Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།


   
  collapse section
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཤེས་རབ་བློ་འཕེལ།
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཤེས་རབ་བློ་འཕེལ།next

འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཤེས་རབ་བློ་འཕེལ།

༄༅། །འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཤེས་རབ་བློ་འཕེལ་ཅེས་བྱ་བ་བཞུགས་སོ། །སྐལ་བཟང་ཐར་བ་དོན་གཉེར་པས། །རྨོང་བའི་དྲྭ་བ་ཀུན་བསལ་ནས། ཤེས་རབ་སྣང་བ་རྒྱས་འདོད་ན། །མགོན་པོ་འཇམ་པའི་དབྱངས་ཉིད་བསྒྲུབས། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། །ཐོག་མར་ཡིད་མཐུན་གནས་གཙང་མར། །འཇམ་དཔལ་དང་ནི་དབྱངས་ཅན་མའི། །སྐུ་རྟེན་བྲིས་སྐུ་ཚད་ལྡན་བཀྲམ། །དེ་མཐུན་སྟེགས་བུ་ཁོད་སྙོམས་སྟེང་། །ཚོན་དཀྱིལ་ཚོམ་བུ་གང་འཛོམ་མཐར། །ཉེར་སྤྱོད་བདུན་དང་དཀར་མངར་གྱིས། །མཆོད་གཏོར་རིལ་བུས་བརྒྱན་པས་བཤམ། །སྤྲོ་ན་དབུས་སུ་མཉྫིའི་ཁར། །སྐུ་དང་རྒྱུད་ཀྱི་གླེགས་བམ་དང་། །ཤེས་རབ་རིལ་བུ་དང་བཅས་པའི། །སྒྲུབ་པའི་རྫས་བཅས་དར་གདུག་ཕུབ། །བདེ་བའི་སྟན་ལ་བག་ཕབས་ཏེ། །ངེས་འབྱུང་བྱང་ཆུབ་སེམས་གཉིས་ཀྱིས། །རྒྱུད་སྦྱངས་སྐྱབས་འགྲོ་སེམས་བསྐྱེད་བྱ། །མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེ། ན་མོ། སྐུ་གསུམ་རྒྱལ་བ་རིགས་ལྔ་ཡི། །ཐུགས་རྗེའི་རྣམ་འཕྲུལ་ལྷག་པའི་ལྷ། །ཉི་ཟླའི་དཀྱིལ་འཁོར་ཤར་བ་ལྟར། །འགྲོ་བའི་བློ་མུན་སེལ་མཛད་པའི། །མཁྱེན་རབ་བདག་པོ་འཇམ་དཔལ་དབྱངས་། །ཤེས་རབ་ལྷ་མོ་དབྱངས་ཅན་མ། །རྒྱལ་བ་སྲས་དང་བཅས་རྣམས་ལ། །བདག་ནི་སྙིང་ནས་སྐྱབས་སུ་མཆི། །ལན་གསུམ། །བདག་གཞན་འགྲོ་བ་ཐམས་ཅད་ཀྱི། །མི་ཤེས་མུན་པ་ཀུན་བསལ་ནས། །ཀུན་མཁྱེན་ཡེ་ཤེས་ཐོབ་པའི་ཕྱིར། །ལྷག་པའི་ལྷ་མཆོག་སྒྲུབ་པར་བྱ། །ལན་གསུམ། །དེ་ནས་མཆོད་རྫས་བརླབ་པ་ནི། །རང་ཉིད་ལྷར་གསལ་ཐུགས་ཀར་ནས། རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས། །བྷྲཱུྃཿལས་རིན་ཆེན་སྣོད་ཡངས་པར། །ཨོཾ་ལས་ཉེར་སྤྱོད་གཏོར་མར་བཅས། །འདོད་ཡོན་མཆོད་པའི་སྤྲིན་ཕུང་ནི། །ནམ་མཁའ་མཉམ་པར་སྤེལ་ཞིང་བསྒྱུར། །ཨོཾ་བཛྲ་ཨ་རྒྷཾ་ཨཱ ཧཱུྃ་སོགས་ནས་ཤབྟའི་བར་དང་། ཨོཾ་མ་ཧཱ་བ་ལིངྟ་སརྦ་པུ་ཛ་ཨཱ་ཧཱུྃཿ ལན་གསུམ། དེ་ནས་དངོས་གཞིའི་རིམ་པ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷོ་སོགས་ནས་ཨཏྨ་ཀོ་ཧཾ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་། །སྙིང་རྗེ་སྒྱུ་མའི་ཆོ་འཕྲུལ་ལས། །ཕྱོགས་བཅུ་ཐམས་ཅད་དག་པའི་ཞིང་། །ཡངས་ཤིང་རྒྱ་ཆེ་མུ་མཐའ་མེད། །རིན་ཆེན་གསེར་གྱི་ས་གཞི་ལ། །བཻཌཱུརྱ་ཡི་མིག་མང་བྲིས། །སྣ་ཚོགས་ལྗོན་པའི་ཡལ་འདབ་རྣམས། །མེ་ཏོག་འབྲས་བུའི་ཁུར་གྱིས་དུད། །ཡན་ལག་བརྒྱད་ལྡན་རྫིང་བུ་ལ། །ཆུ་བྱའི་ཚོགས་རྣམས་འཕུར་ལྡིང་གཡོ། །ཁོར་ཡུག་རི་དང་སྐྱེད་མོའི་ཚལ། །ལྷ་དང་དྲང་སྲོང་གྲུབ་པ་དང་། །རིག་པ་འཛིན་པའི་ཚོགས་ཀྱིས་བསྟེན། །དེ་དབུས་མཆོག་དང་ཐུན་མོང་གི །དངོས་གྲུབ་འདོད་འབྱུང་འོ་མའི་མཚོ། །དྭངས་བསིལ་དཀར་ཟླུམ་འཁྱིལ་བ་ལ། །ཆུ་སྐྱེས་པདྨ་ཨུཏྤ་ལ། །ཀུནྡའི་ཚོགས་ཀྱིས་མཛེས་པར་ཁྱབ། །མཚོ་དཀྱིལ་པདྨའི་སྡོང་པོ་ནི། །རྩ་བ་གཅིག་ལས་སྐྱེས་པ་ཡི། །ཡལ་འདབ་ལོ་འབྲས་ཕྱོགས་ཀུན་གཡོ། །རྩེ་མོ་གཉིས་སུ་གྱེས་པའི་སྟེང་། །སྣ་ཚོགས་འདབ་མ་སྟོང་ལྡན་པའི། །པདྨ་ཉི་ཟླའི་གདན་གྱི་དབུས། །མུྃཿདང་ཧྲཱིཿཡི་ས་བོན་ལས། གཡས་སུ་རྒྱལ་བ་ཀུན་གྱི་ཡབ། །རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པ། །སྨྲ་བའི་སེངྒེ་འཇམ་དཔལ་དབྱངས། །དམར་སེར་གུར་གུམ་གསལ་བའི་མདངས། །རལ་བའི་ཟུར་ཕུད་ལྔ་དང་ལྡན། །ཕྱག་གཡས་ཤེས་རབ་རལ་གྲི་འཕྱར། །འགྲོ་བློའི་མི་ཤེས་དྲྭ་བ་གཅོད། །གཡོན་པས་ཨཏྤལ་གླེགས་བམ་བསྣམས། །ཤེས་བྱའི་ཆོས་ཀུན་ཐུགས་སུ་ཆུད། །སེམས་དཔའི་སྐྱིལ་མོ་ཀྲུང་གི་བཞུགས། །གཡོན་དུ་རྒྱལ་བ་ཀུན་གྱི་ཡུམ། །རྒྱ་མཚོའི་བུ་མོ་དབྱངས་ཅན་མ། །སྟོན་ཟླ་གཞོན་ནུའི་ལང་ཚོ་ཅན། །གནག་སྣུམ་དབུ་སྐྲའི་ཟར་བུ་དང་། །སྨིན་འཁྱུག་ནུ་འབུར་སྒེག་པའི་ཉམས། །ཕྱག་གཉིས་རིན་ཆེན་པི་ཝཾ་བསྒྲེང་། །ཆོས་ཀུན་མ་འདྲེས་གསལ་བར་སྟོན། །ཞབས་ཟུང་ཙོག་པུའི་སྟབས་ཀྱིས་བཞུགས། །གཉིས་ཀའང་དར་གྱི་ཆས་གོས་དང་། །རྣམ་མང་རིན་ཆེན་རྒྱན་གྱིས་སྤྲས། །བལྟ་བས་མི་ངོམ་མཚན་དཔེར་ལྡན། །སྣ་ཚོགས་འོད་ཀྱི་དཀྱིལ་འཁོར་མཛེས། །ཉི་ཟླའི་དཀྱིལ་འཁོར་རྒྱས་པ་ལ། །རྒྱུར་སྐར་ཚོགས་ཀྱིས་བསྐོར་བ་བཞིན། །མཐའ་སྐོར་སངས་རྒྱས་བྱང་སེམས་དང་། དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས། །བསམ་གྱིས་མི་ཁྱབ་རྡུལ་འཁྲིགས་བཞིན། །གནས་གསུམ་ཡི་གེ་གསུམ་གྱིས་མཚན། །རྡོ་རྗེ་གསུམ་གྱི་ངོ་བོ་གྲུབ། །རྣམ་སྣང་མཛད་དང་ལོ་ཙཱ་ནའི། །རིགས་ཀྱི་བདག་པོར་བྱས་པ་ཡི། །གཤེགས་པ་ལྔ་དང་གཤེགས་མ་ལྔས། །ཡབ་ཡུམ་སོ་སོར་དབུ་བརྒྱན་གྱུར། །སྤྱན་འདྲེན་པ་ནི། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས། །རང་བཞིན་ཆོས་དབྱིངས་གནས་མཆོག་ནས། །གྲངས་མེད་ཡེ་ཤེས་སེམས་དཔའི་ཚོགས། །མདུན་གྱི་ནམ་མཁར་སྤྱན་དྲངས་སོ། །ཨོཾ་བཛྲ་ས་མ་ཡཱ་ཛཿ ཨོཾཿམཐའ་དབུས་བྲལ་བ་རིག་པའི་དབྱིངས། །དུས་གསུམ་རྒྱལ་བ་ཀུན་གྱི་གནས། །འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། ལྷུན་གྱིས་གྲུབ་པའི་ལྷ་ཡི་ཚོགས། མཁའ་ལ་འཇའ་ཚོན་ཤར་བ་བཞིན། །ཡེ་ཤེས་རང་གསལ་སྤྱན་འདྲེན་གཤེགས། ཨོཾ་མཉྫུ་ཤྲཱི་སྭ་ར་སྭ་ཏི་ས་པ་རི་ཝ་ར་བཛྲ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི། །བརྟན་དང་གཡོ་བའི་འཇིག་རྟེན་ཀུན། །དེ་བཞིན་གཤེགས་པའི་བདག་ཉིད་དེ། །དམ་ཚིག་ཡེ་ཤེས་དབྱེར་མེད་པས། །ཆུ་ལ་ཆུ་བཞག་ལྟ་བུར་བཞུགས། །བཛྲ་ཏིཥྛནྟུ། ཕྱག་འཚལ་བ་ནི། །སྲིད་དང་ཞི་བ་མཉམ་པ་ཉིད། །དབྱིངས་ལ་བཟང་ངན་མ་མཆིས་ཀྱང་། །དོན་དམ་ལྷ་ཞལ་མཐོང་བའི་བརྡར། །དད་གུས་གདུང་བས་ཕྱག་འཚལ་ལོ། །ན་མོ་པཱུ་ཛ་ཧོཿ མཆོད་པ་ནི། དབང་པོའི་སྤྱོད་ཡུལ་ཇི་སྙེད་པ། །ཐམས་ཅད་ཀུན་བཟང་རོལ་བའི་རྒྱན། །སྣང་སྲིད་ཆོས་ཀུན་སྤང་བླང་བྲལ། ཤར་གྲོལ་ཞེན་མེད་མཆོད་པར་བཞེས། །རུ་པ་ཤབྟ་གནྡྷེ་ར་ས་པཪྴེ་དྷརྨ་སརྦ་མ་ཧཱ་སུ་ཁ་པཱུ་ཛ་ཧོ། །བསྟོད་པ་ནི། །ཨེ་མ་ཧོ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཤེས་དང་ཤེས་བྱ་ཐམས་ཅད་ལ། །རྟག་ཁྱབ་བྲི་གང་མེད་པར་བཞུགས། །ལྟ་དང་ཐེ་ཚོམ་ཀུན་སྤང་པའི། །དད་པའི་ཡིད་ལ་མངོན་སུམ་དུ། །མཁའ་ལ་འཇའ་ཚོན་ཇི་བཞིན་དུ། །མཚན་དཔེའི་དཀྱིལ་འཁོར་གསལ་བར་སྣང་། །རྟོག་མེད་རྡོ་རྗེའི་གསུང་གི་དབྱངས། །གདུལ་བྱའི་ཡིད་དང་རྗེས་མཐུན་པས། །རྣམ་ཐར་ཐེག་པའི་སྒོ་མོ་ནི། །བསམ་གྱིས་མི་ཁྱབ་ཀུན་དུ་གྲགས། །སྤྲོས་མེད་མཁའ་དང་མཉམ་པའི་ཐུགས། །གཟུངས་དང་ཏིང་འཛིན་ཡེ་ཤེས་ཀྱི། །གཏེར་གྱུར་སྙིང་རྗེའི་རང་བཞིན་ཅན། །ཕྱོགས་དང་རིས་མེད་མཉམ་པར་བརྡལ། །དཔག་བསམ་ཤིང་དང་ནོར་བུ་ལྟར། །ལྷུན་གྲུབ་ཡོད་ཏན་ཚོགས་ཆེན་པོ། །འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། །འབད་རྩོལ་མེད་པར་ཉེ་བར་གནས། །ཨེ་མ་ཧོ་སྲིད་པ་ཇི་སྲིད་པར། །རྒྱལ་བ་ཀུན་གྱི་ཕྲིན་ལས་ནི། །ཆགས་ཐོགས་མེད་པར་བསྒྲུབ་མཛད་པའི། །ལྷག་པའི་ལྷ་མཆོག་ཁྱོད་ཕྱག་འཚལ། །བདག་སོགས་འགྲོ་བ་ཐམས་ཅད་ཀྱི། །མི་ཤེས་དྲྭ་བ་ཀུན་བཅད་ནས། །ཟབ་དང་རྒྱ་ཆེའི་ཆོས་ཀུན་ལ། །བློ་གྲོས་སྣང་བ་རྒྱས་པར་མཛོད། །དེ་ནས་བཟླས་པ་བྱ་བ་ནི། །ཡབ་ཡུམ་ཐུགས་ཀར་ཨུཏྤལ་སྟེང་། །ཟླ་དཀྱིལ་དབུས་སུ་མཱུྃཿ་དང་ཧྲཱིཿ། །མཐར་བསྐོར་གདན་ལ་མ་རེག་ཙམ། །སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར། །འོད་ཀྱིས་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །རྒྱལ་བ་སྲས་བཅས་མཆོད་ཅིང་བསྐུལ། །དྲན་དང་ཤེས་རབ་ཏིང་ངེ་འཛིན། །གཟུང་དང་སྤོབས་པའི་ཡོན་ཏན་རྣམས། །སྐུ་དང་དབྱངས་གསལ་ཕྱག་མཚན་གྱི། །རྣམ་པར་ཚུར་འདུས་རང་ལ་ཐིམ། །འཆད་རྩོད་རྩོམ་ལ་ཐོགས་མེད་པའི། །བློ་གྲོས་སྣང་བ་རྒྱས་པར་བསམ། །ཨོྃ་ཝ་ཀི་ཤྭ་རི་མུྃ། །ཅེས་དང་། ཨོཾ་ཨ་ར་པ་ཙ་ན་ཡ་ཏི་ན་མཿ། སྔགས་ཚན་གཉིས་སམ་སོ་སོར་བཟླ། །དེ་ནས་ཡུམ་སྔགས་བཟླས་པ་ནི། །ཨོཾ་ཝ་ཀྱེ་དཱེ་ཝ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧྲཱིཿ། འབྲུ་འབུམ་རེ་བཟླས་བསྙེན་པའོ། །སྒྲུབ་དུས་མདུན་རྟེན་རང་འདྲ་བའི། །ལྷར་བསྒོམ་ཐུགས་ཀར་སྔགས་ཕྲེང་བཀོད། །སྤྲོ་བསྡུས་བཟུས་པ་སྔར་བཞིན་བྱ། །ལས་སྦྱོར་བདག་མདུན་ཐུགས་ཀ་ནས། སྔགས་ཀྱི་འོད་ཟེར་ཕྱོགས་བཅུར་སྤྲོས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །མི་ཤེས་རྨོངས་པ་ཀུན་བསལ་ནས། །ཤེས་རབ་སྣང་བ་རྒྱས་གྱུར་ཏེ། །སྐྱེས་པ་ཐམས་ཅད་འཇམ་དཔལ་དབྱངས་། །བུད་མེད་ཐམས་ཅད་དབྱངས་ཅན་མར། །གྱུར་བའི་ལྗགས་རྣམས་ཨུཏྤ་ལ། །མུཾཿདང་ཧྲཱིཿ་ཡི་མཚན་པ་ལས། །སྔགས་དང་རྡོ་རྗེའི་རྒྱུད་ཀྱི་སྒྲ། །ནམ་མཁའ་ཁྱབ་པར་སྒྲོགས་པར་བསམ། །སྔགས་ཚན་གསུམ་དང་འཇམ་དཔལ་གྱི། །མཚན་ཡང་དག་པར་བརྗོད་པའི་རྒྱུད། །གསུམ་བདུན་ཉེར་གཅིག་ལ་སོགས་པ། །གསལ་དག་སྙན་པའི་དབྱངས་ཀྱིས་བརྗོད། །དེ་ཚེ་དངོས་ཉམས་རྨི་ལམ་དུ། །རིག་པ་དྭངས་ཤིང་སྙིང་རྗེ་དང་། །ཤེས་རབ་སྤོབས་པའི་གཏེར་ཁ་རྡོལ། །བསྟན་བཅོས་སྣ་ཚོགས་བློ་ལ་འཆར། །སྐུ་གསུང་ཐུགས་ཀྱི་རྟགས་རྣམས་མཐོང་། །ཉི་ཟླ་ཤར་དང་ཁྲུས་བྱེད་པ། །གོས་དཀར་གྱོན་དང་གངས་རིར་འཛེགས། །དེ་སོགས་རྟགས་མཚན་བསམ་ལས་འདས། །རེ་དོགས་རློམ་སེམས་སྤང་བར་བྱ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་དང་། །རྟེན་འབྲེལ་སྙིང་པོ་གསུམ་གསུམ་དུ། །བཟླས་པས་བརྟན་བྱས་ཆད་ལྷག་སྐོང་། །དེ་ནས་རྗེས་ཀྱི་རིམ་པ་ནི། །མཆོད་བསྟོད་བརྟན་བཞུགས་ཉེར་བསྡུ་བྱས། །རང་རིག་སེམས་ཀྱི་དཀྱིལ་འཁོར་དུ། །ལྷ་ཚོགས་གསལ་སྟོང་ཆེན་པོར་ཤར། །ནམ་མཁར་འཇའ་འཚོན་ཡལ་བ་ལྟར། སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བཞག །ཨ་ཨཿ རྗེས་ཐོབ་འཇམ་དཔལ་དཔའ་བོའི་སྐུ། །གསལ་ལ་འཛིན་མེད་ཆུ་ཟླ་བཞིན། །མ་ཡེང་ཙམ་དུ་གནས་པ་ལས། །ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད། ཨོཾ་ཨ་ར་པ་ཙ་ན་དྷི༔ བསྔོ་བ་སྨོན་ལམ་ཤིས་པ་བརྗོད། །འཇམ་དཔལ་དཔའ་བོའི་དང་། །དུས་གསུམ་གཤེགས་པའི་སོགས། །དགེ་བ་འདི་ཡིས་ཤེས་རབ་ལྷའི། །གོ་འཕང་མྱུར་དུ་ཐོབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ་། །དེ་ཡི་ས་ལ་འགོད་པར་ཤོག །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་སོགས་དང་། ཕྱོགས་བཅུ་ནམ་མཁའི་སོགས་བརྗོད། །ཨོཾ་བཀྲ་ཤིས་གང་ཞིག་ཕྱོགས་བཅུའི་ཞིང་ཀུན་དུ། །མཆོག་གསུམ་ཉི་ཟླའི་སྣང་བ་རྟག་འཆར་བས། འགྲོ་བའི་མི་ཤེས་མུན་པ་ཀུན་བཅོམ་སྟེ། །ཐར་གླིང་ཉིན་མོར་བྱེད་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་འགྲོ་བའི་སྙིང་ལ་གནས། །རྟག་ཏུ་མི་འགྱུར་ཡེ་ཤེས་ཆེན་པོའི་སྐུ། །དང་པོའི་སངས་རྒྱས་འཇམ་དཔལ་གཞོན་ནུའི་ཞལ། །མངོན་སུམ་ཉིད་དུ་མཐོང་བའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སོ་སོར་ཡང་དག་རིག །རྣམ་བཞིར་དབང་འབྱོར་ངག་གི་དཔལ་ཐོབ་ནས། འཆད་རྩོད་རྩོམ་པས་གདུལ་བྱའི་སྐལ་པ་བཞིན། །ཟབ་རྒྱས་ཆོས་ཆར་འབེབས་པའི་བཀྲ་ཤིས་ཤོག །ཅེས་པའང་དད་དམ་གྱི་ནོར་དང་ལྡན་པའི་བཙུན་པ་དཀོན་མཆོག་ནོར་བུས་གསོལ་བ་བཏབ་པའི་ངོར་དོན་གྱི་ཐམས་ཅད་མཁྱེན་པ་གྲུབ་པའི་དབང་ཕྱུག་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེའི་གསུངས་པའི་འཇམ་དཔལ་དང་དབྱངས་ཅན་མ་སྦྲག་སྒྲུབ་ཤེས་རབ་བློ་འཕེལ་གྱི་རྩ་བའི་ཚིག་རྐང་གཞིར་བཟུང་ནས་ཅུང་ཟད་རྒྱས་སུ་བཏང་སྟེ་བཀླག་ཆོག་ཏུ་བཀོད་པ་འདི་ནི། ཞུ་བ་པོ་དེ་ཉིད་ཀྱིས་ལྷ་རྫས་ཀྱི་སྐྱེས་བཅས་འདི་ལྟར་དགོས་ཅེས་བསྐུལ་བའི་ནན་ངོ་མི་ལྡོག་ཙམ་དུ་རིག་འཛིན་གྱི་བཙུན་པ་པདྨ་བཛྲ་པས་དབེན་གནས་པདྨ་དགྱེས་པའི་ཐང་ནས་བྲིས་པ་ཐོག་མཐའ་བར་དུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།


previousའཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཤེས་རབ་བློ་འཕེལ།next