Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།


   
  collapse section
   
   
   
   
   
   
   
   
   
   
   
   
   
སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས་ཀྱི་སྙིང་པོའི་དོན་བསྡུས།
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   


 
previousསྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས་ཀྱི་སྙིང་པོའི་དོན་བསྡུས།next

སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས་ཀྱི་སྙིང་པོའི་དོན་བསྡུས།

༄༅། །སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས་ཀྱི་སྙིང་པོའི་དོན་བསྡུས་བཞུགས་སོ། །བླ་མ་དང་གཉིས་སུ་མེད་པ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་ཞིར་མི་གནས་ཤེས་རབ་ཆེན་པོའི་གདངས། །གདུལ་དཀའི་འགྲོ་ལ་ཐུགས་རྗེ་རབ་ཁྲོས་པ། །འཇིགས་རུང་ཉམས་བརྒྱའི་གར་གྱིས་སྲིད་པ་གསུམ། །འཇིགས་བྱེད་བླ་མ་ཧེ་རུ་ཀ་དེས་སྐྱོངས། །མཁའ་སྤྱོད་མེ་རི་འབར་བའི་ཕོ་བྲང་དུ། །ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་ཞལ་བལྟ་ཕྱིར། །སྔོན་བྱོན་རིག་འཛིན་བྱེ་བའི་གཤེགས་ཤུལ་ལ། །འཇུག་འདོད་སྐལ་བཟང་རྣམས་ཀྱི་དོན་ཆེད་དུ། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བའི། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་ཏིང་འཛིན་གྱི། །གསང་ལམ་རྡོ་རྗེའི་ཐེམ་སྐས་འདི་སྦྱིན་གྱིས། །གཡེལ་མེད་བརྩོན་པས་འདི་ལ་འབད་པར་འོས། །དེ་ལ་འདིར་སྒྱུ་འཕྲུལ་དྲྭ་བ་ཁྲོ་བོ་ཧེ་རུ་ཀའི་དཀྱིལ་འཁོར་བསྡུས་པའི་སྒྲུབ་ཐབས་སྙིང་པོར་དྲིལ་ཏེ་བསྙེན་པའི་ལས་བྱང་ཉུང་གསལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ལས་ཉེ་བར་བསྡུས་ཏེ་བཀོད་པ་ལ། སྒྲུབ་པ་པོ་འདི་ཉིད་དཀྱིལ་འཁོར་དུ་ཞུགས་ཤིང་ཕྱི་ནང་གསང་བའི་དབང་ཐོབ་པ། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཡང་དག་པར་གནས་པ། སྒྲུབ་འབྲས་གནས་སྐབས་སུ་རིག་འཛིན་བཞི་དང་། མཐར་ཐུག་མི་སློབ་པའི་ཟུང་འཇུག་ཧེ་རུ་ཀའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱིས་སྒྲུབ་པའི་ཐབས་འདི་ལ། སྔོན་འགྲོ་དང་། དངོས་གཞི། རྗེས་དང་གསུམ་མོ། དང་པོ་ལ་བདུན་གྱི། དང་པོ་བྱ་བའི་སྔོན་འགྲོ་ནི། དུར་ཁྲོད་དང་རི་བོ་དབེན་པ་ལ་སོགས་པ་བསམ་གཏན་དང་རྗེས་སུ་མཐུན་པའི་གནས་ཁང་མཛེས་པར་བརྒྱན། རྟེན་དང་ཕྱི་ནང་གི་མཆོད་གཏོར་ལ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བཤམས་ནས། བདེ་བའི་སྟན་ལ་འདུག་གོ། གཉིས་པ་རྒྱུད་སྦྱང་བ་ནི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་དཔལ་ཧེ་རུ་ཀ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པར་བྱས་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་ལན་གསུམ་ལ་སོགས་པས་རྒྱུད་དག་པར་བྱས་ལ། ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ་གནས་ལུགས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག་པར་བྱའོ། གསུམ་པ་མཚམས་བཅད་པ་ལ། མཚན་མེད་དང་། མཚན་བཅས་གཉིས་ལས། དང་པོ་ནི། ཧཱུྃ་ཞེས་བརྗོད་པས། འདི་ལྟར་གཟུང་བ་དང་འཛིན་པས་བསྡུས་པ་མཚན་མའི་དམིགས་ཡུལ་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའ་ལྟ་བུར་བསྒོམས་པས་ཐ་མལ་གྱི་བདེན་འཛིན་བསལ་ལོ། གཉིས་པ་ནི། འདིར་ཁྲོ་བོ་འཆོལ་བའི་མཚམས་གཅོད་གླེང་གཞི་ལྟར་འབྱོར་བར་སྣང་གསུངས་པ་བཞིན་འཇུག་བདེ་བས། སྟོང་པའི་ངང་ལས་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་པས་བདག་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། ཕཊ་ཕཊ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ། ཧ་ལ་ཧ་ལ། ཞེས་བརྗོད་པས་ཐུགས་ཀའི་ཧཱུྃ་ལས་ཁྲོ་བོའི་སྤྲིན་སྤྲོས་པས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་བཅུར་ཉི་མ་ལ་གནས་པའི་ཕྱོགས་སྐྱོང་བཅུའི་སྙིང་གར། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཕཊ་ཛཿ ཞེས་ཕུར་བུའི་ཚུལ་དུ་བཏབ་པ་རྣམས་ཁྲོ་བོ་བཅུར་གྱུར་པ་ནི། ཨོཾ་ཧཱུྃ་ཀཱ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ། ཧཱུྃ་ཀཱ་རའི་ཚབ་ཏུ། བི་ཛ་ཡ། ནཱི་ལ་དཎྜ། ཡ་མཱནྟ་ཀ །ཨཱརྱ་ཨ་ཙ་ལ། ཧྱ་གྲཱི་ཝ། ཨ་པ་རཱ་ཛི་ཏ། ཨ་མྲྀ་ཏ་ཀུནྜ་ལཱ། ཏྲཻ་ལོཀྱ་བི་ཛ་ཡ། མ་ཧཱ་བ་ལ་རྣམས་བཅུག་སྟེ། ཞེས་བརྗོད་པའི་རྐྱེན་གྱིས་རིམ་པ་བཞིན། སྟེང་དུ་ཧཱུཾ་མཛད། ཤར་དུ་རྣམ་རྒྱལ། མེར་དབྱུག་སྔོན་ཅན། ལྷོར་གཤིན་རྗེ་གཤེད། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་ཏུ་རྟ་མགྲིན། རླུང་དུ་འདོད་པའི་རྒྱལ་པོ། བྱང་དུ་བདུད་རྩི་འཁྱིལ་བ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། འོག་ཏུ་སྟོབས་པོ་ཆེ་རྣམས་སྐུ་སྟོད་ཁྲོ་བོ་ལ་སྨད་ཕུར་བུ་འབར་བས་བགེགས་ལ་གཟིར་བ། དེ་རྣམས་ལས་སྤྲུལ་པ་ཡང་སྤྲུལ་མཚོན་ཆ་སྣ་ཚོགས་དང་བཅས་པའི་འོད་ཟེར་རྣོན་པོ་འཁྲུག་ཅིང་འབར་བ་སྲུང་བའི་འཁོར་ལོས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །བཞི་པ་བཤགས་པ་ནི། བཛྲ་ས་མཱ་ཛཿ བླ་མ་རིག་འཛིན་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་དུ་སད་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོག་གི་བྱང་ཆུབ་ཚེ་འདི་ཉིད་ཀྱིས་མངོན་དུ་བྱ་སྙམ་པའི་དྲན་པས། ཚེ་རབས་ཐོག་མེད་ནས་བསགས་པའི་མི་དགེ་བའི་ལས་རྣམས་ལ་གནོང་ཞིང་འགྱོད། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད། སྔར་བྱས་ཀྱི་གཉེན་པོ་རྣལ་འབྱོར་གྱི་རིམ་པ་ལ་འཇུག་པར་བགྱིའོ་སྙམ་པའི་སེམས་བརྟན་པོས། ཧཱུྃ། ཡེ་ཤེས་སྐུ་མཆོག་གམ། བསྡུ་ན། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བརྗོད་པས་སྡིག་སྒྲིབ་དག་པར་བསམ། ལྔ་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་ལྷག་བསམ་བརྟན་པོས། སྤྲོ་ན། རྣལ་འབྱོར་དབང་པོ་དང་། བསྡུ་ན། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །ཀུན་རྫོབ་དང་ནི་དོན་དམ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །ཞེས་བརྗོད། དྲུག་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བྱས་ལ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་པའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦིར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་བསྡུས་པས། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབས་པར་བསམ། བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཕྱི་མཆོད་རྣམས། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་རང་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས། ཨ། དྷཱུ། པུ། ཨཱ། གན་རྣམས་འཕྲོས། སྥ་ར་ཎ་ཕཊ། ནམ་མཁའི་ཁམས་ཐམས་ཅད་ཁྱབ། སཾ་ཧ་ར་ཎ་ཧཱུྃ། འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ནས་མཆོད་རྫས་རྣམས་ལ་ཐིམ་པར་གྱུར། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། བདེ་མཆོག་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་པ་ལས། རྡོ་རྗེ་ཞབས་བསིལ་མ་ལ་སོགས་པ་མཆོད་པའི་ལྷ་མོ་ཁྲུས་གཞོང་དང་སྤོས་ཁང་མནྡྷ་རའི་མེ་ཏོག་ལ་སོགས་པ་ཐོགས་པས་ནམ་མཁའ་གང་བ་རྣམས་སུ་གྱུར་པར་བསམ་ལ་བྱིན་གྱིས་བརླབ། དེ་ནས་བདུད་རྩི་བསང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བདུད་རྩིའི་སྣོད་དུ་དམ་རྫས་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡབ་ཡུམ་གྱི་ས་བོན་གྱིས་མཚན་པ་རྣམས་འོད་དུ་ཞུ་ནས་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་གྱི་སྐུར་གྱུར་ཏེ་དེ་རྣམས་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་ལ། ཨོཾ་གྱིས་མཚན་པའི་ཁ་གཅོད་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་དང་རྭ་རྣམས་སུ་རྟ་མགྲིན་ཡུམ་བཞི་དང་བཅས་པ་གསལ་བར་གྱུར། ཨོཾ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་མོ། །གཡོན་པའི་མཐེབ་སྲིན་གྱི་རྡོ་རྗེས་བདུད་རྩིར་རེག་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླས་ཤིང་གཡོན་སྐོར་དུ་དཀྲུགས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། ཡུམ་བཞི་བདུད་རྩི་ལ་ཐིམ་པར་བསམ་མོ། །གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་གཏོར་གཞོང་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ལ་ཨོཾ་གྱིས་མཚན་པར་གྱུར། ཨོཾ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བ་ལ་བ་དྱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་བདུན་བརྗོད་པས། གཟུགས་རྡོ་རྗེ་མ་སོགས་ལྷ་མོ་ནམ་མཁའ་གང་བས་འདོད་ཡོན་དཔག་ཏུ་མེད་པར་སྤྲོ་བའི་བདག་ཉིད་དུ་གྱུར། རཀྟ་བསང་སྦྱངས། སྟོང་པའི་ངང་ལས་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རཀྟ་ལ་ར་ཡིག་དམར་པོས་མཚན་པར་གྱུར། ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པས་ནམ་མཁའ་གང་བར་བསམ་མོ། ཤིན་ཏུ་བསྡུ་ན་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་ཀྱང་འགྲུབ་བོ། །གཉིས་པ་དངོས་གཞི་ལ། ཁྱར་པར་གྱི་སྦྱོར་བ་དགོས་ཆེད་ཀྱི་སྒོ་ནས་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་རིམ་པ་དངོས་གཉིས། དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་གདུག་པ་ཅན་གྱི་ཡུལ་ལ་ཐུགས་རྗེ་ཆེན་པོས་ཆེར་ཁྲོས་ནས་འདུལ་བར་མཛད་པ་བཞིན་དུ། ཤིན་ཏུ་གདུག་ཅིང་གཏུམ་པའི་འགྲོ་བ་རྣམས་ལ་རྗེས་སུ་ཆགས་པའི་སྙིང་རྗེ་ཆེན་པོ་རྡོ་རྗེ་ཁྲོ་བོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་དུ་ལྡང་བར་བགྱིའོ་སྙམ་པས། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་དང་། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཞེས་པས་དམ་བཅའ་ཞིང་སེམས་བསྐྱེད་དོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་ཏིང་ངེ་འཛིན་དང་གསུམ། དང་པོ་ལའང་གསུམ་ལས། དེ་བཞིན་ཉིད་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་དམིགས་མེད་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དུ་བསྒོམ་པའོ། ཀུན་སྣང་ནི། ཨེ་མའོ་ཀུན་ཏུ་བཟང་པོ་ནི། །བདེ་ཆེན་སྤྲོས་བྲལ་ཐིག་ལེ་ལས། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ། །དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེས་མཁའ་ཁྱབ་ཀུན་ཏུ་སྣང་བར་བསྒོམ་པའོ། རྒྱུའི་ཏིང་ངེ་འཛིན་ནི། ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོའི་གར་དགུ་ཡི། །འཇིགས་པ་ཡི་ནི་དུས་ལྟར་དྲག །ཅེས་པས། རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཧཱུྃ་ཡིག་མཐིང་ག་གསལ་ཞིང་འབར་བར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་ཧཱུྃ་གི་རྣམ་པ་ནམ་མཁའ་གང་བར་འཕྲོས། དོན་གཉིས་བྱས། སཾ་ཧ་ར་ཎ་ཧཱུྃ། མཁའ་ཁྱབ་ཀྱི་ཧཱུྃ་རྣམས་གཞིའི་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་བ་ལས་བཛྲ་ཧཱུྃ་ཞེས་བརྗོད་པས། རྡོ་རྗེ་སྔོན་པོ་རྩེ་དགུ་པར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། སཾ་ཧ་ར་ཎ་ཧཱུྃ། ཚུར་འདུས་འོད་དུ་ཞུ་བ་ལས། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཅེས་བརྗོད་པས། རྒྱུའི་ཧེ་རུ་ཀ་སྐུ་མདོག་སྨུག་ནག་ཅིར་ཡང་འགྱུར་བ། རྡོ་རྗེ་དང་དུང་ཁྲག་འཛིན་པ་འབར་བའི་གར་དགུ་དང་ལྡན་པར་བསམ་མོ། །གཉིས་པ་ལ། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས་ཀྱི། དང་པོ་ལ་གསུམ་ལས། དང་པོ་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པ་ནི། རྒྱུའི་ཧེ་རུ་ཀའི་ཧཱུྃ་ལས། ཨེ་ཡཾ་ར་སུཾ་ཀེཾ་རཾ་རྣམས་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་འོད་དུ་ཞུ་བ་ལས་རིམ་པ་བཞིན། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ་གཡོ་བའི་བ་དན་གྱིས་མཚན་པ། ར་ལས་རཀྟའི་རྒྱ་མཚོ་དམར་པོ་ཟླུམ་པོ་རྦ་རླབས་འཁྲུགས་པ། སུཾ་ལས་ཞིང་ཆེན་གྱི་ས་གཞི་སྨུག་ནག་གྲུ་བཞི་པ། ཀེཾ་ལས་ཀེང་རུས་ཀྱི་རི་རབ་སྔོ་སྐྱ་གྲུ་བཞི་བང་རིམ་བཞི་དང་ལྡན་པ། རཾ་ལས་མེའི་དཀྱིལ་འཁོར་དམར་ནག་ནམ་མཁའི་མཐའ་ཀླས་པར་འབར་བར་བསམ་ལ། དུར་ཁྲོད་ཆེན་པོ་རབ་འཇིགས་པ། །ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ། །ཀེང་རུས་ཆེན་པོའི་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །ཞེས་པས་གསལ་གདབ་ཅིང་། དེ་དག་ཀྱང་ཕྱི་ལྟར་ན་འབྱུང་བ་ལྔ། ནང་ལྟར་ན་ཡེ་ཤེས་ལྔའི་རང་བཞིན། གསང་བ་ལྟར་ན་ཡུམ་ལྔའི་མཁའ་རྣམ་པར་དག་པའོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་དངོས་ནི། རི་རབ་ཀྱི་སྟེང་དུ་རྒྱུའི་ཧཱུྃ་ལས་བྷྲཱུྃ་སྨུག་ནག་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ། ཡེ་ཤེས་རིན་པོ་ཆེའི་བྷཉྫ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནང་ཉིས་རིམ་འབར་བའི་བར་ཁྱམས་གཉིས་དང་ལྡན་པའི་ཕྱི་མའི་རྩིག་པ་རིམ་པ་ལྔ་དང་ནང་རྩིག་པ་རིམ་པ་གསུམ་པ་སྟེ། གཉིས་ཀའང་ཐོད་པ་སྐམ་རྙིང་རློན་གསུམ་ཁྲག་ཞག་གི་འདམ་གྱིས་བརྩིགས་ཤིང་གནམ་ལྕགས་ཨུརྨོའི་གཟེར་གྱིས་གཏམས་པ་སོགས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་རྫོགས་པ་དྭངས་ཤིང་སྒྲིབ་པ་མེད་པར་ཀུན་ཏུ་གསལ་བ། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོའི་ལྟེ་བ་ལ་རྫོགས་པའི་ཕྱི་རོལ་སྲུང་བའི་ཁོར་ཡུག་གི་ནང་དུ་རུ་དྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བཀོད་པ་འཇིགས་སུ་རུང་བས་ཕྱོགས་ཐམས་ཅད་ཡོངས་སུ་གང་བར་བསམ་ལ། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འཁོར་བའི་འཁོར་ལོའི་རྩིབས་བཞི་པ། །གྲུ་ཆད་བཞིས་ནི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཅེས་གསལ་གདབ། གསུམ་པ་གདན་བསྐྱེད་པ་ནི། གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་དང་འཁོར་ལོ་རྩིབས་བཞི་ལ། སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བརྩེགས་པ་རེ་རེ། དེ་རྣམས་ཀྱི་སྟེང་དུ། དབུས་སུ་ལྷ་ཆེན་པོ་དབང་ཕྱུག་དང་དྲག་པོ། ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་སྲིན་པོ། བྱང་དུ་གདོན་སྦྱིན་རྣམས་རང་རང་གི་ཆུང་མ་དང་བཅས་པའི་ཕོ་རྣམས་ཁ་སྦུབ་དང་མོ་རྣམས་གན་རྐྱལ་བྱི་ཆིངས་སུ་བསྣོལ་བ། དེ་རྣམས་ཀྱི་སྟེང་དུ། དབུས་སུ་གཏུམ་པ་དོམ། ཤར་དུ་ཁྱུ་མཆོག །ལྷོར་མ་ཧེ། ནུབ་ཏུ་གཟིག །བྱང་དུ་སྟག་རྣམས་ཟུང་རེ་རེས་ཕོ་རྣམས་ཀྱི་སོག་ཕྲག་དང་། མོ་རྣམས་ཀྱི་ནུ་ཕྲག་ནས་ནན་ཏུར་དུ་བརྫིས་པ། འཁོར་ལོའི་གྲྭ་བཞི་དང་། གྲུ་ཆད་བཞི། ཁྱམས་ནང་མའི་ཕྱོགས་མཚམས་བརྒྱད། སྒོ་བཞི་རྣམས་སུ་ཉི་མ་ལ་གནས་པའི་ཞིང་གི་གདན་རེ་རེ། ཁྱམས་ཕྱི་མའི་ཕྱོགས་རེར་དྲུག་དྲུག་དང་། སྒོ་བཞི་རྣམས་སུ་ཞིང་སྐམ་པོའི་གདན་རྐྱང་པ་རེ་རེ། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱིས་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་གསལ་གདབ་བོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གཉིས་ཏེ། ཧེ་རུ་ཀར་བསྐྱེད་ནས་སྙོམས་འཇུག་བྱ་བ་དང་། ངོ་མཚར་སྲས་ཀྱི་དཀྱིལ་འཁོར་སྤྲོ་བའོ། དང་པོ་ནི། ནམ་མཁར་གནས་པའི་རྒྱུའི་ཧེ་རུ་ཀ་དབུས་ཀྱི་གདན་ལ་བཞུགས་པ་ལས། དེ་ཉིད་དཔལ་ཆེན་པོ་སྐུ་མདོག་སྨུག་ནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པར་གྱུར་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས་ཁྲོ་མོ་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུངས་ཏེ། ཧི་ཧི་ཞེས་དགྱེས་པའི་མདངས་ཀྱིས་ཡབ་ལ་བཏུད་ཅིང་། པདྨ་རྒྱས་པར་མཛད་ནས་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་རོལ་པར་བསམ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུངས་ཏེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་དེ། །གཉིས་མེད་འཁྲིལ་བས་དགྱེས་པར་ཐིམ། །ཞེས་བརྗོད་པས་གསལ་གདབ། གཉིས་པ་ལ། སྔགས་ཀྱི་སྤྲུལ་པ་སྤྲོ་བ། དེ་རིགས་ལྔར་བསྡུ་བ། འཁོར་གྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཁྱབ་པར། ཁྲོ་བོ་འཆོལ་བ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས། ལྟས་ཆེན་པོ་བཅོ་ལྔས་གདུག་པ་ཅན་གྱི་ཚོགས་ཐམས་ཅད་ཚར་བཅད་པར་བསམ་མོ། གཉིས་པ་དངོས་དང་། ཡན་ལག་གི་ལྷ་བསྒོམ་པའོ། དང་པོ་ནི། མཁའ་ཁྱབ་ཀྱི་ཁྲོ་བོའི་སྤྲིན་རྣམས་སླར་འདུས་པ་ལས། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྣམས་རང་ལ་ཐིམ་པས་འབྲས་བུའི་ཧེ་རུ་ཀར་གྱུར་པ་ནི། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། བདག་ཉིད་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་ཅིང་། ཉི་མ་བྱེ་བའི་གཟི་བྱིན་འབར་བ། དབུ་གསུམ་གྱི་གཡས་ཞལ་དཀར་ལ་བཞད་པ། གཡོ་ཞལ་དམར་ལ་གཤེ་བ། དབུས་ཞལ་མཐིང་ནག་དྲག་པོར་ཁྲོས་པའི་ཉམས་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། རྣམ་པར་འགྱུར་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུག་པའི་ལྗགས་འདྲིལ་ཞིང་རྡོ་རྗེའི་གད་མོས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་ཧཱུྃ་སྒྲ་འབྱིན་པ། རྫི་སྨིན་སྨ་ར་ལས་འབར་བའི་མེ་འཁྱོག་པོར་སྤྲོ་བ། སྐུ་ཆེ་ཞིང་ཡན་ལག་རགས་པ། ལང་ཚོ་རྒྱས་པའི་འགྱུར་བག་ཅན། རྡོ་རྗེའི་བ་སྤུས་གཏམས་པ། སྒེག་པ་དཔའ་བ་མི་སྡུག་པ། རྒོད་དང་གཤེ་དང་འཇིགས་སུ་རུང་། སྙིང་རྗེ་རྔམས་དང་ཞི་བ་སྟེ། གར་གྱི་ཉམས་དགུས་རབ་ཏུ་རྒྱས་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཉིས་པས་རྡོ་རྗེ་རྩེ་ལྔ་དང་། བྷཉྫ་དམར་གྱིས་གང་བ་ཐོགས་པ། གསུམ་པས་ཞིང་གི་དབྱུག་པ་དང་སྟོང་གི་འཇིག་རྟེན་འདེགས་པ། ཞབས་བཞི་བརྐྱང་ཞིང་། གཡོན་བསྐུམ་པའི་གྱད་ཆེན་པོའི་སྟབས་ཀྱིས་རང་གི་སྟན་ལ་རོལ་པ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་རིགས་ལྔའི་ཅོད་པན་ཅན་གྱིས་དབུ་བརྒྱན་པ། ཁྲག་འཛག་པའི་མགོ་བོ་ལྔ་བཅུའི་དོ་ཤལ་དང་། ཐོད་པ་ཚལ་བུའི་དཔུང་རྒྱན་ཅན། ཞིང་ཆེན་གྱི་གཡང་གཞི་དང་། གླང་པོ་ཆེའི་ཀོ་བ་རློན་པས་སྟོད་གཡོགས་ཤིང་། སྟག་གི་ལྤགས་པའི་ཤམ་ཐབས་གྲོལ་བ། ཀླུ་རྒྱལ་རིགས་དཀར་པོས་སྐྲ་ཆིངས། རྗེ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུལ་ཆུ། དམངས་རིགས་ལྗང་གུས་སྐ་རགས་དང་དོ་ཤལ། གདོལ་པ་ནག་པོས་ཕྱག་ཞབས་ཀྱི་གདུ་བུ་སྟེ། ཐམས་ཅད་ཀྱང་གདུག་པ་སྦྲུལ་གྱི་རྣམ་པ་ཅན། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཀྱིས་མཚན་པ་སྟེ་དུར་ཁྲོད་རོལ་པའི་ཆས་བརྒྱད་དང་། དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས་ཤིང་། སྙན་གོང་ནས་ཉི་ཟླའི་འོད་ཟེར་སྤྲོ་བ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པའི་ཉམས་འགྱུར་ཅན། གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་པ་ཁྲག་གིས་གང་བ་གཙོ་བོའི་ཞལ་དུ་སྟོབ་པ། གཟིག་གི་ལྤགས་པའི་ཤམ་ཐབས་སོགས་དུར་ཁྲོད་རོལ་པའི་ཆས་ཅན། ཞབས་གཡོན་བརྐྱང་ཞིང་། གཡས་བསྐུམ་པས་གཙོ་བོ་དང་དགྱེས་པར་འཁྲིལ་བ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་བདག་ཉིད་ཅན། བསྐལ་པའི་མེའི་ཕུང་པོ་རབ་ཏུ་འབར་བའི་ཀློང་ན་ཁམས་གསུམ་པའི་དབང་ཕྱུག་ཆེན་པོའི་ངོ་བོར་བཞུགས་པའོ། །དེ་ནས། དེ་བཞིན་གཤེགས་པའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་ཁྲོ་བོའི་ཚོགས་རྣམས་སོ་སོར་འདུས་པ་ལས་རིགས་བཞིའི་ཧེ་རུ་ཀར་གྱུར་ནས་འཁོར་ལོའི་རྩིབས་བཞིར་རང་རང་གི་གདན་ལ་བཞུགས་པ་ནི། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཤར་གྱི་རྩིབས་ལ། བུདྡྷ་ཧེ་རུ་ཀ་སྐུ་དང་རྩ་ཞལ་སྨུག་ནག །གཡས་དཀར་གཡོན་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ། གཉིས་པས་རྡོ་རྗེ་དང་དུང་ཁྲག ཐ་མས་ཞིང་དབྱུག་དང་ཏྲི་ཤཱུལ་འཛིན་པ། ཡུམ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་སྨུག་ནག་དང་མཉམ་པར་སྦྱོར་བ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ། རཏྣ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ལྷོའི་རྩིབས་ལ་རཏྣ་ཧེ་རུ་ཀ་སྐུ་དང་རྩ་ཞལ་སེར་ནག གཡས་སྔོ་གཡོན་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ། གཉིས་པས་རྡོ་རྗེ་དང་དུང་ཁྲག ཐ་མས་ཞིང་དབྱུག་དང་དགྲ་སྟྭ་འཛིན་པ། ཡུམ་རཏྣ་ཀྲོ་དྷཱི་ཤྭ་རཱི་མ་སེར་མོ་དང་མཉམ་པར་སྦྱོར་བ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། པདྨ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ནུབ་ཀྱི་རྩིབས་ལ་པདྨ་ཧེ་རུ་ཀ་སྐུ་དང་རྩ་ཞལ་དམར་ནག །གཡས་དཀར་གཡོན་སེར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པདྨ་དང་དྲིལ་བུ། གཉིས་པས་རྡོ་རྗེ་དང་དུང་ཁྲག ཐ་མས་ཞིང་དབྱུག་དང་རྔེའུ་ཆུང་འཛིན་པ། ཡུམ་པདྨ་ཀྲོ་དྷཱི་ཤྭ་རཱི་མ་དམར་མོ་དང་མཉམ་པར་སྦྱོར་བ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཀརྨ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། བྱང་གི་རྩིབས་ལ་ཀརྨ་ཧེ་རུ་ཀ་སྐུ་དང་རྩ་ཞལ་ལྗང་ནག གཡས་དཀར་གཡོན་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྒྱ་གྲམ་དང་དྲིལ་བུ། གཉིས་པས་རྡོ་རྗེ་དང་དུང་ཁྲག ཐ་མས་ཞིང་དབྱུག་དང་ཐོང་གཤོལ་འཛིན་པ། ཡུམ་ཀརྨ་ཀྲོ་དྷཱི་ཤྭ་རཱི་མ་ལྗང་མོ་དང་མཉམ་པར་སྦྱོར་བ། ཁྲག་འཐུང་ཡབ་ཡུམ་ཐམས་ཅད་ཀྱང་གར་དགུའི་རོས་སྒེག་ཅིང་། རྒྱན་དང་ཆ་ལུགས་གཙོ་བོ་དང་མཐུན་པ་རང་རང་གི་གདན་ལ་གཡས་བརྐྱང་པའི་སྟབས་ཀྱིས་བཞུགས་པའོ། གཉིས་པ་ནི། རང་རང་གི་ཐུགས་རིན་པོ་ཆེའི་གུར་ཁྱིམ་ལྟ་བུའི་ནང་དུ་ཉི་མ་ལ་གནས་པའི་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རེ་རེ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་ཡིག་ཕྲ་མོ་འབར་བ་རེས་མཚན་པར་བསམ་ལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་བསམ་ཞིང་། རིགས་ལྔའི་དབང་རྒྱ་སྤྱི་བོའི་གནས་ལྔར་འཇོག་ཅིང་དབང་སྔགས་རྣམས་བརྗོད་པ་སྟེ་རྡོ་རྗེ་ཕྱིར་བསྡམས་ལས་གུང་མོ་གཉིས་བརྐྱང་བ་སྤྱི་བོར་བཞག་ལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན༴ ཕྱག་རྒྱ་དེ་ལས་མཛུབ་མོ་གཉིས་བརྐྱང་བ་དཔྲལ་བར་བཞག་ལ། ཨོཾ་མ་ཧཱ་ཨཱ་དཪྴ༴ སྲིན་ལག་བརྐྱང་བ་རྣ་ལྟག་གཡས་པར། ཨོཾ་མ་ཧཱ་ས་མ་ཏཱ༴ མཐེ་བོང་བརྐྱང་བ་ལྟག་པར། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ན༴ མཐེའུ་ཆུང་བརྐྱང་བ་རྣ་ལྟག་གཡོན་པར། ཨོཾ་མ་ཧཱ་ཀྲྀཾ་ཏྱཱ་ནུཥྵཱ་ན༴ ཞེས་རིམ་པར་དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ། དེ་རྣམས་ཀྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཡི་གེ་གསུམ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། སྣང་མཐའ་དམར་པོ་པདྨ་འཛིན་པ། མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་བསམ་ཞིང་། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ༴ རྡོ་རྗེའི་ཕྱག་རྒྱ་མགྲིན་པར། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ༴ རྡོ་རྗེའི་ཕྱག་རྒྱ་སྙིང་གར། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ༴ ཞེས་བརྗོད་ཅིང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །གསུམ་པ་ལ་སྲས་ཀྱི་དཀྱིལ་འཁོར་སྤྲོ་བ་དང་། དབང་ཕྱུག་མ་བསྐྱེད་པ་གཉིས་ལས། དང་པོ་ནི། ཡབ་ཀྱི་གསང་གནས་ཧཱུྃ་ལས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ཨོཾ་དཀར་པོར་གནས་པའི་བུ་གར་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་རཀྟ་ཨཾ་དམར་པོ་གནས་པའི་གེ་སར་ཨས་མཚན་པར་མོས་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མི། སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུྃ་བྃ་ཧོཿ ཞེས་ཕྱག་རྒྱ་བཞིས་འཁྱུད་སྡོམ་སྤྲད་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་རྣམས་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་ཏེ། དགྱེས་པའི་བཞད་སྒྲ་ཧ་ཞེས་བརྗོད་པས་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་སྤྲིན་ཁྲོ་མོ་བརྒྱད་ཀྱི་རྣམ་པར་ཐོན་ནས་རིགས་བསྡུས་ཏེ། འཁོར་ལོའི་གྲྭ་དང་གྲུ་ཆད་བཞིར་རང་རང་གི་གདན་ལ་བཞུགས་པ་ནི། ཨོཾ་བཛྲ་གཽ་རཱི་ཧ། རྩིབས་མཆན་གྱི་ཤར་ལྷོར་ཀཽ་རཱི་མ་སྔོན་མོ་གཡས་ཞིང་དབྱུག་དང་གཡོན་བྷན་དམར་འཛིན་པ། ཨོཾ་བཛྲ་ཙཽ་རཱི་ཧ། ལྷོ་ནུབ་ཏུ་ཙཽ་རཱི་མ་སེར་མོ་མདའ་གཞུ་འགེངས་པ། ཨོཾ་བཛྲ་པྲ་མོ་ཧཱི་ཧ། ནུབ་བྱང་དུ་པྲ་མོ་ཧ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་བ། ཨོཾ་བཛྲ་བེ་ཏ་ལཱི་ཧ། བྱང་ཤར་དུ་བཻ་ཏ་ལཱི་ནག་མོ་གཡས་རྡོ་རྗེ་འཕྱར་ཞིང་གཡོན་བྱིས་པའི་བམ་ཟ་བ། ཨོཾ་བཛྲ་པུཀྐ་སཱི་ཧ། གྲུ་ཆད་ཀྱི་ཤར་ལྷོར་པུཀྐ་སཱི་དམར་སེར་ཞིང་ཆུང་གི་རྒྱུ་མ་འདྲེན་པ། ཨོཾ་བཛྲ་གྷསྨ་རཱི་ཧ། ལྷོ་ནུབ་ཏུ་གྷསྨ་རི་ལྗང་གུ་གཡས་པའི་རྡོ་རྗེས་གཡོན་གྱི་དུང་དམར་དཀྲུག་ཅིང་གསོལ་བ། ཨོཾ་བཛྲ་སྨ་ཤ་ནཱི་ཧ། ནུབ་བྱང་དུ་སྨ་ཤ་ནཱི་མཐིང་ནག་བྱིས་པའི་རོ་བཟུང་ནས་སྙིང་ཟ་བ། ཨོཾ་བཛྲ་ཙཎྜ་ལཱི་ཧ། བྱང་ཤར་དུ་ཙཎྜ་ལཱྀ་སེར་སྐྱ་མགོ་ལུས་འདྲལ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ་གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན། གཡོན་བརྐྱང་པའི་སྟབས་ཀྱིས་གནས་པའོ། །དེ་ནས་སྔར་བཞིན་དགྱེས་པའི་བཞད་སྒྲ་ཧེ་ཞེས་བརྗོད་པས། བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ཕྲ་མེན་བརྒྱད་ཀྱི་རྣམ་པར་ཐོན་ནས་རིགས་བསྡུས་ཏེ། གསེར་ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་དུ་རང་རང་གི་གདན་ལ་བཞུགས་པ་ནི། ཨོཾ་བཛྲ་སིདྷ་མུ་ཁཱི་ཧེ། ཤར་དུ་སེང་གདོང་མ་སེར་མོ་ཕྱག་གཉིས་ཐུགས་ཀར་གྱེན་དུ་བསྣོལ་བས་ཏི་ར་བཟུང་ནས་ཟ་བ། ཨོཾ་བཛྲ་བྱཱ་གྲྀ་མུ་ཁཱི་ཧེ། ལྷོར་སྟག་གདོང་མ་དམར་མོ་ཕྱག་གཉིས་མཐུར་དུ་བསྣོལ་ནས་རོ་བཟུང་བ། ཨོཾ་བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧེ། ནུབ་ཏུ་ཝ་གདོང་མ་ནག་མོ་ཞིང་ཆུང་བཟུང་ནས་ལྕེས་ལྡག་པ། ཨོཾ་བཛྲ་ཤྭ་ན་མུ་ཁཱི་ཧེ། བྱང་དུ་སྤྱང་གདོང་མ་མཐིང་ནག་ཞིང་ཆུང་གི་ཁོག་པ་འདྲལ་བ་སྟེ་མཆེ་བ་ཅན་བཞིའོ། །ཨོཾ་བཛྲ་གྲྀདྡྷ་མུ་ཁཱི་ཧེ། ཤར་ལྷོར་བཞད་གདོང་མ་དམར་སེར་གཡོན་ཞིང་ཆུང་བཟུང་བའི་རྒྱུ་མ་གཡས་པས་དྲངས་ནས་གསོལ་བ། ཨོཾ་བཛྲ་ཀངྐ་མུ་ཁཱི་ཧེ། ལྷོ་ནུབ་ཏུ་ཀངྐའི་མགོ་ཅན་དམར་སྐྱ་བམ་རོའི་རྐང་ལག་བཟུང་ནས་ཕྲག་པར་འགེལ་བ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ནུབ་བྱང་དུ་བྱ་རོག་གདོང་ཅན་ནག་མོ་གཡས་རལ་གྲི་དང་གཡོན་བྷན་དམར་འཛིན་པ། ཨོཾ་བཛྲ་ཨུ་ལཱུ་ཀཱ་མུ་ཁཱི་ཧེ། བྱང་ཤར་དུ་འུག་གདོང་མ་མཐིང་ནག་གཡས་ལྕགས་ཀྱུ་དང་གཡོན་བྷན་དམར་འཛིན་པ་སྟེ་གཤོག་པ་ཅན་བཞི། ཐམས་ཅད་ཀྱང་གཅེར་བུ་རང་རང་ཁྲོས་པའི་ཞལ་ཅན་དྲག་མོའི་རྣམ་འགྱུར་དུར་ཁྲོད་འབར་བའི་ཆས་དང་ལྡན་པའོ། །སླར་ཡང་དགྱེས་པའི་བཞད་སྒྲ་ཕཊ་ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་སྤྲིན་སྒོ་སྐྱོང་བཞིའི་རྣམ་པར་ཐོན་ནས་རིགས་བསྡུས་ཏེ་སྒོ་བཞིར་རང་རང་གི་གདན་ལ་བཞུགས་པ་ནི། ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛཿ ཤར་སྒོ་རྟ་གདོང་མ་སྔོན་མོ་ལྕགས་ཀྱུ་འཛིན་པ། ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ། ལྷོ་སྒོར་ཕག་གདོང་མ་ནག་མོ་མཆེ་ཞགས་འཛིན་པ། ཨོཾ་བཛྲ་ལོ་ཀ་བཾ། ནུབ་སྒོར་སེང་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ། ཨོཾ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ། བཞི་ཀའང་གཅེར་བུ་གཏུམ་ཞིང་ཁྲོས་པའི་ཉམས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཏེ། ཞལ་ཕྱིར་ཕྱོགས་ནས་འཁོད་པའོ། །གཉིས་པ་ནི། བདག་ཉིད་བཛྲ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཉི་ཤུ་རྩ་བརྒྱད་འཕྲོས། ཁྱམས་ཕྱི་མའི་ཕྱོགས་བཞིར་དྲུག་དྲུག་དང་། སྒོ་བཞིར་རེ་རེ་སྟེ་རང་རང་གི་སྟན་ལ་འཁོད་པ་ལས་རིམ་པ་བཞིན། མ་ནུ་རཀྵ་སཱི་བྷྱོ། བྲ་ཧྨ་ཎི་བྷྱོ། རཽ་ཏྲི་བྷྱོ། བིཥྞ་བཻ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་ནཱི་བྷྱོ། ཤར་སྟོད་ནས་གཡས་བསྐོར་དུ་རིམ་པ་བཞིན། སྲིན་མོ་སྨུག་ནག་ཐོད་རློན་འཆང་བ། ཚངས་མ་དམར་སེར་པདྨ་བསྣམས་པ། ལྷ་ཆེན་མོ་དཀར་ལྗང་ཏྲི་ཤུལ་འཛིན་པ། རྟོག་འདོད་མ་སྔོན་མོ་འཁོར་ལོ་འཆང་བ། གཞོན་ནུ་མ་དམར་མོ་མདུང་ཐུང་འཕེན་པ། བརྒྱ་བྱིན་མ་དཀར་མོ་ཨིནྡྲ་གདེངས་པའོ། །བཛྲ་པིངྒ་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། སཽ་མྱ་བྷྱོ། དཎྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ལྷོ་སྟོད་ནས་རིམ་པ་བཞིན། རྡོ་རྗེ་མ་སེར་མོ་དུང་ཁྲག་འཐུང་བ། བདུད་རྩི་མ་དམར་མོ་པདྨ་བསྣམས་པ། ཟླ་བ་མ་དཀར་མོ་པུཎྜ་རཱི་ཀ་འཛིན་པ། བེ་ཅོན་མ་ལྗང་ནག་དབྱུག་ཏོ་འཕྱར་བ། སྲིན་མོ་དམར་མོ་དུང་ཁྲག་འཐུང་བ། ཟ་བ་མ་ལྗང་ནག་རྒྱུ་མ་འདྲེན་པའོ། །ར་ཏི་བཛྲ་བྷྱོ། རུ་དྷི་ར་མ་ཏྟཱ་བྷྱོ། ཨེ་ཀ་ཙ་རི་ཎཱི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། ཝ་ཡ་ཝི་བྷྱོ། ནུབ་སྟོད་ནས་རིམ་པ་བཞིན་དགའ་བ་དམར་མོ་ཀ་ཏར་འཕྱར་བ། སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན་པ། རྡོ་རྗེ་སེར་མོ་སྤུ་གྲིས་གཅོད་པ། འདོད་པ་དམར་མོ་མདའ་གཞུ་འགེངས་པ། ནོར་སྲུང་མ་དཀར་མོ་བུམ་པ་འཛིན་པ། རླུང་ལྷ་མ་སྔོན་མོ་བ་དན་འཕྱར་བའོ། །མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨགྣེ་བྷྱོ། ཝཱ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ཏ་ནཾ་བྷྱོ། ཝཱ་རུ་ཎཱི་བྷྱོ། བྱང་སྟོད་ནས་རིམ་པ་བཞིན། གསོད་བྱེད་མ་དཀར་མོ་རལ་གྲི་འཛིན་པ། མེ་མོ་དམར་མོ་གསལ་ཤིང་འཕྱར་བ། ཕག་མོ་ནག་མོ་མཆེ་ཞགས་འཛིན་པ། རྒན་བྱེད་མ་དམར་མོ་ཞིང་ཆུང་ཟ་བ། སྣ་ཆེན་མ་དཀར་ལྗང་ཐོད་ཁྲག་འཐུང་བ། ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན་པའོ། །བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀཱ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦོ་ད་ར་བྷྱོ། ཤར་སྒོར་རྡོ་རྗེ་ནག་མོ་ཆེན་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་རྡོ་རྗེ་མོ་སེར་ནག་ཞགས་པ་འཛིན་པ། ནུབ་སྒོར་རྡོ་རྗེ་བུམ་སྣ་མ་དམར་ནག་ལྕགས་སྒྲོག་འཛིན་པ། བྱང་སྒོར་རྡོ་རྗེ་གསུས་འཛིན་མ་ལྗང་ནག་དྲིལ་བུ་འཁྲོལ་བ་སྟེ་ཐམས་ཅད་ཀྱང་གཏུམ་ཞིང་ཁྲོས་པ་དྲག་མོའི་ཉམས་ཅན་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཏེ། འདོད་རྒུར་བསྒྱུར་བའི་རྣམ་རོལ་ཅིར་ཡང་འཆར་བས་མེ་དཔུང་འབར་བའི་དབུས་ན་གནས་པའི་ལྷ་ཐམས་ཅད་ཀྱི་སྲོག་གི་གོར་ཡེ་ཤེས་སེམས་དཔའ་དྭངས་མའི་སྲོག་ཡིག་དང་བཅས་པས་མཚན་པའོ། །སྔགས་ཚིག་གིས་གསལ་གདབ་པ་ནི། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་གསལ་བརྟན་སྒྲིབ་པ་མེད་པ་འབར་བའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བའི་བདག་ཉིད་དུ་གནས་པར་བསམ་མོ། །སྨུག་ནག་སྔོ་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །སྦྲུལ་དང་ཐོད་ཕྲེང་ཉི་ཟླའི་ཆས། །སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་ཏེ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིའི་ཕྱག་རྒྱས་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །མཐའ་དབུས་མེད་པར་ཁྱབ་པ་ཡིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །ཞེས་གསལ་གདབ་བོ། །ཏིང་འཛིན་གསུམ་དང་ལྷའི་མངོན་རྟོགས་རྣམས་བསྙེན་པའི་དོན་པོ་ཆེ་ཡིན་པས་དང་པོ་པ་རྣམས་ཧ་ཅང་བསྡུས་ན་མི་དགའ་བས་དེ་ཙམ་བྱས་ལ། མངོན་རྟོགས་མ་འདྲེས་ཤིང་གོམས་པར་གྱུར་པ་ན་གཙོ་བོའི་མངོན་རྟོགས་ཙམ་གྱི་མཐར་བསྐྱེད་སྔགས་རྣམས་ཚང་བར་བརྗོད་མཐར། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་སོགས་ཀྱིས་གསལ་གདབ་པ་དང་དབང་བསྐུར་རྒྱས་གདབ་རྣམས་སྔགས་རྒྱ་ཙམ་གྱིས་ཀྱང་རུང་ངོ་། གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་ལྔ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ། མཆོད་པ་འབུལ་བ། བཤགས་ཤིང་དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བའོ། །དང་པོ་ལ་བཞི་སྟེ། སྙན་གསན་དབབ་པ། སྤྱན་དྲངས་པ་དངོས། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་ཏེ་བསྟིམ་པའོ། དང་པོ་ནི། གཙོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དྭངས་མའི་སྲོག་ཧཱུྃ་མཐིང་ག་ཡེ་ཤེས་ལྔའི་རང་བཞིན་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས། གཟུགས་སྐུ་ལྔ་བཅུ་རྩ་བརྒྱད་སྒྱུ་འཕྲུལ་ཡེཤེས་ཀྱི་འཁོར་ལོའི་རྣམ་པ་ཅན་དུ་སད་པར་བསམ་ལ། ཧཱུྃ ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཨོཾ་རུ་ལུ་རུ་ལུ་ཧཱུྃ། ཞེས་སྙན་གསན་དབབ། གཉིས་པ་ནི། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བྃ་ཧོཿ རཾ་ཞེས་པས་དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱར་དུ་བཞུགས་པར་བསམ་མོ། །གསུམ་པ་ནི། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས། རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་དུ་རྟོགས་པར་བྱའོ། བཞི་བ་ནི། ཨོཾ ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ལ་དབྱེར་མེད་དུ་བསྟིམས་ནས། ཧཱུཾ་ཧ་ཧེ་ཕཊ། ཅེས་བརྗོད་པས་བརྟན་པར་བྱས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ་ལོ། གཉིས་པ་ལ་ཕྱག་དང་མཆོད་པ་གཉིས་ལས། དེ་གཉིས་ཀའི་ཚེ་ཡང་། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་དེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་དང་མཆོད་པ་སོགས་ལས་ཀྱི་རིམ་པ་ལ་འཇུག་པར་མོས་པའོ། དེའི་དང་པོ་ཕྱག་འཚལ་བ་ནི། ཧཱུཾ སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོས་པའི་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ ཞེས་པས་ཕྱག་བྱའོ། གཉིས་པ་མཆོད་པ་བཅུ་གསུམ་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། ཧཱུྃ རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྩེ་དགུ་རྩེ་ལྔ་ཏི་ར་གཡས། །དྲིལ་བུ་དུང་དམར་འཇིག་རྟེན་གཡོན། །དཔལ་ཆེན་ཡེ་ཤེས་ཐབས་ཀྱི་རྒྱ། །ཤེས་རབ་དབྱིངས་མའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པས་ཤེས་རབ་ཐབས་ལ་བརྟེན། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཀྲོ་དྷི་ཤྭ་རཱི་དབྱིངས་ཀྱི་རྒྱ། །འབར་བའི་གདན་ལ་བཞུགས་ནས་ཀྱང་། །མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ། །ཞེས་པ་ཙམ་མོ། །གཉིས་པ་ཀུན་བཟང་ནི། ཨོཾ་ཧཱུྃ བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་ཕྱི་ནང་གསང་བའི་འདོད་ཡོན་གྱི་དངོས་པོ་མཐའ་དག་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོར་འབུལ་ལོ། གསུམ་པ་ཞབས་བསིལ་ནི། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་པ་བཞི་བསྣོལ་ནི། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། དེ་བཞིན་དུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོད་ནས་ཤངས་ལ་སོགས་པའི་དབང་པོ་སོ་སོ་ལ་ཐིམ་པར་བསམ་མོ། ལྔ་བ་སྨན་མཆོད་ནི། ཧཱུྃ རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཅན་ཀུན་བསྒྲལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི། །ཐུགས་དམ་དབྱིངས་ནས་བསྐུལ་བའི་ཕྱིར། །འདི་ནི་སྔོན་གྱི་ཐ་ཚིག་སྟེ། །སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ། །བདག་ཅག་དད་པས་འབུལ་ལགས་ན། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་སྤྱིར་འབུལ་ཞིང་གཞན་ཡང་། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །དེ་དབང་སྤྲུལ་པའི་འཁོར་ལོ་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྒྱལ་བ་ཆོས་ཀྱི་སྐུ་ཡི་དགོངས་པ་ཡིས། །བདེ་གཤེགས་རིགས་ལྔ་རིགས་གསུམ་མགོན་པོ་དང་། །སངས་རྒྱས་གསང་བའི་བར་དུ་བྱིན་རླབས་ཏེ། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །སྒྱུ་འཕྲུལ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གི །བརྒྱུད་པའི་བཀའ་བབ་དུ་མའི་ཆུ་བོ་ཀུན། །གཅིག་འདུས་དྲིན་ཅན་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཀཽ་རཱི་ལ་སོགས་མ་མོ་བརྒྱད་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སིདྷ་ལ་སོགས་ཕྲ་མེན་མཆེ་གཤོག་བརྒྱད། །རྡོ་རྗེ་གདོང་མོ་སྒོ་སྐྱོང་རྣམ་པ་བཞི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཞན་ཡང་རིག་འཛིན་དཔའ་བོ་མཁའ་འགྲོ་དང་། །དམ་ཅན་ཆོས་སྐྱོང་རིགས་དྲུག་ཕ་མ་སོགས། །སྲིད་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་མཐར་དངོས་གྲུབ་བླང་བ་ནི། རང་གི་ལྕེ་ཧཱུྃ་ཡིག་དང་། སྨན་གྱི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་བསྒོམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་རིམ་པར་བརྗོད་ཅིང་བླངས་ནས་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །དྲུག་པ་གཏོར་མའི་མཆོད་པ་ནི། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨི་དཾ། དྷུ་པ། པུཥྤ། དཱི་པཾ། གནྡྷེ། བ་ལིཾ་ཏ་པྲ་ཏཱིཙྪ་ཧོཿ ཤྲཱི་མཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་འདོད་ཡོན་གྱི་ཕུང་པོ་ལས་འདོད་ཡོན་དྲུག་གི་ལྷ་མོ་ནམ་མཁའ་གང་བར་འཕྲོས། དཀྱིལ་འཁོར་པ་རྣམས་ཀྱི་དབང་པོ་དྲུག་གི་གནས་སུ་ཐིམ་པས་དགྱེས་པ་བསྐྱེད་ནས་རང་ལ་གཉིས་མེད་དུ་གྱུར་པར་བསམ་མོ། བདུན་པ་བདུད་རྩི་གསང་བསྣན་གྱི་མཆོད་པ་ནི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་ལྷ་རྣམས་ཀྱི་ཞལ་དུ་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་མོ། བརྒྱད་པ་རཀྟའི་མཆོད་པ་འབུལ་བ་ལ་གསུམ་ལས། དང་པོ་ནི། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཆོགས་བཅས་ཀྱིས། །མ་ལུས་བཞེས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨཱ་ཝེ་ཤ་ཡ། ཨཱ་ཝེ་ཤ་ཡ། པྲ་ཝེ་ཤ་ཡ། པྲ་ཝེ་ཤ་ཡ། ཤྲཱི་མཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཀྟའི་དྭངས་མ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་སུམ་གཅིག་རོལ་པར་བསམ་མོ། གཉིས་པ་ནི། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚན་ས་མ་ཡ་རུ་དྲ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲྀཿད་ཡ་པི་པ་ཧཱུྃ་ཕཊ། ཅེས་རཀྟའི་ཁུ་བ་ཞིང་བཅུའི་དགྲ་བགེགས་ཀྱི་ངོ་བོར་སུམ་གཉིས་རོལ་པར་བསམ་མོ། །གསུམ་པ་ནི། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ས་མ་ཡ་མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀེཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུྃ་བྷྱོ། ཧཱུྃ་བྷྱོ། ཧཱུྃ་བྷྱོ། ཞེས་རཀྟའི་རྩིག་མ་ཞིང་བཅུའི་དུག་གསུམ་ཤ་ཁྲག་རུས་པའི་དངོས་པོར་ལྷག་མེད་དུ་རོལ་པར་བསམ་མོ། དགུ་པ་བསྒྲལ་མཆོད་ནི། རཾ་བཛྲ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ་མོ། བཅུ་བ་སྦྱོར་མཆོད་ནི། ཨོཾ་ཕཊ། ཨེ་ཨེ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾཿ ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུྃ་བྃ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་དང་དབྱེར་མེད་པའི་ང་རྒྱལ་བྱའོ། བཅུ་གཅིག་པ་འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ཨོཾ་ཧཱུྃ། བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །ཞེས་འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ་པ་ནི་བླ་ན་མེད་པའི་དུག་གསུམ་ལམ་དུ་སློང་བའི་མཆོད་པའོ། བཅུ་གཉིས་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ཀོ་ཊ་ཀྵ། ཀོ་ཊ་པ། ཀོ་ཊ་ཀོ་ཊ། ཀོ་ཊ་པཤྩ། ཀོ་ཊཱི་རཱ་ག ཀོ་ལཀྵ། ཀོ་ལ་བ། ཀོ་ལ་ཀོ་ལ། ཀོ་ལ་པཤྩ། ཀོ་ལ་བྷསྟ་ཐཱ། ཞེས་བརྗོད་ལ་རོལ་མོ་སྣ་ཚོགས་པའི་སྒྲ་སྦིར་རོ། །བཅུ་གསུམ་པ་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ཧཱུྃ གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ། ཧོཿ ཧཱུྃ རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། ཧོཿ ཧཱུྃ ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། ཧོཿ ཧཱུྃ ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། ཧོཿ ཧཱུྃ བདུད་ཀུན་གྱི་ནི་བདུད་པོ་ཆེ། །བདུད་ཀྱི་བདུད་དེ་བདུད་འཇོམས་པ། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ། ཧོཿ ཧཱུྃ རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ། ཧོཿ ཞེས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བསྟོད་པ་བྱའོ། །ཤིན་ཏུ་བསྡུ་ན་དབབ་དྲངས་བསྟིམ་བརྟན་མཆོད་པ་རྣམས་སྔགས་ཙམ་དང་བསྟོད་པའང་ཤྭ་ལོ་ཀ་མཐའ་མ་ཁོ་ནས་ཆོག་གོ། གསུམ་པ་ནི། ཨོཾ་བཛྲ་ཨེ་ས་ཧུ། བེ་ས་ཧུ། ས་མ་ཡ་བྷཀྵ་ཧུ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ ཛཿཧཱུྃ་བྃ་ཧོཿ ཨོཾ་པྲ་ཏཱིཙྪ་ཧོཿ ཧོཿ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་གཟུངས་ཀྱི་ཡུམ་གྱི་དབྱིངས་ན་རྣམ་པར་བཞུགས་པ་སེམས་དཔའི་ཚོགས། སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག་ཐབས་ལ་མཁས་པའི་བདག་ཉིད། སྒྲོལ་བའི་མཁའ་འགྲོ། རང་བཞིན་གྱི་རྣལ་འབྱོར། ངོ་བོ་ཉིད་ཀྱི་སྐུ། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་འཚོགས་པ་རྣམས་ཀྱིས་དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་མོ་མ་ནོར་བར་མནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་། འགལ་འཁྲུལ་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་མཆིས་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་ངང་གིས་སྐུ་བཟོད་པ་ཆེན་པོ་དང་དུ་བཞེས་ནས་ཚངས་པ་མཆོག་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ། བཅོམ་ལྡན་འདས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས། དངོས་གྲུབ་ཀྱི་སྐལ་བ་དང་རིགས་རྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པའི་ཕྱི་ནང་གི་མི་ཤིས་པའི་རྐྱེན་ཐམས་ཅད་ཕྲིན་ལས་རྣམ་པ་བཞིས་ཇི་ལྟར་འདུལ་བར་འཚམས་པ་བཞིན་མཛད་ནས་མིང་ཙམ་ཡང་མི་གྲགས་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབ་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཡང་། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འབྱུང་བ་དང་། །ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་སྩལ་དུ་གསོལ། བཞི་པ་ནི། ཨོཾ་ཧཱུྃ བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབས། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་བརྗོད་དེ་ཤར་སྒོར་འཁོད་པའི་ལས་ཀྱི་ཧེ་རུ་ཀ་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ། ལྔ་བ་ནི། ལྷ་རྣམས་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་མའི་གདན་སྲན་ཟླུམ་ཙམ་གྱི་དབུས་སུ་རིགས་ལྔ་ལ་ཧཱུཾ། ཀཽ་རཱི་མ་བརྒྱད་ལ་ཧ། ཕྲ་མེན་བརྒྱད་ལ་ཧེ། སྒོ་སྐྱོང་བཞི་ལ་ཕཊ། དབང་ཕྱུག་མ་རྣམས་ལ་བྷྱོ་རེ་རྣམས་རུ་ལུ་འབྲུ་བརྒྱད་པའི་སྔགས་ཀྱི་ཕྲེང་བ་རེ་རེས་བསྐོར་བར་གསལ་བཏབ་ལ། སྔགས་བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཤིང་ཐིམ་པར་དམིགས་པ་སྟེ། དམ་ཡེ་འཕྲོ་འདུའི་གསལ་བ་གསུམ་དང་ལྡན་པའི་ངང་ནས་སྐྱོན་བཅུ་སྤངས་ཏེ་བཟླ་བར་བྱའོ། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ། ཞེས་པའོ། །དེས་མཚོན་ནས་རིགས་བཞི་དང་། གནས་ཡུལ་གྱི་མ་མོ་སྒོ་སྐྱོང་དབང་ཕྱུག་མ་རྣམས་སོ་སོའི་བསྐྱེད་སྔགས་ལ་རུ་ལུ་འབྲུ་བརྒྱད་སྦྱར་བ་གཙོ་འཁོར་གྱི་འགྲོས་དང་སྦྱར་ནས་བརྒྱ་དང་ཉེར་གཅིག་བདུན་སོགས་རིམ་པར་བཟླ་ཞིང་། སྤྱི་ཛྲབ་ནི། རུ་ལུ་ཉིད་ལ་གཙོ་བོར་བྱའོ། །དེ་ཡང་ངེས་རྫོགས་ལས། རྟགས་དུས་གྲངས་ཀྱི་ཕྱེ་བར་རབ་འབྲིང་ཐ་མའི་ཚད་རྫོགས་ཀྱི་བར་དུ་བྱ་བར་གསུངས་ཀྱང་། མོས་སྒོམ་ཉི་ཚེ་བ་ལས་རུང་ཙམ་གྱི་བསྙེན་ཚད་ནི། གཙོ་བོ་བཛྲ་ཧེ་རུ་ཀ་ལ་ཆིག་འབུམ། རིགས་བཞིའི་ཧེ་རུ་ཀ་ལ་ཆིག་ཁྲི་རེ། ཀཽ་སེང་སྒོ་མ་དབང་མོ་བཅས་ལ་ལྔ་སྟོང་རེ་གསུངས་པ་རྣམས་དུས་ཀྱི་དབང་གིས་བཞི་འགྱུར་དང་། སྤྱི་ཛབ་ཁོ་ན་འབུམ་ཕྲག་བཞིས་མཐའ་བརྟེན་པ་བཟླ་ཞིང་། དེ་ཐམས་ཅད་ལ་འབུམ་རྗེས་སུ་ཁྲི་སོགས་བཅུ་ཆའི་གྲངས་ཀྱི་ཁ་སྐོང་དང་། བཅུ་ཆའི་སྦྱིན་སྲེག་དང་བཅས་པ་བྱ་བ་ཡིན་ནོ། །བསྙེན་པའི་མཇུག་ཏུ། སྤྲོ་ན་གཞི་བསྟོད་རྒྱས་པ་གཞུང་ལྟར་རམ། ཡང་ན། ཧཱུྃ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །མ་སྲིང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད། ཡེ་ནས་གཉིས་མེད་སོགས་ཀྱིས་བཟླས་པའི་ཉེས་བྱས་སུ་གྱུར་པ་ཐམས་ཅད་བཤགས་པར་བྱའོ། གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་ཀྱི་མཆོད་པ། བརྟན་མ་སྐྱོང་བ། ཉེར་བསྡུ་བྱ་བ། གོ་བགོ་ལུས་བསྲུང་། སྤྱོད་ལམ་གྱི་རྣལ་འབྱོར་དང་ལྔ། དང་པོ་ཚོགས་མཆོད་ལའང་ལྔ་ལས། དང་པོ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། ཛ་གད་མཱཾ་ས་གཙོ་བོར་གྱུར་པའི་ཡོ་བྱད་ཅི་འབྱོར་བཤམས་ནས་བསང་ཆུ་གཏོར་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱིས་བསང་། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། མ་སཱུརྱ་མཎྜ་ལ། ཞལ་ཟས་ཀྱི་སྣོད་དུ་ཉི་མ་ལ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་བཟའ་བཏུང་གི་དངོས་པོ་ཡེ་ཤེས་ལྔའི་རང་བཞིན་བདུད་རྩི་རོ་བརྒྱ་པ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྲིན་འཕྲོ་བར་བསམ་ལ། ཡི་གེ་གསུམ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་འདྲེན་གྱི། །དུར་ཁྲོད་མཆོད་པའི་གནས་འདི་རུ། །ཞིང་ཆེན་གསར་རྙིང་སྟན་དུ་བཏིང་། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ། ཨེ་ཧྱེ་ཧི་ཨ་ན་ཡ་ཛཿཧཱུྃ་བྃ་ཧོཿ ཞེས་པས་སྤྱན་དྲངས་ལ་དགུག་གཞུག་བཅིང་མཉེས་བྱ། གསུམ་པ་མཆོད་པ་གསུམ་ལས། དང་པོ་སྤྱིར་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་སུ་ར་ཏ་ཨུ་པ་བྷྱཿ ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན། ཛཿཧཱུྃ་བྃ་ཧོཿ ཨ་ལ་ལ་ཧོཿ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། གཉིས་པ་བྱེ་བྲག་ཏུ་མཆོད་པ་ནི། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། དེ་བཞིན་དུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ཨོཾ་ཤྲཱི་བཛྲ་རཱ་ག་ལཱ་སྱེ་ཧཱུྃ། མཱ་ལྱེ་ཏྲཾ། གཱི་ཏི་ཧྲཱིཿ ནཱིརྟི་ཨཿ གསུམ་པ་ཁྱད་པར་གྱི་མཆོད་པ་ནི། ཚོགས་ཕུད་ཆ་གསུམ་མམ་བཞིར་སྤྲོས་ཏེ། དང་པོ་མཆོད་པ་ནི། ཧཱུྃ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་ཡང་སྒྲུབ་པོ་རྣལ་འབྱོར་ལས། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་སོགས་དང་ཙནྡན་དྲི། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུྃ་དང་ཕཊ་ཀྱིས་ལྡན་པར་མཛོད། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨི་དཾ། དྷུ་པ། པུཥྤ། དཱི་པཾ། གནྡྷེ། བ་ལིཾ་ཏ་པྲ་ཏཱིཙྪ་ཧོཿ ཤྲཱི་མཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཚོགས་རྫས་འདོད་ཡོན་དྲུག་གི་ལྷ་མོ་མཁའ་ཁྱབ་ཏུ་སྤྲོས་པས་ཚོགས་ཞིང་རྣམས་ཀྱི་གནས་དྲུག་ཏུ་ཐིམ་པས་དགྱེས་པར་བསམ་མོ། །བར་པ་བཤགས་པ་ནི། ཧཱུྃ ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས། །ད་ལྷའི་ལུས་འདི་བླངས་པ་ཡན་ཆད་དུ། །ལུས་ཀྱི་སྡིག་བྱས་སྤྱོད་པ་ངན་དུ་སྤྱད། །ངག་གི་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད། །སེམས་ཀྱི་བློ་ནོར་ལོག་པར་བསམ་པ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲ་བའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་བར་ཆད་རྩོམ། །ནོངས་ཤིང་འགལ་འཁྲུལ་ཅི་མཆིས་མཐོལ་ཞིང་བཤགས། །མཐོལ་བཤགས་བཞེས་ནས་ཚངས་པ་སྩལ་དུ་གསོལ། །ཞེས་དང་ཡི་གེ་བརྒྱ་པ་ཡང་བརྗོད་ཅིང་། ཚོགས་རྫས་བདུད་རྩི་ལྔའི་རང་བཞིན་དུ་ཕུལ་བས་ཐུགས་དམ་བསྐང་ཞིང་ཉམས་ཆག་དག་པར་བསམ་མོ། །ཐ་མ་བསྒྲལ་སྟོབ་ནི། ཚོགས་ཆ་གསུམ་པའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་པས་རང་ལ་བསྡུས་ནས། ཨེ་རཾ་ཛྭ་ལ་རཾ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ། སྣོད་བཅུད་ཐམས་ཅད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་བཞེངས་པར་བསམ་ལ། ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ སྡེར་མོའི་སྔགས་མཐར། བོ་དྷི་ཙིཏྟ་སིདྡྷི་ཀུ་རུ་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷ་ཕཊ་ཛཿ བཛྲ་སཏྭ་ཧཱུྃ། ཛྙཱ་ན་ས་ཏྭ་ཨོཾ། ཨ་ཡཾ། སྥ་ར་ཎ་ཕཊ། ཅེས་ཚེ་ལུང་གི་དགོངས་པས་བསྒྲལ། ཨོཾ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱྃ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཧཱ་བྷྲཱུྃ། ཞེས་གཏུབ་ནས། ཧཱུྃ བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ། །ཉི་མ་སྟོང་གི་འོད་ཟེར་གདལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན། །དཔལ་ལྡན་གཟི་བྱིན་འབར་བ་ལ་ཕྱག་འཚལ་ལོ། །འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི། །འཇིགས་བྱེད་རྔམས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང་། །ཁམས་གསུམ་ཟ་བར་ཆས་པའི་རྐན་སྒྲ་ཅན། །ཉི་ཟླ་རབ་ཏུ་འབར་བའི་སྡང་མིག་གིས། །བདུད་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །འབྱུང་པོའི་ཤ་ནི་ཟན་ལས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་ཁྲག་ནི་ཆང་ལས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་རུས་པ་མར་ལས་ཞིམ། །ཞེ་སྡང་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་རྩ་སྔགས་ཀྱི་མཐར་ཁཱ་ཧི་བཏགས་པས་འབུལ་ཞིང་སྟོབ་བོ། བཞི་པ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོ་འདུས་པའི་གཙོ་བོ་ལ་ཕྱག་བྱས་ཐབས་ཤེས་ཀྱི་རྫས་བསྣོལ་མར་འབུལ་ཞིང་། མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་དཔལ། །ལོག་རྟོག་མཚན་མའི་སྤྲོས་པ་ངང་གིས་ཞི། །དམ་ཚིག་བཞིན་ལས་ཅི་བདེར་སྤྱད་ནས་ཀྱང་། །མཉམ་རྫོགས་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །ཞེས་འབུལ་ཞིང་། དེས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང་། ཨ་ལ་ལ་ཧོཿ ཞེས་ལེན་ཅིང་རྣལ་འབྱོར་པ་རྣམས་ལྷར་སྣང་གི་ངང་ནས་ནང་གི་སྲེག་བླུགས་ཀྱི་ཚུལ་དུ་ཚིམ་པར་རོལ་ཞིང་། དེའི་མཐར་སྨོན་ལམ་ཡང་གདབ་བོ། །ལྔ་པ་ལྷག་མའི་ཆོ་ག་ལ་སྔར་ཟུར་དུ་བཅད་པའི་ཕུད་དང་མེ་གཏོར་བཅས་བཤམས་ལ། ལྷག་མའི་དམ་ཚིག་གསང་བའི་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། འདོད་རྒྱལ་གྱི་ཕྱག་རྒྱ་བཅིངས་ཏེ། ཨེ་ཨཱ་ར་ལི་ཧྲཱིཾ་ཧྲཱིཾ། ཨོཾ་ཌཱ་ཀི་ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ། ཧྲི་ད་ཡཾ་ཧཱུྃ་ཛཿ ཛཿཧཱུྃ་བྃ་ཧོཿ ཌཱ་ཀི་ཧཱུྃ་ཛཿ ཞེས་སྤྱུགས་པའི་བརྡ་དང་བཅས་ཏེ་སྤྱན་དྲངས་པས། ལྷག་མའི་མགྲོན་རྣམས་བྱ་ཁྱུང་ཐང་ལ་ལྷགས་པ་བཞིན་སྐད་ཅིག་གིས་བྱོན་པར་བསམ་ཞིང་། ཛ་གད་ཀྱི་ཁ་ཕྲུ་མཁའ་དབྱིངས་ཀྱི་རྒྱས་དམེ་གཏོར་དུ་དབབ་ཅིང་། ཨོཾ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲཱི་ཤ་པུརྦ་བུདྡྷ་ཀྵེ་ཊ་ཀྵོ་བྷ་ཀ་ར་ཧཱུྃ་ཕཊ། ཅེས་པས་བྱིན་གྱིས་བརླབས་ནས་ཕུད་ལྷག་བསྲེས་ལ། ཧེ་རུ་ཀ་ཡི་ཐོད་རྒྱ་བཅས་ཏེ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏེ་ཧཱུྃ་ཕཊ། དེ་བཞིན་དུ། ཨོཾ་བུདྡྷ་ཌཱ་ཀི་ནཱི་ནས་ཨོཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་ནས་ཏྲཱཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་ནས་ཧྲཱིཿཕཊ། ཨོཾ་ཀརྨ་ཌཱ་ཀི་ནས་ཨཱཿཕཊ། ཅེས་མཆོད་ཅིང་སྨན་རཀ་སྦྲེང་སྟེ། སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །རང་གི་དམ་ཚིག་རབ་བསྒྲགས་པས། །གང་འདོད་ལས་དེ་བྱེད་པར་བསྒོ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཤིན་ཏུ་གདུག་ཅིང་གཏུམ་བག་ཅན། །ཐམས་ཅད་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་རླབས་རྨད་པོ་ཆེ། །ལྷ་ཆེན་ལ་སོགས་དབང་དུ་བསྡུས། །འཁོར་རྣམས་དབང་ཕྱུག་སླས་སུ་བྱས། །སོ་སོའི་ལས་རྣམས་བསྐོས་པ་དེ། །ཇི་ལྟར་དམ་བཅས་ཁས་བླངས་པའི། །མ་ཐོགས་མྱུར་དུ་མངོན་པར་ཕྱུང་། །དམ་བཅས་བཞིན་དུ་མ་བྱས་ནས། །ཇི་ལྟར་དམ་བཅས་མནའ་བོར་བའི། །སྡོམ་བཅས་དེ་ལས་འདའ་བར་འགྱུར། །དམ་ཚིག་དེ་ལས་འདས་གྱུར་ན། །མགོ་ལུས་སྙིང་ཡང་ཚལ་པ་བདུན། །ཡཀྵ་ཁྲོ་བོས་གཏུབ་པར་འགྱུར། །དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཇི་ལྟར་བཅོལ་བ་བཞིན་དུ་བྱོས། །ལས་དེ་མངོན་དུ་མ་བྱས་ན། །རང་གིས་མནའ་བོར་ཁས་བླངས་པས། །རུལ་མྱག་ཚིག་ནས་དམྱལ་བར་འགྲོ། །རྣལ་འབྱོར་དམ་ལ་གནས་གྱུར་པའི། །ལས་རྣམས་ཡོངས་སུ་བྱ་བ་དང་། །འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོང་། །ཕྲ་མེན་མ་ཡང་དངོས་གྲུབ་ཐོབ། །བཅོལ་བའི་ལས་རྣམས་མངོན་དུ་བྱོས། །ཞེས་བརྗོད་ཅིང་ལྷག་གཏོར་ཕྱིར་དོར་ནས། ཡ་ཧི་གཙྪཿ ཞེས་པས་ཕྱི་རོལ་འཁོར་གྱི་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ་མོ། །གཉིས་པ་བརྟན་མ་སྐྱོང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཏྲཾ་རཏྣ་ཏྲཻ་ལོཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཧཱུྃ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་བྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་བྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཨོཾ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཞེས་དང་། མ་ཧཱ་པཉྩ་སོགས་ཀྱིས་སྨན་གཏོར་རཀྟས་ཀྱང་མཆོད་ཅིང་སྨན་རཀ་སྦྲེང་། ཕྲིན་ལས་གསོལ་ནས། ཡ་ཧི་གཙྪས་གཤེགས་གསོལ་བྱས་ལ། གཏོར་མ་གཙང་སར་བསྐྱལ་ལོ། གསུམ་པ་ཉེར་བསྡུ་བྱ་བ་ནི། ཐུན་མཚམས་ལ་འཇུག་པའམ་ཉལ་བ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་པས་དཀྱིལ་འཁོར་གསལ་བཏབ་ལ། སྐབས་འདིར་མཆོད་བསྟོད་དང་བཟོད་གསོལ་ནི་བྱས་ཀྱང་ཆོག་ལ་མ་བྱས་ཀྱང་མི་འགལ་ལོ། །དེ་ནས་རྟག་མཐའ་བསལ་ཕྱིར། ཧཱུྃ་ཞེས་བརྗོད་པས། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་ལ་ཐིམ། གཞལ་ཡས་ཁང་གི་རྒྱན་ཐམས་ཅད་ཡབ་རྣམས་ལ་ཐིམ། དངོས་པོ་ཐམས་ཅད་ཡུམ་རྣམས་ལ་ཐིམ། འཁོར་རྣམས་ཕྱི་ནས་རིམ་བཞིན་གཙོ་བོ་ཡབ་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཧཱུྃ་ལ་ཐིམ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་བསྡུས་ནས་མཉམ་པ་ཉིད་ཀྱི་དབྱིངས་སུ་བསྟིམ་མོ། །ཆད་པའི་མཐའ་བསལ་བའི་ཕྱིར། ཉལ་བ་ལས་ལངས་པའམ་སྤྱོད་ལམ་ལ་འཇུག་པ་ན། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་བརྗོད་པས། དཔལ་ཆེན་པོ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུར་ལྡང་ངོ་། །བཞི་པ་གོ་ཆ་བགོ་ཞིང་ལུས་བསྲུང་བ་ནི། རང་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་བསམ་ཞིང་། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་བརྗོད་པས་ལུས་ཐམས་ཅད་རྡོ་རྗེའི་གོ་ཆས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བལྟས་ལ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བྱ། དེ་ནས་མཛུབ་མོ་གཡས་གཡོན་གཉིས་སུ་ཨོཾ་དང་ཏྲཱུཾ་ལས་རྡོ་རྗེ་གནོད་སྦྱིན་དང་མི་འཆི་ཐབས་སྦྱོར་བསྐྱེད་ལ། ལྟེ་བ་སྙིང་ག་ལྟག་པ་དང་། དཔྲལ་བ་སྤྱི་བོ་གནས་ལྔ་དུག ཨོཾ་ཏྲུཾ། ཞེས་བརྗོད་བཞིན་པར་མཛུབ་མོ་གཉིས་བསྣོལ་ཏེ་རིམ་པར་རེག་པས། ཁྲོ་བོ་གཉིས་དང་རྡོ་རྗེའི་ལུ་གུ་རྒྱུད་ཀྱིས་བསྲུང་ཞིང་བརྟན་པར་བྱའོ། །དེ་ནས་ཐོད་པའི་ཕྱག་རྒྱ་མགོ་བོའི་གནས་ལྔར་བཞག་ལ། ཨོཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ། ཞེས་ཐོད་པའི་ཁང་བུ་རིགས་ལྔའི་ཅོད་པན་གྱིས་དབང་བསྐུར་བར་མོས། དར་དཔྱངས་ཀྱི་ཕྱག་རྒྱ་བཅས་ལ། ཨཱོཾ་ཨཱརྱ་ལམྦྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿ ཞེས་པས་ཅོད་པན་མཐིང་ག་གཡས་སུ་འཕྱང་ཞིང་དམར་པོ་གཡོན་དུ་འཕུར་བར་བསམ་མོ། །ཨོཾ་གུ་ཧྱ་ས་མ་ཡ་སྟྭཾ། ཞེས་བརྟན་པར་བསམ་ཞིང་། ཡི་གེ་བརྒྱ་པ་ལན་གསུམ་ལ་སོགས་པར་བཟླས་པས་ཤིན་ཏུ་བརྟན་པར་བྱས་ལ། དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པ་རྣམས་ཀྱིས་མཐའ་རྒྱས་པར་བྱའོ། ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། སྣང་སྤྱོད་ཐམས་ཅད་རང་བཞིན་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་ཤེས་ཤིང་ཟ་ཉལ་འགྲོ་འཆགས་ཀྱི་སྤྱོད་ལམ་ཐམས་ཅད་ཐབས་ཤེས་ཀྱི་རྣལ་འབྱོར་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་དོན་ཡོད་པ་ལ་བསླབ་པར་བྱའོ། །དེ་ལྟར་ཧེ་རུ་ཀ་དཔལ་སྒྲུབ་པའི་ཐབས། །གཏེར་ཆེན་བླ་མའི་གསུང་གི་བདུད་རྩིའི་བཅུད། །བསྙེན་པའི་ལས་བྱང་ཉུང་ངུར་དྲིལ་བ་འདི། །དང་པོའི་ལས་ཅན་རྣམས་ལ་ཕན་ཕྱིར་བྲིས། །གཟུ་ལུམ་རས་ཆོད་ཉེས་པ་མཆིས་ན་བཤགས། །ལེགས་པར་བཤད་པའི་ཆ་ཤས་གང་ཡོད་པའི། །དགེ་དེས་ལན་འདིར་སློབ་པའི་གང་ཟག་རྣམས། །ཟུང་འཇུག་ཆེན་པོའི་གོ་འཕང་མངོན་བྱེད་ཤོག །ཅེས་སྒྱུ་འཕྲུལ་དྲྭ་བ་ཧེ་རུ་ཀའི་སྒྲུབ་ཐབས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ལས་བསྙེན་པའི་ལས་བྱང་ཉུང་ངུར་བསྡུས་ཏེ། རང་དང་སྐལ་མཉམ་རྣམས་ལ་ཕན་པའི་བློས་རིག་འཛིན་གྱི་བཙུན་པ་པདྨ་བཛྲས་གཡི་སྟོད་དབེན་པའི་ནགས་ཚལ་དྲྭ་བ་ཅན་དུ་བྲིས་པ་གསང་ཆེན་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། །།


previousསྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས་ཀྱི་སྙིང་པོའི་དོན་བསྡུས།next