Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
  collapse section
དཔལ་རིག་པ་འཛིན་པ་ཆེན་པོ་ཚེ་དབང་ནོར་བུའི་གསུང་མགུར་ཞལ་གདམས་ཀྱི་ཚོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རིག་པ་འཛིན་པ་ཆེན་པོ་ཚེ་དབང་ནོར་བུའི་གསུང་མགུར་ཞལ་གདམས་ཀྱི་ཚོགས།next

དཔལ་རིག་པ་འཛིན་པ་ཆེན་པོ་ཚེ་དབང་ནོར་བུའི་གསུང་མགུར་ཞལ་གདམས་ཀྱི་ཚོགས།

༄༅། །དཔལ་རིག་པ་འཛིན་པ་ཆེན་པོ་ཚེ་དབང་ནོར་བུའི་གསུང་མགུར་ཞལ་གདམས་ཀྱི་ཚོགས་ཇི་སྙེད་པ་བཞུགས་སོ། །

༈ རང་ཉིད་ལ་གྲོས་འདེབས་ཀྱི་མགུར།

༈ ཀྭ་ཡེ། སྤྲུལ་སྐུར་མིང་ཐོགས་ཚེ་དབང་ནོར་བུ་ལགས། །ལེ་ལོ་སྙོམས་ལས་ཅན་ཁྱོད་ཚུར་གསོན་དང་། །ཁྱོད་ལ་འདི་ནང་མི་ཆོས་བསླབ་བྱ་མཁན། །མང་མཆིས་མོད་ཀྱང་གཏན་བདེའི་ལམ་བཟང་མཆིད། །སློབ་མཁན་དུས་སྙིགས་དུས་འདིར་བདག་ཙམ་སྟེ། །དེས་ན་གྲོས་ཚིག་འདི་ཀུན་མ་ཡེངས་བཟུང་། །རྟག་ཏུ་བྲེ་མོ་བརྗོད་དང་འདི་མི་འདྲ། །སྙིང་མེད་མདོ་ཤོར་མི་ལ་ཅི་ཆ་ཡོད། །ཀྱེ་མ། དལ་འབྱོར་ལུས་འདི་སྔོན་བསགས་ལས་འཕྲོ་སྟེ། །རྙེད་དཀའ་མ་ཤེས་བྱིས་པས་ནོར་རྙེད་འདྲ། །ཟོག་མེད་སྐྱེ་དྲན་བག་ཆགས་སྲབ་ལགས་ཀྱང་། །ཆོས་བཞིན་མ་སྤྱོད་ནོར་བུ་འདམ་བྱིང་འདྲ། །ལས་འཕྲོ་བཟང་སད་ཆོས་ལ་མོས་ན་ཡང་། །གནད་ཐོག་མ་ཁེལ་དབུལ་མོའི་གསེར་སྒྱེ་འདྲ། །སྨོན་ལམ་བཟང་པོས་མཚན་ལྡན་མཇལ་ན་ཡང་། །གསོལ་འདེབས་མ་ཤེས་སྦྲང་ནག་པད་ཚལ་འདྲ། །དད་དང་དག་སྣང་ཅུང་ཟད་ཤེས་ན་ཡང་། །བརྟེན་ཕུར་མ་ཚུགས་ས་རྒོད་ནས་བཏབ་འདྲ། །དམ་པའི་བཀའ་དྲིན་ཁྲིད་ལུང་མནོས་ན་ཡང་། །ཅི་བཞིན་མ་རྟོགས་རྒྱང་ནས་བྱ་ར་འདྲ། །ཟབ་ལེགས་སྙན་སྙན་ཆོས་མང་ཐོས་ན་ཡང་། །རང་གིས་མ་འཕེར་རྡོ་རྒྱབ་ཆུ་བླུགས་འདྲ། །རྒྱུ་འབྲས་དམ་ཚིག་ཕྱོགས་ཙམ་གོ་ན་ཡང་། །རྒྱུད་ལ་མ་འབྱོར་ཀོ་གྱོང་སྣུམ་དྲེད་འདྲ། །མཚན་ཉིད་ལྡན་པའི་བླ་མ་ཡུན་བསྟེན་ཡང་། །ཆོས་བཞིན་མ་རྟོགས་སྡེ་པའི་ཧོར་འདྲ་འདྲ། །བླ་མ་མཆོག་མཇལ་དམ་ཆོས་ཞུར་ཡོད་དུས། །བརྩོན་འགྲུས་མ་བྱས་གསེར་གླིང་སྟོང་ལོག་འདྲ། །དགེ་བའི་ལས་ལ་བག་ཙམ་སྤྱོད་ན་ཡང་། །རང་འདོད་ཀྱིས་བཅིངས་ཟས་བཟང་དུག་འདྲེས་འདྲ། །ཆོས་བརྒྱད་འཁོར་བའི་བཙོན་ར་ཡིན་ཤེས་ཀྱང་། །སྤང་བར་མ་ནུས་སྲིན་མོའི་གཟུགས་ཆགས་འདྲ། །མི་རྟག་འཆི་བ་བྲེང་ཙམ་དྲན་ན་ཡང་། །འདི་སྣང་ཚུལ་འཛིན་ཤེས་བཞིན་དུག་འཐུང་འདྲ། །ཆོས་ཚུལ་ཉམས་ལེན་སྐྱོང་བདེ་ཤེས་ན་ཡང་། །རྒྱུད་ཐོག་མ་འབྲེལ་རིག་འཛིན་རྙེད་གཏོར་འདྲ། །དམ་ཆོས་སྒྲུབ་པའི་ཞེ་གདེངས་ཡོད་ན་ཡང་། །སང་བྱེད་གནང་བྱེད་སྟོན་ཐོག་སད་ཁྱེར་འདྲ། །ཁ་མཁས་ཚིག་བཙུན་ཆོས་བཤད་རྣར་འཇེབས་ཀྱང་། །རང་ཉམས་མ་མྱོང་སྨན་མེད་སྨན་བཤད་འདྲ། །རྒྱུ་འབྲས་དམ་ཚིག་གཞན་ལ་བཤད་བཤད་ཀྱང་། །རང་གིས་མ་སྤྱོད་ནེ་ཙོའི་ཆོས་བཤད་འདྲ། །ནན་སྐྱེད་སྡུག་བཙིར་བཅའ་ཁྲིམས་བསྒྲིགས་ན་ཡང་། །ཁེངས་དྲེགས་དབང་གྱུར་དཔོན་པོའི་དམག་ཁྲིམས་འདྲ། །རང་ལ་ཕན་རེ་བཅས་བསྐྱང་གྲྭ་འཁོར་ཡང་། །ཕལ་ཆེར་ཕན་མེད་འདབ་ཆགས་བྱིའུ་གསོས་འདྲ། །ཆོས་དང་མཐུན་རེས་སྐྱོང་བའི་སྦྱིན་བདག་ཡང་། །ཕལ་ཆེར་སྤྲ་སྤྲེལ་མི་ལྟོགས་སྲོག་ཤུགས་འདྲ། །རྩ་རླུང་གྲོགས་རེ་གསང་གྲོགས་བསྟེན་པ་ཡང་། །ཕལ་ཆེར་མཉམ་གྲོགས་འཇིག་རྟེན་གཟའ་སྡེབ་འདྲ། །དམ་ཚིག་གཉེན་འབྲེལ་བསླབ་པའི་སློབ་བུ་ཡང་། །ཇི་བཞིན་ཚུལ་ལྡན་ཉིན་མོའི་སྐར་མ་འདྲ། །ཡུལ་སྡེ་འཁྲུག་རྩོད་མི་ཚེ་བསྐྱལ་ན་ཡང་། །ལས་ལ་ཟད་མེད་ཆུ་ནག་གཉེར་མ་འདྲ། །བྱ་བ་བསྐོར་ཚེ་ཆོས་ལ་འབད་བསམ་ཀྱང་། །བྱ་བ་ཟད་མེད་རྒྱ་སྲང་འགྲིམ་འགྲུལ་འདྲ། །ཆོས་བཞིན་མ་རྟོགས་ཆོས་པའི་གཟུགས་འཛིན་ཀྱང་། །ཕྱི་ཚུལ་མཛེས་ཏེ་མི་གཙང་དར་བཏུམ་འདྲ། །རྒྱལ་བསྟན་མ་ཕན་གདན་ས་སྤྲུལ་མིང་ཡང་། །མྱུར་དུ་མི་རྟག་ནམ་ལངས་སྐར་མ་འདྲ། །འུར་འུར་ཟང་ཟིང་མངའ་ཐང་འཕྲལ་བདེ་ཡང་། །སྐད་ཅིག་ཉིད་འགྱུར་སྒྱུ་མའི་ལྟད་མོ་འདྲ། །བཅའ་བཅའ་བཀོད་བཀོད་བྱ་བྱེད་མཛེས་ལེགས་འདི། །ད་ལྟ་ཉིད་འཇིག་སད་ཁའི་རྨི་ལམ་འདྲ། །སྙན་སྙན་ཚེ་འདིའི་མི་ཆོས་བསླབ་བྱ་དེ། །འཕྲལ་མཛེས་མཐའ་མེད་ཚོང་འདུས་ལྟད་མོ་འདྲ། །དཔོན་སློབ་འར་འུར་མཛའ་འཕྲལ་སྐྱིད་ན་ཡང་། །མི་རྟག་སྒྱུ་མ་སྐྱེས་བུའི་གྲོང་ཁྱེར་འདྲ། །གོས་འཇམ་ཟས་ཞིམ་འཕྲལ་དུ་བདེ་ན་ཡང་། །རྟག་པར་མི་འགྱུར་ཉི་ཤར་ཤིང་ཟིལ་འདྲ། །མཚན་ཉིད་མི་ལྡན་བླ་གཟུགས་བདག་འདྲ་ནི། །དོན་གཉིས་མི་འགྲུབ་བེའུ་སྦྲེལ་གཡང་ལྷུང་འདྲ། །ཡོན་ཏན་མེད་པར་སྤྲུལ་སྐུར་བསྒྲགས་ན་ཡང་། །བོང་བུ་གཟིག་ཤུན་གྱོན་པའི་གཡོ་ཅན་འདྲ། །རང་དོན་མ་གྲུབ་འགྲོ་དོན་ཡིན་རློམ་འདི། །སྐྱེས་བུ་སྨྱོན་པ་ཚོགས་དཔོན་སོང་བ་འདྲ། །བསམ་པ་སྣ་མང་ཆིག་དྲིལ་མེད་པ་ནི། །གར་ཡང་མི་ཕོག་ལོང་བའི་མདའ་འཕེན་འདྲ། །ད་ནི་ཆོས་བློ་ཚིག་དྲིལ་མ་བྱས་ན། །མི་ཚེ་སྟོང་ཟད་རྒྱལ་ས་ཡིད་སྨོན་འདྲ། །ཀྱེ་མ་དེ་སྐད་འདྲ་དཔེ་སོ་བརྒྱད་འདི། །རང་གི་ཚུལ་ལ་རང་ཉིད་སྐྱོ་ནས་གླེང་། །ཕྱི་ནང་གསང་བ་དུས་ཀྱི་འགྱུར་ལྡོག་རྣམས། །མཐོང་ངམ་ཐོས་སམ་ཚེ་དབང་ནོར་བུ་བ། །རིགས་དྲུག་འཁོར་བའི་སྡུག་བསྔལ་སྐྱེ་འཆིའི་ཚུལ། །དྲན་ན་སྙིང་འདར་ཉམས་སུ་མྱོང་ཚེ་ཅི། །ད་ནི་ཐོག་ཏུ་བབ་ལ་མྱུར་དུ་ཉེ། །ཡང་ནས་ཡང་འཁོར་ལས་འདི་ཡ་རེ་ཚ། །ཀྭ་ཡེ་དེང་ནས་དམ་བཅའ་ཚུལ་བཞིན་དུ། །རང་གིས་རང་ལ་གདམས་འདི་བརྟན་ཕུར་ཚུགས། །སྔོན་ཆད་སྡུག་པའི་ལས་ལ་གནོང་ཞིང་འགྱོད། །བག་མེད་སྙོམས་ལས་བྱ་བར་རབ་ཁྲེལ་ནས། །ཕྱིན་ཆད་གཏན་བདེའི་ལམ་བཟང་བྱང་ཆུབ་འབྲས། །མྱུར་ཐོབ་དེང་ཚེ་རི་ཁྲོད་དབེན་པར་བསྙེགས། །ཆོས་མིན་ཆོས་པའི་གཟུགས་སུ་མ་འཆོས་པར། །རང་སེམས་དཔང་ཚུགས་མདོ་རྒྱུད་དགོངས་པའི་དོན། །ཆིག་དྲིལ་སེམས་ཉིད་བརྡར་ཤ་ལེགས་གཅོད་ཅིང་། །འདུལ་ཁྲིམས་མི་འཆལ་བག་ཡོད་སྤྱོད་པར་རེམས། །སེམས་བསྐྱེད་མི་ཉམས་སྙིང་གི་ནོར་བུར་འཆང་། །དམ་ཚིག་ཕྲ་བཅས་རྒྱུད་ལ་རབ་འཇོག་འཚལ། །གྲོགས་མེད་བརྟུལ་ཞུགས་དབེན་པའི་རི་ཁྲོད་བརྟེན། །ངེས་མེད་སྤྱོད་པས་རྒྱལ་ཁམས་ཡོངས་ལ་བསྐོར། །བདག་མེད་དོན་དམ་རྟོགས་པའི་སྒྲོ་འདོགས་བཅད། །ཞེན་མེད་ཕ་ཡུལ་བྱ་བ་བཏང་རེ་རན། །ད་ནི་ཇི་བཞིན་རང་དོན་མ་གྲུབ་པར། །འཆི་བར་གྱུར་པའི་སྲོག་ལ་བབ་ཀྱང་སླའི། །བསམ་ཐོག་ཆིག་དྲིལ་ཆོས་ལ་རབ་འབུངས་ནས། །ཕ་ཡུལ་འདི་རུ་ད་ནི་སྡོད་རེ་སྐན། །ཆོས་ནས་ཆོས་བཞིན་བསམ་པ་བཟང་པོ་འདི། །བར་ཆད་ལོག་པའི་བགེགས་དང་ཡོངས་བྲལ་ནས། ཇི་བཞིན་འགྲུབ་རོགས་བླ་མ་ཡི་དམ་ལྷ། །མཁའ་འགྲོ་བསྲུང་མས་མཛོད་ཅིག་མཐུ་མ་ཆུང་། །ཞེས་པའང་རྣལ་འབྱོར་སྙོམས་ལས་རོ་ཉལ་མཁན། །ཚེ་དབང་ནོར་བུར་གྲགས་དེའི་གང་ཤར་གླུ། །རང་གཞན་ཆོས་ལ་བསྐུལ་ཕྱིར་ཡུལ་གཞན་དུ། །བགྲོད་འདུན་བྱུང་ནས་མཛེས་བྱེད་སྟོན་ཟླ་ཡི། །ཚེས་བཟང་ཉེར་གསུམ་ཉིན་པར་བཀོད་པ་སྟེ། །ཡིག་རིས་རང་གི་སློབ་མ་མཆོག་སྤྲུལ་སྐུ། །འཕྲིན་ལས་བསྟན་འཛིན་བཟང་པོས་ཡོངས་བགྱིས་པ། །ཀུན་གྱི་སྙིང་ལ་ཚིག་འདི་འཇུག་པར་ཤོག །

༈ དམ་བཅའ་བཅུ་གཅིག་གི་མགུར།

ཀྱེ་མ་ཧོ། བསྐལ་པར་རྙེད་དཀའ་དལ་འབྱོར་རིན་ཆེན་ལུས། །ད་རེས་ཐོབ་འདི་སྟོང་ལོག་མི་འཚལ་ཏེ། །སྔོན་ཆད་ལས་ཀུན་གཡེང་བ་བག་མེད་དང་། །ཉོན་མོངས་རགས་པ་ཆོས་བརྒྱད་དབང་དུ་སོང་། །ཚུལ་དེ་དྲན་ན་སྐྱོ་ཤས་འཕེལ་བའི་རྒྱུ། །མི་ཚེ་ངལ་ཀུན་ལག་སྟོང་ཅན་དུ་བཅུག །དེང་ནས་བཟུང་སྟེ་ལྷག་བསམ་དྲིལ་བར་བྱ། །འགྲུབ་པར་རྩ་བརྒྱུད་བླ་མའི་བྱིན་གྱིས་རློབས། །ཀྱེ་མ། ཚུལ་མིན་བག་མེད་ལུས་ཀྱི་སྤྱོད་མང་འདི། །གཞན་སྣང་མི་མཐུན་ཐར་པའི་གེགས་སུ་ཆེ། །དེ་བས་སྤྱོད་ལམ་ཀུན་ཏུ་བག་ཡོད་ཞིང་། །ཚུལ་ལྡན་བྱེད་པ་དམ་བཅའ་གཅིག་པ་ཡིན། །ཀྱེ་མ། ཐབས་ཀྱིས་མ་ཟིན་རླུང་ནུས་མ་ཐོབ་བར། །བུད་མེད་གྲོགས་བརྟེན་རང་ཁྲེལ་ངན་སོང་ལྟུང་། །དེ་བས་ཐབས་ལྡན་ནུས་པ་མ་འབྱོངས་བར། །བུད་མེད་མི་བརྟེན་དམ་བཅའ་གཉིས་པ་ཡིན། །ཀྱེ་མ། ངག་འཁྱལ་བྲེ་མོའི་འཆལ་ཚིག་བརྗོད་པ་འདི། །རང་གཞན་ཆགས་སྡང་དོན་འཆལ་བཟླས་བརྗོད་བདུད། །དེ་བས་ངག་ལ་བག་ཆགས་ཚིག་དམ་ཞིང་། །ཆོས་མིན་མི་སྨྲ་དམ་བཅའ་གསུམ་པ་ཡིན། །ཀྱེ་མ། བདག་གཞན་བསྟོད་སྨད་ཚིག་གི་སྒྲོ་སྐུར་འདི། །རང་གཞན་ཕྱོགས་འཛིན་དུཿཁའི་རྒྱུ་བསགས་པས། །དེ་བས་དག་སྣང་ཕྱོགས་མེད་བསྟོད་སྨད་སྤངས། །བཏང་སྙོམས་བཞག་པ་དམ་བཅའ་བཞི་པ་ཡིན། །ཀྱེ་མ། རྫུན་ཚིག་འདི་ནི་ཀུན་ཏུ་མི་མཐུན་ཞིང་། །གསུང་གི་ཡོན་ཏན་འཇོམས་པའི་ཧ་ལ་འདྲ། །དེས་ན་གཏིང་དཔག་དཀའ་ཕྱིར་མ་གཏོགས་པར། །རྫུན་དུ་མི་སྨྲ་དམ་བཅའ་ལྔ་པ་ཡིན། །ཀྱེ་མ། དཀོན་མཆོག་མནའ་སྤང་འདི་ནི་མནར་མེད་པར། །རྡོ་རྗེ་དམྱལ་བར་ལྟུང་བྱེད་ཞགས་པ་སྟེ། །དེ་ཡང་བསྟན་ཕན་གལ་ལྕི་མ་གཏོགས་པར། །བརྗོད་པར་མི་བྱེད་དམ་བཅའ་དྲུག་པ་ཡིན། །ཀྱེ་མ། རོ་ཉལ་ལེ་ལོ་སྙོམས་ལས་གཡེང་བ་འདི། །མི་ཚེ་སྟོང་ཟད་དངོས་གྲུབ་གཉིས་ཀྱི་གེགས། །དེ་བས་རོ་ཉལ་ལེ་ལོ་ཉུང་བྱས་ཤིང་། །ཆོས་བརྗོད་བརྩོན་བསྐྱེད་དམ་བཅའ་བདུན་པ་ཡིན། །ཀྱེ་མ། ཆོས་ཀུན་རྩ་བ་རྩ་བའི་བླ་མ་ལ། །འགལ་ན་རབ་འཇིགས་རྡོ་རྗེ་དམྱལ་ལྟུང་ངེས། །དེས་ན་དམ་ཚིག་སྲོག་དང་ཁྱད་མེད་པར། །འདའ་མེད་བསྲུང་བ་དམ་བཅའ་བརྒྱད་པ་ཡིན། །ཀྱེ་མ། སེམས་ཀྱི་རེ་དོགས་འདོད་སྨོན་བྱེད་པ་འདི། །བྱ་བ་ཆོས་འདྲེས་བྱེད་པའི་སེལ་ངན་ཡིན། །དེ་ཡང་མི་བྱེད་གང་ཤར་ཞེན་མེད་པར། །སྒྱུ་མ་ལྟར་སྦྱངས་དམ་བཅའ་དགུ་པ་ཡིན། །ཀྱེ་མ། དགེ་སྦྱོར་རང་ཉིད་གཅིག་པུའི་ཞི་བདེ་ཉིད། །བསྒྲུབ་འདོད་ཉན་རང་གོལ་དང་གཟུགས་སྐུ་སྒྲིབ། །དེས་ན་དགེ་སྦྱོར་བྱ་བ་གང་ཡང་རུང་། །མཁའ་མཉམ་འགྲོར་བསྔོ་དམ་བཅའ་བཅུ་པ་ཡིན། །ཀྱེ་མ། རང་ལ་ཡོན་ཏན་མེད་པར་ཡོད་བརྗོད་པའི། །ཟོལ་གྱི་ཚིག་འདིས་མཐར་ཐུག་ཐར་འབྲས་བརླག །དེས་ན་དད་ལྡན་སྤྲོ་ཕྱིར་མ་གཏོགས་པར། །ཡོན་ཏན་སྦས་སྤྱོད་དམ་བཅའ་བཅུ་གཅིག་ཡིན། །དེ་ལྟར་དམ་བཅའ་བཅུ་གཅིག་འདི་ཉིད་ནི། །ཚེ་འདིར་ནམ་ཡང་འདའ་བར་མི་བྱ་སྟེ། །དེ་ཡི་དགེ་བས་འགྲོ་ཀུན་སངས་རྒྱས་པ། །མྱུར་ཐོབ་སྐུ་གཉིས་ལྷུན་གྱིས་གྲུབ་པར་ཤོག །

ཅེས་ཚེ་དབང་ནོར་བུས་རང་ལོ་བཅོ་ལྔ་པ་ཆོས་ཁྲིད་ཞུ་བའི་སྐབས་སུ་དམ་བཅས་པ་སྟེ་རང་གཞན་རྒྱུད་ལ་ཕན་པར་གྱུར་ཅིག །

༈ གནས་ལུགས་དོན་དམ་པའི་ཡིན་ལུགས་ཇི་བཞིན་པར་ངེས་ཤེས་སྐྱེས་ཏེ་སྨྲས་པ་ཉུང་ངུ་རབ་གསལ་རྡོ་རྗེའི་གླུ་ཡོད།

ཨོཾ་སྭཱ་སྟི། ཁྱབ་བདག་རྡོ་རྗེ་ཅན་གྱི་དངོས། །རྩ་བའི་བླ་མར་ཕྱག་བྱས་ནས། །རང་གི་མྱོང་བ་འདི་སྐད་ཅེས། །སྨྲ་བས་ཉེས་མེད་དགེ་གྱུར་ཅིག །བྱེ་བྲག་མདོ་སྡེ་སྨྲ་བ་དང་། །རྣམ་བདེན་རྣམ་རྫུན་སེམས་ཙམ་པ། །རང་རྒྱུད་གོང་འོག་ཐལ་འགྱུར་པ། །ཐ་དད་ལྟར་སྣང་གྲུབ་མཐའ་ཀུན། །ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །ཆོས་ཉིད་ངོ་བོར་རོ་གཅིག་འདྲེས། །གནས་སྐབས་གླང་པོ་ཆེ་ཡི་ལུས། །དམུས་ལོང་རྣམས་ཀྱིས་བཏགས་པ་ལྟར། །ངོ་བོའི་ཕྱོགས་རེ་ངོས་བསྒྲུབ་ནས། །གྲུབ་མཐའ་འཆད་པ་དེ་ཡང་མཚར། །གྲུབ་མཐའ་དེ་ཀུན་ཡོངས་རྫོགས་ཤིང་། །སངས་རྒྱས་ཡེ་ཤེས་ཀུན་རྫོགས་པར། །བརྡ་ཆད་ཚིག་གི་དཀྲི་བྱེད་ཆོས། །དེ་ལ་རྫོགས་པ་ཆེ་ཞེས་བརྗོད། །སྣང་བ་ཡེ་ཤེས་རིག་པ་རྒྱུན་མི་ཆད། །ངོ་བོ་ཉིད་མེད་ཡེ་ཤེས་རྟག་བརྟན་ཅིང་། །ཆོས་ཀུན་སྟོང་བཞིན་སྟོང་ཉིད་རིག་པའི་རྒྱུན། །རིག་སྟོང་ཟུང་འཇུག་དཔེ་མེད་བསམ་བརྗོད་འདས། །ཆོས་ཉིད་དོན་ནི་བསམ་གྱིས་མི་ཁྱབ་ན། །ཆོས་ཉིད་ཟབ་མོ་རྟོག་གེས་དཔྱད་བྱ་མིན། །སངས་རྒྱས་གསུང་ལ་ཡིད་ཆེས་བླ་མ་ལ། །མི་ཕྱེད་དད་པས་གསོལ་བ་བཏབ་ན་རྟོགས། །ཆོས་དབྱིངས་ཆོས་སྐུ་ཡོངས་གྲུབ་གང་། །རིག་པ་ཡེ་ཤེས་དེ་ལ་བྱ། །དེ་ནི་འགྲོ་འོང་གནས་པ་བྲལ། །བློ་ཡི་ར་བས་ཡོངས་མི་འཁྱུད། །སྲིད་ཞི་མྱང་འདས་རོ་མཉམ་ན། །བླང་དང་དོར་བའི་གནས་མ་མཆིས། །དེ་ལྟ་ན་ཡང་བདག་ཉིད་ལ། །རྣམ་རྟོག་ཡོད་པ་དེ་སྲིད་དུ། །ཆོས་ཉིད་དེ་ལ་ཡོངས་དམིགས་ནས། །འདུས་བྱས་དགེ་བ་ལ་འབད་བྱ། །དེ་ལྟར་ཉུང་ངུའི་ཚིག་དག་ནི། །ཟབ་མོའི་གནད་འགའ་གསལ་བར་སྨྲས། །ཨྠྀི།

ཞེས་པ་ཀུན་དགའ་ཆུ་སྟོད་ཟླ་བའི་ཚེས་བཅུ་བདུན་པར་བོད་ཡུལ་གཙང་ལ་སྟོད་ལྷོ་བྱང་གི་མཚམས་ལྷ་ཆེན་པོ་ལྷ་རྒོད་མདུང་རྩེའི་ལ་མགུལ་སྤང་གཤོང་ཞིག་ཏུ་འགྲོ་བཞིན་པའི་ངང་ལ་བླ་མའི་བྱིན་རླབས་ཀྱི་ཚུལ་དེ་ལྟར་གོ་བ་སླར་རྟོགས་པ་བརྗོད་པར་ལ་སྟོད་དིང་རི་གླང་འཁོར་ཟེ་རུ་ཀུན་དགའ་ཤིང་སྟག་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཚེས་དགུར་སྨྲས་པ་གམྦྷིར་རྒྱཿ དགེའོ། །

༈ སྒྲུབ་ཆེན་པར་གསུངས་པ་ཉམས་ལེན་གནད་ཀྱི་ཞལ་གདམས།

སྙན་གསོན་དང་སྒྲུབ་ཆེན་དད་པ་ཅན། །ཚེ་འདི་ཕྱིར་ཕན་པའི་ཞལ་གདམས་ཤིག །དགོས་ཡང་ཡང་གསུང་ངོ་མ་ལྕོགས་ཙམ། །ཚིག་གླུ་ལས་དྲངས་ཏེ་སྨྲ་ཡིས་གསོན། །ལུས་དལ་འབྱོར་འདི་འདྲ་རྟག་རྙེད་དཀའ། །དེ་མི་རྟག་ཡུད་ཙམ་རྨི་ལམ་འདྲ། །ཕྱིས་སྡུག་བསྔལ་རྒྱ་མཚོ་ཐར་དུས་མེད། །བདེ་འདོད་ན་ད་ལྟ་ཆོས་བསྒྲུབ་བརྩོན། །ཆོས་ཡང་དག་སྙིང་པོ་བྱེད་པ་ལ། །ཚེ་འདི་སྣང་ཞེན་པ་ལོག་པ་དགོས། །བསྟོད་སྙན་གྲགས་བདེ་སྐྱིད་བློས་ཐོང་དགོས། །སྐྱབས་བླ་མ་མཚན་ཉིད་ཚང་ངེས་འཚོལ། །ལམ་གནད་འགག་ཆེ་ཤོས་འདི་ཡིན་པས། །དེ་མ་ནོར་འཁྲུལ་མེད་རྙེད་པ་གཅེས། །དེ་རྙེད་ནས་ལོག་ལྟ་མཉམ་གྲོགས་དང་། །གསུངས་བཅག་དང་སོམ་ཉི་སྨོས་ཅི་དགོས། །མཐར་ཀུ་རེ་བྲེ་མོ་ཙམ་ཡང་སྤངས། །དཔེ་བག་གསར་ཁྱོ་ཁྱིམ་ཞུགས་པ་བཞིན། །སེམས་ཡེངས་མེད་བག་ཡོད་བླ་མ་བསྟེན། །ཡིད་གུས་པ་དམ་ཚིག་སྲོག་ལྟར་བསྲུང་། །ལས་རྒྱུ་འབྲས་ཡིད་ཆེས་དང་དུ་ལོངས། །ཆོས་བསྒྲུབ་ལ་ལེ་ལོ་ཕྱི་བཤོལ་སྤོངས། །སྐྱབས་ཕུར་ཚུགས་བླ་མ་དཀོན་མཆོག་བཟུང་། །མཁའ་མཉམ་འགྲོར་སེམས་བསྐྱེད་སྙིང་ལ་ཕུར། །སྒྲིབ་སྦྱངས་ཤིང་ཚོགས་བསགས་ལས་ལ་འབད། །དུས་ཀུན་ཏུ་བླ་མ་སྤྱི་བོར་བསྒོམ། །ལམ་དབང་བཞི་ཏིང་འཛིན་ཐུན་དྲུག་བླངས། །ཚེ་འདི་ལ་གྲོལ་བློའི་བརྩོན་འགྲུས་བྲབས། །དལ་ལོང་མེད་མི་རྟག་འཆི་བ་བསྒོམ། །བློ་ཁྱོད་ཤེས་བླ་མར་ལིངས་ཀྱིས་འབོག །འདི་ཆོས་ཀུན་གནད་ཏིག་རྩ་བ་སྟེ། །མེད་ཐབས་མེད་རྟག་ཏུ་ཡིད་ལ་བཟུང་། །ཆོས་སྨིན་བྱེད་དབང་བཞི་ཚང་ཞུས་ལ། །དེ་སོ་སོའི་དམ་ཚིག་གཞུང་བཞིན་བསྲུང་། །ལམ་གྲོལ་བྱེད་བསྐྱེད་རྫོགས་རྩ་རླུང་ཡང་། །ལྷ་བསྐྱེད་རིམ་མངོན་བྱང་ལྔ་དང་ནི། །ཏིང་འཛིན་གསུམ་སྐད་ཅིག་ཐོལ་སྐྱེས་སོགས། །རང་ཡིད་ལ་གང་བདེར་གཞུང་བཞིན་བསྒོམ། །དུས་གྲངས་རྟགས་བསྙེན་པ་ཚད་ལྡན་སྐྱོལ། །སྒྲུབ་ལས་སྦྱོར་ནུས་པ་ལྡན་པར་མཛོད། །དོན་རྫོགས་རིམ་སྒོམ་ཡང་ཁ་འབྱམས་དང་། །ཡིད་ཡུལ་དང་བློས་བྱས་བཅས་བཅོས་སོགས། །སྒོམ་ཡེངས་དང་རེ་དོགས་གཏན་ནས་སྤངས། །སེམས་མ་བཅོས་གཉུག་མའི་ངང་དུ་གློད། །རྒྱས་བཏབ་དང་དགག་སྒྲུབ་སྤང་བླངས་དང་། །བསྒོམ་གང་བགྲོད་ལྟོས་གཞི་ཉིད་ཀྱང་གྲོལ། །སྒོམ་ཡིན་མིན་ཐེ་ཚོམ་དགའ་སྡུག་སོགས། །སེམས་གཟུང་འཛིན་དང་བྲལ་ལྷུག་པར་ཞོག །བསྒོམ་བཞག་ཐབས་གནད་ལ་མཁས་པ་ན། །ལམ་གེགས་དང་གོལ་པ་ཤིན་ཏུ་ཉུང་། །ལར་བླ་མ་ཉམས་མྱོང་ལྡན་ཕྲད་གཅེས། །དཔེ་ཚིག་སྐམ་རྗེས་སུ་མི་འབྲངས་གཅེས། །ཆོས་ཉམས་ལེན་གནད་དུ་འཁེལ་བ་གཅེས། །སེམས་རུས་གཏིང་བརྡར་ཤ་ཆོད་པ་གཅེས། །རྐྱེན་གང་ཤར་ལམ་དུ་ཁྱེར་བ་གཅེས། །སྤང་བླངས་ཀུན་འབུར་འཇོམས་ནུས་པ་གཅེས། །གནས་འགྱུ་བ་འདོར་ལེན་མི་འཚལ་གྱིས། །ཀུན་རང་སེམས་ཆོས་སྐུའི་རོལ་རྩལ་ཡིན། །ད་མ་བཅོས་རང་བབ་རིང་དུ་ཞོག །འཁྲུལ་རྟོག་དབང་མ་ཤོར་ཅེར་གྱིས་ལྟོས། །དོན་ཐ་མལ་ཤེས་པ་གཟོ་བྲལ་འདི། །རང་རང་ངོ་ཤེས་པས་གྲོལ་བ་ལགས། །ཉམས་རྟོགས་པ་གོ་རིམ་རྣལ་འབྱོར་བཞི། །གནས་འགྱུ་བ་དབྱེར་མེད་རྩེ་གཅིག་དང་། །ཡུལ་གཉིས་འཛིན་བློས་བྱས་སྤྲོས་དང་བྲལ། །གཉིས་ཆོས་ཀུན་དབྱེར་མེད་རོ་གཅིག་འདྲེས། །ཆོས་ཀུན་ཟད་སྒོམ་མེད་རྣལ་འབྱོར་གྲགས། །འདི་རྫོགས་པ་ཆེན་པོ་ཁྲེག་ཆོད་རྟགས། །གཞན་ཞི་གཅོད་དབུ་ཕྱག་ཞེས་ཀྱང་ཟེར། །ཀུན་རང་རིག་གཅིག་པོའི་མིང་ཡིན་ལ། །དེ་སྐྱོང་ཐབས་ཡེངས་མེད་དྲན་པ་གཅེས། །མདོར་དྲིལ་ན་དུས་དང་རྣམ་པ་ཀུན། །རྗེ་བླ་མའི་ཐུགས་དང་རང་སེམས་བསྲེས། །སེམས་མ་བཅོས་རང་ངོ་རང་གིས་ལྟོས། །ལས་སྤངས་བླངས་དམ་ཚིག་ཉམས་མེད་མཛོད། །མཐར་སྒོམ་མེད་སྒོམ་བྱ་རང་སར་ཡལ། །མཉམ་རྗེས་མེད་འདྲེས་པར་བརྩོན་འཚལ་ལགས། །ལམ་ཐོད་རྒལ་ཡང་ཟབ་དེ་ཡི་གྲོགས། །དུས་ཀུན་ཏུ་དབྱིངས་རིག་གཅུན་གཟིར་འཚལ། །ཐབས་རྩ་རླུང་ཐིག་ལེ་སྐད་པ་ཡང་། །དོན་དབུ་མའི་རྩ་མདུད་གྲོལ་ཐབས་དེ། །དེ་ཞུ་བདེ་ཉམས་སུ་བླང་བ་ཉིད། །རྟེན་སྲོག་རྩོལ་སྦྱོར་བཞིའི་དབང་དུ་བསྡུས། །རྩ་གསུམ་འདུས་སྒྲ་གཅན་ཁ་རུ་བཟའ། །མེ་ཨ་མདངས་ཞུས་པས་དཔའ་བོ་བཞུ། །ལམ་དཀྱིལ་འཁོར་བཞི་རུ་བརྟུལ་བྱས་ཏེ། །བདེ་དྲོད་སྦྱོར་སྟོང་ཉིད་རང་ཞལ་བལྟ། །མཐར་བཟློག་ཁྱབ་རྗེས་ཤེས་གནད་དུ་བསྣུན། །འདི་ཁྱད་ཆེ་ཉེན་ཆུང་ཐབས་ལམ་ཡིན། །དེ་གཞན་ལུས་ཐབས་ནུས་རྩལ་རྫོགས་ཚེ། །རྐྱེན་རིགས་ལྡན་བརྟགས་ཤིང་འགུགས་སྒྲིབ་ནས། །ལམ་མཉམ་པ་གསུམ་པོ་སྔོན་འགྲོ་བས། །གནས་སྐྱོན་བཞི་བསལ་ནས་མཁའ་བཞི་སྦྱངས། །ཕྱི་བོ་ལ་ཀ་ཀོ་ལ་སྦྱོར་ཞིང་། །ནང་མུ་ཁ་སྒྲ་གཅན་བུ་གར་སྦྱོར། །གསང་ཉི་ཟླ་ཨེ་ཀློང་གཅིག་ཏུ་སྦྱོར། །དོན་ཨ་ཧཾ་སྐྱེ་མེད་མཁའ་ལ་སྦྱོར། །ཁམས་སྲོག་གི་དབྱུག་གུར་ཡོངས་སུ་ཁེངས། །གནས་བརྟན་གཡོའི་མདུད་པ་ཡོངས་སུ་བཀྲལ། །རླུང་ཁྱབ་རྒྱུ་བདུད་རྩིའི་རྒྱུ་བར་ཐིམ། །ཀུན་དྭངས་མའི་སྙིང་པོ་བཅུད་དུ་སྨིན། །འདི་རྡོ་རྗེ་ཐེག་ལམ་རྨད་བྱུང་ཡང་། །ཁེ་ཉེན་ཆེ་དུག་སྦྲུལ་ནོར་བུ་འདྲ། །གནད་འདི་ལ་ཤིན་ཏུ་ཐབས་མཁས་གཅེས། །འོན་དེང་སང་ཚུལ་ལྡན་ཉིན་སྐར་ཙམ། །ཁོང་ལ་ལས་ཐབས་ལམ་ཡིན་ནོ་སྐད། །ཁྲོམ་ཀུན་རྒྱུ་བུད་མེད་མཐོང་ཞོན་བྱེད། །སེམས་ཆགས་སྲེད་སྔར་བས་ཇེ་ཆེར་སོང་། །སྤྱོད་འདི་འདྲ་དིང་སང་མང་ཙམ་མཐོང་། །དོན་ཉམས་ལེན་གནད་དུ་འཁེལ་བ་ན། །ཡུལ་སྣང་བ་ཀུན་ཀྱང་བདེ་བར་འཆར། །སེམས་ཆགས་ཞེན་འཛིན་རྟོག་རང་གྲོལ་ཤར། །དེ་ཐབས་ལམ་གནད་དུ་སོང་རྟགས་ཡིན། །ལར་ལྟ་བའི་གདེང་ཚད་གཅིག་མེད་ན། །ལས་ཕལ་ཆེར་འཇིག་རྟེན་ལམ་དུ་འགྲོ། །གནད་མན་ངག་རྒྱུད་ལ་མ་འཁེལ་ན། །ཐབས་ཕལ་ཆེར་འཁོར་བའི་རྒྱུ་རུ་འགྱུར། །ལར་ཆེད་དུ་མི་སྤང་མི་སྒྲུབ་པར། །གང་བྱུང་ལ་ལམ་འཁྱེར་གནད་དུ་ཆེ། །ཀུན་ཞེན་བྲལ་སྒྱུ་མའི་ངང་དུ་སྦྱོང་། །འདི་ཉམས་ལེན་གནད་ཡིན་ཐུགས་ལ་ཞོག །ལར་ལུས་ངག་ཡིད་གསུམ་བག་ཡོད་དང་། །ཕྱི་གདུལ་བྱའི་དང་བ་འདྲེན་པ་དང་། །ནང་དད་ལྡན་དཀོར་ཟས་འཇུ་བ་དང་། །གསང་བསྟན་པའི་མིག་རྒྱན་ཕན་ཐབས་གསུམ། །དུས་ཀུན་ཏུ་མཛད་འཚལ་ཐུགས་ལ་བཟུང་། །གནད་ཞལ་གདམས་མདོར་བསྡུས་སྨྲས་ཟིན་གྱིས། །ཐུགས་གཏིང་ལ་ལྷན་ནེར་སྤྱོད་འཚལ་ལོ། །

ཞེས་པ་མང་ཡུལ་གུང་ཐང་རྒྱལ་ཁབ་ཁྱུང་རྫོང་དཀར་མོའི་ཤར་ཕྱོགས་ཟ་འོག་ཞེས། རྗེ་མི་ལ་རས་པ་དང་རས་ཆུང་པ་ཐོག་མར་མཇལ་བའི་གནས་མཆོག་དེར་མདོ་ཁམས་ཀཿཐོག་ཚེ་དབང་ནོར་བུས་རང་གི་སློབ་མ་སྐྱིད་གྲོང་གནས་ནུབ་ཨོ་རྒྱན་གྱི་སྒྲུབ་བ་པ་ཀུན་བཟང་ཆོས་དབྱིངས་དཔལ་འབར་གྱིས་བསྐུལ་ངོར་མེ་ལུག་སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་སྔ་ཆར་གང་དྲན་སྨྲས་པའོ། །

༈ སྙན་གསོན་དང་འདིར་འདུས་དད་པ་ཅན་ཞེས་པའི་མགུར།

ཀྭ་ཡེ། སྙན་གསོན་དང་འདིར་འདུས་དད་པ་ཅན། །ཀུན་མི་རྟག་སྒྱུ་མའི་ཚུལ་འདིར་སོམས། །དུས་དེང་སང་སྙིགས་དུས་ལས་ཤུགས་ཀྱིས། །ལས་བསམ་ཞིང་བསམ་ཞིང་ཡི་མུག་སྐྱེ། །ལོ་རེ་རེ་སོང་བཞིན་དུས་ངན་འགྲོ། །མཐའ་དམག་འཁྲུག་འུར་སྒྲ་འབྲུག་ལས་ཆེ། །ཁྲལ་འུ་ལག་མང་པོ་ཟད་མཐའ་མེད། །གཅིག་གོང་ན་གཅིག་བཙན་ཐམས་ཅད་སྡུག །དུས་ཕམ་རྒྱལ་རེ་དོགས་སྡུག་བསྔལ་ཆེ། །རང་དབང་མེད་གསོས་ཕྲུག་དགྲ་ལ་འཐབ། །ནོར་བསགས་པ་སུས་སྤྱོད་ཆ་ཡང་མེད། །དཔོན་མང་པོའི་ངོ་འཛིན་བློ་སེམས་ཁོལ། །ཕན་རེ་བ་འགའ་ཡང་གནོད་པར་འགྱུར། །མི་བཙན་ཞན་མང་པོ་གོ་ལྡོག་བརྗེས། །གྲོགས་ཡིད་མཐུན་གྲོགས་མེད་སོ་སོར་བྲལ །དཔའ་སྲོག་གི་སྐྱེལ་སོ་དགྲ་ལ་བྱེད། །ལས་སྤྱད་ཚད་འགའ་ཡང་སྡིག་པར་འགྲོ། །དུས་སང་ཕོད་གནང་ཕོད་བདེ་རེ་བྱས། །དེ་མི་བདེ་སྔར་བས་ཇེ་ཡང་ཐུ། །ཚེ་དེ་དང་སྡུག་ཟད་གྱུར་ནས་འཆི། །འཆི་བདུད་པོའི་ཞགས་པས་ཐེབས་ཙམ་ན། །ལས་བྲེལ་བས་བཤོལ་མེད་ངང་དུ་འགྲོ། །ཆོས་དྲན་ཀྱང་སྡོད་པའི་དབང་མི་ཐོབ། །འཆི་འཚེར་ཡང་ཐབས་མེད་ཨ་ཙ་མ། །བསམ་ཤེས་ནས་ཟས་ནོར་ལ་ཞེན་ནས། །ཐབས་གཡོ་སྒྱུ་དུ་མས་བསགས་པའི་ནོར། །དུས་དེ་དུས་རང་དབང་འཁྱེར་རྒྱུ་མེད། །དེ་བསམ་བཞིན་ལྷ་ཆོས་སྙིང་ནས་འཚལ། །དེ་སྙིང་བརྩེ་གྲོགས་འཁོར་གཉེན་འབྲེལ་རྣམས། །འབྲལ་མི་ཕོད་གཅིག་སེམས་གཅིག་ལ་ཆགས། །འཆི་བབས་ཚེ་ཐབས་མེད་སོ་སོར་འབྲལ། །དེ་བསམ་བཞིན་སྙིང་ནས་ལྷ་ཆོས་འཚལ། །དུས་ཡུད་ཙམ་བདེ་བ་རྨི་ལམ་འདྲ། །དེ་མི་རྟག་སྐད་ཅིག་ཉིད་ལ་འགྱུར། །ད་འགྱུར་མེད་བདེ་བ་བསྒྲུབ་འདོད་ན། །ཆོས་ཡང་དག་བགྱིད་ན་མི་འཐད་དམ། །ད་གསོན་དང་འཁོར་བའི་བྱ་བ་འདི། །ཡུན་རྟག་ཐུབ་གྱུར་པ་གཅིག་ཀྱང་མེད། །ཀུན་མི་རྟག་འཆི་བ་ཉིད་དུ་འགྱུར། །དེ་དྲན་པར་ཤེས་ན་བློ་སྙིང་འདར། །རྗེ་བླ་མ་མི་རྟག་འཇའ་ཡལ་འདྲ། །དཔོན་སྲིད་འཛིན་མི་རྟག་ན་བུན་འདྲ། །ནང་ཉེ་འབྲེལ་ཐོ་རངས་སྐར་ཚོགས་འདྲ། །ནོར་ལོངས་སྤྱོད་སྦྲང་མའི་སྦྲང་རྩི་འདྲ། །སྟོབས་མངའ་ཐང་སྟོན་མཇུག་ཤིང་ལོ་འདྲ། །ཚེ་ཡུད་ཙམ་བར་སྣང་གློག་དང་འདྲ། །སེམས་ཤིང་ཁའི་བྱིའུ་ཆུང་འཕུར་ཁ་འདྲ། །དཔེ་དེ་འདྲའི་མི་རྟག་ཟད་མཐའ་མེད། །དེ་བསམ་ནས་ཆོས་གཅིག་སྙིང་ནས་འཚལ། །ལས་མི་དགེ་སྡིག་པ་དུག་ལྟར་འཛེམ། །ལས་དགེ་བའི་བྱ་བར་ཅི་ནུས་འབུངས། །ཕ་བླ་མ་གཏན་གྱི་དཔོན་པོར་གྱིས། །ཆོས་གདམས་ངག་གཏན་གྱི་ནོར་སྐལ་གྱིས། །ཚོགས་བསགས་ཁྱབ་གཏན་གྱི་ཞིང་སྐལ་གྱིས། །བྱམས་སྙིང་རྗེ་གཏན་གྱི་སྐུ་མཁར་གྱིས། །ཆོས་འཇིག་རྟེན་བྱ་བ་གང་ལ་ཡང་། །གཞུང་བཟང་ཞིང་ཕྱི་ཐག་རིང་བ་དང་། །ཁྲེལ་ངོ་ཚ་ལྡན་ཞིང་བག་ཡོད་འདི། །ཚེ་འདི་ཕྱིའི་ཀུན་སྤྱོད་ཡང་རབ་ཡིན། །ཁྲེལ་ངོ་ཚ་རྣ་གཞུང་མི་རྩི་བཞིན། །བརྟན་མི་ཐུབ་བསྐྱོད་ཁ་སླ་བ་དང་། །དད་མོས་གུས་འགྱུར་ལྡོག་རྐྱེན་པ་ནི། །ཚེ་འདི་ཕྱི་ཀུན་ཏུ་བྱུར་འདྲེ་ཡིན། །མདོར་དྲིལ་ན་དུས་རྣམས་ཐམས་ཅད་དུ། །བློ་བསླུ་མེད་དཀོན་མཆོག་གསུམ་ལ་གཏོད། །རྟེན་འདི་ཕྱིའི་སྐྱབས་གནས་དེ་རང་བཟང་། །རྗེ་བླ་མར་མོས་གུས་སྙིང་ནས་དྲིལ། །ལས་རྒྱུ་འབྲས་བསླུ་མེད་ཞིབ་ཏུ་རྩིས། །ཆོས་ཀུན་གྱི་རྩ་བ་རང་རྒྱུད་ཐུལ། །གནད་ཕྱིན་ཅི་མ་ལོག་དམ་ཚིག་བསྲུངས། །སེམས་ཡེངས་མེད་ཉམས་ལེན་ནན་ཏན་གྱིས། །ལར་འཆི་ཁར་འགྱོད་པ་མེད་པ་ཞིག །དུས་དེང་སང་བྱས་ན་མི་ལེགས་སམ། །ཆོས་སང་བྱེད་གནང་བྱེད་མི་ཚེ་ཟད། །རྐྱེན་དེ་དབང་མ་ཤོར་ཆོས་ལ་དྲིལ། །ལར་མི་རྟག་འཆི་བ་མ་དྲན་ན། །ཆོས་བྱེད་བློའི་ངང་དུ་ཕྱི་བཤོལ་འགྲོ། །དོན་དེས་ན་མི་རྟག་དྲན་པར་གྱིས། །ཀུན་དམ་པའི་ཆོས་ལ་འབད་འཚལ་ལོ། །

ཞེས་པ་མང་ཡུལ་གུང་ཐང་གི་དབེན་པ་གའུ་ལྷ་སྡིངས་སུ་དད་ལྡན་རྣམས་ཀྱིས་བསྐུལ་ངོར་མི་རྟག་སྐྱོ་ཤས་བསྐྱེད་པའི་གླུར་མདོ་ཁམས་ཀཿཐོག་གི་ཆར་སྐྱེས་ཤིང་ཕྱོགས་ཀུན་ཉུལ་བ་ཚེ་དབང་ནོར་བུས་སྨྲས་པའོ། །

༈ རྗེ་བཙུན་མི་ལའི་སྒྲུབ་གནས་ར་ལའི་ཟ་འོག་ཕུག་ནས་རང་ལ་གྲོས་འདེབས་སུ་བཞེངས་པའི་མགུར།

ཨེ་མ། སྙན་གསོན་དང་ཚེ་དབང་ནོར་བུ་ལགས། །ལུས་དལ་འབྱོར་ཐོབ་པ་ད་རེས་ཙམ། །དེ་སྙིང་པོ་དམ་ཆོས་མི་བརྩོན་པར། །ལས་སྟོང་ལོག་ཕོད་དམ་སྙིང་ནས་བསམ། །ད་ཁོ་བོའི་བསླབ་བྱ་སྙིང་ཁྲག་ཅིག །བུ་ཁྱོད་ལ་བཤད་ཀྱིས་ཡིད་ལ་ཟུངས། །ལུས་བག་མེད་རོ་ཉལ་བྱས་པ་འདི། །ཆོས་ཐར་པའི་དགྲ་བོ་འདི་བས་སུ། །ཚིག་བསྟོད་སྙན་སྐོར་གྱི་འདུ་ལོང་འདི། །ལམ་དཀར་པོའི་ལམ་གེགས་འདི་ལས་སུ། །ཚེ་འདི་སྣང་ཁེངས་དྲེགས་ཆོས་བཤད་འདི། །ལས་ལོག་པའི་གཡང་ས་འདི་བས་སུ། །རང་སྐྱིད་འདོད་ཞེན་པ་ཆེ་བ་འདི། །ཚེ་སྟོང་ཟད་བདེ་དབྱེན་འདི་བས་སུ། །སེམས་ཕྱོགས་འཛིན་ཆགས་སྡང་སྣང་བ་འདི། །དམྱལ་སྡུག་བསྔལ་ས་བོན་འདི་བས་སུ། །རང་སེམས་རྒྱུད་མ་དུལ་ཁེངས་པ་འདི། །དགེ་ས་བོན་བསྲེག་མེ་འདི་བས་སུ། །གཞན་རྣམས་ལ་ཟུར་ཟ་ཕྲག་དོག་འདི། །གཏན་བྱུས་ཕུང་བྱུར་སྲི་འདི་བས་སུ། །གྲོགས་འཁོར་ལ་ཞེན་པ་སྐྱེ་བ་འདི། །མཆོག་བསྒྲུབ་ལ་བར་ཆད་འདི་བས་སུ། །ཇ་ཤ་ཆང་ཞིམ་ཟས་སྲེད་པ་འདི། །གནས་དབེན་འཇོམས་ཇག་པ་འདི་བས་སུ། །སྨན་ཤ་མཛེས་གཟུགས་ལ་ཆགས་པ་འདི། །མར་འཐེན་པའི་གཏིང་རྡོ་འདི་བས་སུ། །ནོར་ཟང་ཟིང་གསོག་འདོད་འཛིན་པ་འདི། །བདེ་བཅོམ་པའི་ཆོམ་པོ་འདི་བས་སུ། །ཆོས་བཤད་མཁས་རང་རྒྱུད་མ་དུལ་འདི། །རང་རང་གིས་མགོ་སྐོར་འདི་བས་སུ། །ཚིག་སྙན་སྙན་གནད་ཐོག་མ་ཁེལ་འདི། །དོན་སྟོང་ལས་མདོ་མེད་འདི་བས་སུ། །ཆོས་སང་བྱེད་གནང་བྱེད་བཤོལ་བ་འདི། །བདུད་ནག་པོའི་བསླུ་བ་འདི་བས་སུ། །གཞན་ངོ་བསྲུང་རང་དབང་མ་ཐོབ་འདི། །རང་རང་འཆིང་ཞགས་པ་འདི་བས་སུ། །ཁ་ཆལ་ཆོལ་བྲེ་མོ་རྩེ་དགའ་འདི། །འཕགས་ནོར་འཕྲོག་རྐུན་མ་འདི་བས་སུ། །སེམས་ངང་ཐུང་ཁོང་ཁྲོ་སྐྱེ་བ་འདི། །བཟོད་འཇིགས་བྱེད་ཕུང་འདྲེ་འདི་བས་སུ། །དེ་ཀུན་ནི་ཆོས་ཀྱི་དགྲ་བོ་སྟེ། །དགྲ་དེ་ཚོས་འཕྲལ་དུ་ཕན་པ་ལྟར། །ཁྱོད་མགོ་བོ་བསྐོར་བ་མ་ཤེས་ཏེ། །དབང་དེ་ལ་སོང་བ་ཡ་རེ་ང་། །ད་མི་རྟག་ཆོས་ཀྱི་བྱ་བྱུང་བས། །དགྲ་དེ་དག་ལག་ནས་ཐར་ཙམ་ཞིག །དུས་ད་ལྟ་འབད་ན་རན་ཏེ་གདའ། །དུས་ད་ལྟ་ཉིད་ལ་མ་འབད་ན། །ལས་སྡུག་བསྔལ་རྒྱ་མཚོའི་བཙོན་དོང་དུ། །ལམ་ཡང་ཡང་འཁོར་བའི་ཞགས་པས་བསྡམས། །རང་བྱ་བྱས་མཚོན་ཆས་གློ་སྙིང་འབིགས། །སྐྱབས་མགོན་མེད་གྱུར་ཚེ་ཅི་དྲག་འཕྱིས། །དོན་དེ་བས་ད་ལྟ་བྲོས་ན་ཐར། །གནས་རི་སུལ་དབེན་པའི་བཙན་རྫོང་དུ། །ཁོང་སྐྱབས་གཅིག་མཚན་ལྡན་བླ་མ་བཞུགས། །དགྲ་འཁོར་བ་འཇོམས་པའི་མཚོན་ཆ་ཡོད། །རྐྱེན་དུག་ལྔ་ཞི་བའི་བདུད་རྩི་ཡོད། །སེམས་སྡུག་བསྔལ་ཞི་བའི་དཔའ་བོ་མཆིས། །དཔུང་ཉོན་མོངས་བཅོམ་པའི་གོ་ཡང་བཙན། །གནས་དེ་རུ་བྲོས་ན་དེ་ནས་ཐར། །བུ་ཁྱོད་ཀྱིས་ང་ཡི་ཚིག་ཉན་ན། །དུས་ད་ལྟ་འཆི་ཆོས་སྒྲུབ་རེ་རན། །འཆི་ཐོག་བབས་ནམ་ཡོང་ཆ་མེད་ཀྱིས། །དེ་དུས་སུ་འགྱོད་མེད་དེང་མཛད་འཚལ། །

ཞེས་གུང་ཐང་རྒྱལ་ཁབ་ཀྱི་ཤར་ཕྱོགས་ར་ལ་ཟ་འོག་ཕུག་ཞེས་རྗེ་བཙུན་མི་ལའི་སྒྲུབ་གནས་སུ་མེ་ལུག་སྨིན་དྲུག་ཟླ་བའི་ཚེས་བཅུ་བདུན་སྐབས་རང་ཉིད་སྐྱོ་བས་གསལ་བྱེད་ཏིལ་མེའི་མདངས་ལ་རང་གི་བསླབ་བྱ་གང་དྲན་སྨྲས་པ་ལགས། བཀྲ་ཤིས།

༈ གུང་ཐང་སྨད་ལིང་བ་བྲག་དམར་རྫོང་ནས་བཞེངས་པའི་གྲོས་འདེབས་ཀྱི་མགུར།

ཨ་ཧོཿ ཚེ་རབས་ཀུན་ཏུ་བཀའ་དྲིན་མཚུངས་མེད་ཕ། །སངས་རྒྱས་ཀུན་ལས་ལྷག་པའི་པདྨ་འབྱུང་། །དྲན་ཞིང་དབང་མེད་དད་པའི་འཆི་མ་འཁྲུགས། །དད་པ་ཅན་གྱི་བུ་ལ་ཐུགས་རྗེས་གཟིགས། །སྐྱེ་བ་ཀུན་ཏུ་སྐྱོང་མཛད་དྲིན་ཅན་མ། །རྒྱལ་ཀུན་ཡུམ་མཆོག་ཡེ་ཤེས་མཚོ་རྒྱལ་དྲན། །དྲན་ཞིང་དབང་མེད་དད་པའི་འཆི་མ་འཁྲུག །དད་པ་ཅན་གྱི་བུ་ལ་ཐུགས་རྗེས་གཟིགས། །དུས་ཀུན་འབྲེལ་ཟབ་བླ་མེད་སྟོན་མཆོག་ཕ། །འགྲན་བྲལ་ལོ་ཙཱ་བཻ་རོ་ཙ་ན་དྲན། །དྲན་ཞིང་༝ དད་པ་༝ རང་སེམས་འདི་ཉིད་བྱིན་གྱིས་བརླབས་པའི་ཕ། །གྲུབ་དབང་གནུབས་བན་ནམ་མཁའི་སྙིང་པོ་དྲན། །རང་གཞན་དོན་གཉིས་གཡེལ་མེད་གྲུབ་པའི་ཕ། །ད་ལྟ་སེམས་ཉིད་པདྨ་ནོར་བུ་དྲན། །ཡང་དག་ཐར་པའི་ལམ་བཟང་སྟོན་པའི་ཕ། །བསླུ་མེད་དྲན་མཆོག་དྭངས་མ་བདེ་གླིང་དྲན། །གེགས་སེལ་བོགས་འདོན་སྙན་བརྒྱུད་སྟོན་པའི་ཕ། །མཚུངས་མེད་བླ་མ་གསུང་རབ་རྒྱ་མཚོ་དྲན། །ཞལ་མཇལ་གསུང་ཐོས་དད་པ་ཐོབ་པའི་ཕ། །རྒྱལ་དབང་དམར་ནག་མཆོག་སྤྲུལ་སྙིང་ནས་དྲན། །ཆོས་མེད་སེར་གཟུགས་དྲེད་པོ་སྙོམས་ལས་མཁན། །དལ་འབྱོར་སྟོང་ལོག་རྟ་རྒན་བདག་འདྲ་ལ། །ཐུགས་རྗེས་གཟིགས་ཤིག་འཕགས་མཆོག་བླ་མ་རྣམས། །བདག་ནི་ལས་ངན་དུག་ལྔ་སྒྲོམ་བུ་ཆེ། །སྤྱོད་ཀུན་འཁོར་བ་ངན་སོང་རྒྱུ་རུ་འཕེལ། །བྱ་བ་གང་བྱས་མི་ཆོས་ཉིད་དང་འདྲེས། །ཉམས་རྟོགས་རྩལ་ཁ་རྫོགས་པའི་དུས་མ་མཆིས། །ཆོས་མིན་རྣམ་རྟོག་ཇེ་ལས་ཇེ་ཆེར་འཕེལ། །བསམ་བཞིན་སྐྱོ་བ་སྙིང་གི་དཀྱིལ་ནས་སྐྱེ། །རེ་དོགས་འཛིན་པ་འདི་ལ་ཡ་རེ་ང་། །མ་རིག་ཕྲ་བ་འདི་ལ་ཡི་རེ་མུག །ད་ནི་དབེན་པའི་རི་སུལ་སྙེག་རེ་རན། །ལས་ཀྱི་སྐྱེ་མཐའ་ཚེ་འདིར་བཅད་རེ་རན། །བསླུ་མེད་རྟེན་འབྲེལ་བཟང་པོ་སྒྲིགས་རེ་རན། །པདྨའི་བཀའ་ལུང་རྟེན་འབྲེལ་སྒྲིགས་རེ་རན། །རང་ལ་བརྩོན་པའི་ལྕགས་ཀྱིས་བསྐུལ་རེ་རན། །ཡེངས་མེད་དགེ་སྦྱོར་བཟང་པོ་སྐྱོང་རེ་རན། །འཕགས་མཆོག་གོང་མའི་ཞབས་དྲུང་སྐྱོངས་རེ་རན། །དོན་གཉིས་ལྷུན་གྲུབ་ད་ལྟ་སྒྲུབ་རེ་རན། །ཚེ་དབང་ནོར་བུ་རང་གྲོས་འདེབས་རེ་རན། །རང་གྲོས་སྟོང་ཚུགས་མེད་པ་སྤྱོད་རེ་རན། །

ཞེས་མང་ཡུལ་གུང་ཐང་སྨད་ལིང་བ་བྲག་དམར་རྫོང་དུ་དོན་མེད་པའི་ཡིད་སྐྱོ་ཤས་དང་དགའ་བདེ་གཉིས་ཀ་འཕེལ་ཞིང་རང་ཉིད་སྐྱེ་བ་ཕྱི་མ་གར་སྐྱེ་དེ་དང་ཚུལ་འགའ་ཞིག་ཡིད་ལ་ཤར་བའི་ཚེ་ཚེ་དབང་ནོར་བུས་མེ་ལུག་ཧོར་ཟླ་བཅུ་པའི་ཚེས་དྲུག་ནུབ་སྣང་གསལ་མར་མེའི་མདངས་ལ་གང་དྲན་བྲིས་པ་ལེགས་སོ། །བཀྲ་ཤིས།

༈ བལ་བོད་མཚམས་ཆུ་མིག་བརྒྱ་རྩར་བཞེངས་པའི་ནམ་མཁའི་རྣལ་འབྱོར་བདེ་བའི་མགུར་གླུ།

ཨ་ཧོ། སྙན་གསོན་དང་འདིར་འཁོད་ལྷ་འདྲེ་མི། །སྤྲང་ཕྱོགས་བྲལ་ཁོ་བོས་གླུ་ཅིག་ལེན། །སྐྱབས་བླ་མ་སྤྱི་བོའི་གཙུག་ཏུ་བཞུགས། །གླུ་མཆོད་པར་འབུལ་ལོ་བྱིན་གྱིས་རློབས། །ཨེ་མ། གནས་ཡ་ལ་མཚན་པ་བལ་བོད་མཚམས། །རི་གངས་དཀར་རྒྱལ་མཚན་འཕྱར་འདྲ་བ། །ཁོང་སྲིད་པའི་ལྷ་ཆེན་གླེ་རུ་ཞེས། །རྗེ་ཨོ་རྒྱན་ཆེན་པོའི་དགེ་བསྙེན་ལགས། །དེ་མདུན་ངོས་བྲག་རི་རྡོ་རྗེ་སྤོ། །ཆབ་བདུད་རྩི་ཆུ་མིག་བརྒྱ་རྩ་ཞེས། །སྒྲུབ་གནས་མཆོག་ངོ་མཚར་གཟི་བྱིན་འབར། །གཏེར་ཟས་ཆོས་མང་པོའི་བཞུགས་གནས་ལགས། །འདིར་འདུས་པའི་དད་ལྡན་ཕོ་མོ་རྣམས། །སྔོན་ཚོགས་བསགས་ལས་བཟང་སྐལ་བར་ལྡན། །དངོས་རྣམ་དཀར་ཆོས་ལ་མོས་པ་ཡི། །རིགས་བཟང་ལྡན་དཔའ་བོ་མཁའ་འགྲོ་ལགས། །མི་མ་ཡིན་ལྷ་འདྲེའི་ཚོགས་རྣམས་ཀྱང་། །སེམས་བྱང་ཆུབ་བསྐྱེད་པའི་སེམས་དཔའ་སྟེ། །ཆོས་དཀར་ཕྱོགས་སྐྱོང་བའི་བསྲུང་མ་ཡིན། །དོན་དཔལ་ཆེན་ཡབ་ཡུམ་སྤྲུལ་པ་ལགས། །མི་ཁོ་ཡང་ཨོ་རྒྱན་གུ་རུའི་སྲས། །བསམ་བཞིན་དུ་གདུལ་བྱར་སྐྱེ་བ་ལེན། །ཕྱི་གཞན་ངོར་གང་ལྟར་སྣང་ཡང་རུང་། །དོན་རང་ངོར་བསླུ་བ་མེད་སྙམ་བདེ། །ཆུང་དྲན་ནས་སྡུག་པའི་ལས་ལ་འཛེམ། །ལས་དཀར་པོའི་དགེ་ལ་སྙིང་ནས་དད། །རྒྱུ་འབྲས་ལ་རྩིས་མེད་མ་བྱས་ཏེ། །རང་བསམ་ན་འགྱོད་པ་མེད་པས་བདེ། །ནར་སོན་ནས་ཨོ་ཟོབ་མ་རྒྱང་བར། །རྗེ་སྐྱེས་མཆོག་མང་པོའི་ཞབས་ལ་གཏུགས། །སྤྱིར་མཁས་གྲུབ་བླ་མ་བཅུ་གསུམ་མཇལ། །རང་སྐལ་བཟང་གྱུར་པས་ཞེ་བློ་བདེ། །ཆོས་སྤོམ་ཡོར་སོམ་ཉིར་མ་བཞག་པར། །ཕྱི་སྒྲ་ཚད་རིག་གནས་མ་མཁས་ཀྱང་། །སེམས་གནས་ལུགས་ཕྱག་རྫོགས་ཉམས་ལེན་དོན། །དགོངས་མི་མཐོ་ཡང་རང་སེམས་ཚུགས་པས་བདེ། །གཞན་གྱུར་གྱི་བླ་ཚུལ་འཛིན་པ་འགའ། །བཟང་ས་དང་བསླུ་ཁྲེལ་ཅི་མཐོང་ཡང་། །ཡིད་སྨོན་དང་ལོག་ལྟ་གཉིས་ཀ་མེད། །རང་ཉིད་ཀྱི་རང་ས་ཟིན་པས་བདེ། །རང་རྒྱལ་གྱི་རློམ་པ་ཆེར་མེད་ཀྱང་། །རྒྱན་ལྷབ་ལྷུབ་དང་སལ་སིལ་སྒེག་འཆོས་དང་། །འཁོར་ཟང་ཟིང་གི་བཅོས་པའི་བླ་མ་མིན། །དོན་གཉུག་མའི་རྣལ་འབྱོར་ཡིན་ནོ་བདེ། །ཕྱི་ཡུལ་སྣང་ཀུན་ཆུ་ནང་ཟླ་རིས་བཞིན། །དོན་བུ་ཆུང་གི་སེམས་འདྲ་དགོད་རེ་བྲོ། །ནང་རྟོག་ཚོགས་ཀུན་གཏད་མེད་སང་མ་སིང་། །སྒོམ་གཉིས་འཛིན་གྱི་གཟེབ་ན་གྲོལ་ལོ་བདེ། །མིང་སྙན་སྙན་གྱི་སྒོམ་མིང་མ་ཐོབ་ཀྱང་། །གནས་འགྱུ་བ་ཡི་རང་ངོ་དབྱིངས་སུ་ཞིག །ཡུལ་གཞི་མེད་ཀྱི་རྩ་བྲལ་དུ་རང་ངོ་ཤེས། །ད་གང་བྱས་ཀུན་དགེ་སྦྱོར་ཀློང་གྱུར་བདེ། །ལར་ཆུང་ནས་སྐྱིད་ཉལ་མ་བྱས་ཏེ། །སྐྱབས་རྩ་བའི་བླ་མ་རྣམ་གཉིས་བསྟེན། །གསུང་བདུད་རྩི་ངེས་དོན་ཉམས་སུ་ལེན། །ཚིག་ཐ་སྙད་ལ་མ་འཇལ་ཞེ་བློ་བདེ། །དུས་ད་ལྟ་ཡང་རྒྱལ་ཁམས་འགྲིམ་པ་འདི། །ཁ་རྒྱབ་མ་ཕྱིད་ནས་འགྲོ་བ་མིན། །ལུས་སྙིང་པོ་ལེན་ཕྱིར་གནས་རྟེན་མཇལ། །ཡུལ་བདུད་རྩི་བརྟེན་པའི་བྱ་བཏང་བདེ། །གནས་གང་དུ་སོང་ཡང་ཞེན་པ་མེད། །གྲོགས་སུ་དང་འགྲོགས་ཀྱང་བདེ་སྡུག་ཆུང་། །ལུས་སྐྱེ་འཆི་གྱུར་ཀྱང་ཡ་ང་སྲབ། །སྤྲང་སྟོང་ཉིད་དབྱིངས་སུ་ཐམས་ཅད་བདེ། །ཚིག་དེ་སྐད་རྦད་ཤོད་ཆེ་ལགས་ཀྱང་། །དབྱར་རྒྱས་པའི་སྤངས་ལ་ཅི་ཡང་སྐྱེ། །མི་རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །ང་རྣལ་འབྱོར་ཉམས་ཀྱི་རྒྱང་གླུ་བདེ། །མགུ་མི་མགུ་འཆར་ཀུན་ཅི་དགྱེས་མཛོད། །མི་ང་རང་ནི་ནམ་མཁའི་རྣལ་འབྱོར་ལགས། །

ཞེས་མང་ཡུལ་སྐྱིད་གྲོང་གི་སྡེ་མཐར་ཐུག་པ་བལ་བོད་མཚམས་ཆུ་མིག་བརྒྱ་རྩར་མེ་ལུག་ཧོར་ཟླ་བཞི་པའི་དམར་ཕྱོགས་ཚོགས་འཁོར་སྐབས་བསྐུལ་བ་པོའི་ངོར་རིག་འཛིན་ཚེ་དབང་ནོར་བུ་ཀརྨ་བསྟན་པ་མཐར་རྒྱས་ཀྱིས་གླུར་སྨྲས་པའོ། །

༈ རྐྱང་ཕན་ནམ་མཁའ་རྫོང་དུ་རང་ཚུལ་གླེང་བའི་མགུར་གླུ་གཞན་བློ་ཆོས་བསྐུལ།

ན་མོ་གུ་རུ་ཝེ། ཁྱེད་འདིར་འདུས་མཆེད་ལྕམ་ཚུར་གསོན་དང་། །སྤྲང་ཕྱོགས་མེད་ཚེ་དབང་ནོར་བུ་བདག །སྔོན་རྣམ་དཀར་འབྲས་བུ་ཅུང་ཟད་མཐུས། །ལུས་དལ་འབྱོར་བྲེང་ཙམ་འདི་ཉིད་ཐོབ། །འོན་བག་ཆགས་ལས་བཟང་བྱེད་པ་ཡི། །ཆུང་མ་ལས་སྐྱེས་པའི་རྐན་མར་ནས། །དུས་ད་བར་ཁ་ཟས་དཀོར་ལ་བྱས། །དེ་དྲན་ཞིང་གློ་སྙིང་དབང་མེད་འདར། །ལར་རང་དབང་ཆོས་ལ་མ་ཐོབ་པའི། །ལས་ཅི་བྱེད་ངན་འགྲོར་འཕེན་པའི་རྒྱུ། །ཚུལ་མི་ཆོས་བླ་མའི་གཟུགས་བརྙན་མཁན། །མིང་སྤྲུལ་སྐུར་བཏགས་པའི་སྐྱག་ཟན་ང་། །ཆོས་བཤད་བཤད་མང་པོས་གཞན་མགོ་བསླུ། །ཚུལ་ཡིན་ཡིན་རློམ་པས་རང་དོན་བརླག །དོན་བསྐྱེད་རྫོགས་གདེང་ཚད་མ་ལོན་པའི། །མིང་འགྲོ་དོན་བཏགས་པས་རང་གཞན་ཕུང་། །ཁ་ཆོས་བཤད་མཛེས་ཀྱང་སེམས་དང་འཛོལ། །བློ་ཆོས་ལ་མོས་ཀྱང་གཡེང་བས་ཁྱེར། །ལས་བཟང་བསགས་སྤྲོ་ཡང་ངན་དབང་ཆེ། །ཚུལ་དགེ་སྒྲུབ་དད་ཀྱང་སྡིག་དང་འདྲེས། །ཚེ་འདི་ལ་ཞེན་པ་མེད་སྨྲ་ཡང་། །གཏིང་མཐོ་དམན་ཆགས་སྡང་ཆུ་ལྟར་འཁོལ། །སྤྱིར་ཆོས་བརྒྱད་བླ་གཟུགས་བདག་འདྲ་བ། །རང་སྐྱོན་ཀུན་མི་རོ་བཞིན་དུ་སྦེད། །གཞན་སྐྱོན་མཐོང་ལྷ་དར་བཞིན་དུ་འཕྱར། །ཚིག་སྙན་པོས་རང་མགོ་རང་གིས་བསྐོར། །སེམས་མངོན་ཤེས་མ་ཐོབ་ལུང་བསྟན་སྒྲོགས། །ཟབ་གདམས་ངག་མི་ཆོས་ངོ་དགའ་བཤད། །རང་ཉམས་ལེན་རྟོག་པ་འལ་འོལ་ལ། །ཁ་ཕོ་སོ་རྦད་ཁོག་འབྲུག་ལས་ཆེ། །ཚུལ་འདི་སོགས་བྱ་སྤྱོད་མང་པོ་དེས། །རང་རང་གིས་བསླུས་པ་མཐོང་ལགས་སམ། །ལར་གདན་ས་མིང་བཏགས་དགོན་ཆུང་དེར། །མིང་ཆུང་ཡང་གཉེན་པོར་སྐུ་སྐྱེ་བཏགས། །ལས་དོན་མེད་རྒྱལ་ཁམས་དཀོར་བསླུ་བསྡུད། །དོན་ཆེ་བ་ཉམས་ལེན་གལ་ཆུང་ཤོར། །ཆོས་ཟབ་དགུ་གདམས་ངག་རྒྱང་བོར་ལུས། །གོམས་ཟོལ་ཟོལ་ཀུན་གྱི་མཐིལ་ལ་ཐུག །ཚུལ་མ་ཡིན་བྱ་བ་འདི་དག་མང་། །དེ་བསམ་ཞིང་སྙིང་ནས་ཡི་རེ་མུག །སྐྱེ་ཡུལ་གྱི་མི་ཆོས་རྣམ་གཡེང་དེ། །གཞན་ཡུལ་དུ་མེད་སྙམ་རྒྱལ་ཁམས་འགྲིམ། །ལྟོགས་འཁྱག་གི་དཀའ་བ་ཁྱད་བསད་ཀྱང་། །རྟེན་བཟང་དང་བླ་མ་མཇལ་བྱས་ཤིང་། །རྣམ་དཀར་གྱི་སྨོན་ལམ་ཐེབས་ཙམ་ལས། །སེམས་ཉིད་ནི་གྱོང་པོར་ཐོ་མ་ཕོག །མཐོ་འདོད་དང་ང་རྒྱལ་སྔར་ལས་ཆེ། །ཚུལ་མི་འཆོས་སྔར་བས་མཁས་སུ་སོང་། །དེ་བསམ་ཞིང་སྙིང་ནས་སྐྱོ་ཤས་ལྡང་། །སྤྱིར་གཏམ་དཔེར་བྱི་བ་མ་བརྗེས་ན། །ཁུང་བརྗེས་ཡང་ཕན་པ་ཆུང་ངུ་ཞེས། །ཚིག་དེ་ཡི་མདོ་དོན་སེམས་ལ་ཕོག །ད་ཆོས་ཤིག་སྙིང་ནས་བྱེད་སྙམ་ལ། །མིང་ཆོས་སུ་བཏགས་མཚོན་ཆོས་གཟུགས་དང་། །ཁར་རྟོགས་ལྡན་སྨྲ་བའི་སྟོང་སྒྲ་དེས། །རང་མགོ་བསྐོར་བྱས་ན་དགོས་མེད་མཐོང་། །དོན་ཡིན་ལུགས་མ་བཅོས་ཅོག་བཞག་ལ། །སེམས་གནས་ལུགས་རང་ངོ་གཅེར་ལ་གཏད། །ཡུལ་ཚོགས་དྲུག་སྣང་བ་གཏན་ལ་དབབས། །གཟུང་འཛིན་བྲལ་གུ་ཡངས་ལྷུག་པའི་ངང་། །ཚུལ་མི་ཆོས་དགོས་པ་ཆུང་ངོ་བོར། །ཚེ་འདི་ཡི་ཞེན་པས་བསླུས་སོ་བྲོས། །གནས་དབེན་པ་རི་ཁྲོད་ལུང་སྟོང་དུ། །གཡེང་དབང་དུ་མ་ཤོར་ཆོས་ལ་བརྩོན། །ལས་རྒྱུ་འབྲས་ཞིབ་ཚགས་བག་ཡོད་ཅིང་། །ཆོས་ཀུན་གྱི་སྲོག་རྩ་དམ་ཚིག་བསྲུང་། །རྗེ་བླ་མ་གང་དགྱེས་ཐབས་ལ་འབད། །མ་འགྲོ་དྲུག་ཡོངས་ལ་སྙིང་རྗེ་བསྐྱེད། །རང་གྲོགས་མེད་གཅིག་པུར་ངེས་དོན་སྤྱོད། །ཚིག་ཉག་ཉོག་གླེང་མོལ་རིང་སྤང་ནས། །དོན་སེམས་ངོ་ཉམས་ལེན་ཉིད་ལ་དྲིལ། །ཚུལ་དེ་འདྲ་སྤྱོད་པའི་ཡིད་སྨོན་ཅིག །མི་ཁོ་བོའི་སྙིང་གི་དཀྱིལ་ནས་ཤར། །དེ་མྱུར་དུ་འགྲུབ་པའི་སྨོན་ལམ་འདེབས། །རང་ངང་ཚུལ་རང་གི་གླེང་འདི་ཡིས། །མི་ཀུན་ཀྱང་བློ་ཁ་ཆོས་ཕྱོགས་ཤོག །

ཞེས་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་རྐྱང་འཕན་ནམ་མཁའ་རྫོང་དུ་མེ་ལུག་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་སྲོད་ལ་མདུན་གྲལ་སྐབས་སུ་ཚེ་དབང་ནོར་བུས་སྨྲས་པའོ། །

༈ གཞན་གྱི་བསྐུར་འདེབས་ལ་སྙིང་རྗེ་སྐྱེས་ནས་བཞེངས་པའི་མགུར།

ཨའུ་ཡེ་གསོན་དང་གླུ་དབྱངས་ལ། །འདིར་འདུས་ཀྱི་ཁྲོམ་ཚོགས་ཆེ་ཕྲ་ཚོ། །རིགས་ཀུན་གྱི་ཁྱབ་བདག་འོད་མི་འགྱུར། །རྒྱལ་ཀུན་གྱི་ངོ་བོ་པདྨ་འབྱུང་གནས། །སྙིགས་དུས་སུ་འགྲོ་འདྲེན་སྤྲུལ་པའི་སྐུ། །རྗེ་རྒྱལ་དབང་ཀརྨ་ཡབ་སྲས་དང་། །ཟབ་གཏེར་སྟོན་རིག་གྲུབ་རྣམས་ལ་འདུད། །བུ་མོས་གུས་ཅན་ལ་ཐུགས་རྗེས་གཟིགས། །དེང་མདོ་ཁམས་ཀཿཐོག་ཆར་སྐྱེས་པའི། །སྤྲང་རྒྱལ་ཁམས་འཁྱམས་པའི་རྣལ་འབྱོར་གཟུགས། །མིང་ཀུན་བཏགས་ཚེ་དབང་ནོར་བུའི་སྡེས། །གླུ་ཤུགས་བྱུང་སྒྲོ་བསྐུར་བྲལ་བའི་གཏམ། །ཟོག་འཆལ་ཚིག་བསླད་མེད་དྲང་པོར་བརྗོད། །ཐུགས་ཡོན་པོར་གྱུར་རྣམས་བཟོད་པར་མཛོད། །བདག་ཆོས་སྐུ་ཡེ་ཤར་མི་གཅིག་ལ། །མི་རྣམས་ཀྱི་སྣང་བ་སྣ་ཚོགས་ཤར། །ཁོང་ལ་ལས་རྒྱལ་བའི་སྤྲུལ་པར་མཐོང་། །ཕྱག་ཐལ་སྦྱོར་ཞལ་མཇལ་སུས་ཐོབ་བྱེད། །ཁོང་ལ་ལས་མི་སྡུག་ཐན་དུ་མཐོང་། །སྣ་ལག་པས་འགབ་ཅིང་འཕྲད་ལམ་བྱོལ། །ཁོང་ལ་ལས་དགེ་སྦྱོར་བཟང་པོར་མཐོང་། །ཡིད་གུས་པས་སྐྱབས་འཇུག་བསྔོ་འབྲེལ་ཞུ། །ཁོང་ལ་ལས་དཀོར་ཟན་ཁྲམ་པར་མཐོང་། །སྒོ་བསོད་སྙོམས་སོང་ཡང་ཕྱིར་ལྟས་མེད། །ཁོང་ལ་ལས་ནུས་ལྡན་སྔགས་པར་ཤེས། །བཀའ་ལྷ་སྲིན་བསྲུང་བའི་སྤྲིང་ཡིག་ཞུ། །ཁོང་ལ་ལས་སྔགས་གསར་མཐུ་མེད་མཐོང་། །ལས་མི་མཚམས་བརྙས་བཅོས་སྣ་ཚོགས་བྱས། །ཁོང་ལ་ལས་ཐབས་ལམ་མཁན་དུ་མཐོང་། །ཚོགས་ཀུན་ཏུ་རྒྱུ་ཡི་དགའ་སྟོན་ཕུལ། །ཁོང་ལ་ལས་ཁྲེལ་མེད་ཡ་ཡོར་མཐོང་། །རྐང་ཟུར་འགྲོས་མིག་ལོག་ཁྲེལ་རྒོད་བྱེད། །ཁོང་ལ་ལས་འབྲེལ་ཚད་དོན་ལྡན་མཐོང་། །སྒོ་གསུམ་གྱི་གུས་པས་ཞབས་ཏོག་བྱེད། །ཁོང་ལ་ལས་འདྲེ་ཕུང་ཟོག་པོར་མཐོང་། །ཕྱེ་ཁྱོམ་བུ་གང་ཡང་ཤོར་དོགས་བྱེད། །ཁོང་ལ་ལས་རྟོགས་ལྡན་རྣལ་འབྱོར་མཐོང་། །ཉམས་གེགས་སེལ་བོགས་འདོན་བསླབ་བྱ་ཞུ། ཁོང་ལ་ལས་བསྒོམ་གསར་ཐ་མར་མཐོང་། །ཚུར་ཆོས་བཤད་ང་རྒྱལ་འབྲུག་ལྟར་ལྡིར། །ཁོང་ལ་ལས་པད་འབྱུང་སྲས་སུ་མཐོང་། །ཡིད་རྩེ་གཅིག་མི་ཕྱེད་བློ་གཏད་བྱེད། །ཁོང་ལ་ལས་རྫུན་རྐྱལ་མཁན་དུ་མཐོང་། །ཚིག་བདེན་པར་བརྗོད་ཀྱང་ལོག་པར་རྟོགས། །དེ་ལ་སོགས་རང་རང་ལས་དབང་གིས། །འགྲོ་སོ་སོའི་མཐོང་སྣང་བརྗོད་མཐའ་མེད། །ཁོང་ལ་ལས་ཡིས་བཟང་པོ་ཡིན་འདྲ་ཟེར། །ཁོང་ལ་ལས་ཡིས་ཟོག་པོ་ཡིན་ཐག་བཅད། །ཁོང་ལ་ལས་འདི་ནི་བརྫུས་མ་ཡིན། །དོན་ཡང་ན་བཟང་ལ་ཡང་ན་ངན། །འདི་ལྷ་བདུད་གང་རུང་ཡིན་ངེས་ཞེས། །གཏམ་ཕྱོགས་བཅུར་དྲིལ་དུ་སྒྲོག་ཐོས་ཏེ། །འདི་ཐག་ཆོད་ཧ་ཅང་ཆེ་གྲགས་རུང་། །མཚོ་ཆེན་པོས་ཅ་ཅོ་སྒྲོགས་མིན་ཏེ། །ལུང་དོག་པོའི་ཆུ་ཕྲན་ཀུ་ཅོ་ཆེ། །དཔེ་དེ་བསམ་རང་འདྲར་གད་མོ་ཤོར། །སྤྱིར་ཤཱཀ་ཐུབ་པད་འབྱུང་མཉམ་མ་གཏོགས། །ཕལ་གང་ཟག་ཚོད་འཛིན་གང་ཟག་མིན། །རང་བཟང་ངན་རང་གི་ཆ་མེད་བཞིན། །གཞན་ཚོད་འཛིན་བྱེད་འདི་གད་མོ་ཤོར། །འོན་བདག་ནི་ལྷ་བདུད་གཉིས་ཀར་རུང་། །ཁོང་དག་སྣང་ལྡན་ཆོས་བླ་མར་མཐོང་། །གཤིས་ལོག་ལྟ་ཅན་ཚོས་བདུད་དུ་མཐོང་། །ཕལ་ཀུན་གྱི་སྣང་ངོར་སོ་སོ་སྐྱེ། །རང་རང་ལ་ལྟས་ཀྱང་དེ་དང་འདྲ། །ཚུལ་བསམ་བཞིན་བསམ་བཞིན་མགོ་བོ་འཁོར། །བདག་རྒྱལ་ཁམས་སྤྲང་པོ་ཡིན་ལགས་ཀྱང་། །ཡུལ་གཅིག་ཏུ་གྲོང་གྲགས་རེ་གཉིས་ཀྱི། །སྟབས་ལེགས་ནས་བཀུར་བའི་ཁེངས་པ་མེད། །དེ་རྟོགས་པས་གྲོལ་བ་མ་ལགས་ཏེ། །ཆུང་སོ་བཞི་བཟུང་ནས་ད་བར་དུ། །མི་རང་ཐད་ཆེ་གཉན་འགའ་དང་འགྲོགས། །དོན་དེས་ན་གསར་དུ་ཁེངས་རྒྱུ་ཆུང་། །མི་མང་པོས་གཤེ་བཀུར་བཏང་ན་ཡང་། །ཚེ་འདི་ཞེན་ཕྲ་བས་ང་ཡ་ཆུང་། །སྤྱིར་བསྟོད་སྨད་ཚིག་ཀུན་བྲག་ཆ་འདྲ། །སྤང་བླངས་ཀུན་རྣམ་རྟོག་རང་གྲོལ་ལ། །བློ་བཅོས་མའི་སྦུན་ཐག་ཆད་ནས་ཚར། །ལར་རྣལ་འབྱོར་ཕྲན་ཆུང་ཟོག་རྒན་བདག །ཡུལ་རང་ཡུལ་གཞན་ཡུལ་གར་ཕྱིན་ཀྱང་། །ཕྱི་གཞན་ངོར་མཛེས་ཆས་ཡང་མ་བསྒྲིགས། །ལྐོག་བག་ཡང་སྤྱོད་ངན་ཡང་མ་བྱས། །ངོས་ལྐོག་མཚུངས་ཚུལ་སྤྱོད་ལྷུག་པ་ལ། །རང་མ་ཁྲེལ་ཙམ་བྱས་སོས་དལ་བདེ། །མཚམས་བསྙེན་བསྒྲུབ་དཀའ་སྤྱད་བྱས་ཚུལ་དང་། །སྡོམ་བཙུན་ཚིག་ངོམ་རྒྱུ་མ་མཆིས་ཀྱང་། །རྗེ་རྒྱལ་བའི་བསྟན་ལ་རྗེས་འཇུག་ཚིག །ཁོ་འགྲོ་ལ་ཕན་ཐབས་མ་གཏོགས་པ། །མི་གཞན་སྣང་བསླུ་བའི་ཁ་མཁས་དང་། །ཚིག་མཛེས་མཛེས་མི་ཆོས་འབད་མ་མྱོངས། །སེམས་རང་ཉིད་ཆེ་འདོད་བཀུར་འདོད་སོགས། །ཚེ་འདི་སྣང་ཞེན་པ་ཆེན་པོ་མེད། །ལར་ཆུང་ནས་དམ་པའི་ཆོས་དང་མཇལ། །རྗེ་མཚུངས་མེད་བླ་མའི་རྗེས་སུ་བཟུང་། །བཀའ་ཕྱག་རྫོགས་གདམས་པའི་ཉིང་ཁུ་ཐོབ། །སེམས་རང་ངོ་བཅུ་གསུམ་ལོ་ལ་འཕྲོད། །ཉམས་འདྲ་མིན་གོལ་སས་མ་བསླུས་ཏེ། །རིག་དྲན་ཤེས་ངོ་བོར་རྡོ་རུས་གཏུགས། །ང་ཡིན་སྙམ་རློམ་པས་མ་ཁྱེར་ཏེ། །ཕྱོགས་ཀུན་འཁྱམས་བླ་མ་གང་སྙེད་བསྟེན། །རང་ཆེ་འདོད་ཨང་ལྡིར་མ་བྱས་ཤིང་། །ཁ་ཕོ་ཟོབ་སྟོང་སྐད་མ་སྒྲགས་པར། །རང་ཤར་ཆ་ཉམས་ལེན་རྫུན་མེད་ཐིམ། །ཡུལ་ཞུ་འོས་ཀུན་ལ་བཀའ་འདྲི་ཞུས། །དུས་ད་ལྟར་ཐེ་ཚོམ་ཆེར་མེད་ཀྱང་། །ཡུལ་ཞུ་འོས་མཆིས་ན་ཞུ་སྙིང་འདོད། །ཕྱི་ཐོས་བསམ་མཐའ་རྒྱ་ཆོད་དཀའ་ཡང་། །དོན་གཅིག་ཤེས་ཀུན་གྲོལ་རང་སེམས་གནད། །སྒོམ་ཉམས་རྟོགས་སེམས་ལ་གང་འཕེལ་བྱས། །ད་གོ་མྱོང་ཅུང་ཟད་སེམས་ལ་ཆགས། །ཁ་མཁས་མཛངས་མི་ཆོས་མ་འབྱོར་ཡང་། །ལས་རྒྱུ་འབྲས་རང་མ་ཁྲེལ་ཙམ་བྱས། །ཚུལ་ཞི་ཞིང་དུལ་དུལ་མ་འབྱོང་ཡང་། །སེམས་བསམ་བཟང་བྲེང་ཙམ་མ་ཆད་བྱས། །ཆོས་ཀུན་སྲོག་རྩ་བའི་དམ་ཚིག་ཀྱང་། །རང་སེམས་ལ་ངོས་ལྐོག་མེད་ངེས་ལ། །སྤྱིར་བླ་མ་ལྔ་ཕྲག་དྲུག་ཙམ་བསྟེན། །ཀུན་དམ་ཚིག་སེལ་མེད་ཐུགས་ཡིད་འདྲེས། །སྒོས་རྩ་བའི་བླ་མ་རྣམ་གསུམ་གྱི། །ཐུགས་གཏིང་ནས་གཅེས་པའི་ཐུགས་སྲས་མཛད། །ཁྱོད་རང་དོན་གྲུབ་ཅེས་དབུགས་བྱུང་ཞིང་། །ད་གཞན་དོན་གྱིས་ཞེས་གཟེངས་ཀྱང་བསྟོད། །སྤྱིར་སྐྱེས་མཆོག་གཏེར་གྲུབ་ཚད་ལྡན་འགའ། །ལས་སྐལ་མཆོག་ལྡན་ཞེས་བསྔགས་པར་གནང་། །མི་རང་ཡང་བླ་མར་སྙིང་དཀྱིལ་ནས། །དད་གུས་དང་དམ་ཚིག་བསྲུང་བའི་མཐུས། །ཁོང་མི་མིན་མཁའ་འགྲོ་ངང་གིས་འདུ། །འདྲེ་ལྷ་སྲིན་འགའ་ཡང་ནུས་པས་བཏུལ། །དོན་དེས་ན་རླུང་ཞགས་མ་བཀོལ་ཡང་། །ཡུལ་གར་ཕྱིན་མི་ཀུན་ང་ལ་མོས། །འབྲེལ་ཚད་ནི་དོན་དང་ལྡན་དཀའ་ཡང་། །གང་འབྲེལ་ཀུན་ཆོས་ལ་བློ་ཁ་བསྒྱུར། །རང་འདོད་ནི་ཧ་ཅང་ཆེ་བ་མེད། །གཞན་ཕན་གྱི་སྨོན་ལམ་གང་ཟབ་བཏབ། །ལས་སྒྲོ་བསྐུར་བྲལ་བའི་གཏམ་འཆད་ལ། །མི་ཁ་ཅིག་རང་བསྟོད་བྱས་སྙམ་ཁྲེལ། །ང་རང་བསྟོད་དགོས་པའི་དོ་གལ་ཆུང་། །ཚེ་འདི་ཡི་ཁ་རྒྱབ་ནམ་ཡང་ཕྱིད། །བསྟོད་སྙན་གྲགས་ཨེ་ཡོང་རེ་བ་ཆུང་། །དཀོར་འཇུ་དཀའ་ཞེན་པ་གཏིང་ནས་ལོག །ང་རང་བསྟོད་གཞན་བསླུ་དེ་མི་དགོས། །ལར་རང་འདོད་མ་དགོས་ཙམ་ཞིག་བདོག །ཕ་རྗེ་བཙུན་བླ་མའི་བཀའ་དྲིན་ལས། །ཚེ་འདི་སྣང་སྒྱུ་མ་ལྟ་བུར་རྟོགས། །བསྟོད་སྙན་གྲགས་བྲག་ཆ་ལྟ་བུར་གོ །ཆོས་བདེན་མེད་རྨི་ལམ་ལྟ་བུར་རྟོགས། །ཀུན་གཞི་མེད་རྩ་བྲལ་རང་སེམས་མཐོང་། །ལས་རྒྱུ་འབྲས་བསླུ་མེད་ཉིད་གོ་བས། ཚུལ་མི་ཆོས་རྫུན་ནི་སྨྲ་དགོས་མེད། །སྒྲོ་བསྐུར་བྲལ་གཏམ་ནི་རྒྱལ་བས་གནང་། །དོན་དེས་ན་ཤུགས་འབྱུང་གླུ་དབྱངས་འདི། །མི་འགའ་ཡི་ལས་ངན་སྤང་ཕྱིར་སྨྲས། །རང་མངོན་ཤེས་རྣམ་ལྔ་མ་ཐོབ་བར། །གཞན་བཟང་ངན་ཐག་ཆོད་སྨྲ་མི་འཚལ། །ཁ་འཇམ་འཇམ་གཞན་ངོར་མཛེས་ཆ་ལ། །གཏིང་བསྒོམ་ཆུང་ཁྱད་གསོད་མི་མཛད་ཞུ། །མི་ཁོ་བོ་ཆ་ནི་ཅི་དགའ་སྨྲོས། །ཚིག་དེ་འདྲས་ཕན་དོན་གོ་བ་བྲལ། །ཡིད་མི་དགའ་བ་ཡང་ཆེར་མེད་ཀྱང་། །གཞན་སྦས་ཚུལ་གསང་སྔགས་རྣལ་འབྱོར་ལ། །སྐུར་གྲགས་ན་རང་ཉིད་དམྱལ་བསྒྲུབ་ཡིན། །དོན་དེས་ན་སྨྱོན་པའི་འཆལ་གླུ་འདི། །ཐུགས་ཁོང་ཁྲོ་མེད་པར་དང་བཞེས་འཚལ། །

ཞེས་རྐྱང་ཕན་ནམ་མཁའ་རྫོང་དུ་གནས་སྐབས་མང་ཡུལ་གནས་ཤཪ་གྱི་མི་འགའ་ཟུང་གི་ཁོ་བོ་ལ་འདི་ཕལ་པ་ནི་མིན་འདྲ་ལྷ་བདུད་གང་རུང་ཞིག་ཡིན་འདུག་ཞེས་དྲིལ་སྒྲོགས་ཚེ། ཨ་ཨ་སྙིང་རེ་རྗེ་སྙམ་ནས་མདོ་ཁམས་ཀཿཐོག་པ་ལྷ་བཙུན་ཚེ་དབང་ནོར་བུས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བདུན་ལ་དེར་འདུས་རྣམས་ལ་སྨྲས་པ་ཧེ་ཧེ་ཕཊ། ལྟ་བ་ལས་འཕྲོས་པའི་ཚིགས་བཤད་ཁ་ཤས་གླུར་བླངས་པ་རང་ལུགས་གསལ་བའི་ལམ་སྟོན་ཞེས་བྱ་བ་ཡོད།

༈ ཐེག་ཆེན་ལམ་གྱི་ལྟ་བའི་མགུར་གླུ་བདེ་ཆེན་འཁོར་ལོ།

ན་མོ་པདྨ་ཀཱ་ར་ཡ། བདེ་ཆེན་འཁོར་ལོར་མོས་པའི་རང་གཟུགས་ལས། །ལེགས་སྐྱེས་གེ་སར་འདབ་མ་འབུམ་ལྡན་དབུས། །འཁོར་འདས་བརྟན་གཡོ་ཀུན་གྱི་བཅུད་དང་མགོན། །མཚོ་སྐྱེས་རྡོ་རྗེས་བདག་བློ་རྟག་སྐྱོང་མཛོད། །བདག་ནི་དལ་འབྱོར་རྟེན་ཐོབ་མཚན་ལྡན་གྱིས། །བླ་མས་རྗེས་བཟུང་ཟབ་དགུའི་གདམས་ངག་ཐོས། །དེ་མཐུས་བདག་བློ་དམན་ཡང་མདོ་རྒྱུད་ཀྱི། །ངེས་དོན་མ་ནོར་བློར་ཆུད་ཕྱག་རྫོགས་ཀྱི། །དགོངས་པ་ཇི་བཞིན་སྨྲ་བར་སྤོབས་པ་འདི། །ཁྱབ་བདག་བླ་མའི་དྲིན་ལས་གཞན་ཅི་ཞིག །བཀའ་དྲིན་སྙིང་ནས་དྲན་ནོ་བླ་མ་ཆེ། །གླུ་དབྱངས་མཆོད་པར་འབུལ་ལོ་གུ་རུ་རྗེ། །རྣལ་འབྱོར་བདག་ཉིད་ཉམས་ལ་འདི་ལྟར་སྣང་། །ཕྱི་རོལ་ཡུལ་དུ་བཏགས་པའི་བེམ་པོ་དང་། །བདག་ཉིད་སེམས་སུ་བཏགས་པའི་ཤེས་པ་ཡང་། །གཅིག་དང་ཐ་དད་བརྟག་པའི་རྨོངས་པ་འཁྲུལ། །གཅིག་ཀྱང་ཆོས་ཉིད་གཉིས་ཀྱང་ཆོས་ཉིད་དང་། །དེ་ཡང་ཆོས་ཉིད་དེ་མིན་ཆོས་ཉིད་སྟེ། །གདོད་མའི་གཤིས་ལ་ཐམས་ཅད་ཆ་མཉམ་ཞིང་། །ཆ་མེད་ཀུན་འགྲོ་སྣ་ཚོགས་ཁྱབ་པ་པོ། །སེམས་དང་སེམས་བྱུང་རྣམ་རྟོག་རྟག་བཏགས་པས། །རྟག་པའི་རྒྱུ་ཟད་མི་རྟག་དོན་ཀྱང་ཅི། །ངོ་བོ་འགྱུར་མེད་རྣམ་པ་ཐམས་ཅད་པ། །གཞན་སྟོང་དབུ་མ་ཆེ་འདི་རྨད་དུ་བྱུང་། །གཟུང་འཛིན་ཀུན་བཏགས་རང་གི་ངོ་བོས་སྟོང་། །རྣམ་ཤེས་གཞན་དབང་མཐར་ཐུག་འབྲས་བུས་སྟོང་། །ཡོངས་གྲུབ་ཆོས་ཉིད་སྤྲོས་པ་མཐའ་ཡིས་སྟོང་། །སྟོང་པའི་ཚུལ་འདི་ངེས་དོན་མཐར་ཐུག་བཞེད། །ཚུལ་འདི་རྟོག་གེའི་ང་རྒྱལ་མཁྲེགས་པོ་དང་། །སྤོམ་ཡོར་ཆེ་ཚུལ་འཛིན་འགའི་བློར་མ་ཤོངས། །འཁོར་ལོ་རྣམ་གསུམ་དགོངས་པ་གཅིག་དྲིལ་ཞིང་། །ངེས་དོན་མཐར་ཐུག་འཁོར་ལོ་མཐའ་མའི་དོན། །རང་རིག་རང་གསལ་གཞི་མེད་རྩ་བྲལ་བ། །འདི་ཀོ་ལྟ་བུའི་མཐར་ཐུག་ཉིད་དུ་གོ །ཚུལ་དེ་ཐུན་མོང་ལམ་གྱིས་བསྒོམས་པ་ལ། །གངས་ཅན་ཕྱོགས་འདིར་ཕྱག་རྒྱ་ཆེ་ཞེས་གྲགས། །དོན་དེ་ཐུན་མོང་མ་ཡིན་ཟབ་མོའི་གནད། །ལྟ་བ་གཏན་ཕབ་བསྒོམ་པ་ལ་བཟླ་བ། །གཅེར་མཐོང་ཅོག་བཞག་གནད་ཀྱི་མེ་རྩ་འདི། །རྫོགས་ཆེན་ཁྲེག་ཆོད་ཡིན་ཞེས་ཁོ་བོས་སྨྲ། །ཀྱེ་ཧོ་སྒྱུ་མའི་གྲོགས་པོ་ཚུར་ཉོན་དང་། །སྣང་བ་འལ་འོལ་འདི་ལ་གཏད་པ་ཅི། །ཡུལ་དུ་བདེན་པ་འཛིན་ན་འཁྲུལ་པའི་བློ། །ཡུལ་མིན་སེམས་སུ་རློམ་པ་འཛིན་པའི་ཡིད། །དེ་དོན་བརྟག་དཔྱད་བྱེད་ཀུན་ཀུན་བརྟགས་སེམས། །དེ་བྲལ་འཆར་གཞི་ཙམ་འདི་རྣམ་ཤེས་ཏེ། །རྣམ་པར་ཤེས་དང་ཡེ་ཤེས་ཁྱད་པར་ནི། །སྨན་དང་དུག་འདྲ་སྤྲིན་དང་ནམ་མཁའ་འདྲ། །གསེར་དང་གཡའ་འདྲ་འདམ་དང་ནོར་བུ་འདྲ། །རྣམ་ཤེས་ཡེ་ཤེས་དབྱེ་ལ་མཁས་དགོས་ཞེས། །གངས་ཅན་འདི་ན་མཁས་པའི་མཁས་པ་མཆོག །དྲི་མེད་འོད་ཟེར་རྟོན་པ་བཞི་ལྡན་དང་། །རང་བྱུང་ཞབས་དང་སྒྲོལ་བའི་མགོན་སོགས་ཀྱིས། །གསུང་འདི་དཔྱོད་ལྡན་རྣམས་ཀྱིས་གོ་ལགས་སམ། །དོན་དེ་མ་འཁྲུལ་རྒྱལ་བའི་དགོངས་བཞེད་མཐིལ། །ཡིན་པ་ངེས་དོན་མདོ་རྒྱུད་གཟིགས་ལགས་སམ། །མི་ཚེ་ཡུད་ཙམ་ཚོང་ཁེའི་བྱ་བ་སོགས། །ཅུང་ཟད་རེ་ལའང་རྟོག་དཔྱོད་ཆེར་བཅུག་ན། །ཚེ་རབས་གཏན་གྱི་འདུན་མ་དམ་ཆོས་ཀྱི། །འཇུག་སྒོ་མ་ནོར་དཔྱད་པ་ཅིས་མི་བཅུག །བདག་ལྟ་རྨོངས་ཤིང་འཁྲུལ་པས་ཟིན་ནའང་། །སྔོན་བསགས་སྨོན་ལམ་རྣམ་དཀར་ཅི་བསགས་པ། །དེ་ཡི་ངེས་དོན་སྙིང་པོའི་ཆོས་དང་མཇལ། །ཡིད་ཆེས་དེར་ཞུགས་རང་ལ་དགའ་བ་སྐྱེས། །མཁས་འགའ་ལྟ་བ་ཡན་ལག་ཡིན་སྨྲ་ཡང་། །པད་འབྱུང་བི་མ་ལ་དང་བཻ་རོ་སོགས། །སངས་རྒྱས་དངོས་བྱོན་འགའ་ཡི་ཐེག་པའི་ཁྱད། །ལྟ་བས་དབྱེ་གསུང་བདག་ནི་དེ་རྗེས་འབྲང་། །ཁ་ཅིག་དབུ་མ་ལས་ལྷག་ལྟ་བ་མེད། །སྒྲོགས་ཀྱང་ཐེག་ཆེན་ལྟ་བ་དབྱེར་མེད་ན། །སེམས་ཙམ་དབུ་མའི་ལྟ་བ་དབྱེ་དོན་ཅི། །དབུ་མ་ཡིན་ཕྱིན་ཁྱད་པར་མེད་ལགས་ན། །རང་རྒྱུད་ཐལ་འགྱུར་དབྱེ་བ་ཅི་ཕྱིར་མཛད། །སྤྲོས་མེད་ཙམ་གྱི་ལྟ་བའི་མཐར་ཐུག་ན། །རང་རྒྱུད་པ་ལས་ཐལ་འགྱུར་ཅི་ཞིག་ལྷག །དེས་ན་ལྟ་བ་ཐལ་འགྱུར་ལས་ལྷག་པ། །མེད་ཁྱབ་འདིའང་སྐྱོ་མ་སྔ་བཙན་གོ །དེས་ན་རང་ལུགས་ཐལ་འགྱུར་ལས་ལྷག་པའི། །ལྟ་བ་མདོ་ལུགས་རྣམ་རིག་དབུ་མ་དང་། །སྔགས་ཀྱི་མཐར་ཐུག་ལྟ་བ་རྫོགས་པ་ཆེ། །སྤྲོས་བྲལ་ཡིན་ཡང་སྤྲོས་པ་བྲལ་བའི་གཞི། །ཇི་བཞིན་ཡང་དག་གནད་ལ་བསྣུན་པས་སོ། །དེས་ན་རྣམ་རིག་སེམས་ཙམ་ཡིན་བཟུང་དང་། །རྫོགས་ཆེན་ལྟ་བར་ཁྱད་ཆོས་མེད་སེམས་རྣམས། །ད་དུང་རྣམ་དཔྱོད་སྤྱན་རས་བཟང་པོ་དེ། །ཡར་ལ་སྤང་བླངས་རྒྱལ་བཀའ་མདོ་རྒྱུད་གཞུང་། །གཟིགས་ནས་ལམ་བཟང་འདི་ལ་འཇུག་མཛོད་ཀྱེ། །བདག་ནི་ཤེས་རབ་ཆུང་ཞིང་རྨོངས་ལགས་ཀྱང་། །རྒྱལ་བའི་བཀའ་ལ་ཡིད་ཆེས་གྱུར་པ་ཡི། །ཚུལ་འདི་གཞན་གྱིས་ནམ་ཡང་མི་ཕྱེད་པའི། །ཆོས་ཀྱི་རྗེས་འབྲང་དད་པ་བརྟན་པོ་ཡོད། །དེས་ན་རང་དང་རིགས་སྐལ་མཐུན་པ་རྣམས། །དགའ་བ་སྐྱེས་ཕྱིར་གཏམ་དུ་སྨྲས་པ་ལ། །མ་འཁྲུལ་ལྟ་བའི་གནས་ལུགས་དེ་གོ་ཡང་། །རྟོགས་བྱེད་སྒོམ་པའི་ལམ་ལ་འབད་ཀྱང་རིགས། །བསྒོམ་གྱི་རྩ་བ་བླ་མའི་བྱིན་རླབས་ཏེ། །འཇུག་ཐབས་མོས་གུས་གནད་དུ་བསྣུན་ཡང་འཚལ། །རང་ལ་བཀའ་དྲིན་ཆེ་བའི་བླ་མ་དེ། །དུས་གསུམ་སངས་རྒྱས་ཀུན་ལས་ལྷག་གོ་ཞེས། །རྒྱུད་སྡེ་ཀུན་ནས་མགྲིན་གཅིག་དབྱངས་གཅིག་ཏུ། །གསུངས་པ་འདི་ལ་ཡིད་ཆེས་བྱེད་ཀྱང་འཚལ། །ཇི་སྲིད་རྣམ་པར་རྟོགས་པ་ཡོད་ཀྱི་བར། །ལས་ཀྱི་འབྲས་བུ་དག་ཀྱང་བསྐྱེད་ནུས་པས། །རྒྱུ་འབྲས་འདོར་མོད་གནད་རྣམས་མ་འཆུག་པར། །རྒྱལ་བའི་བཀའ་བཞིན་ཚུལ་ལྡན་སྤྱོད་ཀྱང་འཚལ། །དྲོད་ཐོབ་ཙ་ན་སྔགས་ཀྱི་སྤྱོད་པ་ཡིས། །རིམ་གཉིས་གོང་འཕེལ་བྱེད་པ་རྨད་བྱུང་ཡང་། །དེ་སྲིད་བར་དུ་འདུལ་བ་དང་བསྟུན་ནས། །གསང་སྔགས་གསང་སྟེ་སྤྱོད་པ་ངོ་མཚར་ཆེ། །མདོར་ན་རྡོ་རྗེ་ཐེག་པའི་དམ་ཚིག་གིས། །གཏན་ཕུར་བཙུགས་པ་བླ་མའི་གསོལ་འདེབས་དང་། །སྟོང་ཉིད་ལྟ་བ་གཞན་སྟོང་སྙིང་རྗེ་མཆོག །ཟུང་དུ་འབྲེལ་བས་བསོད་ནམས་བསགས་པའི་ལས། །ཆེར་འབད་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །དེ་སྐད་རབ་བྱུང་ཉི་མའི་ཤིང་ཡོས་ལོར། །པདྨའི་སྦས་ཡུལ་མཆོག་གྱུར་འབྲས་ལྗོངས་བྱང་། །འབྲི་མཚམས་ཞེས་གྲགས་དབེན་གནས་གསང་སྔགས་རིར། །ནག་ཟླའི་ཚེས་པ་བཅུ་གཉིས་དུས་བཟང་པོར། །རིག་འཛིན་ཚེ་དབང་ནོར་བུས་སྨྲས་པ་ཡིས། །ཡིག་རིགས་དགེ་སློང་ཀུན་བཟང་གཞན་ཕན་ནོ། །འདིས་ཀྱང་འགྲོ་ཀུན་མ་ནོར་ཐེག་ཆེན་ལམ། །བཟང་པོར་འཇུག་པའི་རྒྱུ་རུ་གྲུབ་གྱུར་ཅིག །

༈ ཉམས་ལེན་སྙིང་པོ་ཞལ་གདམས་སྙིང་ཁུག་དྭངས་མའི་ཤོག་དྲིལ་མགུལ་ཁུག་མ་ཡོད།

ཆིག་ཆོག་རི་ཆོས་ཟབ། བླ་མ་རྡོ་རྗེ་སེམས་དཔའི་ཞབས་པད་དུ། །རྟག་ཏུ་ཕྱག་བྱས་དེ་ཡི་གསང་བའི་དོན། །རང་གི་གོ་མྱོང་དང་བསྟུན་མན་ངག་གནད། །སྙིང་ཁྲག་ཐིག་པ་ལྟ་བུ་འདིར་སྟོན་ནོ། །རྒྱལ་ཆོས་བྱེ་བྲག་གྲངས་མེད་ཀུན་འདུས་སོ། །རང་རིག་ངོ་རྟོགས་སངས་རྒྱས་ཐབས་བཞིན་ནོ། །དེ་ཐབས་མཆོག་ནི་དབུ་ཕྱག་རྫོགས་པ་ཆེ། །ཡང་ཞུན་རྫོགས་ཆེན་ཉིད་དོ་ངོ་མཚར་ཆེ། །དེ་དོན་མདོར་དྲིལ་ལྟ་སྒོམ་སྤྱོད་འབྲས་བཞི། །ཉམས་ལེན་སྦྱོར་བ་འཁོར་བར་ཡིད་སུན་ནས། །ངེས་འབྱུང་བསམ་པས་སྐྱབས་སེམས་ཚོགས་བསགས་དང་། །སྒྲིབ་སྦྱང་ཁྱད་པར་བླ་མའི་རྣལ་འབྱོར་འབད། །དངོས་གཞི་སྒོམ་ཐོག་ལྟ་བ་ངོས་བཟུང་སྟེ། །བསྒོམ་པའི་ངོ་བོ་ཁྲེག་ཆོད་ཡིན་ནོ་ཀྱེ། །ཁྲེགས་ཆོད་ངོ་བོ་ཀ་དག་ཡེ་ཤེས་ཏེ། །ཉམས་སུ་ལེན་པའི་ཐོག་མར་བཞག་ཐབས་ནི། །འཁོར་བར་སྣང་བ་ཕྱི་ནང་ཕྲ་རགས་ཀྱི། །འགྱུ་རྟོག་ཉིད་དང་མི་རྟོག་གནས་པ་དང་། །སེམས་ཉིད་གཟུང་འཛིན་བློ་ཡི་བརྟགས་གཞིགས་དང་། །བཅས་བཅོས་དགག་སྒྲུབ་གང་ཡང་མ་བྱེད་ཀྱི། །རང་གི་རང་སྒྲིབ་གསེར་ཉིད་གཡའ་ཡིས་སྒྲིབ། །དྭངས་པའི་ཆུ་བོ་གཟོ་བྱས་རྙོགས་མས་སྒྲིབས། །རང་རིག་ངོ་བོ་གློ་བུར་སེམས་ཀྱིས་སྒྲིབ། །གཉུག་མའི་ངོ་བོ་གཟུང་འཛིན་བཅོས་མས་བསླད། །ཀྱེ་ཧོ། རང་བྱུང་གདོད་ནས་ཀ་དག་རྫོགས་པ་ཆེ། །གློ་བུར་དྲི་བྲལ་རང་བཞིན་ངོ་བོའི་གཤིས། །འདི་ལ་དཔེ་མཚོན་བརྟག་དཔྱད་ཚིག་གི་ཡུལ། །མ་ཡིན་ཡིན་ནོ་མཐའ་དང་བྲལ་ལོ་ཀྱེ། །མི་རྟོག་གནས་པ་སྒྲུབ་དང་དེ་ཉིད་གཤིས། །གང་ཡང་དྲི་མ་ཡིན་ནོ་ཅི་གནས་ཆུག །འགྱུ་བ་རྟོག་ཚོགས་དགག་དང་དེ་འཕྲོ་མཐུད། །གང་ཡང་རྣམ་རྟོག་ཡིན་ནོ་རང་ཐོག་ལྷོད། །དུས་གསུམ་དུས་མེད་རྟོག་པའི་ངོ་བོ་འདི། །སྔར་འདས་རྟོགས་པའི་འཕྲོ་རྗེས་ལ་མ་ཞེན། །ཕྱིས་འབྱུང་རྣམ་རྟོག་མང་པོའི་སྔོན་མ་བསུ། །ད་ལྟའི་རྟོག་པར་བརྟག་དཔྱད་བཅོས་བསླད་སྤང་། །རྣམ་རྟོག་མ་དགག་གུ་ཡངས་ཀློང་དུ་ཞོག །རྣམ་རྟོག་མ་གྲུབ་རང་ངོ་ཉིད་ལ་ལྟོས། །ཐེ་ཚོམ་མ་བྱེད་གང་ཤར་གདོང་དེད་ཐོང་། །བློ་ཡིས་མ་བཟོ་ཅི་ཤར་ཉིད་དུ་ཞོག །ཞོག་ཅེས་ཆེད་གཉེར་མེད་དོ་ཅི་བདེར་ཆུག །ཡན་ཞེས་ཕུལ་སོ་མེད་དོ་ལྷན་ནེ་ཞོག །ཡེངས་མེད་རང་རིག་ངོ་བོས་རྟག་ཏུ་འཚོ། །བསྒོམ་མེད་ཤར་གྲོལ་ཁྱབ་བརྡལ་ཡན་མཛོད་ཀྱེ། །ཧཻ། བསྒོམ་མེད་བསྒོམ་པའི་ངོ་བོ་དེ་འཆད་ཚེ། །བག་མེད་འཁྲུལ་དབང་ཐུན་མཚམས་མ་ཤོར་བར། །མཉམ་རྗེས་ཆིག་དྲིལ་ཀུན་བཟང་ཡེ་ཤེས་ཆེ། །ཟང་ཐལ་ཀ་དག་ཉིད་ལ་རྟག་གནས་མཛོད། །གསེར་གླིང་ས་རྡོ་ཕལ་པ་མི་ནུས་བཞིན། །གང་ཤར་ཆོས་སྐུའི་ངང་དུ་རྟོགས་ཀྱིས་ཤིག །གཉེན་པོ་མེད་ཀྱང་རྡོ་རྗེའི་ཏིང་འཛིན་གྱིས། །ཕྲ་རགས་དྲི་ཀུན་འཇོམས་པར་མཛོད་དོ་ཀྱེ། །ཨེ་མ། ལྟ་བ་ཡིད་དཔྱོད་ལས་འདས་རྫོགས་པ་ཆེ། །ལྷུན་གྲུབ་ཐོད་རྒལ་སྣང་བ་དེ་ལྟོས་ཤིག །རྡོ་རྗེ་ལུས་ཀྱི་རྟེན་འབྲེལ་བཞུགས་སྟངས་གསུམ། །གང་རུང་འམ་ནི་གཙོ་བོའི་དྲང་སྲོང་སྟངས། །མ་འགུལ་ཁ་སྣང་རླུང་སྦྲེལ་དལ་བྱས་ཏེ། །མིག་ཟིམ་དབྱིངས་འོད་སྟོང་པ་ཐིག་ལེ་དང་། །ཤེས་རབ་རང་བྱུང་སྒྲོན་མདངས་རྡོ་རྗེ་སེམས། །ལུག་རྒྱུད་ཤེལ་ལམ་མུ་ཏིག་འཕྲེང་བའམ། །རྟ་རྔའི་མདུད་འདྲ་འགྲོ་འོང་ལྡན་པ་དེ། །དུས་གསུམ་རྒྱལ་བ་ཡོངས་ཀྱི་ཞལ་ཡིན་གྱིས། །དེ་མཐོང་དེ་ནི་སངས་རྒྱས་ཡོངས་ཀྱི་སྲས། །ཡིན་ཞེས་ཀུན་བཟང་རྡོ་རྗེའི་ལྗགས་ཀྱིས་གསུངས། །དེས་ན་དེ་ལ་རྟག་ཏུ་མ་ཡེངས་ལྟོས། །བལྟ་བྱ་བལྟ་བྱེད་གཅིག་མིན་གཉིས་ཀྱང་མིན། །མ་བཟུང་མ་འཛིན་བརྟག་དཔྱད་མང་མ་བྱེད། །སྣང་ཡུལ་ཉིད་ལ་ཆེད་དུ་མ་ཞེན་ལ། །ཆེད་དུ་མ་གློད་གུ་ཡངས་བློ་བདེའི་ངང་། །རང་བབ་རང་གཤིས་དེར་ལྟོས་ངོ་མཚར་ཀྱཻ། །ཁྲེག་ཆོད་མ་རྟོགས་སྣང་ཡུལ་འཇའ་འོད་ལ། །ཆེད་དུ་འཐས་ན་གཟུགས་ཁམས་ས་བོན་དང་། །མཚུངས་ཞེས་ཀུན་ཏུ་བཟང་པོས་རྒྱུད་དུ་གསུངས། །ཞེན་མེད་སྣང་བ་འདི་ནི་ཡེ་ཤེས་ཏེ། །ཀུན་བཟང་གདོད་མའི་སངས་རྒྱས་དེ་ཉིད་ཀྱི། །ཐུགས་ཀྱི་རང་མདངས་འདི་ཡིན་ཨེ་མ་ཀྱེ། །དེ་ལྟར་ཐོད་རྒལ་ཉམས་སུ་ལེན་པ་ལ། །མི་འགུལ་གསུམ་གྱི་གཞི་བཅས་སྡོད་པ་གསུམ། །ཚད་དུ་བཟུང་བས་རིམ་བཞིན་ཡེ་ཤེས་ལ། །གོམ་ཚོད་སྣང་བ་བཞི་རུ་འཆར་བ་སྟེ། །མདོར་དྲིལ་སྣང་སེམས་ལུས་ངག་ཡིད་ཀྱི་རྟགས། །ཅི་བྱུང་ཆོས་ཉིད་རོལ་རྩེད་ཉིད་ཤེས་ནས། །བཟང་པོར་དགའ་བ་མ་བྱེད་སེང་ངེར་གློད། །ངན་པར་སྡང་བ་མ་ཤར་འཕྱད་མེར་ཞོག །རྟག་ཚད་རེ་དོགས་མེད་པ་ཁྱབ་བརྡལ་དང་། །ཉམས་ལེན་ལེ་ལོར་མ་ཤོར་དྲིལ་གྱིས་ཤིག །བཏང་པས་མི་འགྲོ་བཟུང་པས་མི་ཟིན་པ། །འདི་ལ་བཏང་བཟུང་བྱེད་པར་རློམ་པ་ནི། །བླུན་ལས་ཆེས་བླུན་རིག་པ་རང་བབ་ངང་། །རིག་མདངས་ལུག་རྒྱུད་བཙོན་དུ་ད་བཟུང་ཅིག །གནད་འདི་ལྟ་བ་ཐོད་རྒལ་ཡོང་ཟབ་དོན། །ཡིན་པས་རབ་ཏུ་གཅེས་པས་ཉམས་སུ་ལོངས། །སྤྱད་པ་བླ་མེད་ཐབས་ལམ་ཟུང་འཇུག་ཆོས། །ཟབ་ལམ་གཏུམ་མོའི་གདམས་པ་འདིར་སྟོན་ཉོན། །རང་ལུས་མི་དམིགས་རྟེན་བརྟེན་སྟོང་པའི་ངང་། །སྐད་ཅིག་རྣམ་པ་ཆོས་འབྱུང་ཨོ་རྒྱན་ཡུལ། །དབུས་སུ་ཨེ་དམར་པད་ཉི་བཾ་རོའི་སྟེང་། །ཨ་ལས་ཕག་མར་ཁྲོ་མོའི་ཆས་རྫོགས་པ། །གཡས་གཡོན་གྲི་ཐོད་ཞབས་གཉིས་གར་སྟབས་རོལ། །ལུས་ནང་སྟོང་ར་དར་དམར་གུར་ཕུབ་འདྲ། །དབུས་སུ་རྩ་མཆོག་དབུ་མ་ཤེལ་སྦུབ་ལྟར། །མཚན་ཉིད་བཞི་ལྡན་གཡས་གཡོན་རོ་རྐྱང་ཟུང་། །མར་སྣེ་ལྟེ་འོག་གཉེར་ནས་དབུ་མར་ཆུད། །དབུ་མའི་ཡར་སྣེ་ཚངས་བུག་རོ་རྐྱང་སྣ། །འཁོར་ལོ་བཞི་བཅས་གསལ་སྣང་འདུས་གསུམ་ཁ། །ལྟེ་འོག་སོར་བཞིར་ཉི་སྟེང་བླ་མ་དང་། །དབྱེར་མེད་རཾ་དམར་མེ་འབར་ཡིད་གཏད་ངང་། །བླ་མར་གསོལ་བཏབ་གནད་ལྡན་རླུང་དགུ་འབུད། །དལ་རྔུབ་དར་གཅིག་ལྷོད་བཞག་སླར་རྔུབ་འདོད། །ཤར་ཚེ་རྔུབ་ཆུང་བསྣན་བཅས་ལྟེ་འོག་བསྣན། །རོ་རྐྱང་ནས་བརྒྱུད་དབུ་མར་རླུང་ཞུགས་པས། །རཾ་ལས་མེ་འབར་ལྟེ་བའི་རྩ་འདབ་གང་། །རིམ་བཞིན་གོམས་ནས་གསང་གནས་སྙིང་ག་ཁེངས། །བསམ་བྱས་འཕོངས་སྐོར་སྐེད་སྐོར་སྐབས་སྐབས་བྱ། །མི་ཐུབ་སྙམ་ཚེ་མིག་ཟིམ་རིགས་པ་ཉིད། །ལྟེ་འོག་ལ་གཏད་རླུང་དོར་ལྷག་མེད་བུད། །དེ་ལྟར་རྔུབ་སྒང་གཞིལ་འབུད་སྦྱོར་བ་བཞི། །གསུང་པ་རླུང་སྒང་མི་ཐུབ་པ་སྙམ་ཚེ། །བ་སྤུའི་བུ་ག་ཁྲོལ་ཚག་ལྟར་བསམ་ནང་། །རླུང་རྣམས་སྔོ་ཐུལ་སོང་དམིགས་ལུས་འདར་བཏོན། །དེ་ནས་འབུད་བྱ་རླུང་སྒང་རན་ཚོད་གཅེས། །འདི་དུས་འཁྲུལ་འཁོར་ཡན་ལག་ལྔ་སྦྱང་ནི། །རྩ་མདུད་གྲོལ་ཕྱིར་འབད་གཅེས་གསུང་པས་བྱ། །དེ་ལ་སྒོམ་ནས་ཡེ་ཤེས་གཏུམ་མོ་ནི། །ལྟེ་འོག་ཨ་ཤད་མེ་ཡི་སྦྱི་བོ་རུ། །ཟླ་བ་ཧཾ་མགོ་ཐུར་བསྟན་དྲོད་ཀྱིས་ཞུ། །བདུད་རྩི་བབས་པ་མེ་དང་བྲོས་དེད་མཐར། །སྙིང་ཀར་འདྲེས་ཏེ་རིམ་བཞིན་བྱང་སེམས་རྒྱས། །མགྲིན་སྙིང་ལྟེ་གསང་འཁོར་ལོ་རྩ་འདབ་གང་། །དམིགས་གནད་དགའ་བཞི་ངོས་བཟུང་ཡས་བརྟན་བརྟག །སླར་ཟློག་རིག་པ་སྤྱི་བོའི་མཁའ་ལ་གཏད། །སྦྱོར་བ་དྲུག་གི་འདྲེན་བྱས་མས་བརྟན་དགའ། །འཁོར་ལོ་བཞིར་མྱོང་དུད་འགྲོ་འགྱུར་བཞི་ཡི། །ཚངས་པའི་སར་སྐྱེལ་སེང་རོལ་ཆོས་འབྱུང་གིས། །བཀྲམ་བྱས་ཁུ་ཚུར་ཟུག་པས་རྩ་མིག་གདབ། །དེ་ནས་བདེ་སྟོང་ཆོས་ཉིད་ཀློང་ཡངས་སུ། །དམིགས་བརྗོད་ཞེན་བྲལ་ངང་ལྷོད་འདི་ནི་བསྔགས། །ཐབས་ལམ་རྩ་བ་བོགས་འདོན་སྤྱོད་གཙོ་ཡིན། །དེ་བས་ཐུན་མོང་ཐུན་མིན་སྤྱོད་པ་ནི། །ཀུན་དར་ཀུན་བཟང་བརྟུལ་ཞུགས་རྣམ་རྒྱལ་སྤྱོད། །གང་ཟག་དབང་རིམ་གསུམ་མཐུན་ཚོགས་དབེན་སྤྱོད། །མདོར་དྲིལ་ཕྱི་ལྟར་ཚངས་སྤྱོད་འདུལ་ཁྲིམས་བསྟུན། །ནང་ལྟར་སེམས་བསྐྱེད་སྙིང་རྗེ་གཙོ་བོར་འདོན། །གསང་བ་ཐབས་ལམ་གསང་སྔགས་ཟབ་མོར་སྤྱོད། །ཀུན་ཀྱང་ཐོ་ཅོ་བག་མེད་རྩིང་སྤྱོད་དང་། །གྲགས་སྙན་ལོ་འདོད་རྒྱུ་མིན་ཞེན་བྲལ་ངང་། །རང་གིས་རང་མ་བསླུ་བའི་གདེང་ལྡན་དང་། །བག་ཡོད་རྒྱལ་བས་གསུང་མཐུན་དོན་ལ་སྤྱོད། །ཨེ་མ་འབྲས་བུ་ཞེས་གྲགས་སྒྲ་ཆེན་དེ། །སྔར་མེད་གཞན་ནས་བྱུང་བ་ཞིག་མིན་ཀྱེ། །ཀུན་རྫོབ་གློ་བུར་དྲི་མ་རང་སངས་ཏེ། །རང་རིག་སྒྲིབ་བྲལ་མཐོང་ལ་འབྲས་བུར་བཏགས། །འཁྲུལ་པ་སངས་ཚེ་སྐུ་དང་ཡེ་ཤེས་རྒྱས། །དེ་ལ་སངས་རྒྱས་ཞེས་སུ་བརྗོད་པ་སྟེ། །བརྩོན་འགྲུས་ལྡན་པས་རྫོགས་ཆེན་ཉམས་བླང་མཐར། །རེ་དོགས་འཕྲང་ལས་གྲོལ་ཚེ་འབྲས་བུ་ཡིན། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་མདོར་དྲིལ་ན། །ལྟ་བ་རྒྱ་མཚོ་ནང་གི་གཟའ་སྐར་ལྟར། །དེར་འཛིན་ཤེས་པ་རྩིས་གདབ་བྲལ་བར་ཞོག །བསྒོམ་པ་ནམ་མཁའ་ཡངས་པའི་ཀློང་བཞིན་དུ། །ཕྱོགས་རིས་བློས་བྱས་བསྒོམ་དང་བྲལ་བར་ཞོག །སྤྱོད་པ་སྒྱུ་མའི་སྐྱེས་བུའི་འཕྲུལ་འཁོར་བཞིན། །ཞེན་བྲལ་རང་བབས་བག་ཡངས་ངང་དུ་ཞོག །འབྲས་བུ་རི་བོ་ཆེན་པོ་ཇི་བཞིན་དུ། །གོང་བགྲོད་ལྟོས་གཞི་རེ་དོགས་མེད་པར་ཞོག །གསང་སྔགས་ཆོས་ཀུན་རྩ་བ་བྱིན་རླབས་ཡིན། །བྱིན་རླབས་བླ་མར་རག་ལས་མོས་གུས་གཅེས། །ཐེག་ཆེན་གཞི་ཡིན་གཞན་ཕན་སེམས་བསྐྱེད་གཅེས། །ཆོས་ཀྱི་སྲོག་ཡིན་སྡོམ་དང་དམ་ཚིག་གཅེས། །བསྟན་པའི་གཞི་ཡིན་ཚོགས་གཉིས་ཟུང་འཇུག་གཅེས། །ཆོས་ཀྱི་ལམ་གྲོགས་བརྩོན་འགྲུས་སྙིང་རུས་གཅེས། །ཀྱེ་མ་སྤྱིར་ཡང་ཆོས་བཞིན་སྤྱོད་པ་ལ། །དམ་ཚིག་མི་བསྲུང་སངས་རྒྱས་རེ་བ་ནི། །སོལ་བ་ཕྱི་བརྡར་བྱས་ནས་དུང་འོད་བྲལ། །རྒྱུ་འབྲས་མི་བསྲུང་བྱང་ཆུབ་ཐོབ་འདོད་ནི། །བྱེ་མ་བཙིར་ནས་མར་ཁུ་འདོད་པ་འདྲ། །བླ་མ་མ་དགྱེས་དགེ་བ་གང་སྒྲུབ་ཀུན། །ས་བོན་མེ་ལ་བསྲེག་པའི་ལྗང་བུ་འདྲ། །དེ་བས་རྟག་ཏུ་བླ་མར་གུས་ཀྱིས་ཤིག །དེ་ལྟར་ཞལ་གདམས་ཚུལ་འདི་རང་འདྲ་བའི། །བློ་རྨོངས་ཉམས་མྱོང་དམན་ལ་ཕན་སྙམ་ཕྱིར། །རྒྱལ་བཀའ་གྲུབ་ཐོབ་ཞལ་ལུང་ཁྱད་པར་དུ། །རྩ་བའི་བླ་མའི་གསུང་གི་མན་ངག་ཉིད། །རང་གི་ཉམས་སུ་མྱོང་བ་དང་བསྟུན་ནས། །སྨྲ་ལས་མི་ཤེས་མཁས་འདོད་ཚེ་འདི་ཡི། །བསྟོད་སྙན་གྲགས་པ་སྒྲུབ་པའི་ཆེད་དུ་མིན། །འདི་ལྟར་སྟོན་ལ་གཏན་ཚིགས་ལུང་དང་ནི། །མན་ངག་ཆེ་བའི་ཚིག་ཚོགས་མང་པོ་ཞིག །བརྗོད་པར་ཡི་གེར་འཇིགས་པས་མ་སྨྲས་ཤིང་། །སྤྱིར་ཡང་ཉམས་སུ་མ་བླངས་ཚིག་སྐམ་པོ། །འབྲུག་སྟོང་ལྡིར་ཡང་འཆི་དུས་སྟོང་སྐད་ཡིན། །ཉམས་ལེན་མཐུན་ན་རྒྱལ་གསུང་ཚིག་རེས་མཆོག །རྒྱལ་བའི་གསུང་ཆོས་རྒྱ་མཚོ་ལྟ་བུ་ལ། །བློ་རྨོངས་བདག་གི་ཚིག་གིས་ཅི་ཞིག་བྱ། །འོན་ཏེ་བསྐུལ་ངོ་མ་ལྕོག་ཙམ་འདི་སྨྲས། །འདི་ནི་ཇི་བཞིན་ཉམས་ལེན་བུ་རེ་ལས། །འཕྱར་ཆོས་བྱེད་ན་དེ་སྲོག་མ་དམ་གཟས། །རོལ་མཛོད་བཛྲ་ས་མ་ཡ་དམ་ཛཿཉམས་ལེན་བུ་ལ་རྟག་ཏུ་གྲོགས་མཛོད་ཅིག །

གཉག་རིགས་རྣལ་འབྱོར་མ་ནམ་མཁའ་ཡེ་ཤེས་གསལ་སྒྲོན་གྱི་ངོར་ཞེས་མདོ་ཁམས་ཀཿཐོག་ལྷོ་ཕྱོགས་སྟག་བུའི་ཡུལ་དུ་སྐྱེས་པའི་ལྷ་རིགས་རྔུ་ཡི་རྣལ་འབྱོར་ཚེ་དབང་ནོར་བུས་ཤིང་སྦྲུལ་ཧོར་ཟླ་བཅུ་བའི་ཚེས་ཉེར་དགུ་བོད་ཡུལ་གྱི་རྡོ་རྗེ་གདན་བསམ་ཡས་མི་འགྱུར་ལྷུན་འགྲུབ་ཀྱི་གཙུག་ལག་ཁང་ཤར་འཇམ་དཔལ་གླིང་ག་ལ་བ་དེར་སྦྱར་བའི་ཡིག་རིས་ཨོ་རྒྱན་བློ་གྲོས་དབང་པོས་བགྱིས་པ་དགེའོ། །དགེའོ། །དགེའོ། །དགེའོ། །

༈ མང་ཡུལ་སའི་ཐིག་ལེ་སྐྱིད་གྲོང་འཕགས་པ་ཝ་ཏིའི་སྤྱན་སྔར་སྔགས་འཆང་ཚེ་དབང་ནོར་བུའི་ཉམས་མྱོང་རྟོགས་པ་སྐྱེས་པ་མཎྜལ་ཚུལ་དུ་སྒྲོ་བསྐུར་དང་བྲལ་བའི་གླུ་ཕུལ་བ་སྙན་པའི་ཏམྦུ་ར་སེང་གེའི་རྒྱུད་ཀྱི་སྒྲ་དབྱངས།

༈ མང་ཡུལ་སའི་ཐིག་ལེ་སྐྱིད་གྲོང་འཕགས་པ་ཝ་ཏིའི་སྤྱན་སྔར་སྔགས་འཆང་ཚེ་དབང་ནོར་བུའི་ཉམས་མྱོང་རྟོགས་པ་སྐྱེས་པ་མཎྜལ་ཚུལ་དུ་སྒྲོ་བསྐུར་དང་བྲལ་བའི་གླུ་ཕུལ་བ་སྙན་པའི་ཏམྦུ་ར་སེང་གེའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །སརྦ་མངྒ་ལཾ་བྷ་ཝནྟུ།

བདེ་ཆེན་འཁོར་ལོའི་ཆུ་སྐྱེས་འདབ་སྟོང་དབུས། །རང་རིག་དྲན་མཆོག་དྭངས་མའི་མགོན་པོ་ཆེ། །སྐྱེ་འགག་གནས་བྲལ་སློབ་དཔོན་པདྨ་འབྱུང་། །བདེ་བ་ཆེན་པོ་གསུང་རབ་རྒྱ་མཚོར་འདུད། ། ༡ བཀའ་དྲིན་མཚུངས་མེད་རྡོ་རྗེ་སློབ་དཔོན་གྱི། །བྱིན་རླབས་སྙིང་ལ་ཆ་ཤས་ཞུགས་པའི་མཐུས། །མན་ངག་ཉམས་མྱོང་གླུ་རུ་བླངས་བགྱི་ཡི། །ཆོས་བསྲུང་ཌཱ་ཀིའི་ཚོགས་ཀྱིས་གནང་བ་སྩོལ། ། ༢ སངས་རྒྱས་ཀུན་གྱི་རྒྱུད་ལ་མངོན་གྱུར་ཞིང་། །སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོངས་ཁྱབ་པ། །རྣལ་འབྱོར་ཉམས་ལ་སྣང་བའི་ཉམས་ལེན་ཏེ། །ཀུན་གཞི་བདེ་གཤེགས་སྙིང་པོ་དེ་ལ་འདུད། ། ༣ རིག་འཛིན་གོང་མའི་ཐུགས་མཚོར་ཉེར་རོལ་ཞིང་། །བདག་བློར་ཆ་ཤས་ཤར་བའི་ཡེ་ཤེས་དེ། །བདག་མིན་ནམ་མཁའི་མཐའ་ཀླས་འགྲོ་ཀུན་དང་། །བདག་གི་བརྒྱུད་འཛིན་སློབ་མ་བརྒྱུད་བཅས་ཤིང་། ། ༤ མཐོང་ཐོས་དྲན་རེག་འགྲོ་བ་མཐའ་དག་པའི། །རྒྱུད་ལ་ཇི་བཞིན་འཆར་བའི་དགེ་ལེགས་སྩོལ། །རྒྱལ་བའི་བསྟན་པ་གྲུབ་མཐའ་རྣམ་པ་བཞི། །ཐེག་དམན་ལམ་ལ་བྱེ་སྨྲ་མདོ་སྡེ་གཉིས། ། ༥ རྣམ་པ་ཤེས་པ་ཐ་དད་བྱེ་བྲག་པ། །རྣམ་ཤེས་དབྱེར་མེད་སྨྲ་བའི་མདོ་སྡེ་པ། །དེ་བཞིན་ཐེག་ཆེན་ལམ་ལ་གཉིས་ཡིན་ཏེ། །རྣམ་ཤེས་བདེན་གྲུབ་འདོད་པའི་སེམས་ཙམ་པ། ། ༦ རྣམ་ཤེས་བདེན་མེད་འདོད་པའི་དབུ་མ་པ། །མཐར་ཐུག་དབུ་མ་ཆེན་པོ་ལ་ཡང་གཉིས། །དང་པོ་འཁོར་ལོ་བར་པ་ངེས་དོན་གྱི། །དགོངས་དོན་ཐལ་འགྱུར་ངོ་བོ་ཉིད་མེད་སྨྲ། ། ༧ གཉིས་པ་འཁོར་ལོ་ཐ་མ་ངེས་དོན་གྱི། །མཐར་ཐུག་རྣམ་རིག་ཆོས་ཉིད་ཡོངས་གྲུབ་བསྟན། །དབུ་མའི་མཐར་ཐུག་འཁོར་ལོ་གསུམ་པའི་དོན། །ཡིན་ཞེས་རྒྱལ་མཆོག་དྲི་མེད་འོད་ཟེར་སྡེ། ། ༨ ཀུན་མཁྱེན་དོལ་པོ་རྟོན་པ་བཞི་ལྡན་དང་། །རང་བྱུང་རྡོ་རྗེ་བུ་སྟོན་རིན་ཆེན་གྲུབ། །རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐ་སོགས། །མཁས་མཆོག་ཐུན་མིན་མང་པོའི་བཞེད་གཞུང་ཡིན། ། ༩ དེས་ན་རྣམ་རིག་དབུ་མ་ཆེན་པོ་ཡི། །བཞེད་པ་རྒྱུ་ཡི་སྐབས་སུ་བདེ་གཤེགས་སྙིང་། སྣང་སྲིད་སྣོད་བཅུད་ཡོངས་ལ་འདུས་མ་བྱས། །ཆོས་དབྱིངས་རང་བཞིན་གདོད་ནས་ཁྱབ་པར་འདོད། ། ༡༠ ལམ་གྱི་སྐབས་སུ་མཚན་ཉིད་རྣམ་པ་གསུམ། །གཏན་ཕབ་ཡེ་ཤེས་དབྱིངས་ལ་སྦྱང་བར་འདོད། །འབྲས་བུའི་སྐབས་སུ་ཡོངས་གྲུབ་ཆོས་ཀྱི་སྐུ། །གློ་བུར་དྲི་མའི་སྐྱོན་དང་བྲལ་བར་འདོད། ། ༡༡ དེ་ཡང་གཟུང་འཛིན་རྣམ་ཤེས་ཡུལ་གཞན་སྟོང་། །རིག་རྒྱུན་ཆོས་སྐུ་རྟག་པས་གཞན་སྟོང་བརྗོད། །མདོར་ནི་སངས་རྒྱས་མཐར་ཐུག་ཆོས་ཀྱི་སྐུ། །ཤེས་བྱ་ཀུན་ཁྱབ་འགྲོ་ཀུན་མགོན་བཅུད་དུ། ། ༡༢ རྒྱུ་འབྲས་མ་ཡིན་ཆོས་དབྱིངས་སྤྲོས་བྲལ་བཞུགས། །དེ་ཡོད་འཁོར་འདས་འབྱུང་བས་ཀུན་གཞིར་གྲགས། །དེ་མདངས་འཁོར་བའི་ཆོས་དང་འཛོམས་ལ་ལམ། །ཟེར་དེ་དེ་ལྟའང་དེ་ཡིས་འཁོར་བ་སྤངས། ། ༡༣ གང་ཟག་འཁྲུལ་ཟད་སངས་རྒྱས་འཁྲུལ་སྤངས་ཚེ། །གང་ཟག་ཉིད་ཀྱང་སྤངས་ཏེ་སྔ་མའི་ཤུགས། །གནས་འགྱུར་ཡེ་ཤེས་སངས་རྒྱས་སྐྱེས་བུར་བརྗོད། །རིག་པ་ལམ་གཞན་དང་འདྲེས་དབྱིངས་གཅིག་འདོད། ། ༡༤ དེ་ནི་མདོ་ཆོས་གྲུབ་མཐའི་རྩེ་མོར་བཞེད། །བླ་མེད་སྔགས་རྒྱུད་དོན་ལ་ཤིན་ཏུ་འབྱོར། །དེས་ན་བློ་ངན་རྟོག་ཚོགས་ཀུན་སྤངས་ནས། །རྒྱལ་དང་རྒྱལ་སྲས་ཀུན་གྱི་སྙིང་པོའི་ལམ། ། ༡༥ ཀུན་མཁྱེན་ཆོས་རྗེ་ཇོ་ནང་ཡབ་སྲས་ཀྱི། །ལྟ་བའི་ལམ་འདིར་ཚེ་རབས་ཐམས་ཅད་དུ། །འཇུག་ཅིང་དེ་ཡི་བསྟན་ལ་བྱ་བ་མཆོག །བྱེད་པར་སྨོན་ལམ་སྙིང་གི་དཀྱིལ་ནས་འདེབས། ། ༡༦ ཡང་ཅིག་བོད་ཡུལ་གངས་རིའི་འཛིན་མ་འདིར། །ཐ་མལ་ཤེས་པ་ཞེས་པའི་སྒྲ་བོ་ཆེ། །ཕྱག་རྒྱ་ཆེན་པོར་བརྗོད་པའི་གྲུབ་པའི་མཐའ། །ལྷ་རྗེ་དྭགས་པོའི་བཀའ་བརྒྱུད་ཆོས་ཀྱི་སྲོལ། ། ༡༧ རྒྱ་ཆེན་གཏིང་ཟབ་འཆད་ཚུལ་མང་ན་ཡང་། །དཔལ་ལྡན་སྒྲུབ་བརྒྱུད་སྟོད་འབྲུག་༼རྒོད་ཚང་པ་ཡབ་སྲས། ༽སྨར་ཀམ་གྱི། །༼སྨན་ཚང་པའི་ལུགས། ཀམ་ཚང་སྙན་བརྒྱུད་ལུགས། ༽ཆུ་བོ་གཅིག་འདྲེས་བདག་བློར་ཅུང་འབབ་མཐུས། །རང་གི་རྟོགས་ཚུལ་ཆ་ཙམ་འདིར་བརྗོད་ཀྱི། ། ༡༨ མཚན་ལྡན་བླ་མས་སེམས་ཀྱི་བཞག་ཐབས་ནི། །སྲང་གསུམ་རྐྱེན་བཞི་ལ་སོགས་རྟེན་འབྲེལ་གནད། །ལེགས་བརྟེན་མཆོག་ཏུ་མོས་གུས་ཀྱིས་དྲངས་ནས། །གནས་འགྱུ་རིག་པའི་རང་ཞལ་གཏན་ལ་ཕབ། ། ༡༩ བདེ་གསལ་མི་རྟོག་ཞི་གནས་ཉམས་མྱོང་རྒྱས། །ཚོགས་དྲུག་རང་གྲོལ་ལྷག་མཐོང་རང་རྩལ་འཕྱོ། །རྩེ་གཅིག་གནས་པ་སེམས་ཀྱི་རྒྱན་དུ་ཤེས། །སྤྲོས་བྲལ་འགྱུ་བ་སེམས་ཀྱི་རོལ་པར་སྟོང་། ། ༢༠ རོ་གཅིག་སྣང་སེམས་འཁོར་འདས་མཉམ་ཉིད་རྟོགས། །སྒོམ་མེད་སྒོམ་བྱ་སྒོམ་བྱེད་དབྱིངས་སུ་སྟོར། །རྣལ་འབྱོར་བཞི་ཡི་ཉམས་ལེན་ངང་ཚུལ་དེ། །བླ་མའི་མཐུ་ཡིས་ད་ནི་ཅུང་ཟད་གོ ། ༢༡ ཡང་གཅིག་གསོན་དང་ཁོ་བོའི་ཉམས་ལེན་མཐིལ། །ཕྱག་རྒྱ་ཆེན་པོའི་ཚུལ་དེ་འདི་སྐད་དོ། །བུ་ཆུང་སྐྱེས་དུས་ཐ་མལ་ཤེས་པ་དང་། །ད་ལྟ་ཕྱག་ཆེན་རྟོགས་པའི་ཉམས་མྱོང་གཉིས། ། ༢༢ རང་ངོ་ཤེས་དང་མ་ཤེས་ཁོ་ན་ལས། །བསལ་བཞག་མེད་པའི་རོ་མཉམ་གདེང་ཚད་སྐྱེས། །ཐ་མལ་གཉུག་མ་སོ་མ་ལྷུག་པ་དེ། །གོལ་ཤོར་ལས་འདས་རང་སེམས་རང་ཞལ་མཐོང་། ། ༢༣ ཡུལ་མེད་རང་ངོ་ཤེས་པའི་ཤེས་རབ་རྒྱས། །སྤྲོས་དང་བྲལ་ཞིང་མི་སྤྲོས་གང་ཡང་མེད། །འགལ་འདུ་ལྟར་དུ་སྣང་ཡང་འགལ་བ་མེད། །ཁོ་ཐག་ཆོད་པའི་ཕྱག་ཆེན་རྒན་པོ་བདེ། ། ༢༤ ཡང་ཅིག་ཟབ་དགུའི་ཆོས་ཀྱི་སྙིང་པོ་སྟེ། །ཐེག་པ་ཀུན་གྱི་རྩེ་རྒྱལ་མཐར་ཐུག་པ། །རིག་འཛིན་བྱེ་བ་འབུམ་སྟེ་གཤེགས་པའི་ཤུལ། །མཚན་ཙམ་གྱིས་ཀྱང་འཁྲུལ་སྣང་ཧྲུལ་པོར་བཏང་། ། ༢༥ སངས་རྒྱས་ཡེ་ཤེས་དྲང་ཐད་བསྟན་པའི་ཆོས། །བླ་མེད་བླ་མ་འོད་གསལ་རྡོ་རྗེ་སྙིང་། །པད་འབྱུང་བི་མའི་བཞེད་གཞུང་ཇི་བཞིན་པ། །དྲི་མེད་འོད་ཟེར་མཁྱེན་རབ་ཟུར་ཕུད་ཅན། ། ༢༦ གང་གི་བཀའ་སྲོལ་བདུད་རྩི་ཅུང་ཟད་གཅིག །འཐུང་བས་མྱོས་ཏེ་ཉམས་རྟོགས་གླུ་དབྱངས་ལེན། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་དང་། །ཐ་དད་མི་དམིགས་དད་དམ་གཞིར་བརྟེན་ནས། ། ༢༧ ཐུན་མོང་ཐུན་མིན་ཁྱད་པར་སྔོན་འགྲོ་བས། །ཟབ་གནད་དུ་མས་སེམས་ཀྱི་དྲི་མ་བསལ། །ཡང་ཁྱད་སེམས་ཀྱི་ཁོང་བུ་གཉིས་སྣང་ཡིད། །བློ་ཡིས་བརྟགས་ནས་རང་མཚང་རང་གིས་བཤིག ། ༢༨ འདས་བྱས་སེམས་དང་འདུས་མ་བྱས་རིག་པ། །སོ་སོར་དབྱེ་ནས་གཉིས་མེད་ཡེ་ཤེས་དངོས། །རིག་པའི་རང་ངོ་གཅེར་མཐོང་གཏན་ལ་ཕབ། །ཡིན་ལུགས་རང་གི་ངོ་བོ་རང་ཐོག་འཕྲོད། ། ༢༩ ཡུལ་དང་ཡུལ་ཅན་ཡེ་སྟོང་ལ་བཟླ་ཞིང་། །འཁོར་འདས་རིག་པ་མཉམ་ཉིད་ངང་ཐག་བཅད། །གང་ཤར་ལམ་ལ་སྤང་བླངས་ཡོངས་བྲལ་བར། །ཆོས་ཀུན་ཆོས་ཉིད་རོལ་པར་རང་སར་གྲོལ། ། ༣༠ ཡིན་ལུགས་ཅོག་བཞག་བཞི་ཡིས་གཏན་ལ་ཕབ། །ཁམས་གསུམ་ཡོངས་གྲོལ་གཞི་ཐོག་འབྲས་བུ་བསྐྱལ། །ཡེ་ཤེས་ཆིག་ཆོད་རང་རིག་ལམ་རྫོགས་པ། །རྫོགས་ཆེན་ཁྲེག་ཆོད་དགོངས་པ་གཟེར་དུ་གདབ། ། ༣༡ ཆོས་ཚུལ་གཞན་ལས་ཁྱད་པར་བདུན་བྱས་པ། །ཟབ་གསང་འོད་གསལ་མངོན་སུམ་ཐོད་རྒལ་དོན། །སྒོ་གསུམ་གནད་བཞི་བྱིན་རླབས་འཕོ་བ་ལ། །བརྟེན་ནས་ཡིད་དཔྱོད་མུན་བསྒོམ་ལས་འདས་པ། ། ༣༢ མཐའ་གྲོལ་ཤེས་རབ་རང་བྱུང་སྒྲོན་མ་ཆེ། །ཡེ་ཤེས་ཟང་ཐལ་དྲི་མེད་རྡོ་རྗེ་སེམས། །ལྟ་བའི་སྟོད་ཕུར་བཏབ་ནས་སྐུ་གསུམ་གྱི། །སྣང་བ་བཞི་རྫོགས་ལོ་ཟླས་སངས་རྒྱས་པ། ། ༣༣ ཀུན་ཏུ་བཟང་པོའི་ཐུགས་ཀྱི་གསང་ལམ་མཆོག །ཆོས་དཀོན་རྙེད་པར་དཀའ་བའི་མན་ངག་འདི། །མཇལ་བའི་དགའ་ཚོར་ཉིན་མཚན་འཁོར་ཡུག་འབྱམས། །ཆོས་ཚུལ་ཇི་བཞིན་མྱོང་བའི་རྣལ་འབྱོར་བདེ། ། ༣༤ ཀྱེ་ཧོ་དེ་ལྟར་ཟབ་དགུ་ཆོས་ཀྱི་མཆོག །དབུ་མ་ཕྱག་རྒྱ་རྫོགས་ཆེན་མན་ངག་དོན། །གོ་མྱོང་རྟོགས་པའི་ངང་ཚུལ་དེ་ལྟར་ཏེ། །ད་དུང་རང་གི་ཡིན་ལུགས་དབྱངས་འདི་ལེན། ། ༣༥ སྔོན་ཚེ་ཡེངས་པའི་དགྲ་བོར་འཇིགས་པ་ཡི། །མ་ཡེངས་དྲན་པའི་སོ་བ་རྟག་ཏུ་བཙུགས། །ད་ནི་ཡེངས་པ་དྲན་པའི་ངོ་བོར་ལོངས། །མ་ཡེངས་དྲན་པ་ཁོ་ཡང་བྱ་རྒྱུ་སྟོར། ། ༣༦ སྔོན་ཚེ་ཕྲ་བ་ངོ་མི་ཤེས་ཀྱིས་དོགས། །ཤེས་བྱེད་དྲན་པའི་རྫིའུ་རྟག་ཏུ་བཞག །ད་ནི་ཕྲ་བ་ངོ་ཤེས་རིག་པར་ཐིམ། །ཡུལ་མེད་རང་ངོ་ཆོས་ཀྱི་སྐུ་རུ་གྲོལ། ། ༣༧ སྔོན་ཚེ་བདག་མེད་སྟོང་པའི་ཚིག་བཤད་དེ། །སྨྲ་བ་སྙན་ཡང་གནས་ལུགས་སེམས་ལ་སྡུག །ད་ནི་ཆོས་ཉིད་སྟོང་པའི་དབྱིངས་མཐོང་ཚེ། །གོ་ཚིག་སྟོང་ཉིད་དཔྱད་སྒོམ་ཡུལ་བུད་ཤོར། ། ༣༨ ཐ་སྙད་ཚིག་ཁྱོད་ཇི་ལྟར་དགྱེས་དགྱེས་མཛོད། །ཡིད་ཆེས་ཁོང་ནས་རྙེད་པའི་རྣལ་འབྱོར་བདེ། །སྔོན་ཚེ་མཉམ་བཞག་རྣམ་རྟོག་རྒྱུན་གྱིས་སྤྲུལ། །བསལ་བཞག་བློ་ཡིས་ཆོས་ཉིད་རང་ངོ་སྒྲིབ། ། ༣༩ ད་ནི་རྣམ་རྟོག་མཉམ་བཞག་ངོ་བོར་གྲུབ། །རྣམ་རྟོག་ཆོས་སྐུར་ཞིག་ཚེ་བསལ་བཞག་ཅི། །སྤང་གཉན་མཁན་ཚོ་ཇི་ལྟར་དགྱེས་དགྱེས་མཛོད། །གུ་ཡངས་བློ་བདེ་རྙེད་པའི་རྣལ་འབྱོར་བདེ། ། ༤༠ སྔོན་ཚེ་རྣམ་རྟོག་འགྱུ་དང་རྟོག་མེད་གནས། །རྟོག་མེད་གནས་པ་ལམ་གྱི་རྐང་དུ་བྱས། །ད་ནི་གནས་མེད་འགྱུ་མེད་རང་ངོས་སྟོང་། །མི་གཡོ་གནས་པའི་རྒྱང་ཐག་རིང་དུ་ཆད། ། ༤༡ གཡོ་བ་འགྱུ་འཕྲོའི་སྤུན་ཐག་ཁོང་ནས་ཞིག །ཡིན་ལུགས་རིག་པའི་རང་ངོ་གཏིང་ནས་སད། །གང་ཤར་རིག་ཐོག་གྲོལ་བའི་བྱ་བྲལ་བདེ། །གནས་འགྱུ་གདམས་ངག་ཅན་ཚོ་ཅི་དགྱེས་མཛོད། ། ༤༢ སྔོན་ཚེ་མཉམ་རྗེས་འབྱེད་ལ་དགའ་ཚོར་སྐྱེས། །མཉམ་བཞག་བརྟན་པོ་ཐོབ་པ་ཡིད་ཀྱིས་སྨོན། །ད་ནི་མཉམ་བཞག་བློ་ཡིས་བཞག་སོ་ཟད། །རྗེས་ཐོབ་ཡུལ་སྣང་རྣམ་རྟོག་སྤྲོས་པ་འགགས། ། ༤༣ མཉམ་རྗེས་ཆིག་ཆོད་རྟོགས་པའི་རྣལ་འབྱོར་བདེ། །མཉམ་རྗེས་དབྱེ་བ་མཁན་ཚོ་ཅི་དགྱེས་མཛོད། །སྔོན་ཚེ་ལྷ་སྐུ་བསྒོམ་པའི་བསྐྱེད་རིམ་དང་། །མི་རྟོག་སྟོང་ཉིད་སྒོམ་པའི་རྫོགས་རིམ་གཉིས། ། ༤༤ གཅིག་དང་ཐ་དད་འཛིན་པའི་མགོ་བོ་འཁོར། །ད་ནི་རང་རིག་ངོ་བོ་ལྷ་སྐུར་ཤར། །ལྷ་སྐུ་བསྒོམ་ཀྱང་མི་རྟོག་སྟོང་པ་ཉིད། །མི་རྟོག་སྟོང་ཉིད་ལྷ་སྐུའི་ཞལ་ཕྱག་བཀྲ། ། ༤༥ དེས་ན་སྟོང་པ་ཉི་ཚེས་ཆོག་གོ་ཞེས། །བསྐྱེད་རིམ་དགོས་མེད་ནན་འགོག་སྡིག་ཅན་མིན། །ཟབ་གསལ་དབྱེར་མེད་རྣམ་ཀུན་མཆོག་ལྡན་པ། །བསྐྱེད་རྫོགས་དབྱེར་མེད་རྟོགས་པའི་རྣལ་འབྱོར་ཡིན། ། ༤༦ སྔོན་ཚེ་ཡེ་ཤེས་ཉམས་སུ་མྱོང་འདོད་པས། །ཁ་སྣའི་རླུང་རྣམས་འགོག་པའི་དཀའ་སྤྱད་དང་། །ཁུ་ཆུ་འཛིན་འདྲེན་འབད་པའི་སྡུག་བཙིར་ཀྱིས། །བྱ་བྱེད་དགག་སྒྲུབ་མང་པོའི་གཟེབ་ཏུ་ཆུད། ། ༤༧ ད་ནི་རྫོགས་ཆེན་རང་རིག་དོན་མཐོང་ཚེ། །རྩོལ་བྱས་ཐབས་ལམ་འབད་ལ་རག་མ་ལས། །གང་ཤར་ལམ་བླང་བདེ་བ་ཁོང་ནས་ཤར། །གནས་ལུགས་ལྟ་བ་འདི་ནི་གོ་ཆོད་པོ། ། ༤༨ བུ་ཕྲུག་མེད་ཆེད་ཁུ་ཆུ་བསྐྱིལ་ཐབས་ཙམ། །བྱས་ཀྱང་ཆགས་སྲེད་ཞེན་པ་རང་ག་ཅན། །བདེ་སྟོང་གནས་ལུགས་རང་ཞལ་མ་གཟིགས་པའི། །མི་ངན་ཐབས་ལམ་ཁ་གཡར་ཡ་ཕོ་མིན། ། ༤༩ འཕོ་མེད་བདེ་ཆེན་འབྲས་བུར་དམིགས་པ་ཡི། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་སྤེལ་སྦྱངས་ཀྱང་། །རིག་པའི་རང་རྩལ་སྒྱུ་མ་ཙམ་དུ་མྱོང་། །ཞེན་སྤང་ཞེན་ལྡན་ཐབས་ལམ་རྣལ་འབྱོར་ཡིན། ། ༥༠ སྔོན་ཚེ་མི་རྟག་འཆི་ལ་ཆེས་འཇིགས་མཐུས། །ད་ནི་འཆི་བ་རྣམ་རྟོག་ཉིད་དུ་རྟོགས། །རྣམ་རྟོག་སྟོང་པ་སྟོང་ཉིད་རིག་པའི་སྙིང་། །རིག་པ་ཆོས་ཀྱི་སྐུ་རུ་ཐག་ཆོད་པས། ། ༥༡ རྣམ་རྟོག་ལས་གཞན་འཆི་བྱ་འཆི་བྱེད་བྲལ། །དེས་ན་འཆི་བདག་བདུད་ཁྱོད་སྒྲ་ཆེ་ཡང་། །དགའ་དང་ཧ་ཅང་ཆེ་ཆེས་འཇིགས་སྐྲག་མེད། །བློ་བདེ་ཁོང་ནས་རྙེད་པའི་རྣལ་འབྱོར་ཡིན། ། ༥༢ ཨེ་མ་རྩ་བའི་བླ་མའི་ཐུགས་རྗེ་ལ། །བརྟེན་ནས་རང་གི་ཉམས་མྱོང་རྟོགས་པའི་ཚུལ། །དེ་ལྟ་ན་ཡང་དེང་སང་དུས་དབང་གིས། །ཆོས་སྤུན་གཞོན་འགའ་ཚུལ་འདི་རྟོགས་པ་དཀོན། ། ༥༣ ཁ་ཅིག་གོ་བའི་ཉམས་མྱོང་བཟང་ཙམ་ལ། །བརྟེན་ནས་ཁ་འབྱམས་ཚིག་གིས་ཁྲོམ་གསེབ་ཏུ། །གསང་སྒྲོགས་འཕྱར་གཡེང་དམ་པ་གཞན་རྣམས་ལ། །སྨོད་བྱས་རང་ཉིད་མནར་མེད་དམྱལ་བ་བསྒྲུབ། ། ༥༤ ཁ་ཅིག་ཐོག་མར་དགེ་སྦྱོར་ཅུང་ཟད་སྐྱེས། །བར་དུ་བརྩོན་འགྲུས་དམན་པས་ཉམས་མྱོང་ཡལ། །ཐ་མ་ཆོས་མྱོང་བློ་དྲེད་ཁ་ལྟ་འཐོར། །གདེང་འཆའ་རང་གི་མགོ་བསྐོར་ངན་སོང་བསྒྲུབ། ། ༥༥ ཁ་ཅིག་ཉམས་མྱོང་ཙམ་ལ་ཆེད་འཛིན་ནས། །ཁམས་གསུམ་ས་བོན་དྲི་མ་གཏིང་ལ་ཞེན། །གཞན་དང་མཚུངས་མིན་སྙམ་པའི་ང་རྒྱལ་བརྟས། །ཡིན་ལུགས་མ་མཇལ་འཁོར་བའི་གནས་སུ་འཁྱམས། །༥༦ ཁ་ཅིག་རྟོགས་པ་ཕྱོགས་རེ་སྐྱེས་པ་ཡིས། །སེམས་ཀྱི་གནས་ལུགས་སྟོང་པའི་ཆ་མཐོང་སྟེ། །དགེ་སྡིག་རྣམ་རྟོག་མྱོང་བའི་སྟོང་ཞེན་གྱིས། །རྒྱུ་འབྲས་ཁྱད་གསོད་དུཿཁའི་གནས་སུ་ལྟུང་། ། ༥༧ དེ་སོགས་ངེས་པའི་དོན་རློམ་ངེས་དོན་གྱི། །སྒྲིབ་བྱེད་བདུད་ཀྱི་བར་ཆད་རྣམ་མང་པོ། །མདོ་རྒྱུད་དགོངས་པའི་གནད་ཕུགས་མ་ལོན་ཞིང་། །ཡིན་ལུགས་བླ་མའི་བཀའ་ཡིས་མ་ཟིན་པ། ། ༥༨ བདག་ལྟའི་སྐྱེ་བོ་ལས་རྐྱེན་དམན་པ་ལ། །གོལ་ཤོར་ནོར་འཁྲུལ་ཆེས་མོད་བདོ་ན་ཡང་། །བདག་ནི་རྩ་བའི་བླ་མ་ཐུགས་རྗེ་ཅན། །དྲན་མཆོག་འཁོར་ལོའི་དབང་ཕྱུག་བདེ་བ་ཆེ། ། ༥༩ སྲིད་ཞིའི་གདུང་སེལ་ཀུན་ཏུ་བཟང་པོའི་ཞལ། །དང་པོའི་མགོན་པོ་མཆོག་དེའི་བྱིན་རླབས་མཐུས། །གོལ་ཤོར་ལོག་ནོར་དབང་དུ་མ་གྱུར་པས། །གནས་ལུགས་རང་ངོ་རིག་པ་རྗེན་པར་འཕྲོད། ། ༦༠ རྣལ་འབྱོར་རིམ་ལས་དམན་དོན་གཏན་ཕབ་རྟོགས། །བར་མ་ཚུལ་བཞིན་ཉམས་ལེན་གོང་མའི་དོན། །ཡིན་ལུགས་མ་འཁྲུལ་བློ་དེས་མཐར་ཐུག་པ། །རྒྱལ་བའི་ཡེ་ཤེས་བཞུགས་ཚུལ་དེ་ཉིད་གོ ། ༦༡ དེ་ལྟར་གོ་ཤེས་ཉམས་མྱོང་རྟོགས་པ་ཡང་། །ཐ་དད་མ་དམིགས་རང་རིག་གཅིག་པུའི་གཤིས། །ལེགས་པར་རྟོགས་ཀྱང་རང་གིས་བགྲོད་པ་རྣམས། །སྐལ་བས་ཉམས་རྟོགས་མ་འདྲེས་འཇའ་ལྟར་བཀྲ། ། ༦༢ དེས་ན་ནོར་འཁྲུལ་སྐྱོན་མེད་སེམས་པ་ཡི། །ཉམས་སུ་མྱོང་བ་རྟོགས་པ་ཇི་བཞིན་པ། །བླ་མའི་བྱིན་རླབས་མཐུ་ཡིས་ཐོབ་པ་གང་། །ཆ་ཤས་བཀའ་དྲིན་དྲན་བཞིན་གླུ་རུ་བླངས། ། ༦༣ ཨེ་མ་ལྟེམ་རྐྱང་མེད་པའི་དད་མོས་ཀྱིས། །རྩ་བའི་བླ་མར་ཆོས་སྐུར་བལྟས་པ་འདི། །ཀུན་གོ་གཅིག་གིས་ཆོད་པའི་གོ་ཆོད་དོ། །གོ་ཆོད་ཁྱེད་ཀྱིས་གཅིག་ཤེས་ཀུན་ཀྱང་གྲོལ། ། ༦༤ དེ་ལྟར་གནས་ལུགས་འོད་གསལ་དོན་དམ་གོ །ཉམས་སུ་མྱོང་བ་བླ་མའི་མཐུས་སྐྱེས་ཀྱང་། །ད་དུང་རིག་ངོར་མཉམ་རྗེས་རོ་མཉམ་དུ། །ཐུན་མཚམས་ཡེ་ནས་དབྱེར་མེད་གཅིག་མ་གྱུར། ། ༦༥ འདི་ཕྱི་བར་དོ་རྣམ་རྟོག་ཡིན་མྱོང་ཡང་། །འོད་གསལ་མ་བུ་གཅིག་ཏུ་ཞལ་མ་མཇལ། །དཔེ་ཡི་འོད་གསལ་རྒྱུད་ལ་མྱོང་ན་ཡང་། །གདོས་སྣང་སྒྱུ་ལུས་མ་གྱུར་རྩལ་མ་རྫོགས། ། ༦༦ དེ་ཕྱིར་བསམ་པ་ལྷག་མེད་མ་གྱུར་ཏེ། །སླད་མར་རྩེ་གཅིག་སྒྲུབ་ལ་བརྩོན་པ་ཡིས། །བསྐྱེད་འབྲས་ལྷ་ཡི་ཕྱག་རྒྱ་མངོན་དུ་གྱུར། །ཐབས་ཀྱི་གཡོ་བ་དབུ་མར་ཞུགས་ནས་ཐིམ། ། ༦༧ ཁྱད་པར་མོས་གུས་མཐུ་ཡིས་དཀྱིལ་འཁོར་གཙོ། །བླ་མའི་བྱིན་རླབས་ལྷག་མེད་རྩལ་ཆེན་རྫོགས། །སེམས་དབེན་དཔེ་ཡི་འོད་གསལ་མཐར་ཐུག་པ། །ཉིན་མཚན་མཉམ་བརྗེས་འཁོར་ཡུག་འོད་གསལ་འདྲེས། ། ༦༨ དོན་དམ་འོད་གསལ་སྐད་ཅིག་མངོན་དུ་བྱས། །འཕོ་ཆེན་ཟུང་འཇུག་སྐུ་ཐོབ་སྙིང་ནས་སྨོན། །གཞན་ཡང་རྣམ་འདྲེན་རྫོགས་སངས་རྒྱས་པའི་ས། །རྡོ་རྗེ་གདན་དུ་བྱང་ཆུབ་ཤིང་དབང་བལྟ། ། ༦༩ དང་པོའི་མགོན་པོ་གྲུབ་པའི་དབང་ཕྱུག་ཆེ། །ཛྭ་ཀིའི་བླ་མ་མཆོག་སོགས་ཡེ་ཤེས་སྐུ། །བརྙེས་པ་མང་པོའི་ཞལ་མཇལ་གསུང་མྱོང་ཞིང་། །འཆི་བ་མེད་པའི་ལམ་མཆོག་ཡོངས་གྲུབ་པས། ། ༧༠ དཔག་མེད་འགྲོ་བ་མང་པོའི་དོན་སྤྱོད་པར། །རྗེས་ཀྱི་བསམ་སྨོན་དེ་འོ་འགྲུབ་གྱུར་ཅིག །འོན་ཀྱང་གོང་བགྲོད་ལྟོས་གཞི་རེ་དོགས་དང་། །གནས་ཡུལ་བསྒྲོད་འདོད་ཞེན་པ་རང་རྒྱུད་པ། ། ༧༡ མེད་པས་དེས་ན་སྒྱུ་མའི་འཕྲུལ་འཁོར་བཞིན། །གང་ཤར་བློ་ལ་གཏད་མེད་ཅི་བདེ་ཡིན། །གཞན་ངོར་ཡེ་ཤེས་ཐོབ་མཐོང་དག་སྣང་དང་། །མ་དག་ཉོན་མོངས་ཆེ་བའི་སྐྱེ་བོ་སོགས། ། ༧༢ ཇི་ལྟར་མཐོང་ཡང་རང་ངོ་ཆོས་ཉིད་ཀྱི། །དབྱིབས་ལས་མ་གཡོས་བྱ་བྲལ་བྱ་བ་ཅན། །རང་གི་རང་ཉིད་དཔྱད་བཟོད་མ་ཡིན་ཏེ། །འདི་ཡིན་གཏད་པ་མེད་པའི་སྨྱོན་པ་ཡིན། ། ༧༣ གང་ལྟར་ལས་སྨོན་རྣམ་པར་དག་པའི་མཐུས། །སྐྱེས་བ་ཀུན་ཏུ་གུ་རུས་རྗེས་སུ་བཟུང་། །སྐྱེ་འཕྲེང་དུ་མར་རིམ་གཉིས་དྲོད་ཚད་ཐོབ། །འབྲེལ་ཚད་དོན་ལྡན་ནུས་པའི་སྔགས་པར་རློམ། ། ༧༤ དེ་ལྟ་ན་ཡང་རང་གི་རྟེན་འབྲེལ་དང་། །ཕ་རོལ་འགྲོ་བ་སོ་སོའི་ལས་སྐལ་གྱིས། །ཁ་ཅིག་དམ་པ་མཆོག་ཅེས་བསྔགས་ཤིང་བསྟོད། །ཁ་ཅིག་བདུད་ཅེས་སྨད་ཅིང་ཆེས་གཤེ་ཡང་། ། ༧༥ རང་གི་ངོ་བོར་རོ་མཉམ་ཉིད་ཐོབ་པས། །བསྟོད་སྨད་ཚིག་ལ་ཞེན་དེ་འཁུ་འཕྲིག་གིས། །བ་སྤུ་གཅིག་ཀྱང་གཡོ་བའི་གོ་སྐབས་མེད། །ཡིན་ལུགས་དཔྱད་མེད་རང་བློ་ངལ་བསོ་བདེ། ། ༧༦ གཞན་གྱིས་ཧ་ཅང་བསྟོད་དང་ཧ་ཅང་སྨད། །ཚབ་འདི་ཆེས་པས་བར་མ་སོ་སོའི་སྐྱེ། །མིན་པའི་ཚད་མ་དེ་ཡིས་ངེས་འགྱུར་མོད། །གང་ལྟར་དགག་སྒྲུབ་མེད་པའི་སྔགས་འཆང་བདེ། ། ༧༧ དེ་སྐད་བོད་ཡུལ་ཉི་འོག་མདོ་ཁམས་ཀྱི། །ནོར་འཛིན་དབུས་འགྱུར་ཀཿཐོག་རྡོར་གདན་ལྷོ། །གཅོང་རོང་ངམ་གྲོག་ཆུ་ཀླུང་དྲག་པོ་འཁྲུགས། །ཚེར་མའི་ནགས་ཚལ་གཅན་གཟན་གཏུམ་པོ་རྒྱུ། ། ༧༨ མི་རྣམས་སྲིན་པོ་ཇི་བཞིན་སྲོག་གཅོད་བརྩོན། །གདུལ་དཀའི་གནས་དེར་འདུལ་བྱེད་རྨད་བྱུང་བ། །བླ་མེད་སྔགས་བསྟན་མ་ནུབ་དར་ཕྱོགས་དེར། །འོད་གསལ་ལྷ་ལྡིང་རྔུ་ཡི་རིགས་སྐྱེས་ཤིང་། ། ༧༩ ཤཱཀྱའི་དགེ་བསྙེན་ཚངས་སྤྱོད་གོས་དཀར་འཆང་། །གཙུག་ན་དབང་རྟགས་རལ་པའི་གདེང་ཀ་ཅན། །ཡ་ང་བག་ཚ་ཉུང་བའི་སྨྱོན་པ་ཆེ། །ཤ་ཆང་བུད་མེད་ཚོགས་ལ་ལོངས་སྤྱོད་པ། ། ༨༠ གྲུབ་ཆེན་ནམ་སྙིང་མཚན་གྱིས་བྱིན་བརླབས་པའི། །སྔགས་ཀྱི་རིག་འཛིན་ཚེ་དབང་ནོར་བུ་ཞེས། །ཨོ་རྒྱན་གུ་རུས་གསང་བའི་མིང་བཏགས་པ། །འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ། ། ༨༡ གང་དེས་བོད་ཡུལ་སྟོད་ཕྱོགས་མངའ་རིས་སྨད། །བལ་བོད་ས་མཚམས་མང་ཡུལ་གྲུབ་པའི་གནས། །ས་ཡི་ཐིག་ལེ་སྐྱིད་གྲོང་གནྡྷོ་ལ། །རང་བྱུང་སྤྲུལ་པའི་འཕགས་མཆོག་སྤྱན་རས་གཟིགས། ། ༨༢ བདེ་ལྡན་དབང་ཕྱུག་ཝ་ཏིའི་སྤྱན་སྔ་རུ། །མཎྜལ་ཚུལ་དུ་ཉམས་རྟོགས་ཆ་ཤས་ཙམ། །ལྕགས་ཕག་བྱང་ཆུབ་དུས་ཆེན་ས་ག་ཡི། །ཡར་ཚེས་བཟང་པོ་བཅུ་གཉིས་སྔ་ཆ་རུ། ། ༨༣ རབ་ཏུ་གུས་པས་གླུ་དབྱངས་བླངས་པ་དེ། །སྨྲས་པའི་ཡིག་རིས་སྐྱེ་བ་དུ་མ་ཞིག །ལས་སྨོན་གྱིས་འབྲེལ་སྐལ་ལྡན་སྙིང་གི་བུ། །ཨོ་རྒྱན་འཕྲིན་ལས་བསྟན་འཛིན་དཔལ་དེས་བགྱིས། ། ༨༤ ཚིག་འདི་དྲེགས་པ་ང་རྒྱལ་ཆེ་འདོད་སོགས། །ཆོས་བརྒྱད་སྣང་བས་དབེན་པར་སྙམ་ན་ཡང་། །ལོག་རྟོག་ཅན་གྱི་ཟོག་དང་ང་རྒྱལ་ཚིག །བཟུང་ཡང་ལས་མེད་བྱང་ཆུབ་རྒྱུར་འགྲོ་ཤོག ། ༨༥ རང་གི་ངང་ཚུལ་གཞན་བློར་ཤོངས་དཀའ་ཡང་། །འགའ་ལ་ཕན་སྙམ་ལྷག་བསམ་བཟང་པོ་ཡིས། །ཉམས་ལེན་མྱོང་བ་ཆ་ཤས་སྨྲས་པ་འདིས། །སློབ་མའི་མོས་གུས་རྟེན་འབྲེལ་རྒྱས་གྱུར་ཅིག ། ༨༦ ནོངས་གཞན་མ་མཆིས་གསང་བ་སྒྲོགས་པ་ཡི། །ཉེས་སྐྱོན་སྲིད་ན་ཡེ་ཤེས་སྤྱན་ལྡན་ལ། །མཐོལ་བཤགས་འདི་ཕྱི་བར་དོར་སྒྲིབ་མེད་པར། །དག་ཚངས་ཡིད་བཞིན་མཆོག་ཏུ་དབུགས་དབྱུང་གསོལ། ། ༨༧ དགེ་མཆིས་མཁའ་མཉམ་འགྲོ་ལ་བསྔོ་བའི་མཐུས། །ཡིན་ལུགས་མ་འཁྲུལ་ལྟ་བ་ཚུལ་བཞིན་རྟོགས། །ས་ལམ་ཡོན་ཏན་བྲི་མེད་གོང་དུ་འཕེལ། །ཀུན་ཏུ་བཟང་པོ་ཅི་འདྲ་དེ་ཐོབ་ཤོག །དགེའོ། །དགེའོ། ། དགེའོ། །

དེ་ལྟར་རང་གི་ཉམས་སུ་མྱོང་བ་འགའ་ཞིག་འཕགས་པ་ཝ་ཏིའི་སྤྱན་སྔར་མཎྜལ་ཚུལ་དུ་གླུར་བླངས་པ་སྟེ། སླར་གཙང་ལ་སྟོད་རྒྱལ་གྱི་ཤྲཱིའི་ནུབ་རྒྱུད། གྲུབ་པའི་བསྟི་གནས་བྷུ་ཊ་ཚིགས་བཅད་ཅི་རིགས་བསྲེས་ཤིང་ཞུ་དག་ཡང་བྱས་པའི་ཡི་གེ་པ་ནི་སྔ་མི་དེ་ཉིད་དོ། །འདི་ཉིད་གྲུབ་མཐའ་གཞན་དུ་ཁ་བསྐུ་བ་ཚིག་བསྒྱུར་བཅོས་སླད་འདྲ་མིན་བཅོས་པ་དང་། རང་ལ་ཉམས་རྟོགས་མ་སྐྱེས་པར་འདི་མ་གཞི་འཐུ་རྩོམ་པ་བྱས་ན། དེའི་སྲོག་རྩའི་སྦུ་གུ་དམ་ཅན་དྲེགས་པ་རྣམས་ཀྱིས་ཆོད་ཅིག །ས་མ་ཡ་དམ་རྒྱ། རང་མ་མོས་པ་རྣམས་ཀྱི་ཡི་གེ་འདི་ལ་གཙིགས་སུ་བཟུང་ཞིང་ལོག་པར་ཐེ་ཚོམ་ཆེ་བ་རྣམས་ལ་གསང་བར་བྱའོ། །

༈ ཞལ་གདམས་མཚུངས་མེད་བླ་མའི་ཞལ་ལུང་།

ཨ་ཧོཿ གཞི་ལྟ་བའི་གནས་ལུགས་སྐད་པ་དེ། །འགྲོ་དུས་ཁམས་དབང་སྐལ་དུ་མའི་དོན། །རྒྱལ་བ་རྣམས་ཀྱིས་དཔག་མེད་ཉིད་གསུངས་ཏེ། །མཐོ་ཐེག་དགུའི་ལྟ་བ་ཞེས་གྲགས་ཀྱང་། །མཐར་ཐུག་པ་ཉིད་ནི་གདོད་མའི་གཤིས། །སངས་རྒྱས་ཉིད་ཀྱིས་ཀྱང་མ་གཟིགས་ཤིང་། །དཔེ་ཚིག་བརྗོད་བློ་བསམ་ཡུལ་འདས་ལ། །ལམ་འཁོར་འདས་ཡོངས་ཀྱི་འཆར་གཞི་དེ། །ཕྱག་ཆེན་པོས་གཉུག་མ་ལྷན་ཅིག་སྐྱེས། །རྫོགས་ཆེན་པོས་ཀ་དག་གནས་ལུགས་ཞེས། །དོན་མཐའ་མེད་དབུས་མེད་རྟག་ཆད་མེད། །ཡིད་བྱེད་པ་ཀུན་བྲལ་མཐའ་བཞི་འདས། །ཡུལ་གཞི་མེད་རྩ་བྲལ་རྩ་བ་སྟོང་། །དོན་འདི་ཞེས་སུས་ཀྱང་མཚོན་མེད་ཅིང་། །རྣམ་ཀུན་ཏུ་མཆོག་ལྡན་བདེ་གཤེགས་སྙིང་། །ཕྲ་གསལ་ལ་ཟབ་ཞི་འོད་གསལ་བ། །དེ་གཞི་གནས་སྐབས་སུ་ཀ་དག་ཅེས། །སྐྱོན་ཀུན་བྲལ་སྐྱོན་ཡོན་མིང་ཡང་མེད། །གཞི་སྣང་བ་ལྷུན་གྲུབ་ཅེས་བྱ་བ། །དག་མ་དག་ཀུན་གྱི་འཆར་གཞི་གྲུབ། །དོན་ངོ་བོ་རང་བཞིན་ཐུགས་རྗེ་ཞེས། །ངོ་བོ་ལ་འཁྲུལ་པའི་མིང་ཡང་མེད། །རང་བཞིན་དང་གྲོལ་འཁྲུལ་ཐུགས་རྗེ་སྟོན། །ཡང་དག་ལ་བརྗོད་བྱ་ཀུན་ལས་འདས། །སྐྱེ་འགག་དང་འགྲོ་འོང་གནས་ཀུན་བྲལ། །དེ་གདོད་མའི་གནས་ལུགས་གཞི་ཞེས་བྱ། །ལྟ་བ་ཞེས་ཐ་སྙད་མིང་དུ་གྲགས། །ལམ་བསྒོམ་པ་རུ་སྐད་པ་དེ་ཉིད་ཀྱང་། །དོན་དྲིལ་ན་རང་སེམས་གཉུག་མ་འདི། །གཟོ་བཅོས་མ་སྐྱོན་གྱིས་ཡང་མ་བསླད། །ཡིད་ཆེད་གཉེར་བསྒོམ་རྒྱུ་ཅི་ཡང་མེད། །ཡང་འཁྲུལ་བའི་དབང་དུ་ཡང་མ་ཤོར། །འདས་མ་འོངས་རྣམ་རྟོག་བསུ་གཅོད་མེད། །དུས་ད་ལྟའི་ཤེས་པར་བརྟག་ཞིབ་བྲལ། །དེ་རང་བབ་ཡེངས་བསྒོམ་བྲལ་བར་བཞག །འདི་གསལ་ལོ་སྟོང་ངོ་བསམ་དུ་མེད། །གནས་འགྱུ་ཞེས་སྤང་བླངས་དགག་སྒྲུབ་བྲལ། །རིག་རང་ངོ་གཉིས་ལ་མ་བཅོས་འཇོག །འདི་རྒྱལ་བ་ཡོངས་ཀྱི་གཤེགས་ཤུལ་ལགས། །དོན་ངོ་བོར་དེ་ལས་གཞན་མེད་ཀྱང་། །དེ་གོ་མྱོང་རྟོགས་གྲོལ་གནས་ལུགས་ཀྱི། །ལམ་རྣལ་འབྱོར་བཞི་ཞེས་དྭགས་པོས་བཞེད། །བཀའ་རྫོགས་ཆེན་སེམས་སྡེར་ཉམས་བཞིར་གྲགས། །ཕྱི་ཚོགས་དྲུག་རྐྱེན་གྱི་བསྐྱོད་མེད་པ། །གནས་དེ་ཉིད་རྩེ་གཅིག་རྣལ་འབྱོར་དང་། །ནང་གཉིས་འཛིན་འཕྲོ་རྒོད་བྱིང་རྨུག་གི །རྒོལ་མེད་པ་སྤྲོས་བྲལ་རྣལ་འབྱོར་རོ། །བར་སྣང་སེམས་འཁོར་འདས་གཉིས་ཆོས་ཀུན། །མཉམ་གྱུར་ལ་དུ་མ་རོ་གཅིག་མྱོང་། །ཆོས་ཆོས་ཅན་བྱ་བ་ཀུན་ཟད་པར། །ལྷུན་གྲུབ་པས་བསྒོམ་མེད་ཡིད་ནོ་སྐད། །ཆོས་ཕྱག་རྫོགས་གཉིས་ཀྱི་ལམ་གཞུང་སྟེ། །མདོ་ད་ལྟའི་ཤེས་པ་འདི་ཉིད་ལས། །ཡུལ་གང་བགྲོད་བློ་ཡིས་ལྟོས་གཞི་མེད། །དོན་རང་རིག་ཅོག་བཞག་གཅིག་ངང་རྫོགས། །ཕྲ་རགས་སྦོམ་སེམས་ཀྱི་རྣམ་རྟོག་ཀུན། །རྐྱེན་རང་ཁར་བཏང་བ་ཡང་མི་འཚལ། །དེ་སྤང་ནས་འཇོག་པ་ཡང་མ་ལགས། །དོན་གཉེན་པོ་སྟོན་རྒྱུ་ཡང་མ་མཆིས། །དེ་གནས་ནས་བསྐྱུར་བ་ཡང་མིན་ཏེ། །ཁམས་རང་བབ་ངོ་ལ་རང་ཞལ་བལྟ། །སེམས་མ་རིག་འཇམ་དབང་མ་ཤོར་ལ། །དོན་མ་བཅོས་གཉུག་མ་ཉིད་དུ་ཞོག །མཚོ་མཚོ་རླབས་ཆུ་ལ་རོ་གཅིག་ལྟར། །སེམས་སེམས་བྱུང་རོ་གཅིག་ཆོས་སྐུར་འདྲེས། །བདེ་མི་རྟོག་གསལ་ལ་མི་ཞེན་ཅིང་། །སེམས་རང་ངོ་རྣལ་མ་ངང་ཉིད་ལ། །སྒོམ་ཡིན་མིན་ཐེ་ཚོམ་ཡོངས་སུ་སྤངས། །ཞི་གནས་ཞེས་གནས་ཆེའི་རྒྱ་མཚོ་ལ། །ལྷག་རང་མཐོང་བྱུང་བ་གཟའ་སྐར་བཀྲ། །འགྱུ་འགྱུ་བྱ་ཡུལ་མེད་རང་ངོ་ཤེས། །ཤེས་ཤེས་བྱའི་རྣམ་རྟོག་དབྱིངས་སུ་སྤུར། །འདི་བརྗོད་བྲལ་ངང་ལ་རྟག་ཏུ་རྩེད། །ལམ་གེགས་སེལ་བླ་མར་མོས་གུས་བསྣུན། །འགྲོ་གཞན་ཕན་སྙིང་རྗེ་རྟག་ཏུ་སྐྱོང་། །དུས་ཀུན་ཏུ་ཡེངས་མེད་གཉུག་མར་བཞག །འདི་བསྒོམ་བྱ་ཀུན་སྙིང་སྒོམ་བྱེད་བྲལ། །དོན་རང་རིག་གཉུག་མའི་བབས་ཉིད་དང་། །བཅོས་མེད་པར་བཞག་འདི་སྒོམ་པའི་མཆོག །དེ་བོགས་འདོན་སྤྱོད་པ་ཞེས་བྱ་ཡང་། །ཕྱི་འགྲོ་བའི་དངས་འདྲེན་འདུལ་ཁྲིམས་བསྲུང་། །ནང་ལྷ་སྔགས་ཏིང་འཛིན་རོལ་པ་བརྩོན། །གསང་ཐབས་ལམ་རླུང་ཐིག་གནད་དུ་བསྣུན། །དེ་ཁོ་ན་ཕྱག་རྫོགས་ཉམས་ལེན་དྲིལ། །ལས་རྒྱུ་འབྲས་སྤང་བླང་ཤན་དབྱེ་ཞིང་། །ཆོས་སྲོག་རྩ་རྩ་བ་དམ་ཚིག་ཞིབ། །སྤྱོད་ཀུན་ཀྱང་དོན་གཉིས་སྒྲུབ་དེར་འདུས། །མིང་འབྲས་བུ་བཏགས་པའི་སྒྲ་ཆེ་ཡང་། །སྔར་མེད་གཅིག་གསར་དུ་བྱུང་མེད་དེ། །རིག་རང་ངོའི་ཡོན་ཏན་རྩལ་རྫོགས་ཚེ། །སྐུ་ཡེ་ཤེས་ཞེས་བྱ་འབྲས་བུར་བརྗོད། །དོན་རེ་མེད་དོགས་མེད་འབྲས་བུའི་གདེངས། །ཆོས་བརྗོད་བྲལ་གནས་ལུགས་ལྟ་བའི་གདེང་། །སེམས་མ་བཅོས་ཅོག་བཞག་སྒོམ་པའི་གདེང་། །རྩལ་གང་ཤར་ལམ་ཁྱེར་སྤྱོད་པའི་གདེང་། །མིང་གཞི་ལམ་འབྲས་བུར་གྲགས་པ་ཀུན། །ཡུལ་ཐ་མལ་ཤེས་པ་གཉུག་མ་ཉིད། །རིག་མ་བཅོས་རང་ངོ་འདི་རང་སྟེ། །བློ་བཅས་བཅོས་ཐ་སྙད་དབྱིངས་སུ་ཡུལ། །ཨེ་མ། མཆོག་དམན་པ་དེ་ཡི་གསུང་ངོ་ཉིད། །ལྕོགས་མ་སྤོབས་པས་ན་མཚོན་ཙམ་དུ། །གཞི་ལམ་འབྲས་ངང་ཚུལ་ས་བོན་ཙམ། །རྗེ་མཚུངས་མེད་བླ་མའི་ཞལ་ལུང་ཉིད། །ཐོས་མཐུ་ཡི་རང་ཉམས་གོ་རྟོགས་ལས། །ཤར་བཞིན་དུ་གང་ཤར་ཆུ་བབ་ཉིད། །གླུར་འབུལ་བ་དགོངས་དོན་ལ་འཇུག་ཅིང་། །འགྲོ་དོན་དུ་ཞབས་པར་བརྟན་གྱུར་ཤོག །

ཞེས་རྣམ་འདྲེན་རྒྱལ་བ་འོད་དཔག་མེད་དངོས་ཞྭ་དམར་བ་ཆོས་ཀྱི་དོན་ཀུན་གྲུབ་པ་ཞབས་ཀྱི་རིགས་ཀྱི་གཅུང་ཆོས་ཀྱི་སྲས་དམ་པ་ཟྭ་ཕུག་སྤྲུལ་སྐུ་ཀརྨ་གར་དབང་དོན་གྲུབ་ཀྱིས་བཀྲ་ཤིས་པའི་རྟགས་ཀྱིས་ཡོངས་སུ་སྤྲས་པའི་ལྷ་རེག་གངས་རིའི་མདོག་ཅན་བཅས་ཞལ་གདམས་ཞིག་དགོས་ཞེས་ཕེབས་པ་ལྟར། འཕྲལ་དེར་མདོ་ཁམས་ཀཿཐོག་གི་ལྷོ་ཕྱོགས་ནགས་ལྗོངས་སུ་སྐྱེས་པའི་ལྷ་རིགས་ཀྱི་སྔགས་འཆང་རྒྱལ་ཁམས་པ་ཚེ་དབང་ནོར་བུ་གྲུབ་མཆོག་དབང་པོའི་སྡེ་ཞེས་པས་ས་སྤྲེལ་ཟླ་བ་དང་པོའི་ཆོ་འཕྲུལ་གྱི་ཚེས་བཟང་པོར་ར་ལ་ནས་ཕུལ།

༈ ཞལ་གདམས་མདོ་རྒྱུད་ཐེག་པའི་སྙིང་པོ།

ཨེ་མ། སྙན་ལེགས་པར་གསོན་དང་རྣལ་འབྱོར་པ། །སྔོན་རྣམ་དཀར་ལས་ཀྱིས་མངའ་རིས་སྟོད། །ཡུལ་གློ་བོར་དལ་འབྱོར་ཡང་དག་ཐོབ། །ལས་བཟང་འཕྲོ་དམ་ཆོས་སྔགས་དང་མཇལ། །སྔོན་ཟབ་དགུ་ཐོབ་པ་རྗེས་ཡི་རང་། །མགོན་དེ་རྣམས་གསུང་གསང་བདུད་རྩི་མཆོག །ཐོབ་ལས་ལྷག་བདག་གི་ཞལ་གདམས་ཅི། །འོན་ཀྱང་ཡང་གསུང་ངོ་མ་ལྕོག་ཙམ། །ཚིག་ཉུང་ངུ་མཚོན་པ་ཞིག་འབུལ་ན། །ཆོས་མདོ་རྒྱུད་ཐེག་ཀུན་སྙིང་པོ་ནི། །སྐྱབས་ཀུན་གཙོ་བླ་མར་རག་ལས་ཤིང་། །དེ་དགྱེས་ཐབས་ལས་ཀུན་དང་དུ་ལོངས། །སྙིང་རུས་པའི་གཏིང་ནས་མོས་གུས་བསྐྱེད། །དུས་ཀུན་ཏུ་བྱིན་བརླབ་དབང་བཞི་ཞུས། །དམ་སེལ་མེད་སྙིང་སྲོག་ལྟར་དུ་བཅའ། །མཐར་རང་སེམས་བླ་མ་དབྱེར་མེད་བལྟ། །འདི་གནད་འགག་ཀུན་གྱི་ཆེ་ཤོས་ཡིན། །ལམ་བསྐྱེད་རྫོགས་རྫོགས་ཆེན་གང་བསྒོམ་ཡང་། །འདི་མེད་ཐབས་མེད་དོ་མོས་གུས་གཅེས། །ལྷ་བསྐྱེད་རིམ་སྣང་སྟོང་ཆུ་ཟླ་ལྟར། །བསྒོམ་གསུང་ཡང་ཡང་དག་ངོ་བོ་ལ། །སེམས་སྐྱེ་མེད་གནས་ལུགས་རྟོགས་པའི་མི། །ལྕགས་ཕ་བོང་སྒོམ་ཀྱང་གོལ་པ་མེད། །དོན་སྐྱེ་མེད་མ་གཏོགས་བློ་ཆུང་འགའ། །ལྷ་སྣང་སྟོང་བསྒོམ་ཡང་གཟུགས་མེད་ཁམས། །དོན་དེས་ན་ཞེན་འཛིན་ཡུལ་མེད་པའི། །ཆོས་སྐྱེ་མེད་རྩལ་འདོན་བསྐྱེད་རིམ་གྱིས། །ལམ་རྫོགས་རིམ་རྩལ་འདོན་རླུང་ཐིག་ཡང་། །མདོར་དྲིལ་ན་སྟེང་སྒོ་འོག་སྒོ་གཉིས། །གྲོལ་ཐབས་ལམ་གནད་དུ་བསྣུན་པ་སྟེ། །སྟེང་གཏུམ་མོ་དམ་ཚིག་ཕྱག་རྒྱ་ཡི། །རྩ་མདུད་བཀྲོལ་ཞུ་བདེ་ཉམས་སུ་ལོངས། །འོག་ཐབས་ལམ་བདེ་ཆེན་སྐད་པ་ཡང་། །བུམ་བཟང་མཚུངས་དབྱིབས་གསུམ་རྣལ་འབྱོར་བསླབ། །གསང་དབང་མཚུངས་དཀར་ཆ་དཀྱིལ་འདྲེན་བཀྲམ། །ཤེར་དབང་མཚུངས་དཀར་དམར་གཅིག་ཏུ་བསྲེས། །ཀུན་ཚིག་དབང་དང་བསྟུན་རྫོགས་རིམ་གཅེས། །ལམ་རྫོགས་པ་ཆེན་པོར་གྲགས་པ་ཡང་། །མདོར་དྲིལ་ན་ཁྲེག་ཆོད་ཐོད་རྒལ་གཉིས། །ཁྲེད་ཆོད་ཅེས་དེ་ནི་རང་རིག་དོན། །བསམ་དམིགས་ཡུལ་འཛིན་པ་ཀུན་དང་བྲལ། །དོན་མཚོན་མེད་བརྗོད་མེད་བློ་བྲལ་བ། །དེ་ཅོག་བཞག་བཞི་ཡི་ངང་དུ་སྐྱོངས། །ཐོལ་རྒལ་ཞེས་སྒྲོན་དྲུག་སྣང་བ་ཡང་། །བརྡ་རྟགས་དོན་དཔེ་ཡིས་མཚོན་པ་སྟེ། །དོན་རང་རིག་རང་མདངས་དབྱིངས་སུ་སྣང་། །འདི་ཨ་ཏི་རྫོགས་ཆེན་ཁྱད་ཆོས་ཡིན། །ཆོས་གཞན་གྱི་རླུང་རྟགས་བཅུ་པོ་དང་། །ཆ་མཚུངས་དང་ཁྱད་པར་འདི་ཉིད་འཕགས། །འོན་ཁྲེག་ཆོད་རྟོགས་གདེང་མ་ཆུད་པར། །སེམས་ཞེན་འཛིན་སྣང་བས་འོད་མདངས་ལ། །བལྟས་གྱུར་ན་གཟུགས་ཁམས་ས་བོན་ཆ། །མཚུངས་གྱུར་ཞེས་ཀློང་གསལ་རྒྱུད་ནས་གསུངས། །སྤྱིར་དེང་སང་བསྟན་པ་སྙིགས་དུས་འདིར། །ཆོས་ཕྱག་རྫོགས་སྙན་གྲགས་ཆེ་ན་ཡང་། །རང་གནད་འཁེལ་གཞན་ལ་འཆད་ནུས་ནི། །དཔེ་ཉིན་སྐར་ལྟ་བུར་དཀོན་པར་མཐོང་། །ལྷག་རྫོགས་ཆེན་གྲུབ་མཐའ་འཁྲུལ་མེད་པ། །གནད་ཡང་དག་མཁྱེན་པ་རེ་རེ་ཙམ། །དེ་བསམ་བཞིན་སྙིང་ནས་སྐྱོ་གྱུར་ཡང་། །འོན་བོད་འདིར་ལོ་གྲངས་བརྒྱ་བརྒྱ་ནས། །རྗེ་བི་མ་ལ་ཡི་རྣམ་འཕྲུལ་རེ། །འབྱོན་འགྱུར་ནས་རྫོགས་ཆེན་གསལ་བྱེད་གསུངས། །དེ་མྱུར་འབྱོན་སྨོན་ལམསྙིང་ནས་འདེབས། །གཞན་དུས་དང་རྣམ་ཀུན་ཐམས་ཅད་དུ། །རང་ངེས་འདྲོངས་བླ་མར་གསོལ་བ་ཐོབ། །དགོས་ཁྱེད་རང་ཚེ་སྔོན་ལས་འབྲས་ཀྱི། །རྗེ་རྟ་མཆོག་དངོས་གྱུར་སྟག་ཤམ་ཞབས། །ལས་འཕྲོ་བཟང་ལགས་པས་རྩ་བ་ཡི། །སྐྱབས་བླ་མ་ཀུན་འདུས་ངོ་བོར་བཟུང་། །ལས་རྒྱུ་འབྲས་བསླུ་མེད་ཞིབ་ཏུ་རྩིས། །སེམས་ཡེངས་མེད་དྲན་པ་རྟག་ཏུ་སྐྱོང་། །ཁོང་རྣལ་འབྱོར་མཆོག་དེས་བསྐུལ་བའི་ངོར། །ཚིག་དེ་སྐད་རྒྱལ་ཁམས་པ་དེས་སོ། །

མངའ་རིས་གློ་བོ་ཆུ་མིག་བརྒྱ་རྩ་ཕྱོགས་སུ་འཁྲུངས་པའི་རྣལ་འབྱོར་དབང་ཕྱུག་ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོས་གསུང་གིས་བསྐུལ་ངོར་མདོ་ཁམས་ཀཿཐོག་ལྷོ་ཕྱོགས་སུ་སྐྱེས་པའི་ལྷ་རིགས་རྣལ་འབྱོར་པ་ཚེ་དབང་ནོར་བུས་བལ་ཡུལ་མཐིལ་དང་བལ་ཡུལ་ཚ་ཤོད་ཀྱི་མཚམས་ཀ་ཀཀྪོ་ཞེས་པའི་རྩེ་མོར་ས་སྤྲེལ་ནག་ཟླའི་ཚེས་ཉེར་གཉིས་ལ་སྐད་ཅིག་གང་དྲན་སྨྲས་པའོ། །

༈ ཞལ་གདམས་འཕྲིན་གླུ་གུ་ཡངས་རྒྱལ་ཁམས།

ཨ་ཧོཿ སྙན་དར་ཅིག་གསོན་དང་སྐལ་པ་ཅན། །སྙིང་ལྟ་བུར་དམ་ཚིག་བརྩོན་པ་ཅན། །ཕ་སྨྱོན་པ་གཟའ་གཏད་བྲལ་གྱུར་པ། །ཁོང་རྒྱལ་ཁམས་ཀྱི་འཁྱམས་པོ་གུ་ཡངས་པོ། །དཔལ་ཚེ་དབང་ནོར་བུ་གྲུབ་པའི་སྡེ། །གྲགས་དེ་ཡི་གླུ་དབྱངས་འདི་སྐད་ཐལ། །དུས་སྙིགས་མ་ལྔ་འདུས་ད་ལྟའི་སྐབས། །ཕྱི་ནང་གསང་གང་བལྟས་སྐྱོ་བའི་གནས། །སྤྱིར་མི་རྟག་ཆོས་ཅན་འདི་ཡིན་ཀྱང་། །དགོས་འཕོ་འགྱུར་མྱུར་འདི་ཡི་རེ་མུག །དུས་འདི་ལས་སང་ཕོད་བདེ་རེ་ཡང་། །རེ་བཞིན་དུ་མ་གྱུར་ཇེ་ཆེར་བསྔལ། །དཔོན་ཆེ་བཙན་རེས་མོས་འཕོ་འགྱུར་གྱིས། །ངོ་ལོན་དཀའ་མི་ཚེ་བྲེལ་བས་ཟད། །དེ་ལས་ཀྱི་ཕྱོགས་འཛིན་རེ་དོགས་ཤོར། །མཐར་དོན་མེད་སྒྱུ་མའི་ལྟད་མོ་འདྲ། །དགོས་སྦྱིན་བདག་གྲྭ་འཁོར་གཉེན་ཚན་ཡང་། །དུས་དབང་གིས་རྟག་ཅིང་བརྟན་བརླིང་དཀའ། །གཡོ་སྒྱུ་མེད་དྲང་པོ་རེ་རེ་ཙམ། །དམ་ཚིག་བསྲུང་ངོ་ལྐོག་མེད་པ་དཀོན། །རང་བསོད་ནམས་འཕེལ་བསྐྱེད་བྱུང་བ་ན། །མི་ཕལ་ཆེར་ནོམ་པ་སྤྱོད་ལ་འདུ། །རང་གདུལ་བྱ་རྒུད་པ་ཞིག་བྱུང་ན། །གྲོགས་གཅེས་བྱས་ཀུན་ཀྱང་སོ་སོར་བྲལ། །ལར་འདི་སྣང་ཟས་གོས་འབྱོར་པ་ན། །མི་ཀུན་གྱིས་བསྟོད་པའི་གནས་སུ་བྱེད། །ཆོས་ཚུལ་བཞིན་ངོ་བསྲུང་མེད་པ་ན། །མི་ཀུན་ཀྱང་དེ་ལ་སྡང་བར་བྱེད། །དེང་སྙིགས་དུས་ཚུལ་འདི་གང་བྱས་བྱས། །དོན་དེ་ན་བུ་ཡི་དོན་པོ་ཁྱོད། །གནས་བཀའ་བརྒྱུད་གོང་མའི་སྒྲུབ་ཁང་དུ། །ཚེ་འདི་སྣང་ཆོས་བརྒྱད་རྒྱབ་དོར་ནས། །ཕ་བརྒྱུད་པའི་བླ་མའི་རྣམ་ཐར་བཟུང་། །དོན་ཚུལ་བཞིན་གནས་ལུགས་ཉམས་ལེན་བརྩོན། །སེམས་ཡེངས་མེད་དྲན་པའི་བྱ་ར་ཐོང་། །དུས་རྟག་ཏུ་སྙིང་རྗེའི་རྩི་ཡིས་བཟུང་། །ལྷ་ཡི་དམ་བསྙེན་བསྒྲུབ་རྒྱུན་མ་བཅད། །མ་མཁའ་འགྲོའི་དུས་བཟང་མཆོད་པ་བཟུང་། །ཆོས་བསྲུང་མར་རྟག་ཏུ་གཏོར་མས་བསྐང་། །ལུས་ཕུང་པོ་ཚོགས་འཁོར་ཆག་མེད་བྱ། །སྲོད་ཐོ་རངས་བུམ་ཅན་གཏུམ་མོར་འབད། །ཟེར་གཉིས་དུས་ཐོད་རྒལ་ཉམས་ལེན་སྐྱོང་། །དུས་རྒྱུན་དུ་མཉམ་བཞག་ངང་དུ་བཞག །ལུས་སྤྱོད་ལམ་བག་ཡོད་དངས་པར་འཚལ། །དེང་བློ་གཏད་ཡུལ་གྱུར་མི་དཀོན་པས། །བློ་བསླུ་མེད་གཏད་པ་དཀོན་མཆོག་ཡིན། །དེ་སངས་རྒྱས་ཀུན་འདུས་ངོ་བོར་བསྒོམ། །དད་དམ་ཚིག་སྙིང་གཏིང་རུས་ལ་ཕུར། །འགྱུར་ལྡོག་མེད་མོས་གུས་སྟོབས་སུ་བསྐྱེད། །སྐད་མཐོན་པོས་མཚན་བོས་གསོལ་བ་ཐོབས། །མཐར་རང་སེམས་བླ་མ་དབྱེར་མེད་བསྲེས། །དུས་རྒྱུན་དུ་ཡང་དག་འཇོག་ལ་འཚལ། །འདི་ཚིག་རེའི་དོན་རེ་མཚོན་པ་སྟེ། །དོན་གལ་འགག་ཡོད་དོ་ཐུགས་ལ་འཆང་། །འབྱུང་འགྱུར་གྱི་ལུང་ཀྱང་ཅུང་ཟད་མཆིས། །འོན་སྒྱུ་མའི་རོལ་པ་ཉིད་ཤེས་བྱ། །དབྱངས་དེ་སྐད་ཚེ་དབང་ནོར་བུ་ཡི། །གནས་གྲོམ་པའི་གཙུག་ལག་ཡང་རྩེ་ནས། །དུས་བཟང་པོ་ཆོ་འཕྲུལ་ཚེས་བཟང་ལ། །ཡིད་གཅེས་པའི་བུ་ལ་འཕྲིན་དུ་ཕུལ། །

༈ ཞལ་གདམས་བྷུ་སུ་ཀུའི་མགུར་གླུ།

ཨ་ཧོཿ སྐྱེ་སྔོན་ལས་འཕྲོ་སྐལ་བཟང་ཐོབ། །དེ་མཐུས་དལ་འབྱོར་རྟེན་བཟང་རྙེད། །མཇལ་དཀའི་བླ་མ་ངོ་མཚར་ཅན། །རྡོར་སེམས་ཀྱི་སྒྱུར་འཕྲུལ་གཏེར་ཆེན་མཇལ། །མ་ནོར་བའི་ལམ་མཆོག་རྫོགས་ཆེན་ཆོས། །ལེགས་འཕྲད་ནས་བསྒྲུབ་པའི་རྣལ་འབྱོར་ལ། །རྣམ་གྲོལ་ཞེས་ཡིད་ཀྱི་གྲོགས་པོ་ཁྱོད། །དར་ཅིག་ལ་སྙན་གྱི་དབང་པོ་རུ། །སྤྲང་པོ་རུ་གྱུར་པའི་བློ་བདེ་པོ། །གུ་ཡངས་ཤིང་གཟའ་གཏད་བྲལ་གྱུར་པ། །ཅི་བདེ་རུ་སྤྱོད་པའི་བྷུ་སུ་ཀུ། །སྒྱུ་མ་ཡི་སྐྱེས་བུ་དེ་ཉིད་ཀྱི། །གླུ་དབྱངས་སུ་འདི་སྐད་ཤུགས་འབྱུང་ཐལ། །འདམ་གྱི་ནང་དུ་སྐྱེས་པའི་པདྨ་ལ། །རྐང་དྲུག་གི་རྩི་བཅུད་གནད་དུ་སློངས། །དེ་བཞིན་དུ་བདག་འདྲ་ཁམས་དམན་ཡང་། །གླུ་དབྱངས་ལ་འདོན་བཅུད་འདུག་ན་ཞེས། །ཨེ་མ་ཡེ་རང་སེམས་ངོ་བོར་ལྟོས། །ཨེ་མ་རང་སེམས་བལྟས་ཙ་ན། །སྣང་བ་འདི་ཆུ་ནང་ཟླ་རིས་འདྲ། །དངོས་སྣང་སུ་འཛིན་ན་བྱིས་པ་འཁྲུལ། །བདེན་མེད་དུ་སེམས་ན་བློ་རུ་འགྱུར། །དངོས་འཛིན་དང་བདེན་མེད་གཉིས་ཀ་ཐོང་། །གཉིས་སྣང་གི་ཞེན་པ་དབྱིངས་སུ་ཁྲོལ། །ནང་སེམས་ངོ་བརྟག་ན་བརྟག་བྱེད་སྟོང་། །སྟོང་པ་རུ་ཡིན་ཡང་བརྗོད་དོན་མེད། །ཨ་འཐས་ནི་དེ་བས་ཡོངས་དོན་མེད། །ཡོད་མེད་ནི་གཉིས་ཀ་རང་སར་ཡལ། །རྣམ་རྟོག་གི་ཤར་ཆ་དུ་མ་ནི། །རྗེས་མཐུན་དུ་བྱས་ནས་ལུག་རྒྱུད་འགྱུར། །འཕྲོ་བཅད་དུ་བྱས་ནས་རྒྱས་འདེབས་ཤོར། །སྒོམ་ཉམས་ཤིག་བྱུང་ན་བློ་རུ་འཁྲུལ། །ཡིད་དབང་དུ་ཤོར་ན་འཁྲུལ་རྒྱ་འབྱམས། །སྐྱོན་མེད་ཀྱི་རིག་པ་གཅེར་བུ་དེ། །རྟེན་མེད་ཀྱི་མཁའ་ལ་སྤར་རེ་ཐོང་། །བྱ་བྲལ་གྱི་གནས་ལུགས་དེ་སྐྱོང་འཚལ། །ཁམས་འདུས་སོགས་སྙིང་རླུང་ཅི་བྱུང་ཡང་། །བར་སྣང་གི་རླུང་ལྟར་གཞི་རྩ་བྲལ། །ཆེད་གཉེར་གྱི་དགག་སྒྲུབ་ག་ལ་འཚལ། །ཅི་ཤར་ཀུན་གདོང་འདེད་ཉིད་དུ་ཐོང་། །ཨ་ཧོཿ སྣང་བ་འདི་སྒྱུ་མར་བན་མ་བུན། །བསྟོད་སྨད་སྒྲ་གྲགས་སྟོང་སང་མ་སིང་། །གང་ཤར་ནི་ཆོས་ཉིད་འལ་མ་འོལ། །ཐམས་ཅད་ཀྱང་རིག་གདངས་ཏ་ལ་ལ། །ད་དུང་ཡང་ཅིག་སྙན་གསོན་དང་། །ཁམས་དྲུག་ལྡན་རྡོ་རྗེའི་ལུས་པོ་ལ། །བྱེད་བཅིང་གི་རྟེན་འབྲེལ་བསྒྲིགས་པའི་ཚེ། །རྩ་རླུང་དང་ཐིག་ལེའི་གཡོ་འགུལ་གྱི། །སྣང་སེམས་ཀྱི་ཤར་ཚོགས་དཔག་པར་དཀའ། །ཅི་ཤར་ཀུན་རང་བབ་ཉིད་དུ་ཞོག །འོན་ཏེ་ཡང་རྣལ་འབྱོར་ལམ་བཟང་ཀུན། །ཚོགས་སྦྱོར་ནས་འཕགས་ལམ་ཐོབ་ཀྱི་བར། །ལམ་དེ་ལ་ལྷོང་གྲོལ་བསམ་མི་ཁྱབ། །དེ་སྐྱོན་འཛིན་བགྱིས་ན་རྣལ་འབྱོར་འཁྲུལ། །ཡོན་ཏན་དུ་རློམ་ཡང་མི་འཚལ་གྱི། །རེ་དོགས་དང་བྲལ་བའི་ཀློང་དུ་ཀློད། །སྤྱིར་རྗོད་བྱེད་ཀྱི་ཚིག་ལ་དགོས་པ་ཅི། །བརྗོད་མེད་ཀྱི་དོན་ལ་དྲིལ་བ་ཞུ། །ལར་རྡོ་རྗེའི་རྣལ་འབྱོར་དམ་པ་ཁྱེད། །ཚེ་འདི་རུ་ཇི་ལྟར་མཛད་ན་ཡང་། །ཤེས་རབ་ཀྱི་སྤྱད་པ་ལེགས་འདུག་པས། །བློ་གདེངས་ལྡན་གྱི་དམ་ཚིག་བརྟན་ཚུགས་ན། །དུས་ཕྱི་མར་ནི་ངེས་པར་ལམ་ཐོབ་འགྱུར། །དེ་གནས་ཚུལ་ཡང་ཁོ་བོས་ཅུང་ཤེས་ཏེ། །འདིར་མི་སྨྲའོ་ཡིད་གཉིས་གྱུར་གྱིས་དོགས། །གླུ་དེ་སྐད་ནི་རུ་ལག་གྲོམ་པ་ཡི། །སྒྲུབ་ཕུག་ནས་ཚེ་དབང་ནོར་བུ་ཞེས། །མི་སྨྱོན་པ་དེས་གང་ཤར་འཕྲལ་དུ་བྲིས། །མངྒ་ལཾ།

༈ འདི་འགྱུར་མེད་རྣལ་གྲོལ་ལ་གནང་བ་ལགས།

ཀྱེ་ཧོཿ སྐྱབས་མཚུངས་མེད་དྲན་མཆོག་འཁོར་ལོའི་མགོན། །མཚན་དྲན་པས་སྲིད་པའི་སྡུག་བསྔལ་གཞོམ། །ཁོང་པདྨ་ཐོད་འཕྲེང་མ་ལགས་སམ། །མགོན་དེ་དང་དབྱེར་མེད་བདེ་ཆེན་གླིང་། །མི་བདག་གི་སྤྱི་བོའི་རྒྱན་བཀོད་ནས། །སེམས་མཉམ་བཞག་ངང་ནས་ཤུགས་འབྱུང་གླུ། །ཁྱོད་བསྐུལ་བ་པོ་ཡི་ངོ་སྐལ་དུ། །འདིར་ཅུང་ཟད་སྨྲ་ཡི་སྙན་དབང་གསོན། །ལུས་ཁམས་དྲུག་ལྡན་པ་རྡོ་རྗེའི་གཟུགས། །ཆོས་གསང་སྔགས་སྣོད་རུང་འདི་འདྲ་ནི། །ཐོབ་དཀའ་ཡི་ཨུ་དུམ་ཝ་ར་ལྟར། །དུས་ད་རེས་ཙམ་ཡིན་ཐུགས་ལ་ཞོག །སྐྱེ་འཆི་བ་འཕོ་དང་འགྱུར་བ་ནི། །དུས་ཆ་མེད་སྐད་ཅིག་ཉིད་ལ་འགྱུར། །ཚེ་ལོང་མེད་དེ་ཉིད་སྙིང་ནས་བསམ། །དེ་བསམ་བཞིན་དམ་པའི་ལྷ་ཆོས་འཚལ། །ཆོས་སང་བྱེད་གནང་བྱེད་མི་ཚེ་ཟད། །ལས་གཏན་ཆིས་གལ་ཆུང་ངང་དུ་ལུས། །ད་སྐྲ་དཀར་གཉེར་མ་འདུས་སྣེར་ཟིན། །ད་ལོང་མེད་ཐོག་བབ་འཆི་ཡང་སྲིད། །དོན་དེར་སེམས་དེང་དུས་དབང་ཡོད་དུས། །ཆོས་མ་ནོར་ཐེག་ཆེན་ལམ་ཞུགས་ནས། །བཀའ་རྫོགས་པ་ཆེན་པོ་ཞེས་བྱ་བ། །ཆོས་ཟབ་ཁྱད་ཅན་དེ་བསྒོམ་རེ་རན། །སྐྱབས་མ་ནོར་གཞན་རྒྱུད་བྱིན་རླབས་ནུས། །མཚན་ངེས་ལྡན་བླ་མ་བསྟེན་བྱས་ནས། །གཡོ་སྒྱུ་མེད་དམ་ཚིག་གཙང་མར་བསྲུང་། །ཐུགས་དགེས་ཐབས་སྒོ་གསུམ་འབད་དེ་བསྒྲུབ། །སྐྱབས་དཀོན་མཆོག་གསུམ་ལ་བློ་སྙིང་གཏོད། །བྱམས་སྙིང་རྗེ་བྱང་སེམས་གཞི་མ་ཐིང་། །དད་མོས་གུས་འགྱུར་མེད་གནད་དུ་དྲིལ། །ལས་རྒྱུ་འབྲས་མ་ནོར་འདོར་ལེན་ཞིབ། །རྗེ་རྒྱལ་བ་ཀུན་འདུས་ངོ་བོ་ཉིད། །མགོན་རྩ་བའི་བླ་མ་དེ་ཉིད་ནི། །སྐུ་བཙུན་རུང་མི་བཙུན་ནའང་རུང་། །བཟང་ངན་དང་མཁས་རྨོངས་བརྟག་དཔྱད་དོར། །ལར་བླ་མ་མ་བསྟེན་གོང་དུ་ནི། །བླང་དོར་བྱའི་གནས་ལ་རབ་ཏུ་བརྟག །དེར་ཉེས་པ་མེད་པ་རྒྱལ་བས་གནང་། །ཆོས་ཞུས་ནས་བརྟག་མེད་དག་སྣང་སྦྱངས། །དེ་ལྟར་དུ་བཀའ་དྲིན་མཆོག་གྱུར་དེ། །དུས་རྟག་ཏུ་སྤྱི་བོའི་གཙུག་བསྒོམ་ནས། །སྙིང་ཁོང་ནས་གསོལ་འདེབས་དབང་བཞི་བླང་། །མཐར་བླ་མ་རང་སེམས་དབྱེར་མེད་བསྲེས། །དེ་ངང་ནས་སེམས་སྦྱོངས་བདུན་ལ་འབད། །ལུས་ངག་ཡིད་ཕྱི་ནང་དུ་ཤན་དབྱེ། །རྒྱུ་ས་བོན་བསྲེག་སྦྱང་གནད་དུ་བསྣུན། །སྒོ་གསུམ་པོ་མནལ་དབབ་སོར་དུ་བཞུགས། །མཐར་ཅོག་བཞག་བཞི་ཡི་ངང་ལ་བཞག །སེམས་སེམས་བྱུང་སེམས་རིག་ཤན་ཡང་དབྱེ། །དེ་སྤོམ་ཡོར་ལྡིང་སོར་མ་སོང་གཅེས། །བཀའ་གཞུང་མཐུན་ཉམས་རྟོགས་གཏན་ལ་ཕོབས། །འདི་གལ་འགག་ཆེ་བའི་གནད་ཡིན་ཀྱང་། །དུས་དེང་སང་རྫོགས་ཆེན་འཆད་མཁན་ནི། །ཁོང་མཁས་གྲུབ་རེ་རེ་ཙམ་མ་གཏོགས། །ཚིག་ཟར་ཟིར་ཕྱག་རྫོགས་འལ་འོལ་ལས། །ཆོས་ཇི་བཞིན་བཤད་པ་ཕྱོགས་འདིར་དཀོན། །ཁ་སྟོང་བཤད་གློ་སྐམ་ཐུག་པ་བཞིན། །རི་ཀླུང་ཀུན་ཁྱབ་པར་མཐོང་བའི་ཚེ། །མི་བདག་ནི་སྙིང་ནས་སྐྱོ་ཤས་སྐྱེ། །ཁྱེད་སྙིང་ནས་ཆོས་གཅིག་བྱེད་བསམ་ན། །ཁ་ཆོས་བཤད་ཕྱི་ཡི་ཤུན་པ་མཐོང་། །དོན་ཉམས་ལེན་ངོ་བོ་ཇི་བཞིན་པར། །གནད་མ་འཁྲུལ་རིག་པ་གཏན་ལ་ཕོབས། །ཀ་ཡེ་ནས་དག་པའི་ཁྲེག་ཆོད་དེ། །ངོ་རང་ཐོག་རང་ངོ་ཤེས་པས་ཆོད། །ཐག་གཅིག་ཐོག་བློ་དང་བྲལ་བས་ཆོད། །གདེང་གྲོལ་ཐོག་ཆོས་སྐུའི་ངང་དུ་ཞོག །ད་མདོར་བསྡུས་སྒོམ་མེད་སྒོམ་བློ་ཕྲོལ། །ཡེངས་འཁྲུལ་བའི་དབང་དུ་ཡང་མ་གཏོང་། །ད་སྒོམ་མེད་ཡེངས་མེད་ངང་དུ་གཞོག །སེམས་གཡོ་མེད་རིག་པ་རྟག་བརྟན་ཅིང་། །ལམ་མཐར་ཐུག་ཟབ་མོ་ཐོད་རྒལ་བསྒོམ། །དབྱིངས་གསུམ་དང་སྒྲོན་དགུ་གཏན་ལ་ཕོབས། །དོན་རིག་པ་ལུག་རྒྱུད་བཙོན་དུ་བཟུང་། །དབྱིངས་ར་བར་ནམ་ཡང་འདའ་མེད་བསྒོམ། །ལམ་དབྱིངས་རིག་སྣང་བ་མངོན་སུམ་སྣང་། །དེ་ཉམས་མེད་འཕེལ་བའི་གོང་འཕེལ་ཡིན། །མཐར་བཙན་ས་ཟིན་པས་ཚད་ཕེབས་ཡིན། །ཆོས་ཆོས་ཅན་ཀུན་ཟད་ཆོས་ཟད་ཡིན། །དེར་མིང་ལ་ཐོད་རྒལ་སྣང་བཞི་ཟེར། །ཉམས་བླང་ནུས་འཇའ་ལུས་ལོ་དྲུག་བརྙེས། །བཀའ་གསང་སྔགས་རྙིང་མའི་ཁྱད་ཆོས་ཡིན། །ཁོང་སངས་རྒྱས་ཀུན་གྱི་ཉེ་ལམ་ཡིན། །ཆོས་ཀུན་བཅུད་གཅིག་ལ་རྫོགས་པས་ན། །མིང་རྫོགས་པ་ཆེན་པོ་ཞེས་སུ་བཏགས། །ཆོས་ཟབ་པ་གཅིག་པུས་མི་ཕན་ཏེ། །དེ་སྟོན་མཛད་བླ་མ་མཚན་ལྡན་དང་། །རང་མོས་གུས་སྙིང་རུས་འཛོམས་པས་ན། །ཁོང་ཚེ་གཅིག་སངས་རྒྱས་ཟེར་བ་ཡང་། །ཐག་རིང་པོར་མེད་དོ་ཙ་ན་ཡོད། །དོན་དེས་ན་ཉམས་ལེན་ཧྲིལ་དྲིལ་མཛོད། །ཉམས་མ་མྱོང་མཁས་ཀྱང་འཁྲུལ་པ་ཡིན། །ཉམས་མྱོང་ན་སུ་ཡང་བྱང་ཆུབ་ཐོབ། །ད་འདིར་སྣང་ཞེན་པ་ཕྱི་ལ་ཐོང་། །དོན་དངོས་ངོ་ཤེས་པའི་འཆི་རྩིས་ཀྱིས། །ཐབས་ཟབ་མོ་མི་ལྡན་རྒྱོ་བ་ཡང་། །མིང་རྣལ་འབྱོར་བཏགས་ཀྱང་དམྱལ་སྒྲུབ་ཡིན། །སེམས་མ་བཅོས་ཅོག་བཞག་མ་ཤེས་ན། །སྐྲ་ལྕང་ལོ་བྱས་ཀྱང་འཆོར་སྐྲ་ཡིན། །སེམས་རྒྱུ་འབྲས་ཞིབ་ཏུ་མ་བརྩིས་ན། །གོས་དམར་སེར་གྱོན་ཀྱང་དགོས་པ་མེད། །ཆོས་ཀུན་སྣང་སྟོང་སྒྱུ་མར་མ་ཤེས་ན། །སྡོམ་གསུམ་བསྲུང་ཨ་འཐས་ཞེན་པ་ཡིན། །དོན་ཇི་བཞིན་གནས་ལུགས་མ་རྟོགས་ན། །ལས་གང་བྱས་ཀུན་ཀྱང་འཁོར་བ་ཡིན། །ད་གཏན་གྱི་ཐར་པའི་ལམ་རྐང་ཚུགས། །དུས་ད་རེས་གསེར་གླིང་སྟོང་མ་ལོག །ལར་སྤྲང་པོའི་གླུ་དབྱངས་སྙན་ན་ཡང་། །མི་ཆེན་པོའི་རྣ་བར་སེམས་པ་དཀའ། །ཞེས་མང་མཁར་རི་སུལ་ཟ་ལུང་གི །རྗེ་བླ་མའི་དབོན་མོ་སྔགས་སྐྱེས་མ། །ཁོང་ཀུན་བཟང་འཕྲིན་ལས་དབང་མོ་ཡིས། །ཡང་ཡང་ནས་ཞལ་གདམས་དགོས་གསུངས་ནས། །ཡུལ་ཀཿཐོག་ལྷོར་སྐྱེས་རིག་པ་འཛིན། །སྤྲང་བླ་ཆུང་ཚེ་དབང་ནོར་བུ་ཞེས། །མིང་གངས་ཅན་འཛིན་མར་ཡོངས་གྲགས་དེས། །གནས་ལ་སྟོད་གཡས་རུ་བྱང་ཞེས་པའི། །ས་མང་མཁར་དབུས་འགྱུར་བསམ་གྲུབ་ཞེས། །སེང་དཀར་པོའི་རིགས་གྱུར་ཐིག་ལེ་ནི། །འདར་མི་རྗེའི་ཕོ་བྲང་ག་ལ་བར། །ལོ་ས་བྱ་ཧོར་ཟླ་གཉིས་པ་ཡི། །ཚེས་བཅུ་དྲུག་མཁའ་འགྲོ་འདུ་བའི་དུས། །ཡིད་གང་ཤར་ཉམས་ལེན་ངང་དུ་བྲིས། །སརྦ་མངྒ་ལཾ།

༈ ཞལ་གདམས་ཚོགས་མགུར་དབྱིངས་སྐྱེ་མེད།

ཨ་ཧོཿ དབྱིངས་སྐྱེ་བ་མེད་པའི་ངོ་བོ་ལ། །ཀློང་ལྷུན་གྱིས་གྲུབ་པའི་འོད་གསལ་ཆེ། །མཁའ་མཐའ་བྲལ་གནས་ལུགས་གདོད་མའི་གཤིས། །དོན་བསམ་བརྗོད་བྲལ་བའི་ཡེ་ཤེས་ཆེ། །དུས་ཀུན་ཏུ་འབྲལ་མེད་ཆོས་ཀྱི་སྐུ། །སུས་མ་བསླད་ཕྲ་གསལ་ཁྱབ་བརྡལ་དང་། །ཡུལ་སེམས་ཅན་ཀུན་གྱི་སྙིང་པདྨོར། །ཡེ་ནས་འབྱུང་ད་ལྟའི་བར་གནས་པ། །མཚན་པདྨ་འབྱུང་གནས་ཞེས་གྲགས་པ། །དེ་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། །ངོ་ཤེས་ནས་སྐད་ཅིག་མ་འདིར་ཡོད། །ངོ་སྤྲོད་མཁན་རྩ་བའི་བླ་མར་གྲགས། །ངོ་ཤེས་ཐབས་བླ་མར་མོས་གུས་གཅེས། །ངོ་ཤེས་བྱ་ཤེས་བྱེད་ཅེས་པ་ཡང་། །དོན་ཡང་དག་ཚེ་ན་ཅང་མེད་ཀྱང་། །ཕྲལ་བརྗོད་ཚིག་འདི་ལས་བྱེད་མ་ཐུབ། །ད་ཚིག་སྐམ་ཕྱི་ཡི་ཤུན་པར་མཐོང་། །སྙིང་གཏིང་ནས་བླ་མར་གསོལ་ཐོབ་ལ། །ལམ་དབང་བླང་མཐར་ནི་རང་སེམས་བསྲེ། །སེམས་དེ་ལ་བཅས་བཅོས་ཡེ་མ་བྱེད། །བསྒོམ་དམིགས་གཏད་ཡོད་ན་བློ་ཡིན་གྱི། །ཡེངས་རྒྱ་འབྱམས་སོང་ན་འཁྲུལ་པ་ཡིན། །འགྱུ་མུ་མཐུད་འཁྲུལ་སྣང་ལུག་རྒྱུད་ཡིན། །སེམས་འོག་འགྱུ་ཤོར་ན་མ་རིག་ཡིན། །སེམས་ཧ་ཅང་གྲིམ་ན་གཟུང་འཛིན་ཡིན། །སེམས་ཧ་ཅང་ཀློད་ན་འཁྲུལ་སྣང་འབྱམས། །དོན་དེས་ན་རང་སེམས་ངོ་བོ་འདི། །གཟུང་མི་ཟིན་བཏང་བས་ཡང་མི་འགྲོ། །སེམས་གྲིམ་ལྷོད་བྲལ་བའི་ངང་ལ་ཞོག །དྲན་རིག་པ་མ་ཡེངས་རྟག་ཏུ་ཚོལ། །བདེ་གསལ་སྣང་མི་རྟོགས་ལ་མ་ཆགས། །གནས་དགའ་དང་འགྱུ་བཀག་ཡེ་མ་བྱེད། །དེ་གནས་པ་སེམས་ཀྱི་རྒྱུན་ཤེས་ཤིང་། །འགྱུ་སེམས་ཀྱི་རོལ་པར་ཤེས་པ་ན། །ལས་གང་བྱེད་ཐམས་ཅད་བསྒོམ་གྱི་ཀློང་། །སྤྱིར་ཡིད་ལ་ཉོན་མོངས་ཅི་ཤར་ཡང་། །དེ་མི་སྤང་མི་གྲུབ་ལམ་ཁྱེར་དང་། །ཀུན་ཐུག་འཕྲད་འབུར་འཇོམས་བཏང་འཚལ་ལོ། །ཚོགས་དྲུག་སྣང་ཀུན་ཀྱང་ཞེན་མེད་སྦྱངས། །མདོར་ཧྲིལ་དྲིལ་དུས་དང་རྣམ་ཀུན་ཏུ། །སྐྱབས་བླ་མ་ཡིད་དང་མ་བྲལ་ཅིག །སྡོམ་དམ་ཚིག་དྲི་མས་མ་གོས་བསྲུང་། །སེམས་གནས་ལུགས་བལྟ་བ་མ་བྲལ་སྐྱོང་། །རིས་མ་མཆིས་འགྲོ་ལ་སྙིང་རྗེ་བསྐྱེད། །མཆེད་ལྕམ་དྲལ་ཀུན་ལ་དག་སྣང་སྦྱོངས། །དུས་རྟག་ཏུ་ཁྲེལ་ཡོད་ངོ་ཚ་སོགས། །ལམ་འཕགས་ནོར་བདུན་དང་འགྲོགས་པར་མཛོད། །གླུ་དེ་སྐད་ཕྱོགས་མེད་རྒྱལ་ཁམས་པ། །མིང་ཚེ་དབང་ནོར་བུར་གྲགས་པ་དེས། །གནས་མང་ཡུལ་སྐྱིད་གྲོང་ལ་ལྡེབ་ཀྱི། །ཕུ་དཀར་ཞེས་དམ་པའི་སྒྲུབ་ཕུག་ཏུ། །ཚོགས་འཁོར་ལོའི་སྐབས་སུ་གང་ཤར་ཚིག །བསྐུལ་པ་པོའི་ངོ་རུ་བླངས་པ་དགེ །

༈ མགུར་གླུ་ཚེ་དབང་དཔལ་འབར།

ན་མོ་གུ་རུ་ཝེ། །རྗེ་དུས་གསུམ་རྒྱལ་བ་ཀུན་གྱི་དངོས། །མགོན་མཚུངས་པ་མེད་པ་པདྨ་འབྱུང་། །ཕ་དེ་དང་དབྱེར་མེད་བདེ་ཆེན་གླིང་། །མི་བདག་གི་སྙིང་དབུས་བཞུགས་པར་ངེས། །བུ་སྐལ་ལྡན་དར་ཅིག་ཚུར་གསོན་དང་། །ལུས་དལ་འབྱོར་གྱི་རྟེན་བཟང་འདི་ཐོབ་པར་དཀའ། །དེ་ཡུན་རིང་དུ་མི་རྟག་འཇིགས་ངེས་ཀྱི། །ད་དམ་ཆོས་ཞིག་བསྒྲུབ་ན་མྱུར་དུ་འཚལ། །ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས། །དེ་མ་ནོར་ངེས་ཤེས་ཀྱི་མཚན་ལྡན་དགོས། །འདི་ཁེ་ཉེན་ཆེ་བས་ནན་ཏན་བརྟག །མཚན་ཉིད་ལྡན་ངེས་ཀྱི་རྗེས་སུ་འཇུག་པར་འཚལ། །མཚན་ལྡན་བླ་མ་དེ་དུས་གསུམ་རྒྱལ་ཀུན་གྱི། །ངོ་བོ་ཀུན་འདུས་སུ་གྱུར་ཅིང་ཀུན་ལས་ལྷག །མཉེས་པ་འབའ་ཞིག་ལ་འབད་ཅིང་མི་མཉེས་སྤང་། །དམ་ཚིག་སྙིང་དབུས་སུ་ཆོངས་ཤིག་སྐལ་ལྡན་བུ། །མདོ་རྒྱུད་གཞུང་ལུགས་ཀྱི་རྒྱ་མཚོ་མཐའ་དག་ཀྱང་། །སྙིང་པོ་ཡང་དག་ཏུ་དྲིལ་ན་གནས་ལུགས་དོན། །ཕྱག་ཆེན་དང་རྫོགས་ཆེན་ལས་གཞན་མེད་དོ་བུ། །མཐར་ཐུག་རྫོགས་ཆེན་ནི་སྙིང་པོའི་ཡང་རྩེ་ཡིན། །རྫོགས་ཆེན་མཐར་ཐུག་ཁྲེག་ཆོད་ཐོད་རྒལ་གཉིས། །ཁྲེག་ཆོད་ཅོག་བཞག་གསུམ་ལམ་གྱི་གཞི་མ་བསྐྱིད། །ནམ་མཁའ་གསུམ་སྤྲུགས་ཀྱི་རིག་པའི་རྩལ་ཆེན་སྤར། །ཐོལ་རྒལ་དབྱིངས་གསུམ་གྱི་མཁའ་ལ་སྒྲོན་དྲུག་ཤར། །མཐར་ཐུག་རང་རིག་གི་ངོ་བོ་གཟེར་ཆེན་བཏབ། །ཁམས་གསུམ་མྱོང་གྲོལ་གྱི་ལམ་ལ་གཞོལ་བ་ན། །ཚེ་གཅིག་སངས་རྒྱས་སུ་འགྲུབ་པར་གདོན་མི་ཟ། །ལམ་མཆོག་མཐར་ཐུག་དེར་ཞུགས་མཛོད་སྐལ་ལྡན་བུ། །མདོ་དོན་སྙིང་པོ་རུ་དྲིལ་ན་ཉམས་ལེན་མཐིལ། །བླ་མའི་མོས་གུས་ཀྱི་ལམ་གྱི་གཞི་བཅའ་ཞིང་། །མ་ཡེངས་དྲན་པ་ཡི་རྒྱང་སོ་རྟག་ཏུ་བཙུགས། །རིས་མེད་སྙིང་རྗེ་ཡི་ཟིན་པ་ཉིད་དུ་འདུ། །དེ་སྐད་ཚིག་ཚོགས་ཀྱི་སྤྲོས་པ་མི་མང་ཡང་། །ཉམས་ལེན་སྙིང་པོ་ཡི་མདོ་དོན་སྣེ་ཚང་ཞིག །ཀོང་པོ་མཆིམས་ཡུལ་གྱི་རྗེ་རིགས་དད་པ་ཅན། །ཚེ་དབང་དཔལ་འབར་གྱི་གསུང་ངོར་གླུ་རུ་བླངས། །

ཞེས་པ་ཡང་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུའི་རབ་བྱུང་བཅུ་གསུམ་པ་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་ལྷ་ལྡན་བྱ་འདབས་སུ་སྨྲས་པ་སརྦ་མངྒ་ལཾ།

༈ ཞལ་གདམས་མོས་གུས་རྣལ་འབྱོར།

སྭཱ་སྟི། བླ་མ་བརྒྱ་ཡོད་སྟོང་ཡོད་ཀྱང་། །རང་སེམས་ངོ་སྤྲོད་བླ་མའི་མཆོག །སངས་རྒྱས་ལས་ལྷག་བཀའ་དྲིན་ཅན། །རྩ་བའི་བླ་མར་ཕྱག་འཚལ་ལོ། །རང་གི་སེམས་ཀྱི་ངོ་བོ་ཉིད། །སྐྱེ་འགག་གནས་པ་ཀུན་ལས་འདས། །དེ་ལ་རྫོགས་ཆེན་པ་རྣམས་ཀྱིས། །རིག་པ་ཞེས་སུ་གདགས་པར་མཛད། །དེ་ཉིད་ལམ་དུ་བྱེད་པ་ལ། །མ་ཡེངས་མི་བསྒོམ་ཁོ་ན་ལས། །ཉམས་ལེན་སྙིང་པོ་གཞན་ཡོད་མིན། །དེས་ན་ཡེངས་མེད་གཉུག་མ་སྐྱོངས། །དེ་ཡང་གནས་འགྱུ་དབྱེར་མེད་ཞེས། །གནས་པ་སྐྱེ་བ་མེད་པ་ལ། །འགྱུ་བ་འགག་པ་མེད་པར་འཕྲོ། །གནས་འགྱུ་སྐྱེ་འགག་དབྱེར་མེད་དོ། །མ་ཡེངས་དྲན་པ་རྒྱལ་ཀུན་ལམ། །ཡེངས་པ་འཁོར་བའི་དོ་ར་ཡིན། །དེས་ན་ཡེངས་མེད་དྲན་པའི་ངང་། །ཉིན་མཚན་འཁོར་ཡུག་འདྲེས་པར་བྱ། །སེམས་ཀྱི་རང་བཞིན་འོད་གསལ་བ། །རྣམ་རྟོག་དྲི་མ་དག་པ་དགོས། །འགྱུ་བ་སྤང་ལེན་མི་བྱ་སྟེ། །འགྱུ་བ་ངང་གིས་གྲོལ་བ་དགོས། །དགེ་སྦྱོར་སྐྱེ་བའི་རྩ་བ་ཡང་། །བླ་མའི་མོས་གུས་ཁོ་ན་ཡིན། །དེས་ན་བླ་མའི་རྣལ་འབྱོར་ལ། །ལྟེམ་རྐྱང་མེད་པར་རྟག་ཏུ་འབད། །དེ་སོགས་བཤད་བྱ་མཐའ་ཡས་ཀྱང་། །སྙིང་པོའི་ཉམས་ལེན་སྐབས་བབས་བཞིན། །ཅུང་ཟད་ཙམ་ཅིག་སྨྲས་འདིས་ཀྱང་། །ཉམས་རྟོགས་ཡར་ཟླ་ལྟར་འཕེལ་ཤོག །

ཞེས་མངའ་རིས་སྨད་གློ་བོ་ཡི་རྒྱལ་པོ་ཨ་མགོན་བསྟན་འཛིན་གྱི་ཉམས་བཞེས་ཆེད་དུ་རིག་འཛིན་ཚེ་དབང་ནོར་བུས་ས་སྦྲུལ་མགོ་ཟླའི་དཀར་ཕྱོགས་དགའ་བ་གསུམ་པར་སྨོན་ཐང་དུ་སྨྲས་པའོ། །སརྦ་མངྒ་ལཾ།

༈ ཞལ་གདམས་ལྟ་སྒོམ་སྤྱོད་འབྲས་མགུར་གླུ།

ཨོཾ་སྭཱསྟི། སྲིད་འདིར་འདྲེན་པ་མཚུངས་མེད་རྫོགས་སངས་རྒྱས། །རིགས་མཆོག་འོད་དཔག་མེད་མགོན་རྡོ་རྗེ་ཆོས། །ཀུན་དངོས་དྲན་མཆོག་རྩ་བའི་བླ་མ་ལ། །བྱང་ཆུབ་སྙིང་པོའི་བར་དུ་ཕྱག་བྱས་ཏེ། །སྐལ་ལྡན་སློབ་མས་བསྐུལ་ཕྱིར་གདམས་ངག་གི །བརྗོད་བྱ་ཡི་གེ་མདོ་ཙམ་འདིར་བཀོད་བྱ། །མངོན་མཐོའི་ལམ་ལ་ངེས་པར་འཇུག་འདོད་ན། །ངན་སོང་སྡུག་བསྔལ་ཤེས་ཤིང་འཇིགས་པ་དགོས། །ངེས་ལེགས་ཐར་པའི་ལམ་ལ་གཞོལ་འདོད་ན། །ཁམས་གསུམ་འཁོར་བས་བློ་སྣང་དུབ་པ་དགོས། །དམ་པའི་ལྷ་ཆོས་སྙིང་ནས་སྤྱོད་པ་ལ། །རྟག་ཏུ་མི་རྟག་སྐྱོ་ཤས་དྲན་པ་དགོས། །བྱང་ཆུབ་མཆོག་གི་ལམ་ལ་འཇུག་པ་ན། །གཞན་ལ་ཕན་པའི་ལྷག་བསམ་ཁོ་ན་དགོས། །གསང་སྔགས་ཆོས་ཀྱི་བྱིན་རླབས་ཞུགས་འདོད་ན། །འཆི་ཐུབ་ན་ཐུབ་བླ་མར་མོས་གུས་དགོས། །རྡོ་རྗེ་ཐེག་པའི་ཆོས་ཀྱི་འཇུག་སྒོ་ནི། །མ་ཉམས་ཕྱག་ལེན་རྒྱུན་ལྡན་དབང་བསྐུར་དགོས། །མ་དག་དངོས་སྣང་འགོག་པའི་གཉེན་པོ་རུ། །བསྐྱེད་རིམ་ལྷ་ཡི་གསལ་སྣང་བརྟན་པ་དགོས། །ཐ་མལ་སྒྲ་ཡི་ཞེན་པ་གཞོམ་སླད་དུ། །ཡི་དམ་ལྷ་སྔགས་བཟླས་པ་རྟག་ཏུ་དགོས། །ཡིད་ཀྱི་སེམས་འཁྲུལ་ཆུ་རྒྱུན་གཅོད་སླད་དུ། །མ་ཡེངས་དྲན་པའི་གྲུ་གཟིངས་རྟག་ཏུ་དགོས། །དེ་ལྟར་དགོས་དགུ་འཛོམ་པའི་ཞལ་གདམས་འདི། །སྐལ་ལྡན་སློབ་མ་ཁྱོད་ཀྱི་ཐུགས་དབུས་སུ། །རྟག་ཏུ་བཞག་ནས་ཉམས་སུ་ལེན་བྱ་རུ། །རྡོ་རྗེ་སློབ་དཔོན་ཚུལའཛིན་དེ་ཡིས་གདམས། །

ཀྱེ་ཧོ་ད་དུང་ཡང་གཅིག་སྙིང་པོའི་གཏམ། །ཡང་གསང་རྫོགས་པ་ཆེན་པོའི་ཉམས་ལེན་གནད། །ལྟ་བའི་རྒྱལ་པོ་རང་སེམས་ཆོས་ཉིད་དབྱིངས། །སྐྱེ་འགག་གནས་བྲལ་ཀུན་ཁྱབ་སྤྲོས་བྲལ་གཤིས། །ཡོད་མིན་ཡིན་མིན་རྟག་ཆད་ཡུལ་བྲལ་བ། །ཁས་ལེན་ངོས་བཟུང་བྲལ་འདི་ལྟ་བ་ཡིན། །དེ་ལྟར་ཇི་བཞིན་ལྟ་བ་གཏན་ཕེབས་དོན། །དེ་ལ་མ་ཡེངས་རིག་པ་ས་ལེ་བ། །ཆེད་དུ་མ་བསྒྲིམ་ཆེད་དུ་མ་ལྷོད་པ། །རང་བབ་ཅོག་བཞག་མཚོ་ལ་གཟའ་སྐར་བཞིན། །འཛིན་པ་མེད་ལ་རང་ངོ་ཤེས་པ་ཡོད། །མ་ཡེངས་བསམ་མེད་བསྒོམ་པའི་རྒྱལ་པོ་ཡིན། །རྟོག་ཚོགས་བཟང་ངན་བྱ་བ་ལེགས་ཉེས་དང་། །སྤྱོད་ལམ་འགྲོ་སྡོད་སྨྲ་བརྗོད་མང་ཉུང་དང་། །དབེན་པའི་གནས་དང་ཚོགས་སུ་སྤྱོད་པ་སོགས། །ཅི་བྱས་རང་སེམས་ཡེངས་མེད་དྲན་པའི་ངང་། །རྒྱ་མཚོ་རྦ་རླབས་མཐའ་དག་ཆུ་གཅིག་བཞིན། །མཐའ་དག་རང་རིག་ཆོས་སྐུའི་རང་རྩལ་ལས། །སྤང་བླང་གཉེན་པོ་ཐ་དད་ཡེ་མེད་པ། །འདི་ཀོ་རྫོགས་ཆེན་མཆོག་གི་སྤྱོད་པ་ཡིན། །ལྟ་སྒོམ་སྤྱོད་པའི་རིམ་པ་དེ་ལྟ་སྟེ། །འབྲས་བུ་སྐུ་གསུམ་ཞེས་པའི་གཞི་རྩ་ཡང་། །རང་སེམས་སྟོང་པ་འདི་ནི་ཆོས་ཀྱི་སྐུ། །རང་སྣང་གསལ་བ་འདི་ནི་ལོངས་སྤྱོད་རྫོགས། །གསལ་སྟོང་དབྱེར་མེད་རིག་པ་སྤྲུལ་པའི་སྐུ། །འདི་ཉིད་མངོན་དུ་གྱུར་ལ་འབྲས་བུ་སྟེ། །དེ་བས་གཞན་དུ་སྐུ་གསུམ་རང་རྒྱུད་མེད། །དེས་ན་གསལ་སྟོང་རིག་པ་སྐུ་གསུམ་དངོས། །ཤེས་ནས་གོང་བགྲོད་ལྟོས་གཞི་མེད་པ་རུ། །རང་རིག་འདི་ཀར་ཁོ་ཐག་གཅོད་ཀྱང་འཚལ། །བཤད་བཤད་ཚིག་ཚོགས་སྤྲོས་པ་མང་ན་ཡང་། །མདོ་དོན་ལྟ་སྒོམ་སྤྱོད་འབྲས་བདག་འདིར་འདུས། །དེ་ཡང་མཐར་ཐུག་གསང་བ་སྙིང་ཐིག་གནད། །ཆོས་ཉིད་མངོན་སུམ་དོན་ལ་མ་ཡེངས་ཤིང་། །སྲོག་རྩོལ་རྡོ་རྗེའི་བཟླས་པར་འབད་པ་ལ། །བླ་མར་སངས་རྒྱས་མཐོང་བའི་མོས་གུས་ཀྱིས། །ལྟེམ་རྐྱང་མེད་པའི་གསོལ་འདེབས་འབད་ནུས་ན། །ཚེ་གཅིག་སངས་རྒྱས་འགྲུབ་པར་གདོན་མི་ཟ། །དེ་སྐད་ཚིག་ཚོགས་སྤྲོས་པ་མང་དོར་ནས། །ཉམས་ལེན་གནད་ཐོག་དབབ་པའི་གདམས་པ་ཡིན། །

ཞེས་པ་ཡང་བོད་ཡུལ་དབུས་ལྷོ་རྒྱུད་རྟ་མདོ་ཡི་སྡེ་པ་དད་གུས་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པ་ཚེ་དབང་ཕུན་ཚོགས་གང་གི་གསུང་གི་ནན་ཏན་ཆེན་པོས་གསོལ་བ་བཏབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཆུ་ཕག་དབྱུག་གུ་ཟླ་བའི་དཀར་ཕྱོགས་དགའ་བ་གཉིས་པར་ཀོང་ཡུལ་ལྷ་ཡི་རི་བོ་ཟང་ངེའི་ཞོལ་གུ་རུའི་སྒྲུབ་ཕུག་དང་ཉེ་བའི་བྱ་འདབས་ཁང་གསར་རྫོང་གི་བ་གམ་རྩེར་ཡུད་ཅིག་ལ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།

༈ ཟབ་མགུར་ཡེ་ཤེས་དཔྱིད་དཔལ།

ཨོཾ་སྭཱསྟི། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་དཔྱིད། །གཅིག་ཏུ་བསྡུས་པའི་ཐིག་ལེ་པདྨ་འབྱུང་། །ཞབས་ལ་སྲིད་པ་གསུམ་གྱིས་ཕྱག་བྱས་པ། །མགོན་པོ་དེ་ཡིས་རྟག་ཏུ་དགེ་བར་མཛོད། །ཕུན་ཚོགས་སྡེ་བཞིའི་འདུ་བ་རྒྱལ་པོའི་ཁབ། །རྣམ་མང་རྩིས་མཁན་ཀུན་གྱི་གཙོ་བོ་མཆོག །གང་གི་སྲས་གྱུར་དད་གུས་དགེ་སེམས་ཅན། །རྡོ་རྗེ་སློབ་མར་གྱུར་པ་གང་དེ་ལ། །དལ་འབྱོར་དོན་ལྡན་ཆེད་དུ་བླ་མ་ཡི། །ཞལ་གདམས་ཉམས་ལེན་སྙིང་པོ་འདི་སྐད་གསོལ། །འཁོར་བ་ཐོག་མེད་དུས་ནས་ད་ལྟའི་བར། །སྐྱེ་འཆི་གྲངས་མེད་སྡུག་བསྔལ་རྒྱ་མཚོར་བྱིངས། །ད་རེས་བསོད་ནམས་མཐུ་ལས་དུས་ལན་ཅིག །མི་ལུས་ཐོབ་འདི་སྙིང་པོ་ལེན་པར་གཅེས། །གཟོད་མེད་ངན་སོང་སྡུག་བསྔལ་མ་ཤེས་ན། །བདེ་འགྲོ་ཐར་པའི་ཕན་ཡོན་རྟོགས་མིན་ཅིང་། །ཁམས་གསུམ་འཁོར་བར་ཞེན་པ་མ་ལོག་ན། །གཏན་བདེ་ཞི་བ་བསྒྲུབ་པར་ཡིད་མི་གཏོད། །དེས་ན་ངན་སོང་སྡུག་བསྔལ་ཡོངས་ཤེས་ཤིང་། །ཁམས་གསུམ་འཁོར་བར་ཞེན་པ་ལོག་ཀྱང་འཚལ། །དེ་ཡི་ཆེད་དུ་སྐྱབས་གནས་ཀུན་གྱི་གཙོ། །དཀོན་མཆོག་གསུམ་ལ་མི་བྱེད་སྐྱབས་འགྲོ་བྱ། །རང་ཉིད་གཅིག་པུར་ཞི་བདེ་རྙེད་མིན་པར། །མཁའ་ཁྱབ་འགྲོ་ལ་རྟག་ཏུ་སེམས་བསྐྱེད་བྱ། །ཐར་ལམ་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། །ཀུན་གྱི་མཐར་ཐུག་བླ་མེད་གསང་སྔགས་ཡིན། །དེ་ཡི་ལམ་རིམ་བསྐྱེད་དང་རྫོགས་པ་སྟེ། །བསྐྱེད་རིམ་རྣམ་གྲངས་མང་ཡང་སྙིང་པོ་ནི། །ཐ་མལ་བདག་འཛིན་ཕུང་པོ་སྟོང་པའི་ལྷུམས། །སེམས་ཉིད་རང་གདངས་རླུང་སེམས་གཉུག་མའི་ལུས། །རྣམ་ཀུན་ལྷ་སྐུའི་ཕྱག་རྒྱར་གསལ་གདབ་སྟེ། །མེད་བཞིན་སྣང་ལ་སྣང་བཞིན་མ་གྲུབ་པ། །སྒྱུ་མ་མེ་ལོང་པྲ་ཕབ་ཇི་བཞིན་དུ། །རྣམ་པ་གསལ་ཞིང་ང་རྒྱལ་བརྟན་པར་བྱ། །ཡེ་ཤེས་ཕེབས་སོགས་བསྐྱེད་རིམ་མ་རྫོགས་ནས། །ཚེ་རིང་ཐུན་མོང་མཆོག་རྣམས་འབད་མེད་དང་། །བར་དོར་ཡང་དག་མཆོག་ཐོབ་ཐེ་ཚོམ་མེད། །ཅི་ལྟར་འགྱང་ཡང་ཕྱི་མ་བྱང་ཆུབ་འགྲུབ། །དེ་བས་བླ་མེད་སྔགས་ཀྱི་བསྐྱེད་རིམ་ནི། །ཡོན་ཏན་དུ་མ་དྲན་བཞིན་བསྒྲུབ་འོས་ཡིན། །ཡན་ལག་རིག་སྔགས་ངག་བཟླས་རིམ་པ་ཡང་། །རྣམ་གཡེང་བྲེལ་དབང་སྤངས་པ་རྟག་ཏུ་འབད། །ཡིད་འགོག་རླུང་སྦྱོར་རྡོ་རྗེའི་བཟླས་པ་ཡི། །ཚེ་གཅིག་སངས་རྒྱས་འབྲས་བུ་མངོན་སྟེར་བྱེད། །རྫོགས་རིམ་མཚན་བཅས་མཚན་མེད་གྲངས་མང་ཡང་། །སྙིང་པོར་དྲིལ་ན་སངས་རྒྱས་ཆོས་ཀྱི་སྐུ། །རང་གི་སེམས་ཉིད་ལྷན་སྐྱེས་རང་ངོ་ཉིད། །ཇི་བཞིན་ཤེས་ལས་གཞན་གྱུར་རྫོགས་རིམ་མེད། །དེ་ཡང་མཚན་ལྡན་བླ་མས་མན་ངག་གནད། །སེམས་ཀྱི་འགྲོ་འོང་གནས་ལུགས་རྩད་གཅད་དེ། །དམིགས་མེད་བརྗོད་འདས་སྤྲོས་པའི་མཐའ་བྲལ་བ། །ཚིག་ཙམ་མ་ཡིན་ཇི་བཞིན་གནད་ཕེབས་གཅེས། །དེ་ཡང་ད་ལྟའི་སེམས་ཉིད་རང་བབས་དང་། །ཧ་ཅང་མི་སྒྲིམ་ཧ་ཅང་མི་ལྷོད་པར། །རང་ངོ་ཤེས་ཙམ་ཉམས་ལེན་རྩ་བར་བཟུང་། །དེ་བས་སྒྲིམ་ན་འཇུར་བུའི་གཟེབས་སུ་ཆུད། །ཀློད་ན་བག་མེད་གཡེངས་པའི་དབང་དུ་འགྲོ། །གྲིམ་ལྷོད་མཚམས་པ་དར་ཟབ་སྐུད་པ་ལྟར། །ཤེས་བཞིན་སྐྱོང་བ་ནང་དོན་མཁན་ཀུན་བཞེད། །མེད་ཐབས་མེད་པ་ཟབ་མོའི་གནད་ཉིད་ཡིན། །མཐར་ཐུག་རྟོགས་པ་མངོན་དུ་གྱུར་པ་ན། །གྲིམ་དང་ཀློད་པའི་སྤྲོས་པ་ག་ལ་ཡོད། །མཐའ་བརྒྱད་ལས་འདས་ཡང་དག་ལྟ་བ་ཡིན། །ཉིན་མཚན་འོད་གསལ་འཁོར་ཡུག་བསྒོམ་པའི་མཆོག །བླང་དོར་རྣམ་རྟོག་ཟད་པ་སྤྱོད་པའི་རྩ། །སྐུ་གསུམ་བཙན་ས་ཟིན་པ་འབྲས་བུར་འདོད། །དེ་ལྟ་མངོན་དུ་གྱུར་ཐབས་རྟེན་འབྲེལ་གནད། །མཐའ་དག་བླ་མའི་བྱིན་རླབས་ཁོ་ནས་ཡིན། །དེ་ཡང་དབང་ཆོས་མ་འབྲེལ་སྔོན་རོལ་དུ། །བླ་མའི་མཚན་ཉིད་ལེགས་པར་བརྟག་པ་གཅེས། །འདྲེས་ཁྱེར་དམ་སེལ་ཟག་ཟོག་ཅན་རྣམས་ཡང་། །དབང་ཆོས་འབྲེལ་ནས་བརྟག་དཔྱད་བྱ་མི་རུང་། །དབང་དོན་སྤྱི་དང་ཁྱད་པར་སེམས་ཉིད་དོན། །སྟོན་པའི་བླ་མ་སངས་རྒྱས་ཀུན་ལས་ལྷག །འཕང་ཚད་མིག་དང་གཅེས་ཚད་སྙིང་ལྟ་བུར། །ལྟེམ་རྐྱང་མེད་པར་མོས་གུས་གསོལ་འདེབས་འབད། །དམ་ཆོས་བརྒྱད་ཁྲི་བཞི་སྟོང་སྙིང་པོ་ནི། །མཐར་ཐུག་སངས་རྒྱས་སྒྲུབ་ཐབས་ཁོ་ན་སྟེ། །དེ་ཡི་མཐར་ཐུག་སྨིན་གྲོལ་རིམ་པ་གཉིས། །དེ་ཡི་སྲོག་རྩ་བླ་མར་མོས་གུས་ཏེ། །མེད་ཐབས་མེད་པའི་ཆོས་ཀྱི་སྙིང་པོ་རུ། །བརྒྱ་བཤད་སྟོང་བཤད་རྩ་བ་དེ་ལ་ཐུག །དེ་འདྲ་བཤད་ན་འཛད་པའི་མཐའ་མེད་ཀྱི། །གལ་ཚིག་མདོ་ཙམ་སྨྲས་པ་ཐུགས་ལ་ཞོག །

ཞེས་ཀོང་ཡུལ་རྩེ་ལྷ་སྒང་གི་རྫོང་བཞུགས་སྡེ་བ་རྩིས་དཔོན་སྲས་ཕུན་ཚོགས་རྣམ་རྒྱལ་གྱིས་ཡང་ཡང་བསྐུལ་བའི་ངོར་ཤིང་གླང་ལོ་ཕུག་ལུགས་བཤོལ་འདོན་གྱི་སྨིན་དྲུག་ཟླ་བའི་དམར་ཕྱོགས་དགའ་བ་གསུམ་པར་ལྗོན་པ་ཀླུང་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བྲིས་པ་སརྦ་མངྒ་ལཾ།

༈ ཞལ་གདམས་མདོ་དོན་སྙིང་དྲིལ།

ཀྱེ་ཧོ་དད་པ་ཅན་ཁྱོད་ཚུར་གསོན་དང་། །དལ་འབྱོར་རིན་ཆེན་འདི་ནི་རྙེད་དཀའ་ཞིང་། །ནམ་འཆི་ཆ་མེད་ཡིད་ལ་དྲན་པ་དང་། །འཆི་དུས་ཕན་པ་དམ་པའི་ལྷ་ཆོས་མཛོད། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་བརྟེན་ཅིང་། །འགྲོ་ཀུན་ཕ་མར་ཤེས་པའི་སེམས་བསྐྱེད་དང་། །ཚེགས་ཆུང་དོན་ཆེ་ཚོགས་བསགས་མཎྜལ་དང་། །སྒྲིབ་སྦྱངས་སྙིང་པོ་ཡིག་བརྒྱ་འབད་ཀྱང་འཚལ། །རྒྱལ་བའི་བསྟན་པ་ཀུན་ནས་ཆེ་ཐང་དུ། །བཤེས་གཉེན་བླ་མ་བསྟེན་ཚུལ་ཁོ་ན་བསྔགས། །དེས་ན་ཡིད་ཆེས་གཏིང་ཚུགས་བླ་མ་ལ། །མོས་གུས་ལྟེམ་རྐྱང་མེད་པའི་གསོལ་འདེབས་འཚལ། །སྔགས་ལམ་བསྐྱེད་རིམ་སྣང་སྟོང་སྒྱུ་མ་དང་། །རྫོགས་རིམ་སེམས་ཉིད་རང་ངོ་ཤེས་པ་ཡི། །ཡེངས་མེད་དྲན་པ་རྟག་ཏུ་བརྟན་པ་དང་། །དེ་ཡང་བྱང་ཆུབ་སེམས་ཀྱིས་ཟིན་ཡང་འཚལ། །མདོ་དོན་འཁོར་བར་ཞེན་པ་ལོག་པ་དང་། །བླ་མའི་མོས་གུས་དམ་ཚིག་སྲོག་ཕུར་བཙུགས། །སྒོ་གསུམ་ལེ་ལོར་མ་ལུས་དགེ་ལ་འབད། །དལ་འབྱོར་སྟོང་ལོག་མ་སོང་སྙིང་པོ་ལོངས། །ཚིག་ཚོགས་མང་པོའི་སྤྲོས་པ་མ་ལྕོག་པས། །མདོ་དོན་སྙིང་པོར་དྲིལ་བའི་གཏམ་འདི་ཉིད། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ཡིས། །ཨ་ཇོ་བསྟན་འཛིན་པ་ལ་གདམས་པ་ཡིན། །སརྦ་མངྒ་ལཾ།

༈ གདམས་མགུར་ཨུ་དུམ་ཝ་ར།

ཨེ་མ་གསན་འཚལ་སྒྲུབ་པོ་རྣལ་འབྱོར་པ། །ཚིག་སྤྲོས་མང་པོ་བྲི་ལ་མ་རྨོངས་ཤིང་། །དབེན་པར་ཡང་དག་འཇོག་ཅིང་སྙིང་འདྲ་བར། །བདག་ལྟར་རྣམ་གཡེངས་ཅན་གྱི་ཞལ་གདམས་ཅི། །འོན་ཀྱང་བསྐུལ་ངོ་མ་བཅག་མཚོན་ཙམ་པ། །ཡིན་ལུགས་ས་བོན་ཙམ་ཞིག་འདི་རུ་སྨྲས། །འགྲོ་དྲུག་གནས་ལ་དལ་འབྱོར་ཐོབ་དཀའ་སྟེ། །ཨུ་དུམ་ཝ་རའི་དཔེ་མཚུངས་ད་རེས་ཙམ། །ནམ་འཆི་ཆ་མེད་ཚེ་ནི་གློག་དང་འདྲ། །ཆུ་ཚོད་རེ་ཡི་འཆི་ལ་དེ་ཙམ་ཉེ། །དཀར་ནག་འབྲས་བུ་བསླུ་བ་མེད་ངེས་ཏེ། །ཆུ་ཀླུང་བཞིན་དུ་ལས་ཀྱི་རྗེས་སུ་འབྲངས། །ཐར་པའི་མཆོག་ནི་རྫོགས་པའི་སངས་རྒྱས་ཏེ། །དེ་བསྒྲུབ་ལམ་ལ་རབ་ཏུ་འབད་པར་རིགས། །བློ་ལྡོག་བཞི་འདི་ཆོས་ཀྱི་རྨང་གཞི་སྟེ། །ཐར་པའི་ལམ་སྐས་མེད་ཐབས་མེད་པ་ཡིན། །སྐྱབས་གནས་ཀུན་འདུས་ངོ་བོ་བླ་མ་སྟེ། །སྐྱིད་སྡུག་གང་བྱུང་བློ་གཏད་དེ་ལ་འཆའ། །འགྲོ་དྲུག་སེམས་ཅན་ཕ་མའི་རང་བཞིན་ཏེ། །དགེ་བསྒྲུབ་ཀུན་ཀྱང་འགྲོ་དོན་ཁོ་ནར་བསྔོ། །མདོ་རྒྱུད་ཆོས་རྣམས་ཀུན་གྱི་ཡང་སྙིང་ནི། །རང་རིག་གནས་ལུགས་རྟོགས་ཐབས་ཁོ་ན་ཡིན། །ལམ་གྱི་བྱེ་བྲག་དབུ་ཕྱག་ཞི་གཅོད་དང་། །ནཱ་རོ་ནི་གུའི་ཆོས་དྲུག་ལམ་འབྲས་བུ། །སྦྱོར་དྲུག་རྫོགས་ཆེན་སོགས་སུ་འདོགས་ལགས་ཤིང་། །ཀུན་གྱི་མཐར་ཐུག་དོན་གྱི་གནད་འགག་ནི། །བྱིན་རླབས་བླ་མའི་མོས་གུས་ཁོ་ན་ཡིན། །འདི་ཡོད་ཆོས་རྣམས་ཀུན་གྱི་སྲོག་སྙིང་ཡོད། །འདི་མེད་ཆོས་ཀྱི་སྲོག་རྩ་ཆད་པ་ཡིན། །དེས་ན་སྐྱིད་སྡུག་དཀའ་སླ་ཅི་བྱུང་ཡང་། །བླ་མར་མོས་གུས་ལྟེམ་རྐྱང་མེད་པ་ཡི། །དད་མོས་དམ་ཚིག་ཕུར་པ་སྙིང་ལ་བཏབ། །རང་སེམས་ཆོས་ཀྱི་སྐུ་རུ་ངོ་སྤྲད་པའི། །བླ་མ་དེ་ནི་སངས་རྒྱས་ཀུན་ལས་ལྷག །གཞན་གྱི་སྣང་ངོར་ཇི་ལྟར་ཤར་ན་ཡང་། །རང་གི་རྡོ་རྗེ་སེམས་དཔའ་དངོས་སུ་བལྟ། །དེ་མཐུས་ཉམས་རྟོགས་འབྲས་བུར་སྨིན་གྱུར་ཏེ། །ཉམས་རྟོགས་ཞེས་པའི་སྒྲ་བོ་ཆེ་དེ་ཡང་། །རང་ངོ་ཤེས་དང་མ་ཤེས་ཁྱད་ཙམ་ལས། །ད་ལྟའི་མ་བཅོས་ཤེས་པ་འདི་ཉིད་སྟེ། །འདི་ཞེས་ཚིག་ཀྱང་མིང་སྟོང་ཙམ་དུ་ཟད། །ཡོད་མེད་ཡིན་མིན་སྤྲོས་པ་ལས་འདས་ཤིང་། །བྱར་མེད་བློ་ཡུལ་ལས་འདས་ཆོས་ཉིད་དེ། །དེ་བཞིན་ཉིད་ཀྱི་གནས་ལུགས་ཞེས་པར་བརྗོད། །དེ་ཡང་གནས་སྐབས་མདོ་དོན་ལག་བླང་ན། །སྔར་འདས་རྟོག་པའི་འཕྲོ་བཅད་མ་འོངས་པའི། །རྣམ་རྟོག་ལ་སོགས་ད་ལྟའི་ཤེས་པ་ལ། །གཟོ་བྲལ་གཉུག་མ་བརྗོད་མི་ཤེས་པའི་དོན། །རང་ངོར་སྣང་བ་འདི་ནི་ཆོས་ཀྱི་སྐུ། །གདོད་མའི་ཡེ་ཤེས་བྱ་བར་མཁས་རྣམས་བཞེད། །དེ་ཡང་དུས་ཀུན་སྤང་བླངས་བཅས་བཅོས་དང་། །ཡིན་མིན་རེ་དོགས་གོང་བགྲོད་ལྟོས་གཞི་སོགས། །སྤངས་ཏེ་མ་ཡེངས་མི་བསྒོམ་རང་ཐོག་ཏུ། །སྐྱོང་ན་གནས་ལུགས་དྲི་མེད་མངོན་གྱུར་ཐོབ། །དེ་ཡི་བོགས་འདོན་ཁྱད་པར་གནད་བདུན་གྱིས། །འཕགས་པ་རྫོགས་ཆེན་ཐོད་རྒལ་ཞེས་གྲགས་ཏེ། །མཁའ་གསུམ་སྒྲོན་བཞི་རང་རིག་ལུག་རྒྱུད་ཀྱི། །འབེན་ལ་ལོངས་སྤྱོད་སྣང་བཞི་མངོན་གྱུར་ནས། །ཀུན་བཟང་དགོངས་ཀློང་སྐྱེལ་བྱེད་ལམ་མཆོག་སྟེ། །རིམ་ལྔ་སྦྱོར་དྲུག་སོགས་ཀྱི་རླུང་རྟགས་དང་། །འདི་མི་མཚུངས་ཤིང་ཁྱད་པར་འཕགས་པ་ཡིན། །དེས་ན་མི་འགུལ་གསུམ་དང་སྡོད་གསུམ་གྱི། །ཉམས་ལེན་འབད་ན་ཚེ་འདིར་སངས་རྒྱས་ངེས། །ཉམས་ལེན་རྩ་བའི་སྙིང་པོ་དེ་ཡིན་ལ། །དེ་གྲོགས་ཐབས་ལམ་རྩ་ཐིག་རླུང་གསུམ་གྱི། །མན་ངག་རྣམས་ཀྱང་ཞེན་བྲལ་བལྟ་བའི་ངང་། །སྐྱོང་བས་དྲོད་ཚད་མྱུར་དུ་སྐྱེ་བར་འགྱུར། །དེ་སྐད་བུ་ལེ་གངས་རི་ཁྲོད་གནས་པ། །ཚེ་འདིའི་ཞེན་ལོག་ངེས་དོན་རྫོགས་ཆེན་གྱི། །རྣལ་འབྱོར་དམ་པ་ཀུན་བཟང་ཡོངས་གྲོལ་དེས། །བཀྲ་ཤིས་བུམ་པ་སྤོས་ཁང་ལྷ་གོས་རྟེན། །བཅས་ཤིང་གསུང་གི་བསྐུལ་ངོར་མདོ་ཁམས་པ། །རྒྱལ་བ་པདྨའི་སྲས་གྱུར་རིག་པ་འཛིན། །ཚེ་དབང་ནོར་བུར་གྲགས་པའི་རྒྱལ་ཁམས་པ། །དེ་ཡིས་ལྕགས་ཕག་མགོ་ཟླའི་ཚེས་གཅིག་གི །སྔ་ཆར་གང་ཤར་ཆུ་བབ་ཉིད་སྤེལ་བའི། །ཡི་གེ་པ་ནི་དགེ་ཚུལ་དཔལ་འབར་ཡིན། །མངྒ་ལཾ།ལྷག་པའི་བསམ་པ་ཟླ་བ་ལྟར་དཀར་བས། །ཚིགས་སུ་བཅད་པའི་འོད་དཀར་བདུད་རྩི་བཞིན། །སྐལ་ལྡན་སློབ་མའི་སྙིང་གི་ཀུ་མུད་གང་། །རབ་འཛུམ་དགེ་བའི་དྲི་བསུང་ཆེར་རྒྱས་ཤོག །

༈ གདམས་པ་འཇིགས་མེད་བློ་གྲོས།

ཨོཾ་སྭཱསྟི། དཔལ་ལྡན་བླ་མའི་རིགས་སྲས་དམ་པའི་གཅུང་། །ཐུབ་བསྟན་ངུར་སྨྲིག་གོས་ཀྱིས་ཉེར་མཛེས་པ། །དགེ་སློང་ལག་ན་༼ཕྱག་རྡོར་དབང་ཕྱུག་༽རྡོ་རྗེ་ཞེས་བྱ་བ། །རང་གི་སློབ་མར་གྱུར་ལ་འདི་སྐད་གསོལ། །སྟོང་གསུམ་ལུས་ཅན་ཇི་སྙེད་གནས་ཀུན་ལས། །ལུས་མེད་སྐྲ་རྩེའི་མཁའ་ལ་མཉམ་འཇུག་མང་། །ལུས་ཅན་རྣམས་ནས་དལ་འབྱོར་རྟེན་བཟང་ནི། །ཡང་ཡང་ཐོབ་དཀའ་ངེས་ཤེས་གཏིང་ནས་སྐྱེ། །སྣང་སྲིད་སྣོད་བཅུད་ཀུན་ཀྱང་མི་རྟག་ཅིང་། །འཕྲལ་དུ་སྐྱེས་ནས་ད་བར་དགྲ་དང་གཉེན། །བར་བའི་འགྲོ་ཀུན་འཆི་འགྱུར་རང་ཉིད་ཀྱང་། །མྱུར་དུ་འཆི་ངེས་མི་རྟག་དུས་ཀུན་བསྒོམ། །ཚེ་འདིའི་སྙན་གྲགས་ཟང་ཟིང་འདུ་ལོང་ཀུན། །སད་ཁའི་རྨི་ལམ་ཇི་བཞིན་མྱུར་དུ་འཇིག །དེ་ལ་ཞེན་མེད་གཏན་བདེའི་འདུན་མ་མཆོག །དམ་པའི་ལྷ་ཆོས་སྙིང་གི་དཀྱིལ་ནས་འབད། །ཆོས་རྣམས་ཀུན་གྱི་རྩ་བ་རྒྱུ་འབྲས་ཏེ། །རྒྱུ་འབྲས་ལས་གཞན་ཆོས་འགའ་ཡོད་མིན་པས། །དཀར་ནག་ལས་ལ་བླང་དོར་མ་ནོར་བ། །རང་གིས་རང་ལ་སྐུལ་མ་གདབ་ཀྱིན་བྱོས། །ཐུབ་བསྟན་གནས་པའི་ཚད་ནི་འདུལ་བ་སྟེ། །དེ་ཡི་ངོ་བོ་སོ་ཐར་ཚུལ་ཁྲིམས་ཡིན། །དེས་ན་དགེ་སློང་གོ་འཕང་སྲིད་གསུམ་གྱི། །རྒྱལ་སྲིད་ཐོབ་པའི་ཟླ་མིན་དགའ་བར་འཚལ། །སྙིགས་དུས་མིག་ལྟོས་ངན་པའི་བསྲེ་སླད་ཀྱི། །བུད་མེད་ཆང་གི་ཡོ་ལང་སྤྱད་པ་འདི། །འདྲེན་པ་དུས་གསུམ་བྱོན་པ་ཀུན་གྱིས་བཀག །དེས་ན་དེ་སྤངས་གོ་ཆ་རྟག་ཏུ་བརྟེན། །སྔགས་ཀྱི་ལས་རྒྱ་ཉེར་ཐོབ་ལྷན་སྐྱེས་ཀྱི། །མཚོན་བྱེད་ཆེད་ལས་སྤྲོས་བཅས་སྐབས་མིན་པར། །སྔགས་ནས་བཀག་ན་མདོ་ནས་སྨོས་ཅི་འཚལ། །དེ་བས་བུད་མེད་རིང་སྤང་ཞེ་ལ་བསྣག །རང་སེམས་ཆོས་ཉིད་མངོན་སུམ་རྟོགས་པའི་ཚེ། །བདེ་སྟོང་ཡེ་ཤེས་དེ་དང་ལྷན་ཅིག་ཤར། །ཁུ་ཁྲག་འདྲེས་པའི་བདེ་བར་རག་མི་ལས། །དེས་ན་མི་འགྱུར་བདེ་ཆེན་བསྒྲུབ་ལ་འབུང་། །ཚེ་གཅིག་སངས་རྒྱས་ཉེ་ལམ་རྩ་བ་ནི། །མཚན་ཉིད་ལྡན་པའི་བླ་མར་རག་ལས་པས། །མ་ནོར་རྒྱུད་ནས་བཤད་བཞིན་ཐོག་མར་བཙལ། །རྙེད་ནས་བསྟེན་ཚུལ་རྒྱུད་ནས་བཤད་བཞིན་འབད། །སྔགས་ཀྱི་སྲོག་རྩ་དམ་ཚིག་ཁོ་ན་སྟེ། །གཡོ་སྒྱུ་མངོན་ལྐོག་ཚུལ་འཆོས་མ་ཡིན་པར། །ཆོས་དང་རང་སེམས་གཉིས་པོ་ཞུས་དག་བཏང་། །དྲི་མེད་ཤེལ་ལྟར་རྟག་ཏུ་འབད་འོས་ཡིན། །བླ་མ་སངས་རྒྱས་ཀུན་ལས་ལྷག་ཞེས་པ། །ཚིག་ཙམ་མ་ཡིན་སྙིང་གི་དཀྱིལ་ནས་བསྒོམ། །སྒོ་གསུམ་འབད་པས་མཉེས་པའི་ཞབས་ཏོག་བསྒྲུབ། །ཐུན་དྲུག་གསོལ་འདེབས་ཆད་མེད་སྙིང་ལ་བཞག །རྒྱ་བོད་ཀུན་ཏུ་ཟབ་དགུ་དམ་པའི་ཆོས། །ཡང་གསང་ཀུན་གྱི་མཐར་ཐུག་རྫོགས་པ་ཆེ། །ཀུན་བཟང་དགོངས་པ་དྲང་ཐད་བསྟན་པ་ཉིད། །ཉམས་ལེན་ལ་འབད་ཚེ་གཅིག་སངས་རྒྱས་ངེས། །དེ་ལྟའི་བརྗོད་བྱའི་ཚིག་ལ་ཟད་པ་ཅི། །རྣམ་པ་མང་པོ་སྨྲས་ཀྱང་ཇི་ཞིག་ཕན། །ཐུགས་ལ་བཞག་ན་ཉུང་ངུའི་ངག་དེས་ཀྱང་། །དོན་གཉིས་ཕུན་ཚོགས་འགྲུབ་པར་སོམ་ཉི་མེད། །དེ་སྐད་རང་གཞན་གྲུབ་མཐའ་རྒྱ་མཚོ་ཆེ། །འཇུག་ལ་འཇིགས་མེད་བློ་གྲོས་གྲུ་གཟིངས་ཅན། །གངས་རིའི་ཁྲོད་དུ་རིག་པ་འཛིན་པ་ཞེས། །རྒྱལ་ཁམས་སྤྱོད་པ་ཚེ་དབང་ནོར་བུ་ཡི། །རྗེ་བཙུན་ཆེན་པོའི་སྒྲུབ་གནས་ཟ་འོག་ཕུག །དཀར་པོའི་ལོ་ཞལ་གསར་འཆར་རྒྱལ་ཟླ་ཡི། །ཡར་ཚེས་རྒྱལ་བ་གཉིས་པའི་ཐུན་མཚམས་སུ། །གང་ཤར་ལྷུག་པར་བརྗོད་འདི་དགེ་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།

༈ ལྟ་སྒོམ་སྤྱོད་པའི་སྒོ་ནས་ཞལ་གདམས་མདོར་བསྡུས་རིན་ཆེན་མཛོད་འཛིན་ཡོད།

ཨོཾ་སྭཱ་སྟི། རྒྱལ་ཀུན་ངོ་བོ་མཚོ་སྐྱེས་རྡོ་རྗེར། །སྙིང་ཁོང་རུས་པའི་གཏིང་ནས་ཕྱག་འཚལ། །ཕྱོགས་མེད་རྒྱལ་ཁམས་རྣལ་འབྱོར་པ་ལ། །ཞལ་གདམས་དགོས་ཞེས་གསུང་གིས་བསྐུལ་བར། །མང་མང་བྲི་བར་ཁོམ་ལོང་མ་བྱུང་། །མཚོན་བྱེད་ཙམ་ཞིག་སྨྲ་བར་བྱས་ན། །རྒྱལ་བས་གསུང་པའི་ཆོས་སྒོ་བརྒྱད་ཁྲི། །བཞི་སྟོང་གྲགས་པའི་སྙིང་པོ་བསྡུ་ན། །རྒྱུ་འབྲས་ཐེག་པ་གཉིས་ལས་གཞན་མེད། །རྒྱུ་ལ་ཆེ་དང་ཆུང་ངུ་ཉན་རང་། །འཁོར་བ་སྡུག་བསྔལ་རང་བཞིན་ཤེས་ནས། །སྤང་འདོད་གོ་ཆས་ཞི་བ་ཕྱོགས་གཅིག །དོན་དུ་གཉེར་བས་ལྷག་བསམ་རྒྱ་ཆུང་། །འབྲས་བུའི་སྐུ་དང་མཁྱེན་ལ་སྒྲིབ་པས། །ཞི་བར་གཞོལ་ཡང་མྱང་འདས་དངོས་མིན། །དེས་ན་ཐེག་ཆེན་བླང་བྱར་མ་བཤད། །རྒྱུ་ཡི་ཐེག་ཆེན་ཀུན་ཀྱང་བཞེད་མཐར། །ལྟ་བ་བདག་མེད་གཉིས་དང་བསྒོམ་པ། །སྨོན་འཇུག་སྟོང་ཉིད་སྙིང་རྗེར་ཡོངས་འབྲེལ། །སྤྱོད་པ་ཀུན་ཀྱང་ལྷག་བསམ་གྱིས་ཟིན། །འབྲས་བུ་སྐུ་དང་མཁྱེན་གཉིས་རྒྱས་བཞེད། །འདི་ནི་སྲིད་ཞིའི་མཐའ་ལ་གནས་མིན། །བྱང་ཆུབ་འབྲས་འདིར་མཚུངས་གཞན་ཡོངས་མེད། །དེས་ན་བྱང་ཆུབ་ཆེ་ཞེས་ཡོངས་གྲགས། །འོན་ཀྱང་ཐེག་ཆེན་གྲུབ་མཐའི་ནང་ཚན། །སེམས་ཙམ་པ་ལ་རྣམ་བདེན་རྣམ་རྫུན། །དབུ་མ་རང་རྒྱུད་ཐལ་འགྱུར་རྣམ་རིག །རྒྱ་བོད་མཁས་པའི་ཁས་ལེན་མང་ཡང་། །འོན་ཀྱང་རང་ལུགས་མཁས་པའི་མཁས་པ། །ཤིང་རྟ་ཆེན་པོར་རྒྱལ་བས་ལུང་བསྟན། །དམ་པ་མང་པོའི་བཞེད་པ་མཐུན་ཞིང་། །རྫོགས་ཆེན་ལྟ་བར་ཤིན་ཏུ་འཇུག་པས། །འཁོར་ལོ་གསུམ་པའི་དགོངས་དོན་ཇི་བཞིན། །རྣམ་རིག་དབུ་མའི་ཁས་ལེན་བྱེད་མོད། །དེ་དག་རང་གི་གནས་ལུགས་བརྗོད་པས། །འགོད་བཞག་ཡིག་ཚོགས་མང་བས་མ་སྤྲོས། །འབྲས་བུའི་ཐེག་པ་སྔགས་སྡེ་གཉིས་ལས། །ཕྱི་པ་ཐུབ་རྒྱུད་སྐྱེ་བ་གྲངས་དང་། །སྐྱེ་བའི་གྲངས་ཀྱིས་སངས་རྒྱས་བཞེད་མོད། །ནང་པ་ཐབས་རྒྱུད་འདི་ཕྱི་བར་དོར། །རྫོགས་སངས་རྒྱས་པའི་འབྲས་བུ་འགྲུབ་བཞེད། །དེ་ལྟར་སྔགས་རྒྱུད་རྣམ་པ་ཀུན་གྱི། །མཐར་ཐུག་ཨ་ཏི་ཡོ་ག་ཞེས་གྲགས། །དེ་ལ་སྡེ་གསུམ་སྡེ་བཞིར་གྲགས་མོད། །དེང་སང་བཀའ་སྲོལ་འགའ་དང་ཁྱད་པར། །སྙིང་ཐིག་བཞི་སོགས་ཡང་གསང་སྡེར་ངེས། །སྔགས་རྒྱུད་ཀུན་གྱི་རྩེ་རྒྱལ་ལགས་པ། །བདག་ནི་གྲུབ་མཐའ་དེ་ཡི་བཞེད་པ། །ཅི་ནུས་ཉིད་དུ་སྐྱོང་བའི་ཁུལ་ལགས། །དེ་དག་བདག་རང་ལྟ་བའི་གནས་ལུགས། །ཅི་འདྲའི་ངང་ཚུལ་འཕྲོས་སུ་ཕུལ་ལ། །མདོ་སྔགས་ལྟ་བའི་རྒྱལ་པོ་དེ་འདྲར། །སྐལ་ལྡན་རྣམས་ཀྱང་ཞུགས་པར་འོས་མོད། །ཡང་དག་དོན་ལ་ལྟ་བ་ཞེས་པ། །ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་འདས། །དོན་ལ་མིང་ཚིག་མིང་ཚིག་དོན་ཞེན། །སྤྲོས་པའི་མཐའ་ཀུན་བྲལ་བ་དེ་ལགས། །བསྒོམ་པ་ཞེས་གྲགས་རིམ་གཉིས་རྣལ་འབྱོར། །བསྐྱེད་པ་སྦྱང་བྱ་སྦྱོང་བྱེད་རིམ་པ། །མ་འཁྲུལ་ཆོ་གས་ལྷ་ཡི་སྣང་བ། །བསམ་གཏན་དུག་མེད་གསལ་སྣང་བསྐྱེད་བཅིང་། །རྫོགས་པའི་རིམ་པ་རྟེན་ཅན་རྟེན་མེད། །བརྟེན་ཅན་ཕྲ་ཐིག་བུམ་ཅན་གཏུམ་སོགས། །རྟེན་མེད་གནས་ལུགས་དཔྱད་འཇོགས་ཀྱིས་བསྒོམ། །དཔྱད་སྒོམ་དག་ལ་དམོད་མི་བྱེད་ཡང་། །རང་ལུགས་ཚུལ་བཞིན་འཇོག་བསྒོམ་གཙོར་བྱེད། །འཇོག་བསྒོམ་ཟབ་པ་གཙོ་བོར་སྟོན་དང་། །གསལ་བ་གཙོར་སྟོན་བཞེད་པ་མང་ཡང་། །ཟབ་གསལ་དབྱེར་མེད་ལམ་གྱི་སྙིང་ལགས། །དེས་ན་བསྒོམ་པ་ཀུན་གྱི་མཐར་ཐུག །ཟབ་གསལ་བདེ་བ་ཆེ་འདི་རྨད་བྱུང་། །འོན་ཀྱང་ཟབ་མོ་གཏན་ལ་མ་ཕབ། །གསལ་བའི་ཡེ་ཤེས་གནད་དུ་བསྣུན་མིན། །ཟབ་མོ་གནས་ལུགས་ཆོས་ཉིད་དེ་ཡང་། །ཞི་གཅོད་ཕྱག་སེམས་བཞེད་པ་དབྱིངས་གཅིག །གནས་སྐབས་ཁས་བླང་འདྲ་མིན་མང་མོད། །དེ་ཡི་མན་ངག་རྣལ་འབྱོར་ཙམ་འགྱུར། །དེ་ཡང་ཟབ་མོའི་མཐར་ཐུག་ཁྲེག་ཆོད། །རྫོགས་སངས་རྒྱས་ཀྱི་གཞི་དང་འབྲས་བུ། །རང་རིག་རང་གསལ་རང་བྱུང་རྗེན་པ། །དེ་ཉིད་གཏན་ལ་ཕབ་པའི་ཁྱད་ཆོས། །སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་ཅིང་། །དངོས་གཞི་གཅེར་མཐོང་རང་གྲོལ་ངོ་བོ། །རང་ངོ་རང་སྤྲོད་རང་ཐག་དབྱིངས་གཅོད། །གྲོལ་ཐོག་གདེང་བཟུང་སྐུ་བཞིར་ལ་བཟླ། །མདོར་ན་རིག་སྟོང་ལྷན་སྐྱེས་ཟང་ཀ། །བློ་ཡུལ་གོ་བ་ཙམ་མིན་རྗེན་པ། །ཆེད་ཀྱི་བསྒོམ་རྒྱུ་རྡུལ་ཕྲན་ཙམ་མེད། །ཡེངས་པའི་དབང་དུ་ནམ་ཡང་མ་ཤོར། །རང་ངོ་རང་ཤེས་ཡེངས་མེད་ཟང་ཐལ། །འདི་ཀ་སྐྱོང་ལས་གསལ་བཞག་གཞན་མེད། །གོང་བགྲོད་ལྟོས་གཞི་ནམ་ཡང་མི་འཆའ། །གཤིས་ཐོག་གོ་བར་མ་ཤོར་གནད་ལགས། །ཅོག་བཞག་བཞི་དང་གསུམ་གྱི་ངང་ལ། །དུས་རྟག་སྐྱོང་ལ་རྫོགས་ཆེན་ཁྲེག་ཆོད། །གནད་གདམས་ཀུན་ཀྱང་དེ་རུ་འདུ་བས། །སྙིང་པོའི་ཉམས་ལེན་ཉིད་ལ་བརྩོན་འཚལ། །གསལ་བའི་ཉམས་ལེན་རྣམ་གྲངས་མང་མོད། །སྔགས་རྒྱུད་ཐུན་མོང་ཀུན་ནས་བསྐྱེད་རིམ། །ལ་བཞེད་འགས་ནི་མ་བརྟག་སྐུ་དང་། །དེ་བཞིན་འོད་གསལ་སྟོང་གཟུགས་ལའང་བཞེད། །རང་ལུགས་རྫོགས་པ་ཆེ་ནི་ཐོད་རྒལ། །དབྱིངས་གསུམ་སྒྲོན་མ་དགུ་དང་དྲུག་གམ། །བཞིར་བཞེད་སྙིང་པོ་ཤེས་རབ་རང་བྱུང་། །དཔེ་དོན་རྟགས་ཀྱིས་གཏན་ལ་ཕབ་པ། །ཁམས་གསུམ་ཡོངས་གྲོལ་དགོངས་པ་ཉིད་དང་། །མི་འགུལ་མི་འགྱུར་ཐོབ་གདེང་འཆའ་འདིས། །ཐོད་རྒལ་གནད་ཀུན་དེ་ལ་འདུ་བས། །བྱ་བ་དགུ་སྤྲུག་བཏང་ནས་འབད་འཚལ། །བསྒོམ་པའི་རྟགས་ཚད་སྣང་བཞིའི་ཉམས་རིམ། །མཐར་ཐུག་ཆོས་ཟད་དབྱིངས་སུ་བསྐྱལ་ཏེ། །འདི་ལ་གསར་མའི་མཁས་པ་འགའ་ཡིས། །ཆོས་ཟད་ཚིག་ལ་དཔྱད་པར་མཛད་ཀྱང་། །ཆོས་ནི་རྣམ་ཤེས་བློ་ཡུལ་དོན་གཅིག །དེ་མ་ཟད་ཀྱི་བར་དུ་སྒྲིབ་ལྡན། །དེ་ནས་ས་བཅུ་པ་ཡང་རྣམ་ཤེས། །ཆ་ཤས་ཀྱིས་ནི་ཤེས་བྱའི་སྒྲིབ་གྲགས། །དེས་ན་བློ་ཡིད་བཞི་ཡི་རྣམ་ཤེས། །དེ་ཟད་པ་ལ་ཆོས་ཟད་མིང་བཏགས། །མཁས་མཆོག་འགའ་ནི་འདི་ལ་གནས་འགྱུར། །མིང་དུ་བཏགས་མོད་དོན་ལ་གནད་གཅིག །དེ་མ་གོ་འགའ་ཆོས་ཟད་ཞེས་པའི། །ཚིག་ཙམ་ཉིད་ལ་དངངས་སྐྲག་སྐྱེ་རྣམས། །རྟོག་གེའི་བློ་ཡིས་འཕྱང་མོ་ཉུག་སྟེ། །ཚིག་གི་སྨིག་རྒྱུར་རི་དྭགས་གཡོམ་པོ། །ཡང་དག་དོན་ལ་ཆོས་ཉིད་ཡེ་ཤེས། །ཟད་དང་མ་ཟད་རྟགས་ཀྱང་དེར་མིན། །ཟད་མི་ཟད་ནི་མིང་བཏགས་ཁོ་ན། །ཆོས་ཉིད་དོན་ནི་ཁས་ལེན་ལས་འདས། །འདི་ལ་ཚིག་ཚོགས་ཡི་གེའི་འཇིགས་ལས། །སྐབས་འདིར་རྒྱ་ཆེར་སྤྲོ་མ་བྱས་མོད། །འོན་ཀྱང་ཉིད་སོགས་དམ་པས་ཟིན་ཅིང་། །རྩེ་གཅིག་གནས་ལུགས་འཇོག་ལ་བརྩོན་པས། །བསྒོམ་བྱུང་ཤེས་རབ་ནང་ནས་རྒྱས་ཚེ། །དོན་དམ་རྟོགས་ལ་སོམ་ཉི་ཅི་ཞིག །བདག་ནི་ཆོས་མང་ཐོས་བསམ་ཤེས་ཀྱང་། །རྣམ་གཡེང་བདུད་ཀྱི་བསྒོམ་པས་དབེན་གྱུར། །ནེ་ཙོ་བཞིན་དུ་ཚིག་ཚོགས་ཀློག་ལ། །ངོ་མཚར་ལྡན་ཞེས་རང་གིས་མི་སེམས། །དེས་ན་རྣལ་འབྱོར་བསྒོམ་ལ་བརྩོན་པར། །བདག་ལྟའི་ཞལ་གདམས་མིང་གིས་ཅི་ཞིག །འོན་ཀྱང་སྣང་བ་དག་པའི་གཟིགས་པས། །ཞལ་གདམས་དགོས་ཞེས་གསུང་ངོ་ཙམ་ལགས། །ཡང་ཅིག་སྤྱོད་པ་ཞེས་སུ་གྲགས་དེ། །སྤྲོས་དང་སྤྲོས་མེད་བྷུ་སུ་ཀུ་སོགས། །རྒྱུད་སྡེ་ནས་བཤད་རྣམ་གྲངས་མང་ཡང་། །མདོར་བསྡུ་གནས་སྐབས་ལག་ཏུ་བླང་བྱ། །ཚུལ་ཁྲིམས་རྩ་བ་ལས་འབྲས་ལ་གཞིབ། །བཙུན་ཚུགས་གཞན་གྱི་དྭངས་བ་འདྲེན་དང་། །མཛེས་ཁྲིག་གཞན་ངོ་ཙམ་མིན་སྙིང་ནས། །འགྲོ་ཕན་ལྷག་བསམ་ནམ་ཡང་དོར་མིན། །གསང་སྔགས་ཆོས་ཀུན་སྲོག་རྩ་དམར་པོ། །དམ་ཚིག་གཉན་ལ་སྙིང་ནས་འབད་འཚལ། །དེ་དག་ཀུན་གྱི་སྙིང་པོ་དྲིལ་ན། །ལྟ་བ་དམིགས་མེད་རང་བཞིན་ཡེ་ཤེས། །བསྒོམ་པ་ཟབ་གསལ་བདེ་ཆེན་ཟུང་འཇུག །སྤྱོད་པ་བླང་དོར་མ་འཁྲུལ་བརྟུལ་ཞུགས། །ཀུན་གྱི་གཞི་རྟེན་བླ་མར་མོས་གུས། །གནད་ཀྱི་ཡང་ཏིག་རྡོ་རྗེའི་དམ་ཚིག །ནམ་ཡང་གཡེང་མེད་སྙིང་ལ་གཟེར་ནས། །རིམ་གཉིས་བསྒོམ་ལ་བརྩོན་བསྐྱེད་བྱས་ཏེ། །དེར་མ་འདུ་བ་འགའ་ཡང་མ་མཆིས། །དེས་ན་སྙིང་པོའི་དོན་དེར་སྤྱོད་འཚལ། །དེ་སྐད་དགོས་ཡུལ་འབྲི་མཚམས་བཞུགས་པའི། །ཀཿཐོག་གྱང་རིས་ཚལ་ཁའི་རྒྱུད་འཛིན། །སྔ་འགྱུར་རྡོ་རྗེ་ཐེག་པའི་རྣལ་འབྱོར། །བློ་བཟང་སྙན་གྲགས་རབ་བརྟན་གང་གི །གསོལ་བ་བཏབ་ངོར་མདོ་ཁམས་དབུས་འགྱུར། །ཀཿཐོག་རྡོ་རྗེ་གདན་གྱི་མངའ་རིས། །ས་ཡི་ཐིག་ལེ་འབྲི་རྒྱུད་ཕྱོགས་སྐྱེས། །པད་འབྱུང་ལུང་གིས་མངགས་པའི་ཕོ་ཉར། །རློམ་པ་ལྷ་རིགས་ཤཱཀྱའི་དགེ་བསྙེན། །གཞུང་ལུགས་རྒྱ་མཚོ་སྨྲ་ལ་མི་འཇིགས། །སྤོབས་པའི་མགྲིན་པས་ལང་ཚོ་བརྒྱན་གྱུར། །ཚེ་དབང་ནོར་བུ་དཔལ་གྱི་རྒྱ་མཚོས། །པདྨའི་སྦས་ཡུལ་འབྲས་ལྗོངས་བྱང་ཕྱོགས། །གྲུབ་པའི་བསྟི་གནས་གསང་སྔགས་རི་བོར། །ཤིང་ཡོས་ནག་ཟླའི་ཚེས་ཉེར་གསུམ་གྱི། །ཐུན་སྐབས་གཅིག་ཏུ་གང་ཤར་བྲིས་པའི། །ཡིག་རིས་རང་གི་སློབ་མར་གྱུར་པ། །ཨོ་རྒྱན་བསྟན་འཛིན་རྡོ་རྗེས་བགྱིས་སོ། །མངྒ་ལཾ། དགེའོ། །དགེའོ། །དགེའོ། །

༈ གདམས་མགུར་མདོ་རྒྱུད་དོན་བསྡུས།

ཨོཾ་སྭཱ་སྟི། རྒྱལ་བཀའ་མདོ་རྒྱུད་གྲུབ་ཐོབ་གོང་མའི་གསུང་། །ཉམས་སུ་བླངས་ན་དེ་ཀུན་ཞལ་གདམས་ཡིན། །གསར་དུ་བདག་གིས་སྨྲས་པས་ཅི་ཞིག་བྱ། །འོན་ཀྱང་བསྐུལ་ངོ་མ་གཅོག་ཅུང་ཟད་ཅིག །སྨྲ་ན་དལ་འབྱོར་རིན་ཆེན་མི་ཡི་ལུས། །ཨུ་དུམ་ཝ་ར་ཇི་བཞིན་རྙེད་དཀའ་ཞིང་། །ནམ་འཆི་ཆ་མེད་རིང་མིན་མྱུར་འཆི་བ། །དལ་འབྱོར་དོན་ལྡན་བརྩོན་པས་ཆོས་ལ་འབད། །ཆོས་ལ་མོས་ཀྱང་སྙིགས་དུས་གྲོགས་རྐྱེན་གྱིས། །ཆོས་མིན་ལོག་པའི་ལམ་དུ་དཀྲི་མང་བས། །ཆོས་མཐུན་གྲོགས་བརྟེན་རང་སྐྱོན་རང་གིས་བརྟག །བཀའ་བརྒྱུད་གོང་མའི་རྣམ་ཐར་བསམ་བཞིན་བསླབ། །ཆོས་ཀུན་ལས་འབྲས་བསླུ་མེད་ཡིད་ཆེས་སུ། །ཤེས་བཞིན་སྔགས་ཆོས་ཀུན་གྱི་རྩ་བའི་གནད། །བླ་མར་མོས་གུས་དམ་ཚིག་ཁོ་ན་ལ། །ལུས་སྲོག་ལྟོས་པ་མེད་པའི་ངང་དུ་བསྐྱེད། །གནས་ལུགས་ཕྱག་ཆེན་ཞེས་པའི་སྒྲ་བོ་ཆེ། །རང་སེམས་མ་བཅོས་རང་བབ་ལྷུག་པ་ལ། །མ་ཡེངས་དྲན་པ་རྒྱུན་ཆགས་བརྟེན་པ་ལས། །གཞན་མེད་ཉིན་མཚན་འཁོར་ཡུག་དེ་ལ་འབད། །ཐུན་མཚམས་འགྲོ་ལ་སྙིང་རྗེ་གཞན་ཕན་གྱི། །སྨོན་ལམ་བཟང་པོ་དུང་དུང་རྟག་ཏུ་བྱ། །ལྷ་བསྒོམ་སྔགས་བཟླས་ཀུན་ཀྱང་དགེ་སྦྱོར་གྲོགས། །ཡི་དམ་སྙིང་པོ་ཅི་ནུས་འབད་པ་གནད། །དེ་སྐད་སྒྲུབ་པོ་སྦྱིན་པ་རྒྱ་མཚོའི་ངོར། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ཡི། །གང་ཤར་ཚིགས་བཅད་སྨྲས་ཏེ་དོན་ལྡན་པར། །རྣམ་མཁྱེན་སངས་རྒྱས་རྒྱུ་རུ་འགྲོ་བར་ཤོག །སརྦ་མངྒ་ལཾ།

༈ ཞལ་གདམས་ཀུན་ཏུ་རྒྱལ་བའི་སྤྲིན་ཚོགས།

ཨོཾ་སྭཱསྟི། ཀུན་ཏུ་རྒྱལ་བའི་སྤྲིན་ཚོགས་སྤྲོ་དང་བསྡུ། །མ་ལུས་བྱེད་པོ་ལག་ན་པདྨོ་ཅན། །དབྱེར་མེད་འཁོར་ལོའི་མགོན་པོ་བདེ་བ་ཆེ། །དེ་ཡི་བྱང་ཆུབ་མཆོག་བར་བསྲུང་གྱུར་ཅིག །གང་ཁྱེད་ཡུལ་དབུས་མཁས་མང་འདུ་བའི་ལྗོངས། །ཐུབ་བསྟན་སྒོར་ཞུགས་ངུར་སྨྲིག་གོས་ཀྱིས་མཛེས། །སྔོན་བསགས་མ་སྨད་ཤེས་རབ་བསླབ་གསུམ་རྒྱས། །མཚུངས་མེད་མགོན་གྱིས་རྗེས་བཟུང་དམ་པར་ངེས། །བདག་ནི་མཐའ་འཁོབ་ཡུལ་སྐྱེས་ཆོས་ཀྱིས་དབུལ། །སྐྱེ་དང་སྦྱངས་པས་མངོན་པར་མཐོ་བའང་མིན། །འོན་ཀྱང་མཆོག་གྱུར་མང་པོས་རྗེས་བཟུང་མཐུས། །ཁྱེད་ཞལ་མ་བསྐྱུང་ཙམ་དུ་འདི་སྐད་གསོལ། །རྣམ་དཀར་ཀུན་གྱི་སྔོན་འགྲོ་དགེ་བའི་ཆོས། །མཐའ་དག་བསྐྱེད་པའི་གཞི་རྟེན་དད་པ་སྟེ། །འདོད་འདུན་མི་ཕྱེད་དག་པའི་དད་པ་ཉིད། །རྒྱུད་ལ་བསྐྱེད་པ་ཤིན་ཏུ་གལ་ཆེ་མོད། །དེ་ཡང་ཇི་བཞིན་བསྐྱེད་པའི་གཞི་རྟེན་ནི། །རྫོགས་སངས་རྒྱས་ལ་ཡིད་ཆེས་སྐྱེ་བ་སྟེ། །དེ་ཡི་མཛད་པ་ཆེ་བའི་ཡོན་ཏན་རྣམས། །རྟག་པར་རྗེས་དྲན་སྙིང་གི་དཀྱིལ་དུ་བཞག །ཁམས་གསུམ་གཟུགས་འདོད་གནས་སྐྱེ་འགྲོ་བ་ཀུན། །ཡོངས་སུ་སྡོམ་ཀྱང་མཁའ་ཁམས་བ་སྤུའི་ཁྱོན། །གཟུགས་མེད་བག་ཉལ་སེམས་ཅན་ཆ་ཤས་ཡང་། །བཟུང་བར་ནུས་མིན་འཁོར་སེམས་རྫོགས་མཐའ་ཅི། །ལུས་ཅན་འགྲོ་བ་དྲུག་ལས་ལྷ་མིའི་རྟེན། །ཆོས་དཀོན་དེ་ལས་དལ་འབྱོར་ཕུན་ཚོགས་ལུས། །ངོ་བོ་རྒྱུ་དཔེ་རྣམ་གྲངས་དུ་མ་ནས། །རྙེད་པར་དཀའ་ཚུལ་དུ་མའི་སྒོ་ནས་བརྟག །མི་ཡི་ལུས་འདི་ཤིན་ཏུ་འཇིག་སླ་སྟེ། །དྲི་ཟའི་གྲོང་དང་ཆུ་ཡི་ལྦུ་བ་འདྲ། །གནོད་མང་ཕན་ཉུང་འཆི་རྐྱེན་དུ་མ་ལ། །བསམ་བྱས་སྙིང་ནས་མི་རྟག་སྐྱོ་ཤས་བསྐྱེད། །དེས་ན་ཅུང་ཟད་ཁོམ་ལོང་ལྡན་དུས་འདིར། །མགོ་ལ་མེ་ཤོར་པང་དུ་སྦྲུལ་ཞུགས་བཞིན། །མངོན་མཐོ་ངེས་ལེགས་ལམ་ལ་མ་བརྩོན་ན། །དོན་མེད་སྟོང་ལས་མཁན་དུ་ཅིས་མི་འགྱུར། །འཁོར་བའི་མཚན་ཉིད་འབར་བའི་མེ་འོབས་དང་། །ཚེར་མའི་གདན་དང་ཀིམ་པའི་འབྲས་བུ་བཞིན། །སྡུག་བསྔལ་གསུམ་གྱིས་འཁོར་བ་ཐོག་མེད་ནས། །ད་ལྟའི་བར་དུ་གདུང་འདི་ཡིད་རེ་སྐྱོ། །ད་ཡང་དེ་ཡི་བཟློག་ཐབས་མ་འབད་ན། །ནམ་མཁའ་ཇི་སྲིད་འཁོར་བའི་རྒྱ་མཚོ་རུ། །སྡུག་བསྔལ་འཛིན་འཁྲིའི་ཉེར་ཁེང་བར་མེད་དུ། །གཙེར་འདི་རང་གིས་རང་ལ་སྙིང་རྗེས་ལྟོས། །ཆོས་དབྱིངས་ཁམས་ལ་གཞན་པའི་ཆོས་ཐམས་ཅད། །རྒྱུ་རྐྱེན་རྟེན་འབྲེལ་རོལ་པ་ལས་གྲུབ་ན། །མི་དགེའི་ལས་ཀྱི་ངན་སོང་དུཿཁ་དང་། །དགེ་ཡང་བདག་ལྡན་མཐོ་རིས་འགྱུར་བཅས་རྒྱུ། །རྣམ་ཀུན་བདེ་བ་ཐར་པའི་ལམ་བཟང་ནི། །དེ་བཞིན་གཤེགས་པའི་བསྟན་ལས་གཞན་ཡོད་མིན། །དེས་ན་དེ་གསུང་ལས་འབྲས་དམ་པའི་ཆོས། །ཅི་ནུས་སྤྱོད་པ་གནད་ཀྱི་ཉམས་ལེན་སྟེ། །སྔོན་བྱོན་རྒྱལ་བ་སྲས་སློབ་ཀུན་གྱི་ཚུལ། །འདི་གཟིགས་ཐར་ལ་གཤེགས་པར་ངེས་བྱས་ནས། །སྔོན་འགྲོར་མིང་བཏགས་སྣང་ཆུང་འདི་མི་འཛིན། །ཉིན་མཚན་ཐུན་དྲུག་བསྒོམ་དགོས་ཆོས་མཆོག་ཡིན། །སྡུག་བསྔལ་རྒྱུན་ལས་སྒྲོལ་བའི་སྐབས་གནས་ནི། །མཚུངས་པ་གཞན་མེད་དཀོན་མཆོག་རིན་ཆེན་གསུམ། །འདི་ནས་བྱང་ཆུབ་བར་དུ་སྐྱབས་ཀྱི་ཡུལ། །རེ་གནས་གཅིག་པུར་ཁས་བླངས་བློ་ཐག་བཅད། །དེ་ཡང་སྐྱིད་དུས་རང་གི་ཕོ་སྒོ་དང་། །སྡུག་དུས་དཀོན་མཆོག་གསུམ་ལ་ཡུས་འཚོང་འདི། །མ་རབས་བྱིས་པ་རྣམས་ཀྱི་ངང་ཚུལ་ཏེ། །རང་ཅག་དམ་པའི་ལུགས་སུ་དེ་མི་སྤྱོད། །སྐྱིད་ན་བླ་མ་དཀོན་མཆོག་ཐུགས་རྗེར་ངེས། །སྡུག་ན་སྔོན་ལས་རྣམ་སྨིན་ལྷག་མ་སྟེ། །དེ་དག་ཀུན་ཀྱང་གཏད་མེད་སྒྱུ་མ་བཞིན། །ཤེས་པར་བྱ་བ་དམ་པའི་རིང་ལུགས་ཡིན། །ཁམས་གསུམ་འཁོར་བ་ལས་གྲོལ་ཐར་པ་ཡང་། །གཉིས་ཏེ་ཆུང་ངུ་རང་ཉིད་ཞི་བདེའི་འབྲས། །ཉན་རང་ཐེག་ཞེས་ངེས་འབྱུང་རྨ་མེད་ཙམ། །སྐྱེས་བུ་འབྲིང་པོའི་ལམ་དུ་མགོན་རྣམས་བཞེད། །ཕ་མའི་རང་བཞིན་ཁམས་གསུམ་སེམས་ཅན་རྣམས། །འཁོར་བའི་སྡུག་བསྔལ་དུ་མས་གཟིར་བ་ལ། །མི་བལྟ་རང་ཉིད་ཞི་བདེའི་ངོ་ཚ་ཆུང་། །ཁྲེལ་བོར་ཐ་ཆད་འདི་ཡིས་ཅི་ཞིག་བྱ། །ཞི་བའི་འགོག་པ་ལ་གནས་བགྲངས་ཡས་བསྐལ། །ཕ་མཐའི་བར་དུ་བྱང་ཆུབ་སྤྱད་སྤྱོད་པའི། །གེགས་འདི་རིང་སྤང་རྒྱལ་དང་དེ་སྲས་འཕགས། །ཀུན་གྱི་གསུང་ན་བློ་ཅན་སུ་ཞིག་འཇུག །ཀྱེ་ཧོ་གྲོགས་པོ་ཚུར་གཤེགས་ཐར་པའི་ལམ། །སྲིད་དང་ཞི་བའི་མཐའ་གཉིས་ལས་འདས་པ། །དོན་གཉིས་ལྷུན་གྲུབ་རྒྱལ་བའི་གནས་དམ་པ། །འདི་ལ་ལྷན་ཅིག་ཚངས་པར་མཚུངས་སྤྱོད་མཛོད། །སེམས་བསྐྱེད་ཆོ་གས་ལེན་པ་བཟང་མོད་ཀྱང་། །ཐེག་ཆེན་བསམ་པ་གཙོ་བོར་གྱུར་པ་ཡི། །དེས་ན་ལྷག་པའི་བསམ་པ་འབའ་ཞིག་པས། །མཐའ་ཡས་འགྲོ་ལ་ཕན་པ་རྟག་བསྒྲུབ་འཚལ། །མདོ་དང་ཤིང་རྟ་ཆེན་པོའི་གསུང་རྣམས་སུ། །སྨོན་འཇུག་བསླབ་བྱ་རྒྱ་མཚོ་ལྟར་གསུང་མོད། །མདོར་བསྡུས་སངས་རྒྱས་ལ་སྨོན་དེ་རྒྱུར་འཇུག །ཕྱིན་དྲུག་བསྡུ་དངོས་བཞི་ལ་འདུ་བར་རྟོགས། །འཕྲལ་དུ་དཀར་ནག་ཆོས་བརྒྱད་སྤངས་བླང་དང་། །ཕམ་པ་བཅོ་བརྒྱད་མ་གོས་པ་ཡང་གཅེས། །དོན་དམ་སེམས་བསྐྱེད་ཤེར་ཕྱིན་ཆོས་ཉིད་གཤིས། །དེ་ཉིད་རྟོགས་ཐབས་བསགས་སྦྱངས་ལས་ལ་འབད། །འོན་ཀྱང་ཕར་ཕྱིན་ལམ་གྱི་དབང་རྣོན་ནི། །བསྐལ་པ་གྲངས་མེད་གསུམ་ནས་འཚང་རྒྱར་བཞེད། །འཁོར་ལོ་གསུམ་པའི་ལམ་རིམ་འཇོག་བསྒོམ་ལུགས། །དེ་བས་ཀྱང་ནི་མྱུར་བར་འདོད་པའང་མཐོང་། །དབང་བརྟུལ་གྲངས་མེད་བསྐལ་པ་སོ་གསུམ་དང་། །སྨོན་ལམ་མཐུས་ནི་དེ་ལྟ་ཡང་མ་ངེས། །འདི་ཡི་ཚུལ་མང་མཐོང་དང་བཤེས་གཉེན་མཆོག །ཞལ་ལུང་ཞིབ་མོར་ཉན་པའང་གནད་དུ་ཆེ། །ཐེག་ཆེན་ཐུན་མིན་གསང་བ་སྔགས་ཀྱི་ལམ། །དེ་ཡི་མཐར་ཐུག་བླ་མེད་རྡོ་རྗེ་ཐེག །མྱུར་དེ་རྫོགས་པའི་ལམ་མཆོག་དེར་འཇུག་པར། །སྟོན་བྱེད་རྡོ་རྗེ་སློབ་དཔོན་མཚན་ལྡན་གཅེས། །དེ་ཡང་དབང་ཁྲིད་ལུང་གི་རྒྱུན་ཙམ་ལ། །འདྲེས་ཁྱེར་དམ་སེལ་མེད་པ་ཁོ་ནས་ཆོག །ཇི་བཞིན་འདྲེན་པ་ཉིད་དུ་བརྟེན་པ་ལ། །སངས་རྒྱས་འབྱུང་ནས་ཞལ་དང་ཐུགས་ཀྱི་སྒོར། །གནས་པ་ཉིད་ལས་གཞན་གྱི་ནུས་མིན་ཞེས། །དཔལ་ལྡན་དང་པོའི་སངས་རྒྱས་རྒྱུད་ནས་གསུངས། །འོན་ཀྱང་སྙིགས་དུས་སྐྱོན་ཡོན་འདྲེས་གྱུར་ཀྱང་། །ཡོན་ཏན་མང་ན་བླ་མར་བརྟེན་འོས་ཞེས། །ལག་ན་ཆུ་སྐྱེས་འཆང་བའི་མགོན་པོ་དེས། །དོན་དམ་བསྙེན་པའི་གཞུང་དུ་ལེགས་པར་གསུངས། །དེང་སང་མ་བརྟགས་གསར་ངེས་གྱ་ཚོམ་དབང་། །ཤས་ཆེར་སྤྱོད་ན་བཤད་ཚོད་ལས་ཅི་ཞིག །འཇིག་རྟེན་ཕལ་གྱི་ཞག་ཤས་གྲོགས་ལ་ཡང་། །བཟང་དང་ངན་ཞེས་ནན་ཏན་བརྟག་བྱེད་ན། །གཏན་བདེའི་ལམ་མཁན་རྩ་བའི་བླ་མ་གང་། །གྱ་ཚོམ་མ་ཡིན་བརྟག་དཔྱད་ཤིན་ཏུ་གཅེས། །སྔགས་ཀྱི་འཇུག་ངོགས་གཞི་རྟེན་སྨིན་བྱེད་དབང་། །རྒྱལ་བས་རྒྱུད་ནས་གསུང་བཞིན་གྲུབ་པའི་སྲོལ། །མ་ཉམས་ལྷག་ཆད་མེད་པར་མནོས་བྱས་ནས། །དེ་ཡི་བཅས་པ་སྙིང་གི་དཀྱིལ་དུ་གཅགས། །སྔགས་ཀྱི་ལམ་ལ་ཞུགས་པའི་སྲོག་རྩ་ནི། །མེད་ཐབས་མེད་པ་བླ་མའི་དམ་ཚིག་ཡིན། །བླ་མ་ལ་ཡང་རྩ་བ་ཡན་ལག་གཉིས། །རྩ་བའི་བླ་མ་སངས་རྒྱས་ཀུན་ལས་ལྷག །ཡན་ལག་ཀུན་ཀྱང་དེ་ཡི་སྤྲུལ་པར་བལྟ། །ཉིན་མཚན་མེད་པར་གསོལ་བ་ཕུར་ཚུགས་གདབ། །ཅི་མཛད་ལེགས་བལྟ་ཅི་གསུང་ཚད་མར་འཛིན། །དེ་ལ་མི་འདུ་དམ་ཚིག་འགའ་ཡོད་མིན། །ཡི་དམ་ལྷ་ཡང་བླ་མའི་སྒྱུ་འཕྲུལ་ཏེ། །མཁའ་འགྲོ་ཆོས་སྐྱོང་དེ་ཡི་རང་མདངས་ཙམ། །རྟག་ཏུ་ཤེས་བཞིན་བསྒོམ་སྒྲུབ་ལ་འབད་ན། །དངོས་གྲུབ་མྱུར་དུ་ཐོབ་ལ་སོམ་ཉི་ཅི། །སྔགས་ལམ་མདོར་བསྡུས་བསྐྱེད་རྫོགས་རིམ་པ་གཉིས། །སྐྱེས་སྦྱངས་མ་དག་དངོས་སྣང་འགོག་བསྐྱེད་རིམ། །གསལ་བརྟན་དག་པ་ལྡན་པའི་རྣལ་འབྱོར་གྱིས། །དཀྱིལ་འཁོར་འཁོར་ལོ་རག་སྦོམ་ཕྲ་གསལ་བ། །ཐུན་དང་ཉིན་ཞག་མཉམ་པར་བཞག་ནུས་ན། །ཐུན་མོང་གྲུབ་ཆེན་ཞག་ཟླས་ཉེར་འགྲུབ་ཅིང་། །ཐུན་མིན་ཕྱག་རྒྱ་ཆེ་ཡང་རིང་མིན་ཞེས། །རྡོ་རྗེ་ཅན་ཞབས་དཔལ་གྱི་མགུར་ནས་ཐོས། །རྫོགས་རིམ་ལ་ཡང་མཚན་བཅས་མཚན་མེད་གཉིས། །མཚན་བཅས་ཡིག་འབྲུ་ཐིག་ལེ་རླུང་སྦྱོར་སོགས། །ཉེར་བརྟེན་བོད་འདིར་ཆོས་དྲུག་རིགས་གཉིས་དང་། །ལམ་འབྲས་ལ་སོགས་སྔགས་ཀྱི་མྱུར་ལམ་མང་། །མཚན་མེད་དབང་བཞིའི་ཡེ་ཤེས་རྒྱ་བོད་དུ། །འདོད་ཚུལ་མང་མོད་རེ་ཞིག་བོད་ཡུལ་འདིར། །ཞི་བྱེད་གཅོད་ཡུལ་མདའ་སྣུན་ལུགས་ཕྱག་ཆེན། །རྫོགས་ཆེན་སེམས་ཀློང་གསང་སྐོར་རྣམས་ལ་བཞག །གང་ལྟར་རང་རིག་ཟབ་གསལ་བདེ་བ་ཆེ། །མངོན་སུམ་རྟོགས་ན་བཞི་པའི་ཡེ་ཤེས་ཡིན། །དེ་ཡང་ཟབ་མོའི་ཕྱོགས་ནས་གཞལ་བ་ན། །ཕར་ཕྱིན་ལྟ་བའི་ཁྲིད་དང་ཤིན་ཏུ་མཐུན། །མི་འགྱུར་བདེ་ལམ་སྔགས་ཀྱི་ཁྱད་པར་ཆོས། །གསལ་བ་དཀྱིལ་འཁོར་འཁོར་ལོས་ཡང་ནི་སོ། །འཕགས་ཀླུའི་རིམ་ལྔ་ཡེ་ཤེས་ཞབས་གྲོལ་ཐིག །དུས་འཁོར་སྦྱོར་དྲུག་རྫོགས་ཆེན་ཡང་གསང་གི །བཞི་པའི་ལམ་རྣམས་སངས་རྒྱས་ཀྱི་ཡེ་ཤེས། །བཞུགས་ཚུལ་ཉིད་དང་མཐུན་པར་ངེས་ཤེས་སྐྱེས། །འདི་དོན་ཞིབ་མོར་བླ་མའི་ཞལ་ལུང་ལས། །དཔེ་ཀློག་འཕྲིན་བསྐུར་ཙམ་གྱིས་ནུས་མ་ཡིན། །མདོ་རུ་གཞན་གྱིས་བརྗོད་མི་ལྷན་ཅིག་སྐྱེས། །ཡེ་ཤེས་དེས་ནི་བླ་མའི་བྱིན་རླབས་མཐུ། །ནམ་ཞིག་སྙིང་ལ་ཞུགས་པར་གྱུར་པའི་ཚེ། །མངོན་སུམ་བྱེད་ལས་དཔེ་ཚིག་སྤྱོད་ཡུལ་མིན། །རྒྱུད་དོན་མཁས་པས་བཞག་པ་དེ་ལྟ་ཡང་། །རྟོགས་ལྡན་རྣལ་འབྱོར་རྣམས་ཀྱི་གླེན་ཚིག་ཏུ། །རྩ་བའི་བླ་མར་སྙིང་ནས་གུས་པ་ཡི། །ཕུར་ཚུགས་གསོལ་འདེབས་ཁམས་འདུས་རྗེས་ཤེས་སུ། །དུས་གསུམ་རྣམ་པར་རྟོག་པས་མ་བསླད་པའི། །རང་རིག་རྗེན་པ་ས་ལེ་སིང་ངེ་བ། །རང་བབ་གཉུག་མའི་ངང་དུ་གནས་པ་འདི། །བསྒོམ་མེད་ཡེངས་མེད་ངང་དུ་བསྐྱང་ནུས་ན། །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །སེམས་ཉིད་ཆོས་ཀྱི་སྐུ་རུ་ངོ་སྤྲད་ཞེས། །ཚིག་ལ་མཁས་རྣམས་མགུའམ་མི་མགུ་རུང་། །ངེད་ཅག་རྣལ་འབྱོར་རྣམས་ཀྱི་ཉམས་ལེན་ཡིན། །དེ་ཡང་ཚིག་དང་གོ་ཉམས་རྟོགས་པ་བཞི། །མ་འདྲེས་སོ་སོར་སྤུ་རིས་འབྱེད་པ་གཅེས། །ཚིག་ཙམ་ཁོ་ནའི་རྗེས་བཟློས་ནེ་ཙོའི་དཔེ། །གོ་བ་མ་བསྒྲོད་ཡུལ་བཀོད་ཐོས་སེམས་བཞིན། །ཉམས་མྱོང་ཡུལ་བཀོད་ཤོག་ཁྲ་མཐོང་སེམས་ཙམ། །རྟོགས་པ་མངོན་སུམ་མིག་གི་སྤྱོད་ཡུལ་བཞིན། །ཚིག་ཙམ་འདྲ་ཡང་རང་གི་སེམས་ཐོག་ཏུ། །བཞག་ཚེ་དེ་རྣམས་ཁྱད་པར་ཤིན་ཏུ་ཆེ། །འོན་ཀྱང་གནས་ལུགས་ཉམས་ལེན་སྙིང་པོ་ལ། །བསྒོམ་འདོད་བློ་ཡིན་ཡེངས་དབང་འཁྲུལ་པ་ཉིད། །གནས་དང་འགྱུ་ལ་དགག་བསྒྲུབ་རེ་དོགས་གཟབ། །དེས་ན་རང་བབ་མ་ཡེངས་ཙམ་སྐྱོངས་གནད། །རྣམ་རྟོག་རགས་སྦོམ་ཕྲ་བ་མི་སློང་བར། །གནས་ཉམས་ཙམ་གྱི་ཐར་ལ་འགྲོ་མིན་གྱི། །དེས་ན་རགས་སྦོམ་ཕྲ་བའི་སྤུ་རིས་གང་། །ལེགས་པར་འབྱེད་ནས་ལམ་དུ་སློང་བ་འདི། །དུས་འདིར་དུས་གསུམ་རྒྱལ་ཀུན་འདུས་པའི་ཞལ། །བདག་གི་རྩ་བའི་བླ་མ་རྡོ་རྗེ་ཅན། །གང་གི་བྱིན་རླབས་གསུང་གི་ཆ་ཕྲ་མོ། །སྙིང་ལ་གནས་པ་ཁྱེད་ལ་བརྩེ་བས་གདམས། །དེང་དུས་གནས་ཉམས་བན་བུན་སྐྱེས་པའམ། །རྦད་གཤོད་རྩིང་ཧྲལ་ཙམ་ལ་ཡིད་མགུ་ན། །བདག་གིས་གཙིགས་སུ་བཟུང་ནས་ཕྲ་མོའི་གནས། །འདི་ཡི་ཅི་བྱ་རང་ཉིད་ངལ་བར་ཟད། །འོན་ཀྱང་ཉིད་ནས་དག་པའི་སྣང་བ་ཡིས། །ཞལ་གདམས་དགོས་ཞེས་གསུང་གིས་བསྐུལ་བ་ན། །གལ་འགག་ཟབ་གནད་འགའ་ཞིག་མདོར་བསྡུས་ནས། །འདི་རུ་གསོལ་ལ་ཉེས་པ་མེད་པར་སེམས། །དེ་སྐད་ལག་ན་པདྨོའི་གདུལ་བྱའི་ཞིང་། །རྡུལ་དཀར་རབ་བརྒྱན་དབྱིག་འཛིན་དཀྱིལ་འཁོར་ལ། །དབང་བསྒྱུར་གྲུ་འཛིན་བདག་པོ་རྒྱལ་བ་མཆོག །འཇིག་རྟེན་མགོན་པོ་སྐལ་བཟང་རྒྱ་མཚོ་ཡི། །ཞབས་པད་ཉེ་བར་བསྙེན་པ་དགེ་བའི་བཤེས། །འཕྱོངས་རྒྱས་རི་བོ་བདེ་ཆེན་མཁན་པོ་ཆེ། །སྡེ་སྣོད་འཛིན་པ་བསྟན་འཛིན་རྒྱ་མཚོ་ཡིས། །གསུང་ངོ་མ་ལྕོག་ཙམ་དུ་ཞལ་གདམས་ཚུལ། །ཕྱོགས་མེད་རྒྱལ་ཁམས་ཀུན་སྤྱོད་བྱ་བྲལ་བ། །རྒྱ་བལ་བོད་ཡུལ་ཀུན་ཏུ་གྲགས་གྱུར་མིང་། །རིག་འཛིན་ཚེ་དབང་ནོར་བུ་ཞེས་པ་ཡིས། །རབ་བྱུང་བཅུ་གསུམ་སྐྱེས་བདག་ལོ་གསར་འཆར། །དཀར་ཕྱོགས་དགེ་བའི་དུས་ཚེས་བཟང་པོ་ལ། །གྲུབ་པའི་བསྟི་གནས་སྟོད་ལུང་མཚུར་ཕུ་རུ། །གང་ཤར་ཆུ་བབ་ཐུན་གཅིག་ལ་གྲུབ་པར། །སྨྲས་འདི་དགེ་ལེགས་འཕེལ་བའི་བཙས་གྱུར་ཤོག །དགེའོ། །དགེའོ། །སརྦ་མངྒ་ལཾ།

༈ གདམས་མགུར་ཕུན་ཚོགས་ཟླ་བ།

སྭཱ་སྟི། དུས་གསུམ་རྒྱལ་བ་ཀུན་གྱི་རང་གཟུགས་མཆོག །དྲན་པས་སྲིད་ཞིའི་རྒུད་པ་ཡོངས་སེལ་མགོན། །རྩ་བའི་བླ་མ་བདེ་ཆེན་གླིང་པ་དེ། །སྤྱི་བོར་དྲན་བཞིན་ཁྱོད་ལ་འདི་སྐད་སྨྲ། །དལ་འབྱོར་རྟེན་བཟང་ཐོབ་འདི་རྙེད་དཀའ་ན། །དོན་མེད་སྟོང་ཟད་ངང་དུ་མ་སོང་གཅེས། །འཆི་བདག་བདུད་པོ་ནམ་ཡོང་ཆ་མེད་ཀྱི། །དགེ་བའི་ལས་ལ་སྔ་འགྲོས་ཆུབ་པ་གཅེས། །ལས་འབྲས་འདི་ནི་ནམ་ཡང་མི་བསླུ་བས། །དགེ་སྡིག་འདོར་ལེན་སྙིང་ནས་འབད་པ་གཅེས། །གཏན་གྱི་འདུན་མ་དམ་པའི་ལྷ་ཆོས་ཏེ། །མཐར་ཐུག་སངས་རྒྱས་ལམ་ལ་འབད་པ་གཅེས། །བག་མེད་རྣམ་གཡེང་དབང་དུ་མ་སོང་བར། །ཆོས་སྤྱོད་བཅུ་ལ་ཅི་ནུས་འབད་པ་གཅེས། །མ་དག་དངོས་སྣང་འགོག་པ་བསྐྱེད་རིམ་སྟེ། །ལྷག་པའི་ལྷ་ཡི་སྐུ་ལ་སེམས་གཏད་གཅེས། །བར་ཆད་ཞི་ཞིང་སྒྲིབ་པ་སྦྱངས་པའི་མཆོག །ཡི་དམ་རིགས་སྔགས་བཟླ་བའང་མཆོག་ཏུ་གཅེས། །ཆོས་རྣམས་ཀུན་གྱི་སྙིང་པོར་གྱུར་པ་ནི། །བླ་མའི་དམ་ཚིག་ཡིན་པས་སྲོག་ལྟར་གཅེས། །དེ་ཡང་རྫོགས་སངས་རྒྱས་ལ་ཡིད་ཆེས་པའི། །དད་པ་བརྟན་པོ་སྙིང་གི་དཀྱིལ་ནས་གཅེས། །བྱང་སེམས་བསླབ་པ་གཞན་ཕན་པ་འབའ་ཞིག་སྟེ། །རྟག་ཏུ་བྱམས་དང་སྙིང་རྗེ་བསྒོམ་པ་གཅེས། །དེ་འདྲ་བརྗོད་ན་མཛད་པའི་མཐའ་མེད་པས། །མདོ་དོན་སྙིང་པོ་རེ་ཞིག་དེ་ཙམ་བཟུང་། །དེ་སྐད་མངའ་རིས་ཕྱོགས་ནས་དད་པ་ཅན། །ཕུན་ཚོགས་ཟླ་བས་ལན་གྲངས་ཡང་ནས་ཡང་། །གསོལ་བ་བཏབ་པའི་ངོ་དགའ་མ་བསྐྱུང་བར། །རྒྱལ་ཁམས་པར་གྱུར་རིག་པ་འཛིན་པ་དེས། །ལྷག་པའི་བསམ་པས་ཅུང་ཟད་སྨྲས་པ་འདིའི། །དགེ་བས་ཁྱེད་ཀྱང་བྱང་ཆུབ་འབྲས་སྨིན་ཤོག །སརྦ་མངྒ་ལཾ།

༈ གདམས་བསྡུས་ཨུཏྤལ་དཀར་པོ།

སྭཱ་སྟི། དད་པས་བདག་ལ་ཡང་ཡང་འདུད་བྱེད་པ། །བློ་གསལ་ཉི་མ་རྡོ་རྗེའི་འཕྲིན་ཡིག་སོན། །གྲངས་མེད་རྩྭ་ལྡུམ་དབུས་ནས་དལ་འབྱོར་གྱི། །ཨུཏྤལ་དཀར་པོ་རྙེད་པ་ད་རེས་ཙམ། །བག་མེད་རྣམ་གཡེང་སད་ལ་མ་བསྐུར་བར། །བསྐྱེད་རྫོགས་རྩེ་གཅིག་བསྒོམ་པ་དོན་ལྡན་ཡིན། །མི་བཟད་ནད་ནི་སྔོན་གྱི་ལས་ཡིན་པས། །སྙིང་ནས་དམ་ཆོས་བསྒྲུབ་ན་བསྐུལ་མ་ཡིན། །ལས་ཀྱིས་བསྡུས་པའི་གདོན་རིགས་འབྱུང་པོ་ཡང་། །སྙིང་རྗེ་གཏིང་ནས་སྐྱེས་ན་གྲོགས་སུ་འགྱུར། །བླ་མ་མི་རུ་བཟུང་བའི་འཛིན་ཚུགས་དང་། །དད་པ་ལྟེམ་རྐྱང་ཅན་ལ་དངོས་གྲུབ་མེད། །དེས་ན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །བླ་མ་སངས་རྒྱས་མོས་གུས་ལྟེམ་རྐྱང་སྤངས། །ལྷ་དང་བླ་མ་དབྱེར་མེད་ངོ་ཤེས་ནས། །ཡི་དམ་བསྒོམ་བཟླས་འདི་ཕྱིའི་དོན་ཆེན་འགྲུབ། །ཁྲོ་འཁྲུག་སེམས་ཀྱི་དྲག་སྔགས་མང་ན་ཡང་། །གནས་སྐབས་རྐྱེན་སེལ་འགྱུར་སྲིད་གཏན་བདེ་མིན། །དེས་ན་གཏན་གྱི་བདེ་བ་ལ་དམིགས་ནས། །བྱང་ཆུབ་སེམས་བསྐྱེད་ཡི་དམ་བསྒོམ་བཟླས་འབད། །བདག་ལ་སྙིང་ནས་མོས་གུས་སྐྱེས་གྱུར་ན། །མོས་པའི་རང་ངོ་རང་རིག་རྗེན་པར་ལྟོས། །དེ་མཐོང་རང་རིག་བླ་མའི་ངོ་བོར་ཤར། །ལམ་ཟབ་བླ་བསྒྲུབ་སྙིང་པོ་དེ་རང་ཡིན། །ཚིག་ཚོགས་མང་པོ་སྤྲོས་ན་ཟད་མཐའ་མེད། །ཉམས་ལེན་སྙིང་པོར་བསྡུ་ན་དེ་ལ་འདུ། །དེ་སྐད་སངས་རྒྱས་ཐོག་སྟོན་གྱི་དབོན་རིགས། །སྐྱིད་རོང་ཚོང་འདུས་བླ་མ་ཉི་རྡོར་བ། །ནད་གདོན་གྱིས་གཙེར་དེ་ལ་བརྩེ་སེམས་ཀྱིས། །ཕྱོགས་བྲལ་ནམ་མཁའི་རྣལ་འབྱོར་རྒྱལ་ཁམས་པ། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ཡིས། །ལྷ་མོ་སྒང་ནས་སྤེལ་བའི་ལི་ཁི་ཏམ། །སརྦ་མངྒ་ལཾ།

༈ གདུང་སེལ་སཱ་ལའི་བསིལ་གྲིབ།

སྭཱ་སྟི། སྲིད་པའི་དྲྭ་བ་མཐའ་དག་ཡོངས་གཅོད་ཅིང་། །ཞི་བའི་མལ་སར་རྣལ་བར་མི་མཛད་པ། །གཉིས་མེད་གསུང་བ་རྫོགས་པའི་སངས་རྒྱས་ལ། །རྟག་ཏུ་ཕྱག་འཚལ་ཀུན་ཏུ་དགེ་ལེགས་སྩོལ། །རིགས་རུས་རྣམ་དག་སྐྱེ་ཤིང་འཕྲེང་བའི་དབུས། །མངོན་མཐོ་སཱ་ལའི་ཤིང་འདྲ་ལྕེ་ཡི་གདུང་། །ལུགས་གཉིས་མཁྱེན་དཔྱོད་ལྡན་པ་སྤྲུལ་པའི་སྐུ། །གང་དེའི་ཐུགས་ངལ་གསོ་ཕྱིར་འདི་སྐད་གསོལ། །འདུས་བྱས་ཆོས་རྣམས་ཐམས་ཅད་མི་རྟག་པའི། །ངེས་པར་རྒྱལ་བ་སྲས་བཅས་ཀུན་གྱིས་གདམས། །དེས་ན་མི་རྟག་པ་ཡི་ངང་ཚུལ་གང་། །ཇི་བཞིན་དྲན་པར་བྱ་སྟེ་དེ་ཡི་ཚུལ། །ཡུལ་ལྗོངས་མི་རྟག་དྲི་ཟའི་གྲོང་ཁྱེར་འདྲ། །འདུས་ཚོགས་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །ནང་མི་མི་རྟག་ཐོ་རངས་སྐར་མ་འདྲ། །ཕ་མ་མི་རྟག་ཚེས་གསུམ་ཟླ་བ་འདྲ། །རང་ཉིད་མི་རྟག་ཐལ་གྲང་མེ་སྟག་འདྲ། །ལོངས་སྤྱོད་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །རྗེ་དཔོན་མི་རྟག་སྟོན་གཞུག་མེ་ཏོག་འདྲ། །མངའ་ཐང་ཐོབ་ཤོར་མིག་མངས་རྩེ་བ་འདྲ། །སྙན་པའི་གཏམ་ནི་བྲག་ཆ་ཡལ་བ་འདྲ། །བདེ་བའི་གོ་སྐབས་མུན་ཁུང་གློག་འཁྱུག་འདྲ། །སྡུག་བསྔལ་འཛད་མེད་ཆུ་ཡི་གཉེར་མ་འདྲ། །གཏམ་གསར་མང་པོ་སོལ་མེའི་འགར་སྦུད་འདྲ། །ཇི་ལྟར་སྣང་ཀུན་བདེན་མེད་སྒྱུ་མ་འདྲ། །གང་ལྟར་སྣང་ཡང་རྨི་ལམ་སད་ཁ་འདྲ། །འཁོར་བའི་མཚན་ཉིད་ཀུན་ནས་སྡུག་བསྔལ་ཞིང་། །བྱེ་བྲག་སྙིགས་མ་ལྔ་བདོའི་མཐར་ཐུག་འདིར། །བསམ་བཞིན་སྐྱོ་བ་སྐྱེ་ལས་གཞན་མེད་ན། །དམ་པའི་ཆོས་ལ་རྩེ་གཅིག་གཞོལ་བར་འོས། །དེས་ན་གནས་དུས་འགྱུར་བ་ཆེ་བའི་སྐབས། །ཡབ་རྗེ་གཤེགས་པ་ཤིན་ཏུ་མ་ལེགས་ཀྱང་། །ཀུན་རྫོབ་ཆོས་ཀུན་མི་རྟག་མཚན་ཉིད་དུ། །ཤེས་བཞིན་ཐུགས་ངལ་རིང་དུ་སྤོང་བར་མཛོད། །འཁོར་བའི་མངོན་མཐོ་ཀིམ་པའི་འབྲས་བུ་བཞིན། །འཕྲལ་དུ་བདེ་ཡང་ནམ་ཕུགས་སྡུག་བསྔལ་རྒྱུ། །གང་ལ་བལྟས་ཀྱང་སྙིང་པོ་མི་འདུག་པས། །གཏན་བདེའི་འདུན་མ་དམ་པའི་ལྷ་ཆོས་ལ། །སྙིང་ནས་འབད་པའི་བསྐུལ་མ་ཉིད་ལ་ལྟོས། །སྙིགས་མའི་དུས་སྐྱེས་ཆུ་བུར་ལྟ་བུའི་ལུས། །མྱུར་དུ་འཇིག་པར་འགྱུར་བ་སྨོས་ཅི་འཚལ། །བསོད་ནམས་མཐུ་ལྡན་འཁོར་ལོའི་བསྒྱུར་རྒྱལ་དང་། །ཚངས་དང་བརྒྱ་བྱིན་རྣམས་ཀྱང་མི་རྟག་ལ། །དེ་བས་ཆེས་མཆོག་རྫོགས་པའི་སངས་རྒྱས་ཀྱི། །མཚན་དཔེ་རྡོ་རྗེའི་སྐུ་ཡང་བརྟུལ་མཛད་ན། །ལུས་ཅན་འགྲོ་བ་གཞན་རྣམས་སྨོས་ཅི་འཚལ། །སངས་རྒྱས་རྣམས་ཀྱི་ངེས་དོན་ཆོས་དབྱིངས་ཞིང་། །འཐུག་པོ་བཀོད་པར་རྟེན་འགྱུར་ལོངས་སྤྱོད་རྫོགས། །བརྟེན་པ་ཆོས་སྐུ་སྐུ་དང་ཡེ་ཤེས་ཚུལ། །ཟུང་འཇུག་བྲལ་མིན་རྒྱལ་བ་གང་དེ་ལས། །གཞན་གྱུར་མཐའ་དག་མི་རྟག་ཚུལ་ཅན་ཏེ། །དེས་ན་རྟག་བརྟན་བདེ་བ་སིབ་པའི་གནས། །གང་གི་གོ་འཕང་སྒྲུབ་ལ་སྙིང་ཁམས་ཀྱི། །བརྩོན་པར་བསྐྱེད་དུས་འདི་ལ་འབད་པར་རིགས། །དེས་ན་ཚེ་འདིའི་བདེ་སྡུག་སྣང་བ་ཀུན། །ཡལ་ཡུད་རྨི་ལམ་སྒྱུ་མ་ཉིད་དུ་མཚུངས། །དེ་ལ་ཞེན་པར་བྱ་བའི་གནས་མིན་གྱི། །བདེན་མེད་འཛིན་མེད་ངང་དུ་ལམ་འཁྱེར་འབད། །ཆོས་རྣམས་ཀུན་གྱི་མཐར་ཐུག་སྙིང་བོའི་སྲོག། །བསླུ་མེད་ལས་འབྲས་ཉིད་ལ་ཡིད་ཆེས་ཤིང་། །གཞན་ཕན་ལྷག་བསམ་རྒྱ་ཆེན་གཞི་རུ་འདིང་། །བླ་མར་མོས་གུས་དམ་ཚིག་སྲོག་ཕུར་བཏབ། །གནམ་ས་གོ་ལྡོག་རྒྱ་མཚོའི་ལྟོ་འཁྲུག་ཀྱང་། །རྩ་བའི་བླ་མ་མཆོག་གསུམ་ཡོངས་མི་སྤོང། །མ་བརྗེད་སྙིང་གི་དབུས་སུ་ཝ་ལེར་བསྒོམ། །དེས་ནི་གཏན་བདེ་བྱང་ཆུབ་ལམ་རྐང་ཚུགས། །ཆོས་རྣམས་ཀུན་གྱི་མཐར་ཐུག་སྐྱེལ་སོ་ནི། །བླ་མར་མོས་གུས་གནད་དུ་བསྣུན་པའི་ཚེ། །བྱིན་རླབས་སྙིང་ལ་ཞུགས་པས་རང་མདངས་སུ། །ཆོས་ཉིད་གདོད་མའི་གནས་ལུགས་ཆོས་ཀྱི་སྐུ། །རང་རིག་སྟོང་གསལ་འཛིན་པ་ཀུན་ལས་འདས། །སངས་རྒྱས་ཀྱིས་ཀྱང་གཟིགས་མིན་སྟོང་པ་ཉིད། །འཁོར་འདས་མཐའ་དག་འཆར་གཞི་འོད་གསལ་གཤིས། །གང་དེ་ཕྱོགས་སུ་བསླན་པ་ཉམས་མྱོང་དང་། །ཕྱོགས་ཆ་མཐོང་བ་རྟོགས་པའི་ཐ་སྙད་དེ། །ས་ལམ་གོང་བགྲོད་མཐར་ཐུག་སངས་རྒྱས་ཀྱང་། །འདི་ཉིད་མངོན་དུ་གྱུར་ལས་གཞན་ཡོད་མིན། །གཏན་བདེ་འཆི་མེད་གནས་འདི་ལ་འབད་འཚལ། །རྒྱལ་གསུང་བརྒྱད་ཁྲི་བཞི་སྟོང་ཆོས་ཀུན་ཡང་། །མཐར་ཐུག་སྙིང་པོར་དྲིལ་པ་འདི་ལས་མེད། །དེས་ན་དལ་འབྱོར་ཐོབ་དཀའ་འཇིག་སླ་བ། །ཡུད་ཙམ་སྐབས་འདིར་གཏན་གྱི་བདེ་བ་མཆོག །གྲུབ་པའི་ལས་ལ་སྙོམ་ལས་མ་ཡིན་པར། །དེ་དོན་བརྩོན་འགྲུས་བསྐྱེད་པའི་དུས་ལ་བབས། །དེ་ལྟའི་ངང་ཚུལ་མཆོག་ལ་ཞུགས་ཙ་ན། །གཏན་རྗེ་ཕ་མཆོག་རྩ་བའི་བླ་མ་ཡིན། །གཏན་གྱི་མ་མ་མ་མོ་མཁའ་འགྲོ་ཡིན། །གཏན་གྱི་གྲོགས་པོ་ཆོས་སྐྱོང་དམ་ཅན་ཡིན། །གཏན་གྱི་འདུན་མ་ཐར་པའི་ལམ་བཟང་ཡིན། །གཏན་གྱི་ནོར་སྐལ་འཕགས་པའི་ནོར་བདུན་ཡིན། །དེས་ན་སེམས་ཀྱི་རི་དྭགས་འཕྲལ་བདེ་ཡི། །སྨིག་སྒྱུར་མ་ཞེན་གཏན་བདེའི་ལམ་མཆོག་ལ། །འཇུག་པར་མཛོད་ཅིག་སྐལ་ལྡན་སྙིང་གི་བུ། །དམ་པ་ཁྱོད་ལ་ཁོ་བོས་འཕྲིན་དུ་གདམས། །དེ་སྐད་ས་ལ་སྤྱོད་པའི་འོག་མིན་མཆོག །དཔལ་ལྡན་མཚུར་ཕུ་ཕོ་བྲང་གནྡྷོ་ལ། །འཇིག་རྟེན་དབང་ཕྱུག་མཆོག་གི་བསྟི་གནས་ནས། །ཕྱོགས་མེད་རིས་མེད་སྤྲང་པོ་བྱ་བྲལ་བ། །དཔལ་ལྡན་རིག་འཛིན་ཚེ་དབང་ནོར་བུ་ཡིས། །བཅོ་བརྒྱད་ཆོས་རྗེ་ན་ལེནྟྲ་པ་ཡི། །ཡབ་རྗེ་གཤེགས་པའི་ཐུགས་ངལ་སེལ་བྱེད་དུ། །གང་ཤར་གསོལ་འདིས་དགེ་ཚོགས་འཕེལ་འགྱུར་ཤོག །སརྦ་མངྒ་ལཾ།

༈ དགའ་བའི་གླུ་དབྱངས།

སྭཱ་སྟི། བླ་མ་བརྒྱ་ཡོད་སྟོང་ཡོད་ཀྱང་། །རང་སེམས་ངོ་སྤྲོད་བླ་མའི་མཆོག །སློབ་མ་བརྒྱ་ཡོད་སྟོང་ཡོད་ཀྱང་། །སེམས་ངོ་འཕྲོད་པ་སློབ་མའི་མཆོག །སྡོམ་པ་གསུམ་ཞེས་གྲགས་པ་ཡང་། །ཚུལ་ཁྲིམས་ནང་ནས་སེམས་གཙོ་ལ། །བྱང་སྡོམ་དོན་དམ་སེམས་བསྐྱེད་གཙོ། །དབང་བསྐུར་ནང་ནས་བཞི་པ་གཙོ། །དེས་ན་གནས་ལུགས་ཉམས་ལེན་གནད། །མདོ་ནི་སྡོམ་གསུམ་རྩ་བ་སྟོང་། །དབང་བསྐུར་རྒྱུད་བཤད་མན་ངག་ཅེས། །གསང་སྔགས་མཁན་ལ་གྲགས་ཆེ་བ། །དེ་ཡང་དབང་ནི་དོན་དབང་གཙོ། །དོན་དབང་སེམས་ཕྱོགས་ཉམས་ལེན་ཡིན། །རྒྱུད་བཤད་པ་ཡང་མཐར་ཐུག་པ། །ཉམས་ལེན་སེམས་ཀྱི་འདྲིལ་ཐབས་ཡིན། །མན་ངག་དེ་ཡི་ལམ་སྟོན་དངོས། །དེ་ཕྱིར་ཆོས་ཀུན་སེམས་ལ་འདུ། །དེས་ན་རང་ཤར་ཕྱག་རྒྱ་ཆེ། །དེ་ལ་སྙིང་ནས་གུས་པར་བགྱི། །རང་ཤར་ཕྱག་རྒྱ་ཆེན་པོ་ཡང་། །ད་ལྟའི་ཤེས་པ་ས་ལེ་བ། །ངོས་བཟུང་མེད་ལ་ངོ་ཤེས་ཡོད། །དེ་ག་རྟག་ཏུ་སྐྱོང་བ་ལས། །ཕྱག་རྒྱ་ཆེ་ཞེས་དོན་གཞན་མེད། །དེ་ཕྱིར་དེ་ལ་ཡང་དག་འབད། །དེ་ཡི་རྩ་བ་བླ་མ་ཡི། །མོས་གུས་ལྟེམ་རྐྱང་མེད་པ་གཅེས། །ཚུལ་འདི་གནད་ལ་འཁེལ་ནུས་ན། །ཆོས་གཟུགས་ཙམ་ལ་རག་མ་ལས། །མཁས་དང་གོ་འཕང་ཆེ་རྣམས་ཀྱང་། དོན་འདི་མ་རྟོགས་སྟོང་ཡོད་ངེས། །དེས་ན་བདག་གི་རྗེས་འཇུག་བུ། །གསེར་རམ་ཟ་འོག་རས་མ་བཞིན། །ངེས་དོན་སྙིང་པོའི་ལམ་བཟང་ལ། །དགའ་བའི་གླུ་དབྱངས་ལེན་ཀྱིན་ཤོག །

ཞེས་དད་པ་ཅན་པྲ་ཏིཥྛ་ཀྵ་རའི་ངོར་སྐྱིད་གྲོང་རང་བྱུང་འཕགས་པའི་འདབས་སུ་དཔལ་གདོང་ཆུ་བྱ་རྒྱུད་རྩིས་བཤོལ་མེད་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཐོབ་པ་དང་པོའི་ཐུན་མཚམས་སྐད་ཅིག་མར་རིག་པ་འཛིན་པ་ཚེ་དབང་ནོར་བུའི་ཡང་དག་པར་བརྗོད་པ་དགེའོ། །སརྦམངྒ་ལཾ།

༈ རི་ཁྲོད་པ་འོད་གསལ་ཟླ་བ་ལ་གདམས།

རྒྱལ་བས་གསུང་པའི་ཆོས་ཀྱི་གྲངས། །རྒྱལ་བ་ཉིད་ལས་སུ་ཡིས་རྟོགས། །ཆོས་ཀུན་བསྡུ་ན་སྙིང་པོ་ནི། །མདོ་སྔགས་ཐེག་པ་གཉིས་ལ་འདུ། །དེ་ཡང་སྙིང་པོར་དྲིལ་ན་སྔགས། །དེ་ཡི་རྩ་བ་བླ་མར་རག །དེས་ན་དེ་ལ་གསོལ་བ་ཐོབ། །དེ་ཡི་བྱིན་རླབས་ཞུགས་པ་ན། །གཅིག་ཤེས་ཀུན་གྲོལ་ཞེས་བྱ་བའི། །རང་སེམས་རང་བཞིན་འོད་གསལ་རྟོགས། །དེ་དང་སྙིང་རྗེ་ཟུང་འཇུག་སྤྱོད། །དེས་ནི་རྒྱལ་བའི་གོ་འཕང་ཐོབ། །

ཞེས་པ་ཡང་ཚེ་དབང་རིག་འཛིན་པདྨ་ཀའི་ཕོ་ཉར་གྱུར་པ་དེས་སོ། །མངྒ་ལཾ།

༈ མགུར་བསྡུས་བླ་མ་ཆོས་སྐུ།

སྭཱ་སྟི། བླ་མར་མོས་གུས་གནད་དུ་གྱུར་པ་ན། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་གསུམ་རྫོགས། །སྒོ་གསུམ་གུས་པའི་སྤྱོད་པ་རྩོམ་པ་འདི། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་མན་ངག་རྫོགས། །བླ་མའི་སྐུ་གསུང་ཐུགས་སུ་ལམ་ཁྱེར་བ། །བླ་མེད་རྒྱུད་སྡེའི་དགོངས་པ་ཡང་ཏིག་ཡིན། །མདོར་ན་ཐེག་པ་རིམ་དགུའི་ཆོས་རྣམས་ཀུན། །བླ་མའི་རྣལ་འབྱོར་དག་ལ་མ་འདུས་མེད། །དེ་ཡང་ཅི་མཛད་ལེགས་མཐོང་ཅི་གསུང་ཉན། །མོས་གུས་འཕེལ་འགྲིབ་མེད་པ་ཁོ་ནར་འདུ། །མཐར་ཐུག་སྙིང་པོ་རང་རིག་ངོ་བོ་གང་། །དཔེ་མེད་བསམ་བྲལ་ཟབ་གསལ་བདེ་བ་ཆེ། །འདི་ཀ་བླ་མའི་ངོ་བོར་གོ་ཡུལ་ཙམ། །མ་ཡིན་སྙིང་གི་དཀྱིལ་ནས་ནམ་རྟོགས་ཚེ། །རང་སེམས་ངོ་ཤེས་བླ་མ་ཆོས་སྐུ་ཞེས། །རྣལ་འབྱོར་རྒད་པོ་རྣམས་ཀྱིས་རླུང་ལྟར་བསྒྲགས། །དེས་ན་དོན་གཉེར་སྐྱེ་བོ་མཐའ་དག་ཀྱང་། །ལམ་མཆོག་ངེས་པ་དེ་ལ་འཇུག་བྱ་ཡིན། །དེ་ཕྱིར་ཐར་འདོད་ཁྱོད་ཀྱང་དམ་པ་ཡི། །གདམས་པ་ཇི་བཞིན་ཉམས་སུ་བཟུང་བར་འོས། །དེ་སྐད་སྙིང་ནས་གུས་པའི་དཔལ་འཛིན་པ། །ཨ་འཐས་རྗེ་བཙུན་གང་གི་དད་པའི་གསོས། །རིག་འཛིན་ཚེ་དབང་ནོར་བུས་བརྗོད་པ་ཡིན། །མངྒ་ལཾ།

༈ གདམས་བསྡུས་རིན་ཆེན་དོན་ཡོད།

སྭཱ་སྟི། ངེས་པར་བྱུང་བའི་བསམ་པ་མ་སྨད་ཅིང་། །དོན་བསྒོམ་མཆོག་ལ་ཞུགས་པའི་རྣལ་འབྱོར་པ། །བོད་ཆེན་ཕྱོགས་སྐྱེས་རིན་ཆེན་དོན་ཡོད་ཀྱི། །ཉམས་ལེན་རྟོགས་པ་ཕུལ་ལ་ལན་འདི་གསོལ། །རྒྱལ་བས་གསུང་པ་བརྒྱད་ཁྲི་བཞི་སྟོང་ཆོས། །ཀུན་གྱི་མཐར་ཐུག་ཐེག་ཆེན་ངེས་དོན་ཆོས། །དེ་ཡི་མཐར་ཐུག་རྡོ་རྗེ་ཐེག་པ་སྟེ། །དེ་ཡང་སྨིན་གྲོལ་གཉིས་ལ་མ་འདུས་མེད། །སྨིན་བྱེད་དབང་གི་མཐར་ཐུག་བཞི་པ་སྟེ། །གྲོལ་བྱེད་ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེ། །དེ་ཉིད་མངོན་སུམ་རྟོགས་པར་བྱེད་པའི་ཐབས། །ཚོགས་བསགས་སྒྲིབ་སྦྱངས་བླ་མའི་རྣལ་འབྱོར་ལས། །གཞན་གྱུར་ཉེ་བའི་ལམ་དུ་ཡོང་མ་ཡིན། །དེས་ན་བླ་མར་མོས་གུས་གནད་དུ་བསྣུན། །བླ་མའི་རང་བཞིན་ཆོས་སྐུ་མཁའ་ཁྱབ་སྟེ། །རང་བཞིན་འོད་གསལ་ངེས་པ་ལྔ་ཡི་བདག །གང་འདུལ་དེར་སྟོན་བདག་གི་འདྲེན་པ་སྟེ། །ཅི་མཛད་ལེགས་མཐོང་ཅི་གསུང་ཚད་མར་འཛིན། །ཉིན་མཚན་ཐུན་དྲུག་གསོལ་འདེབས་རྒྱུན་མི་བཅད། །ལྟེམ་རྐྱང་མེད་པའི་མོས་གུས་སྲོག་ཏུ་བཟུང་། །བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ན། །བླ་མ་རང་རིག་དབྱེར་མེད་གཅིག་ཏུ་རྟོགས། །སྨྲ་བསམ་བརྗོད་ཚིག་དཔེ་ཡི་ཡུལ་ལས་འདས། །སྐྱེ་འགག་གནས་པའི་སྤྲོས་པ་ཁོང་ནས་ཞིག །འདི་ཀོ་མཁའ་ཁྱབ་རྒྱལ་བའི་ཡེ་ཤེས་ཀྱང་། །གཞན་དུ་ཡོད་མིན་གདོད་ནས་རྣམ་པར་དག །འདི་རྟོགས་རྒྱལ་བ་ཀུན་དང་རོ་མཉམ་པས། །ཕྱག་ཆེན་གཅིག་ཆོད་ཅེས་ཀྱང་དེ་སྐད་ལོ། །དེ་ཡང་བློས་བྱས་ཡིད་དཔྱོད་འདྲ་མིན་དང་། །གོལ་ཤོར་དབང་དུ་མ་གྱུར་ཤིན་ཏུ་གཅེས། །འོན་ཀྱང་མོས་གུས་དྲན་པ་སྙིང་རྗེ་གསུམ། །གཅིག་ཏུ་དྲིལ་ན་གེགས་རྣམས་ཀུན་གྲོལ་ངེས། །དེ་ལྟར་སྤྲོས་པའི་ཚིག་ཚོགས་མང་པོ་ཞིག །བཤད་ན་ཟད་པའི་མཐའ་ཡིས་མི་བཏུབ་པས། །སྙིང་པོ་ས་བོན་ཙམ་ཞིག་སྨྲས་པ་འདི། །དད་དང་ལྡན་ཁྱོད་དགེ་བའི་རྒྱུ་འཕེལ་ཤོག །དེ་སྐད་སྐྱེས་བདག་ལོ་ཞལ་གསར་འཆར་བ། །གངས་ཅན་རྩིས་པ་ཕལ་གྱིས་མཆུ་ཟླ་དང་། །རང་ལུགས་རྒྱུད་རྩིས་དག་པས་སྦོ་ཟླ་རུ། །བཞེད་པའི་དཀར་ཕྱོགས་ཟླ་བ་དྭངས་པའི་དུས། །འཇིག་རྟེན་མགོན་པོའི་ཕོ་བྲང་མཚུར་ཕུ་ནས། །རིག་འཛིན་ཚེ་དབང་ནོར་བུའི་སྤེལ་འདི་དགེ །སརྦ་མངྒ་ལཾ།

༈ སྒྲོལ་མ་པ་དཔོན་སློབ་ལ་གདམས་པ།

རྒྱལ་བའི་བཀའ་བཞིན་དུ། །རྒྱུ་འབྲས་བླང་དོར་གྱིས། །བླ་མར་མོས་གུས་འབད། །དམ་ཚིག་སྙིང་ཕུར་བཟུང་། །འཁོར་བའི་སྡུག་བསྔལ་ལ། །ནམ་ཡང་ཟད་པ་མེད། །མི་ཚེ་ཡུད་ཙམ་སྟེ། །ཡད་ཡུད་ངང་ལ་འགྲོ། །ནམ་ཞིག་འཆི་དུས་སུ། །ལག་སྟོང་མཆན་དུ་བཅུག །དེ་འདྲ་མ་སོང་བར། །བསྐྱེད་རྫོགས་བསྒོམ་པར་འཚལ། །དེ་འདྲ་བརྗོད་པ་ན། །ནམ་ཡང་ཟད་པ་མེད། །སྙིང་གཏམ་ཉུང་ངུ་ཞིག །འདི་རུ་སྨྲས་པ་སྟེ། །སྙིང་ལ་བཞག་པ་ན། །བདེ་འབྲས་ཐོབ་པར་ངེས། །ནམ་འཆི་ཆ་མེད་དེ། །ཡིད་ལ་མི་སེམས་པར། །སྡོད་ཤོམ་ལོང་འཁྱམ་འདིས། །ནམ་ཕུགས་བསླུ་བར་ངེས། །སྙིང་མེད་མདོ་ཤོར་ལ། །བལྟས་ཤིང་སྙིང་ནས་ཁྲེལ། །དགོས་མེད་བྱ་བ་ལ། །སྤྱད་ཅིང་སྐྱོ་བ་སྐྱེ། །འཆི་བདག་བདུད་པོ་ལ། །བསམ་བཞིན་སྙིང་རྩ་འདར། །འདུས་བྱས་རང་མཚང་དེ། །མྱུར་དུ་བསྟན་ལ་ཁད། །ཀྱེ་མ་འོ་རེ་བརྒྱལ། །འཆི་ཆོས་སྙིང་ནས་འཚལ། །དུས་ཀྱི་འཕོ་འགྱུར་ལ། །ནམ་ཞིག་བསྐུལ་མར་སྣང་། །དབེན་པའི་སྒྲུབ་གནས་སུ། །བཙན་ས་བཟུང་བར་རིགས།དེ་འདྲ་སྨྲ་མཁན་གྱི། །རྣལ་འབྱོར་སྨྱོན་པ་དེ། །འཆི་བ་མི་དྲན་པར། །སྐྱེ་འཆི་བར་དོ་ཀུན། །སྒྱུ་མར་འལ་མ་འོལ། །གཏད་མེད་ཤག་མ་ཤིག །བློ་བདེའི་ངང་ལ་འདུག །གར་འགྲོ་གཏད་པ་བདོག །བདེ་བ་ཅན་དུའོ། །འབྲེལ་ཚད་དོན་དང་ལྡན། །ཐར་པའི་ལམ་དུའོ། །དེ་འདྲའི་གདེང་ཚད་ཞིག །མེད་ན་སྙིང་ནས་བསྒོམ། །ཀྱེ་མ་ཡ་རེ་ང་། །ཕྱི་མ་ཅི་འདྲ་འགྱུར། །བྱས་པ་དོན་མེད་ལ། །བསམ་ནས་དོན་ལྡན་མཛོད། །

ཞེས་པ་ཡང་རིག་པ་འཛིན་པས་སྒྲོལ་མ་བ་དཔོན་སློབ་རྣམས་ལ་གླུ་རུ་བླངས་པ་སྟེ་དགེའོ། །

༈ འཆི་མེད་གཞོན་ནུའི་ལང་ཚོ།

ཨོཾ་སྭཱ་སྟི། །འཆི་མེད་གཞོན་ནུ་ལང་ཚོའི་དྲོད་རྒྱས་པས། །ཆགས་ལྡན་དཔྱིད་ཀྱི་དཔལ་མོའི་ལྗོན་ཤིང་ཁར། །སེམས་ཀྱི་ཁུ་བྱུག་རྒྱག་ནས་ས་ཊག་ཞེས། །ཡང་ཡང་སྒྲོགས་པ་འདི་ནི་ངོ་མཚར་གནས། །རྣམ་པ་ཐམས་ཅད་ཆོས་སྐུའི་རང་མདངས་ཏེ། །ཅིར་སྣང་རིག་པའི་རང་རྩལ་ཐག་ཆོད་ཚེ། །ཆགས་ཞེན་སྲེད་པ་བདེ་ཆེན་དབྱིངས་སུ་ནུབ། །ཉོན་མོངས་ཤར་ཀུན་ཡེ་ཤེས་གྲོགས་སུ་ཆེ། །དེ་འདྲ་ལྟ་བའི་གནས་ལུགས་མ་རྟོགས་པར། །སྤྱོད་ལམ་འཇམ་དེས་ཁྲེལ་ཡོད་ངོ་ཚའི་གོས། །རབ་བགོས་བཙུན་ཚུགས་བཟུང་བ་ཁོ་ན་ཉིད། །ཐར་ལམ་ཀུན་གྱི་གཞི་ཡིན་འབད་པར་འོས། །ཡང་དག་ཡེ་ཤེས་རྒྱུད་ལ་མ་སྐྱེས་པའི། །ལྕང་ལོ་རས་གོས་བགོས་པས་ཅི་ཞིག་ཕན། །མི་འགྱུར་བདེ་བའི་གྲོགས་སུ་མ་སོང་ན། །ཆོས་པ་ཕོ་མོ་སྡེབ་པས་རྒྱལ་བ་བསླུ། །དེ་བས་དད་པའི་མིག་གིས་ཡར་ལྟོས་ལ། །རྙེད་དཀའ་དལ་འབྱོར་མི་ལུས་ཐོབ་དུས་འདིར། །བརྒལ་དཀའ་འཁོར་བའི་རྒྱ་མཚོ་སྒྲོལ་སླད་དུ། །བསླབ་སྡོམ་དག་པའི་གྲུ་ཆེན་རྩིས་སུ་བཟུང་། །དེ་སྐད་སྙིང་ནས་བརྩེ་བས་བསླབ་བྱའི་ཚིག །མི་མོ་གཞོན་ནུ་མང་པོའི་ཚོགས་དབུས་སུ། །འཛེམ་མེད་འཁྲིལ་སྦྱོར་ལས་ལ་རྟག་སྤྱོད་པ། །རིག་འཛིན་ཚེ་དབང་ནོར་བུས་གླུ་རུ་བླངས། །སརྦ་མངྒ་ལཾ།

༈ ཞལ་གདམས་ཀུན་ཁྱབ་བདེ་ཆེན།

ཨོཾ་སྭཱ་སྟི། ཀུན་ལ་ཁྱབ་པ་བདེ་བ་ཆེན་པོའི་དངོས། །ཀུན་ཏུ་བཟང་པོའི་རང་བཞིན་ཆོས་ཀྱི་སྐུ། །རང་རིག་ངོ་བོར་སྟོན་མཛད་འདྲེན་པ་མཆོག །རྩ་བའི་བླ་མས་ཁྱེད་ལ་ཤིས་པར་མཛོད། །ཉིད་ནི་མཐོ་རིས་ལང་ཚོས་མ་སྨད་ཅིང་། །ལུགས་གཉིས་མཁྱེན་དཔྱོད་པདྨའི་འདབ་ལྟར་ཡངས། །བླང་དོར་གནས་ལ་རྨོངས་པར་མ་གྱུར་ན། །དེ་ལ་བདག་གི་ཞལ་གདམས་ཅི་ཞིག་བྱ། །འོན་ཀྱང་ཆེན་པོའི་གསུང་གིས་བསྐུལ་བ་ན། །ཞལ་ངོ་མ་སྐྱུང་ཙམ་དུ་རྣལ་འབྱོར་པས། །གང་ཤར་ཆུ་འབབས་ཉིད་དུ་ཆ་ཤས་ཙམ། །དགེ་བའི་སེམས་ཀྱིས་གསོལ་ལ་ཉེས་ཡོད་མིན། །ངེས་ལེགས་གཏན་གྱི་འདུན་མ་དམ་པའི་ཆོས། །མངོན་མཐོ་མཐོ་རིས་ལམ་ཡང་དེ་ཡི་སྟེགས། །ཟུང་དུ་འབྲེལ་ཞེས་དམ་པའི་དམ་པ་རྣམས། །ཡང་ཡང་གསུང་བཞིན་དོན་དེ་སིམ་པར་འཚལ། །འཇིག་རྟེན་འདི་ན་རྙེད་པར་དཀའ་བའི་ལུས། །དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ཉིད་སྟེ། །དེ་ཉིད་ཐོབ་པ་ཤིན་ཏུ་དཀོན་ཤེས་ན། །སྟོང་ལོག་མ་ཡིན་རྣམ་དཀར་དགེ་ལ་འབད། །ཨ་ཧོ་ཡེ་གནས་འདི་གང་ཡིན་ཟེར་ཙ་ན། །གུ་རུའི་གནས་ཆེན་ལྗོན་པ་ལུང་། །མ་དང་མཁའ་འགྲོ་འདུ་བའི་ཞིང་། །མཁའ་སྤྱོད་དག་པའི་ཞིང་ཁམས་ལགས། །བླ་མ་སུ་ཡིན་ཟེར་ཙ་ན། །དགུ་ལྡན་རིག་འཛིན་བརྒྱུད་པའི་སྲས། །འབྲེལ་ཚད་དོན་ལྡན་ཐུགས་རྗེ་ཅན། །རིག་འཛིན་ཚེ་དབང་ནོར་བུ་ཡིན། །མི་ང་རང་སུ་ཡིན་ཟེར་ཙ་ན། །འདི་སྣང་ཕ་ཡུལ་རྒྱབ་ཏུ་བོར། །རྗེ་མཚན་ལྡན་བླ་མའི་ཆོས་ཀྱི་སྲས། །དལ་འབྱོར་དོན་ལྡན་གྱུར་པའི་རྣལ་འབྱོར་ལགས། །ཆོས་ལུགས་གང་ཡིན་ཟེར་ཙ་ན། །བཀའ་མདོ་རྒྱུད་སྙིང་པོ་ཀུན་གྱི་བཅུད། །ཆོས་འཁོར་ལོ་གསུམ་པའི་ལྟ་བ་མཆོག །དཔལ་འོད་གསལ་རྡོ་རྗེ་སྙིང་པོ་ལགས། །ཁྱོད་ལྟ་བ་གང་ཡིན་ཟེར་ཙ་ན། །ང་མཐའ་བྲལ་གྱི་ལྟ་བ་རྫོགས་པ་ཆེ། །ཐེག་བརྒྱད་ཀྱི་ཡིད་ཆོས་ལས་འདས་རྩེ། །རྩོད་བྲལ་ཀ་དག་ལྷུན་གྲུབ་ཀྱི་དགོངས་པ་ཡིན། །ཁྱོད་བསྒོམ་པ་གང་ཡིན་ཟེར་ཙ་ན། །སེམས་མཉམ་བཞག་དུས་གསུམ་སྤྲོས་པ་བྲལ། །ལམ་གང་ཤར་གནས་ལ་སྤང་བླངས་མེད། །ང་བསྒོམ་པ་ཕྱག་རྒྱ་ཆེན་པོ་ཡིན། །ཁྱེད་སྤྱོད་པ་གང་ཡིན་ཟེར་ཙ་ན། །ཕྱི་འདུལ་བ་ལྟར་དུ་ཚངས་པར་སྤྱོད། །ནང་རྣལ་འབྱོར་ལྟར་དུ་གསང་སྔགས་སྤྱོད། །གསང་འུབ་ཆུབ་བློ་འདས་སྤྱོད་པ་ཡིན། །ཁྱེད་འབྲས་བུ་གང་ཡིན་ཟེར་ཙ་ན། །ང་རང་དོན་ཆོས་སྐུའི་འབྲས་བུ་ཡིན། །གཞན་དོན་དུ་གཟུགས་སྐུའི་རོལ་གར་ཅན། །དཔལ་སྐུ་གཉིས་མཐར་ཐུག་འབྲས་བུ་ཡིན། །དེ་འདྲ་བླངས་ཤིང་ཞབས་བྲོ་རྒྱབ། །ཞབས་བྲོ་གཡས་སུ་ཆེམ་སེ་ཆེམ། །གཡས་སུ་དཔའ་བོའི་ཞབས་བྲོ་ཆེམ། །ཞབས་བྲོ་གཡོན་དུ་ཆེམ་སེ་ཆེམ། །དཔའ་མོའི་ཞབས་བྲོ་ལྡེམ་སེ་ལྡེམ། །

༈ མགུར་གླུ་བྱ་རུང་ཁ་ཤོར།

ཨེ་མ་ཧོཿ མཆོད་རྟེན་ལ་བྱ་རུང་ཁ་ཤོར། །དུས་གསུམ་རྒྱལ་བའི་ཐུགས་རྟེན། །མ་བཞེངས་ལྷུན་གྱིས་གྲུབ་པ། །བཞེངས་ནས་བསམ་པའི་དོན་གྲུབ། །སངས་རྒྱས་འོད་སྲུང་གི་བསྟན་པ་ལ། །བྱ་རྫི་ཡུམ་སྲས་ཀྱིས་བཞེངས་པ། །སངས་རྒྱས་ཤཱཀ་ཐུབ་པའི་བསྟན་པ་ལ། །ཨོ་རྒྱན་གུ་རུའི་བསྔགས་པའི་མཆོད་རྟེན། །རྩོད་ལྡན་སྙིགས་མའི་དུས་སུ། །སྔགས་འཆང་ཤཱཀྱ་བཟང་པོས་གུ་རུའི་ལུང་བཞིན། །ཞིག་གསོ་བགྱིས་པའི་མཆོད་རྟེན། །རྩོད་ལྡན་སྙིགས་མའི་མཐར་ཐུག་དེང་དུས། །ངེད་ཅག་དཔོན་སློབ་ཀྱི་ཞིག་གསོ་བགྱིས་པའི་མཆོད་རྟེན། །ཨེ་མ་མཆོད་རྟེན་ལ་བྱ་རུང་ཁ་ཤོར །རྩིགས་པ་མི་འདྲ་སྐྱེས་པ་ཞིག་འདྲ་འདུག །རྒྱ་མཚོའི་གཏིང་ནས་བརྡོལ་པ་ཞིག་འདྲ་འདུག །རི་རྒྱལ་ལྷུན་པོ་འགྱིང་བ་ཞིག་འདྲ་འདུག དགུང་སྔོན་དབྱིངས་ནས་སྙོགས་པ་ཞིག་འདྲ་འདུག །བཅོ་ལྔའི་ཟླ་བ་ཤར་བ་ཞིག་འདྲ་འདུག སྨོན་ལམ་གང་བཏབ་འགྲུབ་པའི་མཆོད་རྟེན། །འབྲེལ་ཚད་དོན་དང་ལྡན་པའི་མཆོད་རྟེན། །འབྲེལ་གྱུར་འགྲོ་བ་མཐའ་དག །བདེ་བ་ཅན་དུ་སྐྱེ་བའི་མཆོད་རྟེན། །བལ་ཡུལ་ས་བཅུད་ཡོང་པའི་མཆོད་རྟེན། །བོད་ཡུལ་ཕུན་ཚོགས་བསྐྱེད་པའི་མཆོད་རྟེན། །རྒྱལ་ཁམས་མཐའ་དག་བདེ་བའི་མཆོད་རྟེན། །འཛམ་གླིང་འདི་ན་བྱིན་ལྡན་མཆོད་རྟེན། །ལྷ་མི་ཀུན་གྱིས་བསྟོད་པའི་མཆོད་རྟེན། །འཇིག་རྟེན་གསུམ་གྱི་སྒྲོན་མེ་མཆོད་རྟེན། །བཀྲ་ཤིས་རྒྱལ་བའི་དཀྱིལ་འཁོར་བཟང་པོ། །རྫོགས་སངས་རྒྱས་དང་དེ་ཡི་མཆོད་རྟེན། །ཡང་ནས་ཡང་དུ་མཇལ་བར་ཤོག་ཅིག །ཛ་ཡ་ཛ་ཡ་བི་ཛ་ཡ། །ས་དབང་ཆོས་ཀྱི་རྒྱལ་པོ། །འགྱུར་མེད་ཕྱོགས་ལས་རྣམ་རྒྱལ། །གངས་ཅན་ཡོངས་ཀྱི་བདག་པོ། །རྡོ་རྗེའི་ཁྲི་ལ་བཞུགས་ཡོད། །གངས་ཅན་ཡོངས་ཀྱི་མགོན་པོ། །རྒྱལ་བ་བསྐལ་བཟང་རྒྱ་མཚོ། །མི་རྗེ་ཆོས་ཀྱི་རྒྱལ་པོ། །ཐུགས་ཡིད་གཅིག་ཏུ་འདྲེས་ཡོད། །རྒྱལ་དབང་པདྨའི་རྒྱལ་སྲས། །རིག་འཛིན་ཚེ་དབང་ནོར་བུ། །ཕྱོགས་མེད་འགྲོ་དོན་སྐྱོང་བའི། །འབྲེལ་ཚད་སྨིན་གྲོལ་བཀོད་ཡོད། །མཐོང་ཐོས་དྲན་རེག་གྲོལ་བའི། །མཆོད་རྟེན་བྱ་རུང་ཁ་ཤོར། །བོད་བལ་ཡོངས་ཀྱི་བདེ་ཐབས། །ཞིག་གསོ་ཕུན་ཚོགས་གྲུབ་ཡོད། །ཛ་ཡ་ཛ་ཡ་བི་ཛ་ཡ། །

༈ ཞལ་གདམས་སྙིང་པོ།

༄༅། །ཞལ་གདམས་སྙིང་པོ་བཞུགས་སོ། །

༈ ཨོཾ་སྭཱསྟི། མཚན་ཙམ་བརྗོད་ཀྱང་དུཿཁའི་འཁྲུལ་འཁོར་འཇིག །གསོལ་འདེབས་ཐར་པའི་ལམ་ལ་ཡོངས་སྦྱོང་མཛད། །མཚུངས་མེད་བླ་མ་པད་འབྱུང་བདེ་བ་ཆེ། །བདག་གི་བླ་མ་ཡིན་ནོ་གུས་ཕྱག་འཚལ། །སྐལ་ལྡན་ཐར་འདོད་བདག་དང་ལས་མཐུན་པ། །ཡོད་ན་ཁོ་བོའི་སྙིང་གི་གཏམ་འདི་ཉོན། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་བ། །ཨུ་དུམྺ་ར་ལྟ་བུར་རབ་ཏུ་དཀོན། །ནམ་མཆི་ཆ་མེད་ཚེ་ལ་ངེས་མེད་པ། །བར་སྣང་གློག་ལྟར་སྐད་ཅིག་འགྱུར་ནས་འགྲོ། །རྒྱུ་འབྲས་ལས་འདི་ནམ་ཡང་མི་བསླུ་བས། །དགེ་སྡིག་སྤང་བླང་ལས་ལ་མཁས་པར་བྱོས། །ཐར་པའི་མཐུན་འཇུག་སངས་རྒྱས་གོ་འཕང་སྟེ། །དེ་ཡི་མཐུན་འཇུག་སྔགས་ཀྱི་ལམ་ཡིན་ལ། །དམ་ཚིག་ཆོས་ཀྱི་སྲོག་རྩ་དམར་པོས་གྲགས། །འདི་དག་ཀུན་ལ་གཅེས་པའི་ཞལ་གདམས་ཡིན། །ཉམས་ལེན་སྙིང་པོ་གནས་ལུགས་ཕྱག་རྫོགས་ཀྱང་། །རང་གི་སེམས་ཀྱི་ངོ་བོ་རིག་པ་ཉིད། །རང་ངོ་རང་གི་ཤེས་ལས་གཞན་པ་མེད། །དེ་ཡང་སེམས་ཉིད་ངོ་བོ་འདི་ལྟ་ཞེས། །དཔེ་གཟུགས་མཚན་ཉིད་བརྗོད་པའི་ཡུལ་མ་གྲུབ། །མེད་དོ་ཞེས་ན་འཁོར་འདས་ཐམས་ཅད་འཆར། །ཡོད་དོ་ཞེས་ནི་མཛུབ་ཏུ་འཛུགས་པ་མེད། །དེ་ནི་སེམས་ཉིད་གདོད་མའི་གཤིས་ལུགས་ཏེ། །གཤིས་ལུགས་དེ་ལས་ཚོལ་རྒྱུ་གཞན་ནི་མེད། །དེ་ཀ་མ་ཡེངས་རང་ངོ་ཤེས་བཞིན་སྐྱོང་། །ཡང་དག་དོན་ལ་བསྐྱང་བྱ་སྐྱོང་བྱེད་མེད། །འོན་ཀྱང་གཞི་ལམ་འོད་གསལ་མ་འདྲེས་བར། །མ་ཡེངས་དྲན་པས་སངས་རྒྱས་ཀུན་གྱི་ལམ། །ཡིན་ནོ་ཡིན་ངེས་དེས་ན་དྲན་པ་སྐྱོང་། །དེ་ཡང་བློ་འདས་ལྟ་བའི་མཐར་ཐུག་ཡིན། །དམིགས་གཏད་མེད་པ་བསྒོམ་པའི་མཐུན་འཇུག་ཡིན། །མ་ཡེངས་དྲན་པ་སྤྱོད་པའི་མཐུན་འཇུག་ཡིན། །རེ་དོགས་མེད་པ་འབྲས་བུའི་ངོ་བོ་ལགས། །མང་པོ་བརྗོད་ན་ཟད་པའི་མཐའ་མེད་ཀྱང་། །མདོར་བསྡུས་སྙིང་གཏམ་དེས་ཀྱང་ཕན་ཐོགས་འགྱུར། །དེ་སྐད་ལྷོ་ཡི་གཏེར་སྟོན་ལས་འཕྲོ་གླིང་། །གང་གི་གདུང་རིགས་དྲི་མ་མེད་པ་ལས། །འཁྲུངས་པའི་སྔགས་འཆང་པདྨ་ཚངས་དབྱངས་དང་། །དབུས་གྱུར་ལྷོ་རྒྱུད་རྒྱལ་རིགས་བྱ་བ་ཡི། །བློན་གྱུར་དད་གུས་བློ་གྲོས་ལང་ཚོ་ཅན། །ཚེ་རིང་རྣམ་རྒྱལ་ཞེས་པར་ཕན་སླད་དུ། །རྒྱལ་དབང་པདྨ་ཀ་རའི་ཕོ་ཉ་བ། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ཞེས། །གངས་ཅན་རི་བོའི་ཁྲོད་དུ་གྲགས་པ་དེས། །གཉལ་ཡུལ་ས་ཡི་ཐིག་ལེ་བྲ་གོར་དུ། །སྐད་ཅིག་མ་ལ་བརྗོད་པར་བྱས་པ་སྟེ། །ཚིག་འདི་མ་བརྗེད་རྟག་ཏུ་དྲན་བྱས་ན། །ཐར་པ་མཆོག་གི་ལམ་ལ་འཛེག་པ་དང་། །ཀུན་ཏུ་དགེ་ལེགས་དཔལ་ལ་སྤྱོད་པར་ཤོག །མངྒ་ལཾ།

༈ གཉལ་དགེ་རི་ནས།

ན་མོ་གུ་རུ་པདྨ་ཡེ། དལ་འབྱོར་གྱི་ལུས་རྟེན་འདི་ཐོབ་མོད་ཀྱང་། །དུས་སྙིགས་དུས་སུ་སྐྱེས་པ་འདི་ཡིད་རེ་སྐྱོ། །རྗེ་བཙུན་ལྡན་གྱི་བླ་མ་མཇལ་ལགས་ཀྱང་། །མོས་གུས་འཁོར་ཡུག་དུ་མ་སོང་འདི་ཡིད་རེ་སྐྱོ། །ཟབ་དགུ་མན་ངག་བདུད་རྩི་ཐོབ་མོད་ཀྱང་། །ཉམས་ལེན་བརྩོན་པ་ཡི་མ་ཕོར་ཡིད་རེ་སྐྱོ། །ཕ་ཡུལ་བདུད་ར་རུ་ཤེས་ནས་སྤང་ལགས་ཀྱང་། །མི་ཡུལ་ཆོས་བརྒྱད་ཀྱི་འཆིང་འདི་ཡིད་རེ་སྐྱོ། །ལྷག་མེད་འཇའ་ལུས་ལ་བློ་གདེང་གཏད་འདོད་ཀྱང་། །འཁོར་བའི་འཁྲུལ་སྣང་ལ་འབྱམས་འདི་ཡིད་རེ་སྐྱོ། །ཕྱོགས་མེད་རྒྱལ་ཁམས་ལ་འདུན་པ་གཏད་མོད་ཀྱང་། །ཆེ་གཉེན་དུ་མ་ཡིས་བླ་མར་བཀུར་འདི་སྐྱོ། །འཇིག་རྟེན་འཁྲུལ་ཞིག་ལ་བློ་ཕུག་གཏད་མོད་ཀྱང་། །འཁྲུལ་སྣང་ཞེན་པ་ཡིས་འཆིང་འདི་ཡིད་རེ་སྐྱོ། །འགྲོ་དོན་རླབས་ཆེན་ལ་སྙིང་ནས་འདུན་མོད་ཀྱང་། །ད་དུང་རང་དོན་ཡང་མ་འགྲུབ་འདི་ཡིད་རེ་སྐྱོ། །

༈ ས་སྦྲུལ་གློ་བོར་ཕེབས་སྐབས།

ཨེ་མ་གཞན་ཕན་གྱི་འཁོར་ལོ་འཁོར། །ཨེ་མ་སེམས་ཅན་གྱི་དོན་ལ་བརྩོན། །གཟུགས་ཅན་མི་ཡི་འཁུ་འཕྲིག་སངས། །གཟུགས་མེད་ལྷ་འདྲེའི་ཡ་ཁ་ཞི། །དམ་ཅན་རྣམས་ཀྱི་དམ་ཚིག་གསོས། །སེམས་བསྐྱེད་ཅན་གྱི་སེམས་བསྐྱེད་གསོས། །འདྲེ་རྙིང་པའི་དམ་བཅའ་དྲན་པར་བྱས། །གསར་སྐྱེས་རྣམས་ལ་གཡར་དམ་ཕོག །ཀུན་ཀྱང་བྱང་ཆུབ་ལམ་བཟང་པོ། །ཐར་པ་ཕུན་ཚོགས་རྒྱུ་རུ་བསྔོ། །བདག་གི་ཚ་ངམ་རྩུབ་སྤྱོད་ཡང་། །གཏིང་ནས་སྙིང་རྗེ་རོལ་པ་ཡིན། །ཁྱེད་མི་མིན་ལྷ་འདྲེ་འབྱུང་པོ་ཀུན། །སྙིང་ནས་མོས་གུས་དགའ་བ་བསྐྱེད། །ང་བྱར་མེད་ནམ་མཁའི་རྣལ་འབྱོར་ལ། །གཟུང་ཡུལ་དང་འཛིན་པ་ཁད་དེར་འདྲེས། །སྐྱེ་མེད་དུ་རྟོགས་པའི་བློ་གདེང་དེ། །འགག་མེད་ཀྱི་འཆར་བ་ཞེན་མེད་སྤྱོད། །སྒྱུ་མ་དང་རྨི་ལམ་ལྟད་མོ་བཞིན། །ཡུལ་མེད་དང་ཡུལ་ཅན་མཉམ་ཉིད་ཤར། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་རིག་ཆོ་འཕྲུལ་ཉིད་དུ་ཁུམས། །དེ་ཡང་གཅིག་དང་ཐ་དད་པའི། །སྤྲོས་པའི་ཚོགས་ཀུན་ཉེར་བར་ཞི། །ཚུལ་འདི་རྩ་བའི་བླ་མའི་མཐུས། །གདོད་མའི་གནས་ལུགས་དེ་ལྟར་རྟོགས། །དེས་ན་ལྷ་འདྲེའི་ཚོགས་རྣམས་ཀྱང་། །བདག་གི་རྣམ་རྟོག་རི་མོ་ཙམ། །མེད་ལ་ཡོད་པའི་སྣང་ཚུལ་སྟེ། །བདེན་གཉིས་ཟུང་འཇུག་ངང་དུ་ཤར། །འདི་རུ་གདུལ་བྱར་གྱུར་པ་རྣམས། །སྤྲོ་བ་བསྐྱེད་ཕྱིར་ཅུང་ཟད་སྨྲས། །མི་མིན་ལྷ་འདྲེ་ཁྱེད་རྣམས་ཀྱང་། །དེ་རིང་ཕྱིན་ཆད་རྒྱལ་བའི་སྲས། །བྱང་ཆུབ་ལམ་ལ་ངེས་ཞུགས་པས། །དགའ་བ་སྤྲོ་བ་བསྐྱེད་པར་བགྱིས། །དེང་ནས་ངེས་དོན་བསྟན་པ་མཆོག །གཉེན་ཕྱིར་བསྲུང་མ་དྲག་པོ་མཛོད། །རིག་འཛིན་ཚེ་དབང་ནོར་བུ་ཡི། །རྗེས་འཇུག་བུ་བཞིན་སྐྱོང་བར་མཛོད། །རིག་འཛིན་ཚེ་དབང་ནོར་བུ་ཡི། །ལྷག་པའི་སྨོན་ལམ་དག་པའི་མཐུས། །བྱང་ཆུབ་སྤྱོད་པར་མཐུན་སྤྱོད་ཅིང་། །ཚོམ་བུ་གཅིག་ཏུ་སངས་རྒྱས་ཀྱི། །ཉམས་དགུའི་བཞད་མོ་ཐིག་ལེ་གྱིས། །སྤྲོ་བའི་ཞབས་བྲོ་ཁྲིག་གེར་རོལ། །ཀུན་ཏུ་དགེ་བ་བཀྲ་ཤིས་པ། །བྱང་ཆུབ་སེམས་ཀྱི་དོ་ར་འདི། །ལྷ་མི་འགྲོ་བ་མཐའ་དག་པ། །ཕུན་ཚོགས་དཔལ་ལ་རྟག་སྤྱོད་ཤོག །

༈ ཡེ་ཤེས་ཐིག་ལེ།

ཨོཾ། གདོད་མའི་ཡེ་ཤེས་ཀྱི་ཐིག་ལེ་དེ། །ཁ་དོག་དབྱིབས་བྲལ་གྱི་འོད་ཟེར་འཕྲོ། །ཀུན་ཁྱབ་སྤྲོས་བྲལ་གྱི་ཐིག་ལེ་དེ། །མཐའ་ཡས་མུ་མེད་ཀྱི་འོད་ཟེར་འཕྲོ། །རང་བྱུང་བདེ་ཆེན་གྱི་ཐིག་ལེ་དེ། །བྱང་ཆུབ་རྟོག་མེད་ཀྱི་འོད་ཟེར་འཕྲོ། །ལྷུན་གྲུབ་འོད་གསལ་གྱི་ཐིག་ལེ་དེ། །ལྔ་ལྡན་རང་མདངས་ཀྱི་འོད་ཟེར་འཕྲོ། །མི་ཤིགས་གཞོམ་མེད་ཀྱི་ཐིག་ལེ་དེ། །རླུང་སྔགས་རང་མདངས་ཀྱི་འོད་ཟེར་འཕྲོ། །འཕོ་མེད་རིག་པ་ཡི་ཐིག་ལེ་དེ། །རང་ཤར་རང་གྲོལ་གྱི་འོད་ཟེར་འཕྲོ། །ཆོས་ཉིད་གཉུག་མ་ཡི་ཐིག་ལེ་དེ། །བྱས་མེད་གཟོ་བྲལ་གྱི་འོད་ཟེར་འཕྲོ། །རང་གསལ་ཡེ་ཤེས་ཀྱི་ཐིག་ལེ་དེ། །མ་འདྲེས་ངང་རྫོགས་ཀྱི་འོད་ཟེར་འཕྲོ། །དོན་དམ་ཆོས་སྐུ་ཡི་ཐིག་ལེ་དེ། །གཟུགས་སྐུ་རྣམ་གཉིས་ཀྱི་འོད་ཟེར་འཕྲོ། །སྣང་མེད་འོད་གསལ་གྱི་ཐིག་ལེ་དེ། །སྣང་བྱེད་དབྱིངས་གྲོལ་གྱི་འོད་ཟེར་འཕྲོ། །དྲན་མེད་ཁྱབ་བརྡལ་གྱི་ཐིག་ལེ་དེ། །རང་ཤེས་རང་གྲོལ་གྱི་འོད་ཟེར་འཕྲོ། །ཡིད་གཉིས་བློ་བྲལ་གྱི་ཐིག་ལེ་དེ། །དྲི་མེད་རྗེན་པ་ཡི་འོད་ཟེར་འཕྲོ། །འུབ་ཆུབ་བློ་འདས་ཀྱི་ཐིག་ལེ་དེ། །སྣང་སྟོང་དབྱེར་མེད་ཀྱི་འོད་ཟེར་འཕྲོ། །ལྔ་ལྡན་ཡེ་ཤེས་ཀྱི་ཐིག་ལེ་དེ། །འབྱུང་ལྔ་དབྱིངས་གྲོལ་གྱི་འོད་ཟེར་འཕྲོ། །ཆོས་ཉིད་སྐྱེ་མེད་ཀྱི་ཐིག་ལེ་དེ། །འགག་མེད་འབྱམས་ཀླས་ཀྱི་འོད་ཟེར་འཕྲོ། །རྟག་བརྟན་དབུ་མ་ཡི་ཐིག་ལེ་དེ། །མཐའ་དབུས་ཡོངས་བྲལ་གྱི་འོད་ཟེར་འཕྲོ། །འབྲི་མེད་གང་མེད་ཀྱི་ཐིག་ལེ་དེ། །བྲལ་སྨིན་ཡོངས་རྫོགས་ཀྱི་འོད་ཟེར་འཕྲོ། །མི་འགྱུར་བདེ་ཆེན་གྱི་ཐིག་ལེ་དེ། །ཞུ་བདེ་རང་གྲོལ་གྱི་འོད་ཟེར་འཕྲོ། །དུ་མ་རོ་གཅིག་གི་ཐིག་ལེ་དེ། །གཅིག་དང་དུ་བྲལ་གྱི་འོད་ཟེར་འཕྲོ། །སྒོམ་མེད་བྱར་མེད་ཀྱི་ཐིག་ལེ་དེ། །ཡེངས་མེད་རང་ཤེས་ཀྱི་འོད་ཟེར་འཕྲོ། །ཞེན་མེད་རང་གྲོལ་གྱི་ཐིག་ལེ་དེ། །ཚོགས་དྲུག་འགོག་མེད་ཀྱི་འོད་ཟེར་འཕྲོ། །དབྱིངས་ཆོས་ཡེ་བྲལ་གྱི་ཐིག་ལེ་དེ། །ཁ་སྦྱོར་ཟུང་འཇུག་གི་འོད་ཟེར་འཕྲོ། །གཉུག་མ་བསྒོམ་མེད་ཀྱི་ཐིག་ལེ་དེ། །ཡེངས་མེད་རང་ཤེས་ཀྱི་འོད་ཟེར་འཕྲོ། །སྨྲ་བསམ་བརྗོད་མེད་ཀྱི་ཐིག་ལེ་དེ། །འཁོར་འདས་སྣ་ཚོགས་ཀྱི་འོད་ཟེར་འཕྲོ། །

༈ མར་ཡུལ་རྒྱལ་བློན་ལ་གདམས་པ།

མར་ཡུལ་གྱི་རྒྱལ་བློན་སྤྱི། །ཁ་ཆེ་ཡི་ཚོང་པ་བཅས། །ང་གཉོམ་ཆུང་གི་རྣལ་འབྱོར་ལ། །དད་གུས་ལ་རྗེས་ཡི་རང་། །ཕྱོགས་མེད་ཀྱི་བྱ་བྲལ་བ། །གཟའ་གཏད་ནི་ཅི་ཡང་མེད། །གང་ཤར་ནི་གདོང་འདེད་ཡིན། །ཕྱོགས་མེད་དུ་འགྲོ་བར་རིང་། །ད་ལྟ་ཕན་ལོ་ཟླ་རུ། །མར་ཡུལ་གྱི་རྒྱལ་བློན་རྣམས། །ཕན་བདེ་ཡི་བཙས་སུ་རེ། །སྒོ་གསུམ་གྱི་དཀའ་བ་སྤྱད། །ཅི་ནུས་ཀྱིས་འབད་འབུང་བཏོན། །ལྷག་བསམ་ནི་རྣམ་པར་དག །བཟང་ཟླུམ་ནི་ལེགས་པར་གྲུབ། །ད་ཆ་ནི་སྨྱོན་པ་ཁོ། །ཟང་ཟིང་གི་ནོར་རྫས་ལ། །ཧ་ཅང་གིས་མི་ཞེན་པས། །སྦྱིན་བདག་གི་ངོ་བསྲུངས་ཡང་། །དེ་ཙམ་གྱི་དགོས་པ་མེད། །སྲབ་འཇམ་གྱི་གོས་བཟང་ནི། །ཤར་ཕྱོགས་ཀྱི་དབུས་སུ་མོད། །ཤ་ཐུད་ཀྱི་ཁ་ཟས་ནི། །ལ་སྟོད་ཀྱི་ལྷོ་རུ་མོད། །སྐོམ་མཆོག་གི་ཇ་བཟང་ནི། །མདོ་ཁམས་ཀྱི་སྨད་དུ་མང་། །ཉི་ཚེ་ཡི་དད་རྫས་ནི། །གང་དུ་ཡང་ཕྱིན་ན་ཡོད། །མཚར་སྡུག་གི་ནཱ་རི་ནི། །ཐོ་རེ་བ་གང་དུའང་སྣང་། །མཚན་ལྡན་གྱི་མཁའ་འགྲོ་ནི། །གནས་ཆེན་ཚོའི་འདབས་སུ་མང་། །སྣོད་ལྡན་གྱི་སློབ་མ་ནི། །ལས་སྨོན་ཉིད་མཐུན་པར་མཆིས། །སྦྱིན་བདག་ཏུ་བསྙད་པ་ནི། །རྒྱལ་ཁམས་པ་ཀུན་ཏུ་ཡོད། །རྣ་བ་ཡི་སོ་གསོད་ནི། །ཕྱོགས་གཞན་དུ་འགྲོ་ན་བདེ། །རྒྱལ་པོ་ཡི་མཆོད་གནས་ལས། །རྒྱལ་ཁམས་ཀྱི་བསོད་སྙོམས་བདེ། །རིང་མིན་དུ་འཆི་བ་ལ། །འདི་སྣང་ལ་དེ་ཙམ་ཅི། །སླེ་མཁར་སོགས་ལ་དྭགས་ཀྱི། །རྒྱལ་ཁམས་སུ་འགྲོ་བ་ནི། །སྤྲང་པོ་ཡི་བློ་ཡུལ་དུ། །འཇུག་པ་ཞིག་མི་འདུག་པས། །དོ་གལ་དུ་མི་འཚལ་ཏེ། །འདབ་ཆགས་ནི་རྙི་རྒྱ་ལས། །ཐོན་པ་བཞིན་ཤར་ཕྱོགས་སུ། །བགྲོད་པ་ཡི་གོ་སྐབས་ལགས། །ཚེ་རབས་ཀྱི་རྒྱལ་པོ་ནི། །རྫོགས་པ་ཡི་སངས་རྒྱས་ལགས། །བློ་གཏད་ཀྱི་དཔོན་པོ་ནི། །རྩ་བ་ཡི་བླ་མར་བྱས། །འཁོར་བུ་ཡི་ལོངས་སྤྱོད་ནི། །དམ་པ་ཡི་ལྷ་ཆོས་ཡིན། །རྫས་ནོར་གྱི་བང་མཛོད་ནི། །ཆོག་ཤེས་འདི་ཁོ་ན་བཟང་། །སྙིང་སྡུག་གི་མཛའ་མོ་ནི། །མ་མོ་དང་མཁའ་འགྲོ་ལེགས། །གཏན་ཚིགས་དང་རྒྱབ་དཔུང་ནི། །རྒྱུ་འབྲས་ཀྱི་བླང་དོར་གཤིན། །དམག་ཚན་དང་དཔུང་གྲོགས་ནི། །ཆོས་སྐྱོང་དང་བསྲུང་མ་དགེ། །བྲན་འཁོར་དང་གཡོག་པོ་ནི། །འཇིག་རྟེན་གྱི་ལྷ་འདྲེ་བཟང་། །གཟུགས་ཅན་གྱི་མི་རྣམས་ནི། །འཕེལ་འགྲིབ་དང་སྒང་གཤོང་ཆེ། །ཁོ་བོ་ནི་དེ་བས་ཀ །ཕྱོགས་མེད་ཀྱི་རྒྱལ་ཁམས་ལེགས། །ས་ཕྱོགས་གནས་གཅིག་ཏུ་སྡོད་པ་ཡང་། །དགོས་པ་ནི་ཆེ་བ་མེད་ལགས་ཀྱི། །ད་ནི་ཕྱོགས་གཞན་དུ་འགྲོ་ན་ལེགས། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ནི། །ཨོ་རྒྱན་གྱི་རྒྱལ་པོའི་ཕོ་ཉ་སྟེ། །འབྲེལ་ཚད་ནི་དོན་དང་ལྡན་པར་རློམས། །ལྷན་ཅིག་ཏུ་མཐོང་ཞིང་སྤྱོད་ན། །ཕལ་པ་ཡི་མི་དང་མཚུངས་འདྲ་ཡང་། །རེས་འགའ་ལས་ཡང་ཡང་འཕྲད་པར་དཀའ། །དེ་བས་ན་སྙིང་ནས་གསོལ་བ་ཐོབ། །ཚེ་རབས་ཀུན་ཡང་ཡང་འཕྲད་པར་ངེས། །གཏན་བདེ་ཡི་ས་བོན་གསོས་སུ་འགྱུར། །དེ་སྐད་ནི་རིག་འཛིན་རྒྱལ་ཁམས་པ། །སྨྱོ་འཆོལ་དང་འདྲེས་པ་དེ་ཡིས་སྨྲས། །སྒམ་སྒམ་དང་ཏིག་ཏིག་མ་མཆིས་པའི། །མདོ་ཁམས་ཀྱི་རྣལ་འབྱོར་སྤྲང་འཆལ་ལ། །རྒྱལ་བློན་རྣམས་ཐུགས་ཀྱིས་མི་ཁྲེལ་ཞུ། །དགའ་བདེ་ཡི་གླུ་དབྱངས་ལེན་པར་ཤོག །ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ། བཀྲ་ཤིས་ཤོག །

༈ ཐོལ་གླུ་དག་སྣང་འདབ་བརྒྱ་མ།

ཨེ་མ་ཧོཿ དག་སྣང་འདབ་བརྒྱ་ཡི་གེ་སར་བཞད་པའི་སྟེང་། །རང་རིག་རང་གསལ་གྱི་ངོ་བོ་པདྨ་འབྱུང་། །ཟུང་འཇུག་ལྷུན་གྲུབ་ཀྱི་གཤིས་ལུགས་བདེ་ཆེན་གླིང་། །བྱང་ཆུབ་ཐོབ་ནས་ཡང་འབྲལ་བའི་ཐབས་མ་རྙེད། །ཨེ་ཧོ། ངོ་བོ་བརྗོད་མེད་ལ་རྣམ་པ་བརྗོད་བཅས་བརྡའ། །སེམས་ཉིད་གཤིས་ལུགས་ཀྱི་མཚན་ཉིད་ཆ་ཤས་ཅིག །ཤུགས་འབྱུང་འགག་མེད་ཀྱི་གླུ་རུ་བླང་ལགས་ན། །གཉིས་མེད་རང་གྲོལ་གྱི་ངང་དུ་ཁྲོལ་ལོ་ལོ། །ནམ་མཁའ་འདུས་མ་བྱས་སྐྱེ་འགག་གནས་དང་བྲལ། །འདི་ཡིན་ཚད་འཛིན་གྱི་དངོས་པོ་འདུག་གམ་ཀྱཻ། །སེམས་ཉིད་སྤྲོས་བྲལ་གྱི་ངོ་བོ་དེ་འདྲ་ན། །ཀུན་ཁྱབ་ཡེ་ཤེས་དེར་ངེས་པ་ཅིས་མི་སྐྱེ། །ཐེ་ཚོམ་ངེས་ཤེས་ཀུན་རྣམ་རྟོག་རླབས་ཕྲེང་སྟེ། །རྦ་རླབས་རྒྱ་མཚོ་ཀུན་ཆུ་ཡི་ངོ་བོར་གཅིག །གསལ་ལོ་སྟོང་ངོ་དེ་བློ་ཡི་རི་མོ་ཙམ། །གསལ་སྟོང་དབྱེར་མེད་ཀྱི་ངོ་བོ་རིག་པ་ཉིད། །ཤར་གྲོལ་དུས་མཚུངས་སུ་སྦྲུལ་མདུད་ནམ་མཁར་གྲོལ། །ཕྱོགས་དུས་གནས་སྐབས་ཀྱི་རྟོག་དཔྱོད་ཀུན་དང་བྲལ། །དཔྱོད་བྲལ་བརྗོད་མེད་ཀྱི་ངང་ནས་རྟེན་འབྲེལ་ཤར། །ངང་ཚུལ་འདི་ལྟ་ནི་ཁོ་བོའི་མྱོང་བ་སྟེ། །ལེགས་ཀྱང་ཆོས་ཉིད་ཀྱི་ཆོ་རོལ་ཉིད་དུ་ཟད། །ཉེས་ཀྱང་ཀུན་རྫོབ་ཀྱི་རྫུན་ཁུང་བརྡིབ་པས་བཟང་། །ངེས་པ་མེད་པ་ལ་ངེས་ཤེས་ཐོབ་པ་འདི། །བླ་མ་སངས་རྒྱས་ཀྱི་བྱིན་རླབས་མཐུ་ཡིས་རྟོགས། །གཏན་མེད་ཡིད་ཀྱི་ཁྱེའུ་ཉམས་དགའ་དེས། །ཞེན་མེད་བྲག་ཆ་ལྟ་བུ་ཉམས་མྱོང་གླུ། །འཛིན་མེད་བར་སྣང་བསེར་བུ་རྒྱུ་བ་བཞིན། །སྨྲ་འདི་མཉམ་བཞག་ངང་དུ་ཏ་ལ་ལ། །དེ་སྐད་ཡོན་ཏན་མང་པོས་བརྒྱན་པའི་ཡུལ། །མཐའ་བྲལ་དབུ་མར་གནས་པ་གུང་ཐང་ལྗོངས། །འཆི་མེད་གྲུབ་པའི་གནས་མཆོག་བཟང་པོ་དེར། །རིག་པ་འཛིན་པས་དགེ་བའི་སྟོན་མོར་སྤེལ། །

ཞེས་འཕགས་ཡུལ་དུ་དཀར་པོར་འབོད་པ་ས་སྦྲུལ་གྱི་ལོ་བདག་ཅག་གི་སྟོན་པས་ཟླ་མེད་པའི་ཆོ་འཕྲུལ་གྱིས་འདུལ་བར་མཛད་པའི་དུས་ཆེན་དབོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་ཟ་འོག་ཕུག་ཏུ་དམ་པའི་ཆོས་ཐོས་བསམ་གྱི་སྐབས། །རང་གི་རྟོགས་པ་སྐད་ཅིག་མ་གཅིག་ལ་རྒྱ་མཚོ་དྭངས་བའི་ངོས་བཞིན་སྣང་བ་ལ་ཆེད་དུ་བརྗོད་པའི་གླུ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཡང་དག་པར་བརྗོད་པའོ། །སརྦ་མངྒ་ལཾ།

༈ དུར་ཁྲོད་ཆེན་པོའི་ཧཱུྃ་གླུ།

ཧཱུྃ་ཧཱུྃ། རྣམ་རྟོག་གི་དུར་ཁྲོད་ཆེན་པོ་ནས། །རྟོག་མེད་ཀྱི་རིག་པ་ཧེ་རུ་ཀ །བརྗོད་མེད་ཀྱི་དྲག་སྔགས་ནཱ་དའི་དབྱངས། །འཛིན་མེད་ཀྱི་ངང་དུ་འདི་སྐད་སྒྲོགས། །ཧཱུྃ་ཧཱུྃ། ཁྱེད་མི་མིན་ལྷ་འདྲེ་དྲེགས་པའི་ཚོགས། །ཡང་དག་གི་དོན་དུ་ཕྱི་རོལ་ཅི། །ནང་ངར་འཛིན་རྟོགས་པའི་རང་མདངས་ཡིན། །དེ་རྟོག་མེད་ཀྱི་དབྱིངས་སུ་ཚར་གཅོད་ཅིག །ཧཱུྃ་ཧཱུྃ། དོན་དེ་ཡང་ལྷ་འདྲེ་གང་ཡང་མེད། །ཀུན་འོད་གསལ་དབྱིངས་སུ་ཏ་ལ་ལ། །ཀུན་རྫོབ་ཏུ་ལྷ་ཡོད་འདྲེ་ཡང་ཡོད། །གནོད་བགེགས་ཀུན་མ་གནས་ཕྱིར་དེངས་ཤིག །ཧཱུྃ་ཧཱུྃ། ཡོད་མེད་དང་ཡིན་མིན་དགག་སྒྲུབ་ཀུན། །ཐ་སྙད་ཀྱི་ཚིག་ལས་དོན་དམ་ཅི། །ཚིག་ཉིད་ཀྱང་དོན་དམ་གཤིས་ཀྱི་གདངས། །གདངས་ཡེ་ཡིན་འདི་ལས་མ་འདའ་ཤིག །ཧཱུྃ་ཧཱུྃ། མར་མཐོ་བ་ལྟ་བའི་བགེགས་དང་བྲལ། །མར་དམའ་བ་སྤྱོད་པའི་འཕྲང་ལས་གྲོལ། །བར་ཐལ་སོ་གནས་ལུགས་རིག་པ་འདི། །དོན་ཡིན་ལུགས་དབྱིངས་ལས་སྤྲིངས་ཡིག་སྨྲས། །ཧཱུྃ་ཧཱུྃ། ཚུར་སེམས་ཉིད་ངོ་བོ་ལ་བལྟས་ཙ་ན། །ཆོས་ཉིད་ཀྱི་རིག་པ་ལྗེན་ནེ་ལྗེན། །ཕྱི་ཚོགས་དྲུག་གི་ཡུལ་ལ་བལྟས་ཙ་ན། །སྣང་བ་གཏད་མེད་ཀྱི་དབྱིངས་སུ་ཕྱ་ལ་ལ། །ཧཱུྃ་ཧཱུྃ། ད་དེ་འདྲ་ལ་འདྲེ་བགེགས་ཅི་འདྲ་ཞིག །བཙལ་བས་ཀྱང་རྙེད་པ་མ་ཡིན་མོད། །འོན་ཏེ་ཡང་རྟོག་ཚོགས་མ་ཟད་པར། །འདྲེ་བགེགས་ལ་ཟད་པ་ཡོད་རེ་ཤི །ཧཱུྃ་ཧཱུྃ། དེ་བས་རྣམ་རྟོག་མ་ལུས་ཀུན། །འཛིན་མེད་དང་རྟོགས་མེད་དབྱིངས་སུ་བཞག །འདྲེ་བགེགས་དང་འབྱུང་པོ་ཐམས་ཅད་ཀུན། །སེམས་ཉིད་ཀྱི་རྩལ་དུ་གྲོལ་གྱུར་ཕཊ། ཧཱུྃ་ཧཱུྃ།

ཞེས་གང་ཤར་གཟའ་གཏད་མེད་པའི་རྣལ་འབྱོར་པ་དེས་ཅི་ཤར་ཆོས་ཉིད་ཀྱི་གླུ་རང་ཤར་གྲོལ་བའི་སྤྲིང་ཡིག་ངང་ཤར་གྱི་ཀློང་ནས་སྤེལ་བ་ཧ་ཧ། ཧི་ཧི། ཧུམ་ཧུམ། ཧེ་ཧེ། །ཧོ་ཧོ། །ཧམ་ཧཿ ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲཿམ་ཡ་རཀྵ་རཀྵཿ

༈ སྨོན་མགུར་དཔལ་ལྡན་མགྲིན་སྔོན།

གནས་འདི་ནི་སློབ་དཔོན་པདྨའི་གནས། །ཡུལ་བཀྲ་ཤིས་བལ་ཡུལ་ཚ་བ་ཤོད། །ལྷ་བཀྲ་ཤིས་འཇིག་རྟེན་སྐྱོང་བའི་གཙོ། །དཔལ་མཆོག་དང་ལྡན་པ་མགྲིན་སྔོན་རྒྱུད། །ལྷ་ཆེན་མོ་དཔལ་མོ་ཉེར་མཚུངས་མ། །དཔལ་བལ་ཡུལ་གྱི་རྒྱལ་མོ་མ་ལགས་བསམ། །ཁོང་ཆོས་མཛད་ཡོངས་ཀྱི་དགྲ་ལྷ་ཡིན། །དཔལ་རིག་པ་འཛིན་པའི་བསྲུང་མ་ཡིན། །སྒོས་རྣལ་འབྱོར་བདག་གི་སྙིང་གྲོགས་ཡིན། །ཡུལ་འདིར་གནས་ཀྱི་ལྷ་སྲིན་སྡེ་བརྒྱད་རྣམས། །ཀུན་བྱང་ཆུབ་སྤྱོད་པའི་གྲོགས་བཟང་ཡིན། །ཡུལ་མི་གཅིག་མི་རིགས་མང་པོ་ཡི། །གླུ་རང་རང་ཡུལ་ཆོས་མཐུན་པ་འདི། །ལྷ་གཉན་པོ་ཁྱེད་ལ་མཆོད་པར་འབུལ། །གནས་འདིར་ཚོགས་ཀྱི་དཔོན་སློབ་འཁོར་འབངས་ཀུན། །ལས་ཅི་ལ་ཚོགས་པ་ཆོས་ལ་ཚོགས། །ཆོས་རྣམ་དཀར་དགེ་བ་བསྒྲུབ་ལ་ཚོགས། །ཆོས་རྣམ་དཀར་དགེ་བའི་འབྲས་བུ་དེ། །ཁྱེད་མི་མིན་རྣམས་དང་ཐུན་མོང་བསྔོ། །དོན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །དུས་གཅིག་ཏུ་ཚོགས་པའི་མཆེད་ལྕམ་ཡིན། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །དུས་ཀུན་ཏུ་ལྷན་ཅིག་ཚོགས་པར་ཤོག །སརྦ་མངྒ་ལཾ།


previousདཔལ་རིག་པ་འཛིན་པ་ཆེན་པོ་ཚེ་དབང་ནོར་བུའི་གསུང་མགུར་ཞལ་གདམས་ཀྱི་ཚོགས།next