆེན་པོའི་ཡན་ལག་འཕྲོ་འདུས་གཟེར་དངོས་གྲུབ་བླངས་པའི་རིམ་པ་ནི། བསྙེན་པ་གྲོལ་རྒྱུའི་སྔ་རོལ་ཞག་བདུན་ནམ་གསུམ་ཙམ་ནས་མཆོད་རྫས་གསར་པ་བཤམས། སྨན་རཀ་གཏོར་མ་སོགས་ཁ་གསོ་ཞིང་། ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་སོགས་ཀྱིས་མཆོད་དངོས་གྲུབ་ཀྱིས་རྫས་རྒྱས་པར་བདག་འཇུག་དང་འབྲེལ་ན་དབང་གི་དཀྱིལ་འཁོར་བཤམས་པ་དང་། བསྡུ་ན་སྒྲུབ་གཏོར་གྱི་མདུན་དུ་ཀཱ་པཱ་ལ་ཛ་གད་ཀྱིས་བཀང་བར་བུ་རམ་དང་ཆོས་སྨན་བཏབ་པ་དར་དམར་གྱི་ཁེབ་ཅན་དང་། ཟས་སྣ་ཤིང་ཏོག་སོགས་ཅི་འབྱོར་བཤམས་ཤིང་། བཟླས་པའི་སྐབས་སུ་དངོས་གཞིའི་བསྙེན་པ་བསྡུས་ཙམ་གྱི་མཇུག་ཏུ། དངོས་གྲུབ་བསྐུལ་བའི་ཆེད་དུ་བརྒྱུད་པའི་གསོལ་འདེབས་བདུད་རྩིའི་སྨན་མཆོད་བཅས་བགྱིས་པའི་མཐར། ཧཱུྃཿནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནསཿ སོགས་ཀྱིས་བསྐུལ་ཏེ་སྒྲུབ་གཏོར་གཙོ་འཁོར་ཡོངས་རྫོགས་ཀྱི་ལྷར་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གསལ་བ་དང་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་སྤྲོས་པས་ནམ་མཁའི་མཐའ་དང་མཉམས་པའི་འཇིག་རྟེན་ན་བཞུགས་པའི་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས་སྔོན་གྱི་ཐུགས་དམ་ཆེན་པོའི་དབང་གིས་ཆོས་ཀྱི་སྐུ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ནས་གཟུགས་སྐུ་འཇའ་ཚོན་ལྟ་བུར་བཞེངས་ཏེ་སྒྲུབ་པའི་ལྷ་མཆོག་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་འཁོར་རིག་བཞི་ཁྲོ་བོའི་ཚོགས་དང་བཅས་པའི་རྣམ་པར་མདུན་གྱི་མཁའ་ལ་ཆར་སྤྲིན་གཏིབ་པ་ལྟར་བྱོན་ཅིང་སྐུ་དགྱེས་པའི་རྣམ་འགྱུར་འབུམ་ཕྲག་ཏུ་འགྱུར། གསུང་ཡི་གེ་དྲུག་པའི་སྒྲ་དབྱངས་འབྲུག་སྟོང་ལྟར་ལྡིར། ཐུགས་མཁྱེན་བརྩེ་ནུས་པས་བདག་ལ་དགོངས་པའི་སྐུའི་གནས་རྣམས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་བྱིན་རླབས་དངོས་གྲུབ་ཐམས་ཅད་བདུད་རྩི་དཀར་དམར་མཐིང་ཀའི་རྒྱུན། སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་གཏོར་མ་སྒྲུབ་རྫས་བྷནྡྷའི་བདུད་རྩི་རྣམས་ལ་ཆར་བཞིན་བབས་པས་དངོས་གྲུབ་གྱི་རྒྱ་མཚོར་འཁྱིལ་བར་བསམ་ལ་རྩ་སྔགས་ཡི་གེ་བདུན་པའི་མཐར་ཀཱ་ཡ་ཝཀྐཱཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བཏགས་པ་དབྱངས་དང་བཅས་པས་ཅི་འགྲུབ་ཏུ་བཟླས་པར་བྱ། དེ་ནས་ནུབ་ཐ་མའི་ཚེ་སྐྱ་རེངས་མ་ཤར་བའི་སྔོན་དུ་ཆོ་ག་བཟླས་པ་དང་བཅས་པ་ཚང་བར་བྱས་ཏེ་སྐྱ་རེངས་ཤར་བ་དང་མཆོད་པ་གསོ་ཞིང་མཆོད་བསྟོད་རྒྱས་པར་བྱ། ཁྱད་པར་ཚོགས་ཀྱི་འཁོར་ལོས་མཆོད་དེ་བསྐང་བའི་མཐར་ཐུག་པར་བཏང་། དེ་ནས་བདག་འཇུག་དང་འབྲེལ་ན་དབང་བླང་བའམ་ཡང་ན་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད་ནས་སྲུངས་འཁོར་དྲག་ཏུ་བསྒོམ། ཡེ་ཤེས་སྐུ་མཆོག་གི་ཀྱི་རྒྱུན་བཤགས་བྱ་ཡིག་བརྒྱ་ཉེར་གཅིག་ཙམ་བཟླས། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡབ་ཡུམ༴ སོགས་ཀྱིས་བྱིན་དབབ་ལ་དངོས་གྲུབ་འབེབས་སྔགས་ཅི་རིགས་བཟླས། དངོས་གྲུབ་ཀྱིས་རྫས་ཀཱ་པཱ་ལའི་བདུད་རྩི་བླང་པ་ནང་མཆོད་དང་བསྲེས་ནས་སྨན་མཆོད་བྱ། དེ་ནས ཧྲཱིཿ ནམ་མཁའི་མཐའ་དང་སོགས་ཀྱིས་མཐར་གཏོར་མ་བཏེགས་ཏེ་གནས་གསུམ་དུ་བཞག་ཅིང་། ཀཱ་ཡ་སི་དྡྷི་ཨོཾཿ ཝཀྐཱ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃཿ ཞེས་བརྗོད་པས་གཏོར་ལྷའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རང་གི་གནས་གསུམ་དུ་ཐིམ་པས་སྐུ་བུམ་པ་གསུང་གསང་དབང་ཐུགས་ཤེར་དབང་གསུམ་རིམ་པར་ཐོབ། སྒོ་གསུམ་གྱི་སྒྲིབ་པ་སྦྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། སླར་སྤྱི་བོར་བཞག་ནས་སརྦ་སིདྡྷ་ཕ་ལ་ཧོ། ཞེས་བརྗོད་པས་གཏོར་མའི་ལྷ་ཚོགས་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལྷར་གསལ་བ་ལ་ཐིམ་པས་དབང་བཞི་ཐོབ། ཤེས་བྱའི་སྒྲིབ་པ་སྦྱང་། རང་གི་སྒོ་གསུམ་ཐུགས་རྗེ་ཆེན་པོའི་གསང་བ་གསུམ་དང་དབྱེར་མི་ཕྱེད་པ་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་གྱུར་ཏེ་ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་ཐོབ་པར་བསམ་ལ། གཏོར་ཟན་བདུད་རྩིར་རྩལ། དེ་ནས་བདུད་རྩི་བཏུང་བ་དང་དངོས་གྲུབ་ཀྱི་རྫས་ཚོགས་ཀྱི་ལོངས་སྤྱོད་དང་བཅས་པ་ཚིམ་པར་རོལ་ལ་དབང་དོན་གྱི་ཡེ་ཤེས་རིང་དུ་སྐྱོང་ངོ་། དེ་ནས་སྔར་གྱི་ལྷག་མ་ལ་སོགས་པ་རྣམས་ཀྱི་སྟེང་དུ་ལྷག་མ་དང་མཆོད་རས་རྣམས་སྤུངས་ཏེ་ལྷག་ཆོག་རྒྱས་པར་བྱས་ཏེ་ཕྱི་རོལ་དུ་དོར་།སྲུངས་མའི་གཏོར་ཆོག ཆད་མདོ། བསྟན་སྐྱོངས་། གཏོར་བྲོ་བཅས་བྱ། སྐབས་འདིར་མཆོད་པ་གསར་བ་གྱ་ནོམ་པར་བཤམས་ནས་ཕྱི་མཆོད་ཉེར་སྤྱོད། ནང་སྨན་གཏོར་རཀྟ། གསང་མཆོད་སླར་ཡང་ཚོགས་མཆོད་དམ་བསྙེན་པའི་ཁ་སྐོང་སྦྱིན་བསྲེགས་བྱེད་པར་འདོད་ན་ཞི་བའི་བསྲེགས་ཀྱི་ཐབ་དཀྱིལ་དུ་ཏི་ལ་སོགས་གཙོ་བོར་གྱུར་པའི་རྫས་རྣམས་རྩ་སྔགས་ཁོ་ནས་འབུལ་ཞིང་མཚམས་སུ་ཏིང་ངེ་འཛིན་མ་གསལ་བ་དང་། སྔགས་མ་དག་པ་དང་། ཆོ་ག་ཆད་ལྷག་ཏུ་གྱུར་པའི་ཉམས་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གདགས་པ་ཙམ་ཁྱད་པར་ལ། གཞན་དཀྱུས་ལྟར་བྱ་སྟེ་གྲངས་ནི་བསྙེན་པའི་བཅུ་ཆའམ། སྤྱིར་འབུམ་ཕྲག་ཙམ་མོ། །དེ་ནས་ནོངས་བཤགས་དང་འབྲེལ་བར་ཡི་གེ་བརྒྱ་པ་བརྒྱ་སྟོང་ཁྲི་སོགས་ཅི་འགྲུབ་དང་བསྡུ་རིམ་ལྷར་ལྡང་གོ་བགོ་ལུས་བསྲུང་དགེ་རྩ་རྫོགས་བྱང་དུ་བསྔོ་བ་བཀྲ་ཤིས་སྨོན་ལམ་སོགས་མཐའ་རྒྱས་སུ་བྱ་སྟེ་དེ་རྣམས་ཞག་གྲངས་ལྔའམ་བདུན་སོགས་སྐབས་དང་བསྟུན། དེ་ནས་རྒྱལ་ཐོའི་དྲུང་དུ་གཏོར་མ་དང་གསེར་སྐྱེམས་བཤམས་ཏེ་སྡེ་བརྒྱད་དང་ཡུལ་ལྷ་སྤྱི་ལ་གཏང་རག་གི་གསེར་སྐྱེམས་ཆ་གསུམ་རྒྱལ་ཆེན་སྤྱན་འདྲེན་མཆོད་པ་སོགས་སྔར་ལྟར་འདོད་དོན་གསོལ་ལ་གཤེགས་གསོལ་བྱ་ཤིས་པ་བརྗོད་ཐོ་བླངས་ནང་མཚམས་གྲོལ། ཞག་ཤས་གནས་བསྲུངས་ཤིང་ཕྱི་རོལ་དུ་མི་འགྲོ་བར་ཚོགས་མཆོད་སོགས་དགེ་བའི་ལས་ལ་བརྩོན་བཞིན་དམ་ཚིག་དག་པའི་གྲོགས་དང་འཕྲད་པ་སོགས་ཀྱིས་རིམ་བཞིན་བག་ཡང་ངོས་ནས་ཕྱི་མཚམས་གྲོལ་ཏེ་ཅི་བདེར་བྱའོ། །སྨྲས་པ། རབ་འབྱམས་རྒྱལ་བའི་ཡེ་ཤེས་མཁྱེན་བརྩེའི་གཏེར། གཅིག་བསྡུས་གངས་ལྗོངས་འགྲོ་བའི་ལྷ་གཅིག་པུ། །སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་གིས། །སྒྲུབ་ཐབས་བྱེ་བ་སྟོང་གི་སྙིང་པོའི་བཅུད། །ཡང་སྙིང་འདུས་པའི་བསྙེན་པའི་ཟིན་བྲིས་འདི། །སྐལ་བཟང་སྒྲུབ་པ་དོན་གཉེར་གང་ཟག་གི །ཆེད་དུ་དམིགས་ཏེ་རང་བློར་གང་ཤར་བྲིས། །ཉེས་འགལ་ཅི་མཆིས་འཕགས་པས་བཟོད་པར་མཛོད། །རང་རྒྱུད་ཞིང་སར་རྡོ་རྗེ་བཞིའི་ས་བོན། །སྨིན་བྱེད་ཆོ་གས་བཞག་གང་བསྐྱེད་རྫོགས་ཀྱི། །དྲོད་གཤེར་དམ་ཚིག་རྭ་བས་ལེགས་སྐྱོངས་ན། །སྐུ་བཞི་འབྲས་བུའི་སྙེ་མ་འཁྲུངས་པར་ངེས། །གྲོགས་དག་སྙིང་ནས་ཞི་བར་མངོན་དགྱེས་ན། །འདུ་འཛི་དབེན་པའི་སྨན་ལྗོངས་གྲུབ་པའི་ངོགས། །རྣལ་འབྱོར་དབང་ཕྱུག་དགྱེས་པའི་སྐྱེད་ཚལ་དེར། །རིམ་གཉིས་ལམ་གྱི་ཉིན་མཚན་བརྟེན་པར་མཛོད། །དེ་ཡང་དོན་སྤྱི་ཙམ་མིན་རང་རྒྱུད་ལ། །འདྲེས་པའི་ངེས་འབྱུང་བྱམས་དང་སྙིང་རྗེའི་བློས། །བྱང་ཆུབ་སེམས་གཉིས་སྒོམ་པས་གཞི་བཟུང་ནས། །རྡོ་རྗེ་ཐེག་པའི་ལམ་བཟང་བརྟེན་པར་མཛོད། །མཚན་ཉིད་བཞི་ལྡན་བསྐྱེད་རིམ་ལྷའི་རྣལ་འབྱོར། །གསལ་དག་བརྟེན་གསུམ་རྫོགས་པའི་ལམ་ཁྱེར་གྱིས། །དག་རྫོགས་སྨིན་པའི་ལམ་གནད་ཚང་པ་ཡིས། །སྣང་སྟོང་སྐུ་ཡི་རྡོ་རྗེར་འགྲུབ་པར་མཛོད། །འབྱུང་འཇུག་གནས་གསུམ་གཞོམ་མེད་སྔགས་ཀྱི་སྒྲ། །དག་པའི་རང་གདངས་སྔགས་ཀྱི་ལམ་ཁྱེར་གྱིས། །སྲོག་རྩོལ་དབུ་མའི་དབྱངས་སུ་སྦྱངས་པ་ལས། །གྲགས་སྟོང་གསུང་གི་རྡོ་རྗེ་འགྲུབ་པར་མཛོད། །སྣང་གྲགས་ལྷ་སྔགས་ཏིང་འཛིན་རོལ་པའི་རྩལ། །ཐམས་ཅད་རིག་གདངས་ཀ་དག་ཆེན་པོའི་ངང་། །རང་གྲོལ་འོད་གསལ་ཆོས་ཉིད་ལམ་ཁྱེར་གྱིས། བདེ་སྟོང་ཐུགས་ཀྱི་རྡོ་རྗེ་འགྲུབ་པར་མཛོད། །བསྐྱེད་རིམ་གསལ་བརྟན་ཚད་དུ་གྱུར་པས་ན། །རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་བསྣུན་ནས། །རླུང་སེམས་དྷུ་ཏིར་དག་པའི་རྟེན་འབྲེལ་ལས། །དཔེ་དང་དོན་གྱི་ཡེ་ཤེས་མཐར་ཕྱིན་ནས། ཚེ་འདིར་ཟུང་འཇུག་གོ་འཕང་འགྲུབ་པར་མཛོད། །རང་དོན་རིག་འཛིན་མཆོག་གི་གནས་ཐོབ་ཏེ། །གཞན་དོན་རྣམ་བཞིའི་ཕྲིན་ལས་དབང་འབྱོར་བས། །མཁའ་འདི་ཇི་སྲིད་འགྲོ་བའི་ཉེར་འཚོ་རུ། །ཕྱག་ན་པདྨོའི་རྣམ་ཐར་སྐྱོང་བར་མཛོད། །དེ་སྐད་ལྷག་བསམ་དག་པས་ཆོས་བཞིན་དུ། །སྨྲས་པའི་དགེ་བ་ཟླ་བ་ལྟར་དཀར་བས། །ཐར་ལམ་སྣང་བའི་ཀུ་མུད་ཁ་བྱེ་ནས། །དོན་གཉིས་འབྱོར་བའི་སྐྱེད་ཚལ་མཛེས་གྱུར་ཅིག །ཅེས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་གྲུབ་གཉིས་ནོར་བུའི་གན་མཛོད་ཅེས་བྱ་བ་འདི་ཡང་དུས་མཐའི་ཆོས་གཟུགས་པདྨ་བཛྲ་དུ་འབོད་པས་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་གྲྭ་བྱང་ཆུབ་ཆོས་གླིང་དུ་བྲིས་པ་དགེ་ལེགས་འཕེལ། །དགེ་འོ། །


previousཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་བསྙེན་ཡིག་གྲུབ་གཉིས་ནོར་བུའི་གན་མཛོད།next