Nitartha Digital Library
Tibetan
 
previousགནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་འདོད་པའི་རེ་བསྐོང་ཡིད་བཞིན་ནོར་བུ།no next

གནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་འདོད་པའི་རེ་བསྐོང་ཡིད་བཞིན་ནོར་བུ།

༄༅། །གནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་འདོད་པའི་རེ་བསྐོང་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས། །ཧྲཱིཿ རིག་སྟོང་ཆོས་སྐུའི་ངང་ལས་གཟུགས་ཀྱི་སྐུ། །འཁོར་འདས་དབང་བསྒྱུར་པདྨ་རྒྱལ་པོ་ཡི། །རྣམ་རོལ་མཁའ་ལ་འཇའ་ཚོན་ཤར་བ་ལྟར། །དབང་དྲག་ཕྲིན་ལས་བྱེད་པོར་ལྷུན་གྱིས་གྲུབ། །མདུན་དུ་རླུང་སེམས་དག་པའི་རྟེན་འབྲེལ་ལས། །ཤར་བའི་གནས་མཆོག་དམ་ཅན་འདུ་བའི་ཞིང་། །བཙན་བྲག་དམར་པོ་མེ་ལྟར་འབར་བའི་ངོས། །ལྗོན་ཤིང་འབབ་ཆུ་མེ་ཏོག་བཀྲ་བའི་གླིང་། །བྱ་གཅན་འཇིགས་རུང་གསར་རྙིང་རོ་ལ་རྔམས། །བཙན་གྱི་བཤུགས་པ་སྨན་མོའི་གླུ་བྲོ་དང་། །རྒྱལ་པོའི་འདུ་ཚོགས་རྒྱུད་མི་འཆད་བ་དེར། །ཟངས་མཁར་རྩེ་དགུ་དགུང་ལ་བསྙེགས་འདྲ་བ། །བྱེ་རུའི་བ་གམ་གསེར་གཡུའི་ལན་སྐན་ཅན། །སྟག་གཟིགས་རྒྱལ་མཚན་མི་མགོ་ཙིཏྟའི་ཏོག །སྣ་ཚོགས་གོས་ཀྱི་བླ་བྲེ་འཕན་འཕུར་ལྡིང་། །སྲིད་འབྱོར་རྫོགས་པའི་དཀོར་མཛོད་བྱེ་བས་གཏམས། །དེ་མདུན་སྡེ་བརྒྱད་འདུས་པའི་ཟངས་ཐང་ལ། །བཙན་རྟ་དམར་པོ་ཀློག་དམར་འཁྱུག་འདྲའི་སྟེང་། །པདྨའི་བཀའ་ཉན་བསྟན་སྲུང་དྲེགས་པའི་གཙོ། །གནོད་སྦྱིན་རྒྱལ་པོ་ཙིའུ་དམར་པོ་ཞེས། །ཁྲབ་རྨོག་འཁོར་གསུམ་མདུང་དམར་ཞགས་བ་ཅན། །འཁོར་དུ་རང་འདྲའི་བཙན་རྒོད་དྲུག་གི་མཐར། །ཡང་འཁོར་སྡེ་བརྒྱད་ཡུལ་ལྷ་བརྟན་མའི་ཚོགས། །ཤིག་ཤིག་ཟིངས་ཟིངས་དར་འཕྲུ་རྒོད་འཕྲུ་འཕུར། །སྣ་ཚོགས་དར་གྱི་རུ་མཚོན་ཚུབས་སེ་ཚུབས། །བཀུ་བསྭོ་བཤུགས་པའི་ཆ་སྒྲ་དི་རི་རི། །སྔགས་འཆང་བདག་གི་དམ་ཚིག་མགྲོན་དུ་གཉེར། ཧྲཱིཿ རྒྱལ་བའི་བསྟན་སྲུང་དམ་ཉམས་སྲོག་གི་གཤེད། །ཙིའུ་དམར་པོ་རོལ་པ་རྐྱ་བདུན་ཚོགས། །སྔོན་ཚེ་རྒྱལ་དབང་པདྨ་ཐོད་ཕྲེང་གིས། །དམ་ལ་བཞག་པའི་ཐ་ཚིག་རྡོ་རྗེའི་རྒྱ། །མི་འབྲལ་གཙུག་ཏུ་བཟུང་བའི་གཡར་དམ་དེ། །ད་ལྟར་དམ་ལྡན་རྣལ་འབྱོར་བདག་གིས་བསྐུལ། །དམ་ལས་མ་འདའ་དམ་ཚིག་རྟེན་ལ་བྱོན། །ཕྱི་ནང་གསང་བའི་དམ་རྫས་དགྱེས་རོལ་ལ། །དམ་བཅས་བཞིན་དུ་བཅོལ་པའི་ཕྲིན་ལས་མཛོད། ཧྲཱིཿ ཁྱད་པར་རྨད་བྱུང་མཆོད་པའི་ཐབས་ཆེན་པོ། །འབར་བའི་མེ་ལ་སྨན་ཤིང་བདུད་རྩི་ཅན། །སྣ་ཚོགས་སྤོས་དང་སྤོས་དཀར་དར་ཟབ་འབྲུ། །སྟག་རས་གཟིག་རས་དཀར་དམར་ཇ་ཆང་ཕུད། །གསེར་སྐྱེམས་གཡུ་སྐྱེམས་བཟའ་བཅའ་བཏུང་བའི་རིགས། །མི་རྟའི་ཤ་ཁྲག་གྲི་སྙིང་ར་ཚིལ་བཅས། །བསྲེགས་པའི་དུད་སྤྲིན་ནམ་མཁའི་དབྱིངས་ཁྱབ་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པས། །རྣམ་པ་མཆོད་རྫས་བསྐང་རྫས་བསྒྲུབ་པའི་རྫས། །མི་ཟད་ནམ་མཁའ་མཛོད་དུ་སྤེལ་ཞིང་མཆོད། །ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ཡི། །ནུས་པས་མཐོང་ཐོས་སྣོམ་དང་མྱོང་བ་དང་། །རེག་པའི་མོད་ལ་དབང་པོའི་ཤེས་པ་རྣམས། །བདེ་ཆེན་དགའ་བཞིའི་རོ་ཡིས་མྱོས་གྱུར་ཏེ། །མི་གཙང་ཉམས་གྲིབ་འཁོན་འཛིན་དབྱིངས་སུ་བསངས། །ཉོན་ཤེས་འཁྲུལ་པའི་བག་ཆགས་གཞི་ལ་དག །གསང་གསུམ་ཕྲིན་ལས་ནུས་བྱིན་མེ་ལྟར་འབར། །དགྱེས་པའི་ཞལ་འཛུམ་ཟླ་བ་ལྟར་ངོམས་ཤིང་། །རྣམ་བཞིའི་ལས་ཀུན་མྱུར་མགྱོགས་བྲན་ལྟར་སྒྲུབས། །ཁྱད་པར་མཆོག་གི་ཕྲིན་ལས་བཅོལ་བ་ནི། །བསྟན་སྲུང་དྲེགས་པའི་སྡེ་དཔོན་འཁོར་བཅས་ཀྱིས། །བདུད་རྩི་བསང་གི་མཆོད་པ་འདི་བཞེས་ལ། །དབེན་པར་ཆོས་བཞིན་སྒྲུབ་པའི་རྣལ་འབྱོར་གྱི། །རིམ་གཉིས་ཏིང་འཛིན་སྒོམ་པའི་ཁང་བུ་རུ། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་ཀ་བ་ཚུགས། །རྩེ་གཅིག་ཞི་བར་གནས་པའི་བསམ་གཏན་ལ། །ལྷག་མཐོང་ཡེ་ཤེས་གསལ་བའི་འཆར་སྒོ་ཕྱེས། །བྱིང་རྒོད་རྟག་ཆད་སྐྱོན་གྱི་མུན་པ་ཀུན། །དྲན་ཤེས་གསལ་བའི་འོད་ཀྱིས་དྲུང་ནས་ཕྱུང་། །ས་བཅུ་ལམ་ལྔའི་སྤང་རྟོགས་ཡོན་ཏན་ཀུན། །ཡར་ངོའི་ཟླ་བཞིན་གོང་ནས་གོང་འཕེལ་མཛོད། །རང་རྒྱུད་ཆོས་ཀྱིས་ཐུལ་བའི་སྤྱོད་ལམ་གྱིས། །གཞན་སྣང་དགེ་ལ་བསྒྱུར་བའི་རྟེན་འབྲེལ་བསྒྲིགས། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པའི་རྐྱེན། །ང་རྒྱལ་ཁེངས་པའི་རི་བོ་རྩེ་ནས་བསྙིལ། །འདོད་སྲེད་ཞེན་པའི་རྒྱ་མཚོ་གཏིང་ནས་སྐོམས། །རྨོངས་པའི་མུན་པ་མིང་གི་ལྷག་མར་ཐོངས། །ཆོས་བརྒྱད་རྟོག་པའི་ས་བོན་ཕྱེ་མར་རློག །རྣམ་གཡེང་འདུ་འཛིའི་སྦུར་མ་རླུང་ལ་སྐུར། །མགོ་སྐོར་བདུད་ཀྱི་བསླུ་བྲིད་མཚང་ནས་རྡོལ། །ཚེ་གཅིག་སངས་རྒྱས་འགྲུབ་པའི་ཉེ་ལམ་སྟོན། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །གནས་སྐབས་འཚོ་བའི་ཟས་གོས་ནོར་དང་སྤྲོད། །སྒྲུབ་ལ་བར་དུ་གཅོད་པའི་དགྲ་འདྲེ་ཀུན། །བསྟན་སྲུང་དཔའ་བོ་ཁྱོད་ཀྱི་ཟས་སྐལ་གྱིས། །མདོར་ན་བསམ་པའི་དོན་དང་གཉེར་བའི་ལས། །གློ་བུར་བཅོལ་བའི་ཕྲིན་ལས་གང་ཡིན་པ། །ཐོགས་པ་མེད་པར་མྱུར་དུ་སྒྲུབ་ནས་ཀྱང་། །རྣལ་འབྱོར་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་གནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་ཉུང་བསྡུས་འདི་ནི། ཚེ་གཅིག་བྱང་ཆུབ་སྒྲུབ་པའི་བསམ་པ་ཅན་མཆེད་ཀྱི་དམ་པ་གཅོད་སྨྱོན་པདྨ་ཚེ་བརྟན་པས་ལྷ་རེག་དཀར་པོའི་སྐྱེས་བཅས་བསྐུལ་བར་བརྟེན་ནས་རྡོ་རྗེའི་ཐེག་པ་ལ་མོས་པས་སློབ་པའི་བཙུན་པ་པདྨ་བཛྲ་གྱིས་བྲིས་པ་འདིས་ཐམས་ཅད་དགེ་ཞིང་བཀྲ་ཤིག་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། བློ་གྲོས་པད་མོ་རབ་ཏུ་རྒྱས་བྱེད་ཅིང༌། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །རྒྱལ་དབང་ཀློང་ཆེན་པས། མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་པའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག །འཇམ་མགོན་མི་ཕམ་པས། དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །སྐྱབས་རྗེ་པདྨ་སྐལ་བཟང་གིས།


previousགནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་འདོད་པའི་རེ་བསྐོང་ཡིད་བཞིན་ནོར་བུ།no next