Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།


   
  collapse section
   
   
   
   
   
རྩ་གསུམ་གསང་བ་སྙིང་ཐིག་གིས་མཚོན་པའི་ལྷག་པའི་ལྷ་རབ་འབྱམས་གང་ལའང་སྦྱར་ཆོག་པའི་བསྙེན་པའི་གསལ་བྱེད་གནད་ཀྱི་ལྡེ་མིག
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   


 
previousརྩ་གསུམ་གསང་བ་སྙིང་ཐིག་གིས་མཚོན་པའི་ལྷག་པའི་ལྷ་རབ་འབྱམས་གང་ལའང་སྦྱར་ཆོག་པའི་བསྙེན་པའི་གསལ་བྱེད་གནད་ཀྱི་ལྡེ་མིགnext

རྩ་གསུམ་གསང་བ་སྙིང་ཐིག་གིས་མཚོན་པའི་ལྷག་པའི་ལྷ་རབ་འབྱམས་གང་ལའང་སྦྱར་ཆོག་པའི་བསྙེན་པའི་གསལ་བྱེད་གནད་ཀྱི་ལྡེ་མིག

༄༅། །རྩ་གསུམ་གསང་བ་སྙིང་ཐིག་གིས་མཚོན་པའི་ལྷག་པའི་ལྷ་རབ་འབྱམས་གང་ལའང་སྦྱར་ཆོག་པའི་བསྙེན་པའི་གསལ་བྱེད་གནད་ཀྱི་ལྡེ་མིག་ཅེས་བྱ་བ་བཞུགས། །ན་མོ་པདྨ་ཀ་ར་ཡ། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དབང་དང་། །དབྱེར་མེད་མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ །མཚོ་སྐྱེས་རྡོ་རྗེ་གསང་བ་འདུས་པའི་ལྷ། །གུས་པས་འདུད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །འཛམ་གླིང་གནས་དང་རྡོ་རྗེ་ཕུང་པོ་ཡི། །གྲོང་གི་བཀོད་པ་བདེ་སྟོང་ཙཎྜ་ལིའི། །འཁོར་ལོ་རྒྱས་འདེབས་དཔའ་བོ་ཌཱཀྐིའི་ཚོགས། །ལྷན་སྐྱེས་ཚོགས་ཀྱི་མཆོད་པས་མཉེས་གྱུར་ཅིག །དམ་པའི་ཞལ་གྱི་བུམ་བཟང་ལས་འོང་ཞིང་། །རིམ་གཉིས་ལང་ཚོ་རྒྱས་པའི་རོ་བཅུད་ཅན། །གནས་གསུམ་མཁའ་འགྲོའི་ཕྱག་རྟགས་མ་ཉམས་པའི། །ཟབ་དོན་དྲི་ངད་འཐུལ་བའི་བདུད་རྩི་ཞིག །དེང་སང་འདི་ན་སྐལ་བཟང་སྐྱེ་བོའི་ངོར། །བླ་མའི་མན་ངག་ལ་བརྟེན་ཅུང་ཟད་ཙམ། །དཀྲོལ་བ་རྩ་གསུམ་སྤྲུལ་པའི་འཁོར་ལོ་ཡིས། །དག་མཉམ་ཆེན་པོར་དགོངས་ཏེ་གནང་བར་མཛོད། །དེ་ལ་འདིར་སྤྲུལ་པའི་རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་ཟབ་གཏེར་ལས་བྱོན་པའི་གསང་བ་སྙིང་ཐིག་གི་ལས་བྱང་ཡིད་བཞིན་ནོར་བུ་དོན་གྱི་ཕྲིན་ལས་ཀྱི་བཀའ་འགྲེལ་བསྙེན་པའི་གསལ་བྱེད་ཙམ་ཞིག་བྱེད་པ་ལ། ཐོག་མར་སྙིང་ནས་སྒྲུབ་པ་ལ་མོས་པའི་གང་ཟག་ལ་ལམ་གྱི་གནད་ཐུན་མོང་མ་ཡིན་པ་རྣམས་ཤིན་ཏུ་གལ་ཆེ་སྟེ། སྡོམ་གསུམ་རབ་དབྱེར། གནད་རྣམས་མིན་པའི་ཆོས་གཞན་འགའ། །མ་ཚང་བ་དང་ལྷག་པ་དང་། །ཅུང་ཟད་འཁྲུལ་བར་གྱུར་ནའང་། །ཉེས་པ་ཆེན་པོ་བསྐྱེད་མི་ནུས། །ཆོས་ཀྱི་གནད་རྣམས་བཅོས་གྱུར་ན། །ཆོས་གཞན་བཟང་ཡང་འཚང་མི་རྒྱ། །དཔེར་ན་འགྲོ་བའི་སྲོག་རྩ་དང་། །ལྗོན་ཤིང་རྣམས་ཀྱི་རྩ་བ་དང་། །ས་བོན་གྱི་ནི་སྐྱེ་ས་དང་། །ཐགས་རྣམས་ཀྱི་ནི་སྲོག་ཤིང་དང་། །བཅུད་ཀྱི་ལེན་གྱི་རྩ་བ་དང་། །དབང་པོ་རྣམས་ཀྱི་གནད་རྣམས་ནི། །འཆུག་ན་སྒྲུབ་ཏུ་མི་རུང་བཞིན། །དེ་བཞིན་ཆོས་ཀྱི་གནད་འཆུག་ན། །ལེགས་ལེགས་འདྲ་ཡང་འབྲས་བུ་མེད། །དེས་ན་ལ་ལ་འཁྲུལ་ཡང་སླ། །གནད་རྣམས་འཁྲུལ་མེད་དཔྱད་དགོས་སོ། །ཞེས་གསུངས་པ་ལྟར། ལམ་གྱི་གནད་ཇི་བཞིན་དུ་མ་ཤེས་པར་རིམ་གཉིས་དང་བསྙེན་སྒྲུབ་སོགས་ལ་ཇི་ཙམ་འབད་ཀྱང་ལམ་རྟགས་ཀྱི་ཡོན་ཏན་འདི་ཡིན་བྱ་བ་གཅིག་ཀྱང་འབྱུང་བ་མེད་པས་ལམ་སྒྲུབ་པའི་སྔ་རོལ་དུ་ལམ་གྱི་གནད་འཚོལ་བ་ཁོ་ན་ལ་ཆེ་ཐང་དུ་འབད་དགོས་སོ། །དེ་ལ་ཐོག་མར་ཐེག་པ་ཆེན་པོ་པའི་གང་ཟག་རྣམས་ཀྱིས་དོན་དུ་གཉེར་བྱའི་གཙོ་བོ་ནི་དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེའི་རྒྱུའི་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་ན་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་སོ། །དེས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་སྐྱེ་བའི་རྒྱུ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་མེ་འབར་བའི་ཀློང་ལྟ་བུར་མཐོང་བ་དང་། འཁོར་བ་ན་རྒྱུ་བའི་སེམས་ཅན་ཐམས་ཅད་རང་ཉིད་ཀྱི་ཚེ་རབས་སྔ་མ་རྣམས་ཀྱི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པ་དང་། དེ་དག་ཀུན་གྱིས་ཀྱང་ཕ་མར་གྱུར་པའི་གནས་སྐབས་ན་ད་ལྟའི་ཕ་མ་བཞིན་དུ། ཟས་གོས་དྲིན་གྱིས་མ་བསྐྱངས་པ་སུ་ཡང་མེད་པ་དང་། དྲིན་ཅན་ཡིན་ངེས་ཤེས་པ་དེ་རྣམས་ཡལ་བར་དོར་ནས་རང་ཉིད་གཅིག་པུ་ཐར་བར་འདོད་པ་ནི་ཕྱི་ཐག་ཐུང་ཞིང་ཁྲེལ་མེད་པའི་སྐྱེ་བོ་ཐ་ཆད་ཡིན་པའི་ཚུལ་རྣམས་ཤེས་ནས། དེ་ལ་དྲིན་བཟོ་བའི་བསམ་པས། བདེ་བ་ལ་སྦྱོར་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་རྣམས་ངེས་ཤེས་འཁྲུངས་ངེས་སུ་བསྒོམ་དགོས་ཀྱི། དེ་རྣམས་ཁ་ཙམ་ཚིག་ཙམ་དུ་སོང་ན་བྱང་ཆུབ་ཀྱི་སེམས་རྣམ་དག་ཞིག་རྒྱུད་ལ་མི་སྐྱེ། དེ་རྒྱུད་ལ་མ་སྐྱེས་ན་རྡོ་རྗེའི་ཐེག་པ་སྤྱི་དང་། རྫོགས་པ་ཆེན་པོ་སོགས་ལམ་ཁྱད་པར་ཅན་གང་བསྒོམ་ཡང་། སེངྒེའི་གསོབ་དང་། རི་མོར་བྲིས་པའི་མར་མེ་འདྲ་བ་ཞིག་ལས་ལམ་མཚན་ཉིད་པ་ཞིག་མི་འོང་། དེ་བས་ན་ངེས་འབྱུང་གི་བསམ་པ་དྲག་པོའི་ཉེར་ལེན་གྱི་རྒྱུ་ལས་བྱུང་བའི་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་ལེན། དེའི་རྗེས་སུ་ཐེག་པ་ཆེན་པོའི་ལམ་གྱི་སྲོག་ཤིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལེགས་པར་བསྐྱེད། དེ་ནས་རང་ཉིད་གང་ལ་མོས་པའི་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་རྗེས་སུ་གནང་བ་དང་། དབང་རྣམས་ཆོ་ག་བཞིན་དུ་ནོད་དགོས་ཏེ། ཕུར་པ་ཞེ་སྡང་ཁྲོས་པའི་རྒྱུད་ལས། སོ་སོ་ཐར་པ་དང་པོར་སྦྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བཤད། །དེ་རྗེས་བྱང་ཆུབ་སྡོམ་ཆེན་སྦྱིན། །དེ་ལ་དབུ་མའི་ཆོས་རྣམས་བསྟན། །མཐར་ནི་གསང་སྔགས་བླ་མེད་ཀྱི། །དབང་བསྐུར་འབྲས་བུའི་རྒྱུད་འདི་བཤད། །ཅེས་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང་ཤིན་ཏུ་ཟབ་པ་འདི་དང་གཏིང་དཔག་དཀའ་བ་འདི་གསང་བ་བས་ཀྱང་ཆེས་གསང་བ་སེམས་ཅན་སྡིག་པ་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་ཏུ་དཀོན་པ་ཞིག་སྨྲས་ཏེ། འདི་ནི་སྔོན་མ་ཐོས་ན། འདི་སེམས་ཅན་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་། གང་གི་ཚེ་དེ་དག་གིས་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ་ཡི། གང་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ལ་དཀྱིལ་འཁོར་ཡང་བལྟར་མི་གཞུག་གོ །དེ་དག་ལ་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་འདོར་དུ་མི་རུང་བའི་ལམ་གྱི་གནད་ཆེན་པོའོ། །དེ་ལྟར་ངེས་འབྱུང་དང་སྙིང་རྗེའི་བློས་ཡིད་ཆེས་ཆེར་བསྐྱེད་པས། གྲངས་མེད་པའི་བསྐལ་པ་དུ་མར་བྱང་ཆུབ་སྒྲུབ་པའི་ལོང་མེད་པར། ཚེ་ལུས་གཅིག་གམ་ཐ་ན་སྐྱེ་བ་བཅུ་དྲུག་ལས་མི་འགྱངས་པར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱས་ཏེ་མ་རྒན་དྲིན་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་ནུས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་འཚང་རྒྱ་བ་ལ་ཤིན་ཏུ་རིངས་པའི་བློ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེས་པར་གྱུར་པ་དེའི་ཚེ་རྡོ་རྗེའི་ཐེག་པར་འཇུག་པའི་ལམ་གྱི་ཕྱོགས་དང་པོ་རྙེད་པ་ཡིན་ནོ། །དེ་ཡང་ཀུན་མཁྱེན་ཆེན་པོས། དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །གསང་སྔགས་ཕྱི་ནང་བསྐྱེད་རྫོགས་དོན་ལ་འཇུག །ཞེས་པ་ལྟར་རོ། །དེ་ལྟར་ཐེག་པ་ཐུན་མོང་པས་རྒྱུད་སྦྱངས་ཟིན་པའི་གང་ཟག་སྐལ་བ་དང་ལྡན་པ་དེ་རྡོ་རྗེའི་ཐེག་པར་འཇུག་པ་ལ། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཞིག་བཙལ་ཏེ་གཡོ་སྒྱུ་དང་ཟོལ་ཟོག་སྤངས་ནས་མིག་གི་འབྲས་བུ་བཞིན་དུ་བསྟེན་དགོས་ཏེ། སྙིང་པོ་རྒྱན་ལས། བློ་ལྡན་ཐར་བའི་བདག་ཉིད་སེམས། །བཟོད་ལྡན་དུལ་བའི་སློབ་མ་ཡིས། །གྲུབ་པའི་རྩ་བ་མཆོག་གཅིག་པུ། །བླ་མ་བསྟེན་བྱ་དང་པོར་བརྟགས། །ཞེས་དང་། དེར་མ་ཟད་མདོ་རྒྱུད་ཐམས་ཅད་ནས་བླ་མ་མ་བསྟེན་པར་སྤྱིར་ཐར་པའི་ལམ་དུ་འགྲོ་མི་ནུས། ཁྱད་པར་རྡོ་རྗེའི་ཐེག་པའི་ལམ་གྱི་དངོས་གྲུབ་ནི་བླ་མ་ཁོ་ན་ལ་རག་ལས་པས་བླ་མ་བསྟེན་པར་ཡང་ཡང་གསུངས་ཏེ། སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ལས། རེ་ཞིག་དང་པོར་དངོས་གྲུབ་ནི། །སློབ་དཔོན་རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་ན་ནི། །དངོས་གྲུབ་འཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་སོ། །བླ་མ་མེད་པར་རང་ཉམས་ཀྱིས་གསང་སྔགས་ཟབ་མོའི་དོན་མི་རྟོགས་པས་འབད་པས་བསྟེན་དགོས་ཞེས་གདམས་པ་ནི། སངས་རྒྱས་གསང་བའི་ལམ་རིམ་ལས། །སྤྱན་བཟང་འགྲོ་མཐུ་མེད་པ་ཡིས། །དམིགས་བུ་བྲལ་བའམ་ཉམས་སྟོར་བས། །བགྲོད་ཅིང་ཕྱིན་པར་མི་ནུས་བཞིན། །རྩིང་པོ་དམུ་རྒོད་རང་ཉམས་ཀྱིས། །གསང་བའི་སྙིང་པོར་མི་འགྱུར་ཏེ། །བུལ་ཤིང་མེ་ཏོག་འབྲས་བཞིན་འགྱུར། །དེ་བས་བླ་མ་ལུང་བཞིན་བཀུར། །བརྟག་སྤྱོད་ཞེ་གཅོད་བཟོད་བྱས་ཏེ། །མཐོང་བའི་གདུང་བ་ཁུར་མི་ལྟ། །དེ་ཀུན་ཡུན་གྱི་དོན་དུ་བཟོད། །དཀའ་བས་བསྟེན་ན་རྡོ་རྗེ་རྒྱལ། །ཉམས་ཀྱི་སྣང་བ་འཐོབ་འགྱུར་ཏེ། །དེ་ཚེ་རྒྱུད་ཆེན་གཞུང་བཞིན་ཡོན། །ཕུལ་ན་ཐུགས་ཀྱི་སྙིང་ཁུ་སྟེར། །དེ་ཡིས་བཞོན་པ་བཟང་འགྲོ་བཞིན། །གསང་བའི་རྫུ་འཕྲུལ་སྟོབས་ཞོན་པས། །མཐོང་འཇུག་མཐར་ཕྱིན་གཞི་བགྲོད་ནས། །ཡེ་ཤེས་སྙིང་པོའི་གནས་སུ་ཕྱིན། །ཞེས་དང་། གསང་བའི་སྙིང་པོའི་རྒྱུད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་སོ། །དེ་ལྟར་དངོས་གྲུབ་ཀྱི་རྩ་བ་བླ་མར་ཤེས་ནས་བླ་མ་བཙལ་ཏེ། བླ་མ་རྙེད་པའི་རྗེས་སུ་དབང་བསྐུར་སྦྱིན་པར་གསོལ་བ་ཡང་ཡང་གདབ་སྟེ། ཟུང་འཇུག་གསལ་བ་ལས། དེ་ལྟར་བྱས་ན་བླ་མ་ལ། །བདག་ལ་དབང་བསྐུར་སྩོལ་ཞེས་གསོལ། །ཞེས་པ་ལྟར་རོ། དེ་ལྟར་གསོལ་བ་གདབ་པ་ན། བླ་མས་ཀྱང་བརྟག་དཔྱད་མེད་པར་གྱ་ཚོམ་དུ་དབང་བསྐུར་བ་དང་གདམས་ངག་སྦྱིན་པར་མི་བྱ་སྟེ། སློབ་མའི་རྒྱུད་མ་རུང་བར་འགྱུར་བ་དང་། གདམས་ངག་ཟབ་མོ་ཆུད་ཟོས་སུ་འགྲོ་བ་དང་། རང་ཉིད་ལ་མཁའ་འགྲོ་མས་ཆད་པ་འབྱུང་བའི་ཉེན་ཡོད་པའི་ཕྱིར། སློབ་མའི་རྒྱུད་ཚོད་བརྟགས་ལ། གལ་སྟེ་སྣོད་དུ་མི་རུང་ན་ཐེག་པ་ཐུན་མོང་བ་ཙམ་གྱིས་ཕན་གདག་པར་བྱས་ལ་ཐབས་ཀྱིས་དེ་ལས་བྱོལ་བར་བྱ་སྟེ། ལམ་རིམ་ལས། འདོད་པ་ཕྲ་མོའི་རྒྱུར་བྱེད་དང་། །ཁེ་དང་གྲགས་པ་ཆེ་བའི་རྒྱུར། །བྱེད་ཅིང་བཅུད་ཆེན་འཛག་དང་འབོ། །མི་ཆགས་མ་རུང་བྱེད་པ་དང་། །ཟང་ཟིང་མཐའ་གཏོང་དབུས་འཆིང་དང་། །གཡོན་ཅན་ངོ་དགའ་ལྟག་སྤྲད་སྐུར། །ལྐོག་ན་རང་དགའ་བྱེད་པ་དང་། །ངག་ལ་རིགས་ངེས་བསམ་མི་ངེས། །བུད་མེད་འདོད་པ་ཕྱལ་བ་དང་། །མུན་ལྐོག་འཕྲད་པར་འདོད་སྤྱོད་བརྙེགས། །ཕོ་མོར་ཏནྟྲར་མ་བསྔགས་ལ། །བསྐལ་པར་གྲིབ་བཞིན་འཁོར་གྱུར་ཡང་། །ཐུགས་ཀྱི་བདེ་བ་སྤྲོ་མི་བྱ། །འཚམས་པར་སྐུ་བསྟན་གཅན་འཕྲང་སྦྱིན། །དེ་མིན་བེའུ་སྦྲེལ་གཡང་ལྷུང་བཞིན། །འདོད་ཁེངས་འཕྲོགས་ཤིང་གཅམ་ཕྱར་བས། །མ་རྟོགས་སྤྲོས་ན་དུར་ཁྲོད་གླིང་། །བརྒྱད་ཀྱི་མཁའ་འགྲོ་བཞིན་འདུས་ནས། །ཤ་ཟ་སྲོག་ལ་འབེབས་བཞིན་ལྷུང་། །ཞེས་སོ། །དེ་བས་ན་ཐོག་མ་ཉིད་དུ་གདམས་པ་མི་སྦྱིན་པར་ཁྱོད་གལ་ཏེ་རྡོ་རྗེའི་ཐེག་པ་ལ་འཇུག་པར་འདོད་ན། རྡོ་རྗེ་སློབ་དཔོན་བསྟེན་ཚུལ་འདི་ལྷར་དགོས་པས་ཤེས་པར་གྱིས་ཤིག་ཅེས་དང་པོ་ཁོ་ནར་སློབ་དཔོན་བྷཱ་བི་ལྷས་མཛད་པའི་བླ་མ་ལྔ་བཅུ་བ་བསྟན་པར་བྱའོ། །སློབ་མས་ཀྱང་སྔགས་ལ་བརྟེན་ནས་མཆོག་གི་དངོས་གྲུབ་འདོད་ཕྱིན་ཆད་རྡོ་རྗེ་སློབ་དཔོན་མཉེས་པར་མ་བྱས་པར་ཐབས་གཞན་མེད་པས་དེ་ཉིད་ལེགས་པར་བསླབ་སྟེ། དེ་ལས་ཇི་ལྟར་བྱུང་བ་ལྟར་དཀའ་ཚེགས་ངལ་དུབ་ཐམས་ཅད་ཁྱད་དུ་བསད་ཅིང་། ང་རྒྱལ་དང་རང་འདོད་ཀྱི་དབང་དུ་མི་གཏོང་བར། སྔོན་གྱི་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བླ་མ་ཇི་ལྟར་བསྟེན་པའི་ཚུལ་ལ་བསླབ་པར་བྱའོ། །བླ་མ་བསྟེན་ཚུལ་འདི་སྔགས་ལམ་གྱི་རྟེན་འདྲེལ་སྒྲིག་པའི་ཐོག་མ་ཡིན་པས་ཕྱིན་ཅི་མ་ལོག་པ་ཞིག་ཅི་ནས་ཀྱང་གལ་ཆེ། གལ་ཏེ་བླ་མ་བསྟེན་ཚུལ་འདི་ཡེ་ལེ་ཕྱོད་དེ་ཞིག་ཏུ་སོང་ན། གདམས་ངག་དེ་ཡང་ཡེ་ལེ་ཕྱོད་དེ་ཞིག་ལས་མི་འོང་། དེ་མ་འོང་ཙ་ན། མོས་གུས་དང་སྙིང་རུས་དེ་ཡང་ཡེ་ལེ་ཕྱོད་དེ་ཞིག་ཏུ་འགྲོ། དེ་སོང་ན་མཆོག་གི་དངོས་གྲུབ་དེ་ཡང་དེའི་རྗེས་སུ་འགྲོ་བས་ལམ་གྱི་ཐོག་མ་འདི་ལ་སྔོན་འགྲོ་དང་སླ་ཆོས་སུ་བྱས་ནས་རྩིས་མེད་དུ་མི་འདོར་བར་གཅེས་སྤྲས་སུ་བྱེད་པ་འདི་ལམ་གྱི་གནད་གཅིག་ཡིན་ནོ། །དེ་ལྟར་རྒྱུད་ནས་བཤད་པའི་ཚུལ་དང་མཐུན་པར་བླ་མ་ལ་སྒོ་གསུམ་གྱིས་བསྙེན་བཀུར་ཕུན་སུམ་ཚོགས་པར་བགྱིས་ཤིང་། བླ་མས་ཀྱང་སྣོད་དུ་གྱུར་པར་མཐོང་ན་ངེས་པར་དཀྱིལ་འཁོར་དུ་བཅུག་སྟེ་དབང་བཞི་པོ་ཡོངས་རྫོགས་སམ་གང་རུང་སྐལ་བ་དང་འཚམས་པར་སྦྱིན་པར་བྱ་དགོས་ཏེ། ཕྱག་ཆེན་ཐིག་ལེ་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །ཞེས་དང་། སངས་རྒྱས་ཐོད་པ་ལས་ཀྱང་། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་དང་། གསང་བ་སྙིང་པོ་ལས་ཀྱང་། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་གསུངས། དེས་ན་ངེས་པར་དབང་བསྐུར་བ་ནོས་དགོས་ཤིང་། དེ་ཡང་སློབ་མའི་རྒྱུད་ཚོད་ལ་དཔག་པ་ན། གཙང་དམེ་དང་བླང་དོར་གྱི་རྟོག་པ་ཅན་དང་། ཟབ་མོའི་དོན་ལ་སྐྲག་པའི་རིགས་ལ་དབང་གོང་མ་རྣམས་བཏང་སྙོམས་སུ་བཞག་ན་ལེགས་ཏེ། དེ་ཉིད་ལས། །དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མི་ཟ་བར་གསུངས། །ཞེས་སོ། །དབང་བསྐུར་བ་ལ་ཡང་དཔོན་སློབ་གཉིས་ཀས་བསྒྲིམ་སྟེ་ཆོ་ག་ཡན་ལག་མ་ཉམས་པ་ཞིག་དགོས་ཀྱི། རྒྱུད་ནས་བསྟན་པའི་ཡན་ལག་རྣམས་ཉམས་པར་གྱུར་ན་སློབ་མའི་རྒྱུད་སྨིན་མི་ནུས་ཤིང་བྱ་བ་བརྩམ་པ་དོན་མེད་པར་འགྱུར་རོ། །དེ་བས་ན་དཀྱིལ་འཁོར་གྱི་ཆོ་ག་དང་། དལ་དུ་གཞུག་པ། དབང་བསྐུར་བ་རྣམས་ཆོ་ག་མ་ཉམས་པར་བྱེད་པ་ཤིན་ཏུ་གཅེས་ཏེ། སྡོམ་གསུམ་རབ་དབྱེར། རྡོ་རྗེའི་ཐེག་པའི་ལམ་ཞུགས་ཏེ། །མྱུར་དུ་སངས་རྒྱས་ཐོབ་འདོད་ན། །སྨིན་གྲོལ་གཉིས་ལ་འབད་པར་བྱ། །སྨིན་པར་བྱེད་པའི་དབང་བསྐུར་ཡང་། །བླ་མ་བརྒྱུད་པ་མ་ཉམས་ཤིང་། །ཆོ་ག་འཁྲུག་པར་མ་གྱུར་པ། །ཕྱི་ནང་རྟེན་འདྲེལ་བསྒྲིག་མཁྱེན་ཅིང་། །སྐུ་བཞིའི་ས་བོན་ཐེབས་ནུས་པ། །སངས་རྒྱས་གསུང་བཞིན་མཛད་པ་ཡི། །བླ་མ་བཙལ་ལ་དབང་བཞི་བླངས། །ཞེས་གསུང་། དེ་ལས་གཞན་དུ་ཆོ་གའི་ཡན་ལག་ཉམས་པར་གྱུར་ན། གདང་རོལ་ཌཱ་དྲིལ་སོགས་ཀྱི་རྟ་ལ་བསྐྱོན་ནས་མཛེས་མཛེས་དང་རྔམ་རྔམ་ཅི་བྱས་ཀྱང་། ཆོ་གའི་གཟུགས་བརྙན་དུ་སོང་བས། སློབ་མའི་རྒྱུད་ལ་ཞུས་ལོ་དང་ཐོས་ལོ་མང་པོ་བསགས་པ་ལ་ལོས་ཕན་མ་གཏོགས་དངོས་གྲུབ་ཐོབ་པའི་རྒྱུར་མི་རུང་སྟེ། དེ་ལས། ཆོ་ག་ཅུང་ཟད་ཉམས་པ་ལའང་། །ཆོ་ག་འཆག་པར་མ་གསུང་ན། །ཆོ་ག་ཕལ་ཆེར་ཉམས་པ་ལ། །ཆོ་ག་འཆག་པར་འགྱུར་རེ་ཀན། །དེས་ན་འཆད་པའི་གནས་སྐབས་སུ། །ཅུང་ཟད་ཉམས་པར་གྱུར་ཀྱང་བླ། །ཆོ་ག་ནོར་བར་གྱུར་པ་ལ། །གྲུབ་པ་ནམ་ཡང་མེད་ཅེས་གསུང་། །ཞེས་དང་། སྦྱོར་དངོས་རྗེས་ཀྱི་ཆོ་ག་རྣམས། །སངས་རྒྱས་གསུང་བཞིན་མི་ཤེས་པར། །མ་འདྲེལ་འགལ་ཞིང་ཉམས་པ་ཡི། །ཆོ་གའི་གཟུགས་བརྙན་བྱེད་པ་ལ། །དབང་བསྐུར་ཡིན་ཞེས་བླུན་པོ་སྨྲ། །ཞེས་སོགས་གསུངས་པ་ལྟར་ངེས་པས། ཆོ་ག་རྣམ་པར་དག་པ་ལ་བརྟེན་ནས་དབང་བསྐུར་རྣལ་མ་ཞིག་ཐོབ་པ་སྔགས་ལམ་གྱི་གཞི་ཡིན་པར་ཤེས་པ་འདི་ལམ་གྱི་གནད་ཡིན་ནོ། །དེ་ལྟར་དབང་ཐོབ་མ་ཐག་ནས་དབང་དུས་ཀྱི་དམ་ཚིག་མི་ཉམས་པར་བསྲུང་བའི་ཆེད་དུ་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་ཤེས་པར་བྱ་བའི་ཕྱིར་སློབ་དཔོན་དཔའ་བོས་མཛད་པའི་རྩ་ལྟུང་བཅུ་བཞི་པ་དང་། ཡན་ལག་སྦོམ་པོའི་ལྟུང་བའི་ཚིགས་སུ་བཅད་པ་རྣམས་བློ་ལ་བླངས་ནས་ཤེས་པར་བྱ་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །བཀླག་དང་འཛིན་པ་ཉིད་དུ་བྱ། །ཞེས་གསུངས་སོ། །དེ་བས་ན་དེ་དག་ཤེས་པར་བྱས་ནས་རང་སེམས་དཔང་པོར་བཞག་ཏེ་དམ་ཚིག་གི་གནས་ལ་ངོས་ལྐོག་མེད་པར་མ་འབད་ན། ལོ་ཟླ་མང་པོར་རིམ་གཉིས་དང་བསྙེན་སྒྲུབ་ལ་བརྩོན་ཀྱང་མཆོག་གི་དངོས་གྲུབ་ལྟ་ཅི། ཐུན་མོང་གི་ དངོས་གྲུབ་ཕྲན་ཚེག་ཀྱང་མི་འགྲུབ་སྟེ། སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་བཏང་ཡང་བླ། །འཆི་བའི་དུས་ལ་བབས་ཀྱང་བླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་དང་། མཉམ་སྦྱོར་ལས་ཀྱང་། དཀྱིལ་འཁོར་དག་ཏུ་མ་ཞུགས་དང་། །དམ་ཚིག་རྣམས་ནི་སྤང་བ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །སྒྲུབ་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་གསུངས་སོ། །དེ་བས་ན་དབང་ཐོབ་པའི་གང་ཟག་མཆོག་གི་དངོས་གྲུབ་དོན་དུ་གཉེར་བ་དག་གིས་དམ་ཚིག་དང་སྡོམ་པ་སྲོག་དང་བསྡོས་ནས་བསྲུང་བ་ལ་འབད་པར་བྱ་ཞིང་ཁྱད་པར་རྩ་ལྟུང་གིས་གོས་ན་རྒྱུད་ཆུད་ཟོས་ནས་ཡོན་ཏན་ཤིན་ཏུ་སྐྱེ་དཀའ་བར་གསུངས་པས་དེས་མ་གོས་པ་ལ་འབད་པ་དྲག་པོ་བྱ་ཞིང་ཅུང་ཟད་ཉེས་པར་གྱུར་ན་ཡང་དེ་མ་ཐག་ཁོ་ནར་ཆོས་བཞིན་དུ་ཕྱིར་བཅོས་ཤིང་བཤགས་བསྡམས་དྲག་པོས་སོར་ཆུད་པར་བྱའོ། །དམ་ཚིག་རྣམ་པར་དག་པ་ལ་གནས་ན་ལམ་ལ་ཆེར་མ་གོམས་ཀྱང་སྐྱེ་བ་བདུན་ལས་མི་འགྱང་བར་མཆོག་གི་དངོས་གྲུབ་འགྲུབ་ཅིང་། དམ་ཚིག་ཉམས་ན་འབད་པ་ཆེ་ཐང་དུ་བྱས་ཀྱང་དོན་མེད་དེ། གསང་བའི་མཛོད་ཀྱི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམ་པར་ཡང་དངོས་གྲུབ་འཐོབ། །གང་ལ་སྒོམ་པ་དང་ལྡན་ཞིང་། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་འགྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་འཐོབ། །རེ་ཞིག་དམ་ཚིག་ཉམས་པ་ན། །དངོས་གྲུབ་འཐོབ་པ་ལྟ་ཞོག་གི །མི་ཡི་སྐྱེ་བའང་རྙེད་པར་དཀའ། །ཞེས་སོ། །དམ་ཚིག་གི་རིམ་པ་འདི་ནི་འཆད་པའི་སློབ་དཔོན་དང་། ཉན་པའི་སློབ་མ་དང་། ལམ་བསྒོམ་པའི་རྣལ་འབྱོར་པ་དང་། །དངོས་གྲུབ་དོན་དུ་གཉེར་བའི་སྒྲུབ་པ་པོ་དབང་པོ་རབ་འབྲིང་ཐ་མ་ཀུན་གྱིས་བགྲོད་པ་གཅིག་པའི་ལམ་ཡིན་ནོ། །རྒྱུད་དང་མན་ངག་དང་སྒྲུབ་ཐབས་ཕལ་པོ་ཆེར་བླ་མ་དངོས་གྲུབ་ཀྱི་རྩ་བར་ཡང་ཡང་བསྔགས་ཤིང་དེ་དང་འདྲེལ་བར་བླ་མའི་རྣལ་འབྱོར་ཕྱི་ནང་གསང་བར་བཤད་པ་ཐམས་ཅད་ཀྱང་སྤྱིར་དམ་ཚིག་གལ་ཆེ་བ་དང་དེའི་ནང་ནས་རྩ་ལྟུང་དང་པོ་ཤིན་ཏུ་ལྕི་བས་དེ་མི་ཉམས་པར་བསྲུང་བའི་བསླབ་པ་ནི་བསླབ་བྱ་རྣམས་ཀྱི་ནང་ནས་ཀྱང་གལ་ཆེ་ཤོས་ཡིན་པས་དེའི་ཕྱིར་གསུང་བ་ཡིན་ནོ། །མདོར་ན་བསྐྱེད་རྫོགས་ཟབ་མོའི་ལམ་སློབ་པར་འདོད་པ་རྣམས་ལ་མེད་དུ་མི་རུང་བའི་ལམ་གྱི་གནད་གལ་པོ་ཆེ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་འདི་ཡིན་པས་ལམ་ལ་འཇུག་པའི་ཐོག་མར་འདི་ལ་ཞུན་ཐར་དང་ནན་ཏན་བྱེད་པ་ཁོ་ན་གཙིགས་སུ་ཆེའོ། །དོན་དེ་ལྟར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། རྡོ་རྗེ་ཐེག་ལ་དད་ཀྱང་མ་སྨིན་པས། །ཟབ་མོ་བསྒོམ་ཀྱང་འབྲས་བུ་ངན་འགྲོ་ལས། །མཆོག་གཞན་མི་འགྲུབ་སངས་རྒྱས་གསུངས་པས་ན། །བླ་མ་མཆོག་ལས་དབང་བསྐུར་ནོད་པར་མཛོད། །དབང་ཐོབ་མན་ངག་ཟབ་མོ་འཚོལ་བ་ཡིས། །ས་སྟེང་རྒྱས་པ་ཀུན་ཏུ་བཙལ་བྱས་ཀྱང་། །ཕན་པའི་དོན་པོ་གདམ་ངག་དམ་ཚིག་སྟེ། །འདི་མེད་འགྲམ་རྩ་ཟད་པའི་ཁང་རུལ་འདྲ། །ལེགས་པར་སྨིན་ནས་དམ་ཚིག་བསྲུང་བྱས་ན། །རིམ་གཉིས་ཟབ་མོའི་མན་ངག་མ་བསྟེན་ཀྱང་། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ་བོ་ཞེས། །འགྲོ་བའི་རྩ་ལག་ཕན་པར་མཛད་པས་གསུངས། །བདག་ནི་ཐོས་ཉུང་ཤེས་རབ་མིག་བྲལ་ཡང་། །དྲི་མེད་རྒྱུད་ལས་ལེགས་གསུངས་མཐོང་བས་ན། །དབང་བླང་དམ་ཚིག་བསྲུང་བར་མཛོད་ཅིག་ཅེས། །ཀུན་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །ཞེས་གསུངས་སོ། །དེ་ལྟར་དམ་ཚིག་ལ་གནས་པའི་གང་ཟག་དེས། རྡོ་རྗེ་སློབ་དཔོན་ལོ་དང་ཟླ་བའི་བར་དུ་བསྟེན་ཡུན་བསྲིངས་ནས་གང་ཞིག་ཉམས་སུ་ལེན་པར་བྱ་བའི་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས་གདམ་ངག་གི་ཕུ་ཐག་ཆོད་པ་ཞིག་བྱེད་དགོས་ཏེ། རྒྱན་བདུན་དགྲོལ་བ་ལས། དང་པོ་ཉན་པའི་ཤེས་རབ་ཀྱིས། །ཚིག་གི་རྒྱུད་ལ་ཐོས་པ་བསྐྱེད། །དེ་ནས་བསམ་པའི་ཤེས་རབ་ཀྱིས། །ཚིག་དང་དོན་དུ་འདྲེལ་བ་བསླབ། །ཞེས་དང་། གསང་བ་སྙིང་པོ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུངས། །ཞེས་སོ། །དེ་ལྟར་གསང་བ་ཆེན་པོའི་ཐེག་པ་འདི་ནི་དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་པས་ཐོས་བསམ་དགོས་པར་མ་ཟད། གཞན་ཡང་ཐོས་བསམ་མེད་ན་རང་གིས་ཉམས་སུ་ལེན་པ་དང་། གཞན་ལ་ལམ་མ་ནོར་བ་སྟོན་པ་དང་། དངོས་གྲུབ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་མི་ཤེས་པས་ཐོས་བསམ་གྱི་ཤེས་རབ་བསྐྱེད་པ་ལ་འབད་པར་བྱ་དགོས་སོ། །ཀྱེ་རྡོར་གྱི་བཀའ་འགྲེལ་མུ་ཏིག་ཕྲེང་བར་ཡང་། བློ་གྲོས་མེད་ལ་ཐོས་མེད་མ་ཐོས་པ་ལ་བསམ་པའང་མེད། །གཉིས་བྲལ་རྣལ་འབྱོར་མེད་ཅིང་རྣལ་འབྱོར་བྲལ་ལ་དངོས་གྲུབ་མེད། །ཅེས་གསུངས། ཐོས་པས་སྒྲོ་འདོགས་ཆོད་པའི་གང་ཟག་གིས་ཐེ་ཚོམ་སྤངས་ཏེ་སྒྲུབ་པ་ལ་བརྩོན་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལག་པའི་མཐིལ་ན་ཡོད་པ་དང་འདྲ་སྟེ། རིམ་ལྔའི་བཀའ་འགྲེལ་དོན་གསལ་ལས། །ཐོས་པ་རྫོགས་པར་བྱེད་པ་ཤེས་རབ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །སྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་ཡིན། །དེ་ལས་དངོས་གྲུབ་བླ་ན་མེད་པའོ། །བློ་དང་ལྡན་པས་འདི་ལྟར་བསམ་ནས་ནི། །ཐོག་མར་ཐོས་པའི་དོན་ལ་འབད་པ་ཡིས། །རྟག་ཏུ་བརྩོན་པར་བྱེད་པ་གང་ཡིན་པ། །དེ་ཡི་ལག་ཏུ་དངོས་གྲུབ་ལེགས་པར་འཐོབ། །གང་ཞིག་ཚིག་ལ་ཐེ་ཚོམ་ཟ་འགྱུར་བ། །དེ་ཡིས་དོན་ནི་ཇི་ལྟར་རྟོགས་པར་འགྱུར། །ཞེས་གསུངས་སོ། །ཁ་གཅིག་རྩེ་གཅིག་ཏུ་བསྒོམ་པ་ཁོ་ན་གཙོ་ཆེ། ཐོས་པ་ཚིག་གི་སྟོང་སྒྲ་ཡིན། ཁ་བཤད་ཆུ་ཡི་ལྦུ་བ་དང་འདྲ་སྙིང་པོ་མེད་ཟེར་ནས། རང་ཉིད་ཀྱང་མི་ཚེ་རིལ་བོར་བླུན་སྒོམ་གོག་པོ་ཞིག་ལ་སྐྱེལ་ནས་གཞན་ལ་ཡང་དེ་སྐད་ཟེར་བ་ཡོད་དེ། དེ་ནི་ལས་དང་པོ་པ་རྣམས་བསླུ་བར་བྱེད་པ། ཐམས་ཅད་མཁྱེན་པའི་ལམ་དང་འབྲལ་བར་བྱེད་པའི་བདུད་ཀྱི་གསང་ཚིག་དངོས་སུ་སྟོན་པ་ཡིན་པས་བདེན་དུ་འཛིན་པ་ལྟ་ཅི། ཐོས་པར་ཡང་མི་བྱ་སྟེ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། །བསྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་བློ་རྒྱ་ཆུང་ངུ་སྨྲ། །ཐོས་པ་མེད་པར་བསྒོམ་པ་ཙམ། །འབད་ཀྱང་དུད་འགྲོ་སྒྲུབ་ཐབས་ཡིན། །རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །མ་བསླབ་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་གང་ལ་བདེན། །ཐོས་པ་མེད་པའི་བསྒོམ་པ་དེ། །རེ་ཞིག་གྲུབ་ཀྱང་མྱུར་དུ་འཇིག །གསེར་དངུལ་ལེགས་པར་བཞུ་ན་ཡང་། །མེ་དང་བྲལ་ན་སྲ་བར་འགྱུར། །ཞེས་གསུངས་པས་ཐོས་བསམ་ལ་འབད་དགོས། ཐོས་བསམ་བྱེད་པའི་ཡུལ་ཡང་། སྤྱིར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཐམས་ཅད་དང་། དེའི་དགོངས་པ་འགྲེལ་པ་ལ་ཚད་མར་གྱུར་པའི་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་གཉིས་རྗེས་འབྲང་དང་བཅས་པའི་གཞུང་རྣམས་ལ། དེ་དག་ཤེས་མི་ནུས་སྙམ་པའི་སྒྱིད་ལུག་དང་། རང་ཉིད་ལ་བརྙས་པའི་ལེ་ལོ་རྣམས་སྤངས་ཏེ་ཅི་ནུས་སུ་བརྩོན་དགོས། ཐ་ནའང་རང་ལུགས་ཀྱི་བསྐྱེད་རྫོགས་ཀྱི་གནད་རྣམས་ཕྱིན་ཅི་མ་ལོག་པ་ཞིག་ཤེས་པར་མི་བྱེད་པའི་ཐབས་མེད། །དེ་ཤེས་པར་བྱེད་པ་ལ་དཔལ་ལྡན་གསང་བའི་སྙིང་པོ་རྩ་འགྲེལ་ཡན་ལག་དང་བཅས་པ་རྣམས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་དྲི་མ་མེད་པ་རྣམས་ལ་བློ་གྲོས་ཀྱི་མིག་རྒྱང་མ་ཐུང་བ་ཞིག་ཅི་ནས་ཀྱང་དགོས། གཞན་ཡང་ཀུན་མཁྱེན་ཙོང་ཁ་པ་ཆེན་པོ་དང་། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་སོགས། ས་དགེའི་མཁས་གྲུབ་རྣམས་ཀྱི་གཞུང་ལའང་ཕྱོགས་རིས་ཀྱི་ལོག་ལྟ་དོར་ནས་དག་སྣང་གི་བློ་རྒྱ་བསྐྱེད་དེ། ཐོས་བསམ་ཕྱོགས་མེད་དུ་མཛད་ན། སྒྲོ་འདོགས་དང་བདེན་ཞེན་ཆོད་ནས་གྲུབ་མཐའ་ཐམས་ཅད་ཀྱི་ཡིན་ལུགས་ཤེས་པ་དང་། རྒྱལ་བསྟན་ཡོངས་རྫོགས་གང་ཟག་གཅིག་གི་ཉམས་ལེན་དུ་འདྲིལ་ཤེས་པ་དང་། རང་ལུགས་ཀྱི་གཞུང་དང་གདམ་ངག་རྣམས་ལ་མི་འཕྲོག་པའི་ངེས་ཤེས་འཁྲུངས་པ་དང་། འོད་གསལ་རྫོགས་པ་ཆེན་པོའི་གདམ་ངག་རྣམས་ཀྱང་ཨོ་རྒྱན་རྡོ་རྗེ་འཆང་། པཎ་ཆེན་དྲི་མེད་བཤེས་གཉེན། རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་བཀའ་དྲིན་ལས་སྔ་འགྱུར་གྱི་རིང་ལུགས་དྲི་མ་མེད་པ་འཛིན་ཤེས་པའི་གང་ཟག་འབའ་ཞིག་གི་སྤྱོད་ཡུལ་དུ་གྱུར་པ་ལས་གཞན་ལ་མེད་པ་དང་། འཛམ་བུའི་གླིང་གི་ཆུ་བོ་དང་ཆུ་ཕྲན་ཐམས་ཅད་རིམ་གྱིས་རྒྱ་མཚོ་ཆེན་པོར་འབབས་ཤིང་གཞོལ་ལ། མཐར་ཐུག་རྒྱ་མཚོ་ཆེན་པོའི་འཇིང་ལས་གཞན་དུ་མི་འདའ་བ་དེ་བཞིན་དུ་ཐེག་པ་དང་གྲུབ་མཐའ་ཐམས་ཅད་རིམ་གྱིས་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པར་འབབས་ཤིང་གཞོལ་ལ། མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོའི་ཀློང་ལས་འདས་པ་མེད་པར་ཐག་ཆོད་པས་མཁས་པ་ཐམས་ཅད་ཀྱི་བཞེད་པའི་ཞེ་ཕུག །གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་ཀྱིས་བརྣག་པ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པར་ངེས་ཤེས་གཏིང་ནས་འཁྲུངས་ཏེ་ཉམས་ལེན་ལ་སྙིང་རུས་ནུས་པ་ཞིག་འོང་བ་ཡིན་པས་ཐོས་བསམ་ལ་ཞུན་འཐར་གཅོད་པ་འདི་ལམ་གྱི་གནད་ཡིན་ནོ། །ཁྱད་པར་དུ་ཡང་ལམ་གྱི་དངོས་གཞི་ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་དབྱུང་བ། འབྲས་བུ་མངོན་དུ་བྱེད་པ་རྣམས་ཀྱི་ཚུལ་ལ་མ་རྨོངས་པར་བྱེད་དགོས། དེ་ལ་ལྟ་བས་ཇི་ལྟར་གཏན་ལ་ཕབས་པའི་དོན་དེ་སྒོམ་པ་ཡིན་གྱི་ལྟ་བ་དང་སྒོམ་པ་མི་མཐུན་པར་བརྟགས་པར་མི་བྱ་སྟེ། གལ་ལྟེ་ལྟ་བ་ཡང་གཞན་དུ་ལྟ་ལ་སྒོམ་པ་ཡང་གཞན་དུ་བསྒོམ་ན། ལྟ་སྒོམ་ཡ་བྲལ་དུ་གྱུར་ཞིང་། དེར་མ་ཟད་ལྟ་བ་གཏན་ལ་ཕབས་པ་དོན་མེད་དུ་འགྱུར་ཏེ། ལྟ་བ་ནི་བསྒོམ་པའི་དོན་དུ་ཡིན་ན་སྒོམ་པས་དེ་མི་བསྒོམ་པའི་ཕྱིར་རོ། །དཔེ་དང་ཡང་འགལ་ཏེ། མིག་གིས་ཤར་དུ་བལྟས་ཏེ་གོམ་པ་ནུབ་ཏུ་འདོར་བ་དང་འདྲའོ། །དེ་བས་ན་འདིར་རྡོ་རྗེའི་ཐེག་པར་སྣོད་བཅུད་སྣང་གྲགས་སེམས་དང་བཅས་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བསྒོམ་པ་ནི་ལྟ་བའི་དབང་གིས་ཡིན་ཏེ། ཉན་ཐོས་པས་མི་རྟག་བདག་མེད་སོགས་སུ་བསྒོམ་པ་དང་། ཐེག་ཆེན་པས་གཟུང་འཛིན་དང་བྲལ་བའི་ཤེས་རིག་གསལ་མྱོང་ཙམ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཞེན་བྲལ་དུ་བསྒོམ་པ་རྣམས་ལྟ་བའི་དབང་གིས་བཞག་པ་ཡིན་པ་ལྟར་རོ། །གལ་སྟེ་ཀུན་རྫོབ་ཀྱི་ཡིན་ལུགས་ཤེས་པ་ལྟ་བར་མི་རུང་ཞེ་ན། རྟེན་འདྲེལ་མཐོང་བ་ཡང་དབུ་མའི་ལྟ་བར་མི་རུང་བར་འགྱུར་རོ། །དེས་ན་འདིར་རྣལ་འབྱོར་བླ་ན་མེད་པའི་ཚུལ་གྱིས། རང་གནས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་རང་ཆས་སུ་ཡོད་པ་ཉིད་རྟོགས་པའི་དྲི་མས་བསྒྲིབ་པ་བསལ་བའི་ཆེད་དུ། རིམ་གཉིས་ཀྱི་རྣལ་འབྱོར་སྒོམ་པ་ལ་འཇུག་པའི་སྔོན་རོལ་ཏུ་ཐུན་མོང་མ་ཡིན་པའི་གཏན་ཚིག་རྣམས་ཀྱིས་སྣང་སྲིད་དག་མཉམ་ཆེན་པོར་ལེགས་པར་གཏན་ལ་དབབ་དགོས་ཀྱི། དེ་ལྟར་གཏན་ལ་མ་ཕབ་པར་ལམ་ལ་བརྩོན་ཀྱང་འབེན་མ་མཐོང་བར་མདའ་བརྡེག་པ་དང་འདྲའོ། །ལམ་རིམ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །བླུན་པོ་མུན་སྤྲུལ་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །དེ་བས་མ་རིག་ལིང་ཐོག་མིག །ལྡོང་བ་རྡོ་རྗེ་ཐུར་མ་མཁན། །མཉེས་ཐོབ་སྔོན་བྱས་གཞུང་ཐོས་པས། །སྤྱན་དབྱེ་དཀྱིལ་འཁོར་མཐོང་བྱ་དགོས། །ཞེས་སོ། །དེ་ལ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་རྟེན་དང་བརྟེན་པར་བཅས་པའི་རང་བཞིན་འདི་དག་སྣང་ཕྱོགས་ནས་གཞལ་ན་ཀུན་རྫོབ་གཟུགས་སྐུ་ལྔ་ཡི་འཁོར་ལོར་རྫོགས་པ་དང་། སྟོང་ཕྱོགས་ནས་གཞལ་ན་དོན་དམ་ཆོས་སྐུ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དང་། ཟུང་འཇུག་གི་ངོས་ནས་གཞལ་ན་ལྷག་པའི་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ངོ་བོར་ཡེ་ནས་སངས་རྒྱས་པ་སྟེ། །དཔལ་གསང་བའི་སྙིང་པོ་ལས། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མཱ་ཀི ། མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མར། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེད་དོ། །ཅེས་སོ། །དེ་ལྟར་ཕུང་སོགས་རྒྱལ་བའི་དཀྱིལ་འཁོར་དུ་བཞག་པའི་རྒྱུ་མཚན་ཡང་། ཀུན་གཟིགས་རོང་ཟོམ་པ་ཆེན་པོས། ཁ་ཅིག་ན་རེ། དོན་དམ་པར་རང་བཞིན་མེད་པས་སངས་རྒྱས་ཡིན་པ་དང་། ཀུན་རྫོབ་ཏུ་སངས་རྒྱས་སུ་འགྱུར་དུ་རུང་བའི་རྒྱུ་ཡིན་པས་སངས་རྒྱས་སུ་བཞག་གོ །དངོས་པོའི་མཚན་ཉིད་ནི་མ་དག་པའི་སྣང་བ་ལྟར་བདེན་ནོ་ཞེས་ཟེར་རོ། །དེ་ལྟར་བསྒྲུབ་པར་མི་བྱའོ། །ཀུན་རྫོབ་ཙམ་དུ་ཡང་ཕུང་པོ་ལྟར་སྣང་ཙམ་ཉིད་ནས་སངས་རྒྱས་གྲངས་མེད་པ་ཡོངས་སུ་དག་པའི་ཞིང་ཁམས་དང་བཅས་པའི་རང་བཞིན་ཉིད་ཡིན་ལ། སྣང་བ་དེ་གཉིས་ཀྱང་ཕན་ཚུན་ལྟོས་ན་ཡོངས་སུ་དག་པའི་སྣང་བ་ལྟར་བདེན་པར་གྲུབ་བོ་ཞེས་བཞག་པར་བྱའོ། །ཞེས་གསུངས་པ་ལྟར་ཤེས་དགོས་སོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་པས་སྤྱིར་གྱིས་བདེན་གཉིས་དབྱེར་མེད་ཙམ་ཞིག་འདོད་ཀྱང་། ཀུན་རྫོབ་བདེན་པའི་ཆ་ནས་འཁོར་འདས་གཉིས་ལ་བཟང་ངན་དུ་བལྟས་ནས་བླང་དོར་བྱེད་པ་ལ། འབྲས་བུའི་ཐེག་པ་འདིར་ཀུན་རྫོབ་ཏུའང་དག་མཉམ་ཆེན་པོར་ལྟ་བས་ཁྱད་ཆེ་བ་ཡིན་ནོ། །དེ་སྐད་དུ་ལམ་རིམ་ལས་ཀྱང་། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་གསུངས་སོ། །དེ་ལྟར་ལྟ་བ་རྣམ་པར་དག་པར་བྱེད་པ་ནི་ལམ་གྱི་གནད་གལ་བོ་ཆེ་ཡིན་ཏེ། ཆོས་ཉིད་མཉམ་པའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ན། ལུས་ཀྱི་བསྒུལ་སྤྱོད་ཐམས་ཅད་ཕྱག་རྒྱ། ངག་གི་སྨྲ་བརྗོད་ཐམས་ཅད་སྔགས་ཚིག །སེམས་ཀྱི་འགྱུ་དྲན་ཐམས་ཅད་ཡེ་ཤེས་སུ་སོང་ནས་ཚོགས་གཉིས་འབད་མེད་དུ་རྫོགས་པ་དང་། འགལ་རྐྱེན་ལམ་དུ་སློང་། འདོད་ཡོན་གྲོགས་སུ་ཤར་ནས་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་མིག་འཁྲུལ་ལྟར་འགྲོ་བ་ཡིན་ཏེ། ལམ་རིམ་ལས། ཇི་ལྟར་སྤྱོད་ཀྱང་སྡོམ་མི་འདའ། །བྱེད་སྤྱོད་ཚོགས་ཆེན་གཉིས་སུ་འགྱུར། །འགྲོ་དང་འདུག་དང་ཉལ་བ་ན། །མ་ཉམས་དེ་ཡི་དབྱིངས་སུ་གནས། །ཤེས་རབ་མཆོག་གིས་རྟག་ཏུ་སྤྱད། །དབྱིངས་ཉིད་ལ་ནི་ཉིད་སྤྱོད་ཕྱིར། །དབྱིངས་ཉིད་མཆོག་གི་གནས་ལ་སྤྱོད། །དེ་ཉིད་མི་གནས་མྱ་ངན་འདའ། །ཞེས་གསུངས། གལ་ཏེ་ཆོས་ཉིད་ཀྱང་དོན་དེ་བློ་ལ་མ་གསལ་ན། སྔགས་ཀྱི་སྤྱོད་པ་སྤྱད་པས་ལོག་པར་ལྟུང་བས་ཚིག་ཙམ་ལ་གདེངས་སུ་མི་བྱ་སྟེ། དེ་ལས། གོང་གི་དོན་ལྟར་མ་རྟོགས་པའི། །བློ་ངན་མཉམ་པར་ཁུང་ཕྱུང་ནས། །མ་རྟོགས་ལེ་ལོ་སྙོམ་ལས་བྱས། །དོན་མ་གྲུབ་པར་ངན་སོང་འགྲོ། །སེམས་ཀྱིས་མཉམ་པར་མ་རྟོགས་ན། །ཚིག་གི་མཉམ་པས་འཚང་མི་རྒྱ། །དེ་བས་དོན་ཚིག་ལྡན་པར་བྱོས། །འོན་ཀྱང་ཐེ་ཚོམ་མེད་པར་འགྲུབ། །ཅེས་གསུངས་སོ། །དེ་ལྟར་ལྟ་བ་གཏན་ལ་དབབ་པ་ཡན་ཆད་ཀྱིས་ལམ་གྱི་གནད་འདོར་དུ་མི་རུང་བ་དག་མདོར་བསྡུས་ཏེ་བརྗོད་ནས་བསྒོམ་པས་ཉམས་སུ་བླངས་པ་ལའང་། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། རྫོགས་པ་ཆེན་པོའི་རིམ་པ་དང་གསུམ་ལས། བསྐྱེད་པའི་རིམ་པ་ལའང་རྒྱས་པར་དབྱེ་ན། མར་སྐྱེ་འཆི་བར་དོ་གསུམ་གྱི་བག་ཆགས་སྦྱོང་ཞིང་དག་པར་བྱེད་ཅིང་། ཡར་འབྲས་བུ་སྐུ་གསུམ་རྫོགས་པའི་རྣམ་པ་ལམ་དུ་བྱས་པའི་སྒོ་ནས། རྩ་རླུང་ཐིག་ལེ་གསུམ་ལ་བརྟེན་པའི་སྣང་གསུམ་གྱི་སྒྲིབ་པ་ཕྲ་མོ་སྦྱོང་བར་བྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་རྫོགས་རིམ་ཟབ་མོ་རྣམས་དང་། ལྷན་སྐྱེས་རྫོགས་པ་ཆེན་པོའི་ཡེ་ཤེས་རང་རྒྱུད་ལ་འདྲེན་པའི་སྨིན་བྱེད་དུ་འགྱུར་ངེས་པའི་ཆོ་ག་ཡན་ལག་ཚང་བ་ཞིག་ངེས་པར་དགོས་པས་དང་པོར་དེ་ཉིད་ལ་སློབ། དེ་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་རླུང་སེམས་དབུ་མར་གཞུག་པའི་ཐབས་མཁས་ཀྱིས་དཔེ་ཡི་འོད་གསལ་དང་མ་དག་པའི་སྒྱུ་ལུས་སྒྲུབ། སྐབས་འདིར་ཉེ་རྒྱུའི་སྤྱོད་པ་གསུམ་གང་རུང་གི་སྒོ་ནས། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སམ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ། ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས། བློ་བྲལ་བསམ་མི་ཁྱབ་པའི་ཆོས་ཉིད། ཆོས་ཉིད་མངོན་སུམ་ཆེན་པོའི་སྣང་བ་ཞེས་ཐ་སྙད་དུ་མ་འཇུག་པའི་གཞིར་གྱུར་པ་གང་ཡིན་པ་དེ་ཉིད་མངོན་དུ་བྱས་ནས་སླར་མཚན་དཔེས་བརྒྱན་པའི་བཅོས་མིན་སྟོང་གཟུགས་ཀྱི་ལྷ་སྐུར་ལྡང་བ་ན། དག་པའི་སྒྱུ་ལུས་སམ་སློབ་པའི་ཟུང་འཇུག་དུ་གྲགས་པ་ཚེ་དབང་དང་ཕྱག་ཆེན་རིག་འཛིན་གང་རུང་གིས་བསྡུས་པའི་རྟེན་དེ་ཉིད་འགྲུབ་པ་ཡིན་ནོ། །རྟེན་དེ་ཉིད་ཀྱིས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་ནི་མཐར་ཕྱིན་འབྲས་བུའི་རང་བཞིན་དུ་བརྗོད་པ་ཡིན་ནོ། །དེ་ལྟར་སྨོས་པ་དེ་དག་ལས་རྫོགས་པའི་རིམ་པ་དག་དང་། སྤྱོད་པའི་རིམ་པ་རྣམས་ནི་མཆོག་གི་དངོས་གྲུབ་འདོད་པའི་གང་ཟག་གིས་དོན་དུ་གཉེར་བྱའི་ལམ་གྱི་གཙོ་བོ་སྙིང་དང་མིག་ལྟ་བུ་དག་ཡིན་མོད་ཀྱི། དེ་ལྟ་ནའང་ངེས་པར་སྒྲུབ་པར་འདོད་པ་དག་གིས་ནི་བླ་མའི་ཞལ་ལས་རྟོགས་པར་འགྱུར་ལ། དེ་ལས་གཞན་པ་དག་ལ་ནི་ཡི་གེར་བཀོད་པ་ཙམ་ལ་དོན་མེད་ཅིང་གསང་བ་ཟབ་མོ་སྐབས་མིན་པར་སྒྲོགས་པའང་དངོས་གྲུབ་ཉམས་པའི་རྒྱུར་འགྱུར་བས་མ་བྲིས་སོ། །བསྐྱེད་རིམ་གྱི་སྐབས་འདི་ནའང་ཆོ་ག་རྒྱས་པའི་རྩ་ཐོ་ལས་བྱང་འདིར་མི་འབྱུང་བས་གཞུང་གི་འགྲོས་དང་བསྟུན་ནས་ཉུང་ངུར་དྲིལ་བ་བསྐྱེད་རིམ་ལ་སེམས་སྤྱོད་ལུགས་དང་གནད་ཀྱི་མདོ་ཆེ་ལོང་ཙམ་ཞིག་འོག་ཏུ་བཤད་པར་བྱའོ། །སྨྲས་པ། མ་རིག་ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི། །ཁམས་གསུམ་འབར་བའི་མེ་འོབས་ལྟར་མཐོང་ནས། །ངེས་འབྱུང་བསམ་པས་སོ་ཐར་གང་རུང་བླང་། །ཡོན་ཏན་གཞི་རྟེན་ལམ་གནད་དང་པོ་ཡིན། །ཐོག་མེད་དུས་ནས་སྐྱེ་འཆིའི་འཁོར་ལོ་འདིར། །འཁྱམས་པའི་ཚེ་ན་ཕ་མར་མ་གྱུར་མེད། །ལུས་ཅན་འདི་ཀུན་སྲིད་ལས་གདོན་པའི་བློས། །བྱང་ཆུབ་སེམས་བསྐྱེད་ལམ་གནད་གཉིས་པ་ཡིན། །ཚེ་ལུས་གཅིག་གིས་སངས་རྒྱས་སྒྲུབ་པ་ལ། །ཉེ་ལམ་མཐར་ཐུག་རྡོ་རྗེ་ཐེག་པ་སྟེ། །བླ་མར་མི་བསྟེན་དེ་འགྲུབ་ཐབས་གཞན་མེད། །ཚུལ་བཞིན་བསྟེན་པ་ལམ་གནད་གསུམ་པ་ཡིན། །དབང་བསྐུར་མེད་པར་གསང་སྔགས་སྒོམ་མི་རུང་། །དབང་བསྐུར་དེ་ཡང་ཆོ་ག་ཉམས་པས་མིན། །དེས་ན་མཚན་ཉིད་ལྡན་པའི་བླ་མ་ལས། །དབང་བཞི་ལེན་པ་ལམ་གནད་བཞི་བ་ཡིན། །དབང་བསྐུར་ཐོབ་ཀྱང་དམ་ཚིག་མི་བསྲུང་ན། །ཕན་ལས་གནོད་ཆེ་རྡོ་རྗེའི་དམྱལ་བར་ལྟུང་། །དམ་ཚིག་ལྡན་ན་དངོས་གྲུབ་ཤུགས་ལས་འཐོབ། །སྲོག་ལྟར་བསྲུང་བ་ལམ་གནད་ལྔ་བ་ཡིན། །དབང་ཐོབ་དམ་ཚིག་ལྡན་པའི་གང་ཟག་གིས། །ཉམས་ལེན་དུས་ན་རང་རྐྱ་ཐུབ་པ་དགོས། །དེ་ཕྱིར་བསྐྱེད་རྫོགས་དོན་ལ་ཐོས་བསམ་གྱིས། །སྒྲོ་འདོགས་གཅོད་པ་ལམ་གནད་དྲུག་པ་ཡིན། །ཐོས་པས་སྒྲོ་འདོགས་ཆོད་པར་གྱུར་པ་ན། །ཚིག་ལ་འཆེལ་བས་ཟབ་དོན་མི་མྱོང་བས། །དབེན་པའི་གནས་སུ་ཚེ་ལྷག་བསྒྲུབ་པ་ལ། །གཞོལ་བའི་དམ་བཅའ་ལམ་གནད་བདུན་པ་ཡིན། །དེར་ཡང་ཤེས་རབ་དང་ནི་སྙིང་རྗེ་གཉིས། །ཁ་བྲལ་གྱུར་ན་ལམ་མཆོག་མི་རྙེད་པས། །ཟུང་འཇུག་ལམ་གྱི་སྲོག་ཏུ་བཟུང་བ་ནི། །འཁྲུལ་མེད་སྔགས་ཀྱི་ལམ་གནད་བརྒྱད་པ་ཡིན། །སྟོང་ཆེན་ནས་བཟུང་ཉེར་བསྡུའི་བར་དག་གི །དམིགས་པ་གང་ལའང་ཉེས་པ་ལྔ་སྤོང་ཞིང་། །འདུ་བྱེད་བརྒྱད་བསྟེན་བྱིང་རྒོད་ཐེར་ལ་བོར། །གསལ་དག་འདོན་པ་ལམ་གནད་དགུ་བ་ཡིན། །ཐ་མལ་སྣང་ཞེན་དབྱིངས་སུ་སྦྱོང་བའི་ཕྱིར། །རྣམ་པར་གསལ་ཞིང་རྣམ་དག་དྲན་པ་དང་། །ང་རྒྱལ་བརྟན་པ་གསུམ་ལ་ཆེར་གོམས་པས། །མཚན་རྟོག་སྡོམ་པ་ལམ་གནད་བཅུ་པ་ཡིན། །ངེས་འབྱུང་ནས་བརྩམ་མཚན་རྟོག་སྡོམ་པའི་བར། །བཅུ་པོ་འདི་ཡོད་ཡང་དག་ལམ་ཡིན་ཏེ། །དེ་ལས་གཅིག་ཙམ་ཉམས་པར་གྱུར་ན་ཡང་། །ཡང་དག་ལམ་དུ་འགྲོ་བ་ཤིན་ཏུ་དཀའ། །དེ་ཕྱིར་རིམ་པ་དང་པོའི་གནས་སྐབས་ནས། བཅུ་པོ་འདི་ཀུན་གདམ་ངག་གནད་དུ་ཆེ། །དེ་བས་བཤད་པ་བཞིན་དུ་ལག་ལེན་ལ། །ཐེབས་ན་རིམ་པ་གཉིས་པའི་སྐལ་བ་ཡོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་གསལ་བྱེད་དོ། །ད་ནི་བསྐྱེད་རིམ་ལ་འཇུག་པའི་ཚུལ་བསྟན་པ་ལ་ཡང་། དབང་པོའི་རིམ་པ་དང་། སྤང་བྱ་སྤོང་ཚུལ་ལ་ལྟོས་ནས་བསྐྱེད་རྫོགས་རིམ་ཅན་དུ་སློབ་པ་དང་། ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་བསྐྱེད་རྫོགས་ཟུང་འཇུག་ལ་སློབ་པ་དང་། བསྐྱེད་རིམ་ལའང་དག་རྫོགས་སྨིན་གསུམ་གྱི་ངེས་པ་མཐར་ཆགས་སུ་སྦྱར་བ་རིམ་གྱིས་པ་དང་། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་རྫོགས་ཚུལ་དུ་སློབ་པ་སོགས་དུ་མ་ཡོད་དེ། རྒྱུད་ནས་ཀྱང་དེ་ལྟར་བཤད་ལ། སྔོན་གྱི་མཁས་པ་དག་གིས་ཀྱང་དེ་ལྟར་བཀྲལ་བའི་ཕྱིར་རོ། །དེ་ལ་ཕྱོགས་སུ་ཞེན་པས་འདི་ནི་བདེན་གྱི་གཞན་ནི་ཡང་དག་པ་མ་ཡིན་ནོ་ཞེས་དགག་སྒྲུབ་ཀྱིས་རིས་སུ་གཅོད་པར་མི་བྱ་སྟེ། སེམས་ཅན་གྱི་ཁམས་དང་དབང་པོ་ཡང་བསམ་གྱིས་མི་ཁྱབ་ཅིང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་ཡང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གཞན་དུ་ན་གང་ཟག་དབང་པོ་རབ་འབྲིང་ཐ་མའི་ཁྱད་པར་དང་། སྦྱང་བ་སྔོན་དུ་སོང་མ་སོང་གི་བྱེ་བྲག་གིས་ཉམས་སུ་ལེན་པའི་ཚུལ་ནི་འདི་དང་འདི་ལྟ་བུའོ་ཞེས་སོ་སོར་རྣམ་པར་བཞག་པ་ལ་ནི་ཉེས་པ་མེད་ཅིང་། དེ་ལྟར་ཕྱེས་ནས་གང་ཟག་སོ་སོའི་བློ་ཚོད་དང་འཚམས་པར་ཉམས་སུ་བླང་དགོས་པ་ཡང་ཡིན་ནོ། །དེ་བས་ན་སྔགས་ལ་འཇུག་པའི་ལས་དང་པོ་པ་ལྷུན་གྲུབ་རྫོགས་པ་ཆེན་པོའི་དོན་ལ་ཐོག་མ་ནས་སྦྱོར་མི་ནུས་པ་དག་གིས་ནི། སྟོང་པ་ཆེན་པོའི་རྣལ་འབྱོར་དང་། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་དང་། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་རྣམས་རིམ་པ་བཞིན་དུ་གོམས་པར་བྱེད་ཅིང་། དེ་ཡང་བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་རྣམས་བྱ་བ་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའི་སྒོ་ནས་རྒྱུའི་རྡོ་རྗེ་འཛིན་པ་ལས་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་སོགས་རྒྱས་པ་ཆེན་པོའི་བསྐྱེད་རིམ་སྒོང་སྐྱེས་གཙོ་བོར་གྱུར་པའི་བག་ཆགས་སྦྱོང་བའི་ཆོ་ག་དང་། ཁུ་རྡུལ་སེམས་གསུམ་ཚོགས་པ་འབྲས་བུ་དང་བཅས་པ་སྦྱོང་ཞིང་ཡེ་ཤེས་ལྔའི་ངོ་བོར་མངོན་པར་བྱང་ཆུབ་པར་བྱེད་པའམ་རྡོ་རྗེ་གསུམ་དུ་རྫོགས་པར་བྱེད་པའི་རྒྱས་པའི་བསྐྱེད་རིམ་མངལ་སྐྱེས་གཙོ་བོར་གྱུར་པའི་བག་ཆགས་སྦྱོང་བའི་ཆོ་ག་དག་ལ་འདྲིས་པར་སློབ་པ་གནད་ཆེའོ། །དེ་ལས་དབང་པོ་རྣོ་ཞིང་སྤྲོས་པ་ལ་མི་མོས་པའི་གང་ཟག་གིས། རྒྱུའི་ས་བོན་དང་། བསྐྱེད་པའི་རྐྱེན་གྱི་སྔགས་ཙམ་ལས་རྟེན་དང་བརྟེན་པར་བཅས་པ་བསྒོམ་པ་ནི་བསྡུས་པའི་བསྐྱེད་རིམ་དྲོད་གཤེར་སྐྱེས་ཀྱི་བག་ཆགས་གཙོ་བོར་སྦྱོང་བའི་ཆོ་གའོ། །གང་ཟག་ཤིན་ཏུ་དབང་རྣོན་གྱིས་རྒྱུ་རྐྱེན་གྱི་སྔགས་ཙམ་ལ་ཡང་མ་བརྟེན་པར་རིག་པ་བྱང་ཆུབ་སེམས་ཀྱི་རང་གདངས་རྟེན་དང་བརྟེན་པའི་འཁོར་ལོ་རང་གསལ་ལྷུན་གྲུབ་ཏུ་བསྒོམ་པ་ནི་ཤིན་ཏུ་བསྡུས་པའི་བསྐྱེད་རིམ་གཙོ་བོར་རྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བའི་ཆོ་གའོ། །དེ་དག་ཀྱང་རང་བློ་དང་འཚམས་པར་སྦྱོང་བ་ནི་མ་ནོར་བ་ཡིན་ནོ། །ལས་དང་པོ་པའི་གང་ཟག་རིམ་གྱིས་སློབ་པ་ཞིག་གི་རྒྱུད་ཚོད་དང་སྦྱར་ནའང་། དང་པོ་སྦྱང་གཞི་དང་སྦྱོང་བྱེད་ངོ་འཕྲོད་ཅིང་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའི་ལམ་གྱི་གཏིང་ཚུགས་ཕྱིར་རྒྱས་པ་ཆེན་པོའི་བསྐྱེད་རིམ་ལ་སློབ་ཅིང་། དེ་ནས་བློ་གོམས་རིམ་ལ་ལྟོས་ནས་ཕྱི་མ་ཕྱི་མ་ལ་སློབ་དགོས་ཏེ། ཀུན་མཁྱེན་ཆོས་རྗེས། ཁྱད་པར་ལས་དང་པོ་ཡི་སྒོང་སྐྱེས་བཞིན། །ཅུང་ཟད་བརྟན་པས་མངལ་སྐྱེས་བཞིན་བསྒོམ་ལ། །བརྟན་པ་ཆེ་བས་དྲོད་གཤེར་སྐྱེས་བཞིན་བསྒོམ། །ཤིན་ཏུ་གོམས་པ་ཡང་དག་བརྟན་པ་ཡིས། །བརྫུས་སྐྱེས་བཞིན་དུ་སྐད་ཅིག་ཀྲོང་བསྐྱེད་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལས་འདིར་ནི། སྦྱངས་པའི་དབང་རྣོན་ནམ། རང་བཞིན་གྱི་དབང་རྣོན། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་སྣོད་དུ་གྱུར་པའི་གང་ཟག་གི་དབང་དུ་བྱས་ཏེ། ཟབ་གསལ་གཉིས་མེད་ཀྱི་རྫོགས་རིམ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་ཞེས་གྲགས་པའི་ཟུང་འཇུག་གི་རྣལ་འབྱོར་གཙོ་བོར་བསྟན་པ་ཡིན་ཏེ། སེམས་ཉིད་ངལ་བསོར། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་ལ། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་། །དམ་ཚིག་ཡེ་ཤེས་གཉིས་མེད་དགུག་གཞུག་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས། །མ་གྲུབ་པ་ལ་ཡང་འགྲུབ་བྱེད་པ་མིན། །ཅེས་པའི་ཚུལ་ལྟར་རོ། །ཚུལ་འདི་ལྟར་ཉམས་སུ་ལེན་པ་ལ། འདུ་འཛི་དང་རྣམ་གཡེང་ཐམས་ཅད་རྒྱང་བསྲིངས་ཏེ། གྲུབ་པ་ཐོབ་པའི་གང་ཟག་རྣམས་ཀྱིས་བྱིན་གྱིས་རླབས་པའི་གནས། དཔའ་བོ་རྣལ་འབྱོར་མ་རྣམས་རང་བཞིན་གྱིས་འདུ་བའི་ས། དུར་ཁྲོད་དང་ནགས་ཚལ་མཚོ་གླིང་སོགས་གང་ཡང་རུང་བའི་གནས་སུ་གཅིག་པུར་སྒྲུབ་དགོས་ཏེ། ཀུན་མཁྱེན་གྱིས། གང་གིས་སྒྲུབ་པའི་སྐྱེ་བོ་ངེས་འབྱུང་ཅན། །ལུས་ནི་འདུ་འཛིའི་གྲོང་ལས་རྒྱང་བསྲིངས་ཤིང་། །སེམས་ནི་སྤྲོས་པའི་ཚོགས་ལས་རིང་དུ་བསྲིངས། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །དད་ལྡན་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ལ། །བག་ཡོད་ཚུལ་ཁྲིམས་དག་ཅིང་དགེ་ལ་སྤྲོ། །མང་ཐོས་འདོད་པ་ཆུང་ཞིང་ཆོག་ཤེས་ལྡན། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །ལུས་སེམས་བསྡམས་ཤིང་དབེན་པའི་གནས་ལ་དགའ། །གཉིད་དང་སྙོམ་ལས་སྨྲ་ལ་དགའ་བ་སྤང་། །རྒོད་འགྱོད་མེད་ཅིང་གཞན་དང་འདྲིས་པ་ཉུང་། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །གྲོང་དང་གྲོང་འདབས་སྐྱེ་བོའི་འདུ་འཛི་མེད། །གནས་དང་དགོན་པར་མང་པོ་བརྟེན་འདྲིས་མེད། །དོན་དང་བྱ་བ་སྣ་ཚོགས་དྲེལ་བ་མེད། །དེ་ཡིས་ཏིང་འཛིན་འདི་ནི་མྱུར་དུ་འགྲུབ། །ཚེ་འདིའི་བདེ་དང་ཕྱི་མའི་བདེ་འབྲས་དང་། །རང་དོན་ཞི་བ་གཉེར་མིན་འགྲོ་བའི་ཕྱིར། །སྲིད་ལས་ཐར་འདོད་ངེས་འབྱུང་སྐྱོ་ཤས་ཅན། །དེ་ཡིས་ཏིང་འཛིན་མཆོག་འདི་མྱུར་དུ་འགྲུབ། །ཅེས་པ་ལྟར་རོ། །དེ་ལྟར་ཏིང་འཛིན་རྒྱུད་ལ་བསྐྱེད་པའི་རྒྱུ་རྐྱེན་ཚོགས་ན། བསྙེན་པ་རྐྱང་པའི་སྐབས་སུ་དཀྱིལ་འཁོར་མི་དགོས་ཀྱང་། བསྙེན་སྒྲུབ་སྤེལ་མ་བྱེད་ན་དཀྱིལ་འཁོར་སོགས་སྒྲུབ་པའི་ཡོ་བྱད་རྣམས་འདུ་བྱས་ལ། དམ་ཚིག་གི་རྟེན་སྐུ་གཟུགས་ཀྱང་བཀྲམ། སྨན་རཀ་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་སོགས་ནང་གསང་གི་མཆོད་པའི་རྫས་དང་། ཆུ་གཉིས་ཉེར་སྤྱོད་སོགས་ཕྱི་མཆོད་ཀྱི་རྫས། རྡོ་རྗེ་དྲིལ་བུ་ཐོད་རྔ་སོགས་དམ་ཚིག་གི་རྫས་འདི་དག་སྔོན་རྡོ་རྗེ་འཆང་དང་གྲུབ་པའི་རིག་འཛིན་ཕོ་མོ་རྣམས་ཀྱིས་མཆོག་ཐུན་གྱི་དངོས་གྲུབ་གྲུབ་པའི་རྫས་སུ་བྱིན་གྱིས་བརླབས་པ་དང་། ཕྱི་ནང་གི་གནས་ཡུལ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་འདུ་བར་བྱེད་པའི་ལོངས་སྤྱོད་ཁྱད་པར་ཅན་ཡིན་པའི་ཕྱིར། དངོས་གཙང་ཞིང་གྱ་ནོམས་པ་ཅི་འབྱོར་དུ་བཤམས། དེ་ནས་བདེ་བའི་སྟན་ལ་ལུས་སེམས་བག་ཕབས་ཏེ། རང་ཉིད་གཞི་དུས་ཀྱི་གསང་བ་འདུས་པའི་ལྷར་གསལ་བའི་སྙིང་གའི་སྲོག་མི་ཤིགས་པའི་ཐིག་ལེ་ཉིད་སྔར་དབང་དུས་དམ་ཚིག་གི་ཆུ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་པ་དང་དབྱེར་མེད་དུ་བྱས་ནས་བྱིན་འབེབས་ཀྱི་དམ་ཡེ་གཉིས་སུ་མེད་པར་བརྟན་པར་བགྱིས་པ་དེ་ཉིད་འདིར་ཧཱུྃཿཡིག་གི་ངོ་བོར་བསྒོམ་པ་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པར་བྱུང་བས་འོག་མིན་མཐའ་དབུས་བྲལ་བའི་ཞིང་ཁམས་ན་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངོ་བོར་བཞུགས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། དམ་ཚིག་དང་ཐུགས་རྗེའི་དབང་གིས་གཟུགས་སྐུ་ཡེ་ཤེས་ཀྱི་འཁོར་ལོར་ལམ་གྱིས་བཞེངས་ནས་རྡོ་རྗེ་ཐེག་པའི་སར་ཆུད་པའི་རིག་པ་འཛིན་པའི་ཚོགས་ཞིང་གི་རྡུལ་སྙེད་དང་བཅས་པས་བསྐོར་ཏེ་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་བཞིན་བཞུགས་པའི་སྤྱན་སྔར། སྔོན་བདག་ཅག་གི་སྟོན་པས་སློབ་པ་ལམ་གྱི་གནས་སྐབས་ན། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་སུ་བཟུང་ནས། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གྲངས་མེད་གསུམ་དུ་རྫོགས་པར་མཛད་པ་དང་ཆོས་མཐུན་པར། བསྟན་པ་སྤྱིའི་དཀོན་མཆོག་གསུམ་རྒྱུད་སྡེ་སོ་སོའི་དཀོན་མཆོག་གསུམ་དུ་འདུས་པའི་ཚུལ་ཤེས་པས་སྐྱབས་སུ་འགྲོ་བ་དང་། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱིར། ཐོབ་པར་བྱ་བ་སངས་རྒྱས་རྡོ་རྗེ་འཆང་གི་གོ་འཕང་། དུས་ཀྱི་ཁྱད་པར་ཚེ་གཅིག་ལ། ཐབས་ཀྱི་ཁྱད་པར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་མངོན་དུ་བྱའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བསོད་ནམས་མཐའ་ཡས་པ་སྡུད་པའི་ཏིང་ངེ་འཛིན་བདེན་གཉིས་ཟབ་མོའི་དོན་ལས་མི་འདའ་བའི་སྒོ་ནས་ཡན་ལག་བདུན་པས་ཚོགས་བསགས་པ་རྣམས་བྱའོ། །དེ་ནས་སྔོན་སྟོན་པས་མངོན་པར་རྫོགས་པར་འཚང་རྒྱ་བའི་སྔ་ལོགས་སུ་ཏུ་སྲོད་ལ་བདུད་ཀྱི་དཔུང་བཅོམ་པ་དང་ཚུལ་མཐུན་པར། འདིར་ཡང་ཕྱི་ནང་གི་བར་ཆད་གཞོམ་པའི་དོན་དུ་བགེགས་བསྐྲད་པ་དང་། མཚམས་གཅོད་པ་རྣམས་གཞུང་ནས་འབྱུང་བ་བཞིན་བྱའོ། །དེ་ལ་ཧཱུྃ་ཞེས་སྨོས་པ་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བདག་ཉིད་གཉིས་སྣང་རུ་ཏྲའི་སྡེ་ཚོགས་བརླག་པར་བྱེད་པ་ཆོས་ཉིད་ངང་གིས་ཁྲོས་པའི་དཔལ་ཆེན་པོའི་ང་རྒྱལ་བསྐྱེད་པའོ། །མ་རིག་པ་ནི་སྲིད་པའི་རྩ་བ་སྟེ། དངོས་པོའི་གནས་ལུགས་མི་ཤེས་པའི་རྨོངས་པ་ཡིན་ལ་འཁྲུལ་བ་ནི་བདག་གཞན་དང་འཁོར་འདས་ཐ་དད་དུ་སྣང་བའོ། །དེ་ལས་བྱུང་བའི་འདྲེ་ནི་གཉིས་སུ་འཛིན་པའི་བདེན་ཞེན་ཏེ། དེས་བསྐྱེད་པའི་མ་དག་སྣང་བའི་བག་ཆགས་སྣ་ཚོགས་སུ་ཨ་འཐས་པ་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཀླུང་ལ་རྣག་ཁྲག་དུ་མཐོང་བ་བཞིན་སྣང་སྲིད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་ལ་སྒྲིབ་པའི་བགེགས་ཆེན་པོའོ། །དེ་ཇི་ལྟར་བསྐྲད་པ་ནི་འཁོར་འདས་གཉིས་སུ་སྣང་ཡང་རང་བཞིན་གཅིག་པར་ཤེས་པས་དགག་སྒྲུབ་ཀྱི་ཞེན་ཆགས་དང་བྲལ་བའི་གཏོར་མ་དང་དུ་ལོངས་ལ། མྱང་འདས་གྲུབ་པའི་རེ་བ་དང་། འཁོར་བ་མི་སྤོང་བའི་དོགས་པ་གཉིས་སུ་འཛིན་པའི་རྣམ་རྟོག་གི་རྐུན་བུ་རིག་པའི་ཡེ་ཤེས་ཀྱི་ཀློང་དུ་སྡོད་པའི་གནས་མེད་པས་གཞི་མེད་རྩ་བྲལ་གྱི་ངང་དུ་ཕྱིར་དེངས་ཤིག་པའོ། ཕྱིན་ཆད་ཆོས་ཉིད་མཉམ་པ་ཆེན་པོའི་བཀའ་ལས་ཏེ། དེའི་ངང་ལས་འདའ་བར་མ་བྱེད་ཅིག་ཅེས་གཉིས་སྣང་གི་རྟོག་པ་བཅོམ་པ་ནི་བགེགས་སྐྲོད་པའོ། །ཨོཾ་ཨཱཿཧཱུྃཿབཛྲ་གུ་རུ་སོགས་ནི། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་བླ་མ་མཁའ་འགྲོ་ཡི་དམ་དཔའ་བོའི་ཚོགས་ཀྱིས་ཕྱི་ནང་གི་རུ་ཏྲའི་སྡེ་བརླག་པར་གྱིས་ཤིག་ཅེས་པའོ། །མཚམས་གཅོད་པ་ལ། ཧཱུྃ་ཞེས་པ་སྣང་སྲིད་ཡེ་ཤེས་ཀྱི་འཁོར་ལོར་རྒྱས་འདེབས་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །དེ་ཡང་ཇི་ལྟར་ན་ཕྱི་རོལ་ལྟར་སྣང་བའི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་དུ་གདོད་མ་ནས་རྣམ་པར་དག་པ་ཡིན་མོད་ཀྱང་། བློ་བུར་གཉིས་སྣང་གི་དྲི་མས་མ་དག་པའི་སྣོད་དུ་སྣང་བའི་འཁྲུལ་བའི་རྒྱུན་རིང་མོ་ཞིག་ནས་བྱུང་བའི་མཚམས་དེང་རིག་པ་ཡེ་ཤེས་ཀྱི་རྡོ་རྗེའི་ར་བས་གཅད་པར་བྱའོ། །དེ་བཞིན་དུ་ནང་བཅུད་སྐྱེ་འགྲོར་སྣང་བ་ཐམས་ཅད་ཐབས་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ལྷ་དང་ལྷ་མོའི་ངང་དུ་ཡེ་ནས་དག་ཀྱང་། བདག་ཏུ་རྟོག་པའི་དབང་ལས་དུག་ལྔའི་རང་གཟུགས་སྐྱེས་པ་དང་བུད་མེད་ཀྱི་རྣམ་པར་སྣང་བ་ཐམས་ཅད་བཙན་དུག་གི་ནུས་པ་འཇའ་ཚོན་དུ་ཤར་བ་ལྟར་རང་གྲོལ་བདེ་བ་ཆེན་པོར་གནས་བསྒྱུར་བའི་ཡེ་ཤེས་ལྔ་ཡི་མེ་དཔུང་ཆེན་པོས་མཚམས་གཅད་པར་བྱའོ། །འཁོར་བ་ཉིད་མྱང་འདས་ཀྱི་རང་བཞིན་ཡིན་པ་ལས། དེ་ལྟར་མ་རྟོགས་པའི་དབང་གིས་མྱང་འདས་ཐོབ་པའི་རེ་བ་དང་། འཁོར་བར་འཁྱམས་པའི་དོགས་པས་སྤང་བླང་གཉིས་སུ་འཛིན་པའི་ཞེན་པ་ནི་འཁོར་བར་འཆིང་བའི་རྒྱུན་ཐག་ཡིན་ལ། སྡུག་བསྔལ་གྱི་བདེན་པ་ཉིད་འགོག་པའི་བདེན་པར་ཤེས་པས་བླང་དོར་དང་བྲལ་བར་གནས་པ་ནི་བྲལ་ཐོབ་གཉིས་སུ་འཛིན་པའི་མཚམས་གཅོད་པར་བྱེད་པའོ། །དགེ་བ་རྣམ་པར་བྱང་བའི་ཆོས་དང་། སྡིག་པ་ཀུན་ནས་ཉོན་མོངས་པའི་ཆོས་ཐ་དད་དུ་འཛིན་ནས་འདོར་ལེན་དུ་བྱེད་པ་ནི་ཐབས་ལ་རྨོངས་པའི་ལྕགས་སྒྲོག་ཡིན་ལ། ཉོན་མོངས་ཉིད་ཡེ་ཤེས་སུ་འཁྱེར་བའི་ཐབས་མཁས་ཀྱིས་ཀུན་འབྱུང་ལམ་བདེན་དུ་ཤར་བ་ནི་འཆིང་བའི་ལྕགས་སྒྲོག་འགྲོལ་བའི་ལྡེ་མིག་ཡིན་པས་སྤང་གཉེན་གཉིས་སུ་འཛིན་པའི་མཚམས་གཅོད་པ་ཡིན་ནོ། །དེ་ལྟར་བགེགས་སྐྲོད་པ་དང་མཚམས་གཅོད་པ་འདི་དག་གིས་སྣང་སྲིད་དག་མཉམ་ཆེན་པོར་གཏན་ལ་འབེབས་པའི་ལྟ་བ་དང་། བདེན་བཞི་ལ་འཇུག་ལྡོག་བྱེད་ཚུལ་གྱི་སྒོ་ནས་རྒྱུ་འབྲས་ཀྱི་ཐེག་པའི་ཁྱད་པར་དང་། ཐ་མལ་གྱི་མཚན་རྟོག་སྡོམ་པའི་སྔགས་ཀྱི་ལམ་གནད་ཐུན་མོང་མ་ཡིན་པ་དུ་མ་ཞིག་སྟོན་ཏོ། །སྔགས་དོན་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོར་སྲུངས་ཤིག་ཅེས་པའོ། །རཀྵ་གཉིས་བརྗོད་པ་ནི་དོན་ཆེན་པོ་དང་ལྡན་པས་བསྐྱར་བའམ། འདིར་བསྐྱེད་རྫོགས་ཟུང་འཇུག་ཏུ་སྟོན་པའི་སྐབས་ཡིན་པས། ཐ་མལ་གྱི་མཚན་རྟོག་དང་། གྱ་ནོམས་ལྷར་ཞེན་གྱི་རྟོག་པ་གཉིས་ལས་སྲུང་བའི་དོན་དུའང་སྦྱར་རུང་ངོ་། །ཧཱུྃ་དང་ཕཊཿནི་དྲག་པོའི་ང་རོ་སྟེ། རྡོ་རྗེ་རྔམས་པའི་སྒྲས་མཚན་རྟོག་ཟིལ་གྱིས་གནོན་པར་བྱེད་པའོ། །དེའི་རྗེས་སུ་དངོས་གྲུབ་བསྒྲུབ་པའི་ནང་གི་འགལ་རྐྱེན་སེལ་བ་དང་། སྡིག་ལྟུང་དང་ཉམས་ཆགས་སྦྱོང་བའི་ཐབས་ཁྱད་པར་ཅན་ནང་གི་ཁྲུས་ལུང་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་འཇུག་པ་གལ་ཆེ་སྟེ། མན་ངག་སྙེ་མ་ལས། །སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་བ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་རླབས་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་བསྐྱེད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་པས། བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་འདྲེལ་བར་བདུད་རྩི་འབེབས་སྦྱོངས་ཀྱི་དམིགས་གནད་དང་ལྡན་པས་སྒྲིབ་པ་འཁྲུད་པ་དང་ནུས་པ་འཇོག་པའི་དབང་བཞི་ལེན་ཅིང་རྩ་ལྟུང་བཅུ་བཞིའི་བཤགས་པ་དང་། དམ་བཅའ་ཉི་ཤུ་པ་སོགས་ལེགས་པར་བྱའོ། །འདི་ནི་སྔགས་ཀྱི་གསོ་སྦྱོང་དུ་ཡང་འགྱུར་ཞིང་ཐུན་མཚམས་ཀྱི་བྱ་བ་ཡིན་པས་ཆོ་ག་སྤྱིའི་འགྲོས་དང་སྦྱར་ནས་འདིར་བྱེད་པ་ཉིད་ལེགས་སོ། །དེ་ནས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་འབྲས་བུའི་དབང་བསྐུར་ཆེན་པོ་བྱིན་ནས་སྤྱོད་ཡུལ་མཐུན་པར་བྱིན་གྱིས་བརླབས་པ་དང་། སྣོད་ཀྱི་ཞིང་སྦྱོང་བ། བཅུད་ཀྱི་གདུལ་བྱ་སྨིན་པ་དང་། སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པ་མཐར་ཕྱིན་པས་ལོངས་སྤྱོད་ཆེན་པོའི་དཀྱིལ་འཁོར་བྱུང་བ་རྣམས་དང་ཆོས་མཐུན་པར་སྐུ་གསུང་ཐུགས་ཀྱི་བྱིན་དབབ་པས་བདག་གནས་ཡོ་བྱད་རྣམས་སྤྱིར་བྱིན་གྱིས་བརླབས་པ་དང་། བྱེ་བྲག་ཕྱི་ནང་གི་མཆོད་ཚོགས་བྱིན་གྱིས་རླབས་པ་རྣམས་ཀྱང་ཇི་ལྟར་རིགས་པར་བྱའོ། །སྐྱབས་སེམས་ཚོགས་བསགས་རྡོར་སེམས་སྒོམ་བཟླས། བྱིན་འབེབ་མཆོད་རྫས་བྱིན་རླབས་རྣམས་ལས་བྱང་གི་དཀྱུས་འདིར་མ་བྱུང་ཡང་ངེས་པར་དགོས་པའི་ཆོ་གའི་ཡན་ལག་ཡིན་ནོ། །དེ་ཡན་ཆད་ནི་སྔོན་འགྲོའི་ཆོས་སོ། །ད་ནི་དངོས་གཞི་ལ་འཇུག་པར་བྱེད་པའི་ཚུལ་ནི། གང་ཟག་གི་དབང་པོའི་ཁྱད་པར་གྱིས་ཕལ་ཆེར་ནི་ཐོག་མར་བསྐྱེད་རིམ་ཁོ་ན་ལ་ཞུགས་ནས་དེ་བརྟན་པ་ན་རྫོགས་རིམ་ལ་སློབ་དགོས་ཏེ། ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པ་ལྟར་ཡིན་ནོ། །གང་ཟག་དབང་རྣོན་གྱིས་ནི་གཅིག་ཆར་དུ་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ལ་སློབ་སྟེ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་གྲོལ་བའི་ཐིག་ལེ་ལས། དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་གྲོལ་བར་ངེས། །རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །རྟོག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བས། །ཡང་དག་གསལ་བ་ཞེས་བྱའོ། །ཞེས་སོ། །དེ་ལས་འདིར་ནི་ཕྱོགས་ཕྱི་མ་ལྟར་སྒྱུ་མ་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ལུས་དང་། དོ་ཁོ་ན་ཉིད་ལ་ཞུགས་པའི་ཐུགས་གཉིས་དབྱེར་མེད་དུ་སྦྱོར་བའི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པ་ཆེན་པོའི་རྣལ་འབྱོར་གཙོ་བོར་སྟོན་ཏོ། །དེ་ཡང་ཀུན་མཁྱེན་གྱིས། བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོག་པ་སྟེ། །རྫོགས་རིམ་སྒྱུ་མར་ཞེན་པའི་རྟོགས་པ་སྤངས། །གང་ལ་སྣང་སྟོང་བདེན་ཞེན་མེད་པ་ན། །བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །འདི་ནི་མཐར་ཐུག་རྡོ་རྗེའི་ཐེག་པ་སྟེ། །དབང་པོ་རྣོན་པོ་ཚེ་འདིར་རྫོགས་འཚང་རྒྱ། །ཞེས་གསུངས་པ་དང་མཐུན་ནོ། །དེ་ནས་དབང་གི་དུས་སུ་བླ་མའི་བྱིན་རླབས་དང་། རང་གི་མོས་གུས་ཀྱི་སྟོབས་ལ་བརྟེན་ནས་ཉམས་ཞེན་གྱི་སྤུ་རིས་དང་བྲལ་བའི་རིག་སྟོང་ཟང་ཐལ་རྗེན་པ་མངོན་སུམ་དུ་ངོ་འཕྲོད་པའི་གང་ཟག་གིས་བསྐྱེད་རྫོགས་ཟུང་འཇུག་འཆར་ཐུབ་པས་འདི་ལྟར། ཧཱུྃཿ ཁྲེགས་ཆོད་ཀ་དག་ནམ་མཁའི་ཀློང༵ཿ འགྱུ་བ་མི་དམིགས་རྒྱ་གྲམ་རླུངཿ ཞེས་སོགས་སྨོས་ཏེ། དུས་གསུམ་གྱི་རྟོག་པ་ཐད་ཀར་ཆོད་པའི་བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས་འཁོར་འདས་ཀྱི་ཐ་སྙད་དང་བྲལ་བའི་ཀ་དག་ཆེན་པོ་སྟོང་གསལ་གོ་འབྱེད་པ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་མཁའ་ཀློང་དུ། གཉིས་སྣང་གི་འགྱུ་བ་ཕྲ་མོའང་མི་དམིགས་པའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་མཚན་འཛིན་གྱི་རྟོག་པ་འཇུག་པའི་སྐབས་མི་རྙེད་པའི་རྟེན་རིག་པ་དབྱིངས་སུ་བསྐྱོད་པའི་ཡེ་ཤེས་ཀྱི་རླུང་ཁ་དོག་ལྔ་བ་རྒྱ་གྲམ་གྱི་རྣམ་པར་སྣང་བ་དམ་ཚིག་སྒྲོལ་མའི་ངོ་བོར་གནས་པའི་གཞི་ལ། རྣམ་དག་དབྱིངས་ཀྱི་རྒྱ་མཚོ་ཡོན་ཏན་ཐམས་ཅད་སྡུད་པའི་ལས་ཅན་མ་མཱ་ཀིའི་རང་བཞིན་ཆུའི་དཀྱིལ་འཁོར་ཆེན་པོ་འཁྱིལ་བའི་དབུས་སུ། འབྲས་བུའི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་རང་བཞིན་གསལ་བའི་ཡེ་ཤེས་རེ་ཁ་ལྔ་པའི་ཐིག་ལེ་དང་ཐིག་ཕྲན་ས་ཁམས་རྣམ་པར་དག་པ་སངས་རྒྱས་སྤྱན་མའི་རང་བཞིན་གཉིས་སྣང་འཁོར་བའི་ཞེན་ཆགས་དང་བྲལ་བས་ཀེང་རུས་ཀྱི་རི་རབ་ཆེན་པོའི་ཁོར་ཡུག་ཏུ། མཚན་མའི་ཚང་ཚིང་ཐམས་ཅད་སྲེག་པར་བྱེད་པའི་མེ་ཁམས་གོས་དཀར་མོའི་རང་བཞིན་རྩིབས་ཤར་ཐད་དུ་ཡོད་པ་དང་། གྱེན་འགྲེང་དྲང་པོར་ཟུག་པ་དང་གུར་ཁྱིམ་ཟླུམ་པོར་འཁྱིལ་བ་སོགས་སྣ་ཚོགས་པའི་དབྱིབས་སུ་ཡོད་པའི་མེ་དཔུང་ཆེན་པོ་མདའ་མདུང་རྡོ་རྗེའི་ཚྭ་ཚྭ་ཕྱོགས་བཅུར་འཕྲོ་བ་འཇིག་དུས་ཀྱི་མེ་བཞིན་དུ་འབར་བའོ། །དེ་ལྟར་རྟེན་དབང་ཆེན་གྱི་དཀྱིལ་འཁོར་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་དབུས་སུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རང་གདངས་ཡེ་ཤེས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་། དབྱིངས་རིག་འདུ་འབྲལ་མེད་པའི་རྟགས་སུ་ཀ་གདུང་རྣམས་ལ་རྒྱན་གྱི་རྣམ་པ་དུ་མས་མཛེས་པ། ཡེ་ཤེས་ཀྱི་རང་འོད་རེ་ལྡེའི་རི་མོ་བཞིན་ཕན་ཚུན་འདྲེས་པའི་རྣམ་པ་ལ་ཉ་མིག་ལྟ་བུའི་ཐིག་ལེ་ཕྲ་མོའི་ཕྲ་ཚོམ་གྱིས་མཛེས་པའི་ཟ་ར་ཚགས་དང་ཆུན་འཕྱངས་སོགས་དཔྱང་བ། ལམ་སྣང་བ་བཞིའི་སྒོ་ནས་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པའི་རྟགས་སུ་སྒོ་བཞི། ཡེ་ཤེས་བཞི་དང་ལྡན་པའི་གྲུ་ཆད། ཐེག་པ་བརྒྱད་དང་རྣམ་ཐར་བརྒྱད་མཚོན་པའི་རྒྱུ་འབྲས་ཀྱི་རྟ་བབས་དང་ལྡན་པ། དེ་དག་ཐམས་ཅད་ཀྱང་དབྱིངས་རིག་དབྱེར་མེད་ཀྱི་རོལ་པ་ལས་ཤར་བ་ཙམ་ལས། དངོས་མཚན་བདེན་ཞེན་གྱི་ཆགས་པ་རྡུལ་ཙམ་ཡང་མེད་པས་སྣ་ཚོགས་པའི་པདྨ་འདབ་མ་མཐའ་ཡས་པའི་གེ་སར་གྱི་ལྟེ་བ་ལ་རྫོགས་པ། དེའི་ཕྱི་རོལ་དུ་རྣམ་པར་ཤེས་པའི་ཚོགས་བརྒྱད་རང་ཡུལ་ལ་ཞེན་པ་མེད་པའི་རྟགས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངང་ལས་གཞན་དུ་འགྱུར་བ་མེད་པའི་བརྡར་རྡོ་རྗེའི་ར་བ་ཆེན་པོས་འཁོར་བ་ལ་རང་རྩལ་ཡེ་ཤེས་ཀྱི་སྣང་བ་འགག་མེད་དུ་འཆར་བས་ཐ་མལ་གྱི་རྟོག་པ་སྲེག་པར་བྱེད་པའི་འོད་ཁ་དོག་ལྔའི་རང་བཞིན་ཤིན་ཏུ་གསལ་ཞིང་རྣམ་པར་དག་པའི་ཡེ་ཤེས་ཀྱི་མེ་དཔུང་འཕྲོ་བའོ། །ཕོ་བྲང་གི་དབུས་ཕྱུར་བུར་ཡོད་པའི་སྟེང་དུ་རིན་པོ་ཆེའི་རྒྱ་ཕིབས་ནམ་མཁའི་མཐའ་ལ་སྙེགས་པ་ལྟ་བུའི་རྩེར་རིག་པའི་ཡེ་ཤེས་གཉིས་སྣང་གི་ཡུལ་ལས་འདས་པའི་བརྡར་ཐུགས་རྗེ་ཆེན་པོའི་གདུགས་ཡིད་བཞིན་རིན་པོ་ཆེ་འབར་བའི་ཏོག་གིས་སྤྲས་པས་མཚན་པ་ཅན་གྱི་ཆོས་ཀྱི་འཁོར་ལོ་བཅུ་གསུམ་དེ་བཞིན་གཤེགས་པའི་གཙུག་ཏོར་བཞིན་ཚད་ལྟར་མི་མངོན་པའི་ཏོག་གིས་མཛེས་པར་བརྒྱན་པའོ། །སྔགས་དོན་ནི། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་འཁོར་ལོ་དཀྱིལ་ཆེན་པོར་སྣང་བའོ། །ཞེས་པའི་དོན་ཏོ། །དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི། ཧཱུྃཿཞེས་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལས། གདོད་ནས་དག་པའི་ཕོ་བྲང་གི་དབུས་སུ་སྐྱེ་མེད་པདྨའི་གདན་ལ་འཁོར་འདས་ཀྱི་མཐར་མི་གནས་པའི་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། རིག་པའི་ཡེ་ཤེས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་ཡིག་གིས་མཚན་པ་ཅན་སྤྲོ་བསྡུའི་རྣམ་པས་ཡོངས་སུ་གྱུར་པ་ལས། རྒྱལ་བ་ཐམས་ཅད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་གཅིག་ཏུ་འདུས་པའི་བདག་པོ་རྡོ་རྗེ་འཛིན་པ་པདྨ་འབྱུང་གནས་སྐུ་མདོག་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་འཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་ཞབས་གཡས་ཅུང་ཟད་བསྐུམ་ཞིང་གཡོན་བརྐྱང་བའི་འདོར་ཐབས་སུ་འགྱིང་སྟེ་བཞེངས་པའི་སྐུ་ལ་རུས་པའི་འཁོར་ལོ་དང་། མགུལ་ཆུན་དང་། རྣ་ཆ་དང་། གདུ་བུ་དང་། སྐ་རགས་དང་། སེ་རལ་ཁ་ལ་ཐལ་ཆེན་གྱི་ཚོམ་བུ་བཀོད་པ་དང་བཅས་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྤྱན་གསུམ་མངའ་བ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་སྟེ་ལྷག་མཐོང་གི་ཉམས་ལྔ་དང་། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ་ཞི་གནས་ཀྱི་ཉམས་བཞི་སྟེ་ཚུལ་དགུ་དང་ལྡན་པ་སྟོང་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཆེན་མོ་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕོ་ཉར་སྣང་བ་ལྷན་སྐྱེས་ཀྱི་མཚོ་རྒྱལ་མ་དཀར་མོ་གྲི་ཐོད་འཛིན་པ་དང་འཁྲིལ་སྦྱོར་དུ་རོལ་བ་ལས་ཡས་བབས་ཀྱི་དགའ་བ་བཅུ་དྲུག་གི་ཐ་མ་ལས་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་གཉུག་མ་ལྷན་གཅིག་སྐྱེས་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ལོངས་སྤྱོད་ཆེན་པོར་ཡོངས་སུ་རྫོགས་པའི་ཉམས་བརྒྱ་ཕྲག་དུ་མར་འབར་བའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གསལ་ལོ། །དེ་ལྟར་གསལ་བའི་འཁོར་ལོ་ལྔའི་གནས་སུ་རིམ་བཞིན་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ཡང་སྤྲུལ། ཉིང་སྤྲུལ་གྱི་རྣམ་པ་ཅན་གྱི་ལྷ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་རང་གི་རྩ་བའི་བླ་མ་རྣམས་ཡུམ་དང་བཅས་པ་གསལ་གདབ་སྟེ། དེ་དག་གི་རྣམ་འགྱུར་དང་ཆ་ལུགས་ནི་ཕལ་ཆེར་གཞུང་ལས་གསལ་བ་ལྟར་ལ། རྩ་བའི་བླ་མ་ཡང་ཨོ་རྒྱན་སྤྲུལ་སྐུ་ཧེ་རུ་ཀའི་ཆ་བྱད་ཅན་ཡིན་པར་མངོན་ཞིང་ཕྱག་མཚན་ལ་གསལ་ཁ་མི་འདུག་ཀྱང་རྡོ་རྗེ་དང་བྷན་ངྷའམ། ཐོད་རྔ་དང་དྲིལ་བུ་བསྣམས་པ་གང་བྱས་ཀྱང་འགལ་བ་མེད་པ་འདྲ། དེ་དག་གི་འཁོར་ཡང་ཆོས་སྐུ་ལ་རྒྱལ་བ་དགོངས་བརྒྱུད། ལོངས་སྐུ་ལ་སེམས་དཔའ་རིག་བརྒྱུད་སྤྲུལ་སྐུ་ལ་རྣལ་འབྱོར་རྣ་བར་བརྒྱུད་པ་ནས་བརྩམས་སྟེ་རྩ་བའི་བླ་མའི་བར་དུ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྲིན་ཕུང་འཁྲིགས་པ་ལྟར་བསྒོམ་ཞིང་སྤྲུལ་སྐུའི་འཁོར་ཐམས་ཅད་ཧེ་རུ་ཀའི་ཆས་ཅན་བདེ་བ་ཆེན་པོའི་གར་སྟབས་ཅིར་ཡང་བསྒྱུར་བའོ། །དེ་དག་ཀྱང་ཤེལ་བུམ་གྱི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་བརྒྱུས་པ་ལྟར་ཕྱི་ནང་ཟང་ཐལ་དུ་གསལ་ཞིང་ཐོགས་རེག་དང་དངོས་པོའི་སྣང་ཞེན་བྲལ་བ་དོག་པའི་རྣམ་པ་མེད་པར་ཡངས་ཆ་དང་བཅས་པར་བཞུགས་པའོ། །སྐབས་འདིར་རྩ་བའི་བླ་མ་གསང་བར་བསྒོམ་རུང་མིན་ཟེར་བ་ནི། སྤྱིར་སྔགས་ཀྱི་ལྟ་བ་སྣང་སྲིད་དག་མཉམ་ཆེན་པོར་གཏན་ལ་འབེབས་པའི་དོན་ལ་བློ་མ་ཕྱོགས་པ་དང་། ཁྱད་པར་འདིར་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གནས་ཡུལ་གྱི་བཀོད་པ་རྫོགས་པའི་དཀྱིལ་འཁོར་དུ། ཕུང་ལྔ་དུག་ལྔ་རྣམ་ཤེས་ཀྱི་ཚོགས་དང་བཅས་པ་རྣམས། སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོར་སྦྱོང་བའི་ཕྱིར་བླ་མ་གསང་བ་འདུས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཕྱག་རྒྱ་ཕྱི་ལྟར་བླ་མའི་རྣལ་འབྱོར། ནང་ལྟར་བསྐྱེད་རིམ་གྱི་ཕྲ་མོའི་ལྷ་སྐུ། གསང་བ་ལྟར་རྫོགས་རིམ་སྒྱུ་མའི་ལྷ་སྐུ། ཡང་གསང་ལྟར་ཟུང་འཇུག་ཆེན་པོའི་ལྷར་ཤར་བའི་རྣལ་འབྱོར་ལ་ངེས་པ་མ་རྙེད་པའི་ཀུ་ཅོ་འདོན་པ་ཡིན་ཏེ། ལྟ་བའི་ཀློང་བཤགས་ལས། ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །གཙང་དང་དམེ་བར་ལྟ་བ་ཐང་རེ་ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཞེས་དང་། ཡུམ་གྱི་མཁའ་ལ་མཐོ་དམན་མེད་པ་ལ། །སྟེང་དང་འོག་ཏུ་ལྟ་བ་ཐང་རེ་ཆད། །མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཞེས་གསུངས་པ་ལྟར་སྙིང་རྗེའི་ཡུལ་དུ་གྱུར་པའོ། །གཙོ་བོའི་ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་ལ་རྟ་མགྲིན་རིགས་བཞི་ཕག་མོ་ཡུམ་བཞི་དང་སྦྱོར་བ་དུར་ཁྲོད་རོལ་བའི་ཆས་ཅན་རང་རྟགས་ཀྱི་ཕྱག་རྒྱ་འབར་བ་ཅན་ནོ། །སྒོ་བཞིར་རིགས་བཞིའི་མཁའ་འགྲོ་ལས་མདོག་ཅན་གྲི་ཐོད་གར་གྱི་ཕྱག་རྒྱ་ཅན་ཏེ་རྩ་བའི་ལྷ་ཡབ་ཡུམ་བཅུ་བཞི་ཡན་ལག་གི་ལྷ་ཡབ་ཡུམ་བཅུ་སྟེ་ཉེར་བཞི་ནི་ཕོ་བྲང་གཙོ་བོའི་ལྷའོ། །གཞན་ཡང་གནས་ཡུལ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རིག་པ་འཛིན་པའི་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་བར་ཁྱམས་དང་ཕྱི་འཁོར་གྱི་པདྨའི་ཟེ་ཕོལ་དུར་ཁྲོད་དང་བཅས་པ་ཁྱབ་ནས་བཞུགས་སོ། །གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་གསལ་བ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་ནས་རང་བཞིན་གྱི་གནས་དང་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་སྤྱན་དྲངས་ནས་དམ་ཡེ་དབྱེར་མེད་དུ་བསྲེས་ཏེ་ཕྱག་དང་མཆོད་པ་བསྟོད་པའི་རིམ་པ་རྣམས་གཞུང་ལས་འབྱུང་བ་བཞིན་བྱའོ། །དེ་ལ་སྤྱན་འདྲེན་དང་བཞུགས་གསོལ་ནི་གདོད་ནས་དམ་ཡེ་དབྱེར་མེད་ཀྱི་ངེས་པ་བརྟན་པོ་ཡོད་ན་ཆེད་དུ་མ་བྱས་ཀྱང་རུང་མོད། འོན་ཀྱང་ལྷ་དང་རང་རྒྱུད་ཐ་དད་དུ་ལྟ་བ་ཡོད་ན་དེ་གཞོམ་པའི་ཆེད་དུ་ཡིན་པས་དམ་ཡེ་དབྱེར་མེད་ཀྱི་ངེས་ཤེས་བརྟན་པོར་བྱེད་པ་གནད་ཀྱི་དོན་ཏོ། །ཕྱག་མཆོད་བསྟོད་པ་གསུམ་ཀ་ཡང་མཆོད་པའི་རྣམ་གྲངས་ཡིན་ལ། མཆོད་པ་བྱེད་པའི་ཚུལ་ལ་ཡང་རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པ་བྱུང་ནས། དེ་དག་གིས་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཆེན་པོ་སྤྲོས་ཏེ་རང་ལ་མཆོད་པས་མཉེས་པར་བྱེད་པ་འཕྲུལ་དགའི་ལྷ་རྣམས་ཀྱིས་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་ལྟ་བུ་དང་། ཕྱོགས་བཅུའི་འཇིག་རྟེན་ན་ཡོད་པའི་འདོད་ཡོན་ཐམས་ཅད་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཕྱི་ནང་གསང་བའི་ལྷ་མོའི་རང་བཞིན་དུ་འཕྲུལ་པ་རྣམས་ཀྱིས་རང་རང་གི་བྱེད་ལས་དང་མཐུན་པའི་སྒོ་ནས་མཆོད་པའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་སྒོ་མཐའ་ཡས་པར་བཀོད་པ་རྣམས་ལ་ཐབས་མཁས་པའི་ཁྱད་པར་གྱིས་མཆོད་པས་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱེད་པ་ལྷ་ལ་ལྷ་རོལ་བ་དཔེར་ན་བུང་བས་མེ་ཏོག་གི་བཅུད་ལ་རོལ་བ་ལྟ་བུ་དང་། གཙོ་བོའི་ཐུགས་ཀ་ནས་རང་གི་རྣམ་སྨིན་གྱི་ཆ་འཛིན་པའི་ཧེ་རུ་ཀ་ཞིག་རྒྱངས་ཀྱིས་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་དེ་ཕྱག་ཚང་བྱེད་པའི་ཚུལ་གྱིས་མཆོད་པའི་སྤྲིན་སྤྲོས་པས་མཉེས་པར་བྱེད་པ་གསུམ་ལས་རང་བློར་གང་འཚམས་བྱེད་པ་ལས་ཁྱད་མེད་ཅིང་། དེ་དག་གང་ཡིན་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཆོད་པ་དང་རོལ་བའི་བྱ་བ་བྱེད་ཅིང་། དོན་དམ་པར་བྱ་བྱེད་ལས་གསུམ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གཅིག་ཏུ་རྟོགས་པས་ཡེ་ཤེས་ལ་ཡེ་ཤེས་ཐིམ་པ་ཆུ་ལ་ཆུ་བཞག་པ་བཞིན་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་འདྲེལ་དུ་རྫོགས་པར་བྱེད་པའོ། །བསྟོད་པའང་དེ་ལྟར་ལས། ཁྱད་པར་དུ་ནམ་མཁའི་དབྱིངས་ལས་བསྟོད་པའི་གླུ་དབྱངས་རང་གྲག་ཏུ་བྱུང་བ་དང་། འཁོར་རྣམས་ཀྱིས་གཙོ་བོ་ལ་བསྟོད་ཅིང་། གཙོ་བོས་འཁོར་རྣམས་ལ་བསྔགས་པ་བརྗོད་པ་དང་། རྡོ་རྗེའི་ལྷ་མོ་རྣམས་ཀྱིས་གྲོགས་དང་སྦྱར་ཏེ་བསྟོད་པའི་ཚུལ་ཇི་ལྟར་བྱས་ཀྱང་འགལ་བ་མེད་དོ། །བསྟོད་པའི་ཚིག་དོན་གཞན་ནི་གོ་སླ་བས་མ་བྲིས་སོ། །དགའ་རབ་རྡོ་རྗེ་ལ་བསྟོད་པར། རྒྱ་མཚོའི་གླིང་ནས་ཡབ་མེད་སྤྲུལ་སྐུར་བལྟམས། །ཞེས་པ་ལ་རྒྱ་མཚོའི་གླིང་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་ན་རྒྱལ་པོ་ཨུ་པ་རཱ་ཛ་དང་། བཙུན་མོ་འོད་ལྡན་མ་གཉིས་ལ་སྲས་མོ་སུ་ངྷརྨ་ཞེས་བྱ་བ་ཞིག་ཡོད་པ་རབ་ཏུ་བྱུང་ནས་དགེ་སློང་མར་གྱུར་པ་རྒྱ་མཚོ་ཞིག་གི་གླིང་དུ་དཀའ་ཐུབ་ལ་བཞུགས་པའི་དུས་སུ་རྨི་ལམ་ན་ཤེལ་གྱི་མི་དཀར་པོ་ཞིག་གིས་རིན་པོ་ཆེའི་བུམ་པ་ཞིག་སྤྱི་བོར་བཞག་པ་རྨིས་ཏེ། དེའི་ཟླ་བ་བཅུ་ན་ཁྱེའུ་ཞིག་བཙས་པ་ལས། ཡུམ་གྱིས་ཕ་མེད་པའི་བུ་ནི་མི་རུང་ངོ་སྙམ་ཏེ་ཐལ་དོང་དུ་སྦས་པ་ལ། མཁའ་འགྲོ་མ་དང་ལྷ་ཀླུ་དུ་མས་མཆོད་པ་བྱེད་པ་མཐོང་ནས་སྤྲུལ་པའི་སྐུ་ཡིན་པར་ཡིད་ཆེས་ཏེ་མཚན་དུ་རོ་ལང་བདེ་བ་གསོལ་ནས་བཤགས་པ་ཕུལ། བསྙེན་བསྐུར་མཛད་དེ་བསྐྱེད་པས་ལོ་བདུན་ན་མཁས་པའི་གྲགས་པ་ཐོབ་སྟེ་སྔགས་དང་མཚན་ཉིད་ཀྱི་པཎྜི་ཏ་ཐམས་ཅད་ཟིལ་གྱིས་མནན། དེའི་ཚེ་ན་རྒྱལ་པོ་དགྱེས་ནས་དགའ་རབ་རྡོ་རྗེ་དང་། མཁས་པ་རྣམས་ཀྱིས་དཔལ་ལྡན་ཤེས་རབ་འོད་དུ་མཚན་གསོལ། དེའི་ཕྱིར་དེ་ལྟར་བཤད་པ་ཡིན་གྱི་རྫུས་སྐྱེས་སུ་འཁྲུལ་བར་མི་བྱའོ། །བསྟོད་པ་ནི་མཆོད་པའི་བྱེ་བྲག་ཡིན་པར་མ་ཟད་བསྐྱེད་རིམ་གྱི་དག་དྲན་དང་ང་རྒྱལ་བརྟན་པའི་གསལ་འདེབས་ཀྱང་ཡིན་པའི་ཕྱིར་དེའི་རྗེས་སུ་ལྷའི་གསལ་སྣང་དང་ང་རྒྱལ་ལ་གཙོ་བོར་བསླབ་པར་བྱའོ། །ང་རྒྱལ་འཛིན་པའང་ང་ལྷ་དེ་ཡིན་ནོ་སྙམ་པའི་ཤེས་པ་ཉི་ཚེ་བ་ཙམ་མིན་པར་གྲུབ་མཐའ་འཁོར་འདས་དབྱེར་མེད་ཀྱི་ངེས་པ་གཏིང་ནས་དྲངས་པའི་ཤུགས་ཀྱིས་གཞི་འབྲས་སྦྲེལ་བའི་དག་དྲན་དང་ང་རྒྱལ་གསལ་སྣང་གསུམ་ལ་རྩེ་གཅིག་ཏུ་དྲིལ་བས་ཐ་མལ་གྱི་རྟོག་པ་རང་ཡལ་དུ་འགྲོ་བ་ཞིག་དགོས། དེ་ཡང་སྡེར་བཟོ་དང་འཇའ་ཚོན་ལྟ་བུའི་བེམ་པོའི་རྣམ་པར་མ་སོང་བར། སྟོབས་བཅུ་མི་འཇིགས་བཞི་སོགས་ཆོས་སྐུའི་ཡོན་ཏན། མཚན་དང་དཔེ་བྱད་ལ་སོགས་གཟུགས་སྐུའི་ཡོན་ཏན། བདེ་སྟོང་རྣམ་པར་མི་རྟོག་པ་སོགས་ཡེ་ཤེས་ཆེན་པོའི་རོ་ཉམས་དང་ལྡན་ཞིང་། དབང་པོའི་མངོན་ཤེས་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཅིར་ཡང་འཆར་བས་སངས་རྒྱས་མངོན་དུ་བྱོན་པ་ལྟ་བུའི་བློ་འཆར་བ་ལ་བསླབ་པར་བྱ་དགོས་སོ། །དེ་ཡང་ལམ་གྱི་དངོས་གཞི་ནི་ལྟ་བ་ཏིང་ངེ་འཛིན་གཉིས་ཁོ་ན་གཙོ་བོ་ཡིན་པས་ཐོག་མ་ཉིད་ནས་བཟླས་པ་དང་ཆོ་ག་བསྐྱར་བ་སོགས་གཙོ་བོར་མི་བྱ་བར་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཁོ་ན་ལ་ཐུན་གྱི་དངོས་གཞི་བྱའོ། །དེ་ལ་བསྐྱེད་རིམ་གྱིས་མཚོན་པའི་ཏིང་ངེ་འཛིན་གང་ལའང་སྐྱོན་བསལ་ཞིང་གསལ་སྣང་འདོན་ལུགས་གཙོ་ཆེ་བས་འདིར་དེ་ཕྱོགས་ཙམ་ཞིག་བརྗོད་པར་བྱའོ། །དེ་ལ་དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །ཅེས་གསུངས་པས། སྒྲིབ་པ་ལྔ་པོ་དེ་དག་ཡོད་ན་ཏིང་ངེ་འཛིན་གང་ཡང་མི་འགྲུབ་པས་དེ་དག་གི་གཉེན་པོར། རྒོད་འགྱོད་གཉིས་ལ་ནི་འདུས་བྱས་མི་རྟག་པ་དང་། བྱས་པ་ཐམས་ཅད་དོན་མེད་པ་སོགས་སྐྱོ་བའི་སེམས་དང་། གཉིད་རྨུགས་གཉིས་ལ་ནི་སྣང་བའི་འདུ་ཤེས་དང་ཏིང་ངེ་འཛིན་གྱི་ཕན་ཡོན་དང་། ལྷར་སྣང་དྲན་པ་སོགས་དང་། འདོད་པ་ལ་འདུན་པ་བྱུང་ན་ཡུལ་གྱི་ཉེས་དམིགས་དང་། བདེན་མེད་དུ་སྦྱོང་བ་སོགས་དང་། ཐེ་ཚོམ་ལ་ནི་གདམ་ངག་དྲན་པ་དང་། ལམ་ལ་ངེས་ཤེས་འབྲས་བུ་ལ་བྲོད་པ་བསྐྱེད་པ་སོགས་ཀྱི་སྒོ་ནས་སྒྲིབ་པ་དེ་དག་དང་བྲལ་བར་བྱས་ཏེ་སེམས་གསལ་དྭངས་ཕྱེད་པའི་ངང་ནས་བསྒོམ་པར་བྱའོ། །དེ་ཡང་དང་པོ་རང་ཉིད་གཙོ་བོའི་རྣམ་པར་གསལ་བའི་ཞབས་ཀྱི་གདན་ཁྲི་ནས་དབུའི་གཙུག་ཏོར་མན་ཆད་ཀྱི་རྣམ་པ་དེ་ལ་སེམས་བཞག་སྟེ་སེམས་གནས་པའི་ཐབས་དགུས་ཞི་གནས་སྒྲུབ་པར་བྱའོ། །སེམས་གནས་པའི་ཐབས་དགུ་ནི། ཡུམ་བར་མ་ལས། སེམས་འཇོག་པར་བྱེད། རྒྱུན་དུ་འཇོག་པར་བྱེད། བསླན་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། རྣམ་པར་ཞི་བར་བྱེད། རྩེ་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད་དོ། །ཞེས་གསུངས་ཏེ། དེ་ལ་སེམས་འཇོག་པ་ནི་ལྷ་སྐུ་ཞལ་ཕྱག་རྒྱན་དང་བཅས་པའི་རྣམ་པ་བློ་ཡུལ་དུ་ཝལ་ལེ་གསལ་བ་ལ་སེམས་རྩེ་གཅིག་ཏུ་གཏད་པའོ། །རྒྱུན་དུ་འཇོག་པ་ནི་དམིགས་པ་དེ་ཉིད་ལས་སེམས་གཞན་དུ་མི་གཡེངས་བར་དེའི་རྒྱུན་མཐུད་དེ་འཇོག་པའོ། །བསླན་ཏེ་འཇོག་པ་ནི་དེ་ལྟར་བཞག་པ་ལས་སེམས་གཞན་དུ་འཕྲོ་ན་དེ་མ་ཐག་ཤེས་པར་བྱས་ནས་རྣམ་རྟོག་འོག་འགྱུར་མི་གཏོང་བར་སྔར་གྱི་དམིགས་པ་དེ་ཉིད་ལ་ཧྲིལ་གྱིས་འཇོག་པའོ། །ཉེ་བར་འཇོག་པ་ནི་དེ་ལྟར་རྣམ་གཡེང་ཞི་བར་བྱས་ནས་དམིགས་པ་ཤིན་ཏུ་གསལ་བ་ལ་ཡིད་རྩེ་གཅིག་ཏུ་བསྡུས་ནས་གོང་ནས་གོང་དུ་གཏོང་བར་བྱེད་པའོ། །དུལ་བར་བྱེད་པ་ནི་སེམས་ཞུམ་པ་སོགས་ཀྱིས་ཏིང་ངེ་འཛིན་ལ་མི་མོས་པར་འགྱུར་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་བྲོད་པ་བསྐྱེད་དེ་དམིགས་པ་ལ་སེམས་འཇོག་པའོ། །ཞི་བར་བྱེད་པ་ནི་འདོད་པའི་དངོས་པོ་ཡིད་དུ་འོང་བའི་གཟུགས་སྒྲ་སོགས་དང་སྔོན་རྩེས་པ་དང་། བགད་པ་དང་། དགའ་མགུར་སྤྱད་པ་རྗེས་སུ་དྲན་པ་སོགས་ཀྱིས་སེམས་རྒོད་པར་གྱུར་ནས་དམིགས་པ་ལ་སེམས་མི་འཇུག་ན་རྣམ་གཡེང་གི་ཉེས་དམིགས་ཤེས་པ་དང་། འདུས་བྱས་ཀྱི་མཚན་ཉིད་དྲན་པའི་སྒོ་ནས་རྒོད་པ་ཞི་བར་བྱེད་པའོ། །རྣམ་པར་ཞི་བར་བྱེད་པ་ནི་དེ་ལས་གཞན་པའི་གཉིད་རྨུགས་དང་བརྣབ་སེམས་ཡིད་ཀྱི་བདེ་བ་སོགས་བྱུང་ན་གཉེན་པོས་བསལ་ནས་སྔར་ལྟར་འཇོག་པའོ། །རྩེ་གཅིག་ཏུ་བྱེད་པ་ནི་དེ་ལྟར་འབད་པ་དུ་མས་སེམས་གནས་པ་བསྒྲུབ་པས་དམིགས་པ་དེ་ལས་གཞན་དུ་མི་འགྲོ་བར་རྩེ་གཅིག་ཏུ་རང་གི་ངང་གིས་འཇུག་པ་ཐོབ་པའོ། །མཉམ་པར་འཇོག་པར་བྱེད་པ་ནི། །བྱིང་རྒོད་དང་བྲལ་ཏེ་སེམས་མཉམ་པ་ཉིད་ཐོབ་པ་དེའི་ཚེ་རྩོལ་བ་གློད་ནས་བཏང་སྙོམས་སུ་འཇོག་པ་ཡིན་ནོ། །དེ་ལས་སེམས་གནས་དགུ་པ་འདི་གྲུབ་པ་དེ་ནི་འདོད་སེམས་རྩེ་གཅིག་པ་ཡིན་ལ་དེའི་སྟེང་དུ་ལུས་སེམས་ཤིན་སྦྱང་གི་བདེ་བ་སྐྱེད་པར་གྱུར་པ་ན་བསམ་གཏན་དང་པོའི་ཉེར་བསྡོག་གིས་བསྡུས་པའི་ཞི་གནས་མཚན་ཉིད་པ་ཐོབ་པར་འཇོག་གོ། །དེ་ལྟ་བུའི་སེམས་གནས་བསྒྲུབ་པ་ལ། ཏིང་ངེ་འཛིན་ཐམས་ཅད་ལ་གེགས་བྱེད་པའི་ཉེས་པ་ལྔ་ཡོད་པ་དེ་དག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པར་བྱེད་དགོས་ཏེ། དབུས་མཐའ་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །ལེ་ལོ་དང་ནི་གདམ་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་གནས་པའོ། །ཞེས་པ་ལྟར་རོ། །དེ་ལ་ཉེས་པ་ལྔ་ནི། ལེ་ལོ་དང་། གདམ་ངག་བརྗེད་པ་དང་། བྱིང་བ་དང་རྒོད་པ་གཉིས་དང་། མི་རྩོལ་བ་དང་། རྩོལ་བའོ། །དེ་དག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་ལས། རིམ་པ་བཞིན། སྦྱོར་བའི་ཚེ་ན་ལེ་ལོ་ཉེས་པ་ཡིན་ལ་དེའི་གཉེན་པོར་གནས་ཏེ་ཏིང་ངེ་འཛིན་གྱི་རྟེན་དུ་གྱུར་པ་བརྩོན་འགྲུས་ཡིན་ཞིང་དེ་ལ་གནས་པར་བྱེད་པ་འདུན་པ་དང་དེའི་རྒྱུ་དད་པ་དང་། བརྩོན་འགྲུས་ཀྱི་འབྲས་བུ་ཤིན་སྦྱངས་ཏེ་བཞི་ཡིན་ནོ། །དེ་ལ་དང་པོར་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་དད་པ་ལུང་དང་རིགས་པ་གཏམ་རྒྱུད་སོགས་ཀྱིས་རྒྱུད་ལ་བསྐྱེད་པར་བྱའོ། །དད་པ་སྐྱེས་པར་གྱུར་ན། དེ་དོན་དུ་གཉེར་བའི་འདུན་པ་དྲག་པོ་སྐྱེ་བར་འགྱུར་རོ། །འདུན་པ་ཡོད་ན་ཏིང་ངེ་འཛིན་བསྒོམ་པ་ལ་མྱུར་དུ་འཇུག་ཅིང་དེ་ལ་དཀའ་འཚེར་གྱི་སྣང་བ་མེད་པར་སྤྲོ་བའི་ཤུགས་ཀྱིས་བརྩོན་འགྲུས་བརྩོམ་མོ། །བརྩོན་འགྲུས་དང་ལྡན་པ་དེས་ལུས་ལྕི་བ་དང་སེམས་ལས་སུ་མི་རུང་བ་སོགས་ཀྱི་གནས་ངན་ལེན་དང་བྲལ་ནས་དམིགས་པ་ལ་ཇི་ལྟར་འདོད་པར་བཀོལ་དུ་བཏུབས་པའི་ཤིན་སྦྱངས་ཐོབ་སྟེ་ལེ་ལོ་ཆོམ་ལ་འབེབས་པར་བྱེད་དོ། །དེ་ནས་ཏིང་ངེ་འཛིན་ལ་འཇུག་པའི་གནས་སྐབས་ན་དམིགས་པ་བརྗེད་པ་ཉེས་པ་ཡིན་ཏེ་དེའི་གཉེན་པོར་རྩ་བའི་དམིགས་རྣམ་གང་ཡིན་པ་དང་དེ་ཇི་ལྟར་སྐྱོང་བའི་གདམ་ངག་དྲན་པས་བཟུང་སྟེ་མི་བརྗེད་པར་བྱེད་པའོ། །མཉམ་པར་བཞག་ནས་ཡོད་པའི་གནས་སྐབས་ན་བྱིང་རྒོད་ཞུགས་པ་ངོས་མ་ཟིན་པ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་ཤེས་བཞིན་གྱི་བྱ་རས་རྟག་ཏུ་མེལ་ཚེ་བྱས་ནས་བྱིང་རྒོད་སྐྱེ་བར་ཕྱོགས་པ་དང་ངོས་བཟུང་སྟེ་འགོག་པར་བྱེད་པའོ། །བྱིང་རྒོད་གང་རུང་སྐྱེས་པར་གྱུར་པའི་ཚེ་ན་དེ་སྤོང་བ་ལ་མི་རྩོལ་བ་ཉེས་པ་སྟེ་དེའི་གཉེན་པོར་སྐྱོ་བར་འགྱུར་བ་དང་དྭངས་པར་འགྱུར་བའི་སེམས་པ་མངོན་པར་འདུ་བྱེད་པའོ། །བྱིང་རྒོད་དང་བྲལ་ནས་སེམས་ལས་སུ་རུང་བའི་ཚེ་ན་སྐྱོན་ཡོན་ལ་དགག་སྒྲུབ་བྱེད་པ་སོགས་རྩོལ་བ་དྲག་པོ་ཉེས་པ་སྟེ། དེའི་གཉེན་པོར་གྲིམ་སློད་རན་པར་བཏང་སྙོམས་སུ་བྱའོ། དེ་ལྟ་བུའི་སྒོ་ནས་དམིགས་ཐུན་ཡུན་ཐུང་ལ་གྲངས་མང་བ་གསལ་ལ་དོས་དྲག་པར་བྱས་ཏེ་སེམས་འདུལ་བའི་ཐབས་ལ་མཁས་པར་བྱའོ། །སེམས་གནས་དགུ་པོ་དེ་སྟོབས་དྲུག་གིས་རིམ་པར་འགྲུབ་སྟེ། སེམས་གནས་དང་པོ་ཐོས་པའི་སྟོབས་ཀྱིས་འགྲུབ། གཉིས་པ་སེམས་པའི་སྟོབས་ཀྱིས་འགྲུབ། གསུམ་པ་དང་བཞི་བ་དྲན་པའི་སྟོབས་ཀྱིས་འགྲུབ། ལྔ་བ་དང་དྲུག་པ་ཤེས་བཞིན་གྱི་སྟོབས་ཀྱིས་འགྲུབ། བདུན་པ་དང་བརྒྱད་པ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་འགྲུབ། དགུ་པ་འདྲིས་པ་སྟེ་གོམས་པའི་སྟོབས་ཀྱིས་འགྲུབ་པ་ཡིན་ནོ། །ཡིད་བྱེད་བཞིའི་སྒོ་ནས་འགྲུབ་པར་བྱེད་པའི་ཚུལ་ཡང་ཡོད་དེ། སེམས་གནས་དང་པོ་གཉིས་ཀྱི་སྐབས་སུ་བྱིང་རྒོད་ཤས་ཆེ་བས་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དགོས་སོ། །གསུམ་པ་ནས་བདུན་པའི་བར་ལ་ཏིང་འཛིན་དང་བྱིང་རྒོད་ཤེད་མཚུངས་ལྟ་བུར་འོང་བས་འཆད་ཅིང་འཇུག་པའི་ཡིད་བྱེད་དོ། །བརྒྱད་པའི་དུས་སུ་ཏིང་འཛིན་སྟོབས་སུ་གྱུར་པས་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དོ། །དགུ་པ་ལ་ཇི་ལྟར་འདོད་པ་བཞིན་དུ་ལྷུན་གྲུབ་ཏུ་འབྱུང་བས་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་བྱ་བ་ཡོད་དོ། །དེའི་གནས་སྐབས་ན་ཉམས་ལྔ་འབྱུང་སྟེ། སེམས་གནས་དང་པོའི་ཚེ་རྣམ་རྟོག་མང་དུ་སོང་སྙམ་པའི་རྣམ་རྟོག་ངོས་ཟིན་གྱི་ཉམས་འོང་། གཉིས་པའི་ཚེ་རྣམ་རྟོག་རེས་ཞི་རེས་སྐྱེ་བའི་རྣམ་རྟོག་ངལ་གསོའི་ཉམས་འོང་། གསུམ་པ་ནས་བདུན་པའི་བར་ལ་སེམས་གནས་མི་གནས་འགལ་རྐྱེན་ཡོད་མེད་ཀྱི་རྗེས་སུ་བྱེད་པས་རྣམ་རྟོག་ཐང་ཆད་ཀྱི་ཉམས་འོང་། བརྒྱད་པར་སེམས་མི་གནས་སྙམ་བྱེད་དུས་ནས་གཉེན་པོའི་སྟོབས་ཀྱིས་རང་ཡལ་དུ་འགྲོ་བས་རྣམ་རྟོག་འདུ་བྱེད་ཀྱི་ཉམས་འོང་། དགུ་པར་རྐྱེན་གྱིས་མི་བརྫི་བའི་ཏིང་ངེ་འཛིན་རང་བབས་སུ་འབྱུང་བའི་རྣམ་རྟོག་མངོན་པར་འདུ་མི་བྱེད་པའི་ཉམས་འབྱུང་བ་ཡིན་ནོ། །དེ་དག་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་ཞེས་ཀྱང་བཤད་དེ། གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ། ཐོབ་པའི་ཉམས་རོང་ཁུང་དོག་མོ་ནས་འབབས་པའི་ཆུ་ལྟ་བུ། གོམས་པའི་ཉམས་ཆུ་བོ་ཆེན་པོའི་རྒྱུན་དལ་གྱིས་འབབ་པ་ལྟ་བུ། བརྟན་པའི་ཉམས་རྒྱ་མཚོ་འཁྱིལ་བའམ་རི་བོ་ལྟ་བུ། མཐར་ཕྱིན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བའམ་མར་མེ་རླུང་གི་མ་བསྐྱོད་པ་ལྟ་བུའོ། །དེ་ལྟར་ཡང་ལམ་རིམ་ལས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ། །མུ་ལྔས་ཡོངས་སུ་རྫོགས་པར་འགྱུར། །གང་དག་གཟར་པོའི་ཆུར་གནས་ཚེ། །ཀུན་བརྟགས་གོམ་པའི་རྫ་མཁན་གྱིས། །མི་སྡོད་འགྲོ་བས་སྐྱོ་བར་བྱེད། །དེ་ཚེ་མགོ་ལ་མེ་འབར་བཞིན། །ཅུང་ཟད་ཡོད་ལ་དེ་དག་ཉུང་། །དེ་ཚེ་དལ་བུས་འབྱུང་འཇུག་བསྲིང་། །དེ་གོམས་ཆེད་དུ་བྱེད་སོགས་ན། །བཏང་སྙོམས་དང་པོར་བླང་བར་བྱ། རི་བོ་ལྟ་བུར་མི་བསྒུལ་བར། །ཐུན་རྐྱང་ནུས་ནས་སུ་མི་བྱ། །རོ་མྱོང་དོར་བས་དེ་མཐར་ཕྱིན། །ཤུགས་སྣང་མཐོང་ལ་དགའ་བྲོད་མེད། །ཅེས་དང་། གསུམ་ལྔ་ལྷར་གསལ་ཅུང་ཟད་གཡོ། །བར་ཆད་འབྱུང་བ་དང་པོའོ། །དེ་གསལ་ཐུན་གྱི་གཞི་ཆ་གསུམ། གསལ་ལ་མི་གཡོ་གཉིས་པ་སྟེ། །ཐུན་རྐྱང་ནུས་པ་གསུམ་པའོ། །དེ་ཉིན་རྐྱེན་དབང་མི་འགྲོ་བ། །བཞི་བའོ་ཁྱད་པར་གང་གནས་པ། །ཤིན་ཏུ་མི་འཕྲོག་ལྔ་པ་སྟེ། །ཞེས་བཤད་པ་ལྟར་རོ། །དེ་ལྟར་འབད་པ་དུ་མས་བསྐྱེད་རིམ་ལ་སེམས་རྩེ་གཅིག་ཏུ་བཟུང་བ་ན་འགྱུར་བའི་སྐྱོན་དུ་གྲགས་པ་ཡང་དེ་ལས། ཁྱད་པར་རབ་རིབ་མག་མོག་གྲིབ། །གང་ཚོད་དམིགས་ལ་ཚད་དང་ཚུལ། །གྲངས་དང་ཆ་ལུགས་མདོག་དང་དབྱིབས། །ཁ་དོག་འབའ་ཞིག་རིམ་པར་ནུབ། །དེ་ལྟར་གྱུར་བ་ཚོར་བྱས་ཏེ། །འདུ་བྱེད་རླུང་གིས་བསྐྱོད་མི་བྱ། །ཞེས་པ་ལྟར་རྣམ་པར་རྟོག་པའི་སྐྱོན་དེ་དག་གི་རྗེས་སུ་མི་གཏོང་བར་རྩ་བའི་དམིགས་པ་རང་ཉིད་ཀྱིས་ཇི་ལྟར་འདོད་པའི་རྣམ་པར་འཆར་བ་ལ་བསླབ་པར་བྱའོ། །དེ་ལྟར་རིམ་གྱིས་གོམས་པ་ན་དང་པོར་ལྷར་སྣང་ཡེ་མི་གསལ་ཡང་ཕྱིས་ཇེ་གསལ་དུ་གྱུར་ནས་ཐ་མ་མིག་གིས་བལྟར་ཡོད་པ་ལྟ་བུའི་བར་དུ་གསལ་བར་འགྲོ་སྟེ། དེ་ཉིད་ལས། སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དང་སྦྱར། །ཞེས་སོ། །ཚུལ་དེས་གཙོ་བོ་ལ་ལེགས་པར་སེམས་ཟིན་པ་དང་ལུས་དཀྱིལ་གྱི་ལྷ་ལ་སེམས་བཟུང་། དེ་ནས་རིམ་གྱིས་འཁོར་རྣམས་ལའང་བསླབ་ནས་ཐ་མ་དཀྱིལ་འཁོར་ཡོངས་རྫོགས་སྔ་ཕྱི་མེད་པར་དུས་གཅིག་ཏུ་ཡིད་ངོར་འཆར་ཐུབ་པར་བྱའོ། །ནང་དུ་ཏིང་ངེ་འཛིན་གྱི་རྩལ་རྫོགས་པའི་རིམ་པས། ལྷ་སྐུ་ཆུ་ཟླ་ལྟ་བུའི་མཐོང་ཉམས་དང་། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ལུང་སྟོན་པ་དང་། མངོན་ཤེས་འཆར་བ་དང་། རྨི་ལྟས་ངོ་མཚར་བ་རྨི་བ་སོགས་ལམ་རྟགས་ཀྱི་སྣང་བ་མཐའ་ཡས་པ་འབྱུང་ཡང་། དེ་དག་ལ་དགའ་བྲོད་དང་མཆོག་འཛིན་བྱེད་པ་དོར་ཏེ་རིག་སྟོང་མཉམ་པ་ཆེན་པོའི་ཀློང་དུ་རེ་དོགས་དབྱིངས་སུ་གཅོད་པ་ནི་མན་ངག་གོ །དེ་ལྟར་ཚུལ་སྣ་ཚོགས་པའི་སྒོ་ནས་ཟུང་འཇུག་གི་རྣལ་འབྱོར་བརྟན་པར་བྱེད་པ་ནི་དངོས་གྲུབ་སྒྲུབ་པའི་ཐབས་རྨད་དུ་བྱུང་བ་ཡིན་པར། རྩ་རྒྱུད་གསང་བའི་སྙིང་པོ་ལས། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འབྱུང་། །ཞེས་གསུངས་པའི་དོན་ཏེ། འདི་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གཅིག་ལ་ཡང་གང་ཟག་གི་རྟོགས་པའི་བྱེ་བྲག་ལས་སྣ་ཚོགས་པར་འགྱུར་ཏེ། ལམ་གྱི་ཡན་ལག་གཞན་དང་བྲལ་བའི་ཞི་གནས་རྐྱང་པ་བདེ་གསལ་མི་རྟོག་པས་བརྒྱན་པ་མངོན་ཤེས་དང་རྫུ་འཕྲུལ་གྱི་རྟེན་དུ་གྱུར་པ་ཙམ་ནི་ཕྱི་རོལ་པ་རྣམས་དང་ཡང་ཐུན་མོང་བ་ཡིན། ངེས་འབྱུང་དང་སྟོང་ཉིད་དོན་སྤྱིའི་རྣམ་པར་ཤེས་པ་ཙམ་གྱིས་ཟིན་ན་ཐར་བའི་ལམ་དུ་རུང་བ་ཙམ་ཡིན། བྱང་ཆུབ་སེམས་ཀྱིས་ཟིན་ན་ཐམས་ཅད་མཁྱེན་པའི་འཇུག་ངོགས་སུ་འགྲོ། སྣང་བ་ལྷར་ཤེས་པའི་ལྟ་བ་དང་། བཟླས་བརྗོད་དང་། རྣལ་འབྱོར་གཞན་གྱིས་ཟིན་ན་རྡོ་རྗེའི་ཐེག་པར་འགྱུར། མཉམ་པ་ཆེན་པོའི་ལྟ་སྤྱོད་དང་ལྡན་པས་དག་རྫོགས་སྨིན་གསུམ་གྱི་ཡན་ལག་གཞན་ཚང་བར་གྱུར་ན་བླ་མེད་ཀྱི་རིམ་པ་དང་པོར་འགྱུར། རླུང་སེམས་དབུ་མར་ཐིམ་པའི་རྗེས་སུ་བྱུང་བའི་བཅོས་མིན་གྱི་རྣལ་འབྱོར་ཡིན་ན་རིམ་པ་གཉིས་པར་འགྱུར། རིམ་དང་གཅིག་ཆར་གང་ཡིན་ཀྱང་རིག་པའི་རང་བཞིན་གཉུག་མའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པའི་རང་གདང་ལྷར་ཤར་བ་ཡིན་ན་ཟུང་འཇུག་རྫོགས་པ་ཆེན་པོའི་རྣལ་འབྱོར་དུ་འགྱུར་བ་ཡིན་ནོ། །རིམ་གཉིས་ཀྱི་རྣལ་འབྱོར་གང་ལ་འཇུག་ནའང་ཤེས་རབ་དང་གདམ་ངག་གི་སྟོབས་ཀྱིས་བླང་དོར་གྱི་དམིགས་ཕྱེ་ནས་ནན་ཏན་དུ་སྒྲུབ་དགོས་ཀྱི་གྱ་ཚོམ་དུ་སྔགས་ཀྱི་ཐེག་པ་ནི་ཟབ་མོའོ་སྙམ་དུ་རི་བོང་ཅལ་འདྲོགས་ཀྱིས་ཞུགས་པ་ལ་ནི་དོན་མེད་པར་མ་ཟད་ཉེན་ཡང་ཆེ་སྟེ། སློབ་དཔོན་སངས་རྒྱས་གསང་བས། ཇི་ལྟར་རལ་གྲིའི་སོ་ལ་ནན་ཏན་དུ། །ལེགས་པར་མ་བཟུང་ལག་པ་གཅོད་པར་འགྱུར། །དེ་བཞིན་ནན་ཏན་མེད་པའི་གསང་སྔགས་ལ། །ཕུང་བའམ་ཡང་ན་འབྲས་བུ་མེད་པར་འགྱུར། །ཞེས་སོ། །ཚུལ་བཞིན་དུ་ལེགས་པར་ཉམས་སུ་བླང་ན་གནས་སྐབས་དང་མཐར་ཐུག་གི་ལེགས་པ་ཐམས་ཅད་འགྲུབ་སྟེ། ལམ་རིམ་ལས། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །གསལ་ལ་ཡིད་གཉིས་མེད་པ་ན། །དཀྱིལ་འཁོར་ཆེན་པོར་འབར་བར་འགྱུར། །འདི་ལྟར་བསྒོམས་ཤིང་སྒྲུབ་བྱས་ན། །འབྲས་བུ་མངོན་དུ་མ་བྱུང་ཡང་། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལྷ་མི་མཚན་རྫོགས་སྡུག་བསྔལ་སེལ། །བདེ་གཤེགས་འབྱུང་དང་མི་བཀོལ་ཅིང་། །ཐེག་པ་དམན་པར་འཇུག་མི་འགྱུར། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །དེ་བས་ལམ་འདི་འབྲལ་མི་བྱ། །ཞེས་སོ། །དེ་ལྟར་ཐུན་གྱི་དངོས་གཞི་ལ་ལྷའི་རྣལ་འབྱོར་སྐྱོང་ཚུལ་མདོ་ཙམ་བཤད་ནས། གལ་སྟེ་དེས་སྐྱོ་བར་གྱུར་ན་ངག་སྒྲིབ་སྦྱོང་ཞིང་ཡི་དམ་གྱི་ཐུགས་རྒྱུད་བསྐུལ་བའི་ཕྱིར་བསྙེན་པ་བཟླ་བ་ལ་བརྩོན་པར་བྱའོ། །དེའི་ཚུལ་ཡང་། ལམ་རིམ་ལས། ཡན་ལག་མ་ཉམས་སྔགས་བཟླས་པའང་། །སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱང་། །སྤྲོ་བསྡུ་བདག་དང་གཞན་དོན་རྫོགས། །ཕྱི་ནང་གསང་བ་གང་མོས་སུ། །བཟླས་པ་ཚད་དུ་ཕྱིན་པར་བྱ། །དུབ་ན་ཡེ་ཤེས་ཐིག་ལེ་བལྟ། །ཞེས་པ་ལྟར་ལས། འདིར་ནི་ཐུགས་ཀར་སྔགས་ཀྱི་འཁོར་ལོ་གསལ་བ་ལས་སྤྲོ་བསྡུའི་སྦྱོར་བས་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་རོལ་བར་བལྟ་ཞིང་སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རང་སྒྲར་ཤེས་པས་བཟླས་པ་སྤྱིའི་ལུགས་སུ་བྱ་བ་དང་། རང་གཞུང་ལས། འཛབ་ཀྱི་སྙིང་པོ་བྱང་ཆུབ་སེམས། །ཞེས་སོགས་གསུངས་པ་བཞིན་མངོན་སུམ་འོད་གསལ་གྱི་དགོངས་པ་ལས་མི་གཡོ་བར་ཆོས་ཉིད་དོན་གྱི་བཟླས་པ་གཙོ་བོར་བསྟེན་པར་བྱའོ། །ཐུགས་དམ་བསྐུལ་བ། ཚོགས་ཀྱི་མཆོད་པ་སོགས་ཀྱི་དོན་ནི་ཡི་གེ་མང་བས་མ་བྲིས་སོ། །གཤེགས་གསོལ་དང་ཉེར་བསྡུ་སོགས་འདིར་མི་འབྱུང་བ་ནི་ཟུང་འཇུག་ལྷུན་གྱིས་གྲུབ་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་ཐུན་མཚམས་ཀྱི་རྩིས་གདབ་བྲལ་བའི་དབང་དུ་བྱས་པའོ། །གཞན་དུ་རང་བློར་འཚམས་པར་དེ་ལྟར་བྱས་ཀྱང་འགལ་བ་ནི་མ་མཐོང་ངོ་། །དེའི་རྗེས་སུ་ཞི་རྒྱས་དབང་དྲག་སོགས་ཀྱི་ཕྲིན་ལས་ཇི་ལྟར་སྒྲུབ་པ་དང་། འོད་གསལ་སྙིང་པོའི་ལམ་ལ་ཇི་ལྟར་བསླབ་པའི་རིམ་པ་ཡང་། རང་གཞུང་དུ། ལྷ་དང་དཀྱིལ་འཁོར་ལྷུན་གྲུབ་སྟེ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ གཉིས་མེད་ལྟ་བའི་གདེངས་སྐྱེད་ཅིང༔ ཕྲིན་ལས་སྨོན་འཇུག་སེམས་བསྐྱེད་དང་༔ གསང་བའི་སྙིང་ཐིག་ཡིད་ལ་བཅགས༔ རིག་པ་ཆོས་ཟད་ཀློང་དུ་བསྐྱར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་ལྟར་རོ། །འདིར་སྨྲས་པ། ཟབ་ཞི་སྤྲོས་བྲལ་འོད་གསལ་ཆེན་པོ་ལས། །མ་གཡོས་བཞིན་དུ་ལྷུན་གྲུབ་མཚན་དཔེའི་སྐུ། །དཀྱིལ་འཁོར་འཁོར་ལོའི་ངོ་བོར་ཡོངས་རྫོགས་པའི། །ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་དུ། །སྒྲོད་བྱེད་ཐབས་ཚུལ་གཞན་ལས་རྨད་བྱུང་བའི། །ཉེ་ལམ་མཐར་ཐུག་རྡོ་རྗེའི་ཐེག་པ་ནི། །རྒྱལ་ཀུན་ཐུགས་ཀྱི་གསང་བ་ཟབ་མོ་ཞེས། །རྒྱ་བོད་པཎ་གྲུབ་ཡོངས་ཀྱིས་གཅིག་ཏུ་གླེང། །དེ་ཡི་ནང་ནས་ཚེ་འདིར་ལྷན་སྐྱེས་ཀྱི། །བདེ་ཆེན་ཡེ་ཤེས་འདྲེན་པའི་གར་མཁན་མར། །བརྟེན་ནས་སྣང་གསུམ་ཕྲ་བའི་བག་ཆགས་ཀུན། །སྦྱངས་ཏེ་མཆོག་གི་འོད་གསལ་ལ་སྦྱོར་བའི། །ལམ་མཆོག་བླ་མེད་སྔགས་ཀྱི་ཏནྟྲ་ཡི། །ལམ་གནད་མཐའ་དག་དབང་བཞིའི་ཉམས་ལེན་གྱི། །ལམ་ལ་འདུ་ཞེས་རྒྱུད་དོན་ཇི་བཞིན་དུ། །ལམ་ཀུན་ཡོངས་རྫོགས་གཟིགས་པའི་མགོན་དེས་གསུངས། །བསྐྱེད་རིམ་ལམ་གྱིས་ཐ་མལ་ཞེན་སྣང་སྦྱོངས། །རྫོགས་རིམ་ལམ་གྱིས་སྒྱུ་མའི་འཛིན་རྟོག་སྤངས། །རྫོགས་ཆེན་ལམ་གྱིས་ཟུང་འཇུག་ཆེན་པོར་སྦྱོར། །འདི་ལས་གཞན་པའི་ཉེ་ལམ་ཡོད་མ་ཡིན། །འདི་རུ་མ་འདུས་ཐེག་པ་གཞན་མེད་དེ། །འདི་ལ་མ་བརྟེན་སངས་རྒྱས་ཇི་ལྟར་འཐོབ། །དེ་བས་འདི་ནི་ཕྱོགས་བཅུའི་བདེ་གཤེགས་ཀྱི། །བསྒྲོད་པ་གཅིག་པུའི་ལམ་དུ་རྒྱལ་བས་གསུངས། །གྲོགས་དག་རྙེད་དཀའི་དལ་བ་རྙེད་གྱུར་ཅིང་། །ཡིད་བཞིན་ནོར་བུ་ལྟ་བུའི་གདམས་པ་མཆོག །དམ་པའི་དྲིན་ལས་ཇི་ལྟར་འདོད་པ་བཞིན། །ཉམས་སུ་ལེན་བྱར་ཡོད་པའི་གནས་སྐབས་འདིར། །མནོག་ཆུང་ཚེ་འདིའི་བྱ་བའི་སོ་ཚིས་ལ། །གཡེངས་ནས་དོན་ཆེན་འདོར་བ་ཇི་ལྟར་རིགས། །དེ་བས་དེ་རིང་ཉིད་ནས་སྒྲུབ་པ་ལ། །སྙིང་ནས་བརྩོན་པ་དྲག་པོས་གཞོལ་བར་མཛོད། །བཙན་ཕྱུག་ཁས་དྲག་གཟུགས་ཀྱིས་རྒྱགས་པ་སོགས། །སྔོན་ཆད་ལྗོངས་འདིར་མང་པོ་བྱུང་མོད་ཀྱང་། །དེང་སང་དུས་ན་མིང་ཙམ་ལུས་ལ་ལྟོས། །རང་རེ་རྣམས་ཀྱང་དེ་ལས་འདས་སམ་ཀྱེ། །ཆོས་ལ་ལོང་ཡོད་བྱས་ནས་ཕྱི་བཤོལ་དུ། །བཞག་པས་ཉིན་གཅིག་ཙམ་ན་འཆི་བདག་གིས། །ཐོག་བབས་ཚུལ་དུ་བཟུང་བའི་དུས་ཤིག་འབྱུང་། །དེ་དུས་འགྱོད་ཀྱང་འཕྱིས་སོ་སྙིང་གི་གྲོགས། །ད་ལྟ་རང་དབང་ཡོད་པའི་གནས་སྐབས་ན། །དམ་པའི་ཞལ་ལུང་ཟབ་དོན་བདུད་རྩིའི་བཅུད། །རིམ་གཉིས་ལང་ཚོ་རྒྱས་པའི་བཅུད་ལེན་དུ། །བླངས་ནས་འཆི་མེད་རྡོ་རྗེའི་ས་ལ་འགྲོ། །གལ་ལྟེ་སྐྱེ་འདིར་མཆོག་དངོས་མ་གྲུབ་ཀྱང་། །གཞན་དུ་འཕོ་ཚེ་དཔའ་བོ་རྣལ་འབྱོར་མས། །མདུན་བསུས་ཧེ་རུ་ཀཿཡི་གནས་བཅུ་རུ། །འགྲོ་བ་འདི་ལ་ཐེ་ཚོམ་ཅི་ཞིག་ཡོད། །དེ་ཕྱིར་བརྩོན་པའི་རྟ་ཕོ་ལ་ཞོན་ནས། །ངེས་འབྱུང་ལྕག་བསྐུལ་དད་པའི་སྲབ་ཀྱིས་བསྒྱུར། །གྲུབ་གཉིས་ནོར་བུས་བརྒྱན་པའི་གྲོང་ཁྱེར་དེར། །རྣམ་གཡེང་ཕྱི་བཤོལ་མ་མཛད་འབྱོན་པར་ཞུ། །འདི་ལྟར་རྡོ་རྗེའི་མཆེད་ཀྱིས་བསྐུལ་ཕྱིར་དང་། །ཟབ་མོའི་ལམ་ལ་རང་བློ་གོམས་ཕྱིར་དང་། །གསང་ཆེན་ལམ་ལ་སློབ་པའི་རྟེན་འདྲེལ་ཕྱིར། །གསང་བ་སྙིང་ཐིག་ལམ་འདིར་བདག་གིས་འབད། །བརྒྱུད་ལྡན་བླ་མའི་མན་ངག་གཙོར་བྱས་ཤིང་། །དམ་པ་དུ་མའི་གསུང་གིས་ལེགས་བརྒྱན་ཏེ། །བུང་བས་མེ་ཏོག་རྩི་བཅུད་བླངས་བཞིན་བསྡུས། །དེ་ལྟ་ནའང་བདག་བློ་མཐུ་ཞན་པས། །མ་རྟོགས་ཉམས་དང་མ་ཚང་ཕྱིན་ཅི་ལོག །རྡོ་རྗེའི་ཚིག་གི་རྒྱ་མདུད་མ་ཁྲོལ་བའི། །ཉེས་པ་ཅི་མཆིས་རྩ་གསུམ་སྲུང་མའི་ཚོགས། །ཆོས་སྤྱན་ལྡན་པ་རྣམས་ལའང་བཟོད་པར་གསོལ། །འདིར་འབད་དགེ་བ་གངས་རིའི་ཏོག་ལྟ་བུར། །རྣམ་པར་དཀར་བ་གང་ཞིག་ཐོབ་པ་དེས། །ལུས་ཅན་ཀུན་གྱིས་རྡོ་རྗེ་འཆང་གི་གནས། །ཟུང་འཇུག་དྲི་མ་མེད་པ་ཐོབ་པར་ཤོག །བདག་ཅག་རྡོ་རྗེའི་ཐེག་པར་ཞུགས་སོ་འཚལ། །མཉམ་རྫོགས་ཆེན་པོའི་དམ་ཚིག་ལ་གནས་ཤིང་། །སྒོ་གསུམ་རྡོ་རྗེ་གསུམ་དུ་གནས་གྱུར་ནས། སྒྱུ་འཕྲུལ་དྲྭ་བའི་ངོ་བོར་མངོན་རྫོགས་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རྒྱུད་དོན་མངོན་སུམ་གཟིགས་པའི་བླ་མ་ཡིས། །རྗེས་བཟུང་སྔགས་ཀྱི་ལམ་གནད་ཀུན་རྟོགས་ཏེ། །རྒྱལ་བ་དགྱེས་པའི་ལམ་བཟང་རྙེད་པར་ཤོག །རང་དོན་ཞི་བར་གཞོལ་མིན་འགྲོ་བའི་ཕྱིར། །ཚེ་གཅིག་ལམ་གྱི་སངས་རྒྱས་དོན་གཉེར་བའི། །བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ཡི། །བཞོན་པ་མཆོག་གིས་རྟག་ཏུ་འགྲོ་བར་ཤོག །བདག་ཀྱང་འདི་ནས་གཞན་དུ་འཕོས་ཚེ་ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཀྱི། །ཕོ་ཉའི་ཚོགས་དང་ལྷན་ཅིག་ཉིད་དུ་བདེ་སྟོང་སྒྱུ་མའི་རོལ་རྩེད་ཀྱིས། །རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་དེར་མིག་འཕྲུལ་བཞིན་དུ་བགྲོད་ནས་ཀྱང་། །ཧེ་རུ་ཀཿདཔལ་མཚོ་སྐྱེས་རྡོ་རྗེའི་སྲས་ཀྱི་ཐུ་བོར་འགྱུར་བར་ཤོག །ཅེས་རིག་འཛིན་ཉི་མ་གྲགས་པས་ཁམས་སྲིན་མོ་རྫོང་ནས་སྤྱན་དྲངས་པའི་རྩ་གསུམ་གསང་བ་སྙིང་ཐིག་གི་ལས་བྱང་ཡིད་བཞིན་ནོར་བུ་ལ་བརྟེན་ནས་བསྙེན་པར་བྱེད་པའི་རྣལ་འབྱོར་པ་དག་ལ་ཉེ་བར་མཁོ་བའི་ལྷའི་རྣལ་འབྱོར་བྱེད་ཚུལ་ཉུང་ངུ་འདི་ནི། ཐམས་ཅད་མཁྱེན་པ་རྒྱལ་བའི་སྲས་པོ་གཞན་ཕན་ཕ་མཐའ་ཡས་པའི་འོད་ཟེར་ཅན་གྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་ཀྱང་། རང་རྒྱུད་སྙོམ་ལས་དང་རྨོངས་པའི་ཁུར་གྱིས་ནོན་པའི་བཙུན་པའི་གཟུགས་བརྙན་ཙམ་འཛིན་པ་པདྨ་བཛྲ་དུ་འབོད་པས་དཔལ་གྱི་སེངྒེ་རིར་སྦྱར་བས་གསང་ཆེན་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །དགེའོ། །བཀྲ་ཤིས།།


previousརྩ་གསུམ་གསང་བ་སྙིང་ཐིག་གིས་མཚོན་པའི་ལྷག་པའི་ལྷ་རབ་འབྱམས་གང་ལའང་སྦྱར་ཆོག་པའི་བསྙེན་པའི་གསལ་བྱེད་གནད་ཀྱི་ལྡེ་མིགnext