Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།


   
  collapse section
   
   
   
   
   
   
འགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱི་རིམ་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པར་གྲགས་པའི་སྒོམ་ལུང་རྒད་པོ་མཛུབ་ཁྲིད་ཀྱི་གདམས་པ་ཨི་ཐི།
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   


 
previousའགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱི་རིམ་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པར་གྲགས་པའི་སྒོམ་ལུང་རྒད་པོ་མཛུབ་ཁྲིད་ཀྱི་གདམས་པ་ཨི་ཐི།next

འགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱི་རིམ་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པར་གྲགས་པའི་སྒོམ་ལུང་རྒད་པོ་མཛུབ་ཁྲིད་ཀྱི་གདམས་པ་ཨི་ཐི།

༄༅། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱི་རིམ་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པར་གྲགས་པའི་སྒོམ་ལུང་རྒད་པོ་མཛུབ་ཁྲིད་ཀྱི་གདམས་པ་ཨི་ཐི། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱྀཿ རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཟུགས། །ཁམས་གསུམ་འགྲོ་བ་ཡོངས་ཀྱི་སྐྱབས་དང་མགོན། །ཁྱད་པར་གངས་ཅན་བོད་ཀྱི་ལྷ་སྐལ་མཆོག །བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ད་ལྟ་རྙེད་དཀའ་དལ་འབྱོར་མི་ཡི་ལུས། །ལྷ་བས་ལྷག་པའི་རྟེན་འདི་ཐོབ་ལགས་ཀྱང་། །ཡུན་རིང་མི་སྡོད་མྱུར་དུ་འཆི་འགྱུར་ཞིང་། །ཤི་ནས་ངན་སོང་སྡུག་བསྔལ་བཟོད་པར་དཀའ། །དེ་བས་ད་རེས་རང་དབང་ཡོད་དུས་འདིར། །རྣམ་གཡེང་ལེ་ལོའི་དབང་དུ་མི་གཏོང་ཞིང་། །དཀར་ནག་རྒྱུ་འབྲས་བླང་དོར་མ་ནོར་བར། །སྡིག་སྤང་དགེ་བ་སྒྲུབ་ལ་འབད་པར་བྱ། །དགེ་བའི་ལས་ལ་རྣམ་པ་མང་ན་ཡང་། །ད་རེས་ཐེག་ཆེན་བྱང་ཆུབ་སེམས་ཀྱི་ལམ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ངང་། །རང་ལུས་ཡི་དམ་ཐུགས་རྗེ་ཆེན་པོར་བསྒོམ། །ངག་གིས་བཟླས་བརྗོད་ཡི་གེ་དྲུག་མར་འབུངས། །སེམས་ཉིད་མ་བཅོས་རང་གསལ་རྗེན་པའི་ངང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་རྩལ་སྦྱོངས། །བླ་མ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ། །སྙིང་གི་དཀྱིལ་དུ་བསྒོམ་ལ་གསོལ་བ་ཐོབ། །སྦྱོར་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རྫོགས་པའི་སངས་རྒྱས་སྒྲུབ་སྙམ་སེམས་བསྐྱེད་དགོས། །དངོས་གཞི་ལྷ་དང་བླ་མའི་རྣལ་འབྱོར་དང་། །བཟླས་བརྗོད་བྱམས་དང་སྙིང་རྗེའི་རྩལ་སྦྱོང་རྣམས། །སེམས་ཉིད་མ་བཅོས་ངང་ནས་གློད་ལ་བསྒོམས། །རྗེས་སུ་དུས་གསུམ་བསགས་པའི་དགེ་རྩ་ཀུན། །སེམས་ཅན་ཀུན་གྱི་གནས་སྐབས་བདེ་སྐྱིད་དང་། །མཐར་ཐུག་སངས་རྒྱས་འགྲུབ་པའི་རྒྱུར་གྱུར་ཅེས། །རང་འདོད་ཞེན་འཁྲིས་མེད་པར་བསྔོས་ལ་ཐོངས། །དེ་ལྟར་མཛད་ན་མདོ་སྔགས་ཉམས་ལེན་འདུས། །བྱ་སླ་སྟབས་བདེ་ཆོད་ཆེ་ཉམས་འོག་ཆུད། །བཀའ་གཏེར་མན་ངག་མང་པོའི་སྙིང་ཁུ་ཡིན། །སྙིང་རུས་ནུས་ན་ཚེ་འདིར་གྲུབ་པ་ཐོབ། །དེ་ལ་འདིར་ལམ་བདེ་བ་ནས་འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དུ་འགྲོ་བར་འདོད་པ་དག་གིས་ཁམས་གསུམ་གྱི་འཁོར་བ་འདིར་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཤིང་། ལྷ་དང་ཚངས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱང་གནས་སྐབས་ཀྱི་བདེ་བ་འཕྲལ་གྱི་མགོ་སྐོར་ཙམ་ལས། རྟག་བརྟན་གྱི་སྙིང་པོ་ཏིལ་གྱི་འབྲས་བུ་ཙམ་ཡང་མེད་པར་མ་ཟད་སླར་ཡང་སྡུག་བསྔལ་ཆེན་པོའི་གཞི་རྩར་འགྱུར་བར་ཤེས་ནས་ཁམས་གསུམ་གྱི་འཁོར་བ་མཐའ་དག་ལས་ཐར་ནས་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཞིག་ཅི་ནས་ཀྱང་འཐོབ་པར་བྱ་སྙམ་དུ་བསམ་དགོས། འདི་ལ་ངེས་འབྱུང་གི་བསམ་པ་ཞེས་བྱ་སྟེ་ཐར་པའི་ལམ་གྱི་སྒོ་ཡིན། ད་འཁོར་བ་ལས་ཐར་བར་བྱ་བ་ལ་རང་སྟོབས་ཀྱིས་ཐར་པར་མི་ནུས་པས་སྐྱབས་ཡུལ་ཁྱད་པར་ཅན་ཞིག་ལ་བརྟེན་དགོས། །དེ་ཡང་སྐྱབས་ཡུལ་གྱི་དམ་པ་དཀོན་མཆོག་གསུམ་ལས་གཞན་མེད་དེ་འཇིག་རྟེན་པའི་ལྷ་དང་མི་དཔོན་ཇི་ལྟར་བཟང་ཡང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ནུས་ཏེ། ཁོ་རང་རྣམས་ཀྱང་འཁོར་བ་ལས་མ་ཐར་བས་སྐྱབས་སུ་མི་འགྱུར་རོ། །དེས་ན་བསླུ་མེད་རྟག་པའི་སྐྱབས་ནི་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ཡིན་ཅིང་། དེ་ལ་སྐྱབས་སུ་འགྲོ་བའི་ཚུལ་ནི། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ནི་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས་ཤེས་བྱའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པར་མངོན་སུམ་དུ་མཁྱེན་པས་ཐམས་ཅད་མཁྱེན་པ་ཡིན་ཅིང་། འཇིག་རྟེན་འདི་ན་བླང་དོར་གྱི་ལམ་སྟོན་པ་པོ་འདི་ལས་ལྷག་པ་མེད་ཅིང་། འདིས་བསྟན་པའི་ལམ་ལ་བསླུ་བ་མི་སྲིད་པས། དུས་ད་ལྟ་ནས་བཟུང་སྟེ་འདི་ཉིད་འབའ་ཞིག་བདག་གི་སྟོན་པ་ཡིན་པས་འདིས་ཇི་ལྟར་བསྟན་པ་དེ་ལ་སློབ་པར་བྱ་ཡི། སྟོན་པ་གཞན་ལ་ནི་ནམ་ཡང་བསྟེན་པར་མི་བྱའོ་སྙམ་དུ་སེམས་ལ་དམ་བཅའ་བྱེད་པ་ནི་སངས་རྒྱས་ལ་སྐྱབས་སུ་འགྲོ་བའོ། །བསྟན་པ་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན་འདི་ནི་སྟོན་པ་ཚད་མར་གྱུར་པ་དེའི་ཞལ་ནས་གསུངས་ཤིང་ཉིད་ཀྱིས་མངོན་སུམ་དུ་མཛད་པ་ཡིན་པས་འདིས་ཁམས་གསུམ་གྱི་ཉོན་མོངས་ཐམས་ཅད་སྤངས་ཏེ་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་གདོན་མི་ཟ་བས། ད་ནས་བཟུང་སྟེ་འདི་ཁོ་ན་ལ་ལམ་དུ་བཟུང་སྟེ་བསླབ་པར་བྱ་ཡི། སྟོན་པ་གཞན་གྱི་ཆོས་ལུགས་ལ་ནམ་ཡང་བསྟེན་པར་མི་བྱའོ་སྙམ་དུ་དམ་བཅའ་བ་ནི་ཆོས་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པའི་འཕགས་པའི་དགེ་འདུན་འདི་རྣམས་ནི་སྟོན་པ་སངས་རྒྱས་ཀྱི་བཀའ་བཞིན་དུ་སྒྲུབ་ཅིང་བསྟན་པ་དམ་པའི་ཆོས་དང་ཐུགས་རྒྱུད་གཅིག་ཏུ་འདྲེས་ཏེ་མི་ཕྱེད་པར་གྱུར་ནས་རང་རྒྱུད་ཀྱི་འཆིང་བ་གྲོལ་ཏེ་གཞན་གྲོལ་བའི་ལམ་དུ་འཁྲིད་པའི་ལམ་གྱི་གྲོགས་སམ་ལམ་མཁན་དུ་བསྟེན་ན་བསླུ་བ་མེད་པས། ད་ནས་བཟུང་འཕགས་པའི་དགེ་འདུན་ཁོ་ན་ལ་བཤེས་གྲོགས་སུ་བཟུང་ནས་འདི་རྣམས་ཀྱིས་གང་ལ་བསླབ་པ་དེ་ལ་མཚུངས་པར་སྤྱོད་ཀྱིས། གཞན་གྱི་གྲོགས་ལ་ནམ་ཡང་བསྟེན་ཅིང་སྤྱོད་ལམ་མཚུངས་པས་འགྲོགས་པར་མི་བྱའོ་སྙམ་དུ་དམ་བཅའ་བ་ནི་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་ལྟར་ཤེས་པར་བྱས་ནས་སྐྱབས་སུ་འགྲོ་བ་དངོས་ནི། །སྟན་བདེ་བ་ལ་བསྡད་དེ་ལུས་སེམས་ཀྱི་དྲེལ་བ་སྤངས་ནས་རང་ཉིད་གང་དུ་འདུག་པའི་ས་ཕྱོགས་དེ་ཉིད་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་འདབ་ལོ་འབྲས་ཕུན་སུམ་ཚོགས་པའི་རྩེར་པདྨ་སྟོང་ལྡན་གྱི་ལྟེ་བར་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ཇོ་བོ་སྤྱན་རས་གཟིགས་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་རྡོ་རྗེའི་དཀྱིལ་མོ་ཀྲུང་གིས་བཞུགས་པ། རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་ཡིད་བཞིན་གྱི་ནོར་བུ་བསྣམས་པ། གཡས་གཡོན་གྱི་འོག་མ་གཉིས་ཀྱིས་ཤེལ་ཕྲེང་དང་པདྨ་དཀར་པོ་སྙན་གྱི་ཐད་ཀར་ཁ་བྱེ་བའི་ཡུ་བ་ནས་འཛིན་པ། ལང་ཚོ་དར་ལ་བབ་ཅིང་གནག་སྣུམ་རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་ཤིང་། འོད་ལྔའི་ཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པ་རལ་པའི་ཟུར་ཕུད་ལ་འོད་དཔག་མེད་པ་དམར་པོ་སྤྲུལ་སྐུའི་ཆ་བྱད་ཅན་རིགས་བདག་གི་ཚུལ་དུ་བརྒྱན་པ། དེ་ཉིད་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོར་ཤེས་པས་ཀུན་འདུས་ནོར་བུའི་ལུགས་སམ། ཡང་ན་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་དཀོན་མཆོག་ཐམས་ཅད་ཀྱིས་ཁྲོམ་ཚོགས་སུ་བསྐོར་བར་མོས་པའི་མདུན་དུ་བདག་སོགས་སེམས་ཅན་ཐམས་ཅད་འཁོད་ནས་སྐྱབས་སུ་འགྲོ་བར་བསམ་སྟེ་སྔར་གྱི་དམ་བཅའ་རྣམས་ཡིད་ལ་དྲན་བཞིན། ན་མོ། སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི། །ཞེས་ངག་ཏུ་བརྗོད་དོ། །དེ་ལྟར་སྐྱབས་སུ་འགྲོ་བའི་དུས་སུ་ཁས་བླངས་ཤིང་དམ་བཅས་པའི་དོན་སྟོན་པ་སངས་རྒྱས་ཀྱི་གསུང་ལ་ཚད་མར་བཟུང་ནས་ཆོས་ཐེག་པ་ཆེན་པོ་ལམ་དུ་བྱས་ཏེ་གྲོགས་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་བསྟེན་ཅིང་འགྲོགས་པར་བྱ་དགོས་སོ། །དེ་བྱ་བ་ལ་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དེའི་བསླབ་པ་ལ་སློབ་དགོས་པས། འདི་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ཅིང་། དེ་ཐམས་ཅད་ལས་ཉོན་སྡུག་བསྔལ་གསུམ་གྱིས་ཉམ་ཐག་པར་མ་གྱུར་པ་སུ་ཡང་མེད་ཅིང་། ཉམ་ཐག་པའི་སེམས་ཅན་དེ་ཐམས་ཅད་ཚེ་རབས་ཐོག་མེད་ཀྱི་ཕ་མ་དྲིན་ཅན་ཡིན་པར་སྟོན་པ་ཐམས་ཅད་མཁྱེན་པས་གསུངས་ཕྱིར་ཕ་མ་ཡིན་པར་ཐག་ཆོད། དེས་ན་ཕ་མར་གྱུར་པའི་སེམས་ཅན་དྲིན་ཅན་དེ་རྣམས་ཁམས་གསུམ་འཁོར་བའི་ལས་སྣང་བག་ཆགས་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་དུ་སྙིང་རྗེ་དང་བྱམས་པ་བསྒོམ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་འགྲོ་ཀུན་སྒྲོལ་ནུས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད། སངས་རྒྱས་ཐོབ་པའི་ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐབས་གསང་སྔགས་ཀྱི་སྤྱོད་པ་ལྷ་སྔགས་འོད་གསལ་གྱི་རྣལ་འབྱོར་གསུམ་གྱིས་མཐར་ཕྱིན་པར་བྱའོ་སྙམ་དུ་འཇུག་སེམས་ཁྱད་པར་ཅན་བསྐྱེད་ཅིང་། འགྲོ་རྣམས་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །ཞེས་ངག་ཏུ་བརྗོད་ཅིང་ཡིད་ལ་བསམ་མོ། །དེ་ལྟར་བློ་ཀུན་རྫོབ་པའི་རྣམ་པ་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱི་རང་བཞིན་འོད་གསལ་བའི་ངང་དུ་ཇི་ཙམ་གནས་ཀྱི་བར་དུ་བཞག་པར་བྱའོ། །དེ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་ལྷ་སྔགས་ཏིང་ངེ་འཛིན་རྣམ་པ་ཐམས་ཅད་པ་ལ་སློབ་པའི་གཞིར་གྱུར་པ་ཡིན་པས། གཟུང་བའི་ཡུལ་དང་འཛིན་པའི་སེམས་སུ་རྟོག་པའི་ཡུལ་ཅན་གྱི་བློ་དང་བྲལ་བའི་རྣམ་པར་མི་རྟོག་པའི་ངང་ལ་བཞག་པས་ཡུལ་སྣོད་བཅུད་ཀྱི་སྣང་བའང་མི་དམིགས་པར་དབྱིངས་སུ་ནུབ་སྟེ་སྟོང་འཛིན་དྲི་མས་མ་བསླད་པའི་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་བསླབ་པར་བྱ་ཞིང་། གཟུང་འཛིན་སྣོད་བཅུད་མི་དམིགས་སྟོང་པའི་ངང་། །ཞེས་ཚིག་གིས་ཀྱང་གསལ་གདབ་བོ། །དེ་རྣམས་ནི་སྔོན་དུ་འགྲོ་བའི་རིམ་པ་སྟེ། དངོས་གཞི་ལ་གསུམ་ལས། སྐུ་བསྐྱེད་རིམ་ལྷའི་རྣལ་འབྱོར་ནི། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་ངང་ལས་མ་གཡོས་པར་ནམ་མཁའ་ལ་འཇའ་ཚོན་དང་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་སྐད་ཅིག་གིས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་སོ་སྙམ་དུ་དྲན་པ་ཙམ་གྱིས་རིམ་གྱིས་བསྐྱེད་པ་མ་ཡིན་པར་རྫོགས་ཐབས་སུ་ཝལ་གྱིས་གསལ་བ་སྟེ། རིམ་གྱིས་པ་རྣམས་ལ་རྫུས་སྐྱེས་ཀྱི་བསྐྱེད་རིམ་དང་། གཅིག་ཆར་བ་རྣམས་ལ་རྫོགས་རིམ་གྱི་ལྷ་སྐུའོ། །རྣམ་པ་ཇི་ལྟར་གསལ་བ་ནི། སྐད་ཅིག་དྲན་རྫོགས་པད་ཉི་ཟླ་གདན་སྟེང་། །ཞེས་པ་ནས། ཐུགས་ཀར་གུ་རུ་པདྨ་འབྱུང་གནས་གསལ། །ཞེས་པའི་བར་ཏེ་ཚིག་གི་རྗེས་སུ་དོན་དྲན་བཞིན་བསྒོམ་པས་དོན་གོ་སླའོ། །དེ་ལ་འོད་དཔག་མེད་ནི་རལ་པའི་ཐོར་ཚུགས་ཀྱི་རྩར་པདྨ་ཟླའི་གདན་ལ་དབུ་རྒྱན་གྱི་ཚུལ་དུ་བསྒོམ། སློབ་དཔོན་ཆེན་པོ་ནི་ངོ་བོ་རྩ་བའི་བླ་མ་རྣམ་པ་ཨོ་རྒྱན་པདྨ་བཞུགས་གནས་ཐུགས་ཀའི་དབུས་སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པར་ཁ་བྱེ་བའི་དབུས་ཟླ་གདན་ལ་ཡེ་ཤེས་སེམས་པའི་ཚུལ་དུ་བསྒོམ། གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི། དེ་ཡི་ཐུགས་ཀར་ཟླ་སྟེང་ཧྲཱྀཿཡིག་མཐར། །ཞེས་པ་ནས། གནོད་བྱེད་དགྲ་བགེགས་ཆོས་ཉིད་དབྱིངས་སུ་དག །ཅེས་པའི་བར་ཏེ། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཨོ་རྒྱན་གྱི་ཐུགས་ཀར་ཟླ་གདན་ལ་ཧྲཱྀཿམཐར་ཡིག་དྲུག་གིས་བསྐོར་བ་ལ་སེམས་གཏད་ནས་བཟླ་བ་བསྙེན་པ། དེ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་སྣང་གྲག་དྲན་རྟོག་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་རྩལ་སྦྱོང་ཞིང་བྱིན་རླབས་དང་དངོས་གྲུབ་བསྡུ་བ་སྒྲུབ་པ། ཕྲིན་ལས་རྣམ་བཞིའི་དམིགས་པའི་ལྡེ་ཁ་བསྒྱུར་བ་ལས་སྦྱོར་ཏེ། བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་ཀྱི་སྙིང་པོ་ཡི་གེ་དྲུག་མ་གསལ་དག་སྙན་པའི་དབྱངས་ཀྱིས་དལ་དྲེལ་རན་པ་ཆུ་བོའི་རྒྱུན་བཞིན་བཟླ་བའོ། །གསུམ་པ་ཐུགས་རྫོགས་རིམ་འོད་གསལ་རྣལ་འབྱོར་ནི། ལྷ་སྔགས་ཀྱི་སྣང་ཆ་དེ་དག་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་གསལ་ལ་འཛིན་རྟོག་མེད་པའི་རང་མདངས་སུ་ཤར་བ་ཙམ་ལས་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། ལྷ་སྔགས་ཀྱི་རྣམ་པར་ཤར་བཞིན་པའི་རང་དུས་ཉིད་ནས་ངོ་བོ་རིག་སྟོང་དུ་སངས་སེ། རང་བཞིན་གསལ་རིག་ཏུ་རྗེན་ནེ། རོལ་རྩལ་འགགས་མེད་དུ་ལྷང་ངེ་། འཕྲོ་གནས་གང་ལྟར་ཡང་ངོ་བོ་གཉུག་མའི་ཤེས་པ་མཐའ་གྲོལ་རང་བབས་ཆེན་པོའི་ངང་དུ་མ་ཡེངས་ཙམ་དུ་ཤེས་བཞིན་ཆེན་པོའི་མིག་གིས་བལྟས་ཏེ། བློས་བྱས་ཀྱི་སྒོམ་རྒྱུ་ཏིལ་གྱི་ཤུན་པ་ཙམ་ཡང་མེད་པར་བཏང་སྙོམས་ཆེན་པོའི་ངང་ལ་བཞག་ནས་བློ་བྲལ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པར་བྱའོ། །དེ་ནི་མ་ཡེངས་མི་བསྒོམ་མཐའ་བྲལ་ཆོས་སྐུའི་ངང་། །རང་བྱུང་རིག་པ་དོན་གྱི་འཛབ་འདི་བཟླས། །ཅེས་པའི་དོན་ནོ། །དེ་ལྟར་སེམས་ཉིད་འོད་གསལ་གྱི་རང་སོ་མ་ཤོར་བའི་ངང་ནས་འགྱུ་དྲན་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་རྩལ་སྦྱོང་བ་ནི། བསྐྱེད་རྫོགས་ཟུང་འཇུག་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་རང་བཟོའི་དྲིས་མ་བསླད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྒོ་འདི་ལྟ་བུ་ལ་བརྟེན་ནས་སྙིང་པོ་ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་ཡོན་ཏན་ཀྱང་བསམ་གྱིས་མི་ཁྱབ་སྟེ། ཟ་མ་ཏོག་བཀོད་པའི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཡི་གེ་དྲུག་པའི་རིགས་སྔགས་འདི་བཟླས་པར་བྱས་ན་སྤོབས་པ་མི་ཟད་པར་འགྱུར་རོ། །ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་རོ། །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཉི་མ་རེ་རེ་བཞིན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །ཞེས་དང་། གང་དག་ཕ་རོལ་གྱི་བུད་མེད་ལ་ཆགས་ནས་འདོད་ལོག་སྤྱོད་པ་དང་། སྲོག་གཅོད་པའི་ལས་དང་། ཕ་མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མཆོད་རྟེན་དང་གཙུག་ལག་ཁང་བཤིག་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཟ་མ་ཏོག་བཀོད་པའི་ཡི་གེ་དྲུག་པ་འདིས་རྩ་བ་ནས་འདག་པར་བྱེད་དོ། །ཅེས་སོགས་མདོ་རྒྱུད་ཀུན་ནས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེ་ཡན་ཆད་ནི་ཐུན་གྱི་དངོས་གཞིའོ། །རྗེས་ཀྱི་བྱ་བ་ནི། དགེ་སྦྱོར་ཟིན་མ་ཐག དགེ་དེས་མཁའ་མཉམ་སེམས་ཅན་རྣམས། །ཅེས་པ་ནས། བཀྲ་ཤིས་རྟག་ཏུ་སྣང་བར་ཤོག །ཅེས་པའི་བར་བརྗོད་ཅིང་། འདིར་བསྐྱེད་རྫོགས་ཟབ་མོའི་ངང་ནས་རིགས་སྔགས་ཀྱི་རྒྱལ་པོ་ཡི་གེ་དྲུག་པ་བཟླས་པའི་དགེ་བ་ཅི་ཙམ་ཐོབ་པ་དེ་ཉིད་ཀྱིས་མཚོན་རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་ནས། བདེ་བ་ཐམས་ཅད་ཀྱི་མཆོག་བྲི་གང་ཟད་པ་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་རྩོལ་མེད་རྣམ་པར་མི་རྟོག་པའི་ཕྲིན་ལས་ཡིད་བཞིན་གྱི་ནོར་བུ་ལྟ་བུས་འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་བཀྲ་ཤིས་དམ་པ་རྟག་ཏུ་སྣང་བའི་རྒྱུར་གྱུར་ཅིག །ཅེས་བདག་གཞན་དགེ་རྩ་ཐམས་ཅད་ལ་བདེན་ཞེན་གྱི་འཆིང་བས་མ་བཅིང་པ་སྒྱུ་མ་རྨི་ལམ་ལྟ་བུའི་ཚུལ་གྱིས་བསྔོ་བར་བྱ་ཞིང་བདེ་སྨོན་བཟང་སྤྱོད་སོགས་སྨོན་ལམ་ཁྱད་པར་ཅན་གང་ཤེས་རྩེ་གཅིག་ཏུ་གདབ་པར་བྱའོ། །གྲོགས་དག་སེམས་བསྐྱེད་བསམ་པ་བཟང་པོའི་ངང་། །ལྷ་གཅིག་ཇོ་བོ་སྤྱན་རས་གཟིགས་བསྒོམ་ནས། །སྔགས་གཅིག་ཡི་གེ་དྲུག་པ་འདི་བཟླས་ན། །ཕྱི་མའི་འགྲོ་ས་ནུབ་ཕྱོགས་བདེ་བ་ཅན། །ལམ་སྣ་འདྲེན་མཁན་མགོན་པོ་འོད་དཔག་མེད། །སྐྱོ་གྲོགས་བྱེད་པ་ལྷ་མོ་སྒྲོལ་མ་སྟེ། །བར་ཆད་བདུད་རྣམས་རྟ་མཆོག་རྒྱལ་པོས་འདུལ། །བྱིན་རླབས་དབང་བསྐུར་ཨོ་རྒྱན་པདྨས་མཛད། །ཐེ་ཚོམ་མི་དགོས་མདོ་རྒྱུད་ལུང་གིས་གྲུབ། །རྒྱལ་བ་རྒྱལ་སྲས་ཡེ་ཤེས་ཆོས་ཉིད་འདྲེལ། །གདུལ་བྱ་འདུལ་བྱེད་ལས་སྨོན་ཐུགས་རྗེས་འདྲེལ། །རྒྱུ་འབྲས་མི་བསླུ་རྟེན་འདྲེལ་ཟབ་མོས་འདྲེལ། །ཐམས་ཅད་ཆོས་ཉིད་བསམ་མི་ཁྱབ་པས་འདྲེལ། །འདྲེལ་ལྡན་གཏམ་ལ་དགོས་པ་བསམ་མི་ཁྱབ། །དགེ་དེས་བདག་གཞན་འདྲེལ་པ་ཐོགས་ཚད་ཀུན། །བདེ་ཆེན་པོ་ཊ་ལ་དང་པདྨ་འོད། །སྐུ་གསུམ་དག་པའི་ཞིང་དུ་སྐྱེ་བར་ཤོག །ཅེས་པ་འདི་ནི་རྣམ་དཀར་དགེ་བའི་བསམ་པ་དང་ལྡན་པ་པདྨ་ཕུན་ཚོགས་ཀྱི་མོས་ངོར་དུས་མཐའི་མ་ཎི་པ་པདྨ་བཛྲ་པས་པདྨ་རིའི་ལྗོངས་འདབ་སུ་བྲིས་པས་རང་གཞན་སེམས་ཅན་ཐམས་ཅད་སྐུ་གསུམ་ངོ་བོ་གཅིག་གིས་བསྡུས་པའི་ཞིང་ཁམས་གང་མོས་དེར་སྐྱེ་བའི་རྒྱུར་གྱུར་ཅིག །དགེའོ།།


previousའགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱི་རིམ་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པར་གྲགས་པའི་སྒོམ་ལུང་རྒད་པོ་མཛུབ་ཁྲིད་ཀྱི་གདམས་པ་ཨི་ཐི།next