Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།


   
  expand section
  expand section
  collapse section
   
   
   
   
   
   
   
   
   
སྨན་བཙུན་ཚེ་རིང་མཆེད་ལྔའི་འཁྲུགས་བསྐང་བར་ཆད་ཀུན་སེལ།
   


 
previousསྨན་བཙུན་ཚེ་རིང་མཆེད་ལྔའི་འཁྲུགས་བསྐང་བར་ཆད་ཀུན་སེལ།next

སྨན་བཙུན་ཚེ་རིང་མཆེད་ལྔའི་འཁྲུགས་བསྐང་བར་ཆད་ཀུན་སེལ།

༄༅། །སྨན་བཙུན་ཚེ་རིང་མཆེད་ལྔའི་འཁྲུགས་བསྐང་བར་ཆད་ཀུན་སེལ་བཞུགས་སོ། །ཚེ་རིང་མཆེད་ལྔའི་འཁྲུགས་བསྐང་ནི། །གཏོར་མ་གསེར་སྐྱེམས་ཁྲག་ཆང་འོ་ཕུད། །སྐུ་གླུད་ནམ་མཁའ་མདའ་འཕང་རྒྱང་བུ། །སྲོག་ཆགས་ཀྱི་མདངས་སོགས་རྒྱས་བསྡུས་ཇི་ལྟར་འབྱོར་པ་བཤམས་ནས་འདི་སྐད་དོ། ཀྱཻ འོད་གསལ་ཆོས་སྐུའི་ཀློང་ཡངས་ནས། །ཡེ་ཤེས་རང་སྣང་རོལ་བའི་ཡུམ། །སྲིང་གཅིག་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་སྤྲུལ་པ་ཡང་སྤྲུལ་བཅས། །ཡི་དམ་ལྷ་དང་དབྱེར་མེད་པའི། །དཔལ་ཆེན་པདྨ་ཐོད་ཕྲེང་གི །བཀའ་བསྒོས་ཐ་ཚིག་རྗེས་དགོངས་ལ། །བསྐང་བའི་གནས་འདིར་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །མི་ཤེས་རྨོངས་འཁྲུལ་བག་མེད་པས། །སྒོ་གསུམ་ཉེས་པའི་དབང་གྱུར་ཏེ། །ཁྱེད་རྣམས་ཐུགས་འགལ་འཁྲུགས་སྲིད་ན། །འདོད་ཡོན་ཚོགས་ཀྱི་མཆོད་པ་དང་། །མཐུན་པའི་དམ་རྫས་མདོས་གླུད་བཅས། །དངོས་བཤམས་ཡིད་ལས་བྱུང་བ་རྣམས། །ནམ་མཁའ་གང་བར་སྤེལ་ཏེ་མཆོད། །དད་གུས་གདུང་བའི་ཤུགས་བསྐྱེད་དེ། །གནོད་འགྱོད་དྲག་པོས་མཐོལ་བཤགས་ན། །ཡེ་ཤེས་ཐུགས་རྗེས་བརྩེར་དགོངས་ནས། །བཟོད་ཅིང་ཚངས་པ་རྩལ་དུ་གསོལ། །གཏོར་མ་སྨན་ཕུད་རཀྟ་དང་། །སྤྱན་གཟིགས་དཀོར་ཆས་ཐུགས་དམ་བསྐང་། །སྨྲ་མཁས་འཇོ་སྒེག་ལྡན་པའི་གླུད། །སྲིད་ཞིའི་འབྱོར་བ་རྫོགས་པས་བསྐང་། །སྣ་ཚོགས་དར་གྱི་གཡབ་མོ་དང་། །དྲི་ཞིམ་སྤོས་ཀྱི་དུད་པས་བསྐང་། །མེ་ཏོག་རྒྱན་ཕྲེང་སྣང་གསལ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་། །རྐང་གླིང་ཐོད་རྔ་ཅང་ཏེའུ་དང་། །པི་ཝཾ་སྙན་པའི་དབྱངས་ཀྱིས་བསྐང་། །གླུ་གར་ཕྱག་རྒྱ་རོལ་མོ་དང་། །ལྟ་སྤྱོད་ཏིང་འཛིན་དག་པས་བསྐང་། །ཉམས་ཆག་འགལ་འཁྲུལ་དབྱིངས་སུ་སོལ། །ཕྱི་ནང་གསང་བའི་བར་ཆད་བཟློག །ཐུགས་ཉིད་ཞི་བ་ཆེན་པོའི་ཀློང་། །བཟོད་བཞེས་ཚངས་པའི་དངོས་གྲུབ་སྩོལ། ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་སྨན་བཙུན་འཁོར་བཅས་དགྱེས་པའི་མདངས་ཕྱུང་ནས་སྐུའི་ཆ་ལས་འོད་ཟེར་དཀར་པོ་སྤྲོས་ཏེ་བདག་དང་སྲུང་བྱ་རྣམས་ལ་ཕོག་པས་ཉམས་ཆགས་ཉེས་ལྟུང་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ལྷག་མེད་དུ་དག་ནས་བདེ་སྟོང་གི་ཉམས་ཁྱད་པར་ཅན་བསྐྱེད་པར་བསམ། །མཐར་གནས་ལུགས་ཀྱི་དགོངས་པའི་ངང་ལ་བཞགས་པས་ཉམས་ཆགས་སྐོང་ཞིང་རྟོག་སྒྲིབ་དག་པའི་ཐབས་མཆོག་ཏུ་འགྱུར་རོ། །ཅེས་པའང་པདྨ་བཛྲ་པས་སོ། །དགེའོ།། །།


previousསྨན་བཙུན་ཚེ་རིང་མཆེད་ལྔའི་འཁྲུགས་བསྐང་བར་ཆད་ཀུན་སེལ།next