Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
བརྒྱུད་འདེབས་བླ་རྣལ་གྱི་སྐོར་ཚོ།
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   


 
previousབརྒྱུད་འདེབས་བླ་རྣལ་གྱི་སྐོར་ཚོ། next

བརྒྱུད་འདེབས་བླ་རྣལ་གྱི་སྐོར་ཚོ།

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང་།

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །དབྱིངས་རིག་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ། །ལྷུན་གྲུབ་ཡོན་ཏན་རྒྱ་མཚོའི་མངའ་དབང་ཅན། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མགོན། །ཀུན་བཟང་དང་པོའི་སངས་རྒྱས་ལ་ཕྱག་འཚལ་། །རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་དྭངས་མའི་ཁམས། །ལྔ་ལྡན་ལོངས་སྐུའི་ཞིང་དུ་མཚན་དཔེའི་གར། །མ་འདྲེས་དབང་པོའི་གཞུ་རིས་ལྟར་གསལ་བའི། །སྟོན་མཆོག་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །སྣ་ཚོགས་གདུལ་བྱའི་མོས་ངོར་སྤྲུལ་པའི་སྐུ། །བྱེ་བ་ཕྲག་བརྒྱ་ཆུ་ཟླའི་རོལ་གར་བཞིན། །གཅིག་ལས་དུ་མར་འཆར་བའི་སྒྱུ་འཕྲུལ་འཆང་། །གསང་འཛིན་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ། །ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེ། །སྡེ་གསུམ་ཀློང་དགུའི་མན་ངག་གངྒཱའི་ཀླུང་། །རྣམ་དཔྱོད་ཧུབ་ཀྱིས་བཏུང་བའི་དྲང་སྲོང་ཆེ། །མཆོག་གཟིགས་མཉྫུ་མི་ཏྲ་ལ་ཕྱག་འཚལ། །ཐེག་མཆོག་གངས་ཀྱི་རི་བོའི་སྤོ་ལ་འགྱིངས། །རྒྱུ་འབྲས་བྱ་རྩོལ་བྲལ་བའི་གད་རྒྱངས་སྒྲས། །ཡིད་དཔྱོད་གྲུབ་མཐའ་ཞེན་པའི་རི་དྭགས་ཁྱུ། །སྐྲག་མཛད་དཔལ་གྱི་སེང་གེ་ལ་ཕྱག་འཚལ། །མངོན་སུམ་འོད་གསལ་ཆེན་པོའི་སྣང་བ་ཡིས། །ཟག་བཅས་ཕུང་པོ་དབྱངས་སུ་དག་པ་ལས། ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ་བརྙེས་པ། །པཎ་ཆེན་ཛྙཱ་ན་སུ་ཏྲ་ལ་ཕྱག་འཚལ། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་སྨིན་ཅིང་། །ཡེ་ཤེས་གཟིགས་པ་དག་པའི་མེ་ལོང་དུ། །དུས་གསུམ་ཤེས་བྱའི་གཟུགས་བརྙན་འབུམ་འཆར་བའི། །དྲི་མེད་ཆོས་ཀྱི་བཤེས་གཉེན་ལ་ཕྱག་འཚལ། །མཐའ་ཀླས་རྒྱལ་བའི་གསང་གསུམ་ནུས་པའི་བྱིན། །གཅིག་བསྡུས་ཕྲིན་ལས་འོད་ཟེར་སྟོང་འབར་བས། །ས་གསུམ་ཕན་བདེའི་པདྨོ་འཛུམ་པའི་གཉེན། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ། །འཕགས་བོད་མཁས་གྲུབ་བྱེ་བའི་ཐུགས་ཀྱི་བཅུད། །ཟབ་གསང་ནོར་བུའི་གན་མཛོད་སྒོ་འབྱེད་པའི། །གངས་ལྗོངས་བསྟན་པའི་ཤིང་རྟ་རྗེ་འབང་གྲོགས་། །བཀའ་དྲིན་མཚུངས་མེད་གསུམ་ལ་ཕྱག་འཚལ། །ཕ་མཐའ་བྲལ་བའི་མཁྱེན་རབ་ནམ་མཁའི་ཁྱོན། །གཟུངས་དང་ཏིང་འཛིན་སྤྲིན་ཕུང་གཡོ་བ་ལས། །ལུང་རིགས་དབྱར་གྱི་རྔ་གསང་ཆེར་སྒྲོགས་པ། །ཀུན་མཁྱེན་དྲི་མེད་འོད་ཟེར་ལ་ཕྱག་འཚལ། །དགོངས་བརྒྱུད་བྱིན་བརླབས་རྟོགས་པའི་རྩལ་གསུམ་རྫོགས། །ངེས་གསང་ལམ་གྱི་རྒྱངས་གླུས་ས་གསུམ་འགེང་། །རྨད་བྱུང་ཐུགས་ཀྱི་མཛད་པས་འགྲོ་ཁམས་འདྲེན། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་ཕྱག་འཚལ། །གསང་ཆེན་སྙན་བརྒྱུད་གདམས་པའི་མཛོད་འཆང་ཞིང་། །གྲུབ་གཉིས་མངོན་གྱུར་གྲགས་པའི་རྔ་ཆེན་ལྡིར། །སློབ་བརྒྱུད་རིག་འཛིན་སྐར་ཚོགས་ལྟར་བཀོད་པའི། །གྲུབ་དབང་བྱང་ཆུབ་རྡོ་རྗེ་ལ་ཕྱག་འཚལ། །འཁོར་འདས་ཡེ་གྲོལ་དགོངས་པ་ཟད་སར་ཕྱིན། །སྣང་སེམས་དབང་བསྒྱུར་ཐབས་ཀྱི་སྤྱོད་པ་ཡིས། །འབྲེལ་ཚད་རིག་པ་འཛིན་པའི་ས་ལ་སྦྱོར། །འགྲོ་མགོན་ཡེ་ཤེས་རྡོ་རྗེ་ལ་ཕྱག་འཚལ། །གྲུ་འཛིན་མགོན་པོ་མི་ཡི་ཟོལ་བསྟན་ནས། །བྱང་ཆུབ་སྤྱོད་པའི་ཆོས་ཀྱི་གྲུ་ཆར་གྱིས། །སྐལ་བཟང་གདུལ་བྱའི་ལོ་ཏོག་སྨིན་མཛད་པ། །འཇིགས་མེད་རྒྱལ་བའི་མྱུ་གུ་ལ་ཕྱག་འཚལ། །གྲུབ་བརྒྱུད་འོད་གསལ་དགོངས་པའི་གཏེར་ཆེན་གྲོལ། །བཤད་རྒྱུད་ལུང་རིགས་སྨྲ་བའི་སྤོབས་པ་མཐོ། །སྙིགས་མའི་དུས་འདིར་རྒྱལ་བའི་མཛད་པ་ཅན། །རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་ཕྱག་འཚལ། །མངོན་སུམ་ཆོས་ཉིད་རྟོགས་པའི་ཤ་ཚུགས་བརླིངས། །ལྔ་རིག་ཆེན་གསེར་གྱི་དྲྭ་བས་གཡོགས། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཁུར་ཆེན་འདེགས། །ཨོ་རྒྱན་ཆོས་ཀྱི་དབང་པོ་ལ་ཕྱག་འཚལ། །དེ་ལྟར་རྒྱུད་པ་གསེར་གྱི་ཉག་ཐག་ལ། །མཁས་གྲུབ་ནོར་བུའི་ཕྲེང་བ་ཟར་ཚགས་སུ། བྱོན་པའི་སངས་རྒྱས་མི་གཟུགས་ཅན་རྣམས་ལ། །སྒོ་གསུམ་གུས་པས་གསོལ་བ་བཏབ་པའི་མཐུས། །དལ་འབྱོར་གྲུ་ཆེན་དད་བརྩོན་རླུང་གིས་བསྐྱོད། །རྣམ་གཡེངས་ལེ་ལོའི་རྦ་ལ་མི་འཁོར་བར། །དོན་གཉིས་ལྷུན་གྲུབ་ནོར་བུའི་གླིང་སོན་ནས། །སྲིད་ཞིའི་འབྱོར་བས་འགྲོ་ཀུན་ཚིམ་བྱེད་ཤོག །གནས་སྐབས་ཀུན་ཏུ་བདེ་སྐྱེད་དཔལ་གྱིས་འབྱོར། །བཀྲ་ཤིས་ཉི་མ་གླིང་བཞིའི་དཔལ་དུ་འབར། །དགེ་ལེགས་གྲགས་པའི་མུ་ཁྱུད་སྲིད་མཐའ་འཁོར། །ཕན་བདེའི་འོད་ཀྱིས་ས་གསུམ་ཁྱབ་པར་ཤོག །ཅེས་པ་འདི་ནི་མངོན་མཐོའི་དཔལ་གྱིས་འབྱོར་བའི་བུ་བཀྲ་ཤིས་ཚེ་འཕེལ་གྱིས་གསུངས་བཞིན་རྨོངས་པ་པདྨ་བཛྲ་པས་གང་དྲན་ཐོལ་བྱུང་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་ཕུང་།

༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདི་ཉིད་ཉམས་སུ་ལེན་པར་འདོད་པས། །མོས་གུས་དང་དམ་ཚིག་རྣམ་པར་དག་པར་སྲོག་ཏུ་བཟུང་ནས། །ཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི། །བླ་སྒྲུབ་གསང་བ་འདུས་པ་ལྟར། །ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ མཁའ་ཁྱབ་འགྲོ་བ་ཀུན་དོན་དུ ༔ བླ་མ་སངས་རྒྱས་སྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱི༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ཞེས་ལན་གསུམ་བྱ། དེ་ནས་རྣལ་འབྱོར་གསལ་གདབ་པ་ནི། ཧྲཱིཿ རང་སྣང་རྣམ་དག་པདྨ་འོད་ཀྱི་ཞིང་། །སྟེང་འོག་ཕྱོགས་མཚམས་འོད་ལྔ་འཁྲིགས་པའི་ཀློང་། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་གྲུབ་དབང་ཆོས་ཀྱི་རྗེ། །སྐུ་མདོག་དམར་སྨུག་ཅུང་ཟད་བགྲེས་ཉམས་ཅན། །ཆོས་གོས་གསུམ་དང་གསེར་མདོག་པཎ་ཞུས་མཛེས། །སེམས་ཉིད་ངལ་བསོའི་ཕྱག་རྒྱ་པུས་སྟེང་བཀབ། །ཞབས་གཉིས་གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་ཐུགས་དབུས་འོད་ཀྱི་གུར་ཁྱིམ་ནང་། །འཕོ་ཆེན་འཇའ་ལུས་སྐུ་བརྙེས་བཱི་མ་ལ། །རབ་བྱུང་ཆས་ཅན་མཉམ་བཞག་སྐྱིལ་ཀྲུང་བཞུགས། །ཐུགས་སྲོག་དྭངས་མ་འོད་ལྔའི་ཐིག་ལེའི་དབུས། ཤིན་ཏུ་ཕྲ་བའི་ཨ་དཀར་གསལ་འཚེར་འབར། །སྟེང་གི་ནམ་མཁར་རིགས་བདག་པདྨ་འབྱུང་། །སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་ཅན། །གསུམ་དུ་སྣང་ཡང་དོན་ལ་ཐ་མི་དད། །ཡེ་ཤེས་སྒྱུ་མའི་སྐུ་རུ་ལམ་གྱིས་གསལ། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་གར་བཞུགས་དག་པའི་ཞིང་ཁམས་ནས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམས། །སྤྱན་འདྲེན་པ་ནི། ཨོཾ། རྗེ་བཙུན་བླ་མ་ཆོས་ཀྱི་སྐུ། །གཤེགས་བཞུགས་སྤྲོས་པ་མི་མངའ་ཡང་། །མོས་གུས་གདུང་བས་གསོལ་འདེབས་ན། །ཐུགས་རྗེའི་ཡེ་ཤེས་གཟུགས་ཀྱི་སྐུ། །འཇའ་དང་འོད་དུ་འཐིམ་ཅིང་བྱོན། །བརྡའ་དང་གར་གྱིས་རོལ་ཞིང་བྱོན། །མཁྱེན་དང་བརྩེ་བས་དགོངས་ཤིང་བྱོན། །བྱིན་རླབས་སྤྲིན་ལྟར་གཏིབས་ཤིང་བྱོན། །དངོས་གྲུབ་ཆར་བཞིན་འབེབས་ཤིང་བྱོན། །བྱོན་ནས་བྱིན་གྱིས་བརླབས་ཏུ་གསོལ། །ཨོཾ་མ་ཧཱ་གུ་རུ་བཛྲ་ས་མ་ཡཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་མེད་དུ་བཞུགས་པར་གྱུར། །ཚོགས་བསགས་པ་ནི། །རྡོ་རྗེ་བློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་། སྤྲོ་ན་མཎྜལ་རྒྱས་བསྡུས་གང་ལྕོག་འབུལ། །དེ་ནས་གསོལ་འདེབས་ཞལ་གསུངས་མ་འདི་བདུན་རེའི་མཚམས་སུ། །མཚན་སྔགས་བརྒྱ་རྩ་རེ་གསོལ་འདེབས་ཀྱི་ཚུལ་དུ་བཟླ། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་དང་། པཎ་ཆེ་བཱི་མ་མི་ཏྲའི་རྣམ་འཕྲུལ་མཆོག །མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། ཨོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿགུ་རུ་བཱི་མ་ལ་མི་ཏྲ་ཛྙཱ་ན་སིདྡྷི་ཧཱུྃ། །ཨོཾ་ཨཱཿཨཀྵ་ར་ག་ག་ན་མ་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་གྲངས་ཅི་ནུས་སུ་བསགས་པའི་མཐར། །སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་མཁྱེན་ནོ། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །དབང་བཞིའི་ཆུ་བོ་བསྐུར་དུ་གསོལ། །སྒྲིབ་བཞིའི་དྲི་མ་སྦྱང་དུ་གསོལ། །སྐུ་བཞིའི་འབྲས་བུ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། །བླ་མའི་ཐུགས་ཀའི་འོད་ཀྱིས་བསྐུལ། །རིགས་བདག་འོད་ཞུ་བླ་མར་ཐིམ། །བླ་མའི་སྨིན་མཚམས་ཨོཾ་ཡིག་ལས །ཨོཾ་དཀར་འོད་ཟེར་དང་བཅས་པ་། བདག་གི་སྤྱི་བོའི་གཙུག་ནས་ཐིམ། །བུམ་དབང་ཐོབ་ནས་ལུས་སྒྲིབ་དག །སྣང་སྟོང་བསྐྱེད་རིམ་བསྒོམ་ལ་དབང་། །སྤྲུལ་སྐུའི་གོ་འཕང་རྒྱུད་ལ་བཞག །བླ་མའི་མགྲིན་པའི་ཨཱཿཡིག་ལས། །ཨཱཿ དམར་འོད་ཟེར་དང་བཅས་པ། །རང་གི་མགྲིན་པའི་ལམ་ནས་ཞུགས། །གསང་དབང་ཐོབ་ནས་ངག་སྒྲིབ་དག །གསལ་སྟོང་རྩ་རླུང་བསྒོམ་ལ་དབང་། །ལོངས་སྐུའི་གོ་འཕང་རྒྱུད་ལ་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ཡིག་ལས། །ཧཱུྃ་མཐིང་འོད་ཟེར་དང་བཅས་པ་། རང་གི་སྙིང་གར་ཐིམ་པ་ཡིས། །ཤེར་དབང་ཐོབ་ནས་ཡིད་སྒྲིབ་དག །བདེ་སྟོང་ཕྱག་རྒྱ་བསྒོམ་ལ་དབང་། ཆོས་སྐུའི་གོ་འཕང་རྒྱུད་ལ་བཞག །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། །ཨ་དཀར་འོད་ལྔ་འཕྲོ་བ་ཞིག །རྒྱངས་ཀྱི་བྱུང་ནས་རང་རིག་དང་། །དབྱེར་མེད་རོ་གཅིག་འདྲེས་གྱུར་པས། །བཞི་བའི་དབང་ཐོབ་ཤེས་སྒྲིབ་དག །འོད་གསལ་རྫོགས་ཆེན་བསྒོམ་ལ་དབང་། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །གོ་འཕང་རྒྱུད་ལ་བཞག་པར་བསམ། །བླ་མ་འོད་ལྔའི་ཕུང་པོར་ཞུ། །འོད་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ། །སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །སྙིང་གི་དབུས་སུ་ཐིམ་གྱུར་ནས། །བླ་མའི་ཐུགས་དང་རང་གི་སེམས་། །དབྱེར་མེད་བདེ་བ་ཆེན་པོར་འདྲེས། །བསམ་བརྗོད་བྲལ་བའི་ངང་ལ་བཞག །ཨ་ཨཱཿ སླར་ཡང་རིག་སྟོང་རྗེན་པའི་ངང་། །གསལ་ལ་འཛིན་མེད་བླ་མའི་སྐུ། །ཆུ་ཟླ་ལྟ་བུར་ལམ་གྱིས་ཤར། །ཟུང་འཇུག་ཚོགས་ཆེན་གཉིས་རྫོགས་ཤོག །དགེ་བ་འདི་ཡི་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་ལ་སོགས་པས་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཇུག་བསྡུ་བར་བྱའོ། །ཞེས་པ་འདི་ནི་གསོལ་འདེབས་དང་མཚན་སྔགས་བཅས་ཞལ་གསུང་དངོས་ལ། དམིགས་རིམ་དབང་བཞི་ལེན་པ་ཇི་རིགས་སུ་སྦྱར་ཆོག་ཅེས་གསུང་གིས་རྗེས་སུ་གནང་བ་ཐོབ་པར་བརྟེན། གསོལ་དཔོན་སངས་རྒྱས་འོད་ཟེར་ནས་འདི་ལྟར་དགོས་ཞེས་ལྷ་རྫས་ཀྱི་སྐྱེས་བཅས་བསྐུལ་ངོར། བརྗེ་བླ་མ་དེ་ཉིད་ཞི་བའི་དབྱིངས་སུ་གཟིམ་པས་དེ་མ་ཐག་གི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཚེས་ལ་སྔགས་བཙུན་པདྨ་བཛྲ་དུ་འབོད་པས། རང་གནས་དབེན་རི་པདྨའི་ཐང་དུ་ཡུད་ཙམ་ཞིག་ལ་གང་ཤར་དཀྱུས་སུ་བྲིས་པ། ཚེ་རབས་ཐམས་ཅད་དུ་བླ་མ་རྡོ་རྗེ་འཆང་ཆེན་པོའི་རྗེས་སུ་བཟུང་ནས། དོན་བརྒྱུད་ཀྱི་དགོངས་པ་ཟབ་མོར་བརྒྱུད་ལ་འགོ་བའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །མངྒ་ལཾ། །

རིག་འཛིན་འཇིགས་མེད་གླིང་པ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་ཟབ་རྒྱ་ཅན།

༄༅། །རིག་འཛིན་འཇིགས་མེད་གླིང་པ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་ཟབ་རྒྱ་ཅན་བཞུགས་སོ། །ཨེ་མ་ཧོ། དད་དང་ངེས་འབྱུང་བྱང་སེམས་ལྡན། །ཤེས་རབ་བརྩོན་འགྲུས་ཆེ་བ་ཡིས། །ཚེ་འདིར་གྲོལ་བ་དོན་གཉེར་རྣམས། །ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ། །བདེ་བའི་སྟན་ལ་ལུས་གནད་བསྲང་། །རླུང་རོ་བསལ་ཞིང་ཐ་མལ་གྱི། །རྣམ་པར་རྟོག་པའི་རྒྱུན་བཅད་ནས། །བླ་མར་མོས་གུས་ཤུགས་དྲག་བསྐྱེད། ཧོཿ རང་སྣང་དག་པའི་མདུན་གྱི་མཁར། །འཇའ་སྤྲིན་འོད་ཀྱི་གུར་ཁྱིམ་དབུས། །ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །ཁྱབ་བདག་གདོད་མའི་མགོན་པོ་དང་། དབྱེར་མེད་རིག་འཛིན་འཇིགས་མེད་གླིང་། །སྐུ་མདོག་དཀར་དམར་ཞི་འཛུམ་ཉམས། །མཐོན་མཐིང་དབུ་སྐྲའི་ཐོར་ཚུགས་རྩེར། །ཟབ་མོའི་རྒྱུད་ཀྱི་གླེགས་བམ་འཆང་། །དར་དཀར་དྲི་མེད་གསང་གོས་སྟེང་། །རིང་འགག་སྔོན་པོ་དར་ཤམ་དཀར། །དགུ་ལྡན་རྩ་བརྒྱུད་བླ་མ་རྣམས། །མདུན་གྱི་ནམ་མཁར་ཚོགས་ཞིང་བསྐྱེད། །ཕྱག་འཚལ་མཆོད་པ་ཀུན་གྱིས་མཆོད། །སྒོ་གསུམ་ཉེས་བསགས་མཐོལ་ལོ་བཤགས། །དུས་གསུམ་དོན་མཛད་རྗེས་ཡི་རང་། །འཁོར་བ་དོང་སྤྲུག་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་ཀུན་ལ་དམ་པ་གསུམ། །བསྔོ་བས་འབྲེལ་ཐོག་སེམས་ཅན་ཀུན། །རྣམ་མཁྱེན་རྫོགས་བྱང་ཐོབ་པར་ཤོག བགེགས་བསྐྲད་ནི། ཧཱུྃ་འདོད་ཡོན་ཀུན་ཚང་ཏིང་ངེ་འཛིན། །སྔགས་དང་ཕྱག་རྒྱས་བྱིན་བརླབ་པའི། །གཏོར་མ་འདྲེ་བགེགས་རྣམས་ལ་བསྔོ། །བསྙེན་བསྒྲུབ་བར་ཆད་མེད་པ་ཡིས། །གནས་འདི་བདེ་ཆེན་དག་ཞིང་བསྒྱུར། ཨོཾ་སུམྦྷ་ནི་སོགས། ཧཱུྃ་བཞིའི་སྔགས་བརྗོད་སྤོས་རོལ་དྲག་ཏུ་བྱ། ཧཱུྃ སྣང་སྲིད་རྣམ་དག་དཀྱིལ་འཁོར་འདིར། །ཡེ་ཤེས་རོལ་པ་ལྷ་ཡི་གང་། རྡོ་རྗེ་འཁོར་ལོ་མཚོན་ཆ་མེའི། །གུར་ཕུབ་རླུང་ཡང་རྒྱུ་མི་ནུས། །གནོད་བྱེད་བགེགས་ཀྱི་བརླག་མི་རྙེད། །དྷརྨ་དྷརྟུ་བཛྲ་རཀྟ་རཀྟ་ཡེ་སྭཱ་ཧཱ། མཆོད་པ་བྱིན་བརླབ་ནི། ཨོྃ་ཨཱཿཧཱུྃ །ཀ་དག་བདེ་བ་ཆེན་པོའི་གཞོང་པ་རུ། །དྲན་རིག་ཡིད་བཞིན་ནོར་བུའི་མཆོད་པས་ཁེངས། །ལྷུན་གྲུབ་གསང་བ་ཆེན་པོའི་ལྷ་ཚོགས་རྣམས། །སྐུ་གསུམ་ཀློང་དུ་དགྱེས་པའི་རྫས་སུ་གྱུར། །ཨོཾ་བཛྲ་ཨརྒྷཾ་སོགས་ཤབྷ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ དངོས་གཞི་བསྐྱེད་པ་ནི། ཧཱུྃ སྟོང་གསལ་སྲིད་ཞིའི་ཁམས་ཀུན་ཡུམ་ལྔའི་ཀློང་། །རྣམ་ཐར་སྒོ་གསུམ་བདེ་ཆེན་གཞལ་ཡས་དབུས། །རང་སྣང་བདེ་ཆེན་པདྨ་འོད་ཀྱི་ཞིང་། །ཉམས་དགའ་ཡིད་འོང་རྒྱན་བཀོད་་ཕུན་སུམ་ཚོགས། །ཡེ་ཤེས་ལྔ་ལྡན་ཕོ་བྲང་རྒྱ་ཆེའི་དབུས། །ཐབས་ཤེས་པདྨ་ཉི་ཟླའི་གདན་གྱི་སྟེང་། །རྩ་བའི་བླ་མ་བདེ་གཤེགས་འདུས་པའི་སྐུ། །མཚན་དང་དཔེ་བྱད་ཆ་ལུགས་པདྨ་འབྱུང་། །སྡོམ་གསུམ་ཡོངས་སུ་རྫོགས་པའི་བརྡའ་རྟགས་དང་། །གསང་སྔགས་ཐེག་པ་ཆེན་པོའི་འཁོར་ལོས་བསྒྱུར། །རྒྱལ་པོའི་ཆས་རྣམས་ཡོངས་རྫོགས་ཟབ་བེར་མཐིང་། །འདུང་མ་ཟ་ཧོར་རྭ་ཛའི་ཆས་རྣམས་རྫོགས། །དབུ་ཞྭ་པདྨ་མཐོང་གྲོལ་འདབ་བཞིའི་རྩེར། །ལྟ་བ་ཡས་འབེབ་རྒོད་ཀྱི་ལྡེམ་འཕྲུ་མཛེས། །ཕྱག་གཡས་ཆོས་ཉིད་མི་འགྱུར་བརྡའ་རྟགས་ཀྱི། །གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་བས་བྷནྡྷ་ཚེ་བུམ་བདུད་རྩིས་བཀང་། །དགེ་སློང་རྡོ་རྗེ་འཛིན་པའི་ཆོས་གོས་གསོལ། །གན་དར་ལྗང་གུའི་སྐུ་ཆིང་འཁོར་གཅིག་དཀྲིས། །བེར་ཕྱམས་དམར་སྨུག་གསེར་གྱི་ཧ་རིས་བཀྲ། །ཕྱིར་གསོལ་སྣང་སྲིད་ཟིལ་གནོན་རྣལ་འབྱོར་ཆས། །ཞབས་གཉིས་མཉམ་ཉིད་རྡོ་རྗེའི་སྐྱིལ་མོ་ཀྲུང་། །རྫུ་འཕྲུལ་རླུང་གིས་བཏེགས་པས་རེགས་ཐོགས་མེད་། །ནམ་མཁའ་སྤྲིན་དང་འཇའ་འོད་རྒྱུ་སྐར་དབུས། །འོད་ཟེར་བརྒྱ་སྟོང་ཉི་ཟླའི་གཟི་བརྗིད་འབར། །འཁྲུལ་སྣང་འཁོར་བའི་སྨག་རུམ་མུན་པ་སེལ། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་བཀྲ། །འོད་ཟེར་སྤོས་རིང་དུད་པ་ཕྱུར་བ་ལྟར། །སྐུ་གསུམ་ཞིང་གི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །སྤྱན་འདྲེན་པ་ནི། ཧཱུྃ ཡེ་ཤེས་ལྔ་ལྡན་བདེ་ཆེན་དག་པའི་ཞིང་། །དྲི་མེད་ཤེལ་ལ་ཉི་ཟེར་འཁྱུད་པ་བཞིན། །སྐུ་གསུམ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །རང་སྣང་པདྨ་འོད་ཀྱི་ཞིང་དུ་འདུས། །ཙིཏྟ་དམར་པོ་ཟངས་མདོག་དཔལ་གྱི་རི། །རྣམ་ཤེས་ཚོགས་བརྒྱད་སྲིན་པོའི་གྲོང་ཁྱེར་བཀྲ། །དྲན་རིག་མ་ཧཱ་གུ་རུ་སྐུར་བཞེངས་ཤིག །ཨོཾ་ཨཱཿ་ཧཱུྃ་གུ་རུ་པདྨ་ཐོད་ཕྲེང་རྩལ་ནས། །ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛ་ཛཿ བཞུགས་སུ་གསོལ་བ་ནི། ཧཱུྃ སྒྱུ་འཕྲུལ་ཟག་བྲལ་རྡོ་རྗེ་ལུས་ཀྱི་སྦུབས། །འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང་། །དམ་ཡེ་དབྱེར་མེད་བཞུགས་པའི་དཀྱིལ་འཁོར་ལ། །དག་པ་གསུམ་གྱི་ལུས་འབུལ་ཕྱག་གིས་འདུད། །ཨ་ཏི་པུ་ཧོཿ པྲ་ཏི་ཙྪ་ཧོཿ མཆོད་པ་ནི། ཧཱུྃ རབ་འབྱམས་སྲིད་ཞིའི་ཁྱོན་རྣམས་ཡོངས་ཁེངས་པའི། །འདོད་ཡོན་ལྔ་ལྡན་ཟག་མེད་བདུད་རྩིའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡོངས་ཕྱེ་སྟེ། །འབུལ་གྱིས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྷ་མ་ཧཱ་སུ་ཁཱ་པུ་ཛ་ཧོཿ བསྟོད་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །འགྲོ་བ་རིགས་དྲུག་སེམས་ཅན་འདྲེན་པའི་ཕྱིར། །མདོ་སྔགས་ཐུབ་པ་དྲུག་དང་གཟུགས་སྐུའི་ཚུལ། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ། །སྟོབས་བཅུ་མི་འཇིག་རྣམ་བཞིའི་རྫོགས་སངས་རྒྱས། བདེ་གཤེགས་དོན་ཀུན་འགྲུབ་དང་པདྨ་འབྱུང་། །རྗེ་བཙུན་སྒྲོལ་མ་ཉེ་བའི་སྲས་ཆེན་བརྒྱད། །ཡེ་ཤེས་འཇིག་རྟེན་སྣ་ཚོགས་སྤྲུལ་པ་ཡིས། །སྒྱུ་འཕྲུལ་དཀྱིལ་འཁོར་ཡོངས་རྫོགས་ཕྱག་འཚལ་བསྟོད། ཛབ་དམིགས་ནི། རང་ཉིད་པད་འབྱུང་གུ་རུ་གསལ་བ་ཡིས། །ཐུགས་ཀྱི་ཙིཏྟ་དྭངས་ཤེལ་ནོར་བུའི་དབྱིབས། །ལྟེ་བར་ཧྲཱིཿདཀར་བཀྲ་བའི་མཐའ་བསྐོར་དུ། །མ་རེག་ཙམ་ལས་མཐར་སྐོར་སྔགས་འཕྲེང་འཁོར། །འོད་ཟེར་སྤྲོ་བསྡུས་དོན་གཉིས་ལྷུན་གྲུབ་གྱུར། ཨོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བསྒྲུབ་སྔགས་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕཱ་ལ་ཧཱུྃ། །རང་གིས་བླ་མའི་བསྙེན་སྔགས་ནི། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སིནྡྷ་ཀ་ཎིརྨ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕཱ་ལ་ཧཱུྃ། །མཆོད་བསྟོད་སྤྱི་ཁྱབ་ལྟར་བྱ། །གྲངས་དང་རྟགས་ཀྱི་བསྙེན་བསྒྲུབས་རྫོགས་པའི་ཚེ། །སྐབས་སུ་དྲག་པོ་ཧཱུྃ་གི་སྣང་གླུ་ལེན། །ཧཱུྃ་གྲངས་མང་བརྗོད། རྗེས་ལ། བསོད་ནམས་ཚོགས་གཉིས་རྫོགས་པའི་བརྡའ་རྟགས་ཕྱིར། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི། །འདོད་ཡོན་ཅི་འབྱོར་བཟའ་བཏུང་མཆོད་པ་བཤམས། ཧཱུྃ། བདག་ཉིད་རྩ་གསུམ་རྒྱལ་བ་ཡི། །ལྷུན་གྲུབ་བདེ་ཆེན་འོད་ལྔ་འཕྲོས། །རྟོག་འཛིན་ཚོགས་ཀྱི་ཡོ་བྱེད་སྦྱངས་། ཡེ་ཤེས་འོད་ལྔ་ལྷུན་གྱིས་གྲུབ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཚོགས་ཕུད་འབུལ་བ་ནི། ཧཱུྃ། ཀུན་བཟང་འོད་ལྔའི་ལྷ་ཚོགས་ལ། ཀུན་ཏུ་བཟང་པོའི་རྣམ་སྤྲུལ་གྱིས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་ཚོགས། །ཀུན་ཏུ་དགྱེས་པའི་མདངས་ཀྱིས་བཞེས། །མ་ཧཱ་གྷ་ན་ཙཀྲ་པཱུ་ཙ་ཧོཿ དེ་ནས་བསྐང་བ་ནི། ཧོཿ བདག་དང་མཐའ་ཡས་སེམས་ཅན་རྣམས་། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པས་ཐུགས་དམ་བསྐངས། །རྟགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་། །དོན་གྱི་འོག་མིན་ཉིད་ཡིན་ཕྱིར། །དེ་ན་བཞུགས་པའི་ལྷ་ཚོགས་རྣམས། །ངང་གི་སེམས་སུ་ཤེས་པས་བསྐངས། །སེམས་ཉིད་ཨར་སྣང་ཆོས་ཀྱི་དབྱིངས། །བརྒྱད་ཁྲི་བཞི་སྟོང་ཟབ་དོན་འདུས། །མ་གཡོས་སྐྱེ་མེད་ཆོས་ཀྱི་སྐུ། །རྒྱལ་གསུང་ཀུན་འདུས་ཐུགས་དམ་བསྐངས། །རང་བྱུང་ཡེ་ཤེས་མངོན་བྱུང་སྐུ། །ཆོས་ཉིད་ཟད་པས་ཐུགས་དམ་བསྐངས། །བར་དོ་བཞི་སྦྱོར་རྒྱལ་བའི་སྐུ། །འགྱུར་འཁྲིགས་འོད་ལྔའི་ཐུགས་དམ་བསྐངས། ཧོཿ བདག་སོགས་འདུས་བ་རྒྱ་མཚོ་དང་། །གསང་སྔགས་སྒོར་ཞུགས་ཐམས་ཅད་ཀྱི། །ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག །ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །བཤགས་པ་ནི། ཧཱུྃ། སེམས་ཅན་ཐ་མལ་ཉོན་མོངས་པའི། །དུག་ལྔའི་གདོན་གྱིས་མྱོས་པ་ཡིས། །སྡོམ་གསུམ་དམ་ཚིག་ཉམས་ཆགས་རྣམས། །ཚོགས་ཀྱི་མཆོད་པས་བསྐངས་ཤིང་བཤགས། །ཚོགས་བསྒྲལ་ནི། ཨེཿམ་རིག་གཉིས་འཛིན་གདོན་བགེགས་རྣམས། །གཉིས་མེད་ཡེ་ཤེས་མཚོན་གྱིས་གཏུབ། །རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ། གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལ། །རུ་ཏྲ་སརྦ་ཧ་ལ་པཉྩ་པུ་ཛ་ཁཱ་ཧི། །ལྷག་མ་ནི། ཨ་ཀ་རོ་དང་བཤུག་གླུ་ཕེམ་སྒྲ་དང་བཅས་པར་ལྷག་མ་ཁ་ཆུས་དྲན་ནས་བྱིན་གྱིས་རློབས། ཧཱུྃ། ཐིག་ལེ་མི་འགྱུར་དཔལ་གྱི་ལྷ། །དབྱིངས་ལས་གཡོ་བ་མེད་མོད་ཀྱང་། རྩལ་ལས་ཆོ་འཕྲུལ་གར་བསྒྱུར་ཞིང་། །དཔལ་གྱི་བཀའ་ཉན་རིག་རྩལ་རྣམས། །ཀ་དག་དབྱེར་མེད་ལྷག་མ་ལོང་། །ཟག་པ་ཟད་པའི་ཕྲིན་ལས་མཛོད། །མ་རིག་འཁྲུལ་སྣང་ལྷག་མ་བཞེས། །ཉམས་རྟོགས་གོང་འཕེལ་ཕྲིན་ལས་མཛོད། །འདོད་ཡོན་སྲིད་འཛིན་ལྷག་མ་བཞེས། །དམ་ཚིག་བསྲུང་བའི་ཕྲིན་ལས་མཛོད། ཧྲཱིཿ་མ་ཧ་རི་ཎི་ས་ར་ཙ་ཧྲི་ཡན་ཤ་ལོ་ཀ་སརྦ་ས་མ་ཡ་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། །བསྐུལ་བ་ནི། ཧཱུྃ སྐུ་གསུམ་རྩ་གསུམ་རྒྱལ་བའི་ཚོགས། མི་མངོན་དབྱིངས་ནས་ཐུགས་དམ་བསྐུལ། །དུས་ངན་སྙིགས་མའི་སེམས་ཅན་རྣམས། །འགོང་པོ་སྤུན་དགུའི་དབང་སོང་སྟེ། ནད་མཚོན་མུ་གེའི་བསྐལ་བ་བསླེབ། །མི་འདོད་རྐྱེན་ངན་ཐོག་བབ་ཚེ། གདུང་བའི་ང་རོས་ཁྱེད་འབོད་ན། ཐུགས་རྗེས་གཟིགས་ཤིག་མཐུ་མ་ཆུང་། མཛོད་ཅིག་ཕྲིན་ལས་རྣམ་བཞི་མཛོད། །བཟློག་ཅིག་གཉིས་འཛིན་རྣམ་རྟོག་བཟློག །བསྒྱུར་རོ་རྐྱེན་ངན་བར་ཆད་བསྒྱུར། །སྐྱེ་མེད་དབྱིངས་སུ་ཆ་ལ་ལ། །འགགས་མེད་ཀློང་དུ་ཁྲོ་ལོ་ལོ། །བྷྱོ་བྷྱོ་བཟློག་བཟློག་མ་ར་ཡ་རྦད། ཆད་མདོ་ནི། ཧཱུྃ སྔོན་ཚེ་འོག་མིན་ཆོས་ཀྱི་དབྱིངས། །རྒྱ་ཆད་ཕྱོགས་བྲལ་ཞིང་ཁམས་སུ། །རང་བྱུང་སྟོན་པ་ཀུན་བཟང་གིས། །རིགས་ལྔ་ཞི་ཁྲོ་འཁོར་ཚོགས་ལ། དགོང་བརྒྱུད་ཆོས་འཁོར་བསྐོར་བའི་ཚེ། །ཡེ་ཤེས་དབྱིངས་ཀྱི་བསྲུང་མ་ཡིས། །ཕྲིན་ལས་བྱེད་པ་དམ་ནོད་ལྟར། །ཨོ་རྒྱན་རྗེས་འཇུག་དཔོན་སློབ་དང་། བསྟན་པ་མཆོད་པའི་སྦྱིན་བདག་རྣམས། །མཐོ་མཐོ་དགོངས་ལ་རེག་པ་དང་། དམའ་དམའ་བུ་བཞིན་སྐྱོང་བ་ཡིས། །རྒྱལ་བསྟན་ཕྲིན་ལས་རྣམ་བཞི་མཛོད། བསྟན་མ་ནི། ཧཱུྃ རྟེན་འབྲེལ་བཅུ་གཉིས་བསྟན་མའི་ཚོགས། །ནག་མོ་དམར་མོ་དཀར་མོ་འབུམ། །མཆོད་གཏོར་འདི་བཞེས་བསྒྲུབ་པ་པོའི། །འཕྲིན་ལས་ཐོག་མེད་འགྲུབ་པར་མཛོད། །ཙུཥྚི་ཊཱ་བྷཱ་ལིཾ་ཏ་ཁཱ་ཧི། རྟ་བྲོ་ནི། ཧཱུྃ གསང་ཆེན་ལྷུན་གྲུབ་ཆོས་ཀྱི་དབྱིངས། །རྣམ་རྟོག་ཡིད་ཀྱི་རང་གཟུགས་འདྲེ། །ཡེངས་མེད་ཏིང་འཛིན་རྒྱལ་པོ་ངས། །འགྱུར་བྱེད་ཕྲ་རག་ཐམས་ཅད་ནོན། །ཧཱུྃ་ཧཱུྃ་ནན་ནན་སྟྭཾ་བྷ་ཡ་ནན། དངོས་གྲུབ་ལེན་པ་ནི། །ཧཱུྃ། རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ལ། རང་རིག་བྱང་ཆུབ་སེམས་ཀྱི་ལྷ། །དམིགས་མེད་རང་གསལ་འདུས་མ་བྱས། །རྒྱུ་རྐྱེན་ལས་འདས་ཞི་ཁྲོའི་སྐུ། །ཐོག་མཐའ་བར་མེད་སྤྲོས་དང་བྲལ། །སྟོང་གསལ་མཐའ་དབུས་ལས་འདས་པ། ལྟ་བ་ཆོས་སྐུའི་དབང་ཐོབ་ཤོག །སེམས་ཉིད་གསལ་དག་ཉམས་སུ་མྱོང་། །རང་བཞིན་མི་གཡོ་སྤྲོས་དང་བྲལ། །རྣམ་རྟོག་མི་གཡོ་ཆོས་ཉིད་ངང་། སྒོམ་པ་ལོངས་སྐུའི་དབང་ཐོབ་ཤོག །སྤྱོད་པ་སྣང་བཞི་སྤྲོས་དང་བྲལ། །ཉི་ཟླའི་འོད་བཞིན་གསལ་འགྲིབ་མེད། །འགགས་མེད་སྟོང་གཟུགས་འོད་དུ་གསལ། །སྤྱོད་པ་སྣང་བཞིའི་དབང་ཐོབ་ཤོག །དུག་ལྔ་ཡེ་ཤེས་ཀློང་རྡོལ་བྲལ། །རྟོག་མེད་ངང་ལས་དགོས་འདོད་འབྱུང་། །འབྲས་བུ་རིག་རྩལ་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ཀུན་གྱི་དབང་། །ལྟ་བསྒོམ་སྤྱོད་པའི་ངོ་བོ་རྫོགས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ། །སྐད་ཅིག་ཉིད་དུ་འགྲུབ་པར་ཤོག །མ་རྟོགས་ཁམས་གསུམ་སེམས་ཅན་ལ། །རྩོལ་བྲལ་ཐུགས་རྗེ་སྣང་བའི་ཆ། །ཅིར་ཡང་ཐོགས་མེད་ལྷུན་གྲུབ་ནས། །འཁོར་བ་དོང་སྤྲུག་དབང་ཐོབ་ཤོག །དྷརྨ་ཀཱ་ཡ། སཾ་བྷོ་ཀཱ་ཡ། །ནི་རྨ་ཀཱ་ཡ་སརྦ་སིདྡྷི་ཨ་ལ་ལ་ཧོ། །མཆོད་བསྟོད་སྤྱི་ལྟར་བྱ་བསྡུ་རིམ་ནི། ཨ། འོད་གསལ་ཐིག་ལེ་ཡུངས་འབྲུ་ཙམ། །དཀར་གསལ་དྭངས་པ་འོད་ལྔས་བསྐོར། །རྒྱུན་དུ་མཉམ་བཞག་རྟག་ཆད་བྲལ་། སྙིང་ལ་གནས་པའི་ཡེ་ཤེས་སེམས། །སྟོང་གསལ་ནམ་མཁའ་འབར་བའི་དོན། །བསྒོམ་མེད་བསྐྱོད་དུ་ཅི་ཡང་མེད། །དོན་གྱི་སངས་རྒྱས་སྐུ་རུ་ལྡང་། །བསྔོ་བ་ནི། ཧོ། རྒྱུ་འབྲས་ཐིག་ལེ་གཅིག་གི་ངང་། །སེམས་ཉིད་རང་བཞིན་ནམ་མཁའ་ལྟར། །བཅིང་གྲོལ་བྲི་གང་མེད་པ་ཡི། །ཀ་དག་ཁྱབ་གདལ་ཀློང་དུ་བསྔོ། །བཀྲ་ཤིས་ནི ཧཱུྃ རྟེན་འབྲེལ་ཆོས་ཀུན་མ་འགགས་པའི། །བྱས་དང་བྱེད་འགྱུར་ཆོས་སྐུའི་རྩལ། །འཁོར་བ་མིང་དུ་ཟད་པར་ཡིས། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་ཤོག །རྣལ་འབྱོར་ནམ་མཁའ་ཆོས་དབྱིངས་ཀྱིས། །དད་མོས་འདུན་པ་མི་ལྡོག་ཙམ། །བཀའ་གཏེར་དག་སྣང་མོང་མོད་ཀྱང་། །བླ་བསྒྲུབ་ཉུང་ངུར་དྲིལ་བ་འདི། །ཨོ་རྒྱན་ཆེ་མཆོག་དེས་སྨྲས་པ། །འཕྲལ་ཕུག་དགེ་ལེགས་ཀུན་ཁྱབ་ཤོག །སརྦ་མངྒ་ལཾ། །དགེའོ། །

རིག་འཛིན་འཇིགས་མེད་གླིང་པ་ལ་བསྟེན་པའི་བླ་སྒྲུབ་དངོས་གྲུབ་ཀུན་འབྱུང་།

༄༅། །རིག་འཛིན་འཇིགས་མེད་གླིང་པ་ལ་བསྟེན་པའི་བླ་སྒྲུབ་དངོས་གྲུབ་ཀུན་འབྱུང་བཞུགས་སོ། །སྐུ་གསུམ་རྒྱལ་བ་ཀུན་འདུས་བླ་མ་ཡི། །བསྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་འདིར་བཞུགས་སོ། །ཨེ་མ་ཧོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ་སྐུ་གསུམ་རྒྱལ། །དེ་ཡང་གང་ལ་གང་འདུལ་རང་རང་ལས། །གཟུགས་སྐུའི་ཚུལ་བསྟན་སྐྱེས་མཆོག་དམ་པ་ཡིས། །བསྒྲུབ་པའི་ཐབས་ནི་སྤྱི་ཁྱབ་མང་མོད་ཀྱང་། །བཀའ་གཏེར་དག་སྣང་དེ་ལྟར་མཆོད་བཤམས་བྱ། །དངོས་གཞི་སྐྱབས་སུ་འགྲོ་བའི་རིམ་པ་ནི། ན་མོ། བདག་དང་མཐའ་ཡས་སེམས་ཅན་ཀུན། །ཡེ་ནས་སངས་རྒྱས་ལྷུན་གྲུབ་པ། མངོན་སུམ་རང་ངོ་ཤེས་ཕྱིར་དུ། །བདེ་གཤེགས་འདུས་པར་སྐྱབས་སུ་འཆི། །སེམས་བསྐྱེད་པ་ནི། ཧོཿ སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ། །བདེ་ཆེན་ས་ལ་མ་བཞག་བར། །བླ་མེད་རྫོགས་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། ཡན་ལག་བདུན་པ་ནི། ཧཱུྃ། བླ་གོས་དམར་པོའི་ན་བཟའ་གསོལ། །ཕྱག་གཡས་པུས་སྟེང་མཆོག་སྦྱིན་མཛད། །ཕྱག་གཡོན་སྐུ་ཡི་སྟེ་ཟུར་ནས། །དྲང་པོར་བརྒྱངས་པས་གདན་ལ་བཀབ། །དེ་ཡི་མཐེབ་མཛུབ་ཀྱིས་བཟུང་བའི། །ཨུཏྤལ་སྙན་གོང་རྒྱས་པའི་སྟེང་། །ལུང་དང་རྟོགས་པའི་ཆོས་ཀྱི་མཛོད། །མཁྱེན་པའི་ཀློང་ནས་རྡོལ་བའི་བརྡར། །གླེགས་བམ་དང་ནི་རལ་གྲིས་མཚན། །གཡོན་དུ་ཅུང་ཟད་འགྱིང་ཉམས་ཀྱིས། །ཞབས་གཉིས་གཡས་བརྐྱང་ཕྱེད་སྐྱིལ་བཞུགས། །དེ་ཡི་དབུ་གཙུག་འཇའ་ཟེར་ཀློང་། །ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །ཞི་འཛུམ་པཎྜི་ཏ་ཡི་ཆས། །སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་འོད་ལྔའི་ཐིག་ལེའི་དབུས། །སྟོན་པ་ཀུན་བྱེད་རྒྱལ་པོ་ནི། །དྲི་མེད་ནམ་མཁའ་དྭངས་པའི་མདོག །གཅེར་བུ་མཉམ་བཞག་སྐྱིལ་ཀྲུང་ཅན། །ཆོས་ཉིད་ཀུན་ཏུ་བཟང་མོ་དང་། །མཉམ་སྦྱོར་ཐུགས་དབུས་ཨ་ཡིས་མཚན། །ཡེ་ཤེས་ལྔ་ཡི་འོད་མདངས་ཟེར། །ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཁྱབ། །དེ་ལྟར་གསལ་བའི་སྟེང་གི་ཆར། །དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས། །སྤྲིན་གྱི་ཕུང་བོ་འཁྲིགས་ལྟར་བཞུགས། །ཐད་ཀར་ནམ་མཁའི་མཐར་ཐུག་པར། །རབ་འབྱམས་ཡི་དམ་ཞི་ཁྲོའི་ཚོགས། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན། །མཐར་བསྐོར་གནས་ཡུལ་དུར་ཁྲོད་ལ། །སྤྱོད་པའི་དཔའ་བོ་རྣལ་འབྱོར་མ། །རྡོ་རྗེ་སྲུང་མའི་ཚོགས་དང་བཅས། །ཉི་རྡུལ་འཁྲིགས་པ་ལྟ་བུའི་བསྐོར། །གནས་གསུམ་ཡི་གེ་གསུམ་གྱིས་མཚན། །དེ་ལས་འཕྲོས་པའི་འོད་ཟེར་དང་། །མོས་གུས་གདུང་བས་རྒྱུད་བསྐུལ་བས། །འོག་མིན་མཁའ་སྤྱོད་ཞིང་ཁམས་ནས། །བླ་མ་རིག་འཛིན་མཁའ་འགྲོའི་ཚོགས། །ནམ་མཁའ་གང་བར་བྱོན་ནས་ནི། །དམ་ཚིག་པ་དང་དབྱེར་མེད་གྱུར། ཧཱུྃ འོག་མིན་ཨོ་རྒྱན་མཁའ་སྤྱོད་ཞིང་། །རང་བཞིན་སྤྲུལ་པའི་ཞིང་ཁམས་ནས། །གར་གྱི་དབང་ཕྱུག་འཁོར་ལོའི་མགོན། །རིག་འཛིན་པདྨ་དབང་ཆེན་ལ། །རྩ་གསུམ་དཔའ་བོ་མཁའ་འགྲོས་བསྐོར། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །ཀ་དག་དབྱིངས་ཀྱི་གཞལ་ཡས་ནས། །མཁྱེན་བརྩེའི་ཡེ་ཤེས་ཏ་ལ་ལ། །གཞི་སྣང་ལྷུན་གྲུབ་དཀྱིལ་འཁོར་ནས། །འོད་ལྔའི་སྣང་བ་མེ་རེ་རེ། །ཟུང་འཇུག་རིག་པ་འོད་ཀྱི་སྐུ། །ཐིག་ལེ་ཚོམ་བུར་ཤིགས་སེ་ཤིག །ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། །ངག་ལ་གསུང་གིས་བྱིན་གྱིས་རློབས། །སེམས་ལ་ཐུགས་ཀྱིས་བྱིན་གྱིས་རློབས། །ཉིད་དང་དབྱེར་མེད་མཛད་དུ་གསོལ། ཨོཾ་བཛྲ་གུ་རུ་དེ་ཝ་ཌཱ་ཀྐི་ནི་སརྦ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཧོཿ དབྱིངས་རིག་དབྱེར་མེད་རྫོགས་སངས་རྒྱས། །འོད་གསལ་ཆོས་སྐུའི་བླ་མ་ལ། །འདུ་འབྲལ་མེད་པར་ཕྱག་འཚལ་ལོ། །བདེ་སྟོང་མཉམ་སྦྱོར་ལྷན་ཅིག་སྐྱེས། །ཟུང་འཇུག་ལོངས་སྐུའི་བླ་མ་ལ། །རང་གསལ་ཆེན་པོར་ཕྱག་འཚལ་ལོ། །སྣང་སྟོང་གཉིས་མེད་ཆུ་ཟླའི་གར། །འགྲོ་འདུལ་སྤྲུལ་སྐུའི་བླ་མ་ལ། །མོས་གུས་གདུང་བས་ཕྱག་འཚལ་ལོ། ཧོཿཉེར་སྤྱོད་མེ་ཏོག་བདུག་སྤོས་སོགས། །ལྷ་རྫས་ཕྱི་ཡི་མཆོད་པ་དང་། །འདོད་ཡོན་སྨན་གཏོར་རཀྟ་བཅས། །རང་བྱུང་ནང་གི་མཆོད་པ་དང་། །པདྨ་ཅན་སོགས་ལྷ་མོའི་ཚོགས། །བདེ་ཆེན་གསང་བའི་མཆོད་པ་རྣམས། །དངོས་དང་ཡིད་ལས་བྱུང་བ་ཡིས། །ནམ་མཁའ་གང་བར་སྤྲུལ་ཏེ་མཆོད། །དགྱེས་མཉམ་ཆེན་པོར་བཞེས་ནས་ཀྱང་། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་སརྦ་པཱུ་ཛ་ཧོཿ ཧོཿ བལྟ་བས་མི་ངོམ་མཚན་དཔེའི་སྐུ། །གང་ལྟར་བལྟས་པ་དེ་ལྟར་སྣང་། །འགྲོ་བའི་ཡིད་འཕྲོག་ཚངས་པའི་གསུང་། །གདུལ་བྱའི་ཡིད་དང་མཐུན་པར་འཇུག །བསམ་གྱིས་མི་ཁྱབ་ནམ་མཁའི་ཐུགས། །ཤེས་བྱ་ཀུན་ལ་གཅིག་ཆར་ཁྱབ། །ཡོན་ཏན་མི་ཟད་ནོར་བུའི་གཏེར། །མོས་པ་བཞིན་དུ་ཅིར་ཡང་འབྱུང་། །ཚད་མེད་ཕྲིན་ལས་སྲིད་པའི་མཐར། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བདག །རྡོ་རྗེ་འཆང་ཆེན་བླ་མ་ལ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །ཡེ་ཤེས་ཆེན་པོས་དགོངས་མཛོད་ལ། །ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །དགོངས་བརྒྱུད་རྟོགས་པ་འཕོས་ནས་ཀྱང་། །གཟུང་འཛིན་འཁྲུལ་བའི་རྒྱ་གྲོལ་ཏེ། །རང་བྱུང་ཡེ་ཤེས་མངོན་གྱུར་ནས། །ཀ་དག་གདོད་མའི་ནང་དབྱིངས་སུ། །ཚེ་འདིར་གྲོལ་བར་བྱིན་གྱིས་རློབས། །གལ་ཏེ་ཚེ་འདིར་མ་གྲོལ་ན། །འཆི་བ་འོད་གསལ་ཆོས་སྐུར་དག །ཆོས་ཉིད་བར་དོ་ལོངས་སྐུར་རྫོགས། །སྐྱེ་སྲིད་རང་བཞིན་སྤྲུལ་སྐུར་སྨིན། །སྐུ་གསུམ་ལམ་སྣང་རྩལ་རྫོགས་ནས། །བྱང་ཆུབ་ཆེན་པོར་སངས་རྒྱས་ཤོག །རྩེ་གཅིག་གསོལ་འདེབས་ཛབ་ལ་འབད། ཨོཾ་ཨཱཿ་གུ་རུ་སརྦ་ཛྙཱ་ན་པདྨ་མ་ཧེ་ཤྭ་ར་ཧཱུྃ། །ཞེས་བསྙེན་དངོས་གྲུབ་སྒྲུབ་པའི་དུས། ཀཱ་ཡ་ཝཱ་ཀྲ་ཙི་ཏྟ་ཛྙཱ་ན་བཛྲ་ཨ་བྷི་ཥི་ཉྩ་ཏུ་མཱཾ། ཞེས་བསྙེན་པའི་ཤམ་བུར་སྦྲེལ་ཏེ་བཟླས། དེ་ནས་དབང་དང་དངོས་གྲུབ་བླང་། ཨོཾ ཁྱབ་བདག་རྡོ་རྗེ་སློབ་དཔོན་མཆོག །བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་རྒྱུད་དབང་བཞིའི་ཆུ་རྒྱུན་གྱིས། །ཡོངས་སུ་སྨིན་པར་མཛད་དུ་གསོལ། །ཞེས་པས་གསོལ་བཏབ་བླ་མ་ཡི། །ཐུགས་ཀའི་འོད་ཀྱིས་ཚོགས་ཞིང་རྣམས། །བླ་མ་ཉིད་ཀྱི་ཐུགས་ཀར་བསྡུས། །སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས། །འབྲུ་གསུམ་འོད་ཟེར་དང་བཅས་འཕྲོས། །རང་གི་གནས་གསུམ་ཐིམ་པ་ཡིས། །སྒོ་གསུམ་དྲི་མ་ཐམས་ཅད་བཀྲུས། །རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུགས། །སྐུ་གསུམ་མངོན་དུ་གྱུར་པར་བསམ། །སླར་ཡང་ཐུགས་ཀའི་ཡེ་ཤེས་སེམས། །གདོད་མའི་མགོན་པོ་སྟངས་དཔྱལ་གྱི། །ཐུགས་སྲོག་ཨ་ལས་ཨ་དཀར་པོ། །ཉི་ཤུ་རྩ་གཅིག་ཤེལ་དཀར་གྱི། །ཕྲེང་བ་སྟར་ལ་བརྒྱུས་བཞིན་བྱུང་། །རང་གི་སྙིང་གར་ཐིམ་རིམ་བཞིན། །ངག་ཏུ་ཨ་བརྗོད་རྟོག་ཚོགས་ཀུན། །རིམ་ཡལ་སྒོ་གསུམ་གདོས་བཅས་དག །ཟང་ཐལ་ཆུ་ཟླ་ལྟ་བུར་གྱུར། །ཨ་དེ་ཡི་ངང་ལས་བླ་མ་ཡང་། །རང་གི་རིག་པར་ཐག་ཆོད་ནས། །བྱར་མེད་ངང་དུ་ཀློད་པའི་ཚེ། །བླ་མའི་སྣང་བ་འོད་ཞུ་ནས། །རང་ལ་ཐིམ་ཞིང་རང་ཉིད་ཀྱང་། །མཁའ་ལ་འཇའ་ཚོན་དེངས་པ་བཞིན། །རང་ཡལ་གདོད་མའི་གཤིས་སུ་བཞག །བརྗོད་བྲལ་ངང་ལས་རིག་པའི་རྩལ། །མཁའ་ལ་འཇའ་ཚོན་ཤར་བ་བཞིན། །སྣང་སྲིད་བླ་མའི་ངོ་བོར་ཤར། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང་དཔལ་རིའི་སྨོན་ལམ་སོགས། །རྣམ་དག་སྨོན་ལམ་རྒྱ་ཆེར་གདབ། །དུས་དང་རྣམ་པ་ཐམས་ཅད་དུ། །སྤྱོད་ལམ་རྣམ་བཞི་ཀུན་གྱི་དུས། །བླ་མའི་སྣང་བ་འབྲལ་མི་བྱ། །འདུག་པའི་དུས་སུ་སྤྱི་བོར་བསྒོམ། །གསོལ་བ་གདབ་ཅིང་དབང་བཞི་ལེན། །ཟ་བའི་དུས་སུ་མགྲིན་པར་བསྒོམ། །བཟའ་བཏུང་བདུད་རྩིའི་ཕུད་ཀྱིས་མཆོད། །ཉལ་བའི་དུས་སུ་སྙིང་གར་བསྒོམ། །དེ་ལ་སེམས་གཏད་འོད་གསལ་བཟུང་། །འགྲོ་བའི་དུས་སུ་ཕྲག་པར་བསྒོམ། །སྤྱོད་ལམ་བསྐོར་བར་འགྱུར་བར་བྱ། །བྱིང་འཐིབས་རེ་དོགས་ཅི་ཤར་ཡང་། །བླ་མའི་ཐུགས་དང་རང་གི་སེམས། །བསྲེས་ལ་ཤེས་པ་གཏད་མེད་བཏང་། །གེགས་སོལ་བོགས་འདོན་ཀུན་གྱི་མཆོག །ནམ་ཞིག་འཆི་བའི་དུས་བྱུང་ཚེ། །བླ་མ་སྤྱི་བོའི་གཙུག་ཏུ་བསྒོམ། །རིག་པ་བླ་མའི་ཐུགས་ཀར་གཏད། །དབྱེར་མེད་བློ་བྲལ་ངང་དུ་བཞག །འཕོ་བ་ཀུན་གྱི་རྒྱལ་པོ་ཡིན། །མདོར་ན་ཉམས་ལེན་ཀུན་གྱི་གནད། །བླ་མའི་རྣལ་འབྱོར་ལས་ལྷག་པའི། །གདམས་ངག་ས་སྟེང་བཙལ་མི་རྙེད། །དེ་ཕྱིར་སྙིང་ལས་གཅེས་པར་ཟུངས། །ས་མ་ཡཿ རྒྱ་རྒྱ་རྒྱཿ ཀུན་མཁྱེན་འཇིགས་མེད་གླིང་བ་ལ། །མི་ཕྱེད་དད་ལྡན་ཨོ་རྒྱན་གྱིས། །བསྐུལ་ངོར་པདྨ་བཛྲ་པས། །ཡིད་ལ་གང་ཤར་བཅོས་མེད་བྲིས། །དགེ་བས་བདག་གཞན་འབྲེལ་ཐོགས་ཀུན། །རིག་འཛིན་བླ་མའི་ས་ཐོབ་ཤོག །དགེའོ། །

གར་དབང་བློ་གྲོས་མཐའ་ཡས་ལ་བསྟེན་པའི་གསང་ལམ་བླ་མའི་རྣལ་འབྱོར་རིག་པ་འཛིན་པའི་ལམ་བཟང་།

༄༅། །གར་དབང་བློ་གྲོས་མཐའ་ཡས་ལ་བསྟེན་པའི་གསང་ལམ་བླ་མའི་རྣལ་འབྱོར་རིག་པ་འཛིན་པའི་ལམ་བཟང་བཞུགས་སོ། །ཨོཾ་སྭ་སྟི། །ཕྱོགས་བཅུར་རབ་འབྱམས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་རྡོ་རྗེ་འཆང་། །ཟབ་རྒྱས་ཆོས་ཚུལ་གངས་ཆེན་མཚོ་ཡི་གནས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ནས། །གང་ལ་བརྟེན་ན་གནས་སྐབས་མཐར་ཐུག་ཀུན། །ཕན་བདེ་ཡོན་ཏན་མཆོག་གི་གཞིར་གྱུར་ཅིང་། །གྲུབ་གཉིས་འདོད་རྒུ་ཆར་བཞིན་འབབས་པ་ཡི། །བླ་མའི་རྣལ་འབྱོར་བསྒོམ་ལ་འབད་པར་བྱ། །དེ་ཡང་ལྟར་སྣང་ཁ་ཚིག་ཙམ་མིན་པར། །ཐར་ལམ་བྱིན་རླབས་དངོས་གྲུབ་ཀུན་གྱི་སྒོ། །བླ་མ་ཉིད་ལས་གཞན་ན་མེད་པའི་ཚུལ། །ཇི་བཞིན་ངེས་པ་རྙེད་པའི་གང་ཟག་གིས། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་ཀུན་བསླང་ནས། །མི་ལྡོག་དད་པ་བརྟན་པོས་སྲོག་བཟུང་སྟེ། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །ཟབ་ལམ་བླ་མའི་རྣལ་འབྱོར་འདི་ལྟར་བསྒོམ། །ཧོཿ བདག་སོགས་མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས། །འཇིགས་རུང་སྲིད་པའི་རྒྱ་མཚོ་ལས་བརྒལ་ཕྱིར། །སངས་རྒྱས་ཀུན་དངོས་བླ་མར་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་སངས་རྒྱས་བསྒྲུབ་པར་བགྱི། །ལན་གསུམ། ཧོཿ སྣོད་བཅུད་རྣམ་དག་པདྨོ་བཀོད་པའི་ཞིང་། །རིན་ཆེན་ས་གཞི་སྣ་ཚོགས་ལྗོན་ཤིང་འཁྲིགས། །བདུད་རྩིའི་ཆུ་ཀླུང་མེ་ཏོག་ཚལ་གྱིས་མཛེས། །ཡངས་ཤིང་རྒྱ་ཆེ་འོད་ལྔའི་དྲ་བས་འབྲེལ། །ལྷ་དང་དྲང་སྲོང་གྲུབ་པའི་ཚོགས་ཀྱིས་གང་། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན་སྤྲོ་བའི། །མཁའ་འགྲོའི་སྤྲིན་ཕུང་ཕྱོགས་བཅུར་འཕྲོ་བའི་དབུས། །རང་མདུན་དཔག་བསམ་ལྗོན་པ་རྒྱས་པའི་རྩེར། །རྒྱ་ཆེ་དྲི་བཟང་བསིལ་ཞིང་བཀྲག་འབར་བའི། །པདྨ་སྟོང་ལྡན་སྙིང་པོའི་གེ་སར་ལ། །དྲི་མེད་ཟླ་བའི་དཀྱིལ་འཁོར་འཁྱིལ་བའི་སྟེང་། །སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །བློ་གྲོས་མཐའ་ཡས་པདྨ་གར་གྱི་དབང་། །དཀར་དམར་མདངས་ལྡན་དགྱེས་འཛུམ་བཞད་པའི་ཞལ། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །དབུ་ལ་འདབ་ལྡན་པདྨའི་གཉེན་ཞུ་གསོལ། །ཞི་འཛུམ་སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགས། །གཡས་གཡོན་ཟུར་དང་སྐུ་ཡི་རྒྱབ་ཕྱོགས་ནས། །གནས་གཙང་ལྷ་ཡི་བུ་རྣམས་འགྲེང་སྟབས་ཀྱིས། །རིན་ཆེན་གདུགས་དཀར་ཁྱོན་ཡངས་ཁོར་ཡུག་ཏུ། སྣ་ཚོགས་ནོར་བུའི་འཕྱང་འཕྲུལ་གཡོ་བ་དང་། །འཕན་དང་རྒྱལ་མཚན་རྨ་བྱའི་བསིལ་ཡབ་སོགས། །བསྐོར་ཞིང་བསྒྲེང་བའི་སྲི་ཞུའི་བསྙེན་བཀུར་སྟོབ། །དེ་ལྟར་གསལ་བའི་དབུ་གཙུག་སྟེང་གི་མཁར། །སྐུ་གསུམ་བཀའ་བརྒྱུད་བླ་མ་སྐར་ལྟར་འཁྲིགས། །ཐད་ཀར་འཇའ་འོད་མེ་དཔུང་གཡོ་བའི་དབུས། །ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་སྤྲིན་ལྟར་གཏིབ། །མཐའ་སྐོར་གནས་གསུམ་དཔའ་བོ་མཁའ་འགྲོ་དང་། །རྡོ་རྗེའི་དམ་ཅན་ཆོས་སྲུང་རྡུལ་བཞིན་འཚུབས། །གནས་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ལས། །འཕྲོས་པའི་འོད་ཀྱིས་ཕྱོགས་བཅུའི་ཞིང་ཁམས་ནས། །སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྲུང་ཚོགས། །ཉི་མའི་ཟེར་ལ་རྡུལ་ཕྲན་འཁྲིགས་པ་བཞིན། །སྤྱན་དྲངས་བསྐྱེད་པའི་སྐུ་ལ་གཉིས་མེད་ཐིམ། ཧོ གྲངས་མེད་བསྐལ་བའི་སྔོན་རོལ་ནས། །བྱང་ཆུབ་མཆོག་གི་ས་བརྙེས་ཀྱང་། །ཚད་མེད་ཐུགས་རྗེ་ཆེན་པོའི་མཐུས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །ཕྲིན་ལས་རྒྱུན་མི་འཆད་པ་ཡི། །རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་གུ་རུ་བཛྲ་སརྦ་ས་མ་ཡ་ཛཿཛཿ། ཧོ། །བདག་བློ་མོས་པའི་ཞིང་གི་མཁར། །ཇི་སྲིད་ཐུགས་ཡིད་འདྲེས་ཀྱི་བར། །གཡོ་མེད་བརྟན་པར་བཞུགས་ནས་ཀྱང་། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་ཏིཥྛནྟུཿ ཧོཿ མཐའ་ཡས་ནམ་མཁའི་རྗེས་སོང་བའི། །གསང་བ་གསུམ་གྱི་ཡོན་ཏན་ལ། །ངོ་མཚར་རྒྱས་པའི་མོས་གུས་ཀྱིས། །རྡུལ་སྙེད་ལུས་སྤྲུལ་གུས་ཕྱག་འཚལ། །ན་མོ་ན་མ་མིཿ ཧོ། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སྨོན་ལམ་ཐར་དང་ཏིང་འཛིན་གྱིས། །མཆོད་སྤྲིན་རྒྱལ་མཚོར་སྤེལ་ཞིང་མཆོད། ཨོཾ མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པའི་། །ལྷ་དང་མི་ཡི་ལོངས་སྤྱོད་རིགས། །དངོས་འབྱོར་ཡིད་ལས་བྱུང་བས་མཆོད། །ཨཱཿ མཛེས་པའི་གཟུགས་དང་སྙན་པའི་གླུ། །ཞིམ་པའི་དྲི་དང་མངར་བའི་རོ། །འཇམ་པའི་རེག་བྱ་ཆོས་ཀྱི་མཆོག །ཚོགས་དྲུག་བདེ་བར་སྦྱོར་བ་ཡི། །བཅུ་དྲུག་ལྷ་མོའི་ཚོགས་ཀྱི་མཆོད། ཧཱུྃ རོ་རྐྱང་ནས་འབབས་ཉི་ཟླའི་རྒྱུན། །སྒྲ་གཅན་ལམ་དུ་དྲངས་པ་ཡི། །སྟོང་པ་ཉིད་དང་སྙིང་རྗེ་ཆེ། །ཟུང་འཇུག་མཉམ་པར་སྦྱོར་བས་མཆོད། ཧོཿ མི་གནས་མི་དམིགས་བསམ་ཡུལ་འདས། །ཞི་བ་ཆགས་བྲལ་བདུད་རྩིའི་མཆོག །སྣ་ཚོགས་སྒྱུ་མའི་གར་གྱིས་རོལ། །ཡེ་ཤེས་ནམ་མཁའ་མཉམ་པས་མཆོད། །ཁཾ་ས་མུཏྒ་ཏེ་སརྦ་པཱུ་ཙ་ཧོ། ཧོ སྙིང་རྗེ་ཆེན་པོས་ངེས་པར་གང་བའི་སྐུ་ནི་ཐུན་མོང་མཆོག་གི་མཚན་དཔེར་འབར། །སྲོག་རླུང་མཐའ་དག་ཅིག་ལ་ཟོས་པའི་གསུང་ནི་མཐའ་ཡས་སྒྲ་སྐད་རྗེས་སུ་འཇུག །ཡང་དག་མཐའ་ལ་རྣམ་པར་གནས་པའི་ཐུགས་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྣམ་གསུམ་རིག་པའི་ཐིག་ལེར་དབྱེར་མེད་དང་པོའི་སངས་རྒྱས་དཔལ་ལྡན་བླ་མར་འདུད། །གང་མཚན་ཡིད་མཁར་ཤར་བའི་མོད། །རྨོངས་པའི་མུན་པ་བཅོམ་པ་དང་། །མཉམ་དུ་དད་བརྒྱའི་ཨུཏྤལ་བཞད། །ལྷན་སྐྱེས་མངོན་སུམ་སྟོན་ལ་འདུད། །ཟོལ་མེད་གདུང་པས་ཁྱོད་བོས་ན། །ཐོགས་མེད་མངོན་ཤེས་དྲུག་ལྡན་པས། །མངོན་ཤེས་རྗེས་སུ་བཟུང་མཛད་ནས། །བདེ་ཆེན་ས་ལ་ཁྲིད་པར་མཛོད། །མོས་གུས་དྲག་པོས་གདུང་ཤུགས་ཀྱིས། །གསོལ་འདེབས་འཛབ་ཀྱིས་ཐུགས་རྒྱུད་བསྐུལ། །ཨོཾ་ཨཱཿམ་ཧཱ་གུ་རུ་སརྦ་ཛྙཱ་ན་པདྨ་ནརྟེ་ཤྭ་ར་སིདྡྷི་ཧཱུྃཿ ཀྱཻཿ བླ་མ་རིན་པོ་ཆེ། ལྷང་ལྷང་གསོལ་བ་སྙིང་ནས་འདེབས། །ལས་ཉོན་དྲག་པོས་མནར་བ་ཡི། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །དལ་འབྱོར་སྙིང་པོ་ལོན་པ་དང་། །མི་རྟག་འཆི་བ་རྗེས་དྲན་ནས། །དཀར་ནག་རྒྱུ་འབྲས་ཕྲ་ཞིབ་ལ། །བླང་དོར་ནུས་པར་བྱིན་གྱིས་རློབས། །འཁོར་བའི་ལམ་གསུམ་ཤིང་རྟ་ཡི། །འཁོར་ལོ་ལྟ་བུར་འཁོར་བ་ཡིས། །དབང་མེད་བཟླས་པའི་ཉེས་དམིགས་ཀུན། །མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཞི་བསིལ་ཡོན་ཏན་མཐའ་ཡས་པའི། །ཐར་པ་མཆོག་ལ་ཡིད་སྟོན་པའི། །ངེས་པར་འབྱུང་བས་ཡིད་དྲངས་ནས། །ལམ་མཆོག་གཉེར་བར་བྱིན་གྱི་རློབས། །དེ་ཚེ་སྡིག་པའི་བཤེས་གྲོགས་སོགས། །འགལ་རྐྱེན་བདུད་དབང་མི་འགྱུར་ཅིང་། །སྐྱེས་བུ་ཆེན་པོའི་ལམ་སྟེགས་ཀྱི། །འཁོར་ལོ་བཞི་དང་ལྡན་པར་ཤོག །ཁྱད་པར་དགེ་བའི་བཤེས་གཉེན་ནི། །མཚན་ཉིད་ལྡན་པའི་རྗེས་ཟིན་ཅིང་། །མཉེས་པ་གསུམ་གྱིས་བསྟེན་པའི་མཐུས། །ཐུགས་ཀྱི་གདམས་པ་ནོད་པར་ཤོག །འཇིགས་རུང་སྲིད་པའི་ཆུ་གཏེར་ལས། །སྐྱོབ་ངེས་དཀོན་མཆོག་རྣམ་གསུམ་གྱི། །བསླུ་མེད་ཡོན་ཏན་རྗེས་དྲན་ནས། །སྐྱབས་སུ་འགྲོ་བར་བྱིན་གྱིས་རློབས། །རང་དོན་ཉི་ཚེ་ཙམ་མིན་པར་། །མཁའ་མཐས་གཏུགས་པའི་སེམས་ཅན། །ཚད་མེད་བཞི་ཡི་བློ་སྦྱངས་ནས། ཐེག་ཆེན་རིགས་མཆོག་སད་པར་ཤོག །སྲས་བཅས་རྒྱལ་བའི་སྤྱན་སྔ་རུ། །གཞན་ཕྱིར་རྫོགས་བྱང་སྒྲུབ་པའི་བློས། །སྨོན་དང་འཇུག་པའི་བྱང་ཆུབ་སེམས། །ཚུལ་བཞིན་བསྐྱེད་པར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་བྱང་ཆུབ་བར། །ཕྱིན་དྲུག་སྤྱོད་དང་མི་འབྲལ་ཅིང་། །བསྡུ་དངོས་བཞི་ཡི་ཐབས་མཁས་ཀྱིས། །གཞན་དོན་རླབས་ཆེནབསྒྲུབ་པར་ཤོག །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་སྒོ། །རྡོ་རྗེའི་ཐེག་པར་ངེས་རྙེད་ནས། །དེ་ལ་འཇུག་པར་བྱིན་གྱིས་རློབས། །མཚན་ཉིད་ཀུན་ལྡན་སློབ་དཔོན་གྱིས། །དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས། །རྒྱུད་སྨིན་དམ་ཚིག་སྡོམ་པ་ཀུན། །སྲོག་དང་བསྡོས་ནས་སྲུང་ནུས་ཤོག །གྲོལ་ལམ་ཤེས་རབ་རྣམ་གསུམ་གྱིས། །རང་རྒྱུད་རིམ་གྱིས་གྲོལ་བ་དང་། །ཐབས་ལམ་སྟེང་འོག་སྒོ་གཉིས་ཀྱིས། །ལམ་མཆོག་འབྱོངས་པར་བྱིན་གྱིས་རློབས། །ཤེས་རབ་ཐབས་དང་ལྡན་པ་ཡི། །ལམ་ལ་བརྟེན་ནས་ཐུན་མོང་དང་། མཆོག་གི་དངོས་གྲུབ་ཟུང་འཇུག་གི །གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མཐའ་ཡས་གདུལ་བྱའི་བསམ་པ་བཞིན། །གང་ལ་གང་འདུལ་ཕྲིན་ལས་དང་། །ཚད་མེད་རྣམ་པར་ཐར་བའི་སྒོ །འཁོར་བ་དོང་ནས་སྤྲུགས་པར་ཤོག །ཁྱད་པར་འོད་གསལ་རྫོགས་པ་ཆེའི། །ཟབ་མོའི་ལམ་མཆོག་མཐར་ཕྱིན་ནས། །ནང་དབྱིངས་གཞོན་ནུ་བུམ་པའི་སྐུར། །ཚེ་འདིར་གྲོལ་བར་བྱིན་གྱིས་རློབས། །དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །རྩ་གསུམ་རྒྱལ་བ་སྲས་བཅས་རྣམས། །འོད་དུ་ཞུ་ནས་བླ་མར་ཐིམ། །བླ་མའི་སྐུ་ཡི་གནས་གསུམ་ནས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །རང་གི་གནས་གསུམ་ཐིམ་པ་ཡི། །སྒོ་གསུམ་སྡིག་སྒྲིབ་ཀུན་དག་ནས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ། །སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས། །ཧཱུྃ་ཡིག་སྔོན་པོ་རང་སྒྲ་བཅས། །སྐར་མདའ་བཞིན་འཕྲོས་སྙིང་གར་ཐིམ། །ཕྲ་རགས་རྟོག་པར་ཀུན་དག་ནས། བརྗོད་བྲལ་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་བསམ་གྱིས་མི་ཁྱབ་པ། །ནམ་མཁའ་ལྟ་བུའི་ངང་དུ་བཞག །རྗེས་ཐོབ་སྣང་སྲིད་སྣོད་བཅུད་ཀུན། །བླ་མའི་གསང་གསུམ་རྣམ་རོལ་དུ། །བལྟས་ལ་དག་སྣང་མོས་གུས་སྦྱང་། ཕྱི་ནང་གསང་བའི་རྣམ་ཐར་ལ། །ཐེ་ཚོམ་ལོག་ལྟ་སྒྲོ་སྐུར་ནི། །རྨི་ལམ་དུ་ཡང་བྱ་མི་རུང་། །དམ་ཚིག་མིག་གི་འབྲས་བཞིན་སྲུང་། །དྲན་པས་མ་ཟིན་བརྗེད་ངས་པས། །ཉེས་པ་ཕྲ་མོ་བྱུང་ན་ཡང་། །དེ་མ་ཐག་ཏུ་སྟོབས་བཞིས་བཤགས། །སྤྱོད་ལམ་རྣམ་བཞི་གང་ཚེ་ཡང་། །བླ་མའི་སྣང་བ་མ་བྲལ་ན། །དབང་བསྐུར་བྱིན་རླབས་རྒྱུན་མི་འཆད་། །བར་ཆད་ཀུན་སེལ་ཅི་བསམ་འགྲུབ། །ཕྱི་མ་མཁའ་སྤྱོད་ཞིང་ཁམས་སུ། །བླ་མ་ལྷ་དང་མཁའ་འགྲོ་ཡི། །དག་སྣང་འཆར་ཞིང་ལམ་སྣ་འདྲེན། །དེ་ཕྱིར་བླ་མའི་རྣལ་འབྱོར་འདི། །ཉམས་ལེན་ཀུན་གྱི་སྙིང་པོ་ཡིན། །ཉམས་དང་རྟོགས་པའི་བོགས་འབྱིན་ཡིན། །འོད་གསལ་འཆར་བའི་གསང་སྒོ་ཡིན། །འོག་མིན་ཞིང་གི་སྒོ་འབྱེད་ཡིན། །དེ་ལྟར་ཉམས་སུ་སུས་བླངས་ན། །ཚོགས་གཉིས་རྫོགས་ནས་བྱང་ཆུབ་ཐོབ། །འདིར་འབད་དགེ་བས་བདག་གཞན་འགྲོ། །བླ་མ་མཆོག་གི་གནས་ཐོབ་ནས། །ཁམས་གསུམ་སེམས་ཅན་མ་ལུས་པ། །འདྲེན་པའི་དེད་དཔོན་བྱེད་པར་ཤོག །ཅེས་པ་འདི་ནི་ཁང་དམར་གྲྭ་ཚང་པདྨ་དགེ་འདུན་ནས་དོན་གཉེར་ཆེན་པོས་ཡང་ཡང་བསྐུལ་བས་ཤཱཀྱའི་དགེ་སློང་པདྨ་དམ་ཆོས་འོད་ཟེར་གྱིས་པདྨ་དགྱེས་པའི་ཐང་དུ་བྲིས་པ་དགེ་ལེགས་འཕེལ། །

བླ་མ་སྐུ་གསུམ་མའི་གསོལ་འདེབས་ཀྱི་ཚིག་འགྲེལ་ཉུང་བསྡུས།

༄༅། །བླ་མ་སྐུ་གསུམ་མའི་གསོལ་འདེབས་ཀྱི་ཚིག་འགྲེལ་ཉུང་བསྡུས་བཞུགས་སོ། །མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་གང་འདུལ་དེར་མཐུན་པའི། །སྣ་ཚོགས་ཐབས་ཀྱིས་ཞི་བར་འདྲེན་མཛད་པ། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྤྱིར་ཐར་པའི་ལམ་དུ་འགྲོ་བ་ལ། དགེ་བའི་བཤེས་གཉེན་མ་བསྟེན་པར་འགྲོ་མི་ནུས་པས། དེ་བསྟེན་པའི་ཚུལ་མདོ་རྒྱུད་ཀུན་ནས་གསུངས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་ནས་དངོས་གྲུབ་བརྙེས་པར་འདོད་ཕྱིན། ལམ་གྱི་རྩ་བ་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་གཡོ་སྒྱུ་དང་ཟོལ་ཟོག་མེད་པ་ཁ་གཏིང་མཚུངས་པ་ཞིག་མེད་ན། བྱིན་རླབས་དངོས་གྲུབ་སྣེ་གཅིག་མི་འབྱུང་བས་མོས་གུས་བཅོས་མིན་གྱིས་བློ་སྣ་འགྱུར་བ་ཞིག་གལ་ཆེ་སྟེ། དཔལ་ཆེན་བིཪྭ་པས། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བལྟ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་བླ་མ་དགེ་འདུན་ཏེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་རྒྱ་ཆེན་སྣོད་དུ་འགྱུར། །ཞེས་གསུངས། དེས་ན་བློ་བླ་མ་ལ་བཀལ་ནས་སྙིང་ནས་གསོལ་བ་འདེབས་པ་དེ་གལ་ཆེ། ཇི་ལྟར་འདེབས་ན། ཨོ་རྒྱན་ཆེན་པོས། བླ་མ་སྐུ་གསུམ་གྱི་གསོལ་འདེབས་དེ། །སྐྱབས་བླ་མ་ནམ་དྲན་དུས་གསོལ་བ་ཐོབ། །ཅེས་གསུང་པ་བཞིན། བླ་མ་དེ་རང་དང་མཐུན་ཕྱོགས་ཙམ་དང་། ཟས་ནོར་གྱིས་ཕན་བཏགས་ཙམ་དང་། སྡེ་དགོན་གྱི་ཕྱོགས་རིས་དང་འདོད་ཞེན་ཙམ་མ་ཡིན་པར་རང་ལ་སྨིན་གྲོལ་གྱི་གདམས་ངག་ཐོབ་པའི་སྐུ་དྲིན་ཅན་གྱི་བླ་མ་དེ། དགོངས་པ་ཆོས་སྐུའི་ངང་ལས་གཡོ་བ་མེད་བཞིན། རང་སྣང་ལོངས་སྐུའི་རྩལ་ལས་ཐུགས་རྗེའི་སྤྲུལ་པའི་གཟུགས་བརྙན། ནམ་མཁའི་ཟླ་གཟུགས་ཆུ་སྣོད་སོ་སོར་ཤར་བ་བཞིན། གདུལ་བྱའི་སེམས་ཅན་གྱི་བློ་དང་མཐུན་པར། དག་དང་མ་དག་གི་མཛད་ཚུལ་དུ་མས། འགྲོ་བའི་ཁ་ལོ་ཐར་བའི་ལམ་དུ་སྒྱུར་བའི་སངས་རྒྱས་དངོས་ཡིན་སྙམ་པའི་མོས་གུས་རྐྱེན་གྱིས་མི་འགྱུར་བའི་གདུང་ཤུགས་དྲག་པོས། ཨེ་མ་ཧོ། །སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུཿ སོགས་བརྗོད། དེ་ལ་ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་བའི་དོན་ཏེ། གང་ལ་ངོ་མཚར་ན་བླ་མ་ཆོས་ཀྱི་སྐུའི་ཡོན་ཏན་ལ་ངོ་མཚར་ཏེ། ཇི་ལྟར་ན་ཡོད་མེད་རྟག་ཆད་སོགས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའི་ཞིང་ཁམས་ཡིན་ཏེ། སེམས་ཉིད་ངལ་གསོ་ལས། ཆོས་དབྱིངས་ཕོ་བྲང་ཤིན་ཏུ་སྐྱེ་མེད་ན། །དུས་གསུམ་རྒྱལ་བ་ཐམས་ཅད་རྟག་བཞུགས་ཀྱང་། །གཅིག་གིས་གཅིག་མི་གཟིགས་ཏེ་ཆོས་ཉིད་ཕྱིར། །རང་བཞིན་ཟབ་ཞིར་བཞུགས་ཞེས་གསུངས་པ་ཡིན། །ཞེས་གསུང་པ་ལྟར། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དགོངས་པ་དབྱེར་མི་ཕྱེད་སོ་སོ་མ་ཡིན་ཐ་མི་དད་པར་ཆོས་ཉིད་འདུས་མ་བྱས་པ། ཐོག་མར་མ་སྐྱེས། ད་ལྟ་མི་གནས། ཐ་མར་མི་འགག་པས། དུས་གསུམ་སྐྱེ་འགག་འཕོ་འགྱུར་མེད་པའི་ངང་དུ་རྟག་པ་རྒྱུན་གྱི་འཁོར་ལོར། མཚན་མའི་རྩོལ་རྟོག་གི་གཡོ་བ་ཐམས་ཅད་དང་བྲལ་བས་བྱ་བ་དང་བྱེད་པ་མེད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དམིགས་མེད་ཀྱི་ཐུགས་རྗེ་ཆེན་པོ་ངང་གིས་འཇུག་ཅིང་ལྷུན་གྱིས་གྲུབ་པའི་བདག་ཉིད་ལ་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་འདུ་འབྲལ་མེད་པར་རྫོགས་པ་ནི་ཆོས་ཀྱི་སྐུའམ། བདེ་བ་ཆེན་པོའི་སྐུ་ཞེས་བྱ་སྟེ། ནམ་མཁའ་ལྟ་བུའི་སེམས་ཅན་གྱི་ཁམས་ཐམས་ཅད་དུ། ནམ་མཁའ་བཞིན་དུ་དམིགས་མེད་ཐུགས་རྗེ་ཆེན་པོ་ཕྱོགས་དང་རིས་སུ་མ་ཆད་པར་གདུལ་བྱའི་ཁམས་ལ་ཁྱད་པར་མེད་པར་ཁྱབ་པར་འཇུག་པའི་རང་བཞིན་ཤུགས་ཀྱི་ཐུགས་རྗེའམ་རྟག་པ་རྒྱུན་གྱི་ཐུགས་རྗེ་ཚད་མེད་པ་མངའ་བའོ། །དེ་ནི་དུས་གསུམ་གྱི་བླ་མ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། ཀུན་མཁྱེན་བླ་མས། དེ་ཉིད་ངང་དུ་རྒྱལ་རྣམས་དགོངས་ཀློང་གཅིག །བུམ་མཁའ་སྔ་ཕྱིའི་ནམ་མཁའ་གཅིག་པ་བཞིན། །ཞེས་སོ། །དེ་ལྟ་བུའི་བླ་མ་ལ་ཡིད་ཁྱེད་ཤེས་ཀྱི་གསོལ་བ་ཡིད་གཉིས་མེད་པར་རྩེ་གཅིག་ཏུ་འདེབས་པའོ། །དེ་ལྟར་ཆོས་སྐུ་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ནས། ཐུགས་རྗེ་ཕྱིར་གསལ་གྱི་ཆ་ལས། རང་སྣང་ལོངས་སྐུ་ཆེན་པོ་དང་། གཞན་སྣང་ལོངས་སྐུའི་ཞིང་ཁམས་ཚད་མེད་པ་ཉི་འོད་དང་འཇའ་ཚོན་བཞིན་ཤར་བ་ཡིན་ཏེ། ཀུན་མཁྱེན་གྱིས། དེ་ཉིད་ངང་ལས་རང་སྣང་ལོངས་སྤྱོད་རྫོགས། གནས་དུས་སྟོན་པ་ཆོས་འཁོར་ཕུན་ཚོགས་ལས། །རང་སྣང་སྟོང་གཟུགས་བཞིན་དུ་བསམ་མི་ཁྱབ། །ཅེས་པ་ལྟར། རྟོག་པའི་ཟུག་རྔུ་ཐམས་ཅད་དང་བྲལ་བའི་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྩལ་ལས་རང་ཤར་བའི་ལྷུན་གྱིས་གྲུབ་པའི་ཞིང་ཁམས་འོག་མིན་གྱི་གནས་གཞི་དང་། རྒྱན་དང་། དབྱིབས་དང་། བཀོད་པ་ཚད་མེད་པའི་ཁང་བུ་བརྩེགས་པ་དང་། མངོན་པར་དགའ་བ། དཔལ་དང་ལྡན་པ། བདེ་བ་ཅན། ལས་རབ་གྲུབ་པ་རྣམས་སུ། སྐུ་རྣམ་པར་སྣང་མཛད། གསུང་སྣང་བ་མཐའ་ཡས། ཐུགས་རྡོ་རྗེ་མི་བསྐྱོད་པ་དང་། ཡོན་ཏན་རིན་ཆེན་འབྱུང་ལྡན། ཕྲིན་ལས་དོན་ཡོད་གྲུབ་པ་སྟེ་རིགས་ལྔའི་སངས་རྒྱས་རྣམས་རིམ་པ་བཞིན་ཐུགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔ་རེ་རེ་ཡང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་བདེ་བར་གཤེགས་པའི་སྐུ་ཕྱི་ནང་གསང་བའི་མཚན་དཔེས་བརྒྱན་པ། ཐུགས་རྗེའི་བྱེ་བྲག་སྣ་ཚོགས་པ་སྟེ། ཀུན་མཁྱེན་གྱིས། དེ་ལྟར་རིགས་ལྔར་ངེས་པའི་རང་བཞིན་ཡང་། །གདུལ་བྱའི་གཏི་མུག་ཤས་ཆེར་སྦྱོང་བའི་ཚེ། །ཞིང་ནི་འོག་མིན་སྟོན་པ་རྣམ་སྣང་ལ། །ཆོས་ནི་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །ཅེས་སོགས་དང་། ཞི་དང་ཁྲོ་ཚུལ་དཔག་མེད་ཚུལ་འཆར་བས། །འགྲོ་བའི་དོན་ཉིད་ལྷུན་གྱིས་གྲུབ་པར་མཛད། །ཅེས་པ་བཞིན། །རིགས་ཅན་ལྔའི་འཁོར་གྱི་རྒྱུད་ལ་ཡོད་པའི་བག་ལ་ཉལ་དང་ལྷན་སྐྱེས་ཀྱི་སྒྲིབ་པ་སྦྱངས་ཕྱིར་དེ་དང་མཐུན་པའི་ཐུགས་རྗེ་ཡང་ཞི་དང་ཁྲོ་ཆགས་སོགས་ཀྱི་རྣམ་པ་དུ་མ་སོ་སོར་སྟོན་པས་དོན་མཛད་པ་ནི། དུས་གསུམ་གྱི་བླ་མ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་དེ་ལ་གསོལ་བ་འདེབས་པའོ། །ལོངས་སྐུའི་ཡེ་ཤེས་ཀྱི་རྩལ་ལས་གདུལ་བྱའི་སེམས་ཅན་གྱི་ལས་སྣང་དང་མཐུན་པའི་འགྲོ་འདུལ་སྤྲུལ་པའི་སྐུ་སྣ་ཚོགས་པ་འཆར་བ་ནི། ངལ་གསོ་ལས། དེ་ཉིད་ངང་ལས་འགྲོ་འདུལ་སྤྲུལ་པའི་སྐུ། །འགྲོ་དྲུག་གནས་སུ་རང་རང་སྟོན་པར་སྣང་། །ཐུབ་པ་དྲུག་གིས་ཕྱོགས་བཅུའི་ཞིང་རྣམས་སུ། །འགྲོ་བ་དྲུག་གི་རྒྱུད་དྲུག་སོ་སོར་སྦྱོངས། །དེ་ཡང་གཙོ་བོའི་གྲངས་ཏེ་སྤྲུལ་པ་དང་། །ཡང་སྤྲུལ་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ། །ལྷ་ཡི་གནས་སུའང་གནས་རིས་སོ་སོ་རུ། །ཚངས་དང་དབང་ཕྱུག་འོག་མིན་བར་སྙེད་དུ། །རང་རང་འདུལ་བྱེད་སྟོན་པའི་ཚུལ་དུ་སྣང་། །མི་ལའང་གང་འདུལ་དེ་ལ་དེར་སྣང་སྟེ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་། །རྒྱལ་པོ་ལ་སོགས་སྤྲུལ་ནས་མི་རྣམས་འདུལ། །ལྷ་མིན་གནས་སུའང་སོ་སོའི་འདུལ་བྱེད་དང་། །དུད་འགྲོའི་གནས་སུ་བྱ་ལ་བྱར་སྣང་ཞིང་། །རི་དྭགས་རྣམས་ལ་སེང་གེ་མཆོག་ལ་སོགས། །སོ་སོའི་འདུལ་བྱེད་སྟོན་པ་བསམ་མི་ཁྱབ། །དེ་བཞིན་ཡི་དྭགས་དམྱལ་བའི་འཇིག་རྟེན་དུ། །རང་རང་མཐུན་པའི་གཟུགས་ཀྱིས་དོན་མཛད་དོ། །ཞེས་དང་། སྟོན་པ་དྲུག་ཀྱང་འགྲོ་སེམས་རང་སྣང་སྟེ། །རྨི་ལམ་ནང་གི་སངས་རྒྱས་སེམས་ཅན་བཞིན། །ངོ་བོ་དག་ཀྱང་རྣམ་པ་མ་དག་པས། །སྣ་ཚོགས་སྣང་ལ་ཐུགས་རྗེའི་རོལ་པར་ཤར། །འདི་ནི་ཚད་མེད་ཐུགས་རྗེའི་སྤྲུལ་པ་ཡིན། །ཅེས་གསུངས་པ་ལྟར། སྤྲུལ་པའི་སྐུ་ནི། མི་མཇེད་ཀྱི་འཇིག་རྟེན་འདིས་མཚོན་པའི་ཕྱོགས་བཅུའི་དག་པའི་ཞིང་ཁམས་རྣམས་སུ། ཚད་མེད་པའི་ཐུགས་རྗེ་ཆེན་པོས་གདུལ་བྱ་འདུལ་བའི་དུས་དང་། གདུལ་བའི་ཐབས་ཚུལ་ལ་དགོངས་ནས་འགྲོ་བ་འདུལ་བའི་དོན་དུ། སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པ་བྱོན་ནས། གདུལ་བྱ་གང་ལ་དངོས་དང་བརྒྱུད་ནས་ཞི་དང་ཁྲོ་བོ། ཆགས་ཅན་དང་ཆགས་བྲལ། སྤྱོད་ལམ་འཇམ་པ་དང་རྩུབ་པ། མཁས་པ་དང་མི་མཁས་པ་ཚུལ་གང་དང་གང་གིས་འདུལ་བའི་ཐབས་དེ་དང་དེས། འགྲོ་བའི་གནས་སྐབས་འཕྲལ་གྱི་བདེ་བ་དང་ཐར་པའི་ས་བོན་བཏབ་ནས། མཐར་ཐུག་ངེས་ལེགས་ཐར་པའི་ལམ་ལ་འགོད་པའི་སྒོ་ནས་འགྲོ་བའི་དོན་རྫོགས་པར་མཛད་པ་ནི། འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི་བླ་མ་རྣམས་ཀྱི་སྤྲུལ་པའི་སྐུ་སྟེ། དེ་རྣམས་ལ་ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས་དགོས་སོ། །དེ་ལྟར་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་དེ་རྣམས་དགོངས་པ་དབྱེར་མི་ཕྱེད། མཚན་ཉིད་ཐ་མི་དད། མཛད་པ་རོ་གཅིག་པའི་ཚུལ་དུ་བལྟ་ལུགས་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་འཁྲུལ་བ་མེད་པ་འདིའི་ཚིག་དོན་ལ་ཞིབ་དུ་བརྟག་ནས་གསོལ་བ་འདེབས་ཤེས་ན། ཇི་སྐད་དུ། མོས་གུས་ཡོད་ན་བླ་མར་མ་གྱུར་མེད། །ཤེས་རབ་ཡོད་ན་ས་སྟེང་ཆོས་ཀྱིས་གང་། །ཞེས་དང་། སྣང་སྲིད་བླ་མར་ཤར་བས་དྭངས་རེ་སྤྲོ། །དག་སྣང་ཕྱོགས་མེད་འབྱོངས་པས་ཞེ་རེ་སྐྱིད། །བྱིན་རླབས་སྤྲིན་བཞིན་འཐིབས་པས་བག་རེ་དྲོ། །དངོས་གྲུབ་ཆར་བཞིན་འབེབས་པས་སྐལ་རེ་བཟང། །ཞེས་པ་དེ་འོང་བས་དག་སྣང་སྦྱོང་བ་གལ་ཆེ། །སྤྱི་དང་འདྲེན་པའི་སློབ་དཔོན་རྣམ་པ་གཉིས། །དབང་བསྐུར་རྒྱུད་བཤད་མན་ངག་ལུང་སྦྱིན་གསུམ། །ཉམས་ཆགས་སྐོང་དང་སློབ་དཔོན་རྣམས་པ་དྲུག །རྣམ་པ་ཆ་ལུགས་གང་ལྟར་འདུག་ཀྱང་རུང་། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཤིག །མེད་པར་གྱུར་ན་སྔགས་ཀྱི་དམ་ཚིག་ཉམས། །དེ་ཕྱིར་དག་སྣང་སྦྱོང་བའི་ཐབས་ལ་འབུངས། །སྤྱི་རིང་ཉེ་དང་ནང་འདྲེས་མཆེད་རྣམས་ལ། །བརྩེ་བའི་གདུང་སེམས་མེད་ན་དམ་ཚིག་ཉམས། །དེ་ཕྱིར་མཆེད་ལྕམ་ཀུན་ལ་དག་སྣང་སྦྱངས། །དེ་སོགས་དམ་ཚིག་དག་སྣང་ལྡན་གྱུར་ན། །རྡོ་རྗེ་ཐེག་པའི་ལམ་བཟང་མྱུར་འགྲུབ་ནས། །རྡོ་རྗེ་འཆང་དབང་གོ་འཕང་བདེ་བླག་འགྲུབ། །དེ་ལྟར་བླ་མ་སྐུ་གསུམ་གྱི། །གསོལ་འདེབས་ཚིག་གི་བསྡུས་འགྲེལ་འདི། །བླ་མའི་རྣལ་འབྱོར་ལ་བརྩོན་པའི། །ཀུན་ནས་དགའ་བའི་བློ་གྲོས་ཀྱིས། །བསྐུལ་ངོར་པདྨ་བཛྲས་བྲིས། །མངྒ་ལཾ། །དགེའོ། །

སྐྱབས་རྗེ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི་བླ་སྒྲུབ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བའི་འབྲུ་འགྲེལ།

༄༅། །སྐྱབས་རྗེ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི་བླ་སྒྲུབ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བའི་འབྲུ་འགྲེལ་བཞུགས་སོ། །ནམཿ ཛིཏྤུཥྐལསྱབུདྡྷཡ། བཱིདྷཾཛྙཱབརིབེདྱཔཤྱིན། རྒྱལ་བ་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དྲི་བྲལ་མཁྱེན་པ་ཤེས་བྱ་ཀུན་གཟིགས་ནས། །རྒྱལ་ཀུན་དགོངས་ཀློང་མི་འགྱུར་ནམ་མཁའི་ངོས། །མཁྱེན་བརྩེའི་རོལ་གར་རྡོ་རྗེ་གསུམ་གྱི་དངོས། །འཁོར་ལོའི་མགོན་པོ་ཚེ་དབང་གྲུབ་པ་རྩལ། །ཡོངས་ཤར་རིགས་བདག་བླ་མས་དགེ་ལེགས་སྩོལ། །འདིར་སྐྱབས་རྗེ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི་བླ་སྒྲུབ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བའི་ཆོས་ལ་བྱ་བའི་རིམ་པ་་དང་། ཆོ་ག་དངོས་སོ། །དང་པོ་ནི། དབེན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་་པའི་མདུན་དུ་ཉེར་སྤྱོད་སྨན་རག་གཏོར་མ། ཚོགས་ཀྱི་ཡོ་བྱད་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ཏེ། བདེ་བའི་སྟན་ལ་བག་ཕབས་ཏེ། ཆོ་ག་དངོས་ལ། སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་དང་། །བགེགས་བསྐྲད་འཚམས་གཅོད་མཆོད་རྫས་བརླབ་། །རྣམ་པ་དྲུག་ནི་སྔོན་འགྲོའི་ཆོས། །ཞེས་པ་ལྟར་དྲུག་ལས། དང་པོ་ནི་། མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་བཞུགས་པར་མོས་པའི་དྲུང་དུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ། རང་རིག་བྱང་ཆུབ་ཀྱི་སེམས་སངས་རྒྱས་སྐུ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཏུ་བཞུགས་ཀྱང་རང་ངོ་མ་ཤེས་པ་ཆོས་ཉིད་མངོན་སུམ་རང་ངོ་ཤེས་པར་བྱ་བའི་ཕྱིར་བདེ་གཤེགས་ཀུན་འདུས་བླ་མ་རི་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའོ། གཉིས་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ། འགྱུར་མེད་བདེ་བ་ཆེན་པོའི་ས་ལ་མ་བཞག་གི་བར་དུ་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གི་བདག་ཉིད་ཅན་བསྐྱེད་པར་བགྱིའོ། །ཞེས་པའོ། གསུམ་པ་ནི། རྒྱལ་བ་དགོངས་བརྒྱུད་། རིག་འཛིན་བརྡའ་བརྒྱུད། གང་ཟག་སྙན་བརྒྱུད། མཁའ་འགྲོ་གཏད་བརྒྱའི་རྒྱུད་པ་། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ། སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ་། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་སྟེ་དགུ་ལྡན་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་མདུན་མཁར་ཚོགས་བསགས་ཀྱི་ཞིང་དུ་བསྐྱེད་ལ། སྒོ་གསུམ་གུས་པས་ཕྱག་འཚལ་བ། ཕྱི་ནང་གསང་བའི་མཆོད་སྤྲིན་འབུལ་བ། ལུས་ངག་ཡིད་གསུམ་གྱི་ཉེས་ལྟུང་བཤགས་པ། འདས་མ་འོངས་ད་ལྟ་དུས་གསུམ་གྱི་འགྲོ་བའི་དོན་མཛད་པ་ལ་རྗེས་སུ་ཡི་རང་བ། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་ཕྱིར་ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར་བར་བསྐུལ་བ། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དམ་པ་གསུམ་གྱི་ཟིན་པའི་དགེ་ཚོགས་ཐམས་ཅད་མཐོང་ཐོས་འབྲེལ་ཐོགས་ཀྱི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་བྱང་ཐོབ་པའི་ཆེད་དུ་བསྔོ་བ་སྟེ་ཡན་ལག་བདུན་གྱིས་ཚོགས་བསག་པའོ། བཞི་བ་ནི། གཏོར་མ་འདོད་ཡོན་ལྔ་ལྡན་དུ་ཏིང་ངེ་འཛིན་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ་འདྲེ་བགེགས་རྣམས་ལ་བསྔོས་ནས་བསྙེན་སྒྲུབ་ལ་བར་ཆད་མེད་པར་གནས་འདི་བདེ་ཆེན་གྱི་ཞིང་ལྟ་བུར་བསྒྱུར་ཅིག་ཅེས་བཀའ་བགོས་ནས་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་པའོ། ལྔ་བ་ནི། སྣང་སྲིད་ཐམས་ཅད་གདོད་ནས་རྣམ་པར་དག་པའི་དཀྱིལ་འཁོར་ཡེ་ཤེས་ཀྱི་རོལ་རྩལ་ལྷ་ཡི་འཁོར་ལོས་གང་བར་བསམ་པ་ནི་ནང་མཚམས་དང་། རྡོ་རྗེ་འཁོར་ལོ་སོགས་མཚོན་ཆའི་གུར་ཕུབ་པས་སྲིད་པའི་རླུང་ཡང་རྒྱུ་བར་མི་ནུས་པས་གནོད་བྱེད་ཀྱི་གླག་མི་རྙེད་པར་བསམ་པ་ནི་ཕྱི་མཚམས་གཅོད་པའོ། །སྔགས་དོན་ནི། ཆོས་དབྱིངས་རྡོ་རྗེས་བསྲུང་བའི་གཞི་ཚུགས་ཅེས་པའོ། དྲུག་པ་ནི། ཧཱུྃ་ཞེས་ཐུགས་ཀྱི་གསང་བ་ཆེན་པོ་མཚོན་པའི་ཡི་གེ་སྟེ། རྒྱུ་གཟུང་འཛིན་གྱི་རྟོག་པས་གདོད་ནས་གོས་མ་མྱོང་བས་ཀ་དག འབྲས་བུ་འཁོར་བའི་སྡུག་བསྔལ་གཤིས་ལ་གྲུབ་མ་མྱོང་བས་བདེ་བ་ཆེན་པོ་སྟེ་སེམས་ཉིད་སྟོང་པ་ཆེན་པོའི་གཏོར་བཞོང་དུ་དྲན་རིག་འགག་མེད་ཀྱི་གསལ་ཆ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རྣམ་པར་མི་རྟོག་པའི་ངང་ནས་སྣང་སྲིད་རང་བྱུང་གི་མཆོད་རྫས་ནམ་མཁའི་དབྱིངས་ཁེངས་པར་གདོད་ནས་ལྷུན་གྲུབ་ཏུ་བཞུགས་ཀྱང་རང་གསང་ཐབས་ཀྱིས་ཆོད་པའི་གསང་བ་ཆེན་པོའི་ལྷ་ཚོགས་རྣམས་ཆོས་སྐུའི་ཀློང་དུ་ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་དང་། ལོངས་སྐུའི་དབྱིངས་སུ་ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་དང་། སྤྲུལ་སྐུའི་ཀློང་དུ་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཟག་མེད་ཀྱི་དགྱེས་པ་བསྐྱེད་པའི་རྫས་སུ་གྱུར་ཅིག་ཅེས་པའོ། །སྔགས་དོན་ནི། ཨོ་ཡེ་ཤེས་ལྔ་མཚོན་པའི་ཡི་གེས་སྣ་དྲངས་ཏེ་རྡོ་རྗེའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ཆེན་པོ་ལྔ་སྟེ་བདུད་རྩི། ཁྲག་དང་། གཏོར་མ། བདེ་བ་ཆེན་པོའི་མཆོད་པས་དགྱེས་པར་མཛོད་ཅེས་པའོ། །དེས་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་སོང་ནས། གཉིས་པ་དངོས་གཞི་ལ་ཡང་། །ལྷ་བསྐྱེད་སྤྱན་དྲངས་བཞུགས་སུ་གསོལ། །མཆོད་བསྟོད་བཟླས་པའི་རིམ་པ་སྟེ། །རྣམ་པ་དྲུག་ནི་དངོས་གཞིའི་ཆོས། །ཞེས་པ་ལྟར་དྲུག་ལས། །དང་པོ་ལྷ་བསྐྱེད་པ་ནི། ཧཱུྃ་ཞེས་བརྗོད་པས། རིག་པ་སྟོང་གསལ་ཀྱི་ངང་ལས་སྐད་ཅིག་དྲན་རྫོགས་ཀྱི་ཚུལ་དུ་སྲིད་ཞིའི་ཁམས་ཐམས་ཅད་ཡུམ་ལྔའི་མཁའ་ཀློང་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་དང་། བདེ་བ་ཆེན་པོ་དང་བཞི་མཚོན་པའི་གཞལ་ཡས་ཁང་། རང་གི་སྣང་བས་གར་ཁྱབ་ཐམས་ཅད་བདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་ཉམས་དགའ་ཞིང་ཡོད་དུ་འོང་བ། རྩིག་པ་འདོད་སྣམ་ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་པུ་ཤུ་རྟ་བབས་ཆོས་འཁོར་རི་དྭགས་གདུགས་ཏོག་འཕན་གདུགས་རྒྱལ་་མཚན་བ་དན་ལ་སོགས་པའི་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ལྔ་ལྡན་མཚོན་པའི་ཤར་དཀར། ལྷོ་སེར། །ནུབ་དམར་། བྱང་ལྗང་། དབུས་མཐིང་ག འོད་ལྡའི་དྲྭ་བས་འབྲེལ་བ། ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཆགས་མེད་པདྨའི་གདན་གྱི་ལྟེ་བར། ཐབས་བདེ་བ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་མཚོན་པའི་ཉི་ཟླའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་བདེ་གཤེགས་ཀུན་འདུས་པདྨ་འབྱུང་གནས་ཀྱི་ཆ་ལུགས་ཅན་མཚན་དཔེའི་ཡོན་ཏན་རྫོགས་པ་། སྐུ་ལ་སྡོམ་གསུམ་རྫོགས་པའི་བརྡའ་རྟགས་སུ། སོ་ཐར་རྫོགས་པའི་ཆོས་གོས་དམར་སེར། བྱང་སེམས་རྫོགས་པའི་གསང་གོས་དཀར་པོ། གསང་སྔགས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་པས། ཟབ་བེར་མཐིང་ཁ་འདུང་མ་ཅན་སོགས་ཟ་ཧོར་རྒྱལ་པོའི་ཆས་རྣམས་རྫོགས་པ། དབུ་ལ་པད་ཞུ་པདྨ་མཐོང་གྲོལ་འདབ་མ་བཞི་ལྡན་དབུས་ཀྱི་རྩེར་ལྟ་བ་ཡས་འབེབས་རྒོད་ཀྱི་ལྡེམ་འཕྲུས་མཛེས་པ་། ཕྱག་གཡས་པས་ཆོས་ཉིད་མི་འགྱུར་བའི་བརྡའ་རྟགས་གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་ཅིང་། གཡོན་པས་བནྡྷ་ཚེ་བུམ་བདུད་རྩིས་བཀང་བ་འཛིན་པ་། དགེ་སློང་རྡོ་རྗེ་འཛིན་པའི་ཆས་སུ་ཆོས་གོས། དར་ལྗང་ཁུའི་སྐུ་ཆིངས། ཁྲི་བེར་དམར་སྨུག་གསེར་རིས་བཀྲ་བ་ཕྱི་རོལ་དུ་གསོལ་བ་སྣང་སྲིད་ཟིལ་གནོན་རྣལ་འབྱོར་གྱི་ཆས་ཅན། སྲིད་གཞིའི་མཐའ་ལ་མི་གནས་པས་ཞབས་གཉིས་རྡོར་སྐྱིལ། རྫུ་འཕྲུལ་རླུང་གིས་བཏེགས་པས་གདན་ལ་རེག་ཐོགས་མེད་པ། སྣང་སྟོང་དབྱེར་མེད་སྤྲིན་དང་འཇའ་འོད་ལྟ་བུ། རྒྱུ་སྐར་གྱི་དབུས་ན་ཉི་ཟླའི་གཟི་བརྗིད་འབར་བ་བཞིན། རྩ་གསུམ་དཔའ་བོ་མཁའ་འགྲོའི་དབུས་ན་ལྷམ་མེ། ལྷང་ངེ་། ལྷན་ནེར་བཞུགས་པའི་སྐུའི་འོད་ཀྱིས་འཁོར་བའི་འཁྲུལ་མུན་སེལ་བ། དེ་ལྟར་བསྒོམ་པའི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་གསུམ་གྱིས་མཚན་པ་ལས་འོད་ཟེར་སྤོས་དུད་འཕྱུར་བ་ལྟ་བུས། སྐུ་གསུམ་རྒྱལ་པའི་ཞིང་ཁམས་ན་བཞུགས་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་བརྒྱུད་བསྐུལ་ཏེ་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་ནས་བྱོན་པར་བསམ་མོ། །གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ་གི་གླུས་བསྐུལ་བས་ཡེ་ཤེས་ལྔ་ལྡན་དག་པའི་ཞིང་གི་རྒྱལ་བ་ཐམས་ཅད། ཆོས་ཀྱི་སྐུ་སྤྲོས་བྲལ་དྲི་མེད་དྭངས་ཤེལ་ལྟ་བུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཉི་མའི་རྐྱེན་ལས་འཇའ་ཚོན་ཤར་བ་བཞིན། སྐུ་གསུམ་རྒྱལ་བ་སྲས་བཅས་རང་སྣང་ཏིང་འཛིན་སྤྲུལ་བའི་ཞིང་པདྨ་འོད་དུ་འདུས་ཏེ། སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་། ཚོགས་བརྒྱད་སྲིན་པོ་རོལ་པའི་གྲོང་ཁྱེར། དྲན་རིག་མ་ཧཱ་གུ་རུའི་སྐུར་བཞེངས་པ་དང་རང་བཞིན་དབྱེར་མེད་དུ་ཤེས་པ་ལ་སྤྱན་འདྲེན་པའི་ཐ་སྙད་བཏགས་པའོ། །སྔགས་དོན་ནི། འབྲུ་གསུམ་རྡོ་རྗེ་གསུམ་གྱི་ས་བོན། རྡོ་རྗེའི་བླ་མ་པདྨ་ཐོད་ཕྲེང་རྩལ་རྡོ་རྗེའི་དམ་ཚིག་གིས་བྱོན། དངོས་གྲུབ་བཟང་པོ་སྩོལ་འདིར་རོལ་ཞིང་དགྱེས་པར་མྱུར་བར་མྱུར་བར་བྱོན། ཕེཾ་ཕེཾ་གནད་ནས་བསྐུལ་བ་བྱོན་བྱོན་ཅེས་པའོ། གསུམ་པ་བཞུགས་གསོལ་ནི། ཧཱུྃ་ཞེས་བརྗོད་ནས་སྒྱུ་མའི་འཕྲུལ་འཁོར་ལྟ་བུར་སྣང་བའི་ལུས་འདི། དོན་ལ་རིག་པའི་རང་མདངས་ཟག་མེད་རྡོ་རྗེའི་ལུས་ཀྱི་སྦུབས་སུ། འོད་རྩ་མཚོན་པའི་པདྨའི་གདན་ལ་ཡེ་ཤེས་ཀྱི་རླུང་ལྔ་མཚོན་པའི་འོད་ལྔའི་ཞིང་དུ་དམ་ཡེ་དབྱེར་མེད་དུ་བཞུགས་པ་ལ། ཞིང་དང་བསམ་པ་དངོས་པོ་གསུམ་དག་པའི་ལུས་འབུལ་ཞིང་སྒོ་གསུམ་གུས་པས་ཕྱག་འཚལ་པའོ། །སྔགས་དོན་ནི། ཤིན་ཏུ་མཆོད། རབ་ཏུ་དགྱེས་པར་མཆོད། ཅེས་སོ། བཞི་པ་མཆོད་པ་ནི། ཧཱུྃ་ཞེས་བརྗོད་དེ། རབ་འབྱམས་ཞེས་ཚད་མེད་པའི་སྲིད་ཞིའི་ཁྱོན་རྣམས་གང་བའི། གཟུགས་སོགས་འདོད་ཡོན་ལྔ་ལྡན་གྱི་མཆོད་པའི་སྤྲིན་ཕུང་ཟག་མེད་བདེ་ཆེན་བསྐྱེད་པའི་བདུད་རྩིའི་རང་བཞིན་རྒྱ་ཆེ་གྲངས་མང་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་བ་ལྟར་བློས་སྤྲུལ་ནས་འབུལ་ན། ཐུགས་བརྩེ་བས་བཞེས་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་ཅིག་ཅེས་པའོ། །སྔགས་དོན་ནི། ཨོཾ་ཡེ་ཤེས་ལྔ་མཚོན་པའི་ཡི་གེས་སྣ་དྲངས་ཏེ། རྡོ་རྗེའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་། བདེ་བ་ཆེན་པོའི་མཆོད་པས་དགྱེས་པར་མཛོད་ཅེས་པའོ། ལྔ་བ་བསྟོད་པ་ནི། ཧྲཱིཿཞེས་པདྨའི་རིགས་ཀྱི་གླུས་སྣ་དྲངས་ཏེ། ཐུགས་མ་བཅོས་སྤྲོས་དང་བྲལ་བའི་གནས་ལུགས་ཆོས་སྐུ། བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་འཁོར་འདས་ཐམས་ཅད་ལ་ལོངས་སྤྱོད་པ་ལོངས་སྐུ། ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་པད་སྡོང་ལས་འཁྲུངས་པ་སྤྲུལ་པའི་སྐུ་སྟེ། དེ་གསུམ་དབྱེར་མེད་པའི་ཨོ་རྒྱན་རྡོ་རྗེ་འཆང་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པའོ། དེ་ཉིད་གདུལ་བྱའི་བློ་དང་མཐུན་པར། འགྲོ་དྲུག་གི་སེམས་ཅན་རྣམས་འདྲེན་ཕྱིར། མདོ་ལྟར་ཐུབ་པ་དྲུག་དང་། སྔགས་ལྟར་གུ་རུ་དྲུག་ཏུ་གསལ་ནས་གཟུགས་སྐུའི་ཚུལ་མི་འདྲ་བར་བསྟན་པ་དང་། གཞན་ཡང་བྲིས་འབུར་སོགས་བཟོ་སྤྲུལ་སྐུ། བྱ་དང་རི་དྭགས་ཀྱི་རྒྱལ་པོ་སོགས་སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་སྟོབས་བཅུ་མི་འཇིགས་བཞི་ལྡན་རྫོགས་པའི་སངས་རྒྱས་བདེ་གཤེགས་དོན་ཀུན་གྲུབ་པ་པདྨ་འབྱུང་གནས་ལྟ་བུ། གཞན་ཡང་རྗེ་བཙུན་སྒྲོལ་མ། ཉེ་བའི་སྲས་བརྒྱད། ཡེ་ཤེས་འཇིག་རྟེན་གྱི་མཁའ་འགྲོ་དང་ཆོས་སྐྱོང་སོགས་སྣ་ཚོགས་སྤྲུལ་བའི་སྒྱུ་འཕྲུལ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཨོ་རྒྱན་ཆེན་པོའི་རྣམ་རོལ་དུ་ཤེས་པས་ཕྱག་འཚལ་ཞིང་བསྟོད་ཅེས་པའོ། དྲུག་པ་ཛབ་དམིགས་ནི། རང་པད་འབྱུང་དུ་གསལ་བའི་ཐུགས་རིན་པོ་ཆེ་ནོར་བུའི་དབྱིབས་ཅན་གྱི་ནང་དུ། ཟླ་བའི་གདན་ལ། ཧྲཱིཿ དཀར་འཚེར་སྤུ་ཤད་ཀྱིས་བྲིས་པ་ལྟ་བུའི་མཐའ་བསྐོར་དུ། གདན་ལ་མ་རེག་ཙམ་དུ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་སྤྲོས་བསྡུས་རྒྱལ་བ་མཆོད་ནས་དངོས་གྲུབ་བསྡུ་བ་དང་། སེམས་ཅན་གྱི་སྒྲིབ་པ་སྦྱངས་ནས་གཞན་དོན་བྱས་པར་བསམ་ལ། བསྙེན་སྔགས་གུ་རུ་སིདྡྷི། སྒྲུབ་སྔགས་ཐོད་ཕྲེང་རྩལ། དངོས་གྲུབ་ལེན་པའི་སྔགས་སམ་ལས་སྔགས་རྣམས། རབ་རྟགས་མཐོང་གི་བར་བཟླ་བ་དང་ཐ་མ་གྲངས་ཀྱི་བསྙེན་ཚད། བསྙེན་སྔགས་འབུམ་ཕྲག་བརྒྱ་སྟེ་བྱེ་ཆེན་གཅིག སྒྲུབ་སྔགས་འབུམ་ཕྲག་བཅུ་སྟེ་བྱེ་ཆུང་གཅིག ལས་སྦྱོར་འབུམ་ཕྲག་བཅུ་རྣམས་བཟླ་དགོས་པ་ཡིན་ནོ། །སྤྲོ་ན་ཧཱུྃ་བཟླས་དང་། བསྙེན་པའི་ལྷག་ཆད་སྐོང་ཕྱིར་དབྱངས་གསལ་ཡིག་བརྒྱ་བཅས་ལན་གསུམ་རེ། །བཟླས་བརྗོད་ཀྱི་ནུས་པ་འབྱིན་ཕྱིར་ཡེ་དྷར་ལན་གསུམ་རེས་མཐའ་བརྒྱན་ཏེ། མཆོད་བསྟོད་སྤྱི་ཁྱབ་ལྟར་བྱ་བར་གསུངས་སོ། །དེས་དངོས་གཞི་སོང་ནས། གསུམ་པ་རྗེས་ཀྱི་ཆོ་ག་ལ། །ཚོགས་མཆོད་གཏོར་མ་དངོས་གྲུབ་བླང། །བསྡུ་རིམ་བསྔོ་བ་ཤིས་བརྗོད་དེ། །རྣམ་པ་དྲུག་ནི་རྗེས་ཆོག་གོ །ཞེས་པ་ལྟར་དྲུག་ལས། དང་པོ་ཚོགས་ཀྱི་མཆོད་པ་ལའང་སྦྱོར་བ་ཡོ་བྱད་ཀྱི་ཤོམས་ནི། ཚོགས་གཉིས་རྫོགས་ཕྱིར་གཟུགས་སོགས་འདོད་ཡོན་ལྔ་དང་། ཤ་ཆང་གཙོ་བོར་གྱུར་པའི་བཟའ་བཏུང་སྣ་ཚོགས་ཅི་འབྱོར་དུ་བཤམ་མོ། དངོས་གཞི་ལ་དྲུག་ལས། དང་པོ་བྱིན་གྱིས་བརླབ་པ་ནི། ཧཱུྃ་ཞེས་བརྗོད་དེ་བདག་ཉིད་རྩ་གསུམ་རྒྱལ་བ་ཀུན་འདུས་སུ་གསལ་བའི་ཐུགས་ཀ་ནས། ལྷུན་གྲུབ་བདེ་བ་ཆེན་པོའི་རང་རྩལ་འོད་ལྔ་འཕྲོས་ཏེ་ཚོགས་རྫས་ལ་ཕོག་པས། ཐ་མལ་གྱི་རྟོག་འཛིན་སྦྱངས་ཏེ་ཡེ་ཤེས་ལྔ་ཡི་འོད་ཟེར་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་བསམ་ལ། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱང་སྤེལ་བསྒྱུར་རོ། གཉིས་པ་ཚོགས་མཆོད་འབུལ་བ་ནི། ཧཱུྃ་ཞེས་ཀུན་བཟང་དགོངས་པའི་ཀློང་ལས་རང་བྱུང་དུ་ཤར་བའི་འོད་ལྔའི་སྣང་བ་ཚད་མེད་པའི་དབུས་སུ། རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ནམ་མཁའ་་གང་བར་བཞུགས་པ་ལ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་ལྟ་བུའི་མཆོད་སྤྲིན་རྒྱ་མཚོའི་ཚོགས་འདི་འབུལ་ཞིང་མཆིས་ན། དགྱེས་པའི་ཚུལ་གྱིས་བཞེས་ཤིག སྔགས་དོན་ནི། ཚོགས་ཀྱི་འཁོར་ལོ་ཆེན་པོའི་མཆོད་པས། དགྱེས་པར་མཛོད་ཅེས་པའོ། གསུམ་པ་བསྐང་བ་ནི། ཧོ་ཞེས་གནས་ལུགས་ཀྱི་དོན་ལ་ངོ་མཚར་བ་སྟེ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ་ཡིན་པར་ཤེས་པས་ཐུགས་དམ་བསྐང་ངོ་། རྟགས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་པ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་། ནང་སྲིད་པ་བཅུད་ཀྱི་སེམས་ཅན། རང་ལུས་རྩ་རླུང་ཐིག་ལེ་ཁམས་དང་བཅས་པ་ཐམས་ཅད་དོན་གྱི་དཀྱིལ་འཁོར་འོག་མིན་ཆེན་པོའི་ཞིང་ཁམས་ཉིད་ཡིན་ཕྱིར། དེ་ན་བཞུགས་པའི་ལྷ་ཚོགས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རྩལ་གདངས་སུ་ཤེས་པ་སྟེ། སྣང་སྟོང་ཟུང་འཇག་གི་ལྟ་བས་སྐུ་ཡི་དམ་ཚིག་བསྐང་བའོ། །སེམས་ཉིད་སྐྱེ་བ་མེད་པ་ཡི་གེ་ཨས་མཚོན་པའི་ཆོས་དབྱིངས་བརྗོད་དུ་མེད་པའི་གནས་ལུགས་རྟོགས་ནས། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་ཟབ་གནད་འདུས་ཤིང་། དེ་ལས་མ་གཡོས་པར་སྒོམ་པས་རྒྱལ་ཀུན་གསུང་གི་དམ་ཚིག་བསྐང་ངོ་། །སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིད་དཔྱོད་ཀྱི་སྦུབས་ལས་གྲོལ་ཏེ་རང་གསལ་རྗེན་པར་མངོན་དུ་བྱུང་ཚེ་ཆོས་ཟད་བློ་འདས་ཆེན་པོའི་སྣང་བ་སྟོང་པའི་འོད་གསལ་དང་། ཆོས་ཉིད་ཀྱི་བར་དོར་ཡེ་ཤེས་བཞི་སྦྱོར་གྱི་སྣང་བར་རྒྱལ་བའི་སྐུ་རུ་གྲོལ་བྱེད། འགྱུ་འཕྲིག་འོད་ལྔའི་སྣང་བ་སྣང་བའི་འོད་གསལ་ཏེ་ལྷུན་གྲུབ་ཐོད་རྒལ་གྱི་སྤྱོད་པས་རྒྱལ་བའི་ཐུགས་ཀྱི་དམ་ཚིག་བསྐང་ངོ་། །ཧོ་ཞེས་རྨད་དུ་བྱུང་བའི་ལྟ་སྒོམ་སྤྱོད་པ་གསུམ་ལ་གོམས་པས། བདག་སོགས་འདུས་པ་རྒྱ་མཚོ་གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐང་། ལྟ་སྒོམ་གྱི་རྟོག་སྒྲིབ་ཐམས་ཅད་བསལ། རྒྱུ་ལས་ངན་གྱི་སྡིག་སྒྲིབ་དག འབྲས་བུ་ཁམས་གསུམ་གྱི་འཁོར་བ་སྟོང་ནས་ཐུགས་ཀྱི་དམ་ཚིག་ཐམས་ཅད་བསྐང་བར་གྱུར་ནས། དབང་དང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཅེས་པའོ། བཞི་པ་བཤགས་པ་ནི། ཐ་མལ་གྱི་སེམས་ཅན་དུག་ལྔའི་དབང་དུ་སོང་ནས། སྡོམ་པ་གསུམ་པ་ཉམས་ཆགས་སོང་བ་ཐམས་ཅད་ཚོགས་ཀྱི་མཆོད་པ་འདིས་བསྐངས་ཤིང་བཤགས་སོ། ལྔ་པ་ཚོགས་བསྒྲལ་ནི། ཨེ་ཞེས་གང་དུ་བསྒྲལ་བའི་གནས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་སེམས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། གང་བསྒྲལ་ན་མ་རིག་གཉིས་འཛིན་གྱི་གདོན་བགེགས་རྣམས། གང་གིས་བསྒྲལ་ན་གཉིས་མེད་ཡེ་ཤེས་རྟོགས་པའི་མཚོན་ཆས་གཏུབས་ནས། རྣམ་ཤེས་ཀྱི་འཇུག་པ་ཆོས་དབྱིངས་ཀྱི་ཀློང་དུ་ཕཊ་ཅེས་བསྟིམས་ཏེ། འདོད་ཡོན་གཟུགས་ཕུང་ཞེན་མེད་ཚོགས་ཀྱི་འཁོར་ལོའི་རྒྱན་དུ་རོལ་ཅིག སྔགས་དོན་ནི། དུག་ལྔའི་རུ་ཏྲ་ཐམས་ཅད་མཆོད་པར་བཞེས ་ཞེས་པའོ། །དྲུག་པ་ལྷག་མ་ནི། ཁ་ཆུས་བྲན་ལ་ཨ་ཀ་རོའི་སྔགས་ཀྱིས་ལྷག་མ་འདོད་ཡོན་གྱི་ཕུང་པོར་བྱིན་གྱིས་བརླབ་བོ། །མགྲོན་རྣམས་བཤུགས་གླུ་དང་། ཕེཾ་གྱི་སྒྲས་སྤྱན་དྲངས་ཏེ། ཧཱུྃ་ཞེས་དཔལ་གྱི་རྔམ་གླུས་སྣ་དྲངས་ནས། རིག་སྟོང་ཐིག་ལེ་ཉག་གཅིག་དུས་གསུམ་འགྱུར་བ་མི་མངའ་བ་ནི་འཁོར་འདས་ཀྱི་སྤྱི་དཔལ་ཆེན་པོ་དོན་གྱི་ལྷ་ཡིན་ལ། དེ་ཉིད་ཀྱི་ངོ་བོ་དབྱིངས་ལས་མ་གཡོས་བཞིན་དུ། རིག་རྩལ་གྱི་ཆོ་འཕྲུལ་སྒྱུ་མ་མཁན་གྱིས་སྒྱུ་མའི་ཟློས་གར་བསྒྱུར་བ་བཞིན་དུ་སྣང་བའི་དཔལ་ཆེན་པོའི་བཀའ་ཉན། མ་སྲིང་གིང་ལང་དབང་ཕྱུག་གི་ཚོགས་རྣམས། གང་ཤར་གྱི་རྟོག་ཚོགས་ཀ་དག་གི་གཞིས་མ་བུ་དབྱེར་མེད་དུ་གྲོལ་བའི་ལྷག་མ་ལོངས་ལ། །ཟག་བཅས་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཟག་མེད་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་ཕྲིན་ལས་མཛོད། མ་རིག་འཁྲུལ་སྣང་གི་ལྷག་མ་ཤར་གྲོལ་རིས་མེད་ཀྱི་ངང་དུ་བཞེས་ལ་ཉམས་རྟོགས་གོང་འཕེལ་གྱི་ཕྲིན་ལས་མཛོད། འདོད་ཡོན་སྲེད་འཛིན་གྱི་ལྷག་མ་ཆགས་མེད་ཞེན་བྲལ་གྱི་ངང་དུ་བཞེས་ལ། བྱ་བྲལ་བློ་འདས་ཀྱི་དམ་ཚིག་བསྲུང་བའི་ཕྲིན་ལས་མཛོད། ཅེས་པའོ། །སྔགས་དོན་ནི། རྟ་ཕག་ཡབ་ཡུམ་རིགས་བཞིའི་དཔའ་བོ་མཁའ་འགྲོ་སོགས་ཡེ་ཤེས་པ་དང་། འཇིག་རྟེན་པའི་མགྲོན་ཐམས་ཅད་དམ་ཚིག་གི་གཏོར་མ་འདི་ཟོ་ཞིག་ཟོ་ཞིག ཅེས་པའོ། །གཉིས་པ་གཏོར་མའི་ལས་རིམ་ལ་བཞི་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། མི་མངོན་དབྱིངས་ན་བཞུགས་པའི་སྐུ་གསུམ་རྒྱལ་བའི་ལྷ་ཚོགས་རྣམས་ཀྱི་སྔོན་གྱི་ཐུགས་དམ་གཉན་པོ་བདག་གིས་བསྐུལ་ལོ། །དེང་སང་དུས་ངན་ཚེ་དང་། ཉོན་མོངས་། ལྟ་བ། སེམས་ཅན། དུས་ཀྱི་སྙིགས་མ་ལྔ་བདོ་བའི་སྐབས་ཀྱི་སེམས་ཅན་རྣམས་། སྔོན་སྨོན་ལོག་པའི་མཐུས་འགོང་པོ་སྤུན་དགུའི་དབང་དུ་སོང་ནས། ལས་ངན་སྣ་ཚོགས་ལ་སྤྱོད་པའི་རྐྱེན་གྱིས། ནང་མཚོན་མུ་གེ་གསུམ་གྱི་བསྐལ་བ་སླེབས་ཏེ། མི་འདོད་པའི་རྐྱེན་ངན་པ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་ཐོག་ཏུ་བབས་པའི་ཚེ་འདི་ན། རྣལ་འབྱོར་བ་བདག་གིས་དད་པའི་གདུང་ཤུགས་དྲག་པོའི་ང་རོའི་དབྱངས་ཀྱིས་རྩ་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་རིན་པོ་ཆེ་འཁོར་དང་བཅས་བ་ཁྱེད་རྣམས་ལ་འབོད་ན། ཐུགས་རྗེའི་སྤྱན་གྱིས་གཟིགས་ལ། མཐུ་སྟོབས་ནུས་པའི་རྩལ་མ་ཆུང་བར་གང་ལ་གང་འདུལ་གྱི་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་ཇི་ལྟར་འཚམས་པ་བཞིན་གདུལ་བར་མཛད་དུ་གསོལ། བཟློག་ཅིག་གཉིས་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་སུ་ཆ་ལ་ལ་བཟློག་ཅིག བསྒྱུར་ཅིག་ཕྱི་ནང་གི་རྐྱེན་ངན་བར་ཆད་ཐམས་ཅད་འགགས་མེད་ཀྱི་ཀློང་དུ་ཁྲོ་ལོ་ལོ་བསྒྱུར་ཅིག ཅེས་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་ཆོས་ཉིད་སྐྱེ་འགགས་མེད་པའི་ཀློང་དུ་ཤར་གྲོལ་རིས་མེད་དུ་དག་པའི་ཕྲིན་ལས་བཅོལ་བའོ། །བྷྱོ་བྷྱོ་ཞེས་གནད་ནས་བསྐུལ། བཟློག་བཟློག་འཁྲུལ་པ་གཞི་ལ་བཟློག འཁོར་བ་མྱང་འདས་སུ་བཟློག མ་ར་ཡ་རྦད། རྣམ་རྟོག་ཆོས་ཉིད་དུ་སོད། ཅེས་པའོ། གཉིས་པ་ཆད་མདོ་ནི། ཧཱུྃ་འོག་མིན་ཆོས་དབྱིངས་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་སུ། རང་བྱུང་གི་སྟོན་པ་ཀུན་ཏུ་བཟང་པོས། རང་སྣང་གི་འཁོར་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་ལ། དགོངས་བརྒྱུད་དོན་གྱི་ཆོས་འཁོར་སྒྲ་ཚིག་རང་མཚན་ལས་འདས་པར་བསྐོར་བའི་ཚེ་ཡེ་ཤེས་ཀྱི་དབྱིངས་ལས་ཤར་བའི་སྲུང་མའི་ཚོགས་རྣམས་ཀྱིས་ཕྲིན་ལས་སྒྲུབ་པར་དམ་བཅས་པ་བཞིན། ཨོ་རྒྱན་གྱི་རྗེས་འཇུག་དཔོན་སློབ་རྣམས་དང་བསྟན་པའི་སྦྱིན་བདག་ཚེ་དཔལ་འབྱོར་བས་མངོན་པར་མཐོ་བ་རྣམས་ཇེ་མཐོ་ཇེ་མཐོར་དགུང་ལ་རེག་པ་དང་། དམའ་དམའ་རྣམས་ཨ་མས་བུ་ལ་བྱམས་པ་བཞིན་སྐྱོངས་པ་དང་། རྒྱལ་བསྟན་ཕྲིན་ལས་བཞིའི་སྒོ་ནས་དར་ཞིང་རྒྱས་པར་མཛད་དུ་གསོལ། ཅེས་པའོ། གསུམ་པ་བསྟན་མ་སྐྱོང་བ་ནི། ཧཱུྃ་ནང་དུ་དུས་སྦྱོར་རྟེན་འབྲེལ་བཅུ་གཉིས་ཀྱི་སྣང་ཆར་ཤར་བའི་ཕྱི་རོལ་དུ་བོད་ཁམས་སྐྱོང་བའི་བསྟན་མ་ཆེན་མོ་བཅུ་གཉིས་འཁོར་ནག་མོ་དམར་མོ་དཀར་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། སྒྲུབ་པ་པོའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་མཛོད། སྔགས་དོན་ནི། ལྷག་མའི་བཤལ་ཆུའི་གཏོར་མ་ཟོ་ཞེས་པའོ། བཞི་བ་རྟ་བྲོ་ནི། ཧཱུྃ་ཞེས་གླུས་བསྐུལ་ཏེ། ཡེ་ནས་རང་ལ་གནས་ཀྱང་རྟོགས་དཀའ་བའི་གསང་བ་ཆེན་པོ་རང་བཞིན་ལྷུན་གྲུབ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། རྣམ་པར་རྟོག་པའི་ཡིད་ཀྱི་རང་གཟུགས་ཀྱི་འདྲེ་ལ། ཡེང་མེད་ཏིང་ངེ་འཛིན་གྱི་རྒྱལ་པོ་ངས་བྲོ་བརྡུང་པས་འགྱུར་བྱེད་ཀྱི་རྟོག་པ་ཕྲ་རགས་ཐམས་ཅད་འཕར་ལྡང་མེད་པར་ནོན་ཅིག སྔགས་དོན་ནི། ཧཱུྃ་ཧཱུྃ་སྒོམ་མེད་ཡེང་མེད་ཀྱིས། ནན་ནན་ཕྲ་རགས་ཀྱི་རྟོག་པ། སྟྭཾ་བྷ་ཡ་འཇིགས་པ་ཁྱོད། ནན་སྐྱེ་མེད་དབྱིངས་སུ་སྦ་བའོ། །གསུམ་པ་དངོས་གྲུབ་བླང་བ་ནི། བསྙེན་སྒྲུབ་གང་ཡིན་ཀྱང་དངོས་གྲུབ་ལེན་པའི་དུས་ལ་བབས་པ་ན། མཆོད་པ་གསར་དུ་བཤམས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དངོས་གྲུབ་ཀྱི་རྫས། གཏོར་མ། ཛ་གད་བདུད་རྩ་སོགས་བཤམས་ལ་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་ཏེ་ལས་སྦྱོར་གྱི་སྔགས་ཛབ་དབྱངས་ཀྱི་རྟ་ལ་བསྐྱོན་ནས་ཟླས་མཐར། མཚམས་བཅད། བཤགས་པ་། བྱིན་འབེབས། སྨན་མཆོད་ཀྱི་དངོས་གྲུབ་བླངས་ལ། དེ་ནས་དངོས་གྲུབ་ལེན་པ་དངོས་ནི། སྒྲུབ་རྫས་སམ་གཏོར་མ་ལྷར་གསལ་བ་ལས་དབང་བཞི་ལེན་པའི་ཚུལ་ནི། ཧཱུྃ་ཞེས་བརྗོད་དེ། གདོད་ནས་གྲུབ་པའི་རྡོ་རྗེ་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ལ། རང་རིག་བྱང་ཆུབ་སེམས་ཀྱི་རང་མདངས་གདན་གསུམ་ཚང་བའི་ལྷ་ཚོགས་ཐམས་ཅད་དངོས་པོ་མཚན་མ་ཅན་དུ་དམིགས་སུ་མེད་ཀྱང་རང་གསལ་འདུས་མ་བྱས་པའི་རང་བཞིན། རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད་པས་རྒྱུ་རྐྱེན་ལས་འདས་པའི་ཞི་ཁྲོའི་སྐུ་ཡེ་ནས་ལྷུན་གྲུབ་ཆེན་པོར་བཞུགས་པ་ལ། དེ་ལྟར་བཞུགས་དུས་ཉིད་ནས། ཐོག་མར་སྐྱེ་བ། ཐ་མར་འགག་པ། བར་དུ་གནས་པ་མེད་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་གསལ་དབྱེར་མེད་མཐའ་དབུས་ལས་འདས་པ། །སྣང་སྟོང་ཟུང་འཇུག་ཆོས་ཀྱི་སྐུར་རྟོགས་པ་ནི་ལྟ་བ་ཡང་ཡིན་ལ་དེ་ཉིད་བུམ་པའི་དབང་གི་ངོ་བོ་ཡིན་པས་དེ་ཐོབ་པར་ཤིག་ཅིག་ཅེས་པ་ལྟ་བའི་དབང་ངོ། །དེ་ཉིད་ཀྱི་ངང་ལ་རང་བབས་སུ་བཞག་པས་སེམས་ཉིད་གསལ་ལ་འཛིན་རྟོག་དག་པ་མེ་ལོང་གཡའ་དག་ལྟ་བུའི་ཉམས་མྱོང་ཤར་ཞིང་། ཤར་དུས་ཉིད་ནས་རང་བཞིན་གྱི་ངང་ལས་མི་གཡོ་ཞིང་ཉམས་ཞེན་གྱི་སྦྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ། དེ་རྣམ་རྟོག་གི་རླུང་གིས་མི་གཡོ་བར་ཆོས་ཉིད་ཀྱི་ངང་དུ་ཡེ་རེ་གནས་པ་རྒྱ་མཚོ་ལྟ་བུ་སྟེ། དེ་ནི་སྒོམ་པའང་ཡིན་ལ། གསང་དབང་གི་ངོ་བོ་ཡང་ཡིན་པས་སྒོམ་པ་ལོངས་སྐུའི་དབང་ཐོབ་ཤོག ཅེས་སྒོམ་པའི་དབང་ངོ་། །རྫོགས་པ་ཆེན་པོའི་སྤྱོད་པ་ནི། འཁོར་འདས་རུ་ཤན་དབྱེ་བ་སྔོན་དུ་འགྲོ་བས། ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་སྟེ། ལུས་བཞུགས་སྟངས་གསུམ་ལས་མི་འདའ་ཞིང་། མིག་གཟིགས་སྟངས་གསུམ་དང་མི་འབྲལ་བར་དབྱིངས་རིག་ལ་གནད་དུ་བསྣུན་པས། ལམ་སྣང་བ་བཞི་བོ་མངོན་དུ་གྱུར་ཏེ། དེ་གང་ཡིན་ཞེ་ན། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པ་སྟེ། སྔ་མ་གསུམ་སྣང་བའི་འོད་གསལ་སྤྲུལ་སྐུ་དང་། ལོངས་སྐུའི་ལམ་སྣང་རྩལ་རྫོགས་པ་ཡིན་ལ། ཐ་མ་ནི་སྟོང་པའི་འོད་གསལ་ཆོས་སྐུ་ལམ་སྣང་དུ་རྩལ་རྫོགས་པ་ཞེས་བྱ་སྟེ། དེ་དག་གང་གི་ཚེ་ཡང་ངོ་བོ་སྟོང་པ་སྤྲོས་དང་བྲལ་བ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་ཟླའི་འོད་བཞིན་གསལ་འགྲིབ་མེད་པ། ཐུགས་རྗེ་འགག་མེད་སྟོང་གཟུགས་འོད་གསལ་གྱི་སྣང་བ་མུ་མཐའ་མེད་པར་འཆར་བ་སྟེ། དེ་ནི་སྤྱོད་པའང་ཡིན་ལ་དབང་གསུམ་པའི་ངོ་བོ་ཡང་ཡིན་པས་སྤྱོད་པ་སྣང་བཞིའི་དབང་ཐོབ་ཤོག་ཅེས་པ་སྤྱོད་པའི་དབང་ངོ་། །དེ་ལ་གོམས་པས་རེ་ཞིག་ན། དུག་ལྔ་སྤང་དུ་མེད་པར་ཡེ་ཤེས་ལྔའི་རང་བཞིན་དུ་ཀློང་རྡོལ་ནས་ཉོན་མོངས་པའི་བག་ཆགས་བྲལ། རྟོག་པའི་དྲི་མ་མེད་པའི་ཤེས་སྒྲིབ་དབྱིངས་སུ་ཡལ་ཏེ་སྤང་བའི་ཡོན་ཏན་རྫོགས། དེའི་ངང་ལས་དོན་གཉིས་ཀྱི་དགོས་འདོད་འབྱུང་སྟེ་འབྲས་བུ་རིག་རྩལ་རྫོགས་པས་སྟོབས་བཅུ་མི་འཇིགས་བཞི་སོགས་ལྷུན་གྱིས་གྲུབ་པས་རྟོགས་པའི་ཡོན་ཏན་རྫོགས། དེ་ལྟར་སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་ཚེ་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་དགོངས་ཀློང་རོ་གཅིག་ཏུ་འདྲེས་པས་རྒྱལ་བ་ཀུན་གྱི་དབང་ཐོབ། ལྟ་སྒོམ་སྤྱོད་པ་ཐམས་ཅད་ཀྱི་ངོ་བོ་རིག་སྟོང་ཐིག་ལེ་གཅིག་ཏུ་རྫོགས་ཏེ། སྙིགས་མ་རྡོས་བཅས་ཀྱི་ལུས་དྭངས་མ་འོད་ཀྱི་སྐུ་རུ་གོ་འཕོས་པས་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་ཞེས་བྱ་སྟེ་། དེ་ནི་འབྲས་བུའང་ཡིན་ལ་དབང་བཞི་བའི་ངོ་བོ་ཡང་ཡིན་པས། དེ་ཉིད་སྐད་ཅིག་ཉིད་ལ་འགྲུབ་པར་ཤོག་ཅེས་པ་སྟེ་འབྲས་བུའི་དབང་ངོ་། དེ་ནས་གཞན་དོན་ཕྲིན་ལས་ཀྱི་མཛད་པ་ནི། ཀ་དག་གདོད་མའི་གནས་ལུགས་མ་རྟོགས་པའི་དབང་གིས་ཁམས་གསུམ་དུ་འཁོར་ཞིང་འཁྱམས་པའི་སེམས་ཅན་རྣམས་ལ། རྩོལ་བྲལ་རྣམ་པར་མི་རྟོག་པའི་དབྱིངས་ནས་ཐུགས་རྗེ་ཡེ་ཤེས་ཀྱི་སྣང་ཆ་ལས། གདུལ་བྱའི་ཡུལ་ལ་འདུལ་བྱེད་ཀྱི་ཕྲིན་ལས་ཅི་དང་གང་ཡང་ཐོགས་མེད་རང་ཤར་གྱི་ཚུལ་དུ་ལྷུན་གྲུབ་རྒྱུན་མི་འཆད་པའི་མཛད་པས་འཁོར་བ་དོང་ནས་སྤྲུག་པ་ནི་གཞན་དོན་གྱི་ཕྲིན་ལས་སངས་རྒྱས་རྣམས་ཀྱི་མཛད་པ་ཆེན་པོའི་དབང་ཡིན་པས་དེ་ཉིད་ཐོབ་པར་ཤོག་ཅེས་པའོ། །སྔགས་དོན་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་དངོས་གྲུབ་ཐམས་ཅད་ངོ་མཚར་བར་ཐོབ་པར་མཛད་ཅེས་པའོ། །མཐར་མཆོད་བསྟོད་ནོངས་བཤགས་བརྟེན་བཞུགས་སོགས་སྤྱི་ལྟར་བྱའོ། །བཞི་བ་ཉེར་བསྡུས་དོན་ནི། ཨཿ ཞེས་སྐྱེ་བ་མེད་པའི་དབྱིངས་མཚོན་པ་སྟེ། ཆོས་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་ལས་འཆར་ཞིང་སྐྱེ་མེད་ཀྱི་དབྱིངས་སུ་བསྡུ་བ་ལས། འདིར་རང་གི་སྙིང་དབུས་སུ་འོད་གསལ་བྱང་ཆུབ་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་ཡུངས་ཀར་གྱི་འབྲུ་ཚད་ཙམ་དུ་ཕྲ་ཞིང་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་ཞིག་ལ་སེམས་བཞག་སྟེ། དེ་ལས་རྒྱུན་གཞན་དུ་མི་གཡེང་བར་བྱིང་རྒོད་ཀྱིས་མི་གཡོ་བར་མཉམ་པར་བཞག་པར་བྱའོ། །དེ་ནི་མཚན་མའི་དམིགས་པ་དང་བཅས་པ་སྟེ། དེ་ལ་གོམས་པས་རླུང་སེམས་ཀྱི་དྭངས་མ་དྷུ་ཏིར་ཚུད་པར་སྣང་མཆེད་ཐོབ་པའི་རིམ་པས་སྣང་བ་མེད་ཅིང་མཚན་མ་དང་བྲལ་བའི་སེམས་ཀྱི་རང་བཞིན་འོད་གསལ་བ་རྟག་ཆད་མཐའ་དབུས་ཐམས་ཅད་དང་བྲལ་བའི་དོན་ལ་འཇུག་པར་འགྱུར་ཏེ། དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་བདག་ཉིད་ལུས་ཅན་རྣམས་ཀྱི་སྙིང་ལ་གདོད་ནས་གནས་པའི་ཡེ་ཤེས་སེམས་དཔའ་སྟོང་གསལ་ནམ་མཁའ་ལྟ་བུའི་མཚན་ཉིད་ཅན་སྒྲིབ་གཉིས་ཀྱི་བུད་ཤིང་ཟ་བར་བྱེད་པ་ལ་མེ་བཞིན་འབར་བའི་ཤེས་རབ་དང་ཡེ་ཤེས་ཀྱི་འོད་ཆེན་པོ་སྣང་བ་ཅན་ནོ། །དེའི་ངང་ལ་རྟོག་པས་བསྒོམ་དུ་མེད་ཅིང་མཚན་མའི་གཡེང་བས་བསྐྱོད་དུ་ཅི་ཡང་མེད་དེ། རང་གསལ་ཆོས་ཉིད་ཀྱི་དགོངས་པ་ལས་མི་གཡོ་བར་ཇི་ལྟར་འདོད་པའི་བར་དུ་གནས་པར་བྱའོ། །དེ་ལས་ལྡང་བ་ན་དོན་གྱི་སངས་རྒྱས་སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུའི་སྐུ་རུ་ལངས་ནས་སྤྱོད་ལམ་ལ་འཇུག་པ་སོགས་བྱའོ། །ལྔ་བ་བསྔོ་བ་ནི། ཧོ་ཞེས་ཆོས་ཀྱི་དབྱིངས་ལ་ངོ་མཚར་བའི་ཚུལ་གྱིས། རྒྱུ་རིམ་གཉིས་གྱི་དགེ་ཚོགས་དང་འབྲས་བུ་ཟུང་འཇུག་གི་གོ་འཕང་གཉིས་ཀ་ཡང་ངོ་བོ་རིག་སྟོང་ཐིག་ལེ་གཅིག་གི་ངང་སྟེ་སེམས་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་དུ་གནས་ཤིང་། དེ་ལ་སྤང་བྱས་བཅིང་བ་དང་། གཉེན་པོས་གྲོལ་བ་དང་། སྔར་ཡོད་ཀྱི་སྐྱོན་བྲི་བ་དང་། སྔར་མེད་ཡོན་ཏན་གང་བ་གང་ཡང་མེད་དེ། ཀ་ནས་དག་པའི་ཆོས་ཉིད་ཁྱབ་གདལ་དུ་ཡེ་ནས་གནས་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཉིད་ཀྱི་ངང་དུ་དྲན་རིག་གི་རྒྱས་འདེབས་པ་ནི་དམིགས་མེད་ཀྱི་བསྔོ་བ་དམ་པའོ། །དྲུག་པ་ཤིས་བརྗོད་ནི། འདི་ལྟར་སྣང་བའི་ཆོས་ཀུན་རྟེན་འབྲེལ་གྱི་རོལ་བ་ཙམ་དུ་གོ་མ་འགག་པར་བྱ་བ་དང་བྱེད་པའང་མཆིས་ལ། དོན་དམ་པར་རང་རིག་ཆོས་སྐུའི་རྩལ་གདང་རོལ་པར་ཤར་བ་ལ་འཁོར་འདས་སུ་མིང་བཏགས་པ་ཙམ་དུ་ཟད་པར་རྟོགས་པའི་ཚེ་ན་རྟོགས་པས་རང་རྒྱུད་གྲོལ་ཞིང་ཐུགས་རྗེས་གཞན་རྒྱུད་གྲོལ་བར་འགྱུར་བས་འབྲེལ་ཚད་དོན་དང་ལྡན་པར་འགྱུར་བས་དེ་ལྟ་བུའི་བཀྲ་ཤིས་འཇིག་རྟེན་ཐམས་ཅད་དུ་འབྱུང་བར་ཤོག་ཅེས་པའོ། །དེ་ལྟར་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའི་དོན་ཚན་བཅོ་བརྒྱད་ཀྱིས་སྒྲུབ་ཐབས་འདིའི་གཞུང་དོན་ཡོངས་སུ་རྫོགས་པ་ཡིན་ནོ། །མཛད་བྱང་གི་དོན་གོ་སླའོ། །དེ་ལྟར་ཡང་ཟབ་རྫོགས་པ་ཆེན་པོ་ཡི། །སྒོ་འབྱེད་བྱིན་རླབས་བླ་མའི་རྣལ་འབྱོར་གྱི། །དོན་གསལ་རྣམ་བཤད་ངོ་མཚར་སྣང་བ་འདི། །མཆོག་འདོད་སྐལ་བཟང་རྣམས་ཀྱི་དོན་དུ་སྤྲོས། །མཆོག་གཟིགས་བླ་མ་རྣམས་ཀྱི་བཀའ་དྲིན་ལས། །གཏིང་དཔག་དཀའ་བའི་ཟབ་མོའི་གནས་རྣམས་ལ། །བདག་བློའི་སྤོབས་པ་རྒྱ་ཆེར་གསལ་བས་ན། གནད་ཀྱི་དོན་ལ་ནོར་བའི་དྲི་མ་མེད། །འདིར་བཤད་དགེ་བ་ཉིན་མོར་བྱེད་པའི་གཟིས། །བློ་མཁའི་རྨོངས་མུན་དྲྭ་བ་རབ་བསལ་ནས། །ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་མཐའ་ཀླས་པར། །མངོན་སུམ་འོད་གསལ་སྣང་བས་འགེང་པར་ཤོག །བཀྲ་ཤིས་འཇིག་རྟེན་གསུམ་གྱི་རྒྱན་གྱུར་པ། །མཆོག་གསུམ་བླ་མའི་བཀྲ་ཤིས་དཔལ་འབར་བས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་མཁའ་ལྟར་ཁྱབ། །ཐོག་མཐའ་བར་དུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་རིགས་ཀྱི་བདག་པོ་གྲུབ་དབང་རྫོགས་ཆེན་པའི་དགོངས་གཏེར་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་གི་གསལ་བྱེད་འདི་འདྲ་ཞིག་དགོས་ཞེས་རྣལ་འབྱོར་པ་ནམ་མཁའ་ཆོས་དབྱིངས་ཀྱིས་བསྐུལ་བའི་བཞེད་པ་བསྐོང་ཕྱིར་གཡི་སྟོད་ཀྱི་ནགས་ཚལ་དྲྭ་བ་ཅན་དུ་པདྨ་བཛྲ་པས་བྲིས་པ་དགེའོ། །ཤིན་ཏུ་ཟབ་པའི་མཐར་ཐུག་འདི། །རང་གཞན་ཀུན་ལ་སྨན་ཕྱིར་དུ། །ཆོས་ཀྱི་སྣང་བས་པར་དུ་བསྒྲུབས། །དགེ་བས་འབྲེལ་ཚད་དོན་ལྡན་ཤོག །དགེའོ། །

རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་པའི་ཞལ་གསུང་བླ་མའི་རྣལ་འབྱོར་འོག་མིན་གསང་ལམ་གྱི་གསལ་བྱེད།

༄༅། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་པའི་ཞལ་གསུང་བླ་མའི་རྣལ་འབྱོར་འོག་མིན་གསང་ལམ་གྱི་གསལ་བྱེད་བཞུགས་སོ། །རྗེ་བཙུན་བླ་མ་མཆོག་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་རློབ་པར་མཛད་དུ་གསོལ། མཁའ་ཁྱབ་ཟུང་འཇུག་སྒྱུ་འཕྲུལ་འཁོར་ལོའི་སྤྲིན། །སྤྲོ་ཞིང་བསྡུ་བའི་དབང་ཕྱུག་རྡོ་རྗེ་འཛིན། །གང་གི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ། །ལྷན་སྐྱེས་བདེ་བ་ཆེན་པོར་ཤེས་པས་འདུད། །གདོད་ནས་ལུས་ཅན་རྣམས་ལ་རང་ཆས་སུ། །གབ་པ་མཚོན་བྱ་དོན་གྱི་བླ་མའི་ཞལ། །དུས་དང་ཐབས་ལ་བརྟེན་ནས་མངོན་སུམ་དུ་། །སྟོན་མཛད་མཚོན་བྱེད་རྟགས་ཀྱི་བླ་མ་སྟེ། །གང་ལ་བརྟེན་ནས་ཚོགས་གཉིས་མྱུར་རྫོགས་ཤིང་། །དབང་བཞིའི་ཉམས་ལེན་བསྐྱེད་རྫོགས་ཡན་ལག་བཞིའི། །གནད་བསྡུས་ཚེ་འདིར་རྡོ་རྗེ་འཆང་འགྲུབ་པའི། །ཟབ་ལམ་བླ་མའི་རྣལ་འབྱོར་འདིར་གསལ་བྱ། །དེ་ལ་འདིར་བླ་མའི་རྣལ་འབྱོར་འོག་མིན་གསང་ལམ་འདི་ཉིད་འཆད་པ་ལ། ཀླད་ཀྱི་དོན་མཚན་སྨོས་པ་དང་། མཆོད་པར་བརྗོད་པ། གཞུང་གི་དོན་བླ་མའི་རྣལ་འབྱོར་དངོས། མཇུག་གི་དོན་མཛད་བྱང་དང་གསུམ་མོ། །དང་པོ་མཚན་དོན་ནི། གུ་རུའི་སྒྲ་ལས་ཡོན་ཏན་གྱིས་ལྕི་བ་སྟེ། ལུང་དང་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བས་ན། ཀུན་ལས་ཁྱད་པར་དུ་འཕགས་ཤིང་བླ་ན་མེད་པའི་དོན་གྱིས་གོང་མའམ་བླ་མ་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་སོ། དེ་ལྟ་བུའི་བླ་མ་དེ་ལ་སློབ་དཔོན་དྲུག་གི་དབྱེ་བ་གསུངས་ཀྱང་། གཙོ་བོ་ནི། དབང་བསྐུར། རྒྱུད་བཤད། མན་ངག་བསྟན་པའི་སློབ་དཔོན་གསུམ་ཡིན་ལ། འདིར་ནི་དེ་གསུམ་ཀ་བླ་མ་གཅིག་གི་བཀའ་དྲིན་ལས་ཐོབ་པ་ལ་རྩ་བའི་བླ་མ་ཞེས་བྱ་སྟེ་དེ་ཉིད་ཀྱི་དབང་དུ་བྱས་པའོ། །རྣལ་འབྱོར་ནི་བླ་མ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཡོན་ཏན་དང་རྣམ་པའི་ཆ་ལ་བྱིང་རྒོད་དང་བྲལ་བར་སེམས་རྩེ་གཅིག་ཏུ་རྣལ་མར་གནས་པ་ལ་རང་དབང་དུ་འབྱོར་བར་བྱེད་པའི་དོན་ནོ། །རྣལ་འབྱོར་བསྒོམ་པའི་རིམ་པ་དེ་ལ་འོག་མིན་དུ་བགྲོད་པའི་གསང་ལམ་ཞེས་བྱ་སྟེ། སྤྱིར་འོག་མིན་ལ་སངས་རྒྱས་གསང་བའི་སྤྱན་འགྲེལ་སོགས་ལས། དོན་གྱི་འོག་མིན། རྟགས་ཀྱི་འོག་མིན། རིག་པའི་འོག་མིན། རྟོག་པའི་འོག་མིན། གསང་བའི་འོག་མིན། གནས་ཀྱི་འོག་མིན་ཏེ་དྲུག་ཏུ་བཤད་ཀྱང་། འདིར་ནི་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་རྣམས་གང་དུ་འཚང་རྒྱ་བར་འགྱུར་བའི་གནས་རྒྱན་སྟུག་པོ་བཀོད་པའམ། དབང་ཕྱུག་ཆེན་པོའི་འོག་མིན་དུ་གྲགས་པས་སངས་རྒྱས་རང་སྣང་གིས་བསྡུས་པའི་ལོངས་སྤྱོད་རྫོགས་སྐུ་ཆེན་པོའི་ཞིང་ཁམས་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་གསུངས་པའི་འོག་མིན་ནི་གཟུགས་ཁམས་ཀྱི་ནང་ཚན་གཙང་རིས་ལྔའི་ཡ་གྱལ་གྱི་འོག་མིན་མ་ཡིན་པའི་ཚུལ་སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་ཆེན་མཛོད་ཡིན་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་སོ། །དེ་ཡང་གང་དུ་གཉིས་སྣང་མཐའ་དག་དབྱིངས་སུ་ནུབ་པའི་སངས་རྒྱས་འཕགས་པའི་རྣམ་མཁྱེན་གྱི་ཡུལ་ཁོ་ན་སྟེ། ཆོས་དབྱིངས་བསྟོད་པར། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པོ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་སོ། །དེར་བགྲོད་པར་བྱེད་པའི་ཐབས་ཟབ་མོ་ཉན་རང་དང་རྒྱུའི་ཐེག་ཆེན་པ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་གསང་བའི་ལམ་ཁྱད་པར་ཅན་ཡིན་པས་ན་མཚན་དེ་སྐད་ཅེས་བྱའོ། །མཚན་གྱི་དོན་ལས་དགོས་འདྲེལ་གྱི་ཡན་ལག་བཞི་པོའང་ཤེས་པར་བྱ་སྟེ། བླ་མ་སྐུ་གསུམ་གྱི་བདག་ཉིད་ཅན་དུ་ཤེས་པའི་སྒོ་ནས་ཚོགས་བསགས་ཤིང་དབང་བཞི་བླངས་ཏེ་ཐུགས་ཡིད་བསྲེངས་ལ་རྣལ་འབྱོར་དུ་བྱེད་པ་ནི་བརྗོད་བྱ། དག་པ་གཉིས་ལྡན་མཐར་ཐུག་པའི་ཁྱད་པར་དུ་བྱས་པའི་འོག་མིན་དུ་བགྲོད་པ་ནི་ཉིང་དགོས། བརྗོད་བྱའི་དོན་ཉམས་སུ་བླངས་པས་ཉིང་དགོས་མངོན་དུ་བྱེད་པའི་གསང་ལམ་དུ་འགྱུར་བ་ནི་འདྲེལ་བ། དེའི་ཤུགས་ལས་ཚོགས་གཉིས་འབད་མེད་དུ་རྫོགས་ཤིང་བསྐྱེད་རྫོགས་ཀྱི་ལམ་གནད་མངོན་དུ་འགྱུར་བ་འདིའི་དགོས་པར་གྲུབ་པའང་ལེགས་པར་རྟོགས་ནུས་པ་ཡིན་ནོ། །མཆོད་པར་བརྗོད་པ་ནི། བླ་མ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གཞུང་རྩོམ་པ་ན་རང་དགར་མ་ཡིན་པར་དཀྱིལ་འཁོར་གྱི་དབང་ཕྱུག་བླ་མ་རྡོ་རྗེ་སློབ་དཔོན་གྱི་ཞབས་ཀྱི་པདྨོ་ལ་སྤྱི་བོས་གཏུག་པའི་གུས་འདུད་ལྷུར་ལེན་པར་མཛད་པས། གཞན་དག་གིས་སྐྱེས་བུ་དམ་པར་ཤེས་པ་དང་། དེའི་ངག་ཀྱང་ཡིད་ཆེས་ཀྱི་ཁུངས་དང་འདྲེལ་བར་རིག་ནས་འཇུག་པ་དང་། བརྩམ་པའི་བྱ་བ་མཐར་ཕྱིན་པའི་དགོས་པ་དང་བཅས་པ་ཡིན་ནོ། །གཉིས་པ་གཞུང་དོན་བླ་མའི་རྣལ་འབྱོར་དངོས་འཆད་པ་ལ། གོ་བའི་དོན་སྤྱིར་བཤད་པ་དང་། ཚིག་གི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གང་ལ་རྣལ་འབྱོར་དུ་བྱ་བར་འོས་པའི་བླ་མ་རྡོ་རྗེ་སློབ་དཔོན་གྱི་རང་བཞིན་དང་། དེ་ལ་ཇི་ལྟར་རྣལ་འབྱོར་དུ་བྱེད་པའི་ཚུལ་དང་། རྣལ་འབྱོར་དུ་བྱས་པའི་ཕན་ཡོན་བསྟན་པ་དང་གསུམ་ལས། དང་པོ་ནི་མདོ་རྒྱུད་ནས་བཤད་པའི་མཚན་ཉིད་མཐའ་དག་གམ་ཕལ་ཆེར་དང་ལྡན་པ་ཞིག་ལ་དད་པ་གསུམ་གྱིས་བསྟེན་ཅིང་མཉེས་པ་གསུམ་སྒྲུབ་པའི་སྒོ་ནས་རྣལ་འབྱོར་དུ་བྱས་པ་ནི་དོན་དང་ལྡན་གྱིས། གཞན་དུ་རྡོ་རྗེ་སློབ་དཔོན་མཚན་ཉིད་གང་དང་མི་ལྡན་བཞིན་དུ་གོ་ས་བཟུང་སྟེ། འདུ་འཛི་དང་རྣམ་གཡེང་གི་ངང་ནས་ཆོས་བརྒྱད་ཀྱི་བྱ་བས་དུས་འདའ་ཞིང་། ཚེ་འདིའི་འབྱོར་པ་ཕྲ་མོ་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལྟ་བུའི་མངོན་རློམ་གྱིས་ཁེངས་ནས། སྐྱེ་སྤྲུལ་དང་། གྲུབ་ཐོབ་དང་། ཁྲི་པ་སོགས་ཀྱི་མཚན་སྙན་གྱི་གླིང་བུས་རྨོངས་པའི་མགོ་བོ་སྐོར་བ་རྣམས་བསྟེན་ནས་བསྙེན་བཀུར་དང་མོས་གུས་ཇི་ཙམ་བྱས་ཀྱང་ཉམས་རྟོགས་དང་དངོས་གྲུབ་ཀྱི་སྐལ་བ་སྣ་གཅིག་ཀྱང་མི་འབྱུང་བར་མ་ཟད། ངལ་བ་དོན་མེད་ཅིང་འབྲས་བུ་སྡིག་པ་འཕེལ་བ་སྟེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བྲམ་ཟེ་བཞིན་དུ་ཆོ་རིག་བསྲུང་བའམ། །བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཤིང་གི་རང་འཐག་ལྟ་བུའི་ལམ་སྟོན་དང་། །སོ་སོའི་སྐྱེ་བོའི་རང་བཞིན་མ་འགལ་ཡང་། བླུན་པོས་དད་པས་བབ་ཅོལ་གནས་ལ་སྦྱར། །རྙེད་དང་བཀུར་སྡིས་མཆོད་པས་ཁེངས་གྱུར་པ། །ཁྲོན་པའི་ལག་འགྲོ་ལྟ་བུའི་བཤེས་གཉེན་དང་། །ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་འཆལ། །རྒྱུད་ཚོད་དམའ་ལ་ཀུན་སྤྱོད་ས་བླར་གཤེགས། །བྱམས་དང་སྙིང་རྗེའི་དཔྱངས་ཐག་ཆད་པ་ཡི། །སྨྱོན་པའི་ལམ་མཁན་རྣམས་ལས་སྡིག་པ་འཕེལ། །ཞེས་དང་། རྒྱུད་ལས། རང་གིས་མི་ཤེས་གཞན་ལ་སློབ། །རང་རྒྱུད་མ་སྨིན་གཞན་སྨིན་འདོད། །རྒྱུད་ལུང་མན་ངག་དོན་མ་རིག །བླུན་པོའི་ངག་ཚིག་ཁེངས་དང་བཅས། །གསང་སྔགས་བོན་གྱེར་ཟབ་ཆོས་འཚོང་། །རྒྱབ་བརྟེན་ཆོས་བྱས་ལས་སྡིག་གསོག །ཐོས་ཆུང་དྲིས་ལ་ལན་མི་ཐེབས། །སློབ་དཔོན་མ་བཏགས་སློབ་མའི་བདུད། །ཞེས་གསུངས་པས། ལྟར་སྣང་དང་གྲགས་པའི་རྗེས་སུ་མི་འབྲང་བར་གཞུང་ལུགས་ཆེན་མོ་རྣམས་ནས་བཤད་པའི་མཚན་ཉིད་དག་དང་ལྡན་མི་ལྡན་ལེགས་པར་དཔྱད་དེ་ལོག་པའི་བཤེས་གཉེན་སྤངས་ནས། ཡང་དག་པའི་བཤེས་གཉེན་དམ་པ་ལུང་རིགས་ཀྱིས་གྲུབ་པ་ཞིག་ལ་བསྟེན་དགོས་ཞིང་། དེའི་ཚུལ་དང་རང་བཞིན་ཇི་ལྟ་བུ་ཞེ་ན། སྤྱིར་ཐེག་པ་ཆེན་པོ་སྟོན་པའི་བླ་མ་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་བཅུ་ལྡན་དུ་གསུང་བ་དང་། ཁྱད་པར་གསང་སྔགས་སྟོན་པའི་བླ་མ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུང་བའི་དེ་ཉིད་ཉི་ཤུ་དང་། སྒྱུ་འཕྲུལ་ལས་གསུངས་པའི་རང་བཞིན་བརྒྱད་དང་ལྡན་པ་ཞིག་དགོས་ལ། མདོར་ན་ཀུན་མཁྱེན་ཆོས་རྗེས། དེ་ཡང་ཐབས་མཁས་ཐུགས་རྗེ་དཔག་མེད་ཅིང་། །མདོ་རྒྱུད་ཡིད་བཞིན་མཛོད་མངའ་འགྲོ་བ་འདྲེན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་སུ་སངས་རྒྱས་དངོས་དང་མཚུངས། །དད་དང་སྲི་ཞུ་གུས་པས་སྤྱི་བོས་བསྟེན། །རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་ནི། །རིགས་བཟང་ངོ་ཚ་ཁྲེལ་ཡོད་དབང་པོ་ཚང་། །བྱམས་དང་སྙིང་རྗེ་ཤེས་རབ་རྒྱ་ཆེ་ཞིང་། །མང་ཐོས་སྒོ་གསུམ་དུལ་ཞིང་བཟོད་ཆེན་ལྡན། །གསོང་ཞིང་ངེས་ལ་གྱ་གྱུ་མེད་པ་སྟེ། །ཡིད་བཞིན་རིན་ཆེན་དད་བརྒྱའི་གཙུག་གིས་བསྟེན། །སྲིད་ལས་རྣམ་གྲོལ་རབ་མཆོག་བླ་མ་ནི། །ཡུལ་དང་རྒྱང་བསྲིང་མི་ཆོས་རྒྱབ་ཏུ་བོར། །དགོས་མེད་རང་གཞན་ནོར་རྫས་ཞེན་པ་ཆུང་། །རྒྱུ་འབྲས་ཡིད་ཆེས་དགེ་སྡིག་བླང་དོར་བྱེད། །ཚེ་འདི་བློས་ཐོང་ཡུན་གྱི་དོན་ཆེན་འགྲུབ། །ཐེག་ཆེན་དོན་ལྡན་འགྲོ་དོན་ཐབས་མཁས་སྤྱོད། །བརྟགས་ཤིང་ངོ་མཚར་དཔལ་ལྡན་ཆོས་ཀྱི་རྗེ། །རྟག་ཏུ་འབྲལ་མེད་སྐྱོང་ལ་མེད་པ་བསྟེན། །ཤེས་རབ་རྒྱ་ཆེ་སྐལ་བཟང་བླ་མ་ནི། །རིག་གནས་ཀུན་ལ་ཤེས་བྱའི་དཀྱིལ་འཁོར་རྒྱས། །ཐོས་བསམ་རྒྱ་ཆེ་གྲུབ་མཐའི་ཚིག་དོན་མཁས། །ལྟ་སྤྱོད་ཕུལ་བྱུང་གང་གིས་སྨད་དུ་མེད། །ལུང་རིགས་དང་ལྡན་རང་བཟོ་གཟུ་ལུམ་མེད། །གདུལ་བྱའི་བློ་རིས་བརྟགས་ནས་ཆོས་སྟོན་ཞིང་། །བྱང་ཆུབ་ལམ་འདྲེན་དེད་དཔོན་བློ་མིག་ཅན། །རིན་ཆེན་ཐར་གླིང་བགྲོད་དེ་གུས་པས་བསྟེན། །རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། །གོང་མ་མཉེས་བྱས་གྲུབ་ཐོབ་བརྒྱུད་པ་འཛིན། །ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པ་ལྡན། །སྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་བརྙེས། །གཞན་སྣང་བསྒྱུར་ནུས་ཐར་པའི་ལམ་སྣ་འདྲེན། །མདོ་རྒྱུད་བཀའ་བབས་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་བོས་བསྟེན། །ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ནི། །བྱང་ཆུབ་སེམས་འབྱོངས་རྟག་ཏུ་གཞན་ཕན་སྤྱོད། །བྱིན་རླབས་ཞུགས་པས་གཞན་སྣང་བྱིན་གྱིས་རློབ། །ལྟ་སྒོམ་སྤྱོད་འབྲས་ཉམས་མྱོང་གྲུབ་རྟགས་ལྡན། །ནུས་མཐུ་རབ་ལྡན་གདོན་བགེགས་བར་ཆད་སེལ། །ཐབས་མཁས་ཐར་ལམ་འགྲོ་བ་འདྲེན་པའི་མཆོག །མཚུངས་མེད་འཇིག་རྟེན་རྒྱན་གྱུར་གུས་པས་བསྟེན། །མཐར་ཐུག་སྙིང་པོའི་དོན་སྟོན་བླ་མ་ནི། །འདྲེལ་ཚད་རྣམ་གྲོལ་ཟབ་མོའི་ལམ་ལ་སྦྱོར། །ལམ་ཟབ་སྙིང་པོས་རང་གནས་ཆོས་སྐུ་སྤྲོད། །བོགས་འདོན་ཟབ་མོས་ཉམས་རྟོགས་གོང་འཕེལ་བྱེད། །མཐར་ཕྱིན་རྟོགས་པས་གནས་ལུགས་གཞི་ལ་སྐྱེལ། །ཐབས་ལམ་ཟབ་མོས་གང་ཡང་ལམ་དུ་བསྒྱུར། །གདམས་པ་མང་ལྡན་ཤེས་རྒྱུད་འགྲོལ་ལ་མཁས། །ཚེ་འདིར་འཁོར་བའི་རྒྱ་མཚོ་སྒྲོལ་ནུས་པ། །དེད་དཔོན་ཡིད་བཞིན་སྨན་པའི་རྒྱལ་པོ་ནི། །ཀུན་ལས་འཕགས་ཕྱིར་མཚུངས་མེད་གུས་པས་བསྟེན། །ཅེས་མདོ་རྒྱུད་མཐའ་དག་ནས་བཤད་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཐམས་ཅད་རྣམ་གྲངས་བདུན་དུ་བསྡུས་ནས་ལེགས་པར་བཀྲལ་ཏེ། དེ་དག་གི་དོན་སྙིང་པོར་དྲིལ་བ་ནི། ཇི་སྐད་བཤད་པའི་ཡོན་ཏན་མཆོག་དག་ལས། །ཀུན་ལྡན་བླ་མ་ཨུ་དུམ་ཝཱ་ར་ཙམ། །ཕལ་ཆེར་ལྡན་པའང་སངས་རྒྱས་དང་འདྲ་ཞིང་། །བདུན་ཚན་ཙམ་ལྡན་དེ་ལའང་བསྟེན་རུང་སྟེ། །སྙིགས་མའི་དུས་འདིར་རབ་ཏུ་རྙེད་དཀའ་བས། །རབ་ཏུ་གུས་པ་ཆེན་པོས་བསྟེན་པར་བྱ། །ཞེས་ཇི་སྐད་བཤད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་སངས་རྒྱས་ཉིད་ཡིན་པས་ཨུ་དུམ་ཝཱ་ར་ལྟར་རྙེད་པར་དཀའ་ལ། ཕལ་ཆེར་དང་ལྡན་ན་སངས་རྒྱས་དང་འདྲ་བ་སྟེ་རྒྱལ་ཚབ་ལྟ་བུའི་འོས་སུ་གྱུར་པ་དང་། ཚན་པ་རེ་རེ་ཙམ་དང་ལྡན་ནའང་སྙིགས་མའི་དུས་འདིར་ཤིན་ཏུ་རྙེད་དཀའ་བས་གུས་པ་ཆེན་པོས་བསྟེན་པར་འོས་ཞེས་གསུངས་ན། བདག་ཅག་གི་རྣམ་འདྲེན་དམ་པ་ཀུན་མཁྱེན་རྒྱལ་བའི་སྲས་པོ་འདི་ཉིད་ཀྱི་གསང་བ་གསུམ་གྱི་རྒྱ་མཚོ་ཆེན་པོའི་ནང་དུ་ནི་གོང་དུ་བསྟན་པའི་ཡོན་ཏན་གྱི་ཆུ་བོ་ཐམས་ཅད་ཆ་ཤས་ཙམ་ཡང་མ་ལུས་པར་ཡོངས་སུ་འདུས་པས་ན། འདི་ལྟ་བུའི་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་བསྟེན་དུ་ཡོད་པ་ནི། ཨེ་མའོ་བསྐལ་པ་མང་པོར་བསགས་པའི་ལེགས་བྱས་ཀྱི་འབྲས་བུ་དུས་སུ་སྨིན་པའོ་སྙམ་པའི་སྤྲོ་ཞིང་དགའ་བ་དང་བཅས་ཏེ། གོང་གི་ཚིགས་སུ་བཅད་པ་རྣམས་ངག་ཏུ་བརྗོད་ཅིང་རེ་རེ་ནས་བསལ་ཞིང་དོན་ལ་གཞིག་སྟེ་བླ་མའི་ཡོན་ཏན་དུ་ལྡན་པའི་ཚུལ་ལ་བློ་གཞོལ་བར་བྱེད་པ་ནི་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཁྱད་པར་ཅན་རྒྱུད་ལ་འཁྲུངས་པའི་ཐབས་ཕྱིན་ཅི་མ་ལོག་པ་ཡིན་ནོ། །གཉིས་པ་དེ་ལ་ཇི་ལྟར་རྣལ་འབྱོར་དུ་བྱེད་པའི་ཚུལ་ལ། བསམ་པས་རྣལ་འབྱོར་དུ་བྱེད་པའི་ཚུལ་དངོས་དང་། སྦྱོར་བས་ཇི་ལྟར་བསྟེན་ཚུལ་གཉིས་སོ། །དང་པོ་ལའང་སྤྱིར་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ལ་བསམ་པ། བྱེ་བྲག་རང་ཉིད་ལ་བཀའ་དྲིན་ཆེ་བའི་ཚུལ་དྲན་པ། ཁྱད་པར་དུ་རྫོགས་པའི་སངས་རྒྱས་སུ་ལྟ་བར་བྱེད་པ་དང་གསུམ་ལས། དང་པོ་ནི། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ། དགེ་བའི་བཤེས་གཉེན་ནི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་གྲུ་བོ་ཆེ་ལྟ་བུའོ། །ཐར་པའི་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་ལྟ་བུའོ། །སྲིད་པའི་རྒུད་པ་རྣམས་སེལ་བས་ཡིད་བཞིན་ནོར་བུའི་རྒྱལ་པོ་ལྟ་བུའོ། །ལས་དང་ཉོན་མོངས་པའི་མེ་འཇིལ་བས་ཆུ་བོ་ལྟ་བུའོ། །ཆོས་ཀྱི་ཆར་ཆེན་པོ་འབེབས་པས་སྤྲིན་བཟང་པོ་ལྟ་བུའོ། །ཞེས་སོགས་རྣམ་གྲངས་དུ་མར་གསུངས་པའི་དོན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་སེམས་ཉིད་ངལ་གསོར་ཚིགས་བཅད་དུ་བསྡེབས་པར་མཛད་པ་ནི། གང་གི་ཡོན་ཏན་ཤིན་ཏུ་མཐའ་ཡས་ཏེ། །འགྲོ་བའི་གཉེན་གྱུར་ཕྱོགས་ཙམ་རབ་བསྔགས་ན། །སྲིད་མཚོ་སྒྲོལ་བས་གྲུ་ཆེན་མཉན་པ་སྟེ། །ལམ་ཞུགས་རྣམས་ཀྱི་དེད་དཔོན་བླ་ན་མེད། །རྒུད་པ་སེལ་བས་ཡིད་བཞིན་ནོར་བུ་སྟེ། །ལས་དང་ཉོན་མོངས་མེ་སེལ་བདུད་རྩིའི་ཆུ། །ཆོས་ཆར་བསིལ་བས་ཆར་སྤྲིན་བཟང་པོ་སྟེ། །འགྲོ་ཀུན་དགའ་བསྐྱེད་ལྷ་ཡི་རྔ་བོ་ཆེ། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་སྟེ། །མ་རིག་མུན་སེལ་སྒྲོན་མ་འོད་པོ་ཆེ། །སྐྱེ་དགུ་བདེ་འབྱུང་དཔག་བསམ་ཤིང་ཆེན་ཏེ། །འདོད་དགུ་ལྷུན་གྲུབ་རིན་ཆེན་བུམ་པ་བཟང་། །བྱམས་ཆེན་ཉི་མ་འོད་ཟེར་དཔག་མེད་དེ། །གདུང་སེལ་ཟླ་བ་ཕན་བདེའི་འོད་དཀར་ཅན། །དགོངས་ཀློང་ཡངས་པས་དྲི་མེད་མཁའ་འདྲ་ལ། །ཏིང་འཛིན་འོད་གསལ་གཟའ་སྐར་ལྷུན་གྲུབ་འདྲ། །མཁྱེན་བརྩེའི་རང་བཞིན་དཔག་མེད་མཚོ་འདྲ་ཞིང་། །ཐུགས་རྗེའི་རླབས་ཆེན་གཡོ་བས་ཆུ་ཀླུང་འདྲ། །རྣམ་གཡེང་མི་བསྐྱོད་གངས་རིའི་དཔལ་འདྲ་ཞིང་། །མཆོག་ཏུ་མི་གཡོ་རི་རྒྱལ་ལྷུན་པོ་འདྲ། །སྲིད་གནས་མི་གོས་འདམ་སྐྱེས་པད་འདྲ་ཞིང་། །ཀུན་ལ་ཐུགས་སྙོམས་བྱམས་སྡུག་ཕ་མ་འདྲ། །ཡོན་ཏན་མཐའ་ཡས་རིན་ཆེན་གཏེར་འདྲ་ཞིང་། །འཇིག་རྟེན་འདྲེན་པས་རྒྱལ་བའི་དབང་པོ་འདྲ། །དེ་འདྲའི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ། །གང་ན་བཞུགས་རྣམས་སངས་རྒྱས་ཀུན་དང་མཉམ། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཅིང་། །རླབས་ཆེན་ཕྲིན་ལས་ཁུར་ཆེན་དཔག་ཏུ་མེད། །ས་ཆེན་འགྲོ་བ་ཀུན་གྱི་རྟེན་བཞིན་ནོ། །ཞེས་གསུངས་པའི་ཚིག་རྣམས་དལ་ཞིང་སྙན་པའི་ངག་གི་སྒོ་ནས་མོས་གུས་ཀྱིས་འགྱུར་བ་འཐོན་པར་བྱའོ། དེ་ལྟར་ཇི་སྐད་གསུངས་པ་རྣམས་ཀྱང་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་གྱི་ཆའམ་ཕྱོགས་ཙམ་མཚོན་པ་ལས་ཐམས་ཅད་རྫོགས་པར་མོས་པ་ནི་མ་ཡིན་ཏེ། ཕལ་པོ་ཆེ་ལས། དགེ་བའི་བཤེས་གཉེན་ཡོན་ཏན་དང་བསྔགས་པ་བརྗོད་པ་ནི། རྒྱས་པར་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་དང་ལྡན་པ་དེའི་ཕྱིར་རྟག་ཏུ་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ཞེས་སོ། །གཉིས་པ་བཀའ་དྲིན་རྗེས་སུ་དྲན་ཚུལ་ནི། དེ་ལས། གཞོན་ནུ་ནོར་བཟང་དགེ་བའི་བཤེས་གཉེན་རྣམས་ནི། བདག་ངན་སོང་ཐམས་ཅད་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པས་འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ། །ཞེས་དང་། གཞན་ཡང་ཕལ་པོ་ཆེ་ལས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། །འདི་དགེ་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་བཏུང་བའི་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག །རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་བསྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། འདི་དག་བདག་ལ་བདེ་སྟོབ་མིག་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་པ་ལྟར་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཅིང་། མཐོ་རིས་དང་ཐར་པའི་ལམ་བཟང་པོ་སྟོན་པ་དང་། འཕྲལ་དང་ཡུན་གྱི་འབྱོར་པ་ཕུན་སུམ་ཚོགས་པའི་གོ་འཕང་སྦྱིན་བ་དང་། ཉེས་པ་ཕྲ་མོ་ལས་ཀྱང་ཐབས་དུ་མས་བཟློག་པར་མཛད་ནས། ཡོན་ཏན་གྱི་ཆ་ཤས་རེ་རེ་ནས་རྒྱུད་ལ་སྦྱོར་བར་བྱེད་པའི་བཀའ་དྲིན་ཁ་ཙམ་མིན་པར་སྙིང་གི་ཁོང་ནས་དྲན་པས་ཚེ་འདིར་ལུས་སྲོག་བསྐྱེད་པའི་ཕ་མ་ལས་ཀྱང་ཆེས་ལྷག་པའི་གདུང་ཤུགས་དྲག་པོའི་སེམས་ཀྱིས་རང་རྒྱུད་འཁུལ་ནུས་པ་ལ་སློབ་ཅིང་གོང་གི་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཀྱང་གསལ་གདབ་པར་བྱའོ། །གསུམ་པ་བླ་མ་སངས་རྒྱས་སུ་བལྟ་བའི་ཚུལ་ནི། སྤྱིར་བླ་མའི་ངོས་ནས་སངས་རྒྱས་མངོན་སུམ་ལྟ་བུར་བཞུགས་ཀྱང་། བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་བ་རང་གི་མོས་གུས་ཁོ་ནའི་རྗེས་སུ་འགྲོ་བ་ཡིན་ཏེ། བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཡོད་ན། བྱིན་རླབས་ཀྱང་སངས་རྒྱས་དངོས་ཀྱི་བྱིན་རླབས་འབྱུང་། བླ་མ་བྱང་ཆུབ་སེམས་དཔའ་དང་དགེ་བའི་བཤེས་གཉེན་ཁྱད་པར་ཅན་དུ་མཐོང་ན་བྱིན་རླབས་ཀྱི་རིམ་པའང་དེ་དང་མཚུངས། བླ་མ་གང་ཟག་རང་རྒྱུད་པར་བཟུང་ན་བྱིན་རླབས་གཏན་ནས་མི་འབྱུང་སྟེ། སྔོན་དགེ་བཤེས་འབྲོམ་སྟོན་པས་ཇོ་བོ་རྗེ་ལ་བོད་པ་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་ཀྱང་ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་པ་ཅི་ལགས། ཞུས་པས། ཇོ་བོའི་ཞལ་ནས་ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ལ། ཁྱེད་བོད་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་པས་ཡོན་ཏན་ག་ན་སྐྱེ་གསུངས་པ་དང་། ཡང་ཇོ་བོ་ལ། སློབ་མ་ཞིག་གིས། ཨ་ཏི་ཤ་གདམས་ངག་ཞུ་ན་ཞེས་སྐད་ཆེན་པོས་བོས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ། མན་ངག་བྱ་བ་དད་པ་ཡིན། དད་པ་དད་པ་གསུངས་པ་ལྟར། དད་པ་གལ་ཆེ། རྒྱུ་མཚན་དེའི་ཕྱིར་ན་བླ་མར་མོས་གུས་ཀྱི་མཐུ་ལས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པར་འདོད་པའི་གང་ཟག་རྣམས་ཀྱིས། བླ་མ་སངས་རྒྱས་དངོས་སུ་མཐོང་བ་ཞིག་དགོས་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། གསང་བ་པའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟར་དེ་བཞིན་ནོ། །དེ་ཡི་སེམས་ནི་དེ་ལྟ་ན། །རྟག་ཏུ་དགེ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ཞེས་གསུངས་སོ། །དེ་ཡང་དོན་ལ་སངས་རྒྱས་མིན་པ་ཞིག་བློས་སངས་རྒྱས་སུ་བཅོས་པ་ལྟ་བུ་མ་ཡིན་པར་བླ་མ་ཉིད་ཡེ་ནས་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་ལ་ལུང་རིགས་ཀྱིས་ངེས་ཤེས་རྙེད་ནས་བློའི་ཁོ་ཐག་ཆོད་པ་ཞིག་ངེས་པར་དགོས་ཀྱི། གཞན་དུ་ཚིག་ཙམ་གྱིས་ངེས་དགོས་པ་འགྲུབ་པ་མ་ཡིན་ནོ། །དེ་བས་ན་ཡིད་ཆེས་ཀྱི་ལུང་ལ་བརྟེན་ནས་བླ་མ་སངས་རྒྱས་ཀྱི་སྤྲུལ་པར་ཤེས་པར་བྱ་སྟེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། རྒྱུད་ལས། སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གིས་གདུལ་བྱ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་སྟོན་ཏོ། །ཞེས་སོ། བླ་མ་སངས་རྒྱས་དང་མཉམ་ཞིང་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོའམ་དཀོན་མཆོག་བཞི་པར་ཡང་གསུངས་ཏེ། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། སློབ་དཔོན་ཆེན་པོས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་ན་མེད། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཞེས་གསུངས། སངས་རྒྱས་མཉམ་སྦྱོར་ལས། །བླ་མ་ཡང་ནི་བཞི་པ་ཡིན། །ཅེས་སོ། །ཁྱད་པར་རང་རེའི་ངོར་སྐུ་དངོས་ཀྱིས་རྗེས་སུ་བཟུང་ཞིང་སྙིགས་མའི་འགྲོ་བ་ལ་ལྷག་པར་བརྩེ་བས་སངས་རྒྱས་ལས་ལྷག་པར་ཡང་བཟུང་བར་བྱ་སྟེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི་དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་། ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་ལྷག་པར་ཡང་ཟུངས་ཤིག །ཅེས་དང་། དགོངས་པ་འདུས་པ་ལས། དོན་དང་ལྡན་པའི་མཁས་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ནས། །བསྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་དང་། གསང་བ་འདུས་པ་ལས་ཀྱང་། ཁམས་རྣམས་དང་ནི་ཕྲིན་ལས་དག །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །བླ་མ་སངས་རྒྱས་ཀུན་དང་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་སོགས་གསུངས་པའི་དོན་ལ་དྲན་པ་ཉེ་བར་བཞག་ནས་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་གཏིང་ཚུགས་པར་བྱེད་པ་ནི་སྐབས་འདིའི་གནད་གལ་བོ་ཆེ་ཡིན་ནོ། །གཉིས་པ་སྦྱོར་བས་ཇི་ལྟར་བསྟེན་ཚུལ་ནི། མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་པ་སྟེ། མདོ་སྡེ་རྒྱན་ལས། བཀུར་སྡི་རྙེད་པ་དག་དང་རིམ་གྲོ་དང་། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་པ་ལྟར་ཡིན་ལ། དེའི་ནང་ནས་ཀྱང་གཙོ་བོ་ནི་བཀའ་བཞིན་སྒྲུབ་པར་བྱེད་པ་ཉིད་ཡིན་ཏེ། དེ་ཉིད་ལས། དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་གཉེན་རབ་ཏུ་བསྟེན་བྱེད་ཟང་ཟིང་མིན། །ཞེས་དང་། སྐྱེས་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཅེས་སོ། །དེས་ན་དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས་ལུས་ངག་ཡིད་གསུམ་ཀྱི་ཉེས་སྤྱོད་ཆ་དང་བཅས་པ་སྤངས་ཏེ་ཞི་དུལ་གུས་པའི་སྤྱོད་ལམ་ཕུན་སུམ་ཚོགས་པས་བསྟེན་པའི་ཚུལ་མཐའ་དག་འདིར་འབྲི་བར་འོས་མོད་ཀྱང་ཡི་གེས་འཇིགས་པས་དེ་ཙམ་དུ་བྱས་ལ་མདོར་དྲིལ་ན། བླ་མ་ལྔ་བཅུ་པ་ལས། འདིར་སྨོས་པ་ཅི་ཞིག་དགོས། བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ན། །དེ་དང་དེ་ལ་འབད་དེ་བརྟག །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་བཤད་པ་བཞིན་ཉམས་སུ་བླངས་པ་ལ་བརྩོན་པར་བྱའོ། །གསུམ་པ་དེ་ལྟར་རྣལ་འབྱོར་དུ་བྱས་པའི་ཕན་ཡོན་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་བསམས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ། །ཞེས་དང་། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་དཔས་བླ་མ་ལ་བརྟེན་ཏེ་ཡོན་ཏན་གྱི་ཚོགས་ཐམས་ཅད་རྫོགས་པར་བྱའོ། །ཞེས་དང་། སྐྱེས་རབས་ལས། དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་སྟེ། །དུལ་བའི་ཚུལ་གྱིས་བཤེས་གཉེན་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བགོས་པར་ཡང་གོས་པར་འགྱུར། །ཞེས་དང་། འཁོར་ལོ་ཆུབ་པར་རོལ་པའི་རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་ཡི་སྐུ་ནི་བསྒོམ་བྱས་པས། །མགོན་པོ་ཀུན་གྱི་དབང་ཕྱུག་ཆེ། །བླ་མ་དྲན་པ་མཆོག་ཏུ་བཤད། །ཅེས་སོ། །ཚུལ་དེ་ལྟར་བླ་མ་རྡོ་རྗེ་སློབ་དཔོན་གྱི་རང་བཞིན་དང་། དེའི་ཡོན་ཏན། བཀའ་དྲིན་ཆེ་བའི་ཚུལ། སངས་རྒྱས་ཉིད་ཡིན་པའི་རྒྱུ་མཚན། །དེ་བསྟེན་བས་ཕན་ཡོན་ཇི་ལྟར་འཐོབ་པ་རྣམས་ལ་ལེགས་པར་བསམ་ནས། རང་གི་རྒྱུད་མོས་གུས་དང་དད་པའི་ཤུགས་དྲག་པོས་དབང་མེད་དུ་འཁུལ་ཏེ་དག་པའི་སྣང་བ་འབའ་ཞིག་ཏུ་འཆར་ནུས་པར་གྱུར་ན་བླ་མའི་རྣལ་འབྱོར་ལམ་དུ་སློང་བའི་ཚད་ཡིན་གྱི་གཞན་དུ་དད་པ་དང་དག་པའི་སྣང་བ་ཁྱད་པར་ཅན་མེད་བཞིན་དུ། བླ་མ་ལྷ་སྐུར་མོས་པའི་དམིགས་པ་ཐ་ན་ཐུན་ཙམ་དང་། ངག་ཙམ་གྱིས་གསོལ་འདེབས་བྱེད་པ་དང་། གཡོ་སྒྱུའམ་ཟོལ་སྦྱོར་གྱིས་གུས་གུས་ཀྱི་རྣམ་འགྱུར་སྣ་ཚོགས་བྱེད་པ་རྣམས་ནི་དགོངས་རྒྱུད་བྱིན་རླབས་ཀྱི་ཕ་ཕོགས་རང་རྒྱུད་དུ་འཕོ་བའི་ཉེར་ལེན་དུ་མི་འགྱུར་བས་སྙིང་པོ་མེད་པ་སྟེ། འགྲེལ་པ་བདེན་གཉིས་ཤིང་རྟ་ལས། བོད་འདིར་བླ་མ་སངས་རྒྱས་སུ་མཐོང་བ་ལྟ་ཅི་སྨོས། དགེ་བཤེས་བཟང་པོ་ཙམ་དུའང་ལྟ་བ་མ་ཡིན་ཞིང་། ཁ་ཅིག་དེ་ལྟར་ལྟ་བའི་རྒྱུ་མཚན་གང་ཡང་མེད་བཞིན་ཏུ་འཇིག་རྟེན་གྱི་གྲགས་ཚོད་དང་། རྨོངས་པའི་སྟེས་དབང་ཙམ་ལས། གཟུགས་བརྙན་འབྲི་བ་དང་། འདྲ་འབག་འཆོས་པ་དང་། བསྒོམ་པའི་ཚུལ་ལུས་ངག་ཏུ་འདོན་པ་དང་། ར་གན་དང་། གསེར་དངུལ་ལ་སོགས་པས་ཕྱི་རྟེན་འཆོས་པ་ཕལ་མོ་ཆེ་ཀུན་སློང་ངན་པས་གྲགས་པ་བསྲུང་བ་དོན་དུ་གཉེར་བ་ཁོ་ན་མང་སྟེ། ཅིའི་ཕྱིར་ན་དངོས་སུ་བཞུགས་པའི་བསྡི་སྟང་དང་ཕྱོགས་ཤིན་ཏུ་འཛོལ་པའི་ཕྱིར་རོ། །ཞེས་གསུངས་པ་དང་། ཀུན་མཁྱེན་ཙོང་ཁ་པའི་ཞལ་ནས་ཀྱང་། དེ་ལྟར་ན་བླ་མའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་བའི་གདམས་པའང་སྔར་བཤད་པ་ལྟར་གོ་དགོས་ཀྱི་དམིགས་པ་ཐུན་རེ་ཙམ་ལ་སྦྱངས་པ་ནི་གར་ཡང་མི་ཕྱི་ན། ཞེས་གསུངས་པ་ལྟར་རོ། །དེས་ན་བླ་མ་དམ་པའི་གསང་བ་གསུམ་གྱི་ཡོན་ཏན་མཐའ་དག་ལ་ཞིབ་ཏུ་བསམ་ནས། དེ་ཉིད་ཀྱི་རྣམ་ཐར་རྗེས་སུ་སྒྲུབ་པའི་སྒོ་ནས་མཉེས་པར་བྱེད་པ་ནི་བླ་མའི་རྣལ་འབྱོར་གྱི་དོན་ངོ་བོ་ཉིད་ཡིན་ཏེ། ཡིན་བཞིན་རིན་པོ་ཆེའི་མཛོད་ལས། དཔལ་ལྡན་བླ་མའི་རྣམ་ཐར་སྒྲུབ་པ་ཡང་། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་བྱས་ལ། །བདག་ཀྱང་དེང་ནས་དེ་འདྲའི་རྗེས་བསླབས་ཏེ། །དམ་པའི་གོ་འཕང་འཐོབ་པར་བྱེད་དོན་དུ། །ཐོས་བསམ་སྒོམ་པའི་ཚུལ་ལ་ནན་ཏན་བྱ། །ཞེས་གསུངས་པ་བཞིན་ལག་ཏུ་བླངས་པ་ལ་འབད་པ་ཆེ་ཐང་དུ་བྱའོ། །དེས་སྤྱི་དོན་གྱི་གནད་རག་བསྡུས་ཙམ་ཞིག་བཤད་ནས། ད་ནི་དཀྱུས་ཀྱི་ཚིག་དོན་ལ་འཇུག་པར་བྱ་སྟེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། རྫོགས་པ་ཆེན་པོ་ཨ་ཏི་ལས། །བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་ལྷག་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྡིམ་བྱས་པས། བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་དང་འདྲེལ་བའི་བླ་མ་སྐུ་གསུམ་གྱི་རྣལ་འབྱོར་ཁྱད་པར་ཅན་འདི་ཉིད་ཉམས་སུ་བླང་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི་འདིར་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས་དད་དམ་རྣམ་པར་དག་པ་གཞིར་བཞག་སྟེ། སྐྱབས་སེམས་སྔོན་དུ་འགྲོ་བས་ཞེས་གསུངས་ཏེ། དེ་ལ་ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པ་སྟེ་དོན་དུ་གཉེར་བའི་གང་ཟག་གི་སྔོན་དུ་འགྲོ་བའི་ཆོས་བཞི་སྟེ། བྱིན་རླབས་ཀྱི་འཇུག་སྒོ་དད་པ་རྣམ་པར་དག་པ་དང་། དངོས་གྲུབ་ཀྱི་གཞི་མ་དམ་ཚིག་རྣམ་པར་དག་པ་གཉིས་དང་ལྡན་པ་གཞིར་བཞག་ནས། ཐར་པའི་ལམ་གྱི་རྨིང་རྡོ་སྐྱབས་སུ་འགྲོ་བ་དང་། ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པར་བསྟན་པའོ། །དང་པོ་ནི་དཀར་པོའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་དད་པ་ཉིད་དེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོགས་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཅེས་དང་། ཆོས་བཅུ་པ་ལས་ཀྱང་། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དད་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་དང་ས་བོན་ཉིད་དུ་གསུངས་སོ། །ཁྱད་པར་དུ་སྔགས་ཀྱི་དངོས་གྲུབ་དང་དགོངས་བརྒྱུད་ཀྱི་བྱིན་རླབས་འཕོ་བ་ནི་དད་པ་དང་མོས་གུས་ཁོ་ན་ལ་རག་ལས་ཏེ། རིག་འཛིན་འཇིགས་མེད་གླིང་པས། འདི་ལྟར་ཟབ་མོའི་མདོ་སྡེ་དང་རྒྱུད་སྡེ་རྣམས་ནས་བླ་མ་དང་། སློབ་མའི་མཚན་ཉིད་དང་། ཉམས་ལེན་གྱི་གནད་གསང་ཆེན་པོ་མང་དུ་བསྟན་ཀྱང་། འགག་གཅིག་ཏུ་དྲིལ་ན་མཐོང་ཆོས་སུ་གྱུར་པའི་གཏན་ཚིག་འདི་ཡིན་ཏེ། ངེས་པར་འཁོར་བ་ལས་འཕགས་པའི་བླ་མ་རྟོགས་པས་བདག་རྒྱུད་གྲོལ་ཞིང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞིག་ལ། སློབ་མ་དད་པའི་གོ་ཆ་ཆེ་བ་ཀླུའི་བྱང་ཆུབ་ལྟ་བུ། རྐྱེན་གྱིས་བསྒྱུར་བར་དཀའ་བས་བློ་བརྟན་ཅིང་ལུས་དང་སྲོག་ལ་མི་བལྟ་བར་ཞབས་ཏོག་བྱེད་པ་དཔལ་གྱི་ཡེ་ཤེས་ལྟ་བུ། རང་དོན་ཡལ་བར་དོར་ནས་ཅི་གསུང་གི་བཀའ་སྒྲུབ་པའི་མོས་གུས་ཅན་གཅིག་གིས་གསོལ་བ་སྙིང་ནས་བཏབ་ཅིང་ཐུགས་དགོངས་གཅིག་ཏུ་འདྲེས་ན་མི་སྒྲོལ་མི་སྲིད་པ་ཡིན་ཏེ། ཅིའི་ཕྱིར་ན་བྱིན་རླབས་དང་དངོས་གྲུབ་ཀྱི་ཉེ་བར་ལེན་པ་ནི། སྒོམ་སྲན་ན་མི་འདུག་གི མོས་གུས་རྣམ་པར་དག་པའོ། །མན་ངག་ཏུ་མི་འདུག་གི དད་པ་ལ་འདུག་གོ །འདི་ལྟར་སློབ་དཔོན་འཕགས་པས་ངར་སྣབས་དོར་བ། ཀླུའི་བྱང་ཆུབ་ཀྱིས་རྩེན་གྱིས་བླངས་ནས་ཁར་བཅུག་པས་དེ་ཉིད་དུ་ས་དང་པོའི་བདེན་པ་མཐོང་། དཔལ་གྱི་ཡེ་ཤེས་ཀྱིས་བཙོན་སྲུང་བ་གཉིས་བཀུམས་ནས་སློབ་དཔོན་གཉགས་བཙོན་དོང་ནས་སྤྱན་དྲངས་པས་དེ་མ་ཐག་དངོས་གྲུབ་ཐོབ། ཁོ་བོས་རྒྱལ་བ་གཉིས་པའི་གསུང་རབ་མཐོང་བ་ལ་བརྟེན་ནས་སྔོན་ཆད་ཟབ་པ་དང་། རྒྱ་ཆེ་བའི་ལམ་གང་དང་ཡང་མ་ཕྲད་པར་རིག་ཅིང་མོས་གུས་བསམ་གྱིས་མི་ཁྱབ་པ་སྐྱེས་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུ་དངོས་བསྟན་ནས་རྗེས་སུ་བཟུང་། སླར་ཡང་སྲོག་འདོར་ཕོད་པ་ཙམ་གྱི་མོས་གུས་ཆེན་པོ་སྐྱེས་པ་ལ་བརྟེན་ནས། སེམས་ཟག་པ་ལས་བཙན་ཐབས་སུ་གྲོལ། དུས་དེ་ཕན་ཆད་ཉན་པ་པོ་བརྒྱ་ཕྲག་ཐལ་བ་ལ་འཁྲིད་ལུང་བསྟན་པ་ཡིན་ཏེ། བསྒོམ་སྲན་ཅན་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། ཤེས་རབ་ཅན་གྱིས་དང་པོར་ངོ་བོ་ཉིད་མེད་པའི་དོན་མཐོང་ཡང་མོས་གུས་ཡལ་འཕྲལ་ལ་རྟོགས་པ་ཟབ་མོ་དང་འདྲེལ་ཆད། གནས་ལུགས་ཀྱི་རྟོགས་པ་སྐྱེ་ཚུལ་མོས་གུས་ཀྱི་སྲང་ལ་ཐེག་པ་ཤ་སྟག་ཏུ་སྣང་ངོ་། །ཞེས་གསུངས་ཤིང་དེ་ཉིད་རྒྱུད་སྡེ་རྣམས་ཀྱི་དགོངས་པ་དང་ཡང་ཤིན་ཏུ་འབྱོར་ཏེ། ཇི་སྐད་དུ། དོན་དམ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ནི། ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་པ་བཞིན་ནོ། །གཉིས་པ་དམ་ཚིག་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་གཞི་ཡིན་པས་མིག་ལྟར་གཅེས་སྤྲས་ཀྱི་སྒོ་ནས་བསྲུང་བར་བྱ་བ་སྟེ། དེ་ལ་ཡང་སྔགས་བླ་མེད་ནས་བཤད་པའི་རིགས་ལྔའི་སྡོམ་པ། རྩ་ལྟུང་བཅུ་བཞི། ཡན་ལག་སྦོམ་པོའི་ལྟུང་བ་བརྒྱད་སོགས་མང་དུ་ཡོད་ཀྱང་། སྐབས་འདིར་གཙོ་ཆེ་བ་ནི། དཀྱིལ་འཁོར་གྱི་དབང་ཕྱུག་བླ་མ་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བརྙས་པ་དང་ཐུགས་དཀྲུག་པ་དང་། གསུང་གཅོག་པ་སོགས་དངོས་སུ་ལྟ་ཅི། རྨི་ལམ་དུ་ཡང་མི་བྱ་བའི་སྡོམ་སེམས་དྲག་པོ་ལ་གནས་པ་ཞིག་དགོས་ཏེ། གལ་ཏེ་དེ་ལས་འདས་པར་གྱུར་ན་དངོས་གྲུབ་མེད་པར་མ་ཟད་ཉེས་དམིགས་བསམ་གྱིས་མི་ཁྱབ་སྟེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱི་དེ་སྐད་མ་སྨྲ་ཞིག །གསང་བ་པའི་བདག་པོ། འོན་ཀྱང་ཅུང་ཟད་ཅིག་བརྗོད་པར་བྱ་ཡི། དཔའ་བོ་བསྒྲིམས་ཏེ་དེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེ་ཡང་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང་། །བླ་མ་ལྔ་བཅུ་བ་ལས་ཀྱང་། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚོད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་དང་། རྒྱུད་གཞན་ལས་ཀྱང་། ཚིག་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཉེན་ཤིན་ཏུ་ཆེ་བས་ན། གལ་ཏེ་ཉམས་ཆག་བྱུང་ན་དེ་མ་ཐག་ཏུ་བཤགས་པའི་ཐབས་ལ་འབད་པར་བྱ་སྟེ། དེ་ཡང་བླ་མའི་རྣལ་འབྱོར་དང་འདྲེལ་བར་ཇི་ལྟར་བཤགས་པའི་ཚུལ་འགྲེལ་བ་ཤིང་རྟ་ཆེན་མོར་གསུངས་པ་འདི་ཉིད་བྱ་སླ་ཞིང་གལ་ཆེ་བའི་གནད་ཟབ་མོ་ཡིན་པའི་ཕྱིར་འདིར་བྲི་བར་བྱ་བ་ལ། ཇི་སྐད་དུ། ཁྱད་པར་བླ་མ་སྤྱི་བོར་བསྒོམས་ཏེ་ཕྱག་དང་མཆོད་པ་བྱས་ལ། རབ་ཏུ་འགྱོད་པས་མཆི་མ་འབྱིན་ཞིང་ཐལ་མོ་སྦྱར་ཏེ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་བས་བདག་ནོན་ཏེ། །སྒོ་གསུམ་ཉེས་པ་ཅི་མཆིས་པ། །རབ་ཏུ་འགྱོད་པས་བཤགས་པར་བགྱི། །སྡོམ་པ་གསུམ་དང་འགལ་གྱུར་ཅིང་། །ཉེས་པའི་དྲི་མས་སེམས་གོས་པ། །དེ་ཀུན་ཁྱེད་ཀྱི་ཐུགས་རྗེ་ཡིས། །སྐད་ཅིག་ཉིད་ལ་བྱང་བར་མཛོད། །བདག་ནི་མི་ཤེས་རྨོངས་པ་ཡིས། །མ་འཚལ་བཞིན་དུ་སྡིག་བགྱིས་པས། །སྔར་ཡང་འཁོར་བ་རབ་ཏུ་འཁྱམས། །ད་ནི་བླ་མ་ཐུགས་རྗེ་ཅན། །ཁྱོད་ཀྱིས་བདག་གི་སྒྲིབ་པ་ཀུན། །ད་ལྟ་ཉིད་དུ་བསལ་བར་མཛོད། །འདི་ལྟར་མི་ཤེས་བྱིས་པ་ལ། །སྐྱོན་གྱུར་མཐོང་ཚེ་ལྷག་པར་ཡང་། །ཐུགས་རྗེའི་གཟིགས་པ་མི་འཇུག་ན། །དེ་ལས་གཞན་དུ་ཅིར་འགྱུར་དགོངས། །བུ་ཡི་ཉེས་པ་གང་ལགས་པ། །མ་ཡིས་སེལ་ཞིང་སྐྱོང་བ་ལྟར། །བདག་ཅག་འགྲོ་དྲུག་སེམས་ཅན་ལ། །ཁྱོད་ཀྱིས་དང་པོར་ཐུགས་བསྐྱེད་ནས། །ཕན་པར་མཛད་ཅེས་དམ་བཅས་ན། །དུས་འདིར་བདག་ལ་ཅིས་མི་དགོངས། །བདག་ཅག་འཁྲུལ་བའི་སེམས་ཅན་རྣམས། །གཟིགས་ནས་ཐུགས་རྗེས་མི་འཛིན་ན། །ཁྱོད་ཀྱི་ཕྲིན་ལས་གདུལ་བྱ་ལ། །ཕན་པ་དེ་ཡང་ཇི་ལྟར་དགོངས། །སྔོན་གྱི་རྒྱལ་བ་གྲངས་མེད་ཀྱང་། །བདག་ཅག་སྤངས་ནས་ཐར་བར་གཤེགས། །དེང་ནི་ཕྱོགས་བཅུའི་རྒྱལ་བ་ཡིས། །ཁྱེད་ལ་བསྐུལ་ནས་བདག་ཅག་གི། །དོན་དུ་བླ་མར་རྣམ་སྤྲུལ་ན། །ཁྱོད་ཀྱིས་བདག་ཅག་འདོར་ཕོད་དམ། །འཇིགས་སར་སྐྱེལ་མས་བསླུས་པ་བཞིན། །ཁྱོད་ཀྱིས་དེ་རིང་བསླུ་མཛད་དམ། །ཡིད་བཞིན་ནོར་བུ་རིན་ཆེན་ཡང་། །གསོལ་བ་བཏབ་ན་འདོད་དགུ་འབྱིན། །ཁྱོད་ནི་བརྩེ་ཆེན་ཐབས་ལ་མཁས། །ཅི་ཕྱིར་བདག་ལ་རྗེས་མི་གཟིགས། །ཤ་ཟ་རྣམས་ཀྱང་མཆོད་སྦྱིན་དང་། །བདེན་པའི་ཚིག་ནི་བརྗོད་མ་ཐག །སྔོན་གྱི་ཁྲོ་བའང་འདོར་བགྱིད་ན། །ཁྱོད་ནི་ཐུགས་རྗེ་འགྲོ་བའི་ཡབ། །གུས་མཆོད་གདུང་བས་སེམས་གདུངས་ཤིང་། །ཉེས་པ་བཤགས་ན་ཅིས་མི་གཟིགས། །བདག་གི་སྡིག་པ་མ་བྱང་བར། །སྐྱེ་བ་གཞན་དུ་སོང་གྱུར་ན། །དམྱལ་མེས་བསྲེག་པ་ཁོ་ནར་ཟད། །དེ་ལ་ཁྱོད་ཀྱིས་མི་གཟིགས་ན། །ཐུགས་རྗེའི་བདག་ཉིད་ཇི་ལྟར་ལགས། །ཀྱེ་མ་ཀྱེ་ཧུད་བདག་གི་སྡིག །མ་ལུས་བྱང་བར་མཛད་དུ་གསོལ། །སྐད་ཅིག་འདི་ལ་ཐུགས་རྗེས་དགོངས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །འཆི་ཁར་གནད་གཅོད་སྡུག་བསྔལ་མེད། །བར་དོའི་འཇིགས་པ་ཀུན་ལས་སྒྲོལ། །འོག་མིན་གནས་སུ་འཁྲིད་པར་མཛོད། །ཅེས་ཉིན་མཚན་ཐུན་བཞིར་གསོལ་བ་ལན་བདུན་བདུན་གདབ་བོ། །དེས་ནི་ཉམས་ཆགས་ཐམས་ཅད་དག་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འཐོབ་བོ། །ཉམས་ཆགས་སྐོང་བ་ལ་འདི་ལས་ཟབ་པའི་གནད་མེད་དོ། །ཞེས་གསུངས་པ་ལྟར། ཐོག་མ་ནས་དམ་ཚིག་མི་ཉམས་པའི་ཐབས་ལ་བརྩོན་ཅིང་། ཉམས་ནའང་ཕྱིར་བཅོས་པའི་སྒོ་ནས་རང་རྒྱུད་དག་པར་བྱེད་པ་ནི་བྱིན་རླབས་དང་དངོས་གྲུབ་ཀྱི་སྣོད་དུ་འགྱུར་ཐབས་ཁྱད་པར་ཅན་ནོ། །གསུམ་པ་སྐྱབས་སུ་འགྲོ་བ་ནི། དེ་ལྟར་དད་པ་དང་དམ་ཚིག་ལྡན་པའི་གང་ཟག་གིས། མྱུར་ལམ་བླ་མའི་རྣལ་འབྱོར་ལ་འཇུག་པའི་ཐུན་གྱི་ཐོག་མར། རྣམ་གཡེང་དང་འདུ་འཛི་སོགས་ལུས་སེམས་ཀྱི་དྲེལ་བ་ཐམས་ཅད་སྤངས་ཏེ། སྟན་བདེ་བ་ལ་འཁོད་ནས་ལུས་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག་སྟེ། གོང་དུ་སྤྱི་དོན་གྱི་སྐབས་སུ་བཤད་པའི་དམིགས་པ་རྣམས་ལ་བློའི་རྣམ་པ་རྩེ་གཅིག་ཏུ་བྱས་ནས། ཉེས་པ་ལྔ་སྤང་བ་དང་། འདུ་ཤེས་བརྒྱད་བསྟེན་པ་སོགས་བསམ་གཏན་སྤྱིའི་སྤྱོད་ཚུལ་མ་ཉམས་པའི་སྒོ་ནས་དཔྱད་བསྒོམ་ཡང་བྱས་པས། ཡིད་དབང་མེད་དུ་འཁུམ་ནུས་པའི་དད་པ་དང་མོས་གུས་དྲག་པོ་བཟོད་མེད་དུ་འབར་ཞིང་། ལུས་བ་སྤུ་གཡོ་བ་དང་། མིག་འཆི་མ་འཁྲུག་པ་ཙམ་དུ་བྱུང་བ་ན། དད་མོས་ཀྱི་དར་ཆ་དེ་དང་མ་བྲལ་བའི་དྲན་ཤེས་ཀྱི་རྒྱུན་བསྐྱངས་པའི་ངང་ནས། བླ་མ་ཉིད་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་ཤེས་པ་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་དུས་བྱང་ཆུབ་སྙིང་པོའི་བར་དུ་སྤྱིར་འཁོར་བ་སྡུག་བསྔལ། དགོས་རང་དོན་ཡིད་བྱེད། ཁྱད་པར་ཐ་མལ་འཁྲུལ་སྣང་གི་འཇིགས་པ་མཐའ་དག་ལས་སྐྱོབ་པའི་ཆེད་དུ་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཁྱེད་མཁྱེན་སྙམ་པའི་བློ་སྙིང་ལིང་བསྐྱུར་གྱི་སྒོ་ནས་སྐྱབས་སུ་འགྲོ་བའོ། བཞི་པ་སེམས་བསྐྱེད་ནི། ནམ་མཁའ་དང་མཉམ་པའི་འགྲོ་བ་མཐའ་དག་སྲིད་པའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་ཕྱིར་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ཆེད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པར་བྱའོ་སྙམ་པའི་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བྱ་བ་སྟེ་དེ་དག་ནི་སྔོན་དུ་འགྲོ་བའི་ཆོས་སོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ་ཚོགས་ཞིང་བསྒྲུབ་པ། ཚོགས་བསགས་པ། དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ་བ་ལ་བསླབ་པའོ། །དང་པོ་ལ་གཉིས། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་ནས་བསྡིམས་ཏེ་མཇལ་ཕྱག་འཚལ་བའོ། །དང་པོ་ནི། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཆོ་ག་ཤེས་པས་ཐོག་མར་ནི། །བདག་གི་དེ་ཉིད་རིམ་བཞིན་བྱ། །ཞེས་པའི་དོན། བདག་གི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྤྲོས་པ་མཐའ་དག་དང་བྲལ་བའི་རང་བཞིན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཐོག་མར་བསྒོམ་སྟེ། དེ་ནས་རིམ་བཞིན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྣམ་པ་ཅན་གྱི་བདག་ཉིད་ལྷའི་གཟུགས་སུ་བསྒྱུར་བ་ལྷའི་དེ་ཁོ་ན་ཉིད་དང་། ཐུགས་ཀའི་ཟླ་དཀྱིལ་གྱི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་དམིགས་ནས་སྲོག་རྩོལ་བསྡམས་པའི་སྦྱོར་བས་ཡིད་བཟླས་དང་ཤུབ་བུའི་བཟླས་པ་བྱེད་པ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། སྔགས་ཕྲེང་མར་མེ་ལྟར་འབར་བའི་འོད་དང་སྒྲ་ལ་དམིགས་པའི་རིམ་པས་མཚན་མ་མེད་པ་ལ་གཞོལ་བའི་བསམ་གཏན་གྱི་དེ་ཁོ་ན་ཉིད་རྣམས་བསྒོམ་པར་བྱའོ་ཞེས་པ་སྟེ། རིམ་པ་དེ་ལྟར་བསྒོམ་དགོས་པའི་རྒྱུ་མཚན། རྒྱུད་དེ་ཉིད་ཀྱི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ་ལས། རིམ་པ་དེ་ལྟ་བུར་འཇུག་པ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཆོས་རྣམས་གདོད་མ་ནས་མ་སྐྱེས་པ་སྟོང་པའི་རང་བཞིན་དུ་མངོན་པར་བྱང་ཆུབ་ནས་དེའི་འོག་ཏུ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་ཟད་པ་ལ་སོགས་པའི་རྒྱན་རྣམས་ཀུན་རྫོབ་ཀྱི་ཚུལ་དུ་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་སྟོན་ཏེ། དེ་བས་ན་སྔགས་པས་ཀྱང་ཐོག་མར་བདག་གི་དེ་ཁོ་ན་ཉིད་སྟོང་པར་དམིགས་པར་བྱས་ནས་ཕྱིས་ཡི་གེ་དགོད་པ་དང་བཟླས་པ་ལ་སོགས་པ་བྱའོ། །ཞེས་གསུངས་པ་བཞིན་ནོ། །དེ་ནས་ཐོག་མར་བདག་གི་དེ་ཁོ་ན་ཉིད་བསྒོམ་པ་ནི་འདིར་ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུའི་མཚན་ཉིད་དུ་བལྟས་ཏེ། སྭཱ་བྷ་ཝའི་སྔགས་དོན་ལ་བསམ་ཞེས་གསུངས་པས་བསྟན་ཏེ། དེ་ལ་དགག་གཞི་ཕྱི་ནང་གི་རྟེན་ཅིང་འདྲེལ་བར་འབྱུང་བས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྟེང་ན་དགག་བྱ་གཟུང་འཛིན་གྱི་དངོས་པོར་རང་བཞིན་གྱིས་བདེན་པར་གྲུབ་པ་གང་ཞིག འགོག་བྱེད་རྒྱུ་དང་འབྲས་བུ་དང་ངོ་བོ་ལ་དཔྱོད་པའི་དངོས་སྟོབས་ཀྱི་རིགས་པ་ཟབ་མོ་དག་གིས་བཀག་པ་ན་རྟེན་འབྱུང་གི་ཆོས་ཐམས་ཅད་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་སྟོང་ཞིང་ཐ་སྙད་ཀྱིས་བཏགས་པ་ཙམ་དུ་ཡོད་པ་སྒྱུ་མའི་རྟ་གླང་ཇི་ལྟར་སྣང་བ་དེ་ལྟ་བུའི་མཚན་ཉིད་ཅན་དུ་འཆར་བར་འགྱུར་རོ། །དེ་ལྟར་རྟེན་འབྱུང་མཐའ་བྲལ་དུ་སྟོན་པ་དབུ་མའི་ལམ་ལ་ལུང་རིགས་ཀྱི་ངེས་པ་རྙེད་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་སྟོང་པ་ཉིད་དུ་བལྟས་ཏེ་སྔར་ནས་གཏན་ལ་ཕབས་ཟིན་པའི་དོན་དེ་ཉིད། འདིར་སྔགས་དོན་ལ་བསམ་པ་ཙམ་གྱིས་དྲན་པར་བྱས་ནས་དེ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཡིན་ནོ། །དེ་ལ་སྔགས་དོན་ནི། སྭཱ་བྷ་ཝ་ཤུདྡྷོ་སརྦ་ངྷརྨ་སྭཱ་བྷ་ཝ་ཤུདྡྷོ་ཧཾ། ཞེས་པ་རང་བཞིན་གྱིས་དག་པའི་ངོ་བོ་ཉིད་དོ། །ཞེས་པ་སྟེ་སྟོང་པ་ཉིད་ལ་ལྷག་པར་མོས་པའི་དོན་ནོ། །གཞན་དག་ཨ་ཧཾ་གི་དོན་ངའོ་ཞེས་འཆད་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། བདག་ཅེས་བྱ་བ་ངོ་བོ་ཉིད་ཀྱི་དོན་ནོ་ཞེས་དབུ་མའི་གཞུང་ལུགས་དག་ལས་འབྱུང་བས་སོ། །རང་བཞིན་གྱིས་དག་པ་ནི་རང་བཞིན་དང་བྲལ་བ་སྟེ་བདེན་པའི་རང་བཞིན་མེད་ཅེས་པའོ། །རང་བཞིན་གྱིས་དག་པའི་ཆོས་ཐམས་ཅད་ཅེས་སྔར་སྨོས་པ་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་གཤིས་ཀྱི་གནས་ལུགས་བསྟན་པ་ཡིན་ལ། རང་བཞིན་གྱིས་དག་པའི་ངོ་བོ་ཉིད་དོ་ཞེས་ཕྱིས་སྨོས་པ་ནི་ཡུལ་དེ་ལྟར་ཡིན་པ་ལ་ཡུལ་ཅན་གྱི་ཤེས་པས་ཀྱང་དེ་ལྟར་གནས་ལུགས་དང་མཐུན་པར་བལྟའོ་ཞེས་པ་སྟེ། ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བཤད་པ་དང་མཚུངས་སོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའང་ཡིན་ཞིང་མ་དག་པའི་སྣང་བ་སྦྱངས་ནས་དེའི་གོ་སར་དག་པའི་ཞིང་ཁམས་བསྒོམ་པའི་ཕྱིར་དང་། འབྲས་བུའི་རྣམ་པ་ལམ་དུ་བྱས་ནས་ཆོས་སྐུ་ལས་གཟུགས་སྐུ་འབྱུང་བའི་རྟེན་འདྲེལ་བསྒྲིགས་པའི་ཕྱིར་དང་། འདི་མན་གྱི་ལྷ་དང་སྔགས་ཀྱི་རྣལ་འབྱོར་ཐམས་ཅད་སྒྱུ་མ་ལྟ་བུར་འཆར་བས་ཚོགས་གཉིས་ཟུང་འདྲེལ་དུ་རྫོགས་པའི་ཐབས་ཀྱི་ཕྱིར་ཡང་ཡིན་ནོ། །མཐར་ཞེས་པ་ནི་དེ་ལྟར་བདག་གི་དེ་ཁོ་ན་ཉིད་བསྒོམ་པའི་རྗེས་སུ་ལྷའི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ། །ཞེས་གོ་རིམ་སྟོན་པའི་དོན་ནོ། །དེ་ནས་ལྷའི་དེ་ཉིད་ཇི་ལྟར་བསྒོམ་པའི་རིམ་པ་ནི། ཆོས་ཀུན་མི་དམིགས་སྟོང་པའི་ངང་ཉིད་ལས། །ཅེས་པ་ནས། ཐུགས་སྲོག་ཟླ་དཀྱིལ་ཨ་དཀར་སྔགས་བཅས་བསྒོམ། །ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པ་ལྟར་གྱིས་ཤེས་བྱའི་ཆོས་མཐའ་དག་ལ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྗེས་ཤེས་ཀྱི་ངང་མ་ཤོར་བ་དེ་ཉིད་ཀྱི་རྩལ་ལས། འདི་ལྟར་དབང་པོ་དྲུག་གི་ཡུལ་དུ་སྣང་ཞིང་སྲིད་པ་སྟེ་ཡོད་པའི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཐ་མལ་གྱི་སྣང་བ་མ་ཡིན་པ་དག་པའི་རང་བཞིན་ཅན་སྟོན་པ་རྣམ་པར་སྣང་མཛད་ཆེན་པོ་གང་དུ་མངོན་པར་བྱང་ཆུབ་པའི་གནས་ཁམས་གསུམ་ལས་འདས་ཤིང་རྒྱན་དང་བཀོད་པ་སོགས་ཚད་མེད་པ་ནམ་མཁའི་མཐའ་ཀླས་པའི་ལྷུན་སྟུག་པར་བྱས་པས་ན་འོག་མིན་སྟུག་པོ་བཀོད་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་རྟེན་དང་བརྟེན་པའི་རང་བཞིན་དུ་ལམ་གྱིས་བསྒོམ་པར་བྱ་སྟེ། དེ་ཡང་འོག་ནས་ནམ་མཁའ་རླུང་དང་ཆུ་སའི་རིམ་པས་དབང་ཆེན་གྱི་དཀྱིལ་འཁོར་རྒྱ་ཁྱོན་ཚད་མེད་པར་བསྒོམ་པའི་སྟེང་གི་གཞི་ཐམས་ཅད་བཙོ་མའི་གསེར་གྱི་ཁ་དོག་ལྟ་བུ་འོད་ཟེར་ཀུན་ནས་འཕྲོ་བ་མཐོ་དམན་མེད་པ་ལག་མཐིལ་ལྟར་མཉམ་པར་བརྡལ་བ་ལ་བཻ་ཌཱུརྱས་མིག་མང་རིས་སུ་བྲིས་པས་མཛེས་པར་བྱས་པ། མནན་ན་ནེམ་ཞིང་བཏེག་ན་འཕར་བར་བྱེད་པའི་གཞི་དེར་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཐུགས་ཡེ་ཤེས་ལྔའི་རང་གདངས་ཕྱིར་སྣང་བའི་སེར་པོ་དང་དཀར་པོ་དང་དམར་པོ་དང་ལྗང་ཁུ་དང་མཐིང་གའི་འོད་དུ་འཚེར་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་ཆེན་པོ་གྲུ་བཞི་པ་ཀུན་ནས་ལྷམ་པ། རྩིག་པ་ཕ་གུ་དྲྭ་ཕྱེད་མདའ་ཡབ་ཤར་བུ་ལ་སོགས་པའི་མཚན་ཉིད་དང་། གདུགས་དང་རྒྱལ་མཚན་རྟ་བབས་ལ་སོགས་པའི་རྒྱན་གྱི་བཀོད་པ་མ་ལུས་པ་ཐམས་ཅད་ཀུན་ནས་ཡོངས་སུ་རྫོགས་པའི་རང་བཞིན་ཅན་དུ་བསྒོམ་པར་བྱ་སྟེ། རྣམ་སྣང་མངོན་བྱང་གི་རྒྱུད་དུ་གཏོགས་པའི་མཆོད་པའི་ཆོ་ག་སློབ་དཔོན་དཔལ་བཟང་རབ་དགས་མཛད་པ་ལས། དེ་ནས་གཞལ་ཡས་ཁང་ཆེན་ཏེ། །རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས། །བརྒྱན་པའི་ཀ་བས་བཏེགས་པ་དང་། །གདུགས་དང་རྒྱལ་མཚན་རྣམས་ཀྱིས་ཁྱབ། །མུ་ཏིག་དྲྭ་བ་སོགས་ཀྱིས་བརྒྱན། །རིན་ཆེན་ཆུན་འཕྱང་རྣམས་ཀྱིས་སྤུད། །མེ་ཏོག་སྤྲིན་ནི་བཟང་པོས་གཡོགས། །དྲི་ངད་སྤོས་ཀྱིས་ཕན་ཚུན་ཁྱབ། །མེ་ཏོག་ལ་སོགས་ཚོགས་རྣམས་ནི། །ཁོར་ཡུག་ཀུན་ཏུ་ཁྱབ་པར་གྱུར། །དེར་ནི་གླུ་གར་རོལ་མོ་རྣམས། །མངོན་པར་དགའ་བའི་ཡོན་ཏན་འབར། །རིན་ཆེན་བུམ་པ་མཆོད་ཡོན་སྣོད། །གཞལ་ཡས་ཁང་བཟང་དེ་རུ་བསམ། །རིན་ཆེན་ཤིང་ལ་སོགས་པས་བརྒྱན། །ནོར་བུའི་འོད་ཀྱིས་རྣམ་པར་གསལ། །ཏིང་འཛིན་གཟུངས་དང་ས་དང་ནི། །དབང་སོགས་ལྷ་མོ་རྣམས་ཀྱིས་བསྟེན། །སངས་རྒྱས་ཕ་རོལ་ཕྱིན་སོགས་དང་། །བྱང་ཆུབ་ཡན་ལག་མེ་ཏོག་འབར། །གར་བྱེད་རོལ་མོ་བརྡུང་བ་དང་། །ཡིད་འཕྲོག་སྙན་པའི་གླུ་དང་ལྡན། །ཞེས་སོ། །དེ་ལྟར་ཞིང་ཁམས་གཞལ་ཡས་ཁང་དང་བཅས་པར་བསྒོམ་ནས། དེའི་དབུས་སུ་སྟོན་པ་ཉིད་ཀྱི་ཐུགས་མི་འཇིགས་པ་བཞིའི་ཡོན་ཏན་དང་ལྡན་པའི་རྟ་བབས་ཀྱི་མཚན་མ་ཕྱིར་སྣང་བ་དང་ས་ཆེན་པོ་ན་གནས་པའི་སེམས་དཔའ་རྣམས་ཀྱིས་རྣམ་པར་འཕྲུལ་པས་ལུས་གདན་དུ་ཕུལ་ནས་ཆོས་ཉན་པའི་ཚུལ་གྱིས་བཞུགས་པ་གཉིས་ཀའང་གཞི་གཅིག་ལ་སྣང་བ་མི་འགལ་བའི་སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་ཆེན་ཁྲི་རྐང་གི་སྟེང་དུ་ཆགས་པའི་སྐྱོན་དང་བྲལ་བའི་བརྡར་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པདྨ་བྱེ་བས་ཡོངས་སུ་བསྐོར་བ། དེའི་སྟེང་དུ་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་གཉིས་ཟུང་དུ་འདྲེལ་བའི་བརྡར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བ་ཉ་གང་བ་བརྩེགས་པའི་གདན་ནོ། །དེའི་སྟེང་དུ་ཕྱོགས་བཅུ་དུས་བཞིར་གཤེགས་ཤིང་བཞུགས་པའི་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པ་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་གཅིག་ཏུ་འདུས་པའི་རང་ཞལ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བཻ་རོ་ཙ་ན་རྩལ་ལམ་རྣམ་པར་སྣང་མཛད་ཉིད། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང་ཞི་བའི་ཉམས་དང་ལྡན་པ། ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་ལ་བུ་ལྟར་བརྩེ་བས་སྤྱན་ཟུང་འཛུམ་པའི་ཚུལ་གྱིས་གཟིགས་པ་གནག་ཅིང་སྣུམ་པའི་ཞལ་ཚོམ་དང་ལྡན་པ། གཞན་དབུ་རེག་ཞབས་རྗེན་སོགས་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་སྐུ་སྟོད་ལ་རས་སྔོན་པོའི་ཤ་འགག་དང་ངུར་སྨྲིག་གི་བླ་གོས་ཀྱི་སྟེང་དུ་གསེར་གྱི་མདོག་ལྟར་འཚེར་བའི་སྣམ་སྦྱར་གྱིས་ཀུན་ནས་མཛེས་པར་གཡོགས་པ། སྐུ་སྨད་ལ་བཙག་ཁའི་མཐང་ཤམས་དཀྲིས་ཤིང་སྤྲུལ་པའི་སྐུའི་ཆས་ཀྱིས་རྫོགས་པར་བརྒྱན་པ། དབུ་ལ་པཎྜི་ཏའི་ཞྭ་པདྨ་ར་གའི་མདངས་ལྟར་དམར་བ་ལ་གསེར་གྱི་སྐུད་པའི་རེ་ཁ་ཟུང་གིས་དཀྲིས་པས་སྡེ་སྣོད་གསུམ་ལ་མཁས་པའི་བརྡར་རིམ་པ་གསུམ་དང་ལྡན་པ་རྩེ་མོ་རྣོ་ལ་རྣ་བ་ཧ་ཅང་ཡང་མི་རིང་བ་དེ་ལྟ་བུ་གསོལ་བས་མཛེས་པའི་ཉམས་ཀྱིས་གཞན་སྣང་དང་བ་འདྲེན་ཅིང་བརྗིད་པའི་ཉམས་ཀྱིས་མཁས་པར་རློམ་པའི་དྲེགས་ལྡན་ཐམས་ཅད་སྤ་བཀོང་བར་མཛད་པ། ཟིལ་ཆེ་བས་མི་བསྲུན་པའི་སྐྱེ་བོ་མ་བརྟགས་པའི་སྤྱོད་པ་དང་ལྡན་པ་རྣམས་ཀྱིས་བསྙེན་པར་དཀའ་བ། པདྨའི་སྡོང་བུ་ལྟར་མཉེན་ལྕུག་དང་ལྡན་པའི་ཕྱག་གི་སོར་མོ་གཉིས་ཐུགས་ཀར་ཆོས་འཆད་པའི་ཕྱག་རྒྱ་དང་བཅས་ཤིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལས་སྐྱེས་པའི་འོད་ཟེར་གྱི་དཀྱིལ་འཁོར་དག་ཅིང་གསལ་ལ་མཐའ་ཡས་པར་སྤྲོ་བའི་ཀློང་ན་ཐོགས་རེག་གི་དངོས་པོ་དང་བྲལ་བའི་མེ་ལོང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟར་བཞུགས་པ། དེ་ཡང་ཤེས་རིག་དང་བྲལ་བའི་འཇའ་ཚོན་ལྟ་བུའི་བེམ་སྟོང་མ་ཡིན་པར་མཁྱེན་བརྩེ་ནུས་པའི་བདག་ཉིད། སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་མངོན་སུམ་དུ་བཞུགས་པ་དང་འདྲ་བར་བལྟ་བར་བྱའོ། །དེ་ནི་བླ་མ་སྤྲུལ་པའི་སྐུའི་རྣལ་འབྱོར་ཏེ་རྒྱུད་ལས་ཐུབ་པའི་དབང་པོར་བཤད་པ་དང་མི་འགལ་བ་ཡང་། སྟོན་པ་གཅིག་གདུལ་བྱའི་དབང་གིས་མི་འདྲ་བ་དུ་མར་སྣང་བ་ལས། རང་རེའི་ངོར་དགེ་བའི་བཤེས་གཉེན་དུ་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་སངས་རྒྱས་གསང་བའི་འགྲེལ་པར། སྣང་བ་ཀུན་ཏུ་སྟོན་པ་ནི། །ཆུ་ཡི་ཟླ་བའི་རྣམ་པ་བཞིན། །ཞེས་པ་ནི་སྤྲུལ་པའི་སྐུའི་རང་བཞིན་དུ་བསྟོད་པའོ། །ཞེས་སོ། །དམ་ཚིག་པ་དེ་ལྟར་བསྐྱེད་པ་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་གསལ་ལ་དྲི་མ་མེད་པ་མེ་ལོང་དག་པ་ལྟ་བུ་ཞིག་གི་སྟེང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཡེ་ཤེས་སེམས་དཔའ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་འཛམ་བུའི་ཆུ་བོའི་གསེར་གྱི་ཁ་དོག་ལྟར་དག་ཅིང་གསལ་ལ་དྲི་མ་མེད་པ་འོད་ཟེར་གྱི་ཚོགས་མཐའ་ཡས་པ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་སྤྲོ་བས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་རང་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་སྨིན་པར་མཛད་པ་ཞབས་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཏིང་ངེ་འཛིན་ལ་ཞུགས་པ་མཉམ་པར་བཞག་པའི་ཕྱག་རྒྱ་ཅན། དར་དཀར་པོའི་ལྭ་བས་སྟོད་གཡོགས་དང་སྨད་དཀྲིས་བྱས་ཤིང་རལ་པའི་ཐོར་ཚུགས་ལ་དབུ་རྒྱན་དང་ཅོད་པན་འཕྱང་བས་མཛེས་པར་བརྒྱན་པ་དེ་ལྟ་བུར་བསྒོམ་པར་བྱ་སྟེ། རྒྱུད་སྔ་མ་ལས། གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དབུ་རྒྱན་འཆང་བ་ཡི། །རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས། །ཞེས་དང་། རྒྱལ་བའི་འོད་ཀྱི་སྒྲུབ་ཐབས་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གསེར་གྱི་ཁ་དོག་ཐོར་ཚུགས་དང་དབུ་རྒྱན་དང་ཅོད་པན་ཅན་དར་ལྭའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཞེས་གསུངས་སོ། །འདི་ནི་བླ་མ་ལོངས་སྐུའི་རྣལ་འབྱོར་སྟེ། སངས་རྒྱས་གསང་བས། བཟང་པོ་དེ་རུ་གནས་པ་ནི། །ཞི་བ་ཀུན་ཏུ་རྣམ་པར་གཡོ། །གཙོ་བོ་སྣ་ཚོགས་གཟུགས་མངའ་བ། །སྣང་བ་ཀུན་ཏུ་སྟོན་པ་ནི། །མེ་ལོང་ཕུག་ན་གནས་པ་བཞིན། །ཞེས་པས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་དུ་བསྟོད་པའོ། །ཞེས་གསུངས་པས་སོ། །འདིར་རྣམ་སྣང་གི་གདན་གྱི་ཟླ་བ་དང་པདྨ་དག་མེད་དམ་སྙམ་དུ་དོགས་པར་མི་བྱ་སྟེ། འགྲེལ་པ་དེ་ལས། གཞི་གཉིས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་ན་པདྨའི་རྒྱལ་པོ་ལ་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པ་ཞེས་པ་དང་། རྒྱུད་ལས་ཀྱང་། གཞི་དང་པོ་བདག་ཉིད་ལྷར་བསྒྱུར་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བསྟན་པའི་རྗེས་སུ། དེ་རུ་པདྨ་བསམ་པ་ནི། །འདབ་མ་བརྒྱད་པ་ཟེ་བར་བཅས། །ཞེས་སོགས་གསུངས་པས་ཤེས་སོ། །དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའི་ངོ་བོ་སྲོག་གི་ཡི་གེ་ནི་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ལ་གནས་པའི་ཨ་ཡིག་དཀར་པོ་དངུལ་ཆུ་ལྟར་འཚེར་བར་བསྒོམ་པར་བྱའོ། །དེའི་མཐར་འོག་ནས་འབྱུང་བའི་བཟླ་བྱའི་སྔགས་ཀྱི་ཕྲེང་བ་མུ་ཏིག་བརྒྱུས་པ་ལྟ་བུས་བསྐོར་བ་དང་བཅས་པ་ལ་གསལ་སྣང་མ་ཐོན་གྱི་བར་དུ་བསྒོམ་པར་བྱའོ། །འདི་ནི་བླ་མ་ཆོས་སྐུའི་རྣལ་འབྱོར་ཡིན་ཏེ། སངས་རྒྱས་གསང་བས། ཨ་ཞེས་བྱ་བ་དེ་རུ་གནས། །ཅེས་པ་ནི་ཆོས་སྐུའི་རང་བཞིན་དུ་བསྟན་ཞིང་བསྟོད་པ། ཞེས་གསུངས་ཤིང་། དེ་ཆོས་སྐུའི་རང་བཞིན་ཡིན་པའི་རྒྱུ་མཚན་ནི། ཨ་ནི་མ་སྐྱེས་པའི་དོན་ཏེ་དེ་བཞིན་གཤེགས་པའི་རང་བཞིན་ཡིན་པ་དང་གཟུགས་སྐུ་འཆར་བའི་གཞི་ཡིན་པའི་ཕྱིར་ཏེ། འགྲེལ་པ་དེ་ཉིད་ལས། ཡི་གེ་ཨ་ཞེས་བྱ་བའི་དོན་ནི་དེ་བཞིན་གཤེགས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་སྟེ་དོན་དམ་པའོ། །ཀུན་རྫོབ་ཏུ་ཡང་ཨ་ཞེས་བྱ་བའི་ཡིག་འབྲུ་དེ་བསྒོམ་ན་དེའི་མཐུས་དེ་བཞིན་གཤེགས་པ་གྲངས་མེད་པ་འཆར་བའི་ཕྱིར་རོ། །ཞེས་གསུངས། དེ་བཞིན་དུ་རྒྱུད་གཞན་ལས་ཀྱང་ཨ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་ཏེ་དེའི་དོན་རྒྱུད་འདི་ཉིད་ལས། ཨ་ནི་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །འདི་ལས་བྱུང་བའི་གསང་སྔགས་ནི། །གྲངས་མེད་རྣམས་ཀྱང་འབྱུང་བར་འགྱུར། །སྤྲོས་པ་ཐམས་ཅད་ཞི་བ་ཡི། །ཡེ་ཤེས་མཐའ་དག་སྐྱེ་བར་འགྱུར། །ཞེས་གསུངས་ལ་དེའི་འགྲེལ་པ་ལས། ཨའི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཐམས་ཅད་གདོད་མ་ནས་མ་བྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པས། གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱང་ཨ་དེ་ལས་འབྱུང་ངོ་ཞེས་བསྟན་ཏེ། དེ་ནི་དོན་དམ་པ་འབྱུང་བའི་གནས་སུ་བསྟན་པའོ། །ཞེས་པ་ལ་སོགས་པ་བདེན་པ་གཉིས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུའམ་འབྱུང་གནས་སུ་བཤད་དོ། །དེ་ལྟར་ན་བདེན་པ་གཉིས་ཀྱི་གཞིར་གྱུར་པའི་དེ་བཞིན་གཤེགས་པའི་རང་བཞིན་ཅན་གྱི་སྙིང་པོ་དེ་ནི་ཆོས་ཀྱི་སྐུ་ཡིན་པར་འགྲུབ་བོ། །དེ་ལྟར་དམ་ཚིག་པ་བསྐྱེད་ཟིན་པ་དང་དེ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྡིམ་པར་བྱ་སྟེ། དེ་ཡང་ཐུགས་སྲོག་གི་ཨ་དེ་ལས་འོད་ཟེར་བྱེ་བ་ཕྲག་དུ་མ་འཕྲོས་པས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱས་ནས་དག་པ་གཉིས་ལྡན་མཐར་ཐུག་པས་ཁྱད་པར་དུ་བྱས་པའི་འོག་མིན་ཆེན་པོ་མཐའ་དབུས་དང་བྲལ་བའི་ཞིང་ཁམས་ནས། གྲངས་འདི་ཙམ་ཞེས་བློས་དཔག་ཏུ་མེད་པའི་རྒྱལ་བའི་དཀྱིལ་འཁོར་ཚད་མེད་པའི་ཡེ་ཤེས་ཀྱི་རང་གཟུགས། ཆུ་སྣོད་སོ་སོར་སྣང་བའི་ཟླ་བའི་ཟློས་གར་བཞིན་དུ་གདུལ་བྱའི་སེམས་ཅན་སོ་སོའི་མོས་པ་དང་བློར་ཇི་ལྟར་འཚམས་པ་བཞིན་དུ་སྣང་བར་མཛད་ནས་བཞུགས་པའི་ཉན་རང་བྱང་སེམས་སངས་རྒྱས་འཕགས་པའི་ཚོགས་ཐམས་ཅད་དང་། རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་དེ་དག་ཐམས་ཅད། ཇི་ལྟར་ཡངས་པའི་མཁའ་ལ་ཆར་སྤྲིན་གཏིབ་པ་བཞིན་དུ་བྱོན་པར་བསམ་ཞིང་སྤྱན་དྲངས་ནས། སྔར་བསྐྱེད་པའི་ལྷ་དམ་ཚིག་པ་དང་དབྱེར་མེད་རོ་གཅིག་པ་རྒྱ་མཚོ་ལ་ཆར་བབས་པ་བཞིན་དུ་གྱུར་པར་མོས་ཏེ། ཨོཾ་མ་ཧཱ་གུ་རུ་བཻ་རོ་ཙ་ན་ཛྙཱ་ན་བཛྲ་ས་མཱ་ཛཿ ཞེས་པའི་སྔགས་ཚིག་གིས་ཀྱང་སྤྱན་དྲངས་པར་བྱའོ། །སྔགས་དོན་ནི་ཨོཾ་ནི་སྔགས་ཚིག་བྱིན་གྱིས་རློབ་པར་བྱེད་པའོ། །མ་ཧཱ་གུ་རུ་སོགས་ནི་བླ་མ་རྣམ་པར་སྣང་མཛད་ཆེན་པོ་ཡེ་ཤེས་པ་རྡོ་རྗེའི་དམ་ཚིག་གིས་སྤྱོན་ཞེས་འབོད་པའི་ཚིག་གོ །ཛཿཧཱུྃ་བཾ་ཧོཿནི་དབྱིངས་ནས་ཡེ་ཤེས་པ་འགུག་པ་དང་། དམ་ཚིག་པ་ལ་གཞུག་པ་དང་། དབྱེར་མེད་དུ་བསྡིམ་པ་དང་། གཉིས་སུ་མེད་པར་བྱས་པའི་དོན་ནོ། །ན་མཿཨ་ཏི་པཱུ་ཧོ་ཞེས་པ་ནི། ཤིན་ཏུ་འདུད་པས་དགྱེས་པར་མཆོད། །ཅེས་པ་སྟེ་འདུད་པ་ནི་ཕྱག་འཚལ་བའི་དོན་སྟེ་འདི་ནི་ཐོག་མར་མཇལ་ཕྱག་འཚལ་བའོ། །གཉིས་པ་ཚོགས་བསགས་པ་ལ། སྤྱིར་འདོད་པའི་ཡོན་ཏན་སོགས་ཀྱིས་མཆོད་པ་དང་། བྱེ་བྲག་ཏུ་གསོལ་གདབ་སྔོན་དུ་འགྲོ་བ་ཅན་གྱི་ཡན་ལག་བདུན་པས་ཚོགས་བསགས་པ་དང་། འདོད་པའི་དོན་ལ་དམིགས་ནས་བཟླས་བརྗོད་བྱ་བའི་རིམ་པ་དང་གསུམ་མོ། །དང་པོ་ནི། ཨོཾ། དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །ཅེས་པ་ནས། པཱུ་ཙ་ཧོ་ཞེས་པའི་བར་རོ། །ཨོཾ་ནི་རབ་ཏུ་བསྔགས་པའི་དོན་ཏེ་མཆོད་པའི་ཡུལ་ལ་བསྟོད་པ་སྔོན་དུ་འགྲོ་བ་ཅན་གྱིས་འདི་ལྟར་ཞིང་དང་དངོས་པོ་བསམ་པ་དག་པའི་ཁྱད་པར་ལས་བྱུང་བའི་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་སོགས་ཕྱི་ཡི་ཉེར་སྤྱོད་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ནང་གི་ཉེ་བར་ལོངས་སྤྱོད་པའི་དངོས་པོ་དངོས་སུ་འབྱོར་ཞིང་ཡོད་པ་ཐམས་ཅད་གཙང་ཞིང་གྱ་ནོམ་པར་བཤམས་པ་འདི་དག་དང་། ཡིད་ཀྱིས་སྤྲུལ་པ་ཏིང་ངེ་འཛིན་ལས་བྱུང་བའི་མཆོད་པའི་སྤྲིན་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུ་བློས་དཔག་ཏུ་མེད་པ་དེ་ལྟ་བུས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་བྱས་པ་འདི་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་དང་དབྱེར་མ་མཆིས་པའི་བཅོས་ལྡན་འདས་རྣམ་པར་སྣང་མཛད་གངས་ཆེན་མཚོ་ལ་སོགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་འབུལ་ན། བདག་ཅག་གི་བསོད་ནམས་སྤེལ་བའི་སླད་དུ་ཐུགས་རྗེ་ཆེན་པོས་རྗེས་སུ་དགོངས་ཏེ་བདག་གིར་བཞེས་པར་མཛད་ནས་ཀྱང་། བདག་གི་སྒོ་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་པའོ། །ཨོཾ་ནི་སྔགས་ཚིག་གྲུབ་པར་བྱེད་པ་ཡིན་ལ། གུ་རུ་སོགས་ནི་བླ་མ་རྣམ་པར་སྣང་མཛད་འཁོར་དང་བཅས་པ་ལ་གཟུགས་སྒྲ་དྲི་རོ་རེག་བྱས་མཆོད་ཀྱིས་དགྱེས་མཛོད་ཅེས་པའི་དོན་ནོ། །གཉིས་པ་ནི། ཀྱེ་ཀྱེ་ཞེས་བོད་པའི་དོན་ཏེ། གང་ལ་འབོད་ན་བླ་མ་རྡོ་རྗེ་འཛིན་པ་ལ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པའི་རྗེ་བཙུན་ལ་འབོད་ན་བདག་ལ་གསན་པར་མཛད་དུ་གསོལ་ཅེས་པའི་དོན་དུ་སླར་ཡང་ཀྱེ་ཞེས་སྦྱར་རོ། །གསན་ནས་ཀྱང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་བདག་ལ་དགོངས་པར་མཛོད་ཅིག་མགོན་པོ་ཐུགས་རྗེ་ཅན་ཅེས་ཤིན་ཏུ་ཡུས་ཤིང་གདུང་བའི་ངག་གིས་ནན་ཏན་དུ་གསོལ་བའོ། །ཅི་ཞིག་གསོལ་ན། ཐོག་མ་མེད་པ་ནས་ཆོས་དང་གང་ཟག་གི་བདག་ཏུ་འཛིན་པ་དམ་པོས་དཀྲིས་པའི་སྲིད་པའི་འཆིང་བ་དང་ལྡན་པ་དག འཁོར་བའི་སྡུག་བསྔལ་མཐའ་དག་དང་བྲལ་བའི་བདེ་བ་ཆེན་པོ་དང་ལྡན་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ཞིང་དུ་སྨོན་ལམ་དང་ཐུགས་རྗེའི་སྟོབས་ཀྱིས་མྱུར་དུ་དྲོངས་ཤིག་བདེ་བར་གཤེགས་པ་ཞེས་མགོན་པོ་རྣམ་པར་སྣང་མཛད་ལ་འབོད་པའོ། །དེ་ནི་དགོངས་སུ་གསོལ་བ་སྔོན་དུ་འགྲོ་བས་འདོད་པའི་དོན་ལ་གསོལ་བ་གདབ་པའོ། །དེ་ནས་ཡན་ལག་བདུན་གྱི་ཐོག་མར་ཕྱག་འཚལ་བ་ནི། གང་གི་ཡེ་ཤེས་ཚོགས་ཀྱི་སྐུ་དགེ་འདུན། །ཅེས་པ་ནས། ཕྱག་འཚལ་ལོ་ཞེས་པའི་བར་རོ། །དེ་ལ་ཕྱག་འཚལ་ལོ་ཞེས་པ་ནི་འདུད་པར་བྱེད་པའོ། །ཚུལ་ཇི་ལྟར་ན་ཁ་ཙམ་མིན་པར་སྙིང་ཐག་པ་ནས་གུས་པས་སོ། །གང་ལ་ན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རྣམ་པར་སྣང་མཛད་ཁྱོད་ལའོ་ཞེས་སོ། །སྐྱབས་གནས་ཀུན་འདུས་ཇི་ལྟར་ཡིན་ན། བླ་མ་རྣམ་པར་སྣང་མཛད་གང་གི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག །མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་ལ་སོགས་པ་གཅིག་ཏུ་ཚོགས་པའི་ཡེ་ཤེས་ཀྱི་ཕུང་པོའི་སྐུ་ནི་མི་ཕྱེད་པར་འདུས་པའི་མཚན་ཉིད་ཅན་ཡིན་པས་དགེ་འདུན་དང་། རྣམ་པར་སྣང་མཛད་གང་གི་ཐུགས་རྒྱུད་ཆགས་སོགས་དང་བྲལ་བའི་ཟག་པ་མེད་པའི་དབྱིངས་རྟོགས་དཀའ་བས་ཟབ་པ་དང་། སྤྲོས་པའི་རྣམ་པར་རྟོག་པ་མཐའ་དག་ཉེ་བར་ཞི་བའི་མཚན་ཉིད་ཅན་གྱི་འགོག་བདེན་དང་། རང་གིས་མངོན་སུམ་དུ་མཛད་པའི་དོན་དེ་ཉིད་གདུལ་བྱ་གཞན་ལ་བརྡའ་སྤྲོད་པར་བྱེད་པའི་གསུང་ལམ་བདེན་གྱིས་བསྡུས་པ་ཅན་ནི་དམ་པའི་ཆོས་དང་། རྣམ་པར་སྣང་མཛད་གང་གི་ཤེས་བྱའི་རྣམ་པ་མ་ལུས་པ་ཀུན་ཇི་ལྟར་བར་མ་འདྲེས་པར་མཁྱེན་པའི་ཐུགས་ནི་མངོན་པར་བྱང་ཆུབ་པའི་མཚན་ཉིད་ཅན་ཡིན་པས་སངས་རྒྱས་སྟེ། དེ་ལྟར་ན་གང་གི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ནི་རིམ་པ་བཞིན་དགེ་འདུན་དང་། ཆོས་དང་སངས་རྒྱས་དཀོན་མཆོག་ཡིན་པས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གཅིག་ཏུ་འདུས་པ་ཉིད་ཁོ་ནའོ། །དེ་ལྟར་ཡང་། རྡོ་རྗེ་ཕྲེང་བ་ལས། དྲི་མེད་སེམས་ནི་སངས་རྒྱས་ཉིད། །ཆོས་ནི་ངག་ཏུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཅེས་བྱ་སྟེ། །ཞེས་དང་། ཨིནྡྲ་བྷུ་ཏིས་མཛད་པའི་ཡེ་ཤེས་གྲུབ་པར། བླ་མ་སངས་རྒྱས་ཆོས་གྱུར་ཅིང་། །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་ཡི་དྲིན་གྱིས་ཤེས་འགྱུར་པས། །དེ་བས་དཀོན་མཆོག་གསུམ་ཡང་ཡིན། །ཅེས་དང་། རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ཕྱག་འཚལ་བའི་ཡུལ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཡིན་པ་དེ་ཉིད་སྐྱབས་སུ་འགྲོ་བ་སོགས་ཡན་ལག་ལྷག་མ་རྣམས་ཀྱི་ཡུལ་ཡང་ཡིན་པས། དེ་ནས་རིམ་པ་ལྟར། སྐྱབས་སུ་འགྲོ་བ་དང་། ལུས་འབུལ་བ། སྡིག་པ་བཤགས་པ། ཡི་རང་བ། གསོལ་བ་འདེབས་པ། སེམས་བསྐྱེད་པ་རྣམས་ཀྱང་ཡུལ་དེ་ཁོ་ན་ལའོ། །དེ་ཡང་མཁྱེན་བརྩེ་ནུས་པའི་ཡོན་ཏན་དང་ལྡན་པས་འཁོར་བ་ལས་སྐྱོབ་པའི་མཐུ་ཡོད་པར་མཐོང་ནས་ཁ་ཙམ་མིན་པར་སྙིང་ཐག་པ་ནས་གུས་པས་མགོན་པོ་ཁྱོད་ཀྱི་སྐྱབས་སུ་བདག་མཆི་བ་ལགས་ན། དེའི་ཕྱིར་བདག་གི་ལུས་དང་ལོངས་སྤྱོད་བཅས་པ་ཐམས་ཅད་མགོན་པོ་ཉིད་ཀྱིས་འབངས་དང་ཡོ་བྱད་ཀྱི་དངོས་པོར་བདག་གིར་བཞེས་པར་མཛད་དུ་གསོལ། སྔོན་ཆད་ཐོག་མ་མེད་པའི་དུས་ནས་བག་མེད་པའི་གཞན་དབང་དུ་གྱུར་ཏེ་སྡིག་པ་མི་དགེ་བའི་ལས་བསགས་པས་སྒྲིབ་པའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ཀུན། དེ་རིང་མགོན་པོ་ཁྱོད་ཀྱི་དྲུང་དུ་སྙིང་ནས་འགྱོད་པ་དྲག་པོས་མི་འཆབ་པར་བཤགས་པར་བགྱི་ཞིང་སླད་ནས་སྲོག་ལ་བབས་ཀྱང་དེ་ལྟ་བུའི་ལས་དག་མི་བགྱིད་དོ། །མགོན་པོ་ཁྱོད་ཀྱིས་དང་པོ་ཐུགས་བསྐྱེད་པ་ནས་བརྩམ་སྟེ་ད་ལྟ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་ཇི་སྲིད་ཀྱི་བར་དུ་ཕྲིན་ལས་རྒྱུན་མི་འཆད་པར་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པའི་མཛད་པ་དེ་དག་ལ་བདག་གཅིག་ཏུ་དགའ་བ་དང་མོས་པ་དང་ཤིན་ཏུ་ཚིམ་པའི་སེམས་ཀྱིས་རྗེས་སུ་ཡི་རང་བར་གྱུར་པས། ད་དུང་ཡང་རྟག་པར་རྒྱུན་མི་འཆད་པར་གདུལ་བྱ་སོ་སོའི་བསམ་པ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་བཞུགས་པར་གསོལ་བ་འདེབས་སོ། །དེ་ལྟར་མགོན་པོ་ཁྱེད་ཀྱི་སྤྱན་སྔར་མཆོད་པ་ཕུལ་བ་དང་། ཕྱག་འཚལ་བ་ལ་སོགས་པའི་བསོད་ནམས་ཀྱི་དངོས་པོ་ཇི་སྙེད་ཅིག་བགྱིས་པ་དེ་དག་གི་མཐུས། བདག་ཀྱང་དེ་བཞིན་གཤེགས་པ་ཁྱེད་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་བ་དེ་ཅི་འདྲ་བ་དང་། འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཅི་འདྲ་བ་དང་། སྐུ་ཚེའི་ཚད་འཁོར་བ་ཇི་སྲིད་དུ་བཞུགས་པ་ཅི་འདྲ་བ་དང་། ཞིང་ཁམས་འོག་མིན་སྟུག་པོ་བཀོད་པའི་རང་བཞིན་ཅི་འདྲ་བ་དང་། མགོན་པོ་ཁྱེད་ཀྱི་མཚན་མཆོག་བཟང་པོ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་དམ་ཤཱཀྱ་སེང་གེ་ཞེས་ཡོངས་སུ་གྲགས་པ་ཅི་འདྲ་བ་དེ་འདྲ་བ་ཁོ་ནར་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་སྟེ་བསྔོ་བ་དང་སྨོན་ལམ་སེམས་བསྐྱེད་ཅེས་པ་རྣམས་ནི་རྣམ་གྲངས་ཙམ་མོ། །ཁྱད་པར་ཅུང་ཟད་དུ་ན་དགེ་བའི་རྩ་བ་སྔོན་དུ་སོང་བ་དང་མ་སོང་བ་དང་དགེ་བ་ལ་འཇུག་པའི་གནས་སྐབས་ཀྱིས་དབྱེ་བར་མངོན་ནོ། །འདིར་བཤད་པའི་ཡན་ལག་བདུན་གྱི་སྟེང་དུ། གོང་དུ་སྨོས་པའི་གསོལ་གདབས་དང་མཆོད་པའི་ཡན་ལག་སོ་སོར་བགྲང་ན་ཡན་ལག་དགུ་པ་དང་ཆོས་འཁོར་བསྐོར་བར་བསྐུལ་བ་དང་། མྱ་ངན་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་སོ་སོར་བགྲང་ན་ཡན་ལག་བཅུ་པར་ཡང་འགྱུར་ཏེ་འདི་རྣམས་ཀྱང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་དེའི་སྒྲུབ་ཐབས་སོགས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ཡིན་ནོ། །གསུམ་པ་འདོད་པའི་དོན་ལ་དམིགས་ནས་བཟླས་བརྗོད་བྱ་བའི་རིམ་པ་ནི། ཨོཾ་ཨཱཿགུ་རུ་བཻ་རོ་ཙ་ན་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་ཅི་ནུས་བཟླ་ཞེས་པ་སྟེ། དེ་ཡང་ཡན་ལག་བཞི་དང་ལྡན་པའི་བཟླས་བརྗོད་དེ། བླ་མ་སྤྲུལ་སྐུའི་རྣམ་པ་ཅན་དུ་བསྒོམ་པ་ནི་གཞིའི་ཡན་ལག་དང་པོ། དེའི་ཐུགས་ཀར་ཟླ་བའི་ནང་ན་བཞུགས་པའི་རྣམ་སྣང་ནི་གཞིའི་ཡན་ལག་གཉིས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསམ་པ་ནི་བྱང་ཆུབ་སེམས་ཀྱི་ཡན་ལག །དེ་ལ་སྔགས་ཕྲེང་བཀོད་པ་ནི་སྒྲའི་ཡན་ལག་ཡིན་ལ། དེ་ལྟར་ཡན་ལག་བཞི་དང་ལྡན་པའི་སྒོ་ནས་སྲོག་རྩོལ་བསྡམས་པའི་སྦྱོར་བས་སྔགས་ཕྲེང་ལ་དམིགས་ནས་ཡིད་བཟླས་དང་ཤུབ་བུའི་བཟླས་པ་བཅས་རིམ་པ་བཞིན་དུ་བྱ་བར་གསུངས་སོ། །དེ་ལ་གྲངས་བསྙེན་འབུམ་ཕྲག་གསུམ་དང་། དུས་བསྙེན་ཟླ་བ་གསུམ་དང་། མཚན་མའི་བསྙེན་པ་རྟགས་མ་མཐོང་གི་བར་དུ་བྱ་བར་ཡང་རྒྱུད་དེ་ཉིད་ལས་གསུངས་སོ། །སྔགས་དོན་ནི་ཐོག་ཐ་ན་ཡོད་པའི་འབྲུ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་ཏེ། དེ་གསུམ་གྱི་སྒྲོམ་དུ་བཅུག་ནས་བླ་མའི་མཚན་སྔགས་ཀྱི་གཤམ་དུ་ཛྙཱ་ན་སིདྡྷི་ཞེས་བཏགས་པ་སྟེ་མཁྱེན་པའི་དངོས་གྲུབ་སྩོལ་ཅིག་ཞེས་འདོད་པའི་དོན་གསོལ་བའོ། །མཐར་ཞེས་པ་ནི་གོ་རིམ་སྟོན་པའོ། །གསུམ་པ་ནི། དེ་ལྟར་ཚོགས་བསགས་པའི་རིམ་པ་དེ་དག་སོང་ནས་སླར་ཡང་བརྒྱུད་པའི་གསོལ་འདེབས་སམ་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་ཅི་ལྟར་རིགས་པས་མཚམས་སྦྱར་ཏེ་དབང་བཞི་བླང་རྗེས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས་ནས་ཐུགས་ཡིད་བསྲེས་ཏེ་ཅི་ནུས་སུ་མཉམ་པར་བཞག་གོ །ཞེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་རྗེས་ཆོས་ཐམས་ཅད་ཡེ་ཤེས་སྒྱུ་མར་ལམ་དུ་བྱེད་པས་དགེ་བ་རྫོགས་བྱང་དུ་བསྔོ་བ་སོགས་བྱའོ་ཞེས་པ་སྟེ། ས་བཅད་ཕྱི་མ་འདི་གཉིས་ནི་སྐྱེ་ཕྲེང་གསོལ་འདེབས་དང་འདྲེལ་བར་འཆད་པས་འདིར་མི་སྤྲོའོ། །གསུམ་པ་མཇུག་གི་དོན་ཇི་ལྟར་བརྩམ་པའི་མཛད་བྱང་ནི། ཞེས་པའང་མཆོག་གཟིགས་སྤྲུལ་པའི་སྐུ་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལྷ་རྫས་དང་བཅས་ཡང་ཡང་བསྐུལ་བའི་ཐུགས་བཞེད་ལྡོག་པར་མ་ནུས་པར་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ་ཞེས་པ་སྟེ་གོ་སླའོ། །ད་ནི་དེ་དང་འདྲེལ་བའི་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་དབང་བཞི་ལེན་པའི་རིམ་པ་དང་བཅས་པ་འཆད་པ་ལ། མཚན་དོན། གཞུང་དོན། མཇུག་གི་དོན་ནོ། །དང་པོ་ནི། སྟོན་པ་རྣམ་སྣང་ཆེན་པོ་ནས་བརྩམ་སྟེ་དག་ཆེན་སྐྱེ་བའི་ཕྲེང་བ་རིམ་པར་ཕེབས་པ་དེ་དག་ལ་གསོལ་བ་འདེབས་པའི་རིམ་པ་འདི་ལ་བརྡ་འགྲོལ་མ་ཞེས་བྱ་སྟེ། སྤྱིར་ཡོངས་གཟིགས་གོང་མ་རྣམས་ཀྱིས་ལུང་བསྟན་པའི་སྐྱེ་ཕྲེང་སུམ་བཅུ་ལྷག་ཙམ་མཆིས་ནའང་། རྗེ་རང་ཉིད་ཀྱིས་དངོས་ཉམས་ཅི་རིགས་པར་སྔོན་གནས་མཁྱེན་པའི་ཤེས་པས་བརྡ་འགྲོལ་བར་མཛད་པ་ནི་འདི་དག་ཡིན་པ་དང་གསོལ་འདེབས་ཀྱི་ཚིག་རྣམས་གབ་ཚིག་ལྟ་བུར་སོང་བས་ཚིག་གི་ཟུར་གྱིས་བརྡའི་དོན་འགྲོལ་དགོས་པས་ན་དེ་སྐད་ཅེས་བྱའོ། །གཉིས་པ་ལ། སྔོན་འགྲོ་མོས་གུས་དྲག་པོས་གསོལ་བ་གདབ་པ་དང་། དངོས་གཞི་དབང་བཞི་བླངས་ནས་ཐུགས་ཡིད་བསྲེ་བ་ལ་བསླབ་པ་དང་། རྗེས་ཡེ་ཤེས་སྒྱུ་མར་ལམ་དུ་བྱེད་པས་དགེ་ཚོགས་བསྔོ་བ་སོགས་བྱ་བ་སྟེ་གསུམ་ལས། དང་པོ་ནི། སྐུ་ཕྲེང་མདོར་བསྟན་པ་དང་། བྱེ་བྲག་སོ་སོར་ཕྱེ་བ་དང་། ཁྱད་པར་རྗེ་ཉིད་ཀྱི་ཕྱི་ནང་གསང་བའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་གདབ་པའོ། །དང་པོ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཀུན་བཟང་ཆོས་ཀྱི་སྐུ་ཉིད་སྔགས་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་སྟོན་པར་མཚན་དཔེ་ཞལ་ཕྱག་གི་རྣམ་པར་སྣང་བར་མཛད་པ་རྡོ་རྗེ་འཆང་ཆེན་པོ་དང་། དེའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་བྱེ་བྲག་ལས་རྣམ་པར་འཕྲུལ་པ་སྐུའི་རིགས་ཀྱི་སེམས་དཔའ་འཇམ་པའི་དབྱངས་དང་། གསུང་གི་རིགས་ཀྱི་སེམས་དཔའ་སྤྱན་རས་གཟིགས་དང་། ཐུགས་ཀྱི་རིགས་ཀྱི་སེམས་དཔའ་ཕྱག་ན་རྡོ་རྗེ་སྟེ་རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། དེ་དག་གི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་མའི་རོལ་གར་ནམ་མཁའི་ཟླ་བ་གཅིག་ཉིད་ཆུ་སྣོད་སོ་སོའི་དབང་གིས་དུ་མར་སྣང་བ་བཞིན་གདུལ་བྱའི་གང་ཟག་གི་དབང་ལས་རྣམ་འགྱུར་དང་ཆ་ལུགས་སོགས་གཅིག་ཏུ་མ་ངེས་པར་རྣམ་པར་འཕྲུལ་པའི་དྲེ་བྲག་སྣ་ཚོགས་པ་སྟེ། སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་འཕགས་པ་ཀུན་དགའ་བོ་སོགས་ཉན་ཐོས་ཀྱི་ཐེག་པའི་བདག་པོར་གྱུར་པ་རྣམས་དང་། རྒྱལ་བས་ལུང་གིས་བསྔགས་ཤིང་རྨད་དུ་བྱུང་བའི་སློབ་དཔོན་བཞིའི་ཡ་གྱལ་དུ་གྱུར་པ་དགེ་སློང་དགོན་པ་བ་གཞན་ལ་ཕན་པའི་དབྱངས་སམ་མཚན་གཞན་དཔའ་བོ་ཞེས་གྲགས་པ་སོགས་བྱང་སེམས་ཀྱི་ཐེག་པའི་བདག་པོར་གྱུར་པ་རྣམས་དང་། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་ཟུང་འཇུག་གི་སྐུ་བརྙེས་པ་ཨིནྡྲ་བྷུ་ཏི་ཆེན་པོ་སོགས་རྡོ་རྗེའི་ཐེག་པའི་བདག་པོར་གྱུར་པ་རྣམས་སྟེ། ཐེག་པ་གསུམ་ལ་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་རྒྱ་ཆེན་པོ་མཛད་པའི་སྒོ་ནས་བདག་པོར་གྱུར་པ། རྒྱ་གར་འཕགས་པའི་ཡུལ་དང་། བོད་གངས་ཅན་གྱི་ལྗོངས་ལ་སོགས་པར་རིམ་པར་བྱོན་པའི་པཎྜི་ཏ་དང་གྲུབ་ཐོབ་དང་ཆོས་ཀྱི་སྤྱན་པ་སྟེ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དུ་མ་དང་བཅས་པའི་ཟློས་གར་མི་འདྲ་བ་མང་པོར་སྟོན་པར་མཛད་པའི་གར་གྱི་དབང་པོ་སྟེ་གར་གྱི་བདག་པོ་དེ་ལ་གསོལ་བ་འདེབས་སོ་ཞེས་སྨོས་པའོ། །རྐང་པ་དང་པོའི་ཟུར་གྱིས་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་། རྣམ་པར་སྣང་མཛད། སྟོན་པ་བཅོམ་ལྡན་འདས་སྟེ་གླེང་གཞི་སོ་སོར་གྲགས་པའི་སྟོན་པ་དེ་དག་རྒྱུད་གཅིག་པར་བསྟན་པའོ། །གཉིས་པ་ནི། སམ་བྷོ་ཊ་ཞེས་པ་བོད་ཡང་དག་པ་སྟེ་བོད་ཅེས་བསྟན་ལ་རུ་ཞེས་གནས་གཞིའི་དོན་ཅན་ཡིན་པས་བོད་ཀྱི་ཡུལ་དུ་རྨོངས་པའི་མུན་པ་བསལ་ནས་ཡང་དག་པའི་ལམ་འབྲས་བུ་དང་བཅས་པ་རྣམ་པར་སྣང་བ་སྟེ་གསལ་བར་བྱེད་པའི་སྣང་བ་ཆེན་པོའི་མཛོད། དམ་པའི་ཆོས་ཀྱི་ལུགས་སྲོལ་བཟང་པོའི་གསལ་བྱེད་དུ་གྱུར་པ་རས་ཆུང་རྡོ་རྗེ་གྲགས་པ་དང་། ཤཱཀྱ་སེང་གེའི་བསྟན་པ་ཐེག་པ་གསུམ་གྱི་ལམ་གྱི་མངོན་པར་རྟོགས་པ་མཐའ་དག་གི་འབྱུང་གནས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐོས་བསམ་བསྒོམ་པའི་སྟོབས་ལས་མངོན་སུམ་དུ་གྲུབ་པར་གྱུར་པ། དཔྱོད་ལྡན་མཁས་པའི་སྐྱེ་བོ་ཀུན་དགའ་བར་འགྱུར་བའི་ལུང་རིགས་ཀྱི་རྒྱལ་མཚན་མཁྱེན་རབ་ཀྱི་དཔུང་པས་འཛིན་པ་དེ་ལ་གསོལ་བ་འདེབས་སོ་ཞེས་སྨོས་སྟེ་འདིའི་རྐང་པ་དང་པོའི་ཟུར་གྱིས་ཐུ་མི་དང་བཻ་རོ་གཉིས་བསྟན། རྐང་པ་གཉིས་པའི་ཟུར་གྱིས་རོང་ཟོམ་ཆོས་ཀྱི་བཟང་པོ་དང་རས་ཆུང་པ་དངོས་སུ་བསྟན། རྐང་པ་གསུམ་པའི་ཟུར་གྱིས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་དང་མ་གཅིག་གི་སྲས་རྒྱལ་བ་དོན་གྲུབ། རྐང་པ་བཞི་བས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་རྣམས་བསྟན་ནོ། །སྐད་གཉིས་ཡང་ཡང་སྨྲ་ཞིང་ཞེས་པ་ནི་སྔ་ཕྱིར་ལོ་ཙཱ་བ་དུ་མའི་སྐྱེ་བ་ཡང་ཡང་དུ་བཞེས་པར་སྟོན་པའོ། །དེ་ནས་ཨོ་རྒྱན་སངས་རྒྱས་གཉིས་པས་ཕྱི་རབས་ཀྱི་གང་ཟག་ལ་དགོངས་ནས་ཟབ་མོའི་ཆོས་ཀྱི་གཏེར་ཁ་དུ་མ་སྦ་བར་མཛད་པ་རྣམས་ས་རྟགས་དུས་ཚོད་དང་མཐུན་པར་གཏེར་ནས་འདོན་པར་མཛད་པ་པོ་གང་ཞིག །ཐར་པ་དོན་གཉེར་གྱི་བློ་དང་ལྡན་པ་ཀུན་སྨིན་གྲོལ་གྱི་གདམས་པས་སྐྱོང་ཞིང་རྡོ་རྗེ་ཐེག་པའི་གླིང་སྟེ་རིག་འཛིན་སྔགས་ཀྱི་སྡེ་སྣོད་མཐའ་དག་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་གྱིས་འཛིན་པར་མཛད་པའི་མཁྱེན་རབ་དྲི་མ་མེད་པ་གཡའ་དང་བྲལ་བའི་མེ་ལོང་ལྟ་བུའི་བདག་པོ་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱི་འོད་མཐའ་ཡས་པར་སྤྲོ་བ། འགྱུར་བ་མེད་པ་སྟེ་འཕོ་མེད་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་པ་དང་བོགས་འདོན་པའི་སྤྱོད་པ་ཁྱད་པར་ཅན་འཆང་བའི་རྡོ་རྗེ་འཛིན་པ་དེ་ལ་གསོལ་བ་འདེབས་སོ། །ཞེས་པ་སྟེ་རྐང་པ་གཉིས་པའི་ཟུར་གྱིས་ཀུན་སྐྱོང་གླིང་པ་དང་རྡོ་རྗེ་གླིང་པ་གཉིས་བསྟན། རྐང་པ་གསུམ་པའི་ཟུར་གྱིས་མེ་ལོང་རྡོ་རྗེ་དང་ཤེས་རབ་འོད་ཟེར་གཉིས། རྐང་པ་བཞི་བའི་ཟུར་གྱིས་འགྱུར་མེད་རྡོ་རྗེ་སྟེ་གཏེར་བདག་གླིང་པ་བསྟན་ནོ། །དེའི་རྗེས་སུ་རྟོགས་བྱའི་དོན་ཐམས་ཅད་ཀྱི་མཆོག་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པའི་གྲུབ་པ་བརྙེས་པའི་སློབ་དཔོན་དུ་མས་རྗེས་སུ་བཟུང་བཞིན་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་གཞན་ལུས་ཅན་མཐའ་དག་ལ་སྐབས་སུ་ཕན་པ་མངོན་མཐོའི་གོ་འཕང་སྒྲུབ་པར་མཛད་པ་དང་། མཐར་ཐུག་གི་བདེ་བ་དམ་པ་ཐར་པའི་གནས་སུ་མཐའ་ཡས་པའི་འགྲོ་བ་རྣམས་འདྲེན་པར་མཛད་པའི་དེད་དཔོན་རིན་པོ་ཆེ། རང་བྱུང་རིག་པའི་ཡེ་ཤེས་ཇི་ལྟ་བ་བཞིན་རང་ཉིད་ཀྱིས་མངོན་སུམ་དུ་མཛད་པའི་རྡོ་རྗེ་འཛིན་པ་དེ་ལ་གསོལ་བ་འདེབས་སོ། །ཞེས་པ་སྟེ། འདིའི་རྐང་པ་དང་པོའི་ཟུར་གྱིས་འབར་ཆུང་བཀྲ་ཤིས་རྒྱ་མཚོ་དང་། ལྷག་པ་རྣམས་ཀྱིས་རྗེ་རིན་པོ་ཆེ་ཉིད་བསྟན་པར་ཤེས་པར་བྱའོ། །གསུམ་པ་རྗེ་ཉིད་ཀྱི་ཕྱི་ནང་གསང་བའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་གདབ་པ་ལ་གསུམ་སྟེ། གཞི་སྤྱོད་པ། རྟེན་ཏིང་ངེ་འཛིན། བརྟེན་པ་ཤེས་རབ་རྣམ་པར་དག་པའི་ཡོན་ཏན་རྗེས་སུ་དྲན་པའོ། །དང་པོ་སྤྱོད་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ངོ་བོ་ཡིན་ལ་དེ་ཡང་ཐེག་པ་གསུམ་གྱི་དབྱེ་བས་གསུམ་སྟེ། ཕྱིའི་འདུལ་བ་སོ་སོར་ཐར་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལ་སོགས་པར་བཤད་པ་དང་། ནང་གི་འདུལ་བ་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་། གསང་བའི་འདུལ་བ་རིག་འཛིན་སྔགས་ཀྱི་དམ་ཚིག་གི་གནས་ཇི་སྙེད་བཤད་པའི་འདུལ་བ་རྒྱ་མཚོ་མ་ལུས་པ་ཀུན། ཕྱིའི་སྡེ་སྣོད་འདུལ་བ་ལུང་སྡེ་བཞིའི་བསྡུས་པ་དང་། ནང་གི་སྡེ་སྣོད་ཤེར་ཕྱིན་འབུམ་པ་དང་། ཕལ་པོ་ཆེ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་མདོ་སྡེ་རྣམས་དང་། གསང་བའི་སྡེ་སྣོད་རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པ་རྣམས་ལས་ཇི་ལྟར་བཤད་པ་བཞིན་དུ། ཕྱི་སོ་ཐར་ནང་བྱང་སེམས་གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་གསུམ་ཀ་རང་གི་རྒྱུད་ལ་ཁྱད་ཆོས་དྲུག་ལྡན་གྱི་ཚུལ་གྱིས་འགལ་བ་མེད་པར་འཛིན་པར་མཛད་པས་ཕྱི་ནང་གསང་བའི་སྤྱོད་པ་མཐའ་དག་ལ་ཉེས་སྐྱོན་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པའི་སྤྱོད་པ་རྣམ་པར་དག་པའི་ཡོན་ཏན་དང་ལྡན་པ་དེ་ལ་གསོལ་བ་འདེབས་སོ། །ཞེས་སྨོས་པའོ། །གཉིས་པ་བསྒོམ་པ་ནི་ལྷག་པའི་སེམས་ཀྱི་བསླབ་པའི་ངོ་བོ་ཡིན་ཏེ་དེ་ལ་ཐུན་མོང་ཉན་ཐོས་ཀྱི་ལམ་གྱི་སྒོམ་པའི་རིམ་པ་དང་། ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའི་ལམ་གྱི་སྒོམ་པའི་རིམ་པ་དང་། ཁྱད་པར་དུ་རྡོ་རྗེ་ཐེག་པའི་ལམ་གྱི་སྒོམ་པའི་རིམ་པ་མ་ལུས་པ་ཀུན་རིམ་པ་བཞིན་དུ་རང་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་ཕུན་སུམ་ཚོགས་པ་དང་། དོན་གཉིས་ཕུན་སུམ་ཚོགས་པའི་གོ་འཕང་ཚེ་འདི་ཉིད་ལ་འཐོབ་པར་བྱེད་པའི་ཐབས་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་དགེ་ལེགས་བྱེ་བ་སྟེ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གཞི་ཡིན་པར་རིག་ནས། ལམ་དེ་གསུམ་པོ་རེ་རེ་བཞིན་དུ་ཡང་ཐབས་དང་ཤེས་རབ་ཟུང་དུ་འདྲེལ་བར་མཛད་ནས་ཉམས་སུ་བཞེས་པ་སྟེ། དེ་ཡང་ཉན་ཐོས་ལམ་གྱི་ངོ་བོ་ཞི་གནས་དང་ལྷག་མཐོང་ཟུང་དུ་འདྲེལ་བ་དང་། བྱང་སེམས་ལམ་གྱི་ངོ་བོ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟུང་དུ་འདྲེལ་བ་དང་། རྡོ་རྗེ་ཐེག་པའི་ལམ་གྱི་ངོ་བོ་མཚན་བཅས་དང་མཚན་མེད་དམ་བསྐྱེད་པ་དང་རྫོགས་པའི་རིམ་པ་ཟུང་དུ་འདྲེལ་བས་ན་གཉིས་གཉིས་ཟུང་དུ་འདྲེལ་བའི་ཐབས་དང་ཤེས་རབ་ཡ་མ་བྲལ་པའི་ལམ་བཟང་པོ་མངོན་དུ་མཛད་པའི་ཏིང་ངེ་འཛིན་རྣམ་པར་དག་པའི་ཡོན་ཏན་དང་ལྡན་པ་དེ་ལ་གསོལ་བ་འདེབས་སོ། །ཞེས་པའོ། །གསུམ་པ་ལྟ་བ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའི་ངོ་བོ་སྟེ། དེ་ལ་གསུམ། ལྷན་སྐྱེས་ལ་རིག་ཤེས་ཀྱིས་རྒྱས་འདེབས་མི་དགོས་པའི་གནད། ཀུན་རྫོབ་ལ་ཚད་མས་མ་གྲུབ་པའི་གནད། །མཉམ་བཞག་ཟག་མེད་ལ་དམིགས་པ་མེད་པའི་གནད་གསུམ་གྱིས་ཤེས་རབ་རྣམ་པར་དག་པའི་ཡོན་ཏན་རྗེས་སུ་དྲན་པའོ། །དང་པོ་ནི་སྔགས་ཀྱི་རིམ་གཉིས་སྒོམ་པའི་སྔོན་དུ་མཚན་ཉིད་པའི་ཐེག་ཆེན་ཐུན་མོང་པའི་ལྟ་བ་དང་། ཐོས་བསམ་གྱི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་ཚད་མར་གྱུར་པའི་རིགས་པའི་ལམ་གྱིས་ཆོས་དང་གང་ཟག་གི་བདག་རང་བཞིན་གྱིས་གྲུབ་པ་མེད་པར་དོན་སྤྱིའི་ཚུལ་དུ་རིག་པ་དེ་ཉིད་སྔགས་ཀྱི་ལྟ་བ་རྣམ་དག་རང་རྒྱུད་ལ་སྐྱེ་བའི་རྒྱུ་ཡིན་ལ། དངོས་གཞི་བསྐྱེད་རྫོགས་ཀྱི་ལམ་ལས་བྱུང་བའི་ཐབས་ཁྱད་པར་ཅན་གྱི་རྐྱེན་ལས་བྱུང་བའི་འབྲས་བུས་བསྒོམ་བྱུང་གི་ལྟ་བ་རྒྱུད་ལ་སྐྱེས་པའི་ཚེ་གཟུང་འཛིན་གྱི་དངོས་པོར་བདེན་པར་ཞེན་པའི་དམིགས་པ་མཐའ་དག་དང་བྲལ་བའི་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ངོ་འཕྲོད་དེ་མངོན་དུ་གྱུར་པ་ན། སྔར་གྱི་དཔྱད་ཤེས་ཀྱི་རིག་པས་རྒྱས་འདེབས་དགོས་པ་མ་ཡིན་ཏེ། བདག་མེད་རྟོགས་པར་མཚུངས་པར་མ་ཟད་སྔ་མ་ལས་འདི་ཉིད་ཆེས་བཟང་བའི་ཕྱིར་རོ། །ཅིའི་ཕྱིར་ན་རྟོགས་བྱེད་ལ་རྗེས་དཔག་དང་མངོན་སུམ་གྱི་ཁྱད་པར་ཡོད་པའི་ཕྱིར་དང་། རྟོགས་བྱའི་དོན་ལ་སྤྱི་མཚན་དང་རང་མཚན་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །དེས་ན་རྒྱུ་འབྲས་ཀྱི་ཐེག་པའི་ལྟ་བ་ལ་ཕན་ཚུན་རྒྱས་འདེབས་ཀྱི་འདོར་ལེན་མི་དགོས་པའི་གནད་ཡང་དག་པར་རིག་པའི་ཤེས་རབ་རྣམ་པར་དག་པ་ལྡན་པ་དེ་ལ་གསོལ་བ་འདེབས་སོ། །གཉིས་པ་ནི། འདི་ལྟར་ཕུང་པོ་ལྔ་དང་ལྡན་པས་ལ་སོགས་པས་ཁམས་དང་སྐྱེ་མཆེད་དེ་གསུམ་གྱིས་མ་བསྡུས་པའི་དེ་ལས་གཞན་དུ་གྱུར་པའི་ཤེས་བྱའི་ཆོས་ནི་གཞག་ཏུ་མེད་ལ། ཆོས་ཅན་དེ་དག་ལས་རང་གི་ངོ་བོ་ཉིད་ཀྱིས་གཞན་དུ་གྲུབ་པའི་ཆོས་ཉིད་ཐ་དད་པ་ཞིག་ཀྱང་ཡོད་པ་མིན་ནོ། །དེས་ན་ཆོས་ཉིད་བདེན་པ་ཆོས་ཅན་རྫུན་པ་ཞེས་པའང་ཕན་ཚུན་ལྟོས་ནས་འཇོག་དགོས་ན། དེ་ལ་ལྟོས་གཞི་ཆོས་ཉིད་བདེན་པའི་དངོས་པོར་གྲུབ་པ་མེད་པས་ལྟོས་ཆོས་ཀུན་རྫོབ་རྫུན་པའི་དངོས་པོར་གྲུབ་པ་ནི་མི་འཐད་དེ་ལྟོས་གཞི་མེད་པའི་ལྟོས་ཆོས་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་དོན་དམ་བདེན་པར་མེད་དོ་ཞེས་དང་། ཀུན་རྫོབ་རྫུན་པར་ཡོད་དོ་ཞེས་པའི་ཡོད་མེད་ཀྱི་དམིགས་པ་གཉིས་ཀ་མེད་པར་བདེན་གཉིས་ཀྱི་རང་བཞིན་སྒྲ་རྟོག་གི་བློས་བསམ་པ་དང་བརྗོད་པའི་ཡུལ་ལས་འདས་པར་རྟོགས་པའི་ཤེས་རབ་རྣམ་པར་དག་པ་དང་ལྡན་པ་དེ་ལ་གསོལ་བ་འདེབས་སོ། གསུམ་པ་ནི། དམ་པའི་དོན་དུ་ན་སྟེ་ཡང་དག་པར་ན་སྤྲོས་པའི་རྣམ་པར་རྟོག་པ་ཀུན་ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་དུས་གསུམ་གྱི་འཛིན་རྟོག་མཐའ་དག་དང་བྲལ་བའི་སོ་སོ་རང་གི་རིག་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་དེ་ཉིད་ཡིན་གྱི། དེ་ལས་གཞན་དུ་ཡུལ་ཡུལ་ཅན་གྱི་དངོས་པོར་གྲུབ་པ་ནི་ཅུང་ཟད་ཀྱང་མེད་པས། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངོ་བོ་རུ་རྟེན་འབྱུང་སྐྱེ་འགག་དང་བྲལ་བར་སྟོན་པའི་ཟབ་མོ་དབུ་མའི་ལམ་གྱིས་མངོན་སུམ་དུ་རྟོགས་པའི་ཕྱིར་མཐར་འཛིན་ལྟ་བའི་གོལ་ས་དམིགས་པའི་དྲྭ་བ་ཐམས་ཅད་ཆོད་པར་གྱུར་པའི་ཤེས་རབ་རྣམ་པར་དག་པའི་ཡོན་ཏན་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ། །ཚིགས་བཅད་གསུམ་པོ་འདིས་གཞན་ལུགས་ཀྱི་གྲུབ་མཐའ་འགའ་ཞིག་འཇིག་པར་མངོན་ཡང་ལུང་རིགས་ཀྱི་སྤྲོས་པ་བཀོད་ན་ཧ་ཅང་མང་བར་དོགས་ནས་དེ་ཙམ་དུ་བྱས་སོ། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་པའི་ཡོན་ཏན་རྨད་དུ་བྱུང་བ་དང་ལྡན་པའི་ཡུལ་ཁྱད་པར་ཅན་ལ་གསོལ་བ་འདེབས་པའི་ངག་གིས་བོས་ནས། དཔལ་ལྡན་བླ་མ་དམ་པ་ཁྱེད་ཀྱིས་བདག་གི་ལུས་ལ་བྱིན་གྱིས་རློབས་ཤིག ལུས་རྩ་ཡི་དཀྱིལ་འཁོར་འདི་ཉིད་ཕྱི་བུམ་པའི་དབང་གིས་སྨིན་པར་མཛད་ནས་འབྲས་བུ་སྤྲུལ་པའི་སྐུར་འགྲུབ་པར་བྱིན་གྱིས་རློབས་ཤིག དཔལ་ལྡན་བླ་མ་དམ་པ་ཁྱེད་ཀྱིས་བདག་གི་ངག་ལ་བྱིན་གྱིས་རློབས་ཤིག རྩ་ཡི་གེའི་དཀྱིལ་འཁོར་འདི་ཉིད་ནས་གསང་བའི་དབང་གིས་སྨིན་པར་མཛད་ནས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུར་འགྲུབ་པར་བྱིན་གྱིས་རློབས་ཤིག དཔལ་ལྡན་བླ་མ་དམ་པ་ཁྱེད་ཀྱིས་བདག་གི་ཡིད་བྱིན་གྱིས་རློབས་ཤིག ཁམས་བདུད་རྩིའི་དཀྱིལ་འཁོར་འདི་ཉིད་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་སྨིན་པར་མཛད་ནས་འབྲས་བུ་ཆོས་ཀྱི་སྐུར་འགྲུབ་པར་བྱིན་གྱིས་རློབས་ཤིག དཔལ་ལྡན་བླ་མ་དམ་པ་ཁྱེད་ཀྱིས་བདག་གི་སྒོ་གསུམ་ལ་བྱིན་གྱིས་རློབས་ཤིག སྙིང་པོ་ཡེ་ཤེས་ཀྱི་ཁམས་རླུང་གི་དཀྱིལ་འཁོར་འདི་ཉིད་དེ་ཁོ་ན་ཉིད་བཞི་པའི་དབང་གིས་སྨིན་པར་མཛད་ནས་འབྲས་བུ་ངོ་བོ་ཉིད་ཀྱི་སྐུར་འགྲུབ་པར་བྱིན་གྱིས་རློབས་ཤིག ཅེས་པ་སྟེ། སྦྱོར་བ་གསོལ་བ་གདབ་པའི་རིམ་པའོ། །གཉིས་པ་ནི། ཞེས་མོས་གུས་དྲག་པོའི་སྒོ་ནས་གསོལ་བ་གདབ་པ་དང་། དེའི་རྐྱེན་གྱིས་བླ་མ་རིགས་རྣམས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་སྤྱི་མགྲིན་ཐུགས་ཀ་ལྟེ་བའི་གནས་བཞི་ལས་འཕྲོས་པའི་འོད་ཟེར་དཀར་དམར་མཐིང་ཁ་སྣ་ཚོགས་པའི་རྣམ་པ་ཅན་རང་ཉིད་ཀྱི་གནས་བཞི་པོ་དེར་རིམ་པར་ཐིམ་པའི་རྐྱེན་གྱིས་བུམ་པ་ལ་སོགས་པའི་དབང་བཞི་པོ་ཐོབ་ནས་འབྲས་བུ་སྐུ་བཞིའི་ས་བོན་རང་རྒྱུད་ལ་ཐེབས་པར་བྱས་སོ་སྙམ་དུ་མོས་པར་བྱས་ཏེ། དབང་དོན་གྱི་ཡེ་ཤེས་བཞི་པོ་རིམ་པ་བཞིན་དུ། སྣང་སྟོང་དབྱེར་མེད་ཀྱི་ངོ་བོ་ཉིད་དང་། གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་དང་། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་དང་། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་བཞི་ལ་མཉམ་པར་བཞག་པར་བྱའོ། །དེའི་རྗེས་སུ་སླར་ཡང་མོས་གུས་དྲག་པོ་དུང་དུང་བ་བྱས་པས་བླ་མ་འོད་ཀྱི་ཕུང་པོར་ཞུ་སྟེ་བདག་ལ་ཐིམ་པའི་རྐྱེན་གྱིས་གང་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་བདག་གི་ཡིད་གཉིས་སོ་སོར་དབྱེར་མེད་པ་ཆོས་ཀྱི་དབྱིངས་སྤྲོས་པ་མཐའ་དག་དང་བྲལ་བའི་གཤིས་སུ་རོ་གཅིག་ཏུ་འདྲེས་པར་གྱུར་སོང་སྙམ་པའི་མོད་ལ་ཤེས་པ་ཁོང་ལྷོད་དེ་མཚན་མའི་རྣམ་པར་རྟོག་པ་མཐའ་དག་སྤངས་ནས་དགག་སྒྲུབ་ཀྱི་བཅོས་སླད་དང་བྲལ་བའི་རིག་པ་ཟང་ཐལ་རྗེན་པའི་ངང་དུ་ཅི་གནས་སུ་བཞག་པར་བྱའོ། །གསུམ་པ་རྗེས་སུ་བྱ་བའི་རིམ་པ་ནི། ཨཱཿ ཞེས་བརྗོད་མ་ཐག་ཏུ་གཟུང་འཛིན་གྱི་དྲི་མ་དང་བྲལ་བའི་སྐྱེ་བ་མེད་པའི་དབྱིངས་ཆོས་ཀྱི་སྐུའི་རང་བཞིན་ཅན་ནི་གཟུགས་སྐུ་ཡེ་ཤེས་འཁོར་ལོའི་འཆར་གཞིའོ་ཞེས་པའི་དོན་དྲན་པར་བྱས་ཏེ། བློས་མ་བཅོས་པའི་དེ་བཞིན་ཉིད་ཀྱི་ངང་ནས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་ཆའི་རྣམ་རོལ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་དང་བཅས་པའི་སྐུ་ལྔའི་བདག་ཉིད་ཅན་གྱི་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོར་ཡོངས་སུ་རྫོགས་པར་བསམ་སྟེ། སྣང་བ་ལྷ་གྲགས་པ་སྔགས་དྲན་རིག་ཆོས་སྐུའི་རོལ་པར་བཟླ་བའི་ངང་ནས་ཟུང་འཇུག་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པ་སྣང་བས་བསོད་ནམས་ཀྱི་ཚོགས་དང་སྟོང་པས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་ཤོག་ཅེས་བསྔོས་པའོ། །དེ་ནས་ཟ་ཉལ་འགྲོ་འདུག་སོགས་ཀྱི་སྤྱོད་ལམ་ཐམས་ཅད་དུ་ཟུང་འཇུག་གི་རྣལ་འབྱོར་དང་མ་བྲལ་བར་སྤྱད་པས་གང་སྣང་ལྷ་དང་གང་ཤར་ཡེ་ཤེས་ཀྱི་རོལ་པར་གྱུར་པ་ཚོགས་གཉིས་འབད་མེད་དུ་རྫོགས་ཏེ་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་བགྲོད་པ་ཉི་ཟླའི་འགྲོས་ལས་ཀྱང་མྱུར་བ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཁྱད་ཆོས་སོ། །གསུམ་པ་མཇུག་གི་དོན་ནི། ཅེས་པའང་མཆོག་གཟིགས་སྤྲུལ་པའི་སྐུ་རིན་པོ་ཆེ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་ནས་ཕྲན་གྱི་སྐྱེ་ཕྲེང་དུ་སྒྲོ་བཏགས་པ་རྣམས་ཞལ་ཐང་དུ་འགོད་པར་མཛད་བསྟུན་སྐྱེ་ཕྲེང་གསོལ་འདེབས་ཤིག་དགོས་ཞེས་ལྷ་རྫས་དང་བཅས་བཀའ་ཕེབས་གནང་བ་ལྡོག་མ་ནུས་པར་བཙུན་པ་གཞན་ཕན་མཐའ་ཡས་པས་ཤར་མར་སྤེལ་བ་དགེ་ཞེས་པ་སྟེ་གོ་སླའོ། །སྨྲས་པ། མང་ཐོས་ཤར་རིའི་ཕྲག་པ་ནས་འོང་བའི། །ལེགས་བཤད་ཆ་ཤས་རྫོགས་པའི་རི་བོང་འཛིན། །ཤེས་བྱའི་ལྷ་ལམ་ངོས་སུ་རྒྱུ་བ་ན། །དཔྱོད་ལྡན་བློ་ཡི་ཀུནྡཱ་ཅིས་མི་དགོད། །དེང་དུས་འཆད་རྩོད་རྩོམ་པའི་རྣམ་འགྱུར་ལ། །དགྱེས་པའི་ཁུལ་གྱིས་དྲེལ་བ་མང་མོད་ཀྱང་། །རྒྱལ་གསུང་རྒྱུད་སྡེའི་གཞུང་དང་ལེགས་འབྲེལ་བའི། །ལེགས་བཤད་སྨྲ་བ་ཀུན་མཁྱེན་བླ་མ་ཙམ། །གང་གི་མཁྱེན་པའི་ཆུ་གཏེར་ལས་འཐོན་པའི། །ཚིག་བརླིང་དོན་ཟབ་རི་དབང་ལྷུན་པོ་ཡི། །ཕྱོགས་ཀུན་མཐོང་བའི་བློ་མིག་དང་བྲལ་བས། །ཚུལ་འདི་འཆད་ལ་སྤྲོ་བའི་མཐུ་ཞན་ཡང་། །རྗེ་དེའི་གསུང་ལས་སྐྱེས་པའི་ཚོགས་ཀུན་གྱི། །དབུས་ན་རྒྱུ་སྐར་ཁྲོད་ཀྱི་ཟླ་རྒྱས་བཞིན། །བསླབ་གསུམ་ཡོན་ཏན་དཔལ་གྱིས་མངོན་མཐོ་བ། །ཐུབ་བསྟན་རྒྱལ་མཚན་བཟང་པོའི་ཞལ་སྔ་ནས། །དྲི་བྲལ་ལྷ་རྫས་བཟང་པོའི་སྐྱེས་དང་བཅས། །འདི་ལྟར་དགོས་ཞེས་བསྐུལ་བའི་བཀའ་ཡི་ལུང་། །ཡང་ཡང་སྤྱི་བོར་ཕེབས་པ་ལྡོག་དཀའ་བས། །བདག་གིས་རྣམ་པར་བཤད་པ་འདི་བྱས་སོ། །དེ་ལས་ཐོབ་པའི་བསོད་ནམས་གང་ཡོད་པ། །མཐའ་ཡས་འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས། །བསྒྲལ་ཕྱིར་ཀུན་མཁྱེན་རྒྱལ་བའི་དབང་པོ་ཡི། །གོ་འཕང་བླ་ན་མེད་པ་ཐོབ་ཕྱིར་བསྔོ། །ཅེས་པ་འདི་ཡང་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབངས་ཡོངས་ཀྱི་ཐ་ཤལ་དུ་གྱུར་པ་པདྨ་བཛྲ་དུ་འབོད་པས་ལེགས་བཤད་གཏམ་གྱི་འབྱུང་གནས་དཔལ་སེང་གེའི་རིའི་དབེན་ཁང་དུ་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ། །

བྱིན་འབེབ་བསྡུས་པ།

༄༅། །བྱིན་འབེབ་བསྡུས་པ་བཞུགས། །ཨེ་མ་ཧོཿ རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །རྒྱལ་སྲས་རིགས་གསུམ་སེམས་དཔའ་སྒྱུ་འཕྲུལ་གར། །གངས་ལྗོངས་ཐུབ་བསྟན་འདྲེན་པའི་ཤིང་རྟ་ཆེ། །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །ཆོས་འདུལ་བསྟན་པའི་རྩ་ལག་ཞི་བ་འཚོ། །བོད་ཡུལ་འགྲོ་བའི་སྐྱབས་གཅིག་ཁྲི་སྲོང་རྗེ། །རྣམ་གསུམ་སྙིང་ནས་འབོད་དོ་ཐུགས་རྗེས་དགོངས། །སྐལ་ལྡན་མོས་པའི་བུ་ལ་བྱིན་གྱིས་རློབས། །ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཆེན་ཕོབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ངག་ལ་ཚངས་དབྱངས་གསུང་གི་བྱིན་ཆེན་ཕོབས། །འགག་མེད་སྙིང་པོ་སྔགས་ཀྱི་དངོས་གྲུབ་སྩོལ། །ཡིད་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་ཕོབས། །ཉམས་རྟོགས་རྩལ་ཆེན་རྫོགས་པའི་དངོས་གྲུབ་སྩོལ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་བྱིན་ཆེན་ཕོབས། །འགྲོ་བའི་རེ་འདོད་སྐོང་བའི་དངོས་གྲུབ་སྩོལ། །ཕྲིན་ལས་ཐོགས་པ་མེད་པའི་བྱིན་ཆེན་ཕོབས། །བསམ་དོན་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །ཚེ་དང་ཆོས་སྲིད་དཔལ་འབྱོར་ལོངས་སྤྱོད་རྒྱས། །སྣང་སེམས་དབང་འདུས་འབྲེལ་ཚད་དགེ་ལ་སྦྱོར། །ནམ་ཞིག་འཕོས་ཚེ་འོག་མིན་མཁའ་སྤྱོད་ཞིང་། །རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་རུ། །སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཨོཾ་མ་ཧཱ་གུ་རུ། སརྦ་བུདྡྷ་བོདྷི་ས་ཏྭ། དེ་ཝ་ཌཱཀྐི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧོ། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །སོགས་ཤིས་པར་བརྗོད་པས་མཐའ་རྒྱན་པར་བྱའོ། །མཚུངས་བྲལ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་བཞིན་བྲིས་ནས་ཕུལ་བ་དགེའོ། །། །

བྱིན་རྒྱུད་འདྲེན་པའི་རྒྱང་འབོད།

༄༅། །བྱིན་རྒྱུད་འདྲེན་པའི་རྒྱང་འབོད། །རང་བྱུང་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །རྡོ་རྗེ་སེམས་དཔའ་དགའ་རབ་དཔའ་བོ་དང་། མཉྫུ་ཤྲཱི་དཔལ་ཀྱི་སེང་གེའི་ཞབས། །ཛྙཱ་ན་སུ་ཏྲ་བཱི་མ་ལ་མི་ཏྲ། །མཚོ་སྐྱེས་རྡོ་རྗེ་བཻ་རོ་ཉང་བན་སོགས། །ཐེག་མཆོག་རྡོ་རྗེ་རྩེ་མོའི་གསང་ལམ་ནས། །ཟག་མེད་འོད་སྐུར་གཤེགས་པའི་རིག་འཛིན་རྣམས། །མོས་ལྡན་བུ་ལ་ཐུགས་རྗེས་སྤྱན་གྱིས་གཟིགས། །སྲིད་པའི་བདེ་འབྱོར་རྨི་ལམ་ལྟར་མཐོང་ནས། །དབེན་པའི་གནས་སུ་ཚེ་གཅིག་བྱང་ཆུབ་ལམ། །དོན་དུ་གཉེར་པའི་བློ་ལ་བྱང་ཆུབ་སེམས། །རྩོལ་མེད་ངང་གིས་འབྱོངས་པར་བྱིན་གྱིས་རློབས། །དམ་པའི་དོན་སྟོན་རྡོ་རྗེའི་བླ་མ་ལ། །སངས་རྒྱས་ཉིད་དུ་མངོན་སུམ་མཐོང་བའི་བློས། །མོས་གུས་དད་པ་དྲག་པོས་རྒྱུད་བསྐུལ་ནས། །དོན་བརྒྱུད་དགོངས་པ་འཕོ་བར་བྱིན་གྱིས་རློབས། །སེམས་ཀྱི་དེ་ཉིད་འོད་གསལ་གཉུག་མའི་ཀློང། །རིག་སྟོང་རྗེན་པ་མཐའ་བྲལ་ཆོས་སྐུའི་ཞལ། །མཚན་མའི་སྒྲིབ་གཡོགས་དང་བྲལ་མངོན་སུམ་དུ། །ད་ལྟ་ཉིད་དུ་མཐོར་བར༴ །ཡུལ་དང་ཡུལ་ཅན་བྲལ་བའི་མཉམ་བཞག་ལ། །ཡེངས་སྒོམ་རེ་དོགས་མེད་པར་གོམས་པར་ལས། །ཆོས་ཅན་མཚན་མའི་སྒྲོ་འདོགས་ཀུན་ཟད་ནས། །བློ་ཡི་འཇུག་པ་ཞི་བར༴ །སྒྲིབ་པའི་སྤྲིན་ཚོགས་དབྱིངས་སུ་དག་པ་ལས། ལྷུན་གྲུབ་སྐུ་བཞིའི་དགོངས་པ་རང་ཤར་ཏེ། །མཁའ་ཁྱབ་འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་ཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །བཟང་ངན་ལས་ཀྱིས་འབྲེལ་བའི་ལུས་ཅན་རྣམས། །ཚེ་རབས་སྐྱེ་བའི་ཕྲེང་བ་གར་སྐྱེས་ཀྱང་། །དངོས་སམ་བརྒྱུད་ནས་ཐར་བའི་ལམ་ཉིད་དུ། །འདྲེན་པའི་བཤེས་གཉེན་བགྱིད་པར༴ དགྲ་གཉེན་ཡུལ་ལ་ཆགས་སྡང་མགོ་སྙོམས་ཤིང་། །རྟག་ཏུ་ཕན་པ་ཁོ་ན་ལྷུར་ལེན་ལས། །གཞན་གྱི་ཡིད་ལ་འཁྲུགས་སེམས་སྐད་ཅིག་ཀྱང་། །ནམ་ཡང་བསྐྱེད་འདོད་མེད་པར༴ ཆོས་བརྒྱད་ཚེ་འདིའི་སྣང་བས་མི་འཆིང་ཞིང་། །འདོད་ཆུང་ཆོག་ཤེས་བརྩོན་པའི་གོ་བགོས་ཏེ། །རི་གླིང་ནགས་ཁྲོད་ངེས་མེད་གནས་རྣམས་སུ། །སྒྲུབ་པའི་རྒྱལ་མཚན་ཚུགས་པར༴ རྙེད་དང་བསྐུར་སྟི་དོན་དུ་གཉེར་མིན་པར། །ལྷག་བའི་བསམ་པས་ཆོས་འདོད་སྐྱེ་བོ་ལ། །ཆོས་ཀྱི་སྙིང་་པོ་བྱང་ཆུབ་མཆོག་གི་སེམས། །སྟོན་ལ་སྐྱོ་ངལ་མེད་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བའི་རེ་འབྲས་གེགས་མེད་དུ། །ཡིད་བཞིན་འགྲུབ་པའི་ཕྲིན་ལས་བདག་ཉིད་ཀྱིས། །བསྒྲུབ་པར་ཞལ་གྱིས་བཞེས་ནས་དགེ་མཚན་གྱི། །མེ་ཏོག་ཆར་དུ་ཕོབས་ཤིག་ལྷག་པའི་ལྷ། །ཆུ་སྐྱེས་མིང་གིས་རང་སེམས་ལ། །སྐྱོ་དད་འདྲེས་པའི་དུས་སུ་བྲིས། །དགེའོ། །

བརྟན་བཞུགས་གསོལ་འདེབས་ཀྱི་ཚིག་དོན་ནོར་བུའི་ཕྲེང་བ།

༄༅། །བརྟན་བཞུགས་གསོལ་འདེབས་ཀྱི་ཚིག་དོན་ནོར་བུའི་ཕྲེང་བ་བཞུགས་སོ། །ན་མོ་ཛི་ན་པུ་ཏྲ་ཡེ། ཆོས་ཀུན་མཉམ་པར་གཟིགས་པའི་ཡེ་ཤེས་ཀྱིས། །ཐོག་མཐའ་བྲལ་བའི་དབྱིངས་སུ་བྱང་ཆུབ་ཀྱང་། །བརྩེ་དང་སྨོན་པའི་ཡེ་ཤེས་སྒྱུ་མའི་སྐུས། །སྲིད་མཐའི་བར་དུ་འགྲོ་ཀུན་སྐྱོངས་བར་མཛོད། །ཕུལ་བྱུང་མཁྱེན་པས་ཤེས་བྱ་ཀུན་གཟིགས་ནས། །ཟབ་མོའི་གནད་རྣམས་ཉུང་ངུའི་ཚིག་ལམ་དུ། །དྲིལ་བ་འདི་འདྲ་བདག་བློའི་ཡུལ་མིན་ཀྱང་། །བློ་ལྡན་རྣམས་ཀྱི་སྐྱེས་ཐོབ་མཁྱེན་རབ་ཀྱི། །རྣམ་དཔྱོད་རྩལ་གྱིས་ཁྱད་པར་ངོམས་པ་ལ། །སྤྲོ་བའི་གཏམ་འདི་མཁས་པས་སྨད་འོས་མིན། །དེ་ལ་བཀའ་དྲིན་མཚུངས་མེད་རྗེ་བླ་མ་ཉིད་ཀྱི་ཞལ་ནས་གསུང་བའི་བརྟན་བཞུགས་ཀྱི་ཤོ་ལོ་ཀ་གསུམ་པོ་འདིའི་དོན་ཉུང་ངུར་དཀྲོལ་བ་ལ། བདེན་པའི་སྟོབས་ཀྱིས་སྨོན་ཚིག་ནུས་ལྡན་དུ་བྱིན་གྱིས་རློབ་པ་དང་། བརླབ་བྱ་སྨོན་པའི་དོན་དངོས་སོ། །དང་པོ་ནི། ཨོཾ་སྭ་སྡི་ཞེས་པ་ཤིས་པར་བརྗོད་པའི་སྒོ་སྟེ་འདི་ནི་སྒྲ་ཡང་པ་ཞིག་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་སྦྱར་ཇི་ལྟར་བྱས་ཀྱང་རུང་བ་ཞིག་ཡིན་ཀྱང་དོན་ལ་ནི་དགེ་ཞིང་ཤིས་པར་བྱེད་པའི་དོན་ནོ། །གང་ཞིག་ན་དོན་དུ་གཉེར་བ་སྨོན་པའི་ལམ་མོ། །གང་གིས་ན་བདེན་པའི་སྟོབས་ལ་བརྟེན་ནས་སོ། །ཚུལ་ཇི་ལྟར་ན་དབང་པོ་དྲུག་གི་ཡུལ་དུ་གཞན་དབང་རྟེན་ཅིང་འདྲེལ་བར་འབྱུང་བའི་རང་བཞིན་དུ་སྣང་བ་ལ། ཀུན་ཏུ་བཏགས་པའི་བློས་རང་དང་སྤྱིའི་མཚན་ཉིད་དུ་སྒྲོ་བཏགས་པའི་ཆོས་ཐམས་ཅད་ཇི་ལྟར་སྣང་ཞིང་བཏགས་པའི་དོན་དེ་ལྟར་རང་གི་ངོ་བོས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ་ཡོངས་གྲུབ་དོན་དམ་པའི་བདེན་པ་དམིགས་པ་མཐའ་དག་དང་བྲལ་བའི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་། ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་ཟབ་ཞི་སྤྲོས་པ་དང་བྲལ་བའི་ངོ་བོར་མཉམ་པ་ཉིད་དུ་སྦྱོར་བའི་འཕགས་ལམ་དོན་གྱི་འོད་གསལ་གང་ཞིག །གཞི་དུས་ཀྱི་འོད་གསལ་དང་། ལམ་དུས་དཔེ་ཡི་འོད་གསལ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་མཆོག་གི་སྒྲས་བསྟན་ཅིང་། དེ་ཉིད་ངེས་དོན་གྱི་རྡོ་རྗེ་སེམས་དཔའ་དང་། རྟོགས་པ་ཀུན་ཏུ་བཟང་པོ་དང་། མཐར་ཐུག་དེ་ཁོ་ན་ཉིད་སྟོན་པའི་བླ་མ་དམ་པ་རྣམས་ཀྱང་སྒྲ་ཇི་བཞིན་པར་ཡིན་པས་ལྡོག་ཆས་ཐ་དད་དུ་ཕྱེ་བ་ཙམ་ལས་འོད་གསལ་དོན་དམ་བདེན་པའི་ངོ་བོར་དབྱེར་མི་ཕྱེད་པའི་ཚུལ་རང་རིག་མངོན་སུམ་གྱིས་མངོན་དུ་མཛད་པའི་བདེན་པས་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་ཞབས་ཀྱི་པདྨོ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་དུ་ཕྱི་ནང་གི་རྐྱེན་གང་གིས་ཀྱང་མི་གཡོ་བར་བསྐལ་པའི་བར་དུ་རྟག་བརྟན་གཞོམ་གཞིག་དང་བྲལ་བར་བཞུགས་པར་གྱུར་ཅིག་ཅེས་པའོ། །ཚུལ་འདི་ནི་བདེན་པ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། བརྡར་བཏགས་པའི་དཀོན་མཆོག་གསུམ་ལས་ཁྱད་པར་དུ་གྱུར་པའི་དོན་དམ་པའི་དཀོན་མཆོག་གསུམ་བླ་མ་དང་བཅས་པ་མངོན་སུམ་དུ་གྱུར་པའི་བདེན་པ་ཡིན་པས་སོ། །དེ་སུ་ཞིག་གིས་མངོན་དུ་གྱུར་པའི་བདེན་པ་ཡིན་ཅེ་ན། སྨོན་ལམ་གྱི་ཚིག་བྱེད་པ་པོ་རང་ཉིད་ཀྱིས་སོ། །འདི་ནི་འཐད་པ་དང་བཅས་པ་སྟེ་སྔོན་གྱི་དུས་སུ་རྒྱལ་པོ་གཙུག་ན་ནོར་བུ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་སོགས་པས་རང་རང་གི་རྟོགས་པའི་བདེན་པས་རང་ཉིད་འཚོ་ཞིང་གཞེས་པ་དང་། དེར་མ་ཟད་སྔགས་དང་ཆོ་གའི་རིགས་རྣམས་ཐམས་ཅད་རང་རང་གི་ལས་འགྲུབ་པར་བྱིན་གྱིས་རློབ་པའི་ནུས་པ་དེ་དག་ནི་བྱེད་པོ་སོ་སོ་ལ་ཡོད་དགོས་པས་སོ། །རྗེས་འཇུག་གཞན་གྱིས་ཀྱང་རང་རང་གི་རྟོག་པས་སྦྱར་བ་ཞིག་ལས་བདེན་ཚིག་གིས་བྱིན་གྱིས་བརླབས་ཟིན་པའི་སྨོན་ཚིག་དེ་ཉིད་བརྗོད་པ་འབྲས་བུ་ཆེ་སྟེ་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོན་ལམ་མཛད་པ་རྗེས་སུ་ཟློས་པ་ཇི་ལྟ་བ་བཞིན་ནོ། །གཉིས་པ་སྨོན་པའི་དོན་དངོས་ལ། གནས་སྐབས་རྩ་རླུང་ཐིག་ལེའི་གནད་ལ་བརྟེན་ནས་བཞུགས་པར་སྨོན་པ་དང་། མཐར་ཐུགས་དྭངས་མ་འོད་གསལ་གྱི་སྐུ་འགྲུབ་སྟེ་འཇའ་ལུས་འཕོ་བ་ཆེན་པོར་བཞུགས་པར་སྨོན་པའོ། །དང་པོ་ནི་རྡོ་རྗེའི་ཐེག་པའི་ལམ་མཐའ་དག་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བ་ཅན་ཡིན་པས། བུམ་དབང་གི་ལམ་ཐ་མལ་གྱི་མཚན་རྟོག་སྡོམ་པའི་བསྐྱེད་རིམ་གྱི་ཆོ་ག་སྔོན་དུ་གྲུབ་ཟིན་པའི་གང་ཟག་གིས་གསང་དབང་གི་ལམ་རླུང་གི་དེ་ཉིད་སྒོམ་པའི་ཐབས་ལ་གནད་དུ་བསྣུན་པས་རྩ་གཙོ་མོ་གསུམ་དང་འཁོར་ལོ་བཞི་ལས་གྱེས་པའི་ལུས་རྩ་ཡི་དཀྱིལ་འཁོར་ཐམས་ཅད་དུ་ཁྱབ་པར་རྒྱུ་བའི་རྩ་བ་དང་ཡན་ལག་གི་རླུང་དུ་གྲགས་པ་ཐབས་ཀྱིས་མ་ཟིན་ན་མ་དག་འཁོར་བའི་སྣང་བ་ཐམས་ཅད་བསྐྱེད་པའི་རྒྱུ་དང་རྐྱེན་དུ་འགྱུར་ཞིང་། ཐབས་ཀྱིས་ཟིན་ན་དག་པ་མྱ་ངན་ལས་འདས་པའི་སྣང་བ་མཐའ་དག་བསྐྱེད་པའི་རྒྱུ་རྐྱེན་དུ་འགྱུར་བའི་རླུང་དེ་དག་དང་། དེ་ལ་བརྟེན་པའི་སེམས་རྟོག་འཁྲུལ་བའི་ཤེས་པ་ཡུལ་ལ་གཡོ་བ་མཐའ་དག་ངྷུ་ཏི་ཞེས་པ་ཡོན་ཏན་ཅན་ལ་ཡོན་ཏན་གྱི་མིང་གིས་བཏགས་པ་གཉིས་སྤངས་དབུ་མའི་གཞན་དབང་དུ་གྱུར་པ་སྟེ་བྱེད་པ་བཅིང་པའི་ཐབས་ཀྱིས་དབུ་མར་ཞུགས་གནས་ཐིམ་པའི་རིམ་པས་ཚུད་ཅིང་ལས་སུ་རུང་བ་ན་སྣང་གསུམ་གྱིས་དྲངས་པའི་དཔེའི་འོད་གསལ་འཆར་རོ། །དེ་ལྟར་རླུང་ལས་སུ་རུང་བའི་སྟོབས་ཀྱིས་དབང་གསུམ་པའི་ལམ་ཁམས་ཀྱི་ཞུ་བདེ་ལས་དགའ་བཞིའི་ཡེ་ཤེས་བསྐྱེད་པ་སྟེ། དེ་ཡང་ནང་གི་ཉི་མ་ཞེས་པ་གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་སྟེ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མའི་རྗེས་ཆགས་ཀྱི་མེ་སྦར་བས། དེར་གནས་སྐབས་སེམས་རྟོག་རགས་པ་བཅོམ་པའི་ཕན་པ་དང་དགའ་བ་ལ་སོགས་པ་གསུམ་དང་མཐར་ཐུག་ལྷན་སྐྱེས་ཀྱི་བདེ་བའི་དཔྱིད་དེ་ཕུན་སུམ་ཚོགས་པའི་དཔལ་སྦྱིན་པར་མཛད་པའི་ཟླ་བ་སྟེ་ཧེ་རུ་ཀའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཞུ་བའི་བཏུང་བ་སྟེ་ཁུ་བའི་དྭངས་མ་རྣམས་ཡས་རིམ་གྱིས་འཁོར་ལོ་བཞིར་དབབ་པའི་འགྲོས་ཀྱི་རྒྱུན་མས་ལམ་གྱི་མཐའ་སྟེ་གསང་བའི་སྣ་རྩེའི་བར་དུ་སོང་ནས་སླར་ཡང་བཟུང་བ་དང་ལྡོག་པའི་སྦྱོར་བས་འཛགས་མེད་ཀྱི་ཚུལ་ཁྲིམས་ཡོངས་སུ་རྫོགས་ཏེ་སེངྒེ་རྣམ་པར་རོལ་བའི་ཕྱག་རྒྱས་འགྲེམ་པ་དང་ཁྱབ་པའི་སྦྱོར་བས་མས་རིམ་ནས་གཙུག་ཏོར་ནམ་མཁའི་འཁོར་ལོའི་བར་གྱི་བགྲང་བའི་མཐའ་ཡས་པའི་རྩ་བ་དང་ཡན་ལག་གི་རྩའི་འཁོར་ལོ་རྣམས་སུ་དུས་རྟག་ཏུ་མི་ཉམས་པར་བརྟན་པར་གྱུར་ཅིག་སྨོན་པའོ། །དེ་ལ་དུས་མ་ཡིན་པར་འཆི་བ་དང་ཚེའི་འདུ་བྱེད་བྲི་བར་བྱེད་པ་དག་ནི་ཕལ་ཆེར་ཁམས་ཀྱི་ཐིག་ལེ་ཉམས་པ་དང་ཟད་པ་དག་ལས་འབྱུང་ལ་དེའི་དབང་གིས་རྩ་ཐིག་གི་གནད་རྣམས་འཕྱུག་པར་གྱུར་ན་སྐྱེས་བུ་དམ་པ་རྣམས་ལ་ནི་ཕྱི་ནང་གི་གནས་ཡུལ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་འཁྲུགས་ནས་བསུན་ཁ་ལྡང་ཞིང་ཕལ་པ་དག་ཀྱང་ཚེ་ཡི་འདུ་བྱེད་འཇིག་པའི་རྒྱུར་འགྱུར་རོ། །གལ་ཏེ་ཐིག་ལེ་འཛགས་མེད་དུ་བརྟན་པ་དང་འཕེལ་ཞིང་རྒྱས་པར་གྱུར་ན་ནི་ཕྱི་ནང་གི་འབྱུང་བའི་བཅུད་ལེན་དུ་གྱུར་ནས་བགྲེས་རྒུད་བྲལ་བའི་ལང་ཚོ་དང་གཞོམ་གཞིག་བྲལ་བའི་ཚེ་སྲོག་ལ་དབང་ཐོབ་པར་འགྱུར་བ་ཡིན་པས་དེའི་གནད་ཀྱིས་སོ། །གཉིས་པ་ནི་དེ་ལྟར་རླུང་ལས་སུ་རུང་བས་ཁམས་ཀྱི་ཞུ་བདེ་བསྐྱེད། འཛགས་མེད་ཀྱི་བདེ་བ་ཆེན་པོ་སྟོབས་སུ་གྱུར་པས་སེམས་ཀྱི་ཆ་ལ་བརྟེན་པའི་སྙིགས་མའི་ལུས་ངག་ཡིད་གསུམ་གྱི་ཁམས་ཟད་དེ་གསེར་འགྱུར་གྱི་རྩིས་ལྕགས་ཁམས་གསེར་དུ་བསྒྱུར་བའམ། མེ་དྲོད་ཀྱིས་ཆབ་རོམ་ཆུར་ཞུ་བ་ལྟར། རིག་པའི་ཆ་ལ་བརྟེན་པའི་རྡོ་རྗེ་གསུམ་གྱི་ཡོན་ཏན་མངོན་དུ་གྱུར་ནས་དབང་བཞི་པའི་ངོ་བོ་དྭངས་མ་འོད་གསལ་གྱི་སྐུར་གནས་འགྱུར་བ་ནི། གནས་ལུགས་དོན་དམ་པའི་བདེན་པ་ཀ་ནས་དག་པ་སྟེ་གདོད་མ་ནས་གློ་བུར་གྱི་ཆོས་རྣམས་ཀྱིས་གོས་མ་མྱོང་བའི་ཟབ་མོ་སྟོང་པ་ཉིད་དང་། སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་རྟེན་ཅིང་འདྲེལ་བར་འབྱུང་བའི་རང་བཞིན་ཡེ་ནས་ལྷུན་གྱིས་གྲུབ་ཅིང་འབྲལ་མི་ཤེས་པའི་སངས་རྒྱས་ཀྱི་ཆོས་རྒྱ་ཆེ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བ་ཐམས་ཅད་དེ། དེ་དག་ལ་གང་ཞིག་ཡུལ་དང་ཡུལ་ཅན་ནམ། ཆོས་ཉིད་དང་ཆོས་ཅན་ནམ། སྣང་བ་དང་སྟོང་པའམ། ཀུན་རྫོབ་དང་དོན་དམ་མམ། རྒྱུ་དང་འབྲས་བུ་སོགས་མདོར་ན་གཉིས་བཅས་ཐ་དད་དུ་འཛིན་པའི་བློའི་མཐའ་ཐམས་ཅད་ཡོངས་སུ་སྤངས་ཏེ། ཀ་དག་སྟོང་པའི་འོད་གསལ་དང་། ལྷུན་གྲུབ་སྣང་བའི་འོད་གསལ་གཉིས་མ་སྤང་ཟུང་དུ་འཇུག་པའི་དྭངས་མ་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་ནས། རང་བཞིན་རྫོགས་པ་ཆེན་པོའི་གྲུབ་མཐའ་སྙོགས་ཏེ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་དང་། པདྨ་འབྱུང་གནས། བི་མ་ལ་མི་ཏྲ་སོགས་ཟུང་འཇུག་རྡོ་རྗེའི་སྐུ་མཆོག་བརྙེས་པའི་རིག་པ་འཛིན་པ་ཆེན་པོ་རྣམས་ཇི་ལྟ་བ་བཞིན་དུ་སྲིད་པ་འདི་ཇི་སྲིད་གནས་ཀྱི་བར་དུ་གཟུགས་སྐུ་ཡེ་ཤེས་ཀྱི་སྣང་བ་གཞོམ་བྲལ་རྡོ་རྗེའི་ཁམས་སུ་རྟག་པར་བརྟན་ནས་ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་རྒྱུན་མི་འཆད་པར་བསྐོར་བཞིན་དུ་བཞུགས་པར་གྱུར་ཅིག་ཅེས་པའོ། །དེ་ལྟར་འཕགས་ལམ་མངོན་དུ་མཛད་ནས་བཟུང་སྟེ་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཐམས་ཅད་ཟད་པས་འཆི་བདུད་ཀྱི་རྒྱུ་བ་མེད་ཅིང་འཆི་བདག་གི་གཡུལ་ལས་རྒྱལ་ནས། ཚེ་དང་ཡེ་ཤེས་དང་སྨོན་ལམ་དང་མོས་པ་སོགས་ལ་དབང་འབྱོར་བ་ཡིན་པས་ཇི་ལྟར་འདོད་པ་བཞིན་དུ་བཞུགས་ནུས་པ་ཡིན་ནོ། །སྨྲས་པ། བཤད་ཡམ་ཚིག་གི་མཐའ་ལ་མ་འཁྱམས་པར། །ཚིག་དོན་གནད་ཀྱི་མན་ངག་ནོར་བུའི་ཕྲེང་། །ལེགས་བཤད་གསེར་གྱི་སྐུད་པར་བརྒྱུད་པ་འདི། །དཔྱོད་ལྡན་སྒེག་མོའི་རྒྱན་དུ་འོས་སམ་སྙམ། །འདི་ལས་བྱུང་བའི་རབ་དགེ་དྲི་མེད་དེས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པའི་རྩ་ལག་ཀུན་མཁྱེན་ཡབ་སྲས་བཅས། །ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག །ཅེས་པའང་རྗེ་བླ་མའི་གསུང་གི་བདུད་རྩིས་འཚོ་བའི་ཐ་ཤལ་བ་པདྨ་བཛྲ་པས་བྲིས་པ་དགེ་བར་གྱུར་ཅིག །མངྒ་ལཾ། །

ཞབས་བརྟན་གྱི་གསོལ་འདེབས་ཚིགས་སུ་བཅད་པ་དྲང་སྲོང་གྲུབ་པའི་བདེན་ཚིག

༄༅། །ཞབས་བརྟན་གྱི་གསོལ་འདེབས་ཚིགས་སུ་བཅད་པ་དྲང་སྲོང་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས། །ཨོཾ་སྭ་སྟིཿ མཆོག་གསུམ་རྒྱལ་བ་སྲས་བཅས་བདེན་པའི་མཐུས། །རྒྱལ་བའི་སྲས་ཁྱོད་ཐུབ་པའི་དབང་པོ་ཡི། །བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་མཛོད། །འཛིན་པའི་བཤེས་གཉེན་མཆོག་ཏུ་ཞབས་བརྟན་གསོལ། །ས་གསུམ་འགྲོ་བའི་ཕན་བདེ་འབྱུང་བའི་གནས། །བསྟན་པའི་སྙིང་པོ་རིན་ཆེན་བྱང་ཆུབ་སེམས། །སྟོན་བྱེད་ཟབ་དང་རྒྱ་ཆེའི་གཞུང་ལུགས་ཀུན། །སྨྲ་བའི་ཉི་མ་མཆོག་ཏུ་ཞབས་བརྟན་གསོལ། ཁྱད་པར་ངེས་གསང་ཐེག་མཆོག་རྫོགས་པ་ཆེའི། །རིང་ལུགས་འགྱུར་མེད་བཀའ་གཏེར་རྒྱ་མཚོའི་གཞིར། །བཤད་སྒྲུབ་གསེར་གྱི་འཁོར་ལོས་དབང་བསྒྱུར་པའི། །འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། །གང་གི་གསང་གསུམ་གཡོ་མེད་རྡོ་རྗེའི་ཁམས། །ཚེ་མཐའ་ཡས་པའི་ངོ་བོར་རྟག་བརྟན་ཅིང་། །ཕྲིན་ལས་ནམ་མཁའི་ཕ་མཐར་ཁྱབ་པ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་རྒྱས་པར་ཤོག །ཅེས་པ་འདི་ནི་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་བ་༧རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱི་སྤྲུལ་བའི་ཟློས་གར་གཉིས་པ་གང་གིས་ཐར་བའི་རྒྱལ་མཚན་ངུར་སྨྲིག་གི་ན་བཟའ་ཐོག་མར་བཞེས་པའི་སྐབས་སུ་ཕུལ་བའི་མཚན་དོན་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་ཤཱཀྱའི་དགེ་སློང་པདྨ་དམ་ཆོས་འོད་ཟེར་གྱིས། དཔལ་གྱི་སེངྒེ་རིའི་ཐུབ་བསྟན་ཉིད་བྱེད་གླིང་གི་ཆོས་གྲྭར་ཡོངས་འཛིན་ཐུབ་བསྟན་འོད་ཟེར་གྱིས་བསྐུལ་བ་ལ་བརྟེན་ནས་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་ཤུ་བྷམ། །

མར་མེའི་སྨོན་ལམ་ཉུང་ངུ།

༄༅། །མར་མེའི་སྨོན་ལམ་ཉུང་ངུ་བཞུགས། །ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན། །དཀོན་མཆོག་རིན་ཆེན་རྣམ་གསུམ་རྟེན་དང་བཅས། །བསོད་ནམས་བསགས་པའི་ཞིང་མཆོག་བཞུགས་སོ་འཚལ། །མ་ལུས་དེ་དག་ཀུན་གྱི་སྤྱན་ལམ་དུ། །སྣང་གསལ་མར་མེའི་མཆོད་པ་འདི་འབུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མ་རིག་གཏི་མུག་མུན་པ་ཀུན་བསལ་ནས། །ཀུན་མཁྱེན་ཡེ་ཤེས་སྣང་བ་མཐོང་བར་ཤོག །མར་མེའི་སྨོན་ལམ་ཉུང་ངུ་འདི་ནི་པདྨ་བཛྲ་པས་བྲིས་སོ། །ཨོཾ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་ས་མ་ཏི་ཧཱུྃཿ དབྱིངས་རིག་དབྱེར་མེད་བདེ་ཆེན་རྩལ། །སྲིད་ཞི་ཀུན་ཁྱབ་མཆོད་པའི་སྤྲིན། །བསང་མཆོད་འདོད་ཡོན་མཁོ་དགུའི་ཆར། །མི་བཟད་རྒྱན་གྱི་འཁོར་ལོར་ཤར། །མཆོད་ཡུལ་མཉེས་ཤིང་སྦྱིན་ཡུལ་ཚིམ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་། །རེ་དོགས་གཟུང་འཛིན་དབྱིངས་སུ་དག །གདོད་མའི་གཞི་ལ་གྲོལ་པར་ཤོག །ས་མ་ཡ། རྒྱ་རྒྱ་རྒྱ། བྱ་བྲལ་པདྨ་བཛྲ་པས་སོ། །དགེའོ། །


previousབརྒྱུད་འདེབས་བླ་རྣལ་གྱི་སྐོར་ཚོ། next