Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  collapse section
ཆབ་ཤོག་ཀྱི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   


 
no previousཆབ་ཤོག་ཀྱི་སྐོར།next

ཆབ་ཤོག་ཀྱི་སྐོར།

༈ རྒྱལ་དབང་སྐལ་བཟང་རྒྱ་མཚོར་ཕུལ་བའི་ཆབ་ཤོག །

༈ ལྷ་བཅས་སྐྱེ་རྒུ་ཡོངས་ཀྱི་གཙུག་གི་ནོར་བུས་མཆོད་པའི་ཡུལ་འཇིག་རྟེན་མགོན་པོ་ངུར་སྨྲིག་གར་གྱི་རོལ་པ་ཀུན་གཟིགས་བླ་མ་ཆེན་པོའི་ཞབས་སྟེགས་ཆུ་སྐྱེས་རྣམ་པར་བཞད་པའི་ངོགས་སུ། གུས་པས་ཞུ་གསོལ།

གདོས་ནས་བྲི་གང་ལས་འདས་དང་པོའི་མགོན་པོ་ཉིད་དུ་རྒྱལ་བ་ཡོངས་ཀྱི་སྤྱི་མེས་སུ་བརྙེས་ཤིང་མཁའ་ཁྱབ་འགྲོ་ལ་དམིགས་པ་མེད་པའི་སྙིང་རྗེས་རྣམ་ཀུན་མཆོག་དང་ལྡན་པའི་འོད་གསལ་གྱི་རང་མདངས་རྣམ་པ་ཐམས་ཅད་པ་འགྲོ་བ་རྣམས་ཀྱི་དཔལ་དང་མགོན་དུ་གང་ལ་གང་འདུལ་གྱི་སྒྱུ་འཕྲུལ་གྱི་རོལ་པ་ཚད་བཟུང་ལས་འདས་བཞིན་སངས་རྒྱས་ཉིད་དང་། དེའི་སྲས་དང་སློབ་མའི་ཚུལ་དང་། དེ་བཞིན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། སྟོབས་ཀྱི་རྒྱལ་པོ་བློན་པོ་ཁྱིམ་བདག་དང་། ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་སོགས་རྟེན་དང་བརྟེན་པ་སྣ་ཚོགས་པའི་གཟུགས་ཀྱི་སེམས་ཅན་གྱི་རེ་བ་བཞིན་དུ་བསྐོང་བར་བྱེད་ཅིང་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ཡང་དག་པར་སྦྱོར་ཅིང་གནས་སྐབས་སུ་ཕུན་སུམ་ཚོགས་པའི་དཔལ་མ་ལུས་ཤིང་ལུས་པ་མེད་པ་སྟེར་བའི་དེད་དཔོན་དམ་པར་གྱུར་པ་རྒྱལ་བ་རྣམས་ཀྱི་འཕྲིན་ལས་ཀྱི་རང་གཟུགས་ཉིད་དུ་ངེས་བཞིན་དེང་དུས་ཐུབ་བསྟན་ལྔ་བདོའི་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་དང་དགེ་ལེགས་མཐའ་དག་རྩ་བའི་སླད་དུ། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་གསར་དུ་བདོ་བ་ཡི་ངུར་སྨྲིག་གར་གྱི་རོལ་པ་མཚན་དཔེའི་སྐུ་ཉིན་བྱེད་འགུམ་གྱི་སྣང་བ་ཡང་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་འཇིགས་པ་ཐམས་ཅད་དང་བྲལ་བས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་འཕྲོག་བྱེད་དབང་པོའི་ཁྲི་ལ་ལྷན་ནེ་ལྷང་ངེར་འཚོ་ཞིང་བཞེས་ཏེ་བཞུགས་པའི་སྲིད་ན་ཟླ་བོས་དབེན་པ་ཉིད་དུ་གྱུར།

འདིར་གནས་ཕྲན་བུ་ལས་ཀྱང་ཕྲན་བུར་གྱུར་པ་བྱ་བྲལ་དང་། རི་དྲ་པ་ཡང་སྐྱབས་གྱུར་དཔལ་མགོན་དམ་པ་རྣམས་ཀྱི་ཐུགས་རྗེ་ལ་བརྟེན་འཚོ་བ་མ་བརྙིལ་ཞིང་དགེ་བའི་འདུན་པ་ཉམས་མེད་དམ་པའི་རྣམ་ཐར་ལ་སློབ་པའི་མོས་པ་ཅི་ནུས་འབད་བཞིན་ད་ལྟ་ལ་སྟོད་རྒྱལ་གྱི་ཤྲཱིའི་འདབས་སུ་བགྲོད་པའི་གནས་སྐབས་སུ་མཆིས།

ཆེད་དུ་གསོལ་འོས། རྒྱལ་བ་རྣམས་ནི་ཡང་དག་པའི་དོན་དུ་སྐྱེ་འཆིའི་སྤྲོས་པ་མཐའ་དག་བྲལ་བ་ཟབ་ཞི་སྤྲོས་བྲལ་བདེ་བ་ཆེན་པོ་རྟག་བརྟན་གཡུང་དྲུང་གི་ངོ་བོ་ལ་འཕོ་འགྱུར་བགྲེས་རྒུད་ཐམས་ཅད་ལས་འདས་པ་མཁས་ལྟར་གདལ་བའི་སྐུ་ཅན་ལ་བསྐུལ་བ་དང་གསོལ་གདབ་ཀྱི་བྱ་བར་མ་དམིགས་ཀྱང་འགྲོ་བའི་དོན་དུ་ཤར་བའི་གཟུགས་ཀྱི་སྐུ་ནི་གདུལ་བྱ་རྣམས་སྐྱོ་བ་བསྐྱེད་པ་དང་། སྤྲོ་བསྲིང་བའི་སླད་དུ་གདལ་བྱ་ཉིད་དང་མཚུངས་པར་སྐྱེ་འཆིའི་སྤྲོས་པ་ཅིར་ཡང་སྟོན་ཞིང་བསྐུལ་བ་དང་གསོལ་གདབ་ཚུལ་ལ་ཡང་ལྟོས་པར་མཛད་ན། དེང་དུས་སྙིགས་མ་ལྔ་བདོ་བའི་འགྲོ་བ་སྤྱི་དང་བྱེ་བྲག་གངས་ཅན་གྱི་གདུལ་བྱ་ཉོན་མོངས་ཤིང་ཉམས་ཐག་པ་བདག་ཅག་རྣམས་ཀྱི་དཔལ་དང་མགོན་དང་དཔུང་དང་གྲུ་གཟིངས་དང་བདེ་བའི་གླིང་དམ་པར་གངས་ཅན་འགྲོ་བ་ཡོངས་ཀྱི་ལྷ་ཡི་ལྷ་འཇིག་རྟེན་གསུམ་གྱི་མགོན་པོ་ལག་ན་པདྨོ་ཅན་གང་ཁྱེད་ཀྱི་ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་པར་སྙིང་ནས་གསོལ་བ་འདེབས་པར་དངོས་པོའི་ཡོ་བྱད་ནི་པདྨའི་སྣལ་མའམ་ཀུ་ཤའི་རྩ་ལྟར་ཤིན་ཏུ་ནས་ཀྱང་ཕྲ་བའི་རང་བཞིན་དུ་གྱུར་རུང་ལྷག་པའི་བསམ་པ་ནི་ད་ལྟའི་གནས་སྐབས་འདི་ཉིད་ཁོ་ན་ཙམ་མ་ཡིན་པ་ཡུན་རིང་མོ་ཉིདནས་དུང་དང་ཟླ་བ་ཀུ་མུད་པད་རྩ་ལྟར་གཅིག་ཏུ་དཀར་བའི་བློས་ལོ་དུས་སུ་སྐུའི་གསལ་རྐྱེན་ཞི་བའི་རྟེན་འབྲེལ་བསྒྲིག་དགིས་མཆོག་ཏུ་གལ་ཆེ་བར་གསལ་སྣང་དུ་འཆར་བཞིན་རྟེན་འབྲེལ་བསྒྲིགས་ཚུལ་མཚོན་བྱེད་ཆེད་དུ་བསྔགས་ཏེ་ཚིགས་སུ་བཅད་པ་བཀྲ་ཤིས་པའི་གྲངས་ལྡན་དང་རྟེན་འབྲེལ་གྱི་ཡོ་བྱད་ཕྲན་བུ་བཅས་ཕུལ་བ་འདི་བཞིན་པར་ཐུགས་རྗེ་བརྩེ་བ་ཆེན་པོའི་སྤྱན་རས་ཀྱི་བྱབ་ཅིང་།

ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་པར་དགོངས་པ་གཏད་པ་མཁྱེན་མཁྱེན་མཁྱེན་བརྒྱ་ཕྲག་དུ་མའི་གསོལ་བ་འདེབས་པ་རེ་འབྲས་དོན་ལྡན་དུ་མཛད་པ་ན་རིས་སུ་མ་ཆད་པའི་འགྲོ་བ་འཕགས་ཆེན་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་དོ་རར་ཡེ་ནས་ཆུབ་བཞིན་གནསཔ་ཡིན་མོད་ཀྱང་རང་ཉིད་བྱིས་པའི་བློས་འདོད་གདུང་གིས་བདག་ཅག་ལྟོས་པར་བཅས་པ་ཀུན་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ནས་ལྷག་པར་མི་བོར་བར་གསོལ་བ་འདེབས་པ་ཡང་ཆོས་དབྱིངས་ཚོམ་འཁྲུངས་མེད་པའི་ཀློང་དུ་འཇུག་པ་མཁྱེན་མཁྱེན་མཁྱེན། ཞེས་བརྩེ་ཆེན་ཐུགས་རྗེ་ཆེན་པོའི་རང་བཞིན་དཀྱུས་རིང་སྤྱན་རས་གཡོ་བར་བྱེད་པའི་རྟེན་ལྷ་ཡི་རེག་བྱ་སྲིད་དུ་རིངས་བས་བཅིངས་ཏེ་ཨངྐི་ར་ཡི་ལོ་ཞལ་གསར་དུ་འཆར་ཉེ་བ་མགོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་རྒྱལ་གྱི་རྩིབ་རིའི་འདབ་ནས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ ཞབས་པད་མཆོག་ཏུ་རང་གི་གནས་ཚུལ་ལྷག་པར་གསོལ་བའི་ཞུ་ཆུང་སརྦ་མངྒ་ལཾ།

ཞབས་པད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། རང་གི་གནས་ཚུལ་ལ་བརྟེན་བསྔོ་སྨོན་སྐྱབས་འཇུག་ཞུ་འོས་གྲུབ་པའི་གནས་མཚུར་གྱི་གནྡྷོ་ལ་ནས་ཐོན་ཏེ་རྐད་ནད་ཀྱི་བྲོ་བ་སེལ་བའི་དབུ་རིའི་ཆུ་ཚན་བརྟེནཔར་ཞག་ཤས་འགོར་ཞིང་། དེར་དོན་དུ་གཉེར་བའི་སྐྱེ་བོ་ཁ་ཤས་ལ་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་དང་ཡིག་དྲུག་གི་དགེ་བསྐུལ་ཐན་ཐུན་ལས་གཞན་མར་ཐུད་ཞོ་ཡི་སྐྱེས་ཕྲན་བུའི་ངོ་འཛིན་གྱིས་རང་ཉིད་དགེ་སྦྱོར་ལ་གནོད་ཅིང་གཞན་ཕན་ཇི་བཞིན་མ་ཡིན་པས་དུབ་པར་གྱུར། དེ་ནས་ཐོན་ཏེ་ཆར་ཞོད་ཀྱི་ཚོགས་ཆེ་བཞིན་ཆུ་བེམ་ལ་བརྒྱུད་ཇོ་མོ་གངས་དཀར་མདུན་དུ་སྔར་གཏོར་ཆེན་ཁ་ཤས་རེ་གཏོང་བས་སྤྱི་དང་བྱེ་བྲག་ཡུལ་དེའི་མི་ཕྱུགས་ལ་ཤིན་ཏུ་ཕན་པར་བྱུང་སོང་བས་འདི་རེས་ཀྱང་ལྷ་འདྲེ་རྣམས་མགུ་བའི་ཕྱིར་གཏོརཆེན་ཞིག་སྦྱིན། དེ་ནས་དལ་འགྲོས་ཀྱི་ཟབ་ཕུར་འབྱོར། བོད་དུ་གྲུབ་པའི་གནས་ཆེན་བཞི་དང་། ཟབ་ཕུར་མཁའ་འགྲོའི་འདུ་བ་ཕལ་ཆེར་ཡོངས་གསུངས་ལྟར་མཁའ་འགྲོ་ངེས་པར་འདུ་བའི་ལྟས་སྔར་ནས་ཡོང་བཞིན་འདི་རེས་ཀྱང་དེ་རྣམས་ཀྱི་འདུ་བའི་ཚོགས་ཅི་རིགས་པ་མཐོང་། དེར་གཏོར་ཚོགས་ཅི་ནུས་སུ་བགྱིས་དེར་གཉན་ཆེན་པོ་ཐང་ལྷ་དང་། དམ་ཅན་རྡོ་རྗེ་ལེགས་པས་བོད་ཡུལ་དུ་མཐའ་དམག་མི་འཇུག་པའི་རྟེན་འབྲེལ་བསྒྲིག་དགོས་ཚུལ་བྱུང་ཡང་ད་ནི་བདག་ལྟ་སོ་སྐྱེ་ཉམས་ཉེས་པ་ཞིག་གི་དེ་ལྟ་རྔོ་མི་ཐོགས་པའི་ངེས་པ་ཡིད་ལ་བཅག་བཞིན་ཅི་བདེར་བཞག དེ་ནས་རྒྱ་མཚོ་ཕུག་རྫོངས་སུ་དེ་བཞིན་གཤེགས་པའི་སྐུ་བརྙན་ཁ་ཤས་བཞེངས་ཤིང་། ཡུལ་དེའི་གདོལ་པ་ཁ་ཤས་ལ་གཏེར་སྦྱིན་བཟང་པོས་མགུ་བར་བྱས་ནས་ལོ་གསུམ་གྱི་རིང་ལྕགས་སྦྲུལ་མི་གསོད་པའི་ཐ་ཚིག་བླང་ཞིང་དཔང་པོ་ཡང་མི་ཁུངས་ལྡན་ལ་བཅོལ། དེ་སྐབས་ནས་བོད་ཡུལ་གྱི་ལྷ་འདྲེས་འཐབ་འཁྲུག་གི་ཚུལ་ཤུགས་མི་ཆེ་ཙམ་ཞག་ཤས་ཀྱི་རིང་དུ་བྱུང་ཞིང་། སྔར་འདི་རིགས་ཤུགས་ཆེ་བ་ནི་འཕྲལ་དང་ཤུགས་མི་ཆེ་བ་ནི་འགྱང་ཙམ་ནས་ཟི་འབྱུང་བ་ལྟར་བར་འདུག

འོན་ཀྱང་བར་སྐབས་ཞིག་ནས་ཅུང་ཟད་ཞི་སོང་། དེ་ནས་སོག་པོ་འཛུལ་ཁུང་དུ་གྲགས་པ་རང་བྱུང་ཞབས་ཀྱི་གནས་ཞལ་ཕྱེས་ཤིང་། རྡོ་རྗེ་གླིང་པའི་གཏེར་གནས་སྐྱེ་བོ་ཕལ་པ་རྣམས་ཀྱི་ཟབ་ཕུ་དང་མཚུངས་པར་རྩི་འདུག་ཀྱང་། དོན་དུ་ནི་ཟབ་ཕུའི་གནས་ཕྲན་དུ་གྱུར་པ་དེར་ཞག་ཤས་གཏོར་ཚོགས་ཅི་ནུས་བགྱིས། དེ་སྐབས་རང་ལ་རྒྱ་འདྲེ་འགོང་པོའི་འཚུབ་ལྷོང་གི་འཛེར་བའི་རྣམ་པ་བྱུང་ཡང་ཇི་སྙམ་པས་ལམ་ཁྱེར་དུ་བྱས། དོན་དུ་གཉེར་བ་རྣམས་ལ་ཟབ་ལམ་ནི་གུའི་ཆོས་དྲུག་སོགས་བཤད་ནས་བྱ་རྒོད་ལྡིང་ལ་བརྒྱུད་ཨ་ལ་ཕུག་དང་གཡག་གི་འབྲིག་གནས་རྣམས་སུ་ཚེ་དབང་མ་ཎིའི་དགེ་བསྐུལ་བཅས་ཐོན། དེ་བར་གཞན་གྱི་སྦྱིན་པའི་དངོས་པོ་བདག་གིར་ཆེར་མ་བཟུང་ཞིང་ཅུང་ཟད་བླངས་པ་ཡང་ལམ་བར་ཚེས་བཅུ་ཡིག་དྲུག་འཛུགས་པས་བསྒྲུབ་མཆོད་ཀྱི་རྒྱུ་འབའ་ཞིག་ཏུ་སྤང་དག་ཚུལ་དུ་སྦྱར། མཛད་བརྩམས་བལ་ཡུལ་དུ་རྒྱ་གར་བ་རྣམས་ཀྱི་སྭ་ཡཾ་བྷུ་ཙྱཻ་ཏ་ཞེས་རང་བྱུང་མཆོད་རྟེན་ཆེན་པོ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་དཔྲལ་བའི་མཛོད་སྤུའི་འོད་ཟེར་ལས་གྲུབ་པ་ཡིན་ཚུལ་བདག་ཅག་གི་སྟོན་པའི་གདུལ་བྱ་དེ་ཡི་རྗེས་སུ་འབྲང་བའི་བསྟན་བཅོས་ཆེས་མང་བ་དང་བལ་ཡུལ་དུ་དཀར་ཆག་ད་ལྟ་ཡང་གནས་ཤིང་། སྔོན་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་ཀྱང་ཡུལ་དབུས་ནས་བལ་ཡུལདུ་རང་བྱུང་མཆོད་རྟེན་གཟིགས་པར་ཕེབས་པ་ལོ་རྒྱུས་ཁུངས་མ་རྣམས་ནས་འབྱུང་ཞིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་བོད་དུ་ཕེབས་པ་ལ་རང་བྱུང་མཆོད་རྟེན་གཟིགས་པའི་ཟོལ་མཛད་པ་སོགས་འཕགས་ཡུལ་ཉིད་དུ་ཤིན་ཏུ་གྲགས་ཆེ་ཞིང་བོད་ཡུལ་བར་སྐབས་མཁས་དང་གྲུབ་པས་གླང་རུ་ལུང་བསྟན་གྱི་མདོར་གསུངས་པའི་མཆོད་རྟེན་གོ་མ་ས་ལ་གནྡྷར་ངོས་བཟུང་ཞིང་། བོད་ཡོངས་སུ་འཕགས་པ་ཤིང་ཀུན་ཏུ་གྲགས་པ་དེ་ཞིག་གྲུམ་གོག་ཉམས་ཤིན་ཏུ་ཆེ་བ་ཡིས། དེ་ལ་ཞིག་གསོའི་བློ་འདོད་བྱ་རི་ཀམ་ཤོ་མའི་ཞིག་གསོས་གྲུབ་པ་ནས་ཙམ་རིང་མོ་ཞིག་ནས་བྱུང་ཡང་རེས་རང་གི་བརྟག་པ་མ་འཆུབ། རེས་དུས་ཀྱི་འགྱུར་བས་རིམ་འགྱངས་སུ་གྱུར་བ་འདི་ལོ་ཡོ་བྱད་སྔོན་ནས་སྟ་གོན་མ་བྱས་སྟབས་ཞིག་གསོ་ཇི་བཞིན་པ་འགྲུབ་པར་དཀའ་ཡང་སྲོག་ཤིང་ཡོ་བ་བསྲང་བ་དང་། གསེར་ཟངས་ཀྱི་ཆར་ཁེབ་ཞལ་གསོ་ཙམ་ཕུལ་ཐུབ་ན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཤེས་ཏེ་ནམ་དུས་ཀྱི་གཏུགས་ཤིང་ཆུ་མི་སྙོམ་པ་དང་། ཚད་པ་ཆེ་ཡང་རྒྱལ་བ་དགྱེས་ཕྱིར་རང་གི་ལུས་སྲོག་ལྟོས་མེད་ཀྱིས་བལ་པོར་འགྲོ་བར་ཐག་བཅད་མཛད་ཚུན་ཆད་དུ་དད་པ་ཅན་གྱི་སྦྱིན་པའི་ཡོ་བྱད་ཕལ་ཆེར་བདག་ཏུ་བཟུང་ནས་གསེར་དངུལ་དུ་དྲིལ་བའི་ཁུལ་བྱས། ལམ་ཞོར་དུ་ཇོ་ནང་སྐུ་འབུམ་ལ་མཆོད་འབུལ་དང་། སྒྲུབ་སྡེར་ཞབས་ཏོག་ཕྲན་བུ་བཅས་ཤིང་། དེ་ཞོར་དགེ་ཕུའི་རི་ཁྲོད་དུ་རང་གི་ཁྲིད་བརྒྱའི་རྒྱུན་དང་། དུས་འཁོར་སྦྱོར་དྲུག་སྨིན་པར་ཞུས་པའི་རྡོ་རྗེ་སློབ་དཔོན་སྦས་ཚུལ་གྲུབ་པའི་ས་ལ་ངེས་པར་བཞུགས་པ་དཔལ་བརྩེ་བ་ཆེན་པོའི་སྐུ་གདུང་ལ་གུས་པའི་ཕྱག་དང་ཉིན་ཞག་བདུན་གྱི་བར་དུ་ཅི་ནུས་པའི་མཆོད་པ་དང་ཕྱི་ནང་གསང་བའི་ཚོགས་འཁོར་རྒྱུད་སྡེ་ནས་བཤད་པ་ཉིད་དང་རྗེས་མཐུན་དུ་བསྒྲུབ། སྔར་སེམས་དབེན་མཐར་ཐུག་གི་ཡེ་ཤེས་སྐྱེད་ཚུལ་ལ་དཔྱད་པ་ཕྲ་མོ་ཞིག་ཡོད་པ་འདིར་ཉམས་རྟོགས་དངོས་མིན་ཡང་ཡིད་གཉིས་སྤང་པ་ཡང་དག་པའི་གོ་བ་ཞིག་རྒྱུད་ལ་སྐྱེས། བླ་མའི་སྐུ་གདུང་མཆོད་པའི་བྱིན་བརླབས་ལ་ངེས་ཤེས་ལྷག་པར་རྙེད། དེར་བལ་པོའི་རྒྱལ་པོ་དང་། རི་བྲག་པ་གོཪྵ་རྒྱལ་པོས་ཀྱང་ཤིང་ཀུན་ཞིག་གསོ་ལ་བཀག་འགོག་མི་བྱེད་ཅིང་གྲོགས་ལྡན་ཕྲན་བུ་བྱེད་ཚུལ་གྱི་ཡི་གེ་ཡང་འགའ་བས་གཏོང་བ་འབྱོར་ལ། ལྷ་རྩེ་རྒྱ་མཚོ་ལ་བརྒྱུད་ལ་སྟོད་རྒྱལ་གྱི་ཤྲི་ཞེས་འཛམ་བུ་གླིང་དུ་དཔལ་གྱི་རི་བཅུ་གསུམ་ཡོད་པའི་ཡ་གྱལ་དེ་ཡི་འདབས་སུ་འབྱོར། དེ་སྐབས་འཇིག་རྟེན་གྱི་ལྷ་ཆེན་པོ་གཞོན་ནུ་གདོང་དྲུག་དང་། ག་ཎ་པ་ཏིའི་གཟུགས་ཀྱི་སྣང་བ་གསལ་བ་ཞིག་མཐོང་སྟེ། བལ་ཡུལ་ས་ཡི་ཕྱོགས་ལ་ལྷག་པར་དབང་བྱེད་པའི་ལྷ་ཡིན་པར་འདུག་པས་བལ་པོར་འགྲོ་བའི་རྟེན་འབྲེལ་ཡིན་ནམ་སྙམ་པ་བྱུང་། སྔ་སོར་མཚུར་ཕུར་སྡོད་པའི་སྐབས་ཉིད་ནས། ༸གོང་ས་མཆོག་གི་ཞབས་པད་དུ་ཞབས་བརྟན་ཞིག་ཕུལ་ན་རྟེན་འབྲེལ་གནད་ཆེའི་ལྟས་བྱུང་ཡང་བློ་ཁུམ་པས་འབུལ་མ་སྤོབས་ཤིང་། དེ་རྗེས་གང་གི་ཞབས་རིམ་མཁྱེན་པ་མཆོག་ཏུ་རྒྱས་པས་རྟེན་འབྲེལ་བཟང་པོའི་མཐུན་སྦྱོར་སྐུ་ཚེར་དམིགས་པའི་རིམ་གྲོ་ལེགས་ཚུལ་ཕེབས་པས་ཀྱང་བཟང་པོའི་ལས་ཀྱི་གསོས་སུ་ཐོབ་བཞིན་གནས་ཆེན་རྣམས་སུ་ཞབས་པད་བརྟན་པའི་སྨོན་འདུན་ཅི་ནུས་བགྱིས། དེས་སྤོབས་པ་སྐྱེས་ཏེ་སྤྱན་ལམ་རྔོ་ཐོགས་མིན་ཅི་ལྟར་ཡང་དྭངས་ཤིང་གུས་པས་ཞབས་བརྟན་འབུལ་བར། རང་དང་ལྷན་ཅིག་སྤྱོད་པ་དགེ་སློང་བསྟན་འཛིན་རྡོ་རྗེ་ཆེད་དུ་ལྷ་ལྡན་ཞབས་པད་དུ་བཅར་བ་བརྫངས། རང་ཉིད་འདི་ནས་འཕྲལ་དུ་ཐོན་ཏེ་རྒྱལ་བས་ལུང་བསྟན་པའི་གནས་ཞི་བྱེད་ཀྱི་རིང་ལུགས་པ་རྣམས་ཀྱི་རྡོ་རྗེ་གདན་ལྟ་བུ་དིང་རི་གླང་འཁོར་དང་། གྲགས་པའི་མཚོ་ཆེན་བཞིའི་ཡ་གྱལ་གནས་པའི་དཔལ་མ་དཔལ་ཐང་བརྒྱུད། མཆོད་རྟེན་གྱི་ཤིང་གོཪྵ་རྒྱལ་པོར་ལྟོས་དགོས་པའི་སྟབས་སྐྱིད་གྲོང་ནས་བརྒྱུད་བལ་པོར་ཅི་མྱུར་འཇུག་པའི་རྩིས་སུ་ལགས་ཤིང་། དེ་ལྟར་རང་ཉིད་ཀྱི་མཁོས་ལ་དཔག་པའི་རྣམ་དཀར་དགེ་བ་ཕྲན་བུ་བསྒྲུབ་པ་རྣམས་བྱང་ཆུབ་མཆོག་གི་གོ་འཕང་གི་བར་འཛད་པ་མེད་པའི་བསྔོ་སྨོན་གྱི་སྐྱབས་འཇུག་དང་། བལ་ཡུལ་དུ་བགྲོད་པའི་ལམ་ཞུགས་དང་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་བསྒྲུབ་པའི་སྐབས་ཉིད་དུ་མི་དང་མི་མ་ཡིན་པའི་བར་ཆད་འཚེ་བ་མི་འབྱུང་བའི་ཐུགས་སྨོན་བསྲུང་གུར་རྡོ་རྗེའི་ར་བ་ནས་མི་བོར་བའི་སྐྱབས་འཇུག་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན། དེ་ལྟར་རང་གི་གནས་ཚུལ་རྫིང་བུ་ནས་འཁྱོར་བས་བླང་བའི་ཆུ་ཐིགས་ཙམ་རགས་རིམ་འདི་སྙན་དབང་ཡིད་བཞིན་གྱི་ནོར་བུར་གསོལ་ཞིང་། དེ་ལ་ཆོས་དབྱིངས་ཚོམ་འཁྲུངས་ནམ་ཡང་མི་འཇུག་པ་ནས་ཚད་མེད་པའི་ཐུགས་རྗེ་ཆེན་པོས་ཁྱབ་པའི་བཀའ་ལུང་འཕགས་ཆེན་རྣམས་ཀྱི་འཕྲིན་ལས་ཀྱི་རང་གཟུགས། མཐོང་མཛེས། ཐོས་སྙན་རེག་བདེ། དྲང་སྲོང་རི་ཥིའི་བུ་ཡི་མགོ་སྐྱེས་ལྷ་མོའི་རྒྱུན་བཟང་པོ་ལྟར་ཆད་པ་མེད་པར་རྟག་ཏུ་སྩོལ་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན། ཞེས་ལྷ་ཡི་རེག་བྱ་དྲི་བྲལ་རྣམ་པར་དཀར་བས་བཅིངས་ཏེ་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཆུང་སརྦ་མངྒ་ལཾ།

གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་རྒྱལ་པ་མཆོག་གི་འཕྲིན་ལས་པ་སྣང་ཆེན་པོའི་སྐུ་ཞབས་སུ། རིག་འཛིན་རྒྱལ་ཁམས་པས་ཟླ་༡༢ཚེས་༡ལ་སྨན་སྟོད་རྫོངས་ནས་ཐོན་པར་ཕུལ་བའི་ཞུ་ཡིག་འདི་གལ་ཆེན་ཡིན་པས་ལམ་བར་དུ་འགོར་འགྱངས་བོར་བརླག་མེད་པར་ཅི་མྱུར་འབུལ་ལུགས་ཞུ་ཞུ་ཞུ།

༈ སྤྱན་རས་གཟིགས་དབང་སྐལ་བཟང་རྒྱ་མཚོར་ཕུལ་བའི་ཆབ་ཤོག།

གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་རྒྱལ་བ་མཆོག་གི་འཕྲིན་ལས་སྣང་ཆེན་པོའི་མདུན་སར། ཞུ་བ། དེང་དུས་འཕགས་མཆོག་ལག་ན་པདྨོ་ཡི་འཕྲིན་ལས་ཀྱི་གདུགས་དཀར་རྩིབས་སྟོང་མངོན་བཀྲ་བ་ཡིས་འདེགས་ཤིང་དཀར་པོ་གྱེན་དུ་འཕགས་ཤིང་བརྟན་པར་བཞུགས་པ་ནས། འདིར་གནས་བྱ་བྲལ་བ་རྒྱལཁམས་དཱ་རི་དྲ་བ་ལ་དགྱེས་པའི་སྤྱན་རས་བཟང་པོས་ལེགས་པར་བྱབ་པའི་བཀའ་མཆིད་ཀྱི་གླེགས་བུ་ལྷ་གོས་རྣམ་པར་དཀར་བས་བཅིབས་པ་ཕྱག་རྒྱའི་རེ་ཁ་ཉམས་མེད་དིང་རི་མཁན་པ་རྫོངས་གླང་འཁོར་དཔལ་གྱི་རི་བོར་སོན་པ་བཀའ་དྲིན་ཆེན་པོར་གྱུར། ངོས་ཀྱང་དམ་པའི་རྣམ་ཐར་ལ་སློབ་པའི་མོས་མདུན་མ་བོར་ཙམ་དུ་གཟུགས་ཕུང་ཁྱོ་རེ་བའི་ངང་དུ་མཆིས་ཤིང་། སྔ་སོར་སྐབས་ནས་འཛུམ་ལང་དང་བལ་ཡུལ་ཡམ་བུ་རྒྱལ་པོ་དང་འཕགས་ཡུལ་གྱི་ཆ་ཤས་འབུམ་ཕྲག་བརྒྱ་ཡི་མངའ་འབངས་ཅན་ཏི་ར་ཧུ་ཏིའི་རྒྱལ་པོ་ཆེན་པོ་སོགས་ནས་རང་རང་གི་ཡུལ་ཕྱོགས་སུ་ཡོང་དགོས་ཚུལ་བྱུང་ཡང་འགྲོ་བའི་སྤྲོས་པ་བསྐྱུངས་ཤིང་། འདི་ལོ་དགུན་སྤ་གྲོ་སྟག་ཚངས་ཕྱོགས་སུ་བགྲོད་རྩིས་ཡིན་ཡང་འཕྲལ་བལ་པོའི་རྒྱལ་པོས་ཡོང་དགོས་ཚུལ་ནན་བསྐྱེད་པ་དང་། རང་ཉིད་ནས་ཀྱང་བྱ་རུང་ཁ་ཤོར་གྱི་ཞིག་གསོ་གྲུབ་མཚམས་འཕགས་པ་ཤིང་ཀུན་ཞིག་གསོ་བགྱིད་འདོད་དུང་དུང་པོས་ཞེ་དམ་བཅས་པ་ཡིན་ཡང་།

འབྲུག་ལོ་རང་ལ་ལྟས་མ་ཆུབ་ཅིང་། སྦྲུལ་ལོའི་གཞུག་གུང་གཡོག་རྣམས་ཀྱི་སྲོག་སྐྱོབས་ཁུར་ལྕིའི་དུབ་བཞིན་པས་བགྲོད་མ་ནུས་པ་དང་། རྟ་ལོའི་མཐར་སླར་ཡང་དུས་འགྱུར་གྱིས་ལྷ་སར་ཡོང་དགོས་སོགས་པས་རིམ་འགྱངས་སུ་གྱུར་པས། འདི་ལོ་བལ་པོ་རྒྱལ་པོས་ཀྱང་ཡོང་དགོས་ཚུལ་ནན་བསྐྱེད་ཀྱིས་བསྐུལ་བ་དང་། གོཪྵ་རྒྱལ་པོ་ལ་མཆོད་རྟེན་སྲོག་ཤིང་བླང་བའི་སྔ་སོར་ནས་ཡིག་དན་ཡོད་ཀྱང་མོན་པའི་རྒྱལ་པོ་བློ་འགྱུར་སླ་བ་བཅས་འཕྲལ་དུ་ཕོ་ཉ་གཏོང་བར་སྔར་དན་བཞིན་ཡིན་ཚུལ་བྱུང་ཞིང་དེ་ལྟ་ན་ཡང་རང་གི་སྔར་ནས་བདག་འཛིན་ཡོ་བྱད་ཕྲ་ཞིང་འཕྲལ་དུ་བླང་ཁུལ་ཀྱང་འབྱོར་པ་སྲབ་པ་བཅས་ཞིག་གསོ་མཐར་ཕྱིན་ཞིག་དཀའ་རུང་མཆོད་རྟེན་གྱི་སྲོག་ཤིང་ཕུལ་བ་ཙམ་གྱིས་ཕན་ཡོན་བསམ་གྱིས་མི་ཁྱབ་པས་འདི་ལོ་མཚུར་ཕུར་ཀརྨ་པའི་ཞུ་དོན་འབྲས་སྡོད་ཡུན་རིང་སྟབས་ཚད་པར་ནམ་དུས་ཀྱི་གཏུག་རུང་བལ་ཡུལ་དུ་འཕྲལ་མར་འགྲོ་རྩིས་དཔལ་ཐང་དང་ཉེ་བ་སྨན་ཁབ་སྟོད་ཀྱི་ཆར་འབྱོར་སྐབས་ལགས་པ་ཡང་གནས་ཚུལ་དང་། ཆེད་དུ་གསོལ་འོས་ལ་དྭགས་རྒྱལ་པོས་རིང་མོ་ཉིད་ནས་ཡོང་དགོས་ཚུལ་ཡི་གེ་བར་མི་ཆད་བྱུང་ཞིང་། སྔ་སོར་ན་ཚོད་གཞོན་ནུའི་སྐབས་ཞིག་ཨོ་རྒྱན་གཉྫ་བ་ཡི་ཡུལ་དུ་བགྲོད་ན་སྙམ་ཞིང་། དེ་ཡི་ལམ་ཞོར་དུ་འཁེལ་སྟབས་ཡོང་རྒྱུའི་རྩིས་སྨྲས་ཀྱང་དུས་ཕྱིས་ཞྭ་དམར་བའི་སྐོར་སོགས་ཀྱི་ཡང་བོད་ཡུལ་དབུས་སུ་ཡུན་རིང་འགོར་ཞིང་། ད་ཆ་ན་ཚོད་ཀྱིས་གཏུགས་ཤིང་ལྷག་ཏུ་རང་ཉིད་སྐྱེས་ཡུལ་མཐའ་འཁོབ་ཏུ་གྱུར་པར་མ་ཟད། མི་གཤིས་ཀྱི་རྒྱལ་པོ་རྣམས་ཀྱི་མདུན་ན་འཇུག་པའི་མཁས་འཇུག་བཀྲ་ལག་དེ་མ་ཤེས་སྟབས་ཆེན་པོ་རྣམས་ཀྱི་མདུན་ན་འཇུག་ཤོས་ཤིག་ཡོང་གི་མེད་པ་ནི་ཀུན་གྱི་དགོངས་མངའ་ལྟར་ལགས་ན་སྟོད་ཕྱོགས་སུ་ཕན་ཚུན་ལེགས་བཟླུམ་དམག་འཁྲུག་ཞི་ཞིང་སྟོད་ནོར་བཟློག་པ་སོགས་ཕན་ཡོན་ཤིན་ཏུ་ཆེ་བ་ཡིན་སྣང་ན་ཡང་། རེ་ཞིག་བལ་ཡུལ་མཆོད་རྟེན་ཆེན་པོའི་ཞིག་གསོའི་ཁྱད་བཅས་སྟོད་ཕྱོགས་སུ་འགྲོ་བར་མི་སྤྲོ་ལ། ལར་ནི་ལྕགས་ཕོ་ཁྱི་ཡི་ལོ་ལ་སྟོད་ཧོར་བོད་དུ་འབྱུང་བར་གུ་རུའི་ལུང་བསྟན་མང་དུ་གསལ་ཞིང་། དེ་ལ་ཡང་དུས་ཚིགས་རིམ་པ་ཁ་ཡར་ཡོད་པའི་གཅིག་ནི་མེ་ལུག་དབུས་གཙང་དུས་གཟིར་བྱུང་ནས་ལོ་ཤས་ཀྱི་ལྕགས་ཁྱི་དེ་ཡིན་པ་དང་། དེ་བཟློག་ཕྱིར་མང་ཡུལ་རི་བོ་དཔལ་འབར་དུ་རྟེན་འབྲེལ་བསྒྲིགས་དགོས་ཚུལ་གུ་རུའི་ལུང་བསྟན་བྱུང་བཞིན་མེ་ལུག་དང་ས་སྤྲེལ་གྱི་ལོ་སྔ་ཕྱིར་བསྡོམ་པ་གཅིག་ཉེ་བ་ཙམ་དུ་དེ་ཡི་རྟེན་འབྲེལ་ལ་རང་ཉིད་ཀྱིས་འབད་པར་བྱས་པས་དེ་སྐབས་ལུང་བསྟན་དུ་ལོ་ཉི་ཤུ་རྩ་ལྔའམ་སུམ་ཅུ་སོ་བདུན་གྱི་བར་སྟོད་ཧོར་གྱི་དམག་བསྲིང་བ་དང་། དེ་ནས་ཀྱང་རྟེན་འབྲེལ་བསྒྲིགས་ཚུལ་གྱི་ལོ་ཅི་རིགས་བསྲིང་བའི་ཐབས་ཡོད་ལ།

རྟེན་འབྲེལ་གྱི་གནད་འཆུག་ན་དཔྱད་ལོག་པ་ལྟ་བུ་དུས་ཐུང་ངུར་མི་དགོས་པར་འཆར་བ་གསུང་ཞིག་བྱུང་མོད། དེ་ཚུལ་དུ་དེ་སྐབས་ཉིད་དུ་རང་ལ་ཡིད་བརྟེན་པའི་སློབ་མ་རྣམས་ལ་སྨྲས་པ་ཙམ་ལས་གཞན་དམངས་ལ་ནི་དགོངས་པ་མི་ཆེ་བས་མ་སྨྲས་ཤིང་། ཆེན་པོ་ཁ་ཅིག་ལ་གསོལ་བར་དེ་ལེགས་གསོའི་ཚིག་བྱུང་ན་ཡིད་མགུ་བ་ལས་ཟང་ཟིང་གི་དངོས་པ་རེ་འདོད་མི་བདོག་ཀྱང་གཞན་དབང་གི་ཁྲལ་བརྡས་བྱེད་པ་ལས་མ་བྱུང་། འོན་ཀྱང་དེ་སྐབས་རྟེན་འབྲེལ་གྱི་རྩ་བ་དེ་དང་། ད་དུང་ཡང་བསྒྲིགས་ཚུལ་ཁ་ཤས་མ་འཆུག་ན་རེ་ཞིག་ནི་ཕྱིར་བསྲིངས་ནུས་པར་སེམས་ལ། ལྕགས་གླང་གི་ལོ་མཐར་ངེད་མདོ་ཁམས་སུ་ཡོད་སྐབས་ལུང་བསྟན་ཞིག་ཏུ་རྒྱ་ནག་གི་བོད་ལ་དབྱེ་འབྱེད་ལན་གསུམ་བྱས་པའི་མཐར་བསྟན་རིམ་ལ་མ་བརྩོན་ན་སྟོད་ཧོར་འབྱུང་བར་གསུང་ན། དེས་ན་དབྱེ་འབྱེད་གསུམ་པ་སླར་འབྱུང་འདྲ་སྙམ་ཞིང་། དེ་རྗེས་བོད་ལ་སྟོད་ཧོར་གྱི་ཉེན་ཤིན་ཏུ་ཆེ་བ་ཞིག་ཡོད་འདྲ། ཡང་ཤིང་ཡོས་ཀྱི་ལོར་བོད་ཀྱི་རྗེ་བོ་མཆོད་ཡོན་ཚུལ་བཞིན་དུ་རྟེན་འབྲེལ་བསྒྲིགས་ནས་སྤ་གྲོ་སྟག་ཚངས་ཀྱི་གཏེར་ཐོན་ན་མཆོད་ཡོན་མཛའ་ཤིང་བོད་སྤྱི་ལ་བདེ་བའི་རྟེན་འབྲེལ་ཅན་གུ་རུའི་ལུང་བསྟན་བྱུང་ཡང་མི་དབང་ཆེན་པོ་དེ་ཉིད་ཀྱི་ཐུགས་ཆེས་མཛད་པའི་སྟོད་ཕྱོགས་བླ་མ་ཁ་ཅིག་ནས་འདི་ནི་ཟོག་པོའོ། །ལྷག་ཏུ་ག་གེ་མོ་དང་། ཆེ་གེ་མོ་དང་ནང་གཤིམ་པ་ཞིག་གོ །ཞེས་པ་ལ་བརྟེན་འཚམས་འདྲིའི་ཞུ་ཡིག་ཙམ་ཡང་མ་བཞེས་ནས་ལོ་ཁ་ཤས་སོང་གཤིས། དེ་ཚུལ་སྙན་དུ་འབུལ་མ་བདེ་ཞིང་། རང་ཡང་ཚེགས་ཆེ་གཤིས་ཅི་བདེར་འཇོག་དགོས་བྱུང་། དེ་བཞིན་༸གོང་ས་སྐྱབས་མགོན་མཆོག་གི་སྐུ་ཚེའི་འགལ་རྐྱེན་ཞི་བའི་རྟེན་འབྲེལ་གུ་རུའི་ལུང་བཞིན་ལན་ཁ་ཡར་བསྒྲིགས་པ་ན་ནིང་རྟ་ལོའི་དུས་འགྱུར་སྐབས་དེ་ཁོང་ཡུས་དང་བཅས་ངོ་སོར་འཕྱགས་ཏེ་གསོལ་བར་འདུས་སྡེ་ཆེན་པོ་གསུམ་གྱི་རྟེན་འབྲེལ་ལས་ལྷག་པ་ཁྱོད་རྣལ་འབྱོར་པ་གཅིག་གི་ཧམ་པར་ཟད་དོ། །ཞེས་གཞུང་ས་ནས་བཀའ་ཕེབས་པ་སོགས་འདི་རིགས་སྤྲོས་པ་བསྐྱུང་བའི་གནས་སུ་གོ་ཞིང་། ལྷག་ཏུ་ད་ནི་རྣལ་འབྱོར་རྒད་པོ་མཆི་ཁ་མ་ཞིག་གི་བོད་སྤྱི་ལ་ཕན་པའི་བྱ་བ་རྔམ་ཆེན་འགྲུབ་པ་ཞིག་དཀའ་ལ་དེ་བས་ཡུལ་མཐའ་འཁོབ་རྣམ་གཡེང་ཆུང་བའི་ནགས་གསེབ་ཞིག་ཏུ་སྔར་ཐོས་པ་བྱས་པའི་ཆོས་རྒྱུན་དཀོན་པོ་ཁ་སྤེལ་ཐུབ་ན་དང་ནུས་ན་དགེ་སྦྱོར་བྱེད། །མི་ནུས་ན་སོས་དལ་གྱི་སྡོད་པ་ཞིག་ལ་ཡིད་སྨོན་བཅའ་ཡི་ཡོད། དེ་ལྟ་ན་ཡང་སྟོད་ཕྱོགས་སུ་འགྲོ་བ་ཕྲལ་ལྟས་མ་ཆུབ་ལ། ཡང་ལྟས་ཆུབ་ངེས་རིགས་རང་ལ་བྱུང་ཚེ་སྭ་ཡཾ་བྷུ་ཙྱཻ་ཏ་ཞིག་གསོ་གྲུབ་མཚམས་ལྷ་བཅས་འགྲོ་བའི་སྐྱབས་མགོན་མཆོག་ལ་ཡང་ཐུགས་དམ་གསལ་རྟགས་བཅས་སྐབས་སུ་ཅི་ལྟར་བབ་ཀྱི་འཕྲོས་སླད་མར་ཞུས་ཆོག་པ་ཞུ་རྒྱུ་དང་། རང་ཉིད་ཀྱི་བློ་འདོད་ལ་ནི་བལ་ཡུལ་མཆོད་རྟེན་གྱི་གཞི་གསོ་གྲུབ་མཚམས་མདོ་ཁམས་རྒྱལ་མོ་དང་སྡེ་དགེ་སོགས་རྒྱལ་ཕྲན་དུ་མར་གྱུར་པས་བསྐུལ་ཞིང་སྐྱེ་ཡུལ་གྱི་དགོན་ཁག་ནས་ཀྱང་ལོ་རེ་བཞིན་ཕོ་ཉ་བཏུད་མར་བཏུད་པ་བཅས་མཐའ་འཁོབ་ཀྱི་ཕྱོགས་སུ་རང་ཉིད་ཟོས་བདེ་ཞིང་སྐྱིད་ལ་རྒྱལ་བའི་བསྟན་པ་ལ་ཡང་ཅི་ནུས་སྨན་པའི་སླད་དུ་བགྲོད་འདོད་མཆིས་ལ། གང་ཅིར་བལ་པོར་སླེབ་མཚམས་གནས་ཚུལ་ཞིབ་མོ་ཞིག་ཀྱང་འབུལ་བར་སྤྲོ་ཞིང་། དེ་ལྟར་རང་གི་གནས་ཚུལ་གང་ཡིན་མ་བཅོས་ལྷུན་པར་བུ་ཚས་ཕ་མར་སྨྲེང་བ་བཞིན་མཛེས་འཁྲིག་མེད་པར་གསོལ་བ་ལ་ཆོས་དབྱིངས་ཚོམ་འཁྲུངས་མི་མངའ་བ་ནས་དེ་ཞབས་མི་ཡི་རྗེ་བོ་མཆོག་གྱུར་རྣམས་ཀྱིས་དཀྱུས་རིང་ཐུགས་རྗེའི་སྤྱན་རས་ཀྱི་ནམ་ཡང་མི་བོར་བའི་ཕེབས་འོས་མེས་པོའི་རལ་རླུང་ལྟ་བུར་ཆད་པ་མེད་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་བརྒྱ་ཕྲག་དུ་མར་གསོལ་བ་འདེབས་པའོ། །

ཞེས་དཀྱུས་རིང་ཐུགས་རྗེའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་ལྷ་ཡི་གོས་རྣམ་པར་དཀར་བ་པཱ་ར་ཛའི་མེ་ཏོག་ལྟ་བུས་བཅིབས་ཏེ་དཔལ་མ་དཔལ་ཐང་དང་ཉེ་བ་སྨན་སྟོད་རྫོངས་ནས་དཱ་རི་དྲ་པ་ཕྲན་བུ་ལས་ཀྱང་ཕྲན་བུར་གྱུར་པ་རིག་འཛིན་རྒྱལ་ཁམས་པས་རྒྱལ་ཟླའི་ཡར་ཚེས་དགའ་བ་དང་པོ་ལ་ཕུལ་བའི་ལི་ཁི་ཏམ་སརྦ་མངྒ་ལཾ།

༈ རྒྱལ་དབང་མཆོག་ལ་ཕུལ་བའི་ཆབ་ཤོག།

རྣམ་པར་འདྲེན་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་ལྷ་བཅས་འགྲོ་བའི་གཙུག་གི་ནོར་བུའི་རྩེ་མོར་མངོན་པར་མཐོ་བ་ཀུན་གཟིགས་བླ་མ་ཆེན་པོའི་ཞབས་མཐིལ་གསེར་གྱི་འཁོར་ལོས་ཉེ་བར་བསྙེན་པ་འཇིགས་མེད་སེང་གེའི་ཁྲི་ངོགས་སུ། གུས་པས་ཞུ་གསོལ།

མཁའ་ཁྱབ་ཡེ་ཤེས་སྤྲོས་དང་བྲལ་བའི་དབྱིངས་ལས་ནམ་ཡང་མ་གཡོ་བཞིན་མ་དམིགས་པའི་སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དྲུང་ནས་ཕྱུངས་པའི་ཕྱིར་ཉིན་མཚན་དུས་དྲུག་ཏུ་སྨོན་ལམ་ཕ་རོལ་ཕྱིན་པའི་སྤྱན་གྱིས་གཟིགས་པར་མཛད་བཞིན་ལག་ན་པདྨོའི་ཞིང་ཁམས་སུ་ལག་ན་པདྨོ་རང་ཉིད་ངུར་སྨྲིག་བགོ་བ་གསུམ་གྱིས་ཉེ་བར་སྤྲས་པ་སྡོམ་འཛིན་རྒྱལ་པོའི་ཚུལ་གྱིས་འཕྲིལ་ལས་རྣམ་པ་བཞིའི་རོལ་པས་གདུལ་བྱ་རྣམས་འཕྲལ་དང་ཡུན་དུ་བདེ་བའི་སར་བཀོད་པའི་བྱེད་པོར་ཁམས་དྲུག་གཟུགས་སྐུའི་སྣང་བརྙན་ཕྱོགས་ལས་རྣམ་པར་རྒྱལ་བ་མི་འཇིགས་སེང་གེའི་ཁྲིར་འཚོ་ཞིང་བཞེས་ཏེ་བཞུགས་པ་ནས་འདིར་གནས་བྱ་བྲལ་རྒྱལ་ཁམས་དྭ་རི་དྲ་པ་ཕྲན་བུ་ལས་ཀྱང་ཕྲན་བུར་གྱུར་ན་ཡང་རྒྱལ་བ་རྣམས་ཀྱི་ནི་ཆེས་དམན་པའི་འགྲོ་བ་ཡང་བརྙས་པར་མི་མཛད་པ་རང་གི་རྣམ་པར་བཞིན་ཐུགས་རྗེ་འགོག་པ་མེད་པའི་གཟིགས་པས་ཐོག་མ་དང་མཐའ་མ་བར་དུ་དགེ་བའི་ཚིག་བཟང་ཞིང་དོན་བཟང་བ་གཟོས་སྒོ་གནས་ཚུལ་དང་བཅས་པའི་ཆབ་ཤོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཇི་འདྲ་མང་ཡུལ་གྱི་རོལ་བལ་ཡུལ་ས་ཡི་ཆར་ཨུརྞའི་མཛེས་རྒྱན་དུ་ཕེབས་པ་ཡིད་ཀྱི་རྒུད་པ་མཐའ་དག་དབྱིངས་སུ་ཞི་བའི་སྐྱེས་ཀྱི་མཆོད་རབ་དམ་པར་ཐོབ། ཕྲན་བྱ་བྲལ་རིག་པ་འཛིན་པ་ཡང་ན་ཚོད་ཁུར་གྱིས་དུབ་ཅིང་བགྲོད་དཀའ་གཅོང་རོང་ངམ་འབྲིག་གི་ལྗོངས་སུ་ལུས་ཀྱི་ངལ་བ་སྦྱངས་ཀྱང་རང་གི་ཡི་དམ་བཅས་པ་བཞིན་ནེམྤྷལ་ལ་ཡི་རང་བྱུང་མཆོད་རྟེན་ཆེན་པོ་མཆོད་པའི་ཕྱིར་དགའ་ཞིང་དྭངས་བའི་སེམས་ཀྱི་སྔོན་ཚ་བ་ཤོད་ཞེས་བྱ་བའི་ཡུལ་ད་ལྟ་ནེམ་དཔལ་རྫོངས་སུ་བརྗོད་པ་དེར་འབྱོར་ཉེའི་སྐབས་སུ་མཆིས་པ་གནས་ཚུལ་དང་།

སྟོད་ཕྱོགས་སུ་སྤྱི་དང་བྱེ་བྲག་སེམས་ཅན་གྱི་བདེ་ཐབས་ལ་འགྲོ་དགོས་ཚུལ་བཀའི་འཁོར་ལོ་རིན་པོ་ཆེས་ཁྱབ་པ། རང་གི་ན་ཚོད་གཞོན་དར་གྱི་སྐབས་སྟོབས་ནུས་ཀྱིས་ཤིན་ཏུ་དབུལ་ཡང་བསྟན་འགྲོ་སྤྱི་ལ་སྨན་པའི་ལྷག་བསམ་མི་དམན་པས་མཁོས་དཔག་འབད་རྩོལ་བགྱིད་ཁུལ་ཙམ་མཆིས་ཀྱང་། ད་ནི་ན་ཚོད་བབ་དང་། གཙོ་བོར་རང་གི་ལས་ཀྱི་རྒྱུ་བ་དང་ངང་ཚུལ་དུ་མས་ཀྱང་དུབ་པའི་ཚེ། ཚེ་འདིར་ཐོས་བསམ་སྒོམ་པའི་བྱ་བ་ཆ་ཤས་ཕྲ་མོ་ལསྤྱོད་པ་འདི་ཁོ་ན་དོན་ལྡན་ལས་གཞན་ཀུན་ཆུ་ཤིང་སྙིང་པོ་ལྟར་རྟོགས་པས་ནམ་འཆི་ཆ་མེད་ཀྱི་ཚེ་ལྷག་མཐའ་འཁོབ་དབེན་པའི་རི་སུལ་ཞིག་ཏུ་ཅི་བདེར་སྡོད་འདོད་སྔ་སོར་བཀའ་ཤག་གི་ཕེབས་ལན་དུ་ཟུར་ཙམ་གསོལ་ཞིང་། ལྷག་ཏུ་སྟོད་ཕྱོགས་འགྲོ་བ་ལྟས་ཀྱང་མ་ཆུབ་པས་བཤོལ་རྩིས་མཆིས་རུང་།

ད་ལམ་ཡོངས་ཀྱི་སྐྱབས་མགོན་བོད་ཀྱི་ལྷ་གཅིག་རྒྱལ་བ་མཆོག་གི་དག་པ་ཡེ་ཤེས་ཅན་གྱི་གཞན་ཕན་དུ་འགྱུར་བ་གཟིགས་པ་གོར་མ་ཆག་གཤིས་བཀའ་ལུང་རིན་པོ་ཆེ་ལྡོག་པར་ནི་མི་སྤོབས་ཀྱི་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་འབད་རྩོལ་ཅི་མཆིས་བསྒྲུབ་ནས་དེ་གྲུབ་མཚམས་སྒྱུ་ལུས་མི་བདེ་བ་ཚབ་ཆེ་མེད་ཅིང་གསར་འགྱུར་གྱི་རིགས་གཞན་མ་བྱུང་ན་རྒྱལ་དབང་དམ་པ་མཆོག་གི་འཕྲིན་ལས་ཀྱི་བྱ་བ་གངས་ཅན་བདེ་བའི་བརྩིས་སུ་བཀའ་ཡི་ཅོད་པན་ཐོད་དུ་བཅིངས་ནས་རང་ཉིད་ཀྱི་ངལ་དུབ་དཀར་བརྩེགས་སྤྱོད་ལ་མ་ལྟོས་པར་ལ་དྭགས་ཕྱོགས་སུ་ངེས་པར་འཇུག་རྒྱུ་ཞུ་ལ།

འོན་ཀྱང་ཡུལ་དེ་ནི་རྒྱལ་ཁག་དུ་མའི་མཚམས་སུ་གྱུར་གཤིས། ལྡན་པ་དང་འདུས་པའི་ནད་ཀྱིས་སྨན་དཔྱད་བཞིན་ཤིན་ཏུ་བྱ་དཀའ་བར་མ་ཟད། དེང་དུས་བོད་རྣམས་ཀྱི་སྟོད་ཧོར་དུ་འདོད་པ་དངོས་གཞི་པཀྵ་བདག་པོ་ནི་མ་ཁ་ནས་བྱུང་བའི་ཌི་ལིའི་རིགས་ཏེ་མུ་སུར་མལ་གྱི་གྲུབ་མཐའ་རྩ་བའི་བདག་པོ་ཉིད་དུ་གྱུར་གཤིས་ཤིན་ཏུ་བརྟེནཔར་དཀའ་ལ་འགྲོགས་མི་སྤྲོ་བ་ཞིག་སྟེ། དེས་ན་ལ་དྭགས་ནང་འཁྲུག་གི་ཞུ་ཚིག་ཐལ་བའི་སྐྱོན་ཆེས་ན་བྱ་ཤིན་ཏུ་དཀའ་བར་མ་ཟད། ལྷག་ཏུ་སྦྱོང་འགར་ནས་ཀྱང་བཀའ་བློན་གྱི་རྒྱབ་རྩ་བརྩད་གཅོད་བྱེད་སྐད་བཅས་དེ་ཡང་མི་བདེ་བའི་རྣམ་པ་ཆེ་ཞིང་།

སྤྱིར་ནི་དེང་སང་སྙིགས་དུས་ཀྱི་དད་ས་གསར་འགྲོགས་ལས་སླ་ཙམ་ལས་ཆོས་བཞིན་དཀོན་པ་དང་། རྒྱལ་པོ་རྣམས་ནི་ལྷག་ཏུ་བརྟེན་པར་དཀའ་བ་བཅས་རང་སྟོབས་ཀྱིས་གཞན་ཕན་འགྲུབ་མིན་མ་ངེས་རུང་གངས་ཅན་འགྲོ་བའི་མགོན་པོ་མཆོག་གི་ཚད་མེད་པའི་ཐུགས་རྗེའི་མཐུ་ལ་བརྟེན་ཕྲན་གྱི་བྱས་པ་དོན་ལྡན་སེམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཐུགས་སྨོན་གྱི་སྐྱབས་འཇུག་དང་། འདིར་མཆོད་རྟེན་གྱི་ཞིག་གསོ་ངང་ཚུལ་འགྲོ་གདོང་ལམ་ཡིག་ཞུ་དགོས་སོགས་གནས་ཚུལ་འབུལ་འོས་རྣམས་སླད་ནས་རིམ་པས་ཕུལ་ཆོག་པ་ཞིག་དང་། གང་ཅིར་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་རྩ་ལག་ཆེན་པོར་དཔལ་མགོན་དམ་པ་མཆོག་ཉིད་ཀྱི་ཞབས་པད་བརྟན་པ་རྡོ་རྗེའི་རི་བོ་རྟག་པ་གཡུང་དྲུང་ཆེན་པོ།

རྒུད་པ་མེད་པའི་རྒྱལ་མཚན་དུ་འཚོ་ཞིང་བཞེས་པ་གསོལ་བ་འདེབས་པ་རེ་འབྲས་དོན་ལྡན་དུ་ཅི་ནས་ཀྱང་མཛད་པ་ནས་བཀའ་ཡི་འཁོར་ལོ་ཡང་སྐལ་ལྡན་ཤིང་རྟའི་བགྲོད་པ་བཞིན་ཆད་པ་མེད་པ་མཁྱེན་མཁྱེན་མཁྱེན། ཞེས་དཀྱུས་རིང་ཐུགས་རྗེའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་སྐེམ་བྲལ་གྱི་ཕུང་པོ་གཅིག་ཏུ་བསྡུས་ལྟར་དཀར་ཞིང་། ཆུ་ཤེལ་དབང་པོ་ལྟར་མཆོག་ཏུ་དྭངས་བ་པཱ་ར་ཛཿཡི་ལོ་མ་ལྟར་རེག་འཛམ་ལྷ་གོས་སྲིད་དུ་རིང་བས་བཅིབས་ཏེ་ཨངྐི་ར་ཆུ་སྤྲེལ་གྱི་ལོ་ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་དགའ་བ་གཉིས་པ་ལ་བལ་ཡུལ་རི་ཡི་རྒྱལ་པོ་ནཱི་ལ་ཀཎྜའི་རྒྱུད་ཨ་རུ་ར་དང་ད་སཱ་ལའི་ནགས་ཚལ་མཐུག་པོར་གནས་པ་མཇལ་འདུ་མ་ནས་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ ལྷ་ཡི་ལྷ་རྒྱལ་བ་མཆོག་གི་སྐུ་ཞབས་སུ་ཕུལ་བའི་ཆབ་ཤོག །

གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་རྒྱལ་བ་མཆོག་གི་འཕྲིན་ལས་པ་སྣང་ཆེན་པོའི་སྐུ་ཞབས་སུ། རིག་འཛིན་རྒྱལ་ཁམས་པའི་ཞུ་ཡིག་འདི་གལ་ཆེ་ངེས་ཡོད་པས་ལམ་བར་དུ་བོར་ཟག་མེད་ཅིང་ཆུ་ཚོད་འགོར་མེད་གཏང་རྒྱུར་ཟླ་༡ཚེས་༩ཡི་ཉི་གྲོས་ལ་བལ་ཡུལ་མཇལ་འདུ་མ་ནས་ཐོན་པར་ཕུལ་བ་སརྦ་མངྒ་ལཾ། གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་རྒྱལ་བ་མཆོག་གི་འཕྲིན་ལས་པ་སྣང་ཆེན་པོའི་མདུན་སར། ཞུ་བ།

སྔོན་ནས་རྒྱལ་བ་དུ་མ་བརྙེས་པར་བྱས་ཤིང་། ཚོགས་གཉིས་ཀྱི་མཐུ་བརྟས་པ་ལ་བརྟེན་དེ་དེང་དུས་ལག་ན་པདྨོ་ཅན་གྱི་འཕྲིན་ལས་ཀྱི་བྱེད་པོར་གངས་ཅན་རྗེ་བོའི་གོ་འཕང་ཆེན་པོར་མངོན་པར་འཕགས་ཏེ་བཞུགས་པ་ནས། འདིར་གནས་ཕྲན་བུ་དཱ་རི་དྲ་པ་ལའང་དགྱེས་པའི་ཐུགས་ཀྱི་ཡོངས་སུ་ཁྱབ་པ་ཡིས་བཀའ་མཆིད་ཀྱི་གླེགས་བུ་རབ་དཀར་རེག་འཇམ་ལྷ་ཡི་གོས་ཀྱིས་ཀླུབ་པར་བཀའ་རྟགས་ཀྱི་རི་མོ་འཛུམ་བཞིན་བལ་ཡུལ་གྱི་ཡུལ་མཚམས་སུ་ཉེ་བར་སོན་པ་བཀའ་དྲིན་ཆེན་པོས་ཁྱབ། ངོས་ཀྱང་འཚོ་བ་མ་བརྙིལ་ཙམ་ནས་ཚོད་ཁུར་དང་འབྱུང་བ་མ་སྙོམས་པས་ལུས་བརྩེར་བའི་ཁུར་གྱིས་དུབ་ཀྱང་སངས་རྒྱས་ལ་ཡིད་ཆེས་པའི་དད་པ་དང་། ལྷག་བསམ་གྱི་མཁར་བ་བརྟན་པོ་ལ་ཁྲས་ཏེ་ད་ལྟ་བལ་ཡུལ་ཚ་ཤོད་དུ་འབྱོར་ནས་རང་བྱུང་མཆོད་རྟེན་ཆེན་པོའི་སྲོག་ཤིང་ཆེད་དུ་གོཪྵ་ར་ཛའི་ཁབ་ཏུ་ཉེ་བར་གནས།

ཅི་ལྟར་བཀའ་ལུང་གི་དོན་རང་ཉིད་མཁོས་སྟོབས་ནུས་པ་ཆུང་ཞིང་ཉམས་ཉེས་པར་མ་ཟད་ན་ཚོད་ཁུར་གྱི་འགྲོ་བསྐྱོད་ཤིན་ཏུ་ལྕི་ཞིང་ཡུལ་ཆོས་ཀྱི་མི་བཟོ་བ་དང་། ལྷག་ཏུ་སྟོད་ཕྱོགས་སུ་འགྲོ་བ་ལྟས་ཀྱང་མ་ཆུབ་པ་ཡིས་མི་ནུས་ཚིག་གི་སྦྱངས་བའི་རྩིས་སུ་སྔ་སོར་ཞུ་ཡིག་རུ་ཅུང་ཟད་གསོལ་ལྟར་ལགས་ཀྱང་། ཡང་སྐྱར་མི་ཡི་བདག་པོའི་མདུན་ས་ནས་བཀའ་མཆིད་ནན་ཆེན་ལེན་དུ་མ་ཕེབས་གཤིས་མི་ཡི་རྗེ་བོ་སྣང་ཆེན་རྣམས་གསུང་རང་འདོད་སྤྱི་བརྟོལ་ཁོ་ནས་བཟློག་པའི་གནས་སུ་མ་གྱུར་པ་དང་། ལྷག་ཏུ་འགྲོ་བའི་གཙུག་རྒྱན་སྐྱབས་མགོན་མཆོག་ནས་ཀྱང་སྐྱེ་རྒུ་བྱེ་བྲག་པ་དང་སྤྱིའི་བདེ་ཐབས་སུ་ཀསྨི་རའི་ཡུལ་མཚམས་མར་ཡུལ་ཕྱོགས་སུ་བགྲོད་པར་འོས་ཞེས་བཀའ་ལུང་ནན་ཏན་ཕེབས་པ་ན་ཡེ་ཤེས་སྤྱན་གྱིས་འགྲོ་ཕན་དུ་འགྱུར་བར་གཟིགས་པ་གོར་མ་ཆག་པས་ལན་དང་རྣམ་སྨིན་ལ་མི་རེ་བ་ནི། བྱང་འཕགས་དེ་ས་ལས་བདག་ལྟ་མོས་སྤྱོད་གསར་བུ་བ་ནི་ལན་དང་རྣམ་སྨིན་ལ་ཤིན་ཏུ་ལྟོས་རུང་ལྷག་བསམ་གྱི་གཟུགས་བརྙན་མ་ཡལ་ཙམ་དུ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོས་འཕྲལ་རྩོལ་ཅི་མཆིས་གྲུབ་མཚམས་ད་ལྟའི་བྲོ་བ་འདི་ཅི་རུ་མ་སོང་ཞིང་གསར་འགྱུར་གྱི་རིགས་མ་བྱུང་ཚེ་སྟོད་ཕྱོགས་སུ་བགྲོད་རྒྱུ་རང་གི་སྒོ་གསུམ་བཀའ་ཚེགས་ངལ་དུབ་དངས་ལན་གྱི་བཀའ་བཞིན་ཞུ་འདོད་ཡིན་ལ།

འོན་ཀྱང་ཡུལ་ཕྱོགས་དེ་ནི་རྒྱལ་པོ་མང་པོའི་ས་མཚམས་སུ་གྱུར་ཞིང་། བོད་རྣམས་ཀྱི་སྟོད་ཧོར་དུ་འདོད་པ་པཀྵའི་རྒྱལ་པོ་ནི་ཀླ་ཀློའི་རིགས་རྒྱུ་འབྲས་བླང་དོར་ལ་མི་མཁས་ཤིང་བོད་ལ་ཡང་བརྣབ་སེམས་ཤིན་ཏུ་ཆེ་ཞིང་ལ་དྭགས་བློན་སྲས་ནས་ཞུ་ཐལ་ཆེས་ན་བསྐྱིལ་བར་ཆེས་དཀའ་བ་དང་། ལྷག་ཏུ་སྦྱོངས་འགར་ནས་ཀྱང་ལ་དྭགས་བཀའ་བློན་གྱི་རྒྱབ་རྩ་རྩད་གཅོད་བྱེད་སྐད་དེ་ཡི་ངང་ཚུལ་ནི་ཀུན་གྱིས་རྟོགས་བཞིན། དེས་ན་ལྡན་པ་དང་འདུས་པའི་ནད་ལ་སྨན་དཔྱད་ཀྱི་སྦྱོར་བ་ཤིན་ཏུ་དཀའ་བ་བཞིན་རིགས་དང་སྲོལ་ལུགས་མི་མཐུན་པ་མང་པོའི་དབུས་སུ་རྒྱུ་བ་སྤྲོ་བའི་གནས་མ་ཡིན་པ་དང་། སྙིགས་དུས་ཀྱི་དད་པ་ནི་གསར་ངེས་སླ་ཆོས་ལྡེམ་རྒྱང་ཅན་དུ་མ་ཟད་རྒྱལ་པོ་རྣམས་ནི་བརྟོན་པར་དཀའ་བ་བཅས་གཞན་ཕན་རྒྱ་ཆེ་འགྲུབ་མིན་མ་ངེས་ཤིང་། དེ་ཡང་རང་ཉིད་རྣལ་འབྱོར་བྱ་བྲལ་གྱི་ནའི་སྤྱོད་པ་ལ་ཞུགས་ན་འགྲོ་ཕན་བྱུང་མ་བྱུང་ལ་ཅི་མི་སྙམ་ལས་གཅེར་གཅེར་དུ་མ་དམིགས་རུང་ད་ལམ་གངས་ཅན་ལུགས་གཉིས་ཀྱི་མངོན་པར་མཐོ་བ་དབྱིངས་ས་ནས་བཀས་གནང་ཞིང་།

རྒྱལ་བ་མཆོག་གི་འཕྲིན་ལས་ཀྱི་ཆེད་དུ་བསྔགས་པར་འགྲོ་ཕན་རླབས་ཆེན་དུ་མ་གྱུར་ན་བློ་བག་ཤིན་ཏུ་ཁུམས་ཀྱང་བཀའ་སྩལ་གྱི་ཁུར་དྭང་དུ་ལེན་པ་ལས་འོས་གཞན་མ་གྱུར་ཡང་། དེར་ཞབས་པད་དུ་རྒྱལ་བློན་གཉིས་ཀའི་ཕོ་ཉ་ཡོད་ན་སྨོས་མེད་དང་། ལ་དྭགས་རྒྱལ་པོའི་ཕྱོགས་ཁོ་ནའི་ཕོ་ཉར་བརྟེན་བགྲོད་ན་རྒྱལ་རིགས་རྣམས་དོགས་པ་ཆེ་གཤིས། དེའི་ཕྱོགས་ཅནདུ་འཆར་བའང་སྲིད་པས་སྔ་ཐབས་ཕན་ཚུན་སོ་སོར་ངེས་འགྲིག་ཟླུམ་ལ་ཡོང་རྒྱུ་དེ་བར་འཁྲུག་ཟིང་གནང་ན་མི་ཡོང་ཚུལ་གྱི་ཡི་གེ་ཞིག་མཆོད་རྟེན་ཞིག་གསོ་ཅུང་ཟད་འགོར་ཚེ་དང་། དེ་ལྟར་མིན་ཡང་ལྷུས་མཐིང་ཁྱད་ཀྱིས་གཏང་བར་སྐབས་བབས་སེམས་རུང་། རྟ་བཤད་ཀྱི་བཀའ་ལན་འགྱང་གཞིར་གྱུར་དོགས་གནས་ཚུལ་རྒྱས་པ་འབུལ་མ་ཐུབ་ཡང་བལ་ཡུལ་གྱི་ཞིག་གསོའི་ངང་ཚུལ་དང་ཐོན་གདོང་ལམ་ཡིག་སོགས་གནས་ཚུལ་ཞུ་འོས་རྣམས་སླད་ནས་རིམ་པས་འབུལ་ཆོག་པ་ཞུ་རྒྱུ་དང་། གང་ཅིར་སླད་ནས་ཀྱང་ལེགས་ལམ་གྱི་ཕེབས་འོས་གསེར་མངལ་ཅན་གྱི་རལ་པའི་རླུང་ལྟར་ཆད་པ་མེད་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན། ཞེས་པདྨའི་འདབ་མ་ལྟར་ཡངས་པའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་པད་རྩ་ཀུ་མུད་ཆུ་ཤེལ་གངས་ཀྱི་རི་བོ་ལྟར་གཅིག་ཏུ་དཀར་བའི་ཁ་དོག་ཅན་ལྷ་ཡིས་རེག་བྱས་བཅིབས་ཏེ་ཡུལ་གྱི་རི་རྒྱལ་ནཱི་ལ་ཀཎྛི་འདབ་སཱ་ལའི་ཤིང་དང་ཨ་རུ་རའི་ནགས་ཚལ་མཐུག་པོར་གནས་པ་འཇལ་འདུ་མ་ནས་ཨངྐི་རའི་ལོ་ཆོ་འཕྲུལ་གྱི་ཟླ་བ་དཀར་ཕྱོགས་དགའ་བ་གཉིས་པ་ལ་ཕུལ་བ་ལི་ཁི་ཏཾ། སརྦ་མངྒ་ལཾ།

༈ རྣམ་འདྲེན་རྒྱལ་བའི་དབང་པོའི་ཞབས་སྟེགས་སུ་ཕུལ་བའི་ཆབ་ཤོག །

རྣམ་པར་འདྲེན་པ་ཐམས་ཅད་ཀྱི་སྤྱི་ཕུད་གངས་ཅན་ལྷ་བཅས་འགྲོ་བ་ཡོངས་ཀྱི་དཔལ་མགོན་རྒྱལ་བ་མཆོག་གི་ཞབས་སྟེགས་ཆུ་སྐྱེས་ཀྱི་ཟེ་བ་མངོན་པར་མཛེས་པའི་ངོགས་སུ། དྭངས་བས་ཞུ་གསོལ།

གདོད་ནས་རྣམ་པར་དག་པ་བྲི་གང་ལས་འདས་པའི་ཆོས་དབྱིངས་ནམ་དུ་ཡང་རྙོགས་པ་མེད་པ་འདུས་མ་བྱས་པའི་ངོ་བོར་རང་མདངས་གོ་མ་འགགས་པར་མཁའ་ཁྱབ་ཀྱི་སེམས་ཅན་སྒྱུ་མ་ལྟ་བུ་ལ་ཕན་པ་དང་བདེ་བའི་རྩས་བྱང་ཆུབ་མཆོག་གི་སེམས་ཀྱིས་འདུ་བྱས་ཏེ་བསྐལ་པ་རྒྱ་མཚོར་རྒྱལ་བ་དང་རྒྱལ་བའི་སྲས་སློབ་གཉེར་པར་བྱས་ཤིང་ཚོགས་གསུམ་གྱི་ཕུང་པོ་རབ་ཏུ་བརྟས་བཞིན་དེང་དུས་འགྲོ་བ་མཐའ་དག་ས་ཡིས་མ་འདྲིས་པའི་མཛའ་བཤེས། ལྷག་པར་སྙིགས་དུས་ཀྱི་གདུལ་བྱའི་མགོན་དང་སྐྱབས་དང་དཔུང་གཉེན། གླིང་དང་གྲུ་གཟིངས་དམ་པར་སྣང་བ་གང་སྐུ་རྡོ་རྗེའི་རང་བཞིན་མཚན་དཔེས་བརྒྱན་པ་འཕྲོག་བྱེད་དབང་པོའི་ཁྲི་ལ་ལྷན་ནེ་ལྷང་ངེ་འཚོ་ཞིང་བཞེས་ཏེ་བཞུགས་པའི་བཀའ་དྲིན་ནི་སྲིད་འདིར་ཟླ་བོས་དབེན་པ་ཉིད་དུ་གྱུར། འདིར་གནས་བྱ་བྲལ་རྣལ་འབྱོར་ཕྲན་བུར་གྱུར་པ་ཡང་འཚོ་བ་ཁྱོ་རེ་བའི་ངང་སངས་རྒྱས་ལ་སྙིང་ནས་དད་པའི་བློས་ཡོངས་སུ་བསྐུལ་ཏེ་ལྷོ་བྱང་ཚ་གྲང་གི་རེག་བྱ་འཁྲུག་ཅིང་ཆུ་མི་སྙོམས་ལས་ལུས་ངག་དུབ་ནད་ཀྱིས་མནར་བཞིན། ད་ལྟ་མཆོད་རྟེན་སྲོག་ཤིང་བྱ་བ་ཚེགས་ཆེ་ཤོས་སུ་སྣང་བ་དེ་བསྒྲུབ་པ་ལ་ཞུགས་ཤིང་ཟངས་གསེར་གྱི་བྱ་བ་ལ་ཡང་འཇུག་པའི་སྐབས་སུ་མཆིས་རུང་།

ཡམ་བུ་རྒྱལ་པོ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་དད་ཅིང་སྒོས་ཕྲན་ལ་ཡང་དགེ་པའི་སྟོབས་ཀྱི་ཞིག་གསོ་མྱུར་དུ་གྲུབ་པར་གྱིས་ཞེས་ཡང་ཡང་གསུང་རུང་མདུན་ན་འདོན་དང་ལས་བྱེད་རྣམས་ཡུལ་ལུགས་སྐྱིད་ཆོས་ཉམས་སུ་མྱོང་བ་ཡིས་འགོར་གཞི་ཆེ་ཙམ་ཡོང་འདྲ་སྙམ་ཞིང་། སྟོད་ཕྱོགས་མངའ་རིས་མང་ཡུལ་གྱི་དམག་དཔུང་ཡང་། དུས་སྙིགས་དུས་དབང་གིས་སེམས་ཅན་སྤྱི་བྱེ་བྲག་ལ་མི་བདེ་བ་རྔམ་པོ་ཆེའི་རྒྱུར་བྱེད་པ་ཞི་བའི་ཕྱིར། ཞབས་པད་མཆོག་གི་བཀའ་ལུང་རིན་པོ་ཆེ་ཕེབས་ལྟར་འཕྲལ་དུ་བགྲོད་དགོས་བཅས་ཡིད་ཟིང་ཡང་། སྐྱབས་གྱུར་དམ་པ་རྣམས་ལ་རྩེ་གཅིག་གསོལ་བ་བཏབ་སྟེ་རྒྱལ་བའི་དགོངས་བཞེད་ཀྱི་འཕྲིན་ལས་བསྒྲུབ་པར་མོས་འདུན་རྩེ་གཅིག་པའི་ངང་དུ་མཆིས།

ཆེད་དུ་གསོལ་འོས། འདི་ཀའི་མཆོད་རྟེན་གྱི་སྲོག་ཤིང་སྦོམ་རིང་སྟོབས་ཆེ་བ་ཡི་འདྲེན་པ་ལ་ད་དུང་ཟླ་གཅིག་རིང་འགོར་འདྲ་སྙམ་ཞིང་། དེས་ན་ཧོར་ཟླ་གསུམ་པའི་མཇུག་ཙམ་ལ་འདི་ནས་ཐོན་རྩིས་ཡིན་ཡང་སྔ་འགྲོས་ལྷུས་མཐིང་ཁྱད་ལ་དྭགས་རྒྱལ་པོ་ཁུ་དབོན་སོ་སོར་ཡི་གེ་རེ་སྒར་ཐོག་བར་རྟ་ཟམ་སྟེང་ནས་དང་། དེ་ནས་ཆེད་བསྔགས་ཀྱི་ཕོ་ཉ་རྒྱལ་པོ་ཁུ་དབོན་སོ་སོར་བརྫངས་ཏེ་ཕྲན་ཅི་མྱུར་ཡོང་རྩིས་དེ་རིང་ཕན་ཚུན་འཐབ་འཁྲུག་མཐའ་དམག་གི་སྣ་འདྲེན་པ་སོགས་མི་རུང་ཚུལ་དོན་འཐུས་ཟེ་རེག་བཅས་བཀའ་ཤག་གི་ཞུ་ཡིག་ཏུ་ཡུལ་ལྟར་ལགས་ཤིང་། དེ་ཡི་ལན་རྟ་ཤད་སྟེངས་ནས་ཅི་མྱུར་ཡོང་བ་གཞིར་བཅས་ཀྱི་དེར་བསྟུན་འདི་ནས་ཤད་རྩོལ་གྱིས་འགྲོ་རྩིས་བགྱིས་ན་སྙམ་པ་ཡང་སེམས་ལ་གང་ཤར་གསལ་པོར་གསོལ་བ་ལགས་ཤིང་། དེ་ཡང་ཅི་ལྟར་ལེགས་བཀའ་ལུང་གསེར་གྱི་འཁོར་ལོ་ལྟ་བུའི་ཀུན་ཏུ་ཁྱབ་པ་དང་། དེང་དུས་རྩོད་ལྡན་སྙིགས་མའི་སེམས་ཅན་ཉམ་ཐག་རྣམས་ཀྱིས་དཔལ་དང་མགོན་དུ་ཞབས་ཟུང་རྡོ་རྗེའི་གདན་བསྐལ་པའམ་བསྐལ་པ་ལས་ལྷག་པར་འཚོ་ཞིང་བཞེས་པར་སྙིང་ནས་གསོལ་བ་འདེབས་པ་རེ་འབྲས་དོན་ལྡན་དུ་ཅི་ནས་ཀྱང་མཛད་པར་མཁྱེན་མཁྱེན་མཁྱེན། ཞེས་ཚད་མེད་ཐུགས་རྗེའི་རྒྱུན་མི་ཆད་པའི་སྤྱན་རས་ཨུཏྤལ་གྱི་འདབ་མ་ལ་ལྟ་བུ། གཡོ་བར་བྱེད་པའི་རྟེན་རྣམ་པར་དཀར་བ་ལྷ་ཡི་རེག་བྱ་སྲིད་དུ་རིང་བས་བཅིབས་ཏེ་ཟླ་ཚེས་དགེ་བ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་འདབས་ཀཱི་ཊོ་ཡི་གཙུག་ལག་ཁང་ནས་ཕྲན་རིག་པ་འཛིན་པ་རྒྱལ་ཁམས་པས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་ལག་ན་པདྨོ་ཅན་གྱི་འཕྲིན་ལས་ཀྱི་ཁ་ལོ་པ་གངས་ཅན་བདེ་བའི་བཙས་གྱུར་མིའི་ལྷ་ཆེན་པོར་གྱུར་པ་གང་གི་མདུན་སར་ཞུ་བ།

སྔོན་རབ་དུ་མ་ནས་བསོད་ནམས་ཚོགས་ཀྱི་ཕུང་པོ་མངོན་པར་མཐོ་བ་ཡིས་དེང་དུས་གངས་ཅན་ཕན་བདེའི་གྲུ་འཛིན་འཕགས་མཆོག་འཇིག་རྟེན་མགོན་པོའི་ཞབས་ཀྱི་པདྨོ་ཉེ་བར་བསྙེན་ཏེ་གནས་པ་འཕགས་མཆོག་སྲོང་བཙན་སྒམ་པོ་ཡི་མདུན་ན་དོན་ཇི་བཞིན་ཉིད་ལས་གཞན་དུ་མ་གྱུར་པ་མཛད་བཟང་ནམ་མཁའི་མུ་མཁྱུད་ཀུན་ནས་ཁེངས་པར་མཛད་བཞིན་བཞུགས་པ་ནས་ཐུགས་རྗེ་བརྩེ་བས་མ་བསྐྱུད་པའི་བཀའ་ལུང་ཆབ་ཤོག་ཡང་ཡང་ཕེབས་པ་བཀའ་དྲིན་ཆེས་ཆེ་བས་བྱབ། འདིར་གནས་ཕྲན་གྱུར་བྱ་བྲལ་རིག་པ་འཛིན་པ་ཡང་གཟུགས་ཕུང་རྒྱུན་དུ་ཁྱོ་རེ་བའི་ངང་ལྷག་ཏུ་ལྷོ་བྱང་ཚ་གྲང་གི་རེག་བྱས་མནར་ཞིང་ཆུ་མི་སྙོམས་པ་བཅས་བྲོ་འཚལ་བས་དུབ་ཀྱང་སངས་རྒྱས་ལ་སྙིང་ནས་དད་པའི་བློས་ད་ལྟ་སྲོག་ཤིང་གི་བྱ་བ་ཚེགས་ཆེ་ཤོས་སུ་སྣང་བ་དེ་སྒྲུབ་པ་ལ་ཞུགས་ཤིང་། ཟང་གསེར་གྱི་བྱ་བ་ལ་ཡང་འཇུག་པའི་སྐབས་སུ་མཆིས་རུང་། ཡམ་བུ་རྒྱལ་པོ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་དད་ཅིང་། སྒོས་རང་ཉིད་ལ་དགེ་པའི་སྟོབས་ཀྱིས་ཞིག་གསོ་མྱུར་དུ་གྲུབ་པར་གྱིས་ཤིག་ཅེས་ཡང་ཡང་གསུང་རུང་། མདུན་ན་འདོན་དང་ལས་བྱེད་རྣམས་ཡུལ་ལུགས་སྐྱིད་ཆོས་ཉམས་སུ་མྱོང་བ་ཡིས་འགོར་གཞི་ཆེ་ཙམ་ཡོང་འདྲ་སྙམ་ཞིང་། སྟོད་ཕྱོགས་མངའ་རིས་ཡུལ་གྱི་དམག་དཔུང་ཡང་དུས་སྙིགས་མའི་དབང་གིས་སེམས་ཅན་སྤྱི་བྱེ་བྲག་ལ་མི་བདེ་བ་རྔམ་པོ་ཆེའི་རྒྱུར་བྱེད་པ་ཞི་བའི་ཕྱིར་མདུན་འདོན་ལོན་ཆེན་པོ་རྣམས་ཀྱི་ལུང་དང་། རྒྱལ་བ་མཆོག་གི་བཀའ་ཡི་ཅོད་པཎ་རིན་པོ་ཆེ་ཕེབས་ལྟར་འཕྲལ་དུ་བགྲོད་དགོས་དང་། འདིར་ཞིག་གསོ་སྣེ་འདོམ་གྱི་ཡིད་ཟིང་ཡང་སྐྱབས་གྱུར་དམ་པ་རྣམས་ལ་རྩེ་གཅིག་གསོལ་བ་བཏབ་ནས་གངས་ཅན་བདེ་བའི་རྩས་རྒྱལ་བ་མཆོག་གི་དགོངས་བཞེད་ཀྱི་འཕྲིན་ལས་བསྒྲུབ་པའི་མོས་འདུན་རྩེ་གཅིག་པའི་ངང་དུ་མཆིས་མོད།

འོན་ཀྱང་འདི་ཀའི་མཆོད་རྟེན་གྱི་སྲོག་ཤིང་སྔ་མ་གཅིག་ནི་ཤིང་སྟོབས་ཆེ་ཞིང་ལ་ཐུར་ཟུག་པ་ཡིས་འཇོག་དགོས་བྱུང་ལ། ད་དུང་བསྐྱར་ནས་བླང་རྒྱུ་ཡང་སྡོམ་རིང་སྟོབས་ཆེ་བ་ཡི་འདྲེན་པ་ལ་ཟླ་གཅིག་ལྷག་ཙམ་འགོར་འདྲ་སྙམ་ཞིང་། དེས་ན་ཧོར་ཟླ་གསུམ་པའི་མཇུག་ལ་འདི་ནས་ཐོན་རྩིས་ཡིན་ཡང་སྔ་མཁའ་འགྲོས་ལྷུས་མཐིང་ཁྱད་ལ་དྭགས་རྒྱལ་པོ་ཁུ་དབོན་སོ་སོར་ཡི་གེ་རེ་སྒར་ཐོག་བར་རྟ་ཟམ་སྟེང་ནས་དང་། དེ་ནས་ཆེད་མངགས་ཀྱི་ཕོ་ཉ་རྒྱལ་པོ་ཁུ་དབོན་སོ་སོར་བརྫངས་པ་སྟེ་ཕྲན་ཅི་མྱུར་ཡོང་རྩིས། དེ་རིང་དུ་ཕན་ཚུན་འཐབ་འཁྲུག་མཐའ་དམག་གི་སྣ་འདྲེན་པ་སོགས་མི་རུང་ཚུལ་དོན་འཐུས་ཟེ་རེག་བཅས་ཕུལ་བ་འདི་ལྟ་སྟེ། འདི་དང་ལྷན་དུ་རྒྱལ་བ་མཆོག་གི་ཞབས་པད་བསམ་ཡང་བཀའི་གུང་ཆེན་པོ་ནས་ཀྱང་ལ་དྭགས་ཁུ་དབོན་རྒྱལ་བློན་ནང་མ་གཤིས་པ་མི་ལེགས་པའི་རང་བཞིན་ཡིན་འདུག་པས་དེ་ལ་རྒྱལ་བ་མཆོག་ནས་གངས་ཅན་གྱི་རྒྱལ་རིགས་སྡེ་ཚན་རིས་སུ་མ་ཆད་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་རྩས་ཁོ་ནར་དགོངས་པ་ཡིས་ལ་དྭགས་པ་རང་གི་དད་མོས་ཀྱི་ཁྱད་ཀྱི་རིག་འཛིན་སྤྲུལ་པའི་སྐུ་ཡང་ཁྱེད་རང་ཕན་ཚུན་འགྲིག་ཟླུམ་གྱི་ཆེད་དུ་འདི་ཀ་ནས་ཆེད་བསྔགས་ཀྱིས་བཀའ་གནང་ནས་དེ་ཕྱོགས་སུ་བསྔགས་ཡོད་ལ།

འོན་ཀྱང་ཁོང་པ་བལ་ཡུལ་མཆོད་རྟེན་ཆེན་པོའི་ཞིག་གསོ་ལ་ཟླ་ཤས་འགོར་ཞིང་། དེས་ན་ཁོ་པ་མ་སླེབ་ཀྱི་བར་ཕན་ཚུན་འཐབ་འཁྲུག་མཐའ་དམག་གི་སྣ་འདྲེན་སོགས་ཡེ་ནས་མི་རུང་ཚུལ་དགོངས་སླད་ཀྱི་བཀའ་ཤོག་ཞིག་ཀྱང་གནས་ཞིང་། སྒར་ཐོག་ནས་སོ་སོར་ཆེད་མངགས་ཀྱི་བང་མི་རེ་གཏང་ན་ཁྱད་ཆེ་འདྲ་སྙམ་ཞིང་། དེའི་ལན་རྟ་ཤད་སྟེང་ནས་ཅི་མྱུར་དུ་ཡོང་བ་གཞིར་བཅས་ཀྱི་དེར་བསྟུན་འདི་ནས་ཤད་རྩོལ་གྱིས་འགྲོ་རྩིས་བགྱིས་ནས་སྙམ་པ་ཡང་སེམས་ལ་གང་ཤར་གསལ་པོར་གསོལ་བ་ལ་སྲིན་འབུ་མེ་ཁྱེར་གྱིས་རྟ་བདུན་ཤིང་རྟ་ཅན་ལ་གསལ་འདེབས་ལྟ་བུའི་ཆོས་དབྱིངས་ཚོམ་འཁྲུངས་མེད་པ་ནས་ཅི་ལྟར་ལེགས་ཀྱི་བཀའ་ལུང་གསེར་གྱི་འཁོར་ལོ་ལྟ་བུས་ལེགས་པར་བྱབ་པ་དང་། དགེ་བའི་ཕེབས་ཚོགས་ཀྱང་གངས་རིའི་བདག་པོའི་གཙུག་གི་ལྷ་མོའི་རྒྱུན་ལྟར་ཆད་པ་མེད་པ་ཡང་ནས་ཡང་དུ་སྩོལ་བ་ཅི་ནས་ཀྱང་ཞུ་ཞུ། ཞེས་ཚད་མེད་ཐུགས་རྗེའི་ཡོངས་སུ་ཁྱབ་པའི་སྤྱན་རས་ཨུཏྤལ་གྱི་འདབ་མ་ལྟ་བུའི་ཡུལ་དུ་རྒྱུ་བའི་རྟེན་ལྷ་གོས་རྣམ་པར་དཀར་བ་སྲིད་དུ་རིང་བས་བཅིབས་ཏེ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་འདབས་ཀཱི་ཌོའི་གཙུག་ལག་ཁང་ནས་ཕྲན་བུ་ལས་ཀྱང་ཕྲན་བུར་གྱུར་པ་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་སུ་ཞིག་སརྦ་མངྒ་ལཾ།

ཞབས་པད་དུ། ཆེད་དུ་གསོལ་འོས། ཕྲན་གོཪྵའི་རྒྱལ་ཁབ་ཚ་བ་ཤོད་དུ་སྲོག་ཤིང་གི་ཆེད་དུ་ཞག་ཤར་འགོར་ཞིང་། དེ་ནས་བལ་པོའི་རྒྱལ་པོ་ཡིས་ཡོང་དགོས་ཚུལ་ནན་གྱིས་མཆུ་བ་ཡི་ཟླ་༢ཚེས་༣ལ་བལ་པོ་མཐིལ་དུ་སླེབ། དེ་འཕྲལ་རྟ་ཟམ་ཞུ་ཡིག་འབུལ་རྩིས་བྱས་ཀྱང་གཉའ་སྐྱིད་ཀྱི་ལམ་ཁ་བ་ཆེ་བ་གྲགས་ཀྱིས་ཅུང་ཟད་འཐེན་པར་བྱས་ཤིང་། བལ་པོར་སླེབ་མཚམས་འཕྲད་མཁན་སོགས་རྣམ་གཡེང་དུ་མས་གཟུང་ཞིང་ལྷག་ཏུ་ཟླ་༢ཚེས་༡༡སྐབས་སྐྱེ་བོ་སྣ་ཚོགས་འདུས་པར་དབང་བསྐུར་བགྱིས་པའི་རྐྱེན་གྱི་ཞག་བཅོ་ལྔ་སྐོར་ཁམས་ཤིན་ཏུ་དུབ་པ་བྱུང་ཞིང་། དེ་ལས་ཅུང་ཟད་གྲོལ་འཕྲལ་ཞུ་ཡིག་ཕུལ་བ་འདི་བཞིན་པ་ལ་ཆོས་དབྱིངས་ཚོམ་འཁྲུངས་མེད་པར་ལེགས་སློབ་ཉེས་སེལ་ཕ་མས་བུ་ཚ་ལྟ་བུར་བཀའ་ཡི་འཁོར་ལོས་ཁྱབ་པ་ཡང་ཅིས་ཀྱང་ཞུ་ཞུ་སརྦ་མངྒ་ལཾ།

༈ གངས་ཅན་མགོན་པོའི་སྤྱན་སྔར་ཕུལ་བའི་ཆབ་ཤོག །

རྣམ་འདྲེན་རྒྱ་མཚོའི་གཙུག་རྒྱན་གངས་ཅན་མགོན་པོ་ལྷར་བཅས་འགྲོ་བའི་སྐྱབས་མགོན་མཆོག་གི་ཞབས་སྟེགས་གསེར་གྱི་འཁོར་ལོས་ཉེ་བར་བསྙེན་པའི་ཆུ་སྐྱེས་དབང་པོའི་གེ་སར་མཆོག་ཏུ་མཛེས་པའི་ངོགས་སུ།

དྭངས་ཤིང་གུས་པས་ཞུ་གསོལ། བགྲང་ཡས་བསྐལ་པའི་སྔོན་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་གཞན་ཕན་ཁོ་ནར་དགོངས་ཏེ་སངས་རྒྱས་བྱེ་བ་ཕྲག་མཉེས་པར་བྱས་ཤིང་ཚོགས་གསུམ་གཞལ་བར་དཀའ་བ་ཡོངས་སུ་རྫོགས་པར་བྱས་ཏེ་རྒྱལ་བ་མཆོག་གི་གོ་འཕང་མངོན་པར་བགྲོད་ནས་བགྲོད་བཞིན་སྙིགས་དུས་ཉམ་ཐག་པའི་འགྲོ་བ་རྣམས་ལ་ཕན་པ་དང་། བདེ་བའི་བཙས་སུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དེད་དཔོན་མཁྱེན་རབ་ཀྱི་རལ་གྲི་དང་འགྲོ་བ་མཐའ་དག་ལ་བརྩེ་བའི་རང་གཟུགས་པདྨ་དཀར་པོའི་ཕྱག་རྒྱ་ཟུང་དུ་འཇུག་པའི་བདག་ཉིད་ཅན་སྲིད་ན་མངོན་པར་མཐོ་བ་གྲུ་འཛིན་གྱི་སྤོར་འཕྲོག་བྱེད་ཡོངས་ཀྱི་དབང་པོ་འཇིགས་མེད་ཧ་ར་པཀྴིས་ཉེ་བར་བཏེགས་པའི་གདན་ལ་རྡོ་རྗེའི་སྐུ་གཡོ་བ་མེད་པར་འཚོ་ཞིང་བཞེས་ཏེ་བཞུགས་པ་བཀའ་དྲིན་གྱི་ཞོ་ཤ་ཆེས་ཆེན་པོས་ཁྱབ། འདིར་གནས་བྱ་བྲལ་རྒྱལ་ཁམས་པ་ཕྲན་བུ་ལས་ཀྱང་ཆེས་ཕྲན་བུར་གྱུར་པ་ལའང་ཐུགས་རྗེ་ཆེན་པོའི་དོ་ར་ནས་ནམ་ཡང་མ་བསྐྱུད་པའི་སྔ་སོར་ཕྲན་གྱི་ཟླ་བོ་དགེ་སློང་པར་སྩལ་བའི་བཀའ་ལུང་གནང་སྐྱེས་བཟང་པོ་རང་བྱུང་མཆོད་རྟེན་ཆེན་པོ་ཉེ་བར་མཆོད་པའི་བཙས་རིན་ཆེན་དང་པོ་སྲང་གི་འཁོར་ལོ་དབང་པོའི་གྲངས་ལྷན་དང་ད་ལམ་བྱ་མ་རྟ་རིམ་བརྒྱུད་ནས་སྐྱེ་རྒུ་སྤྱི་དང་བྱེ་བྲག་གི་བདེ་བའི་བཙས་དམ་པར་དགོངས་ནས།

མངའ་རིས་སྟོད་དུ་འགྲོ་བའི་བཀའ་ལུང་བསྐྱར་མ་དགོས་མཁོ་ལམ་ཡིག་སོགས་ཀྱང་བཀའ་དྲིན་ཆེན་པོས་བསྐྱངས་རྒྱུ་དང་། ཁྱད་པར་མཆོག་ཏུ་ཕྲན་གྱི་བྱས་པ་དོན་ལྡན་གཞན་ཕན་གྱི་འཁོར་ལོ་ཀུན་ཏུ་རྒྱས་པའི་རང་བཞིན་རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་ཅན་དུ་རྡོ་རྗེའི་ཐུགས་ཀྱི་ལེགས་པར་སྨོན་ཅིང་ཚངས་པའི་གསུང་གི་བདེན་སྟོབས་ཀྱིས་བྱབ་པར་མཛད་པ་ནི་དུས་ཀུན་མི་བསླུ་བ་འཕགས་པའི་བཀའ་ཡིས་ཡང་དག་དབུགས་དབྱུང་བར་མཛད་པ་ནི་དགེ་བའི་བྱ་བ་ཀུན་ཀྱང་ཆུ་ཐིགས་རྒྱ་མཚོར་ཞུགས་པ་བཞིན་དུ་མ་ཟད། སྤྱོད་ལམ་མཐའ་དག་ལྕགས་ལ་གསེར་འགྱུར་རྩི་བཞིན་ཀུན་ཏུ་དགེ་བའི་རང་བཞིན་ཅན་ཁོ་ནར་བྱིན་གྱིས་བརླབ་པ་གདོན་མི་ཟ་བའི་བཀའ་དྲིན་གཞལ་དུ་མེད་པ་ཁོ་ནར་གྱུར། བལ་ཡུལ་མཆོད་རྟེན་ཆེན་པོའི་ཉམས་གསོའི་སྐོར་སྲོག་ཤིང་འདྲེན་པ་ཚད་དུས་དང་ཐུག་པས་སྟོན་གཞུག་བར་བསྲིང་དགོས་དང་། སྔོན་གཙང་སྨྱོན་ཆེན་པོ་དང་གནས་རམ་པས་ཞིག་གསོ་མཛད་པའི་རྩིས་གཞི་ལྟར་ན་གསེར་གྱི་ལྡང་ངེས་ཙམ་བྱུང་ཡང་ཟངས་ཅུང་ཟད་མཛངས་ཤིང་།

གདུགས་དང་ཆོས་འཁོར་དྲ་རྣམས་སྔར་གྱི་ཟངས་གསེར་ལ་བལ་པོ་ནོར་ལ་ཆེས་འཇུང་པས་ཟངས་ཤིན་ཏུ་བསྲབ་པས་སླད་ནས་དུས་དབང་གི་ཞིག་གསོ་བྱེད་པ་པོ་ཡང་དཀོན་པར་གྱུར་པ་ཡི་ད་ལམ་ཟངས་ཐུག་བརླིང་རང་བློས་མི་འཁྱུད་ཞིག་བྱེད་རྩིས་ཀྱི་ཆོས་འཁོར་ཁ་ཤས་ཀྱི་ཟངས་བཟོ་ལས་མ་གྲུབ་རུང་སྟོད་མར་ཡུལ་ཕྱོགས་ཀྱི་དམག་འཁྲུག་ཡང་བྱེ་བྲག་ལ་གལ་གནད་ཆེ་བཞིན་བཀའ་ལྟར་བགྲོད་རྒྱུ་སྙན་དབང་རིན་པོ་ཆེར་འབུལ་ཟིན་གཤིས་རང་གི་དམ་བཅའ་ཡིད་ཀྱི་ཚེར་མར་གྱུར་པ་དང་། འགྲོ་བ་མང་པོའི་འཇིགས་སྐྱོབས་གཞན་ཕན་ཆེ་བ་བཅས་སྟོད་ཕྱོགས་སུ་འགྲོ་བ་རང་ལ་ཧ་ཅང་ལྟས་མ་ཆུབ་ཡང་རྟེན་འབྲེལ་སྒྱུ་མ་ལྟ་བུར་དམིགས་ནས་རྒྱལ་བ་དགྱེས་ཕྱིར་ལུས་སྲོག་ལྟོས་མེད་ཀྱི་ད་ལམ་བཀའ་རྒྱ་ཕེབས་འཕྲལ་ལམ་དུ་འཇུག་པའི་སྟ་གོན་བྱས་ཤིང་། ད་ལྟ་རང་བྱུང་མཆོད་རྟེན་ཆེན་པོའི་ངོགས་ནས་ཐོན་སྟེ་བལ་ཡུལ་གྱི་གནས་ཆེན་ཛོ་ཀི་ཨ་ཁར་ཞེས་རྡོ་རྗེ་གདན་བཞིའི་གནས་སུ་འདོད་པ་དེར་འབྱོར་བའི་སྐབས་སུ་དང་། གཞན་ཡང་གནས་ཚུལ་ཕྲན་བུ་ཁ་ཅིག་ནི་གོང་དུ་ཕུལ་ལྟར་སྟེ། གང་སྤྱིར་ཚིག་ཙམ་མ་ཡིན་པར་བསྟན་འགྲོ་རྣལ་འབྱོར་ནམ་མཁའི་དོད་ཟུར་ཆག་པ། ཡོངས་ཀྱི་ཕན་བདེའི་བཙས་སུ་མགོན་པོ་མཆོག་ཁྱེད་ཀྱི་ཞབས་པད་རྡོ་རྗེའི་རི་བོ་ལྟར་བརྟན་པར་སྙིང་ནས་གསོལ་བ་འདེབས་པ་དེ་ཁོ་ན་བཞིན་རེ་འབྲས་དོན་ལྡན་ཆེན་པོར་ཅི་ནས་ཀྱང་མཛད་དུ་གསོལ། ཞེས་ཐུགས་རྗེ་ཆེན་པོའི་སྤྱན་རས་ཀྱི་སྩལ་བར་བྱེད་པའི་རྟེན་ལྷ་ཡི་རེག་བྱ་རྣམ་པར་དཀར་བ་གངས་རིའི་ཁ་དོག་ལྟ་བུས་བཅིབས་ཏེ་ཨངྐི་ར་ནག་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་གྲུབ་པའི་བསྟི་གནས་མཁའ་འགྲོ་མངོན་སུམ་དུ་འདུ་བའི་ལྗོངས་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་གྱི་ངོགས་ནས་ཕྲན་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ ཡིད་བཞིན་ནོར་བུའི་སྤྱན་སྔར་ཕུལ་བའི་ཆབ་ཤོག །

ཞབས་པད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར། འདི་ཕྱོགས་རང་གི་གནས་ཚུལ་གསོལ་འོས་རྒྱལ་གྱི་ཤྲིའི་ངོགས་ནས་མགོ་ཟླའི་ཚེས་༡༥ལ་ཐོན་ཏེ་གཡས་སྐོར་གྱི་ཚུལ་དུ་བོང་ཆུ་བརྒལ། དིང་རིའི་ཕྱོགས་སུ་སླེབ་ལྷ་བཙན་སྒང་དམར་སོགས་མི་མ་ཡིན་དྲེགས་པ་ཅན་རྣམས་ཀྱང་དགའ་བའི་ངང་ཚུལ་བཅས་བལ་ཡུལ་ཞིག་གསོར་དམིགས་པའི་གསེར་མང་དུ་འབྱོར། གླང་འཁོར་དམ་པའི་སྐུ་ང་ཐིམ་པར་གྲགས་པ་དང་སྐུ་གདུང་ཀེང་རུས་སོགས་རྟེན་གསུམ་ཁྱད་པར་འཕགས་ཤིང་། དམ་པས་གནས་ཉིད་རྡོ་རྗེ་གདན་དང་མཚུངས་པ་ལྟ་བུར་བསྔགས་པས་སྣང་གསལ་གྱི་མཆོད་པ་དེར་སྟོད་རིང་ཉིན་མཚན་བར་མི་ཆད་ཕུལ་ཞིང་།

སྐྱེ་བོ་མང་པོ་ལ་སྨན་པའི་སླད་དུ་གཏོར་ཆེན་དང་། ཞི་བའི་སྦྱིན་བསྲེག་ནན་ཞིག་ཀྱང་བྱས། དེ་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གཙུག་ལག་ཁང་དགེ་ལྡིང་བཞིའི་ཡ་གྱལ་ན་བཟླུམ་དགེ་སྟེང་དུ་སྔོན་བོ་དོང་འཇིགས་བྲལ་བིཪྺ་པས་ལམ་འབྲས་མངོན་སུམ་དུ་གསུང་ནས་ཐིམ་པར་གྲགས་པ་བིཪྺ་པའི་ལག་རིས་བྱིན་རླབས་ཤིན་ཏུ་ཆེ་བ་དེ་ལ་ཡང་མཆོད་པའི་བྱེ་བྲག་ཅི་འབྱོར་ཕུལ་ཞིང་། དགེ་བའི་སྨོན་ལམ་ཅི་ནུས་བཏབ། སྨན་ཁབ་སྨད་དང་སྟོད་བརྒྱུད་དཔལ་མ་དཔལ་ཁུད་གཞུང་ལམ་ཁོ་ན་བསྲངས། ཇོ་མོ་བྱ་མར་གྲགས་པའི་རིའི་མགུལ་ནས་སློབ་དཔོན་ཆེན་པོ་སྲིན་པོ་འདུལ་བར་ཕེབས་པའི་གུང་ཐང་ལ་ཐོག་གམ་བྱ་ལར་གྲགས་པ་དང་ཉེ་བར་བྱ་བརྒྱུད་ལ་བརྒལ་རྫོངས་དཀར་ཞག་ཤས་བསྡད་ཅིང་། འདིའི་བར་མི་མ་ཡིན་འདུ་ཆེ་བའི་གནས་རྣམས་སུ་དམ་པའི་ཞབས་བརྟན་འགྲོ་བའི་བདེ་ཐབས་སུ་དམིགས་པའི་གཏོར་མ་ཆེན་པོ་རེ་དང་། ཉི་མ་རེ་རེ་བཞིན་སྐྱེ་བོ་སུམ་བརྒྱ་དང་ལྔ་བརྒྱ་དང་སྟོང་ཕྲག་གཉིས་གསུམ་གྱིས་མཚོན་པ་ལ་དཀའ་ཚེགས་ལ་མ་ལྟོས་པར་ཚེ་དབང་རེ་དང་ལྷག་ཏུ་ཡིད་དྲུག་བསྒོམ་བཟླས་ཀྱི་ལུང་ཕོག་ནས་ལོ་བཅུ་གཉིས་ཡར་བཏགས་པ་རྣམས་ལ་ཉིན་རེ་བཞིན་ཡིག་དྲུག་སུམ་བརྒྱ་རེ་ཆག་མེད་ཀྱི་དམ་བཅའ་བསྐུལ། སྐབས་འགར་བྱང་སྡོམ་འབོག་པ་སོགས་རང་ཉིད་ཡོད་ཏན་གྱིས་དབེན་ཀྱང་། གཞན་བློ་ཆོས་ལ་འཇུག་གང་ཐུབ་ཁུལ་དུ་བྱས། དེ་ནས་སྐྱིད་གྲོང་བྱམས་སྤྲིན་དང་འཕགས་པ་ཝ་ཏི་ལ་ཡང་སྔར་གྱུན་ལྟར་སྣང་གསལ་གྱི་མཆོད་པ་རྒྱ་གང་ཆེ་དང་བཅས་པའི་སྨོན་ལམ་རྒྱས་པར་བཏབ། ཡུལ་ཚན་སོ་སོ་ནས་ཁྲོམ་དབང་དགོས་ཚུལ་ནན་ཆེ་ཡང་སྤྲོས་པ་བསྐྱུང་འཕྲལ་དུ་རྒྱལ་ཟླའི་ཚེས་༢༢ལ་བལ་ཡུལ་གྱི་ལམ་དུ་ཞུགས། རྡོ་རྗེ་བསྭེ་བྱིན་མའི་ཕོ་བྲང་དང་ཉེ་བར་ཞབས་པད་མཆོག་གི་བཀའ་རྒྱ་སོན། བལ་ཡུལ་ལམ་དུ་ཞུགས་ཟིན་སྟབས་ལན་གཅིག་བལ་པོར་བགྲོད་རྒྱུར་བྱས། བསེ་ཐང་དེ་གུ་རུའི་གནས་ཆེན་ཡིན་འདུས་པས་ཅི་འབྱོར་གྱིས་ཚོགས་འཁོར་རྒྱས་པ་ཞིག་བྱས། དེ་ནས་ཟླ་གམ་གནམ་སྒོའི་ཆུ་ཀླུང་གི་ངོགས་པ་ཌུ་དང་། རི་ཡི་རྒྱལ་པོ་ནཱི་ལ་ཀཎྛའི་ཆུ་ཀླུང་གི་ངོགས་སྒང་ཐོག་མདུང་ལང་ཞེས་ཏ་མངས་ཀྱི་རིགས་ཟུར་པ་སྨྲ་བ་དེ་རྣམས་ལ་ཁོང་རང་ཚོའི་འདོད་ལྟར་གཏོར་དབང་ཡིག་དྲུག་གི་ལུང་དང་།

དེ་ནས་བལ་བོད་ཀྱི་མཚམས་ནགས་ཀླུང་སྟུག་པོ་སིང་ག་བ་ན་ཞེས་པ་དེ་ཉི་མ་གསུམ་དུ་བརྒལ་ནས་བོད་མཁར་བརྒྱུད་རིག་བྱེད་ཀྱི་གཞུང་དུ་གསུང་བའི་གངྒཱར་འདོད་པའི་ཆུ་ཀླུང་དེ་བརྒལ་ཚ་བ་ཤོད་དུ་མཆོད་རྟེན་སྲོག་ཤིང་ཆེད་དུ་ཞག་བཅོ་ལྔ་སྐོར་བསྡད་ནས་བྲམ་ཟེ་འདོད་པའི་རིག་སྔགས་ཞུ་བ་མང་དུ་བྱུང་བ་ལ་ལོ་ཙཱ་བརྒྱུད་ནས་རྗེས་གནང་མང་དུ་བྱས། གོཪྵ་རྒྱལ་པོ་རང་ཉིད་ཀྱང་རབ་ཏུ་གུས་པའི་ཚུལ་སྟོན་ཅིང་རིག་སྔགས་བླང་འདོད་འདུག་ཀྱང་རྟེན་འབྲེལ་དབང་གིས་འདི་རེས་འཐེན། དེར་བལ་པོའི་ཤིང་བཟོ་བ་རྣམས་མ་བྱུང་བས་སེམས་འཚིག་སྟེ་ལམ་དུ་ཞུགས་པར་བཟོ་བ་རྣམས་ལམ་བར་དུ་འཕྲད། རྨི་ལམ་དུ་རེ་ཞིག་ཕྱོགས་དེར་བསྡད་ནས་དགེ་བའི་ལྟས་བྱུང་ཡང་རང་ཉིད་ཅི་བརྟོལ་དང་བལ་པོའི་རྒྱལ་པོས་ཀྱང་འཕྲལ་དུ་ཡོང་དགོས་ཚུལ་ནན་ཆེ་གཤིས་བལ་ཡུལ་མཐིལ་དུ་ཡོང་། སྲོག་ཤིང་གི་བྱ་བ་མ་གྲུབ་པར་གོཪྵ་དང་ཡམ་བུ་ཕན་ཚུན་འཐབ་འཁྲུག་མི་བྱེད་པ་སོ་སོ་ནས་ཡི་གེ་བླང་། ན་ག་ག་མིར་ཡམ་བུ་རྒྱལ་པོ་ངོས་དང་བལ་པོའི་སྐྱེ་བོ་ཁྲི་ཕྲག་དུ་མས་མདུན་བསུས། རང་ནས་སངས་རྒྱས་ཀྱི་བཀའ་བཏགས་ཕྱག་རྒྱ་བཞི་དྲན་བཞིན་སྐྱེ་བོ་དེ་རྣམས་ཀྱི་སྐོར་ཏེ་ཡམ་བུའི་གྲོང་དུ་ཞུགས། སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་བསྒྲགས་ཤིང་དགེ་བའི་སྨོན་ལམ་ཅི་ནུས་བཏབ། སེམས་ལ་ནི་མི་རྟག་པའི་སྐྱོ་ཤས་ལྷག་པར་ཆེ་ཞིང་འདི་ཡི་དགོང་མོ་གཉིད་ཡང་མི་ཁུག་པ་ཙམ་བྱུང་། དེ་ནས་རང་བྱུང་མཆོད་རྟེན་ཆེན་པོའི་འགྲམ་བལ་སྐད་ཀྱི་ཀིམྜ་ཞེས་གཙུག་ལག་ཁང་རྙིང་པ་ཞིག་ཏུ་རེ་ཞིག་གནས་ཕབ། རང་བྱུང་མཆོད་རྟེན་ཆེན་པོར་ཚོགས་དང་མཆོད་འབུལ་ཅི་ནུས་ཡང་ཡང་བགྱིས་ཤིང་། ཁ་ཤོར་དུ་དེ་བཞིན་བགྱིད་འདོད་པ་གནས་དུས་ཀྱི་དེར་གཉུག་མར་གནས་པ་རྣམས་དཀོན་མཆོག་གི་དཀོར་ལ་འཕྲི་བཅོམ་གཞོག་སློང་ཆེ་ཞིང་སྐབས་སུ་དེར་བརྟེན་འཁྲུག་པ་འདྲ་ཡང་འབྱུང་གི་འདུག་པས་དངུལ་སྲང་ལྔ་བཅུ་ལྷག་ཙམ་གྱི་མར་མེ་ལས་མཆོད་འབུལ་གཞན་སྤྲོས་པ་སྐྱུང་དགོས་བྱུང་བལ་པོར་སྡོད་རིང་ཆོས་འཁོར་གྱིས་ཟངས་གསེར་རྣམས་གྲུབ་ན། སྙམ་པ་ཐེར་ཟུག་བྱས་ཤིང་། རྒྱལ་པོ་ཀྱང་དེ་དོན་ལྟར་དོ་ཁུར་གང་ཆེ་མཛད་སོང་ཡང་ལས་བྱེད་འགོ་མི་རྣམས་བལ་པོའི་ཡུལ་ལུགས་ཀྱི་ཆེར་གྲུབ་པ་ཞིག་མི་འདུག་པས་སྟོད་མར་ཡུལ་ཕྱོགས་ཀྱི་དམག་འཁྲུག་ཞི་ཕྱིར་འགྲོ་བ་དེ་ཡང་གལ་ཆེ་ཉིད་དུ་རྟོགས་ཤིང་།

སླར་ཡང་སྐྱབས་མགོན་མཆོག་གི་ཞབས་པད་ནས་བཀའ་རྒྱ་རིན་པོ་ཆེ་བསྐྱར་ཏེ་ཕེབས་པ་བཅས་ལ་དྭགས་ཕྱོགས་སུ་བགྲོད་རྒྱུའི་ལམ་ཞུགས་ཕྲལ་དུ་བྱས། བལ་པོའི་ཡུལ་དེར་སྔར་སངས་རྒྱས་ཀྱི་གྲུབ་མཐའ་མང་ཞིང་། མུ་སྟེགས་ཀྱི་གྲུབ་མཐའ་ཉུང་བ་ཡོད་འདུག་ལ། ཡུལ་དབུས་ཤྲཱི་བི་ཀྲ་མའི་གཙུག་ལག་ཁང་ནུབ་ནས་ལོ་བརྒྱ་ཕྲག་ལྷག་ཙམ་གྱི་བར་དུ་བལ་པོའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ལྷག་པར་དར་བར་འགྱུར། དེ་རྗེས་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱི་སྐབས་དང་། དེ་ཡི་རྗེས་ཐོག་ལོ་མང་ཙམ་གྱི་བར་དུ་ཡང་བསྟན་པ་མ་ནུབ་པར་ཡོད་པར་སྣང་། དེང་སང་ནི་དུས་ཀྱིས་བསྟན་པ་མིང་གི་ལྷག་མ་ཙམ་ལས་ཐམསཅད་ཕྱི་རོལ་གྱི་གྲུབ་མཐའ་ཁོ་ནས་ཁྱབ་པའོ། །དེ་ཡང་སྔར་ཡུལ་པ་ཊ་ལི་སུ་ཏྲ་ནས་རྒྱལ་རིགས་མུ་སྟེགས་བྱེད་པ་ཞིག་དུ་རུ་ཀའི་རྒྱལ་པོ་དང་འཐབ་པས། ཕམ་ནས་གཡོག་འཁོར་མང་པོ་དང་བཅས་བྲོས་ཏེ་ཁོ་ཁྲོམ་དུ་ཆགས།

རྒྱལ་པོ་དེས་བལ་པོའི་རྒྱལ་རིགས་རྙིང་པ་རྣམས་གནོན་པར་བྱས་ཏེ་མུ་སྟེགས་ཀྱི་གྲུབ་མཐའ་དར་རྒྱས་སུ་བཏང་། དེ་ནས་མི་རབས་ཁ་ཤས་ནས་རྒྱལ་པོ་དེའི་རིགས་བརྒྱུད་ཞིག་ཡམ་བུའི་བདག་པོར་གྱུར། དེ་ནས་ད་ལྟའི་བར་ལོ་ཉིས་བརྒྱ་དང་དྲུག་ཅུ་རྩ་དྲུག་འགྲོ་ཟེར། དེ་སྲིད་དུ་རྒྱལ་རིགས་དེ་རྣམས་རམ་ཙམ་སངས་རྒྱས་ལ་ལྟར་སྣང་ཙམ་དུ་བས་སྙིང་ནས་མོས་པ་ཆེར་མ་བྱུང་ཞིང་། ད་ལྟའི་ཡམ་བུ་རྒྱལ་པོ་འདི་ནི་སངས་རྒྱས་ལ་མོས་ཤིང་། དུས་ཀྱི་འཁོར་ལོའི་གདམས་ངག་ཉན་པ་སོགས་ཕུགས་ཅི་ལྟར་ཡང་ད་ལྟ་ཆོས་ལ་མོས་མོས་འདྲ་བ་ཞིག་སྣང་། འོན་ཀྱང་བློན་པོ་སོགས་ཉེ་འཁོར་ཀུན་མུ་སྟེགས་འབའ་ཞིག་ཏུ་གྱུར་གཤིས། དེ་རྣམས་ནི་སངས་རྒྱས་ལ་གུས་པ་མི་བསྐྱེད་པ་ཤ་སྟག་ཏུ་སྣང་།

གཞན་ཡང་དེང་སང་རྩོད་ལྡན་སྙིགས་མའི་མཐའ་ལ་ཐུག་པའི་དབང་གིས་རྒྱ་གར་གྱི་ཕྱོགས་སུ་ཡང་མི་བདེ་བ་དམག་འཁྲུག་ཆེས་མང་ཞིང་ལོ་ཤས་ཀྱི་གོང་མ་ནས་ད་ལྟའི་བར་རྒྱ་གར་ཤར་ཕྱོགས་བྷང་ག་ལ་དང་ཡུལ་དབུས་པ་ཏྲ་ན་དང་། ལྷོ་ཕྱོགས་རི་བོ་འབིགས་བྱེད་དང་ཉེ་བའི་ཡུལ་རྣམས་དམག་འཁྲུག་གི་ཤིན་ཏུ་རྒུད་ཅིང་། པ་ཏྲ་ནར་ཉི་མ་གཅིག་ལ་འབུམ་ཕྲག་ལྔ་གཡུལ་ངོར་བསད་པ་དང་། ནུབ་ཕྱོགས་ཌི་ལི་རང་དུ་ཡང་བློན་པོ་ཁ་ཤས་ངོ་ལོག་གི་དབང་གིས་དམག་འཁྲུག་ཡང་ཡང་བྱུང་ཡོད་འདུག་ཅིང་། ལྷག་ཏུ་ཁ་ཆེའི་ནུབ་བྱང་ས་ལ་གངས་རི་ཡང་ཆགས་པའི་ཡུལ་དུ་གནས་པའི་ཌི་ལིའི་ན་བབས་ཨལླ་མཱ་མར་ཞེས་པ་དཔུང་འབུམ་ཕྲག་ཏུ་མ་ཡོད་པ་ཞིག་ཌི་ལོ་དང་མ་འཆམ་ནས་འདི་ལོ་བོ་ལ་འཕྱོ་བའི་རྩིས་ཡོད་འདུག་ཀྱང་བློན་པོ་ཤེས་རབ་ཅན་ཞིག་གི་ཌི་ལིའི་བདག་པོ་དང་ན་བབས་དེ་ལེགས་བཟླུམ་བྱས་ནས་ལྷོ་ནུབ་ཀྱི་ངོ་ལོག་ཞིག་འདུལ་བར་ཊི་ལིས་བརྫང་བ་ཡི་དེ་ཡིས་དམག་ཉེན་མེད་ཅེས་ཝ་ར་ཎ་སེའི་ཚོང་པ་ཞིག་བལ་པོར་སླེབས་པའི་གཏམ་དུ་སྟེ།

བདེན་མིན་ཅི་ལྟར་ཡང་རང་གི་ཐོས་པའི་ཚུལ་སྙན་དབང་རིན་པོ་ཆེར་གསོལ་བ་ཆོས་དབྱིངས་ཚོམ་པ་མེད་པ་དང་། ད་ལམ་བལ་ཡུལ་དུ་བགྲོད་པར་ལམ་མི་བདེ་ཚ་གྲང་གི་རེག་བྱ་མི་སྙོམ་པས་ངལ་བ་ཆེས་ཆེ་བ་བྱུང་ཡང་རྒྱལ་བའི་སྐུ་གདུང་མཆོད་རྟེན་གྱི་ཆེད་དུ་གོམས་གང་འདོར་བའི་དགེ་བ་ཡང་ཚད་མེད་པར་བསྔགས་བཞིན་དེས་མཚོན་བདག་གི་དགེ་བ་བྱས་དང་བྱེད་འགྱུར་ཀུན་ནམ་དུ་ཡང་ཉམས་པ་མེད་པ་བྱང་ཆུབ་མཆོག་གི་རྒྱུར་ཡོངས་སུ་བསྔོ་བར་མཛད་པ་གསོལ་བ་འདེབས་པའི་རྟེན་ཀ་ཤིའི་རས་གུར་གུམ་གྱི་ཚོས་ཅན་ཟུང་དང་བཅས་ནག་ཟླའི་དམར་ཕྱོགས་ཀྱི་བཟང་པོ་དང་པོ་ལ་གྲུབ་པའི་བསྟི་གནས་ཛོ་ཀི་ཨ་ཁར་ནས་ཕྲན་བུ་ལས་ཀྱང་ཕྲན་བུར་གྱུར་པ་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཆུང་སརྦ་མངྒ་ལཾ།

ལྷ་ཡི་ལྷ་གངས་ཅན་མགོན་པོ་མཆོག་གི་འཕྲིན་ལས་པ་དགེ་བཅུའི་ཁྲིམས་ཀྱི་བྱེད་པ་པོ་གངས་ཅན་བདེ་བའི་བརྩས་མི་ཡི་ལྷ་ཆེན་པོར་གྱུར་པ་རྣམས་ཀྱི་མདུན་སར། ཞུ་བ། སྔོན་རབས་དུ་མ་ནས་བསོད་ནམས་ཚོགས་ཆེན་པོ་ནམ་ཡང་མ་སྨད་པས་སངས་རྒྱས་ཀྱི་བསྟན་པ་རྫོགས་ལྡན་དུ་སྤྱོད་པ་ཡུལ་ཁ་བ་ཅན་དུ་འཇིག་རྟེན་མགོན་པོའི་འཕྲིན་ལས་ཀྱི་བྱེད་པོར་གྱུར་ཏེ་གངས་ཅན་ཕན་བདེ་དགེ་ལེགས་ཀྱི་བརྩས་སུ་དུས་ལས་ཡོལ་བ་མེད་པར་བཞུགས་པ་སྐྱེ་རྒུ་སྤྱི་དང་བྱེ་བྲག་ལ་སྨན་པའི་སླད་དུ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་ནམ་དུ་ཡང་མ་བསྐྱུད་པས་ཆབ་ཤོག་རིན་པོ་ཆེ་སུམ་རྩེན་དབང་པོའི་རེག་བྱ་ཀུན་ནས་ཀུན་ཏུ་དཀར་ཞིང་སྲིད་དུ་རིང་བ་དང་ལྷན་ཅིག་ཏུ་ཕྱག་རྒྱའི་རི་མོ་མ་སྨད་པར་ལྷ་ལྡན་ནས་ཟླ་༢ཚེས་༢༣ལ་སྩལ་བ་འདི་ཟླ་༣ཚེས་༡༢ཀྱི་དགོང་ཁར་ཕེབས་ཤིང་།

དེ་ཡང་སྟོད་ཕྱོགས་ཀྱི་ཁེ་ཉན་ལྷུག་པའི་གསུང་མཆིད་ཀྱི་འོད་སྣང་ཞིབ་མོས་ཡིད་ཀྱི་པདྨོ་ཀུན་ཏུ་རྒྱས་པའི་རྒྱུར་གྱུར་ཅིང་། བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཉམས་གསོ་སྐོར་སྲོག་ཤིང་འདྲེན་པ་ཚད་དུས་དང་ཐུག་པས་སྟོན་གཞུག་བར་དུ་དུས་བསྲིང་དགོས་དང་། སྔོན་གཙང་སྨྱོན་ཆེན་པོ་དང་གནས་རམ་པས་ཞིག་གསོ་མཛད་པའི་རྩི་གཞི་ལྟར་ན་གསེར་ནི་ལྡང་ཙམ་བྱུང་ཡང་། ཟངས་ཀྱི་ཅུང་ཟད་འཛངས་ཤིང་། གདུགས་དང་ཆོས་འཁོར་དྲ་རྣམས་སྔར་གྱི་ཟངས་གསེར་ལ་བལ་པོ་ནོར་ལ་ཆེས་འཇུང་པས་ཟངས་ཤིན་ཏུ་བསྲབ་པས་སླད་ནས་དུས་དབང་གིས་ཞིག་གསོ་བྱེད་པ་པོ་ཡང་དཀོན་པར་གྱུར་པ་ཡི་ད་ལམ་ཟངས་ཐུག་བརླིང་རང་བློས་མི་འཁྱུད་ཞིག་བྱེད་རྩིས་ཀྱི་ཆོས་འཁོར་ཁ་ཤས་ཀྱི་ཟངས་བཟོ་ལས་མ་གྲུབ་རུང་སྟོད་མར་ཡུལ་ཕྱོགས་ཀྱི་དམག་འཁྲུག་ཡང་སྤྱི་དང་བྱེ་བྲག་ལ་གལ་གནད་ཆེ་བཞིན་བཀའ་ལྟར་བགྲོད་རྒྱུ་སྙན་དབང་རིན་པོ་ཆེར་འབུལ་ཟིན་གཤིས་རང་གི་དམ་བཅའ་ཡིད་ཀྱི་ཚེར་མར་གྱུར་པ་དང་། འགྲོ་བ་མང་པོའི་འཇིགས་སྐྱོབ་གཞན་ཕན་ཆེ་བ་བཅས་སྟོད་ཕྱོགས་སུ་འགྲོ་བ་རང་ལ་ཧ་ཅང་ལྟས་མ་ཆུབ་ཀྱང་རྟེན་འབྲེལ་སྒྱུ་མ་ལྟ་བུར་དམིགས་ནས་རྒྱལ་བ་དགྱེས་ཕྱིར་ལུས་སྲོག་ལྟོས་མེད་ཀྱི་ད་ལམ་རྒྱལ་དབང་མཆོག་གི་བཀའ་དང་མདུན་ན་འདོན་ཆེན་པོ་རྣམས་ཀྱི་ལུང་ཕེབས་ཕྲལ་དང་ལེན་གྱིས་ལམ་དུ་འཇུག་པའི་སྟ་གོན་བྱས་ཤིང་། ད་ལྟ་རང་བྱུང་མཆོད་རྟེན་ཆེན་པོའི་ངོགས་ནས་ཐོན་སྟེ་བལ་ཡལ་གྱི་གནས་ཆེན་ཛོ་ཀི་ཨ་ཁར་ཞེས་རྡོ་རྗེ་གདན་བཞིའི་གནས་སུ་འདོད་པ་དེར་སླེབ་པའི་སྐབས་སུ་སྟེ་ལམ་ཡིག་དགོས་མཁོ་སོགས་ཀྱང་ཡོང་ཚུལ་ཕེབས་པ་ཐུགས་ལ་བཏགས།

འོན་ཀྱང་རང་དབང་ལྷན་ཅིག་སྤྱོད་པ་རྗེས་འབྲང་བཅས་ངན་ངོན་ཉུང་མཐའ་ལྔ་བཅུ་སྐོར་དང་མང་དུས་བརྒྱ་ལྷག་རྒྱུན་དུ་འགྲོགས་པ་ཡི་དེ་རྣམས་ཀྱང་རྒན་རྒོན་དང་ནང་བུ་ཅན་ཤས་ཆེ་བས་གོས་དང་མལ་ཆ་འཚོ་ཆས་ཀྱང་མི་ཐེག་པར་སེམས་བརྩེ་བས་ཅུང་ཟད་ངལ་བ་ལས་རང་གི་ནི་གང་དུ་བགྲོད་ཀྱང་ཟང་ཟིང་དངོས་པོ་རྣམ་དཀར་དགེ་རྒྱུན་འགྲོ་ན་ལས་འཚོ་ཆས་གོན་པ་ལྡང་ཙམ་གྱི་ཆོག་ཤེས་ཅི་ནུས་འབད་པས་བྱས་ཤིང་། གང་དུ་ཡང་ཆེན་པོ་རྣམས་ལ་ཕྱག་རྟེན་ནམ་ཁྱོས་མ་རྔམ་ཆེན་ཕར་ལ་ཡང་མི་བདོག་ཅིང་ཚུར་ལ་ཡང་བླང་བར་མི་སྤྲོ་བས་དེས་ན་ལ་དྭགས་རྒྱལ་བློན་ལ་ཡང་སྨན་པའི་ལེགས་བཟླུམ་དམ་པའི་བཀའ་བཞིན་བགྱིད་པ་ལས་ཟང་ཟིང་གི་ཁེ་སྤོག་ནི་སྔར་གཞོན་དུས་སུ་མ་གྲུབ་ན་ད་རྣལ་འབྱོར་འཆི་ཁ་མ་ཞིག་གིས་མི་འགྲུབ་པར་སྨོན། འོན་ཏེ་སྒོམ་ཆུང་གསར་པས་གསེར་མི་འདོད། །སྒོམ་ཆེན་རྙིང་པས་ལྷམ་ཀྲད་བསྡུད། །ཞེས་པ་ལྟར་འདུག་ཀྱང་། རེ་ཞིག་དོས་དང་ས་རིམ་ཚེགས་སུ་འགྲོ་བ་མ་མཆིས་ཤིང་རང་ལ་དགོས་ངེས་གླེགས་བམ་ཅི་རིགས་དང་། ཉེ་སྤྱད་ཁ་ཤས་ཡོད་པ་ནི་དད་སློང་གི་སྟེང་དུ་འགྲོ་བར་སྙམ་པས་འཕྲལ་དུ་དེ་ལྟ་དང་། ངེས་མེད་ཞུ་དགོས་བྱུང་ཚེ་སླད་ནས་ཐུགས་རྗེའི་དོ་ར་ནས་མི་བསྐྱུད་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞུ་རྒྱུ་དང་། སྔར་རང་ལོ་ཉེར་གསུམ་ནས་བཞི་བཅུ་ལ་མ་རེག་གི་བར་བཞོན་པ་སྤང་བ་ཡིན་ཡང་། དེ་ནི་ཡོང་བགྲང་ཁུར་གྱིས་གཏུག་པས་ཤད་ཀྱི་འགྲོ་བར་རྐང་ནད་ཀྱི་བྲོ་འཚལ་བ་ཡིས་རྟ་ཡང་ཧ་ཅང་བདེ་བར་མ་གྱུར་གཤིས། ད་ལམ་མགྱོགས་མྱུར་གྱིས་བགྲོད་དེ་ཕྱོགས་ནས་མི་སྐོགས་དོགས། གྲོ་ཤོད་ཕྱོགས་སུ་གཞུང་གི་ཆིབས་ཁ་མཆིས་ཚེ་སླར་ངོ་མའམ་ཚབ་རིན་གང་རིགས་འབུལ་ཆོག་པ་བྱས་ནས་མགྱོགས་བྱང་གོམས་པའི་རྟ་དྲེལ་རེས་མོས་གསར་རྒྱུ་ལྔ་དྲུག་ཙམ་ཞིག་གཡར་སྣང་ཞུ་འདོད་ལགས་པས་ཐུགས་སྟབས་མི་འགྲིག་པ་མ་བྱུང་ཚེ་བརྩེ་བའི་དབྱིངས་ནས་མི་འདོར་བ་ཞུས་ན་ཅིར་གནང་ཚོམ་པ་མེད་པར་འཇུག་པ་དང་། གང་ཅིར་གནས་ཚུལ་གསོལ་འོས་རྣམས་ཀྱང་སླད་ནས་རིམ་བཞིན་ཕུལ་ཆོག་པ་དང་། ལེགས་ལམ་བཟང་པོའི་ཕེབས་འོས་ཀྱང་སྔར་མུ་ལས་གཡོ་བ་མེད་པར་གསེར་གྱི་འདྲེན་པའི་ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་ནམ་དུ་ཡང་ཆད་པ་མེད་པར་སྩོལ་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན། ཞེས་མཁྱེན་པའི་འདྲེན་བྱེད་པདྨའི་འདབ་མ་ལྟ་བུ་གཡོ་བར་བྱེད་པའི་རྟེན་ལྷ་ཡི་གོས་མི་སྙེམས་པ་རྩ་བའི་ཁ་དོག་ལྟ་བུས་བཅིབས་ཏེ་ཆུ་སྤྲེལ་ནག་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་ནེམ་པ་ལ་ཡིས་ལྗོངས་ནས་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ལི་ཁི་ཏཾ་སརྦ་མངྒ་ལཾ།

ད་ལམ་བཀའ་རྒྱ་རིན་པོ་ཆེ་མ་ཕེབས་གོང་དུ་ཕུལ་བའི་ཞུ་ཡིག་ནང་ཚན་ལ་དྭགས་ལ་བསྐུར་རྒྱུ་རྣམས་ད་ལྟ་ངེད་རང་ལ་དྭགས་སུ་འཕྲལ་འབྱོར་ལམ་ཞུགས་སུ་ཡིན་ན་ཡང་། ཡི་གེ་དེ་རྣམས་སྔ་ཐབས་སུ་གཏང་ན་དུས་འཁྲུག་ཕྱིར་བསྲིང་བ་སོགས་ཕན་འགྱུར་ལས་གཞན་དུ་མ་གྱུར་གཤིས་སྔར་ཞུས་ལྟར་བཀའ་དྲིན་ཆེ་བ་ཞུ་རྒྱུ་དང་། འབྲུག་ཐམས་ཅད་མཁྱེན་པར་འབུལ་རྒྱུའི་ཞུ་ཡིག་འདི་ཡང་འཕྲལ་གནང་ཐུགས་རྗེ་ཆེ་བ་མཁྱེན་མཁྱེན་མཁྱེན་སརྦ་མངྒ་ལཾ།

༈ གོང་ཞབས་མཆོག་ཏུ་ཆུ་སྤྲེལ་ཟླ་༩ཚེས་༢༩ལ་བདེ་མཆོག་ལྷ་རི་དཀར་པོ་ནས་ཕུལ་བའི་ཆབ་ཤོག །

རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་གངས་ཅན་མགོན་པོ་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་མཛེས་པ་ཀུན་གཟིགས་བླ་མ་ཆེན་པོའི་ཞབས་ཀྱི་ཉེ་བར་བསྙེན་པ་རིན་པོ་ཆེའི་ཁྲི་ངོགས་སུ།

དྭངས་བས་ཞུ་གསོལ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་དང་དུ་མའི་སྤྲོས་པ་ལས་འདས་དེ་ལྟ་ན་ཡང་ཆོས་དབྱིངས་བདེ་བའི་ཁམས་གཅིག་ཏུ་མཉམ་ཞིང་ཡངས་ལ་འདུས་ཤིང་རྣམ་པ་ཐམས་ཅད་པ་རྣམ་ཀུན་མཆོག་དང་ལྡན་པའི་ཁམས་གློ་བུར་དྲི་མའི་ཚོགས་ཡོངས་སུ་སྤོང་བ་དོན་དམ་གདོད་ནས་དྲི་མ་མེད་པ་དག་པ་གཉིས་ལྡན་བྲི་གང་མེད་པའི་འོད་གསལ་སངས་རྒྱས་མཐར་ཐུག་ཆོས་ཀྱི་སྐུ་སྔོན་དུ་གྱུར་པ་ལས་གཡོས་བཞིན་སྟུག་པོ་བཀོད་པའི་ཞིང་ན་མི་འགྱུར་བདེ་བ་ཆེན་པོ་ཁ་སྦྱོར་ངེས་པའི་སྐུ་དང་མི་མཇེད་བྱེ་བ་ཕྲག་བརྒྱར་མཚན་དཔེར་གསལ་བ་མཆོག་གི་སྤྲུལ་པའི་སྐུ་སོགས་དུ་མར་སྣང་ཡང་དུ་མ་མེད་པ་གཅིག་ཏུ་གནས་ཀྱང་གཅིག་པུ་མ་ཡིན་པ་རྒྱལ་བ་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་འཕགས་པ་སྤྱན་རས་གཟིགས་གངས་ཅན་མཚོ་རྒྱལ་མགོན་པོར་གྲུབ་བཞིན་གང་ལ་གང་འདུལ་གྱི་སྐུ་ཡི་ཟློས་གར་ཅིར་ཡང་སྣང་བར་མཛད་པ་ལས་དུས་འདིར་ཉི་མའི་གཉེན་གྱི་བསྟན་པ་སྙིགས་མར་གྱུར་པའི་སྐབས་སུ་ཉམ་ཐག་གདུལ་བྱ་རྣམས་ལ་ལྷག་པར་བརྩེ་བས་སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་འཛིན་པའི་དཀྱིལ་འཁོར་དགེ་བཅུའི་ཁྲིམས་ཀྱི་བརྗིད་པ་ང་ལ་ནུས་ཀྱི་ཁེངས་པ་འཕྲོག་ཅིང་ལྷག་ཏུ་རྒྱལ་བསྟན་མཐའ་དག་གསལ་བའི་བྱེད་པོར་གཅིག་ཏུ་ཟླ་མེད་པར་རྣམ་པར་དཀར་བའི་རྩིབས་སྟོང་མངོན་པར་བཀྲ་བ་རིས་མེད་གཅིག་ཏུ་བཟླུམ་པའི་མྱུར་སྔོན་དུ་བཏང་སྟེ་ཐར་པ་གསུམ་གྱི་གསུང་གི་འཁོར་བའི་གཡུལ་ངོ་རྨེག་མེད་དུ་བཅོམ་པའི་དཔའ་བོ་ཆེན་པོར་གངས་ཅན་དབུས་འགྱུར་གྲུ་འཛིན་འཕགས་པའི་ཕོ་བྲང་ཆེན་པོར་ཡིན་ནས་ཡིན་བཞིན་པར་མཐའ་བཞིའི་མི་བདག་ཀུན་གྱི་གཙུག་གི་ནོར་བུས་ཉེ་བར་བསྙེན་པ་འཇམ་འབྲས་གར་བུའི་ཁྲི་འཕང་མཐོན་པོར་འཚོ་ཞིང་བཞེས་ཏེ་བཞུགས་པའི་བཀའ་དྲིན་སྲིད་འདིར་ཟླ་བོས་དབེན་པ་ཉིད་དུ་གྱུར་བཞིན།

འདིར་གནས་བྱ་བྲལ་སྙོམས་ཆུང་དཱ་རི་དྲ་པ་ས་འོག་གྲོག་མའི་སྤུན་ཟླར་ཡང་བརྩེ་ཆེན་ཐུགས་ཀྱི་ནམ་དུ་ཡང་མ་བསྐྱུད་པ་མཁའ་ཁྱབ་བདག་པོ་ཀུན་གྱི་རྣམ་པར་ཡིན་ནསཡིད་བཞིན་བཀའ་བཏགས་ཕྱག་རྒྱའི་རི་མོ་ཉིན་མོར་བྱེད་པའི་སྣང་བ་བཞིན་མཆོག་ཏུ་འབར་ཞིང་གནང་སྐྱེས་ཟབ་གོས་རྡོ་རྗེའི་རི་མོ་ཅན་དང་ཆབ་གཅིག་པར་ཡིད་ལྟར་མགྱོགས་པའི་བྱ་མ་རྟ་ཡིས་འཕྲུལ་ལ་བརྟེན་ཕྲན་ནས་ཞུ་ཡིག་ཕུལ་བའི་ལན་གྱི་ཚུལ་དུ་བཀའ་ཡི་གླེགས་བུ་སྔ་མ་མང་ཡུལ་གྱི་ཆ་དང་གཏིང་མ་ཀླུང་ཚངས་པ་རྒྱས་པའི་བུ་མོ་ཡི་ངོགས་སུ་ཨུརྞ་མཛེས་པའི་རྒྱན་དང་ཡིད་ཀྱི་རྒུད་པ་མཐའ་དག་དབྱིངས་སུ་ཞི་བའི་དཔལ་ཡོན་དུ་སོན་ལ། སྔར་ནས་བཀའ་ལུང་གསེར་གྱི་ཅོད་པཎ་ལྟ་བུ་ཡང་ནས་ཡང་དུ་ཕེབས་ཏེ་སྙིགས་དུས་རང་མཚང་མངོན་པར་ངོམ་པའི་སྟོད་ཕྱོགས་འགྲོ་བ་བྱེ་བྲག་པ་དང་གངས་ཅན་སྤྱི་ལ་སྨན་པའི་བརྩས་སུ་ཀསྨི་ར་དང་བྷོ་ཊའི་ལྗོངས་ཀྱི་མཚམས་མར་ཡུལ་ཕྱོགས་སུ་བགྲོད་པར་འོས་ཞེས་རྩལ་བཞིན་ལོ་ཚོགས་དང་འབྱུང་བ་མི་སྙོམས་པས་ལུས་ལྕི་ཞིང་ཆུ་འཕྲང་ལྷགས་ཆར་གྱི་བཤུལ་ལམ་རིང་པོས་ལུས་མཆོག་ཏུ་ངལ་ཞིང་རང་ལ་ཐོག་མར་ལྟས་ཆུབ་པ་ཞིག་ཡང་མ་བྱུང་རུང་རྒྱལ་བ་མཆོག་གི་བཀའ་སྩལ་སྙིང་དུ་བརྟན་ཞིང་།

བསྟན་འགྲོ་མང་པོར་ཕན་པའི་ལྷག་བསམ་གྱི་མཁར་བ་དམ་པོར་བརྟེན་ཏེ་ད་ལྟ་ཧི་མ་ལ་ཡི་ལྷོ་ཕྱོགས་ཀྱི་ཀེ་ཏ་ར་གངས་ཅན་གྱི་བརྡས་ཏི་སེར་འབོད་པ་ནས་གོང་དུ་འཕགས་ཏེ་དཔག་ཚད་དུ་མ་ཁ་ཤས་བགྲོད་པ་མངྒལ་ཀུ་ཊ་ནས་བདེ་མཆོག་ལྷ་ཡི་དཀར་པོར་འཇུག་པའི་སྐབས་སུ་ལགས་ཤིང་། དེ་ལྟ་ན་ཡང་ལ་དྭགས་ནས་མདུན་བསུ་སྔ་མ་མ་ནོ་ས་རར་འབྱོར་ཞིང་གཏིང་མ་སྒར་ཐོག་ཏུ་འབྱོར་པ་བཅས་དེ་རྣམས་ཀྱི་ངག་ཚིག་ལ་དྭགས་ཕྱོགས་གསང་དམ་ཅིང་གནས་སྐབས་ཚིག་གི་མཛེས་ལམ་ལས་གསལ་བར་མི་སྨྲ་ཡང་དོན་དུ་རྒྱལ་པོ་ཕན་ཚུན་དགོས་གཞི་འདོད་ཁྱེར་ཆེ་ཞིང་ལྷག་ཏུ་རྒྱ་འདྲེ་འགོང་པོས་དཀྲུགས་པའི་ལྟས་གསལ་བ་དང་། ཁ་ཆེ་མོན་ཡུལ་གྱི་རྒྱལ་པོ་རྒྱལ་ཕྲན་དུ་མ་འཁྲུག་ཅིང་ལ་དྭགས་བོད་ཡུལ་ལ་སྡང་བར་བལྟ་བ་ཡང་མང་བ་བཅས་འགྲིག་བཟླུམ་ལབ་འཆིང་བྱ་ཤིན་ཏུ་དཀའ་བ་ཞིག་གོ་སྙམ་ནས་ཉིན་མཚན་ཀུན་ཏུ་དེ་ཡི་སེམས་ཁུར་ལྕི་ཞིང་དུབ་པས་ངལ་ཡང་རྒྱལ་བ་མཆོག་གི་ཐུགས་སྨོན་སྐྱབས་འཇུག་གི་དོ་རར་ཆུད་པས་བློ་གདིངས་རྙེད་པ་དང་།

འགྲོ་ལ་ཕན་པའི་སྐྱབས་དང་རང་རང་དཀོན་མཆོག་ལ་གསོལ་བ་འདེབས་མུར་ལགས་པས་གནས་ཚུལ་སྟེ་ད་ལམ་སྔ་ཐབས་གནས་ཚུལ་ཅུང་ཟད་གུང་དུ་ཕུལ་བ་དང་མདུན་ན་འདོན་ཆེན་པོ་རྣམས་ཀྱི་ཞུ་ཡིག་ཏུ་མཚོན་ཙམ་ཕུལ་བ་དང་སླད་ནད་ཞིབ་མོར་འབུལ་རྩིས་བཅས་ཤིང་། གང་ཅིར་ཚད་མེད་པའི་ཐུགས་རྗེ་ཆེན་པོས་ཡོངས་སུ་བཟུང་ཞིང་གཞོམ་མེད་རྡོ་རྗེའི་གུར་ཁྱིམ་དུ་བྱིན་གྱིས་བརླབས་པའི་བསྲུང་གུར་དུ་ཆུད་པ་དང་། བདག་གིས་བགྱིས་པའི་བྱ་བ་འདི་ཀུན་དོན་ལྡན་དུ་རྒྱལ་བ་མཆོག་གི་འཕྲིན་ལས་བསྟན་འགྲོའི་ཕན་བདེའི་བཙས་སུ་འགྱུར་བའི་སྨོན་འཇུག་བཟང་པོའི་བྱབ་པ་དང་། འཛམ་གླིང་སྐྱེ་རྒུ་སྤྱི་དང་བྱེ་བྲག་གངས་ཅན་བསྟན་འགྲོའི་ཕན་བདེའི་དཔལ་ཡོན་མཆོག་ཏུ་ཞབས་པད་རྡོ་རྗེའི་རི་བོ་ལྟར་བསྐལ་པའམ་བསྐལ་པ་ལས་ལྷག་པ་རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ཏེ་འཚོ་ཞིང་བཞེས་ཏེ་བཞུགས་པར་གསོལ་བ་འདེབས་པ་དེ་ཁོ་ན་བཞིན་རེ་འབྲས་དོན་ལྡན་དུ་སྩལ་དུ་གསོལ། ཞེས་པད་རྩ་དང་ཨུཏྤལའི་ཁ་དོག་ལྟར་མཛེས་པའི་ཐུགས་རྗེའི་སྤྱན་རས་དཀྱུས་རིང་གཡོ་བར་བྱེད་པའི་ཞུ་ཡིག་དུང་དང་ཟླ་བ་ཀུ་མུད་ཆུ་ཤེལ་ལྟར་གཅིག་ཏུ་དཀར་བའི་ལྷ་གོས་སྲིད་དུ་རིང་བས་བཅིབས་ཏེ་གྲོ་ཞུན་ཟླ་བའི་དམར་ཕྱོགས་རྒྱལ་བ་གཉིས་པ་འགྲུབ་སྦྱོར་ཏཏྐལ་དགེ་བའི་སྣང་གསལ་ངོས་སུ་བྲིས་ཏེ་ཕྲན་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

ཞབས་པད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར། གུད་དུ་ཞུ་ཆུང་། ཕྲན་བལ་པོ་ནས་ཐོན་ཏེ་སྐྱིད་གྲོང་རྫོང་དཀར་གྲོ་ཤོད་རྣམས་བརྒྱུད། ཧི་མ་ལ་ཡི་ཕྱོགས་བཞིར་ཀེ་ཏ་ར་བཞི་གནས་པའི་ལྷོ་ཕྱོགས་ཀྱི་ཀེ་ཏ་ར་བོད་སྐད་དུ་ཏི་སིར་སྒྲོགས་པ་མཚོ་མ་ནོ་པཱ་རའི་ངོགས་ནས་གྱེནདུ་འཕགས་ཏེ་ད་ལྟ་ལ་དྭགས་ཀྱི་ཡུལ་དུ་འབྱོར་བའི་སྐབས་སུ་ལགས་ཤིང་། འཕགས་ཡུལ་ཕྱོགས་སུ་མི་བདེ་བའི་དམག་འཁྲུག་ཇི་སྙེད་ཡོད་འདུག་པ་དེ་ལྟར་ཡིན་ནམ་བོད་ཡུལ་གྱི་ལྷ་འདྲེ་རྣམས་ཇི་སྙེད་འཁྲུག་པའི་མཚན་མ་མཐོང་ཞིང་། རྒྱ་འདྲེ་འགོང་པོ་མཐུ་བོ་ཆེ་རྣམས་ཀྱིས་མི་དང་མི་མ་ཡིན་རྣམས་སེམས་རྣལ་དུ་མི་ཕབས་པར་དཀྲུག་པར་ཡང་རྟོགས་པས་དེ་ཞི་ཞིང་སྤྱི་བྱེ་བྲག་བདེ་བའི་བཙས་སུ་རྒྱལ་བ་མཆོག་གི་དགོངས་བཞེད་འཕྲིན་ལས་འགྲུབ་པའི་ཆེད་དུ་དམིགས་གཏོར་ཚོགས་ཀྱང་ཅི་ནུས་འབད་པས་གཏང་བས་ཅུང་ཟད་ཕན་ནམ་སྙམ་པའི་ལྟས་ཀྱང་བྱུང་། ལ་དྭགས་ཕྱོགས་སུ་ཟླ་གཅིག་ལས་ལྷག་མི་སྡོད་རྩིས་དང་ཅི་ཙམ་འགོར་ཡང་ཟླ་གསུམ་རིང་མཐར་བྱས་པའི་འཕྲོས་སྔ་འགྲོས་ལ་བསྲིངས་ཤིང་། རྒྱལ་བ་མཆོག་གིས་བཀའ་གནང་གི་དོན་རྒྱལ་པོ་ཁུ་དབོན་བློན་བཅས་ལེས་བཟླུམ་བཟང་སྤེལ་འབད་རྩོལ་བགྱིད་རྒྱུར་སྐྱབས་མགོན་མཆོག་ནས་ཀྱང་ཐུགས་རྗེའི་སྐྱབས་རོལ་ནས་ནམ་ཡང་མི་བོར་ཞིང་ལེགས་ལམ་གྱིས་ཕེབས་འོས་མེས་པོའི་རལ་ཀླུང་ལྟར་ཆད་པ་མེད་པ་ཞུ་ལ། རང་གི་གནས་ཚུལ་ཞིབ་མོ་ལ་དྭགས་མཐིལ་དུ་སླེབས་བསྟུན་འབུལ་རྩིས་ལགས་པ་ཆོས་དབྱིངས་ཟབ་མོའི་ཀློང་དུ་བསྟི་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་སརྦ་མངྒ་ལཾ།

༈ ཆུ་སྤྲེལ་ཟླ་༧ཚེས་༢༩ལ་བཀའ་བློན་རྣམས་ལ་བདེ་མཆོག་ནས་ཐོན་པའི་ཆབ་ཤོག་ཟོ་རེག

གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་རྒྱལ་བ་མཆོག་གི་འཕྲིན་ལས་པ་སྣང་ཆེན་པོ་རྣམས་ཀྱི་མདུན་ས་རིན་པོ་ཆེར།

ཞུ་བ། རིང་མོ་ཞིག་ནས་རྣམ་པར་དགེ་བའི་བསོད་ནམས་སྟུག་པོ་ཡོངས་སུ་བཟླུམ་ཞིང་བདག་གིར་མཛད་པའི་མཐུ་ལ་བརྟེན་དེང་དུས་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་གཏེར་གྱུར་ཆོས་ཀྱི་སྤྲིན་ཕུང་ཀུན་ཏུ་རྒྱས་པའི་འཁོར་ལོས་བསྒྱུར་བ་ཆེན་པོའི་ག་ལ་བར་ཉེ་བར་བསྙེན་ཅིང་དགྱེས་པའི་འཕྲིན་ལས་སྐྱེ་རྒུའི་བདེ་ཐབས་སྤྱི་དང་བྱེ་བྲག་སྲིད་པའི་ཆུ་ཀླུང་ཡོངས་སུ་སྒྲོལ་བའི་གྲུ་བོ་རྒྱལ་བསྟན་རིན་པོ་ཆེའི་སྲིད་ཞུ་གངས་ཅན་མགོན་པོ་ཐུགས་ཀྱི་བཞེད་པ་བཞིན་གཞལ་དུ་ཡང་གཡེང་བ་མེད་པར་མཛད་བཞིན་བཞུགས་པ་ནས་ཆབ་ཤོག་རིན་པོ་ཆེ་སྔ་ཕྱི་བཀའ་ལན་གྱི་ཚུལ་དུ་ཡང་ཡུལ་གྱི་ཆ་དང་རི་བོ་ཀེ་ཏ་ར་ཡི་བརྒྱུད་བྷྲཧྨ་སུ་ཏའི་རྒྱུན་ངོགས་སུ་ཕེབས་པ་བཀའ་དྲིན་མཆོག་ཏུ་གྱུར་པས་ཁྱབ།

ངོས་ཀྱང་བལ་ཡུལ་དུ་རང་བྱུང་མཆོད་རྟེན་ཆེན་པོའི་ཞབས་ཏོག་སོགས་བསྟན་འགྲོར་སྨན་པའི་བགྱིད་འོས་ཁ་ཤས་ལོ་འདི་ག་དུས་ཆེན་དུ་གྱུར་པས་འགྲུབ་ན་སྙམ་པ་རང་འདོད་ཀྱི་ཞགས་པས་དམ་དུ་དཀྲིས་པ་བོར་མི་བྲལ་བཞིན་གངས་ཅན་མགོན་པོ་མཆོག་གི་བཀའ་ལུང་མདུན་ན་འདོད་ཆེན་པོ་རྣམས་ཀྱི་གསུང་ངག་བརྒྱུད་ཉེ་བར་ཕེབས་པ་ཡང་གསེར་གྱི་གཉའ་ཤིང་ལྟར་ལྡོག་པར་མ་སྤོབས་ཤིང་། དེ་ཡི་བསྒྲུབ་བྱ་ཡང་བྱེ་བྲག་པ་དང་ལྷག་ཏུ་སྐྱེ་རྒུ་ཡོངས་ལ་ཕན་པའི་བཅས་བླ་ན་མ་མཆིས་པར་ངེས་པ་ཡི་ནག་ཟླའི་དམར་ཕྱོགས་ཀྱི་དགའ་བར་མངའ་རིས་ཕྱོགས་སུ་བགྲོད་པའི་ལམ་དུ་ཞུགས་ཤིང་། འོན་ཀྱང་བལ་ཡུལ་སྡོད་རིང་རྣམ་གཡེང་དུ་མ་སྣེ་འདོམས་པས་སྔ་སོར་བྱ་རུང་ཁ་ཤོར་གྱི་ཞིག་གསོའི་སྐབས་ཡམ་བུ་ཡེ་རང་གི་རྒྱལ་པོ་རྣམས་ལ་དངོས་པོའི་འབུལ་ནོད་དང་བཅས་ཆེད་དུ་གསོལ་ཏེ་རྒྱལ་པོ་སོ་སོ་དག་གི་ས་རང་རང་གི་མངའ་འོག་ཡུལ་ཕྱོགས་དེར་སརྦཾ་དང་ཛམ་བུ་ཀ་དང་མཪྒ་ཌ་རྣམས་ཡེ་ནས་མི་གསོད་པ་དང་།

ཞིང་སོགས་དགོས་དོན་མི་ཆེ་བར་ནགས་ཚལ་ལ་མེ་མི་བརྒྱབ་པ་དང་། ཤིང་ཀུན་སོགས་གྲུབ་པའི་གནས་རི་ཆེན་པོའི་ནགས་ཚུལ་ལ་གནོད་པ་ཡེ་ནས་མི་བྱེད་པ་སོགས་འཛམ་བུ་གླིང་ན་བྱིན་ཆེ་ཞིང་དཔལ་དུ་ཆེ་བའི་བགྱིད་འོས་གཙོ་བོ་ཞིག་ཡིན་པ་ཕྱིས་ནས་ཅི་ལྟར་འགྱུར་མ་ངེས་སྟབས་རྒྱལ་པོ་ལ་ནན་བསྐྱར་ཞུ་བ་གྲ་ངོ་ཆེད་མངགས་བཏང་ནས་ཟངས་ཡིག་གནས་རི་སོ་སོའི་གྲངས་དང་མཉམ་པ་གནས་རི་སོ་སོར་འབུལ་རྒྱུ་དང་། ལྷག་ཏུ་རྒྱལ་པོ་རིམ་ཅན་གྱི་སྲོག་ལྟར་བཟུང་བའི་ལྷ་དབུ་མའི་བྱེ་བྲག་ཏཱ་ལེ་ཛུ་ཡི་སྤྱན་སྔར་དམ་བཅའ་བའི་ཟངས་ཡིག་བཀྲམ་སྟེ་ཚུན་ཆད་རྒྱལ་པོའི་གདུང་རིང་ཇི་སྲིད་དུ་དེ་ལྟར་བགྱིད་པའི་གཙིགས་ལ་ཕབ། ལམ་བར་དུ་གྲུབ་པའི་བསྟི་གནས་རྣམས་སུ་གཏོར་ཚོགས་ལ་ཅི་ནུས་འབད་ཅིང་ས་ག་ཟླ་བའི་ཡར་ངོ་མང་ཡུལ་དུ་འབྱོར་ཡང་ཟླ་བོ་རྣམས་ཆུ་ནད་ཀྱི་བྲོ་འཚལ་བར་མ་ཟད་བྱ་བ་བརྩམ་པ་འདི་བསྟན་འགྲོའི་བདེ་ཐབས་ཆེན་པོར་གྱུར་གཤིས་འཚུབ་ལྷོང་གི་རྣམ་པས་གྲོགས་རྣམས་ཤུལ་ཐག་རིང་པས་ཡེ་ནས་འགྲོ་མི་སྤྲོ་པའི་ཁར་རྫོངས་དཀར་སླེབ་མཚམས་མང་ཞིག་ཚད་རིམ་གྱི་བྲོ་འཚལ་ནས་སེམས་སྦྱངས་ཀྱང་གཞན་དབང་དུ་མ་ཤོར་བ། རང་གི་གྲ་ངོ་ཞིག་དང་ལ་དྭགས་པའི་ཕོ་ཉ་ལྷན་དུ་རྒྱལ་པོ་ཕན་ཚུན་ལ་ཞབས་པད་ཀྱི་བཀས་ངེས་འཕྲལ་དུ་འབྱོར་རྩིས་དམག་འཁྲུག་མི་རུང་ཚུལ་གྱི་ཡི་གེ་ཞིབ་མོ་བཅས་ཤད་རྩོལ་གྱིས་སྔ་ཐབས་བརྫངས་ཤིང་།

གྲྭ་རིགས་ནད་ཀྱིས་གདུང་བ་སོགས་བགྲོད་པར་མི་སྤྱོད་པ་རྣམས་འཚོ་བ་སྦྱར་ཏེ་མཐུན་པའི་གནས་སུ་གཞག་ཅིང་ཁ་ཅིག་ཁམས་སུ་ཡང་བརྫངས་ལ་རང་ཉིད་ཉུང་འདུས་ཀྱི་རྩིས་ངོ་གཡོག་བཞིན་བཅུ་སྐོར་ལམ་དུ་ཞུགས་གྲོ་ཤོད་དུ་འབྱོར་སྐབས་སུ་མུ་ཁུན་ཀྵེ་ཊའི་དཔོན་སློབ་རྣམས་ངེས་ཕྲད་པར་བྱོན་ཞིང་ཛུམླ་ར་ཛ་ཡི་ནང་བློན་དང་ཐུགས་འཁེལ་གྱི་དཱ་ས་སྔ་ཕྱིར་བཏུད་དེ་འཕྲད་དགོས་ཚུལ་བྱུང་བ་ཡང་འདི་རེས་འགོར་འགྱིང་དུ་མ་ཟད་འགྲོ་བར་མི་སྤྲོ་བར་ཁས་མ་བླང་ཞིང་འོན་ཀྱང་ཁོ་པས་མངའ་རིས་སྟོད་སྨད་དུ་དམག་དཔུང་ཞིག་སྙིང་ལ་གནག་པ་ཡིན་འདུག་པ་འདི་ལོའི་དབྱར་ཟླ་ཁ་ཤས་དཔུང་བཤོལ་ཐུབ་ན་འདི་ལོའི་དམག་བཟློག་པ་ཡི་སེམས་ཅན་འགའ་ཞིག་ལ་ཕན་པའི་དགེ་བར་མཐོང་ནས་རྒྱལ་བློན་རྣམས་ལ་རང་གི་ཅི་འབྱོར་གྱི་སྐྱེས་བཟང་པོ་དང་བཅས་སླད་མར་ངོས་འཕྲད་ཐུབ་རྒྱུའི་ཟོལ་གྱིས་སྨན་པའི་འཕྲོས་ཞིབ་མོ་ཕྱི་ཕྱག་གི་ཚུལ་དུ་བསྲིངས།

དེ་ནས་ཟླ་བོ་ནད་པ་རྣམས་ཀྱི་སྟབས་བརྩོན་པ་བསྐྱེད་ཡང་ཚུག་ཚད་མའི་འགྲོས་ལས་མྱུར་དུ་མ་གཏུབ་རུང་ནན་བསྐྱེད་པའི་ལུགས་སུ་བྱས། གངས་རིའི་མདུན་དུ་རྒྱལ་པོ་ཕན་ཚུན་གྱིས་མདུན་བསུ་བ་རྣམས་ཀྱང་འབྱོར་ཞིང་གངས་ཅན་སྤྱིའི་བསོད་ནམས་དང་རྒྱལ་བ་མཆོག་གི་ཐུགས་རྗེས་ཁྱབ་ཏེ་རང་ཉིད་འགྲོས་བསོད་དུ་ཆེ་བ་འདི་ལོ་སྔར་མི་གྲགས་ཀྱི་གངས་འབབ་པ་དོནདུ་འཚུབ་ལྟས་སུ་མངོན་ཀྱང་གནས་སྐབས་ལ་སྒོ་རྣམས་འགག་སྟེ་སྔར་ཐ་མིའི་སྒྱུ་འགྲུལ་མ་བྱུང་སྐད་ཐོས་མོད། འོན་ཀྱང་རྒྱལ་པོ་ཕན་ཚུན་ཐུགས་རྟོགས་ཧྲག་ཅིང་འདོད་ཁྱེར་ཆེ་སྟབས་འགྲིག་ཟླུམ་ཚེགས་ཆེ་བ་ཞིག་ཡོང་བའི་གཞི་གསལ་བར་རྟོགས་པས་སེམས་ངལ་ཤིན་ཏུ་ཆེ་བ་བྱུང་ཡང་ཤུགས་ལྡོག་ཏུ་མེད་པས་སྒར་རྒྱུད་རིམ་གྱིས་བདེ་མཆོག་ཏུ་འབྱོར་སྐྱབས་ལགས་ཤིང་། ལ་དྭགས་ནས་འཕྲལ་དུ་ངེད་ཀྱི་མདུན་བསུར་སྟོད་ནས་དྲུག་བརྒྱ་སྐོར་དང་སྨད་ནས་བཞི་བརྒྱ་སྐོར་ཡོང་རྒྱུར་བྱས་འདུས་ཁྱད་འདྲེན་འཐབ་འཁྲུག་གི་རྒྱུར་དོགས་སྟོད་ནས་བརྒྱ་སྐོར་དང་སྨད་ནས་བརྒྱད་ཅུ་སྐོར་ལས་ཡོང་མི་རུང་ཚུལ་གྱི་འཕྲོ་བཏང་ཞིང་དེ་ཡང་འགྲིགས་བཟླུམ་གྱི་གནས་ལ་དྭགས་གཏིང་དུ་རང་ཡང་བགྲོད་མི་ནུས་པ་དང་ལྟས་ཅུང་ཟད་འཚུབ་པས་སྒར་ཐོག་དང་ཐག་ཉེ་ཁྱད་ཝཾ་ལེར་རྒྱལ་པོ་ཕན་ཚུན་འཛོམ་དུས་སུ་བྱས་ཤིང་།

གང་ལྟར་འགྲིག་བཟླུམ་བྱུང་ཚེ་དེ་མཐར་ད་ལམ་རྒྱལ་བ་ཐམས་ཅད་མཁྱེན་པས་ཕྲན་ཕྱོགས་འདིར་འཕྲིན་ལས་ཀྱི་བྱེད་པོར་མངའ་གསོལ་བ་གནང་གཤིས། རང་ཉིད་གཞུང་གི་སྐུ་ཚབ་ལྟ་བུར་སོང་ཡང་ནེ་ཕུག་ལྷུས་མཐོང་བཅད་ཁྲ་སོགས་ཀྱི་ཁྱད་བཅས་སྒར་དཔོན་གཅིག་ཕེབས་ན་ལེགས་པར་རང་གི་སེམས་ལ་འཆར་བཞིན་སྒར་དཔོན་ལ་ཡང་འཕྲོས་སུ་བྱས་པས་འགྲིག་བཟླུམ་ཡོང་ངེས་ཐག་ཆོད་མཐར་བཅད་ཁྲའི་སྐབས་ལས་འཕྲལ་དུ་མ་རིང་ཀྱང་དཀོན་མཆོག་ཐུགས་རྗེ་དེ་ལ་འགྲུབ་རིགས་བྱུང་ཆེ། དེ་སྐབས་སྒར་དཔོན་ཕེབས་དགོས་བཀའ་ཡི་འཁོར་ལོས་ཁྱབ་པ་དང་ངེད་ཀྱང་ཕྱོགས་འདིར་ཟླ་བ་གཅིག་ནས་རིང་མཐའ་གསུམ་ལས་ལྷག་མི་སྡོད་པ་སྔ་འགྲོས་པ་ལ་འཕྲོས་སུ་བྱས་ཤིང་རང་ཉིད་ལ་ཡང་ལྟས་མ་ཆུབ་པ་བཅས་དེ་ལྟར་ཡང་གནས་ཚུལ་དུ་གསོལ་ཞིང་། ཁ་སིང་རྟ་ཤད་ཀྱི་ཁོངས་སུ་ཁམས་བ་གསལ་སོགས་དགོན་ཁག་ཁ་ཤས་ཀྱི་ཡི་གེ་འདུག་པའི་ལན། ལ་དྭགས་མཐིལ་དུ་སླེབ་བསྟུན་འབུལ་དགོས་ཆོས་དབྱིངས་མི་རྙོགས་པ་དང་། འདི་ལོ་ཕྱི་ནང་གསང་བའི་ལྟས་ཀྱང་འཚུབ་པའི་ཆ་ཇི་སྙེད་བཅས་ལོ་ཤས་འཛེར་བའི་མཚན་མ་ཞིག་བྱེད་ཡང་གཡེལ་བ་མེད་པར་འཚལ། ད་དུང་སླད་ནས་ཀྱང་གནས་ཚུལ་རིམ་བརྒྱུད་ཀྱི་ཡང་ཡང་ཞུ་བར་སྤྲོ་ཞིང་ལེགས་ལམ་གྱི་ཕེབས་འོས་ཀྱང་གསེར་མངལ་རལ་སྐྱེས་ཀྱི་རླུང་ལྟར་ཆད་པ་མེད་པར་སྩོལ་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན། ཞེས་རྣམ་པར་དཀར་བ་ལྷ་ཡི་རེག་བྱ་གསུམ་རྩེན་གྱི་པཎྜ་རི་ཀ་ལ་འཁུ་བ་དང་། འཕགས་ཡུལ་གྱི་ཀརྴ་པ་ནི་ཟུང་བཞི་བཅས་ཟླ་ཚེས་བཟང་པོ་ལ་བདེ་མཆོག་ལྷ་རེག་དཀར་པོ་ནས་ཕུལ་བའི་ལི་ཁི་ཏཾ། སརྦ་མངྒ་ལཾ།

༈ གོང་ཞབས་རིན་པོ་ཆེར་ཆུ་སྤྲེལ་ཟླ་༩་ཚེས་༥ལ་ལ་དྭགས་ཝམ་ལེ་ནས་ཕུལ་བའི་ཞུ་ཡིག

གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་ཡི་རྣམ་པར་འདྲེན་པ་ཐམས་ཅད་ཀྱི་སྤྱི་ཕུད་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱི་སྒེག་པ་མཆོག་གི་ཞབས་སེན་ནོར་བུའི་འཕྲེང་བས་ཉེ་བར་བསྙེན་པ་རྙོག་མེད་གེ་སར་བཞད་པའི་ངོགས་སུ།

མཆོག་ཏུ་དང་བས་ཞུ་གསོལ། རྒྱལ་བ་རྣམས་ཀྱི་གསང་གསུམ་རྒྱ་ཆེ་བ་མཁའ་ཁྱབ་ཏུ་གནས་པ་གཅིག་ཏུ་བཟླུམ་ནུས་པ་ཡ་མཚན་རྨད་བྱུང་གི་རང་བཞིན་གཅིག་དང་དུ་མའི་སྤྲོས་པ་བྲལ་ཡང་གཅིག་ཏུ་གྱུར་པ་ཚད་མེད་སྙིང་རྗེ་ཡེ་ཤེས་མཆོག་གི་བདག་ཉིད་དམིགས་པ་མེད་པའི་སྐུ་ཆོས་དབྱིངས་ཆུ་གཏེར་ཟབ་མོ་ལས་བརྡོལ་བའི་བྱམས་པའི་པད་དཀར་ཕྱག་རྒྱས་འཛི་མཛད་གང་ཉིད་རང་བཞིན་འོད་གསལ་ཡོངས་གྲུབ་ཀྱི་སྐུ་ལས་གཡོ་བ་མེད་བཞིན་རྩོད་ལྡན་སྙིགས་ལྔ་བདོ་བའི་གདུལ་བྱར་རྡོ་རྗེའི་སྐུའི་གང་འདུལ་དུ་སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་སྐྱེ་རྒུ་མཐའ་དག་ལ་བདེ་བའི་དཔལ་སྦྱིན་པ་ཕན་བདེའི་རྩ་ལག་ཐམས་ཅད་ཀྱི་མ་འདྲིས་པའི་བཤེས་སུ་སྣང་བ་གང་གསེར་གྱི་འབྲུའི་བརྒྱན་པའི་གླིང་དབུས་རྡོ་རྗེ་ཅན་གྱི་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་དབུས་འགྱུར་རྒྱལ་པོའི་ཕོ་བྲང་ངེས་པ་དོན་གྱི་གྲུ་འཛིན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་མི་འཇིག་འཇིགས་པ་མེད་པ་བསོད་ནམས་བྱེ་བ་ཕྲག་བརྒྱའི་འདུས་བྱས་པ་སེང་གེའི་སྟན་ལྷན་ནེ་ལྷང་ངེ་སྲིད་ཞིའི་གཙུག་རྒྱན་དམ་པར་བཞུགས་པ་འཛམ་གླིང་འགྲོ་བ་སྤྱི་དང་བྱེ་བྲག་པར་བཀའ་དྲིན་གྱི་ཞོ་ཤ་ཆེན་པོས་ཁྱབ།

འདིར་གནས་བྱ་བྲལ་རིག་པ་འཛིན་པར་སྒྲོ་བཏགས་པའི་རྒྱལ་ཁམས་པ་ཕྲ་མོ་ཡང་ལུས་ཁམས་འབྱུང་བ་འབྲི་བ་རྒ་བའི་རང་བཞིན་གྱི་ལྡང་བསྐྱོད་ངལ་དུབ་ཏུ་གྱུར་པར་མ་ཟད་རྣམ་སྨིན་འབྱུང་འཁྲུག་བྲོ་ནད་ཀྱིས་ཡང་ཡང་གཙེར་བར་གྱུར་ཅིང་། རྒྱལ་བ་མཆོག་གི་བཀའ་ལུང་བཞིན་ལྷག་པའི་བསམ་པ་ནམ་ཡང་མ་སྨད་པས་འབུལ་རིང་གི་ལམ་དུ་ཞུགས་ཏེ། སྐོར་གསུམ་གྱི་མར་ཡུལ་ལྗོངས་ཞེས་དེང་སང་ལ་དྭགས་སུ་འབོད་པའི་ཆ་སྟོད་ཝཾ་ལེ་ཞེས་ལོ་ཆུང་ལེགས་པའི་ཤེས་རབ་ཀྱི་འཁྲུངས་ཡུལ་དེར་གནས་སྐབས་ལགས་ཤིང་། ད་ནི་རྩོད་ལྡན་དུས་ཀྱི་སྙིགས་མ་ལས་ཀྱང་སྙིགས་ལྔ་ཆེས་ཆེར་བདོ་བའི་དུས་སུ་གྱུར་པའི་ཕྱོགས་འདིར་ཡང་ཕྱི་ནང་ཐམས་ཅད་དུ་མི་བདེ་བའི་ངང་ཚུལ་ཆེས་འཐུག་པས་གཅིག་གིས་གཅིག་ལ་བློ་མི་གཏོད་པར་རྒྱ་འདྲེ་འགོང་པོ་སོགས་ནག་ཕྱོགས་ཀྱི་ཀུན་ཏུ་དཀྲུག་པའི་མཐུ་ལ་བརྟེན་དོན་ཆེར་མེད་པའི་སྟོང་འུར་ལྟ་བུས་ཀྱང་ཕན་ཚུན་གཡུལ་བཤམས་པ་ལ་ཉེ་བ་སོགས་སྒོ་དུ་མ་ནས་ཚེགས་སུ་གྱུར་ཀྱང་རང་ངོས་ནས་གང་གི་བཀའ་ལུང་བཟང་པོས་ཁྱབ་བཞིན་བསམ་སྦྱོར་རྣམ་པར་དག་པས་གངས་ཅན་སྤྱི་དང་བྱེ་བྲག་སྟོད་ཕྱོགས་སུ་བདེ་བའི་བརྩས་སུ་གྱུར་ན་ཅི་མ་རུང་སྙམ་པས་དེའི་བརྟུལ་ཞུགས་ཀྱི་འཇུག་སྒོར་མི་བཟློག་པར་མཆིས་བཞིན་དུ་ཡིན་རུང་གོང་དུ་གསོལ་ལྟར་མི་མ་ཡིན་འཁྲུག་པས་ཡིད་སྣང་བས་འགྲིག་བཟླུམ་དཀའ་བ་ལྟར་གྱུར་ཀྱང་དཀོན་མཆོག་ལ་གསོལ་བ་གདབ་ཅིང་མི་མ་ཡིན་ལ་གཏོར་མ་སྦྱིན་ནས་འཕྲིན་བཅོལ་མཁོས་དཔག་བགྱིད་ཁུལ་དང་།

ལྟར་སྣང་དུ་རྒྱལ་བློན་ཕན་ཚུན་ཚང་མ་རང་ལ་དད་པའི་རྣམ་འགྱུར་བསྟན་པས་གཏིང་ཇི་ལྟར་ཡང་འཕྲལ་དེར་བརྟེན་གྱི་འགྲིག་བཟླུམ་ཐུབ་པའི་སྨོན་ལམ་ལ་སྤྱོད་སྐབས་ཏེ་གནས་ཚུལ་ཟུར་དུ་ཡང་ཕུལ་ལྟར་ལགས་ཤིང་། གང་སྤྱིར་སྔར་མུས་ལས་གཡོ་བ་མེད་པར་བརྩེ་ཆེན་ཐུགས་རྗེའི་དོ་ར་ནས་མི་བསྐྱུད་པའི་ཐུགས་དམ་སྐྱབས་འཇུག་བཟང་པོ་དང་བཀའ་ཡིས་འཁོར་ལོས་ཀྱང་ཡང་ཡང་ཅི་ནས་ཀྱང་ཁྱབ་པ་མཁྱེན་མཁྱེན་མཁྱེན། ཞེས་དཀྱུས་རིང་ཐུགས་རྗེའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་ལྷ་ཡི་གོས་ཀུན་ཏུ་འཇམ་པའི་རེག་བྱ་ཅན་རྣམ་པར་དཀར་བའི་ཁ་དོག་གི་ལང་ཚོ་ནམ་ཡང་མ་སྨད་པ་དང་ཀསྨིར་ཡི་གེ་སར་གྱི་ཕུར་མ་སྲང་འཁོར་ལྔ་དང་བཅས་ཆུ་སྤྲེལ་ཁྲུམས་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་མར་ཡུལ་ལྗོངས་ལ་དྭགས་ཝཾ་ལེ་ནས་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ ཆུ་སྤྲེལ་ཟླ་༩ཚེས་༥གོང་ཞབས་སུ།

རྣམ་པར་འདྲེན་པ་ཀུན་གྱི་ངོ་བོ་གཅིག་ཉིད་དུ། །རྟག་ཏུ་གནས་མོད་མི་འགྱུར་བདེ་བ་སྙིང་རྗེ་ཆེན་པོའི་གར། །གཡོ་མེད་འགྲོ་བའི་དོན་མཛད་བསམ་མི་ཁྱབ་པ་རྒྱལ་བའི་སྐུ། །གངས་ཅན་མགོན་པོའི་ཞབས་པད་ཉེར་བསྙེན་ངོགས་སུ་མི་ཁའི་གཏམ། །གནས་ཚུལ་གྱི་ཞུ་ཆུང་།

གངས་ཅན་ལྷ་རྣམས་ཀུན་གྱི་མགོ་སྐྱེས་ཀྱི། །ནགས་ཀླུང་སྟུག་པོའི་རྩེར་བཀོད་ཞབས་སེན་མཆོག །ནོར་བུའི་འཕྲེང་བས་ཉེར་བསྙེན་ཀེ་ས་ར། །རྙོག་མེད་པདྨོ་རྒྱས་པའི་ག་ལ་བར། །བོད་ཆེན་དབུས་འགྱུར་ཆོས་སྨྲའི་གོ་ས་རུ། །སྐྱེས་ཀྱང་སྟོབས་ནུས་ཡོན་ཏན་ཆེས་ཕྲ་གྱུར། །ཕྱོགས་མེད་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་ཟོལ། །རྒྱལ་ཁམས་པ་དེས་གནས་ཚུལ་འདི་སྐད་གསོལ། །དེ་ཡང་འཛམ་གླང་འདི་ན་བྱིན་ཆེ་བ་གྲུབ་པའི་གནས་ནེལྤཱལ་ལ་ཡི་ལྗོངས་ནས་ཉེ་བར་སྤྱོད་དེ་བལ་པོ་རྫོངས་གོཪྵ་རཱ་ཛ་ཞེས་ཕྱོགས་དེ་རི་བྲག་པའི་རྒྱལ་ཕྲན་སྔོན་གྲུབ་པའི་སློབ་དཔོན་ཆེན་པོ་གོཪྵ་ནཱ་ཡི་བསྟི་གནས་གོཪྵ་གུ་ཧ་ཞེས་སློབ་དཔོན་དེའི་སྒྲུབ་ཕུག་ཡོད་པའི་འདབས་སུ་སླས་ཀྱི་མཁར་བཟུང་བས་ད་ལྟ་གཪྵར་གྲགས་པ་ཀྵེ་ཊའི་རྒྱལ་རིགས་སུ་གྱུར་པ་དེའི་གམ་དུ་སླར་ཡང་རང་བྱུང་མཆོད་རྟེན་གྱི་བྱ་བ་བགྱིད་དགོས་ཀྱི་སྟབས་ཕྱིན་པར་མོན་རྗེ་རང་ལུགས་ཀྱི་དམག་མིའི་བསུ་བ་དང་བཅས་བྱུང་སྡོད་ཡུལ་རྫོང་ལས་ཕྱིར་བསྲིང་པ་གཙང་མའི་སྤང་གཞོང་ཞིག་ཏུ་བགྱིས། རྫོང་དུ་ཡོང་དགོས་ཚུལ་གྱི་བློན་པོ་རིམ་ཅན་བཏང་བས་ནན་བསྐྱེད་པས་ངོ་བསྲུང་གི་ཕྱིན་ཅིང་རྟ་དང་གསེར་གྱི་སྐྱེས་བཟང་པོ་སྟབས། སང་ཕོད་མཆོད་རྟེན་གྱི་སྲོག་ཤིང་དཔུང་གི་འདྲེན་པའི་ཡི་གེ་སོགས་གང་སྨྲས་པ་ཤིན་ཏུ་གུས་པས་ཉན་པར་རང་ཡང་སེམས་མགུ་བ་བྱུང་། ཁོ་རང་གི་རྒྱལ་སྲིད་དར་རྒྱས་ཅི་ལྟར་སོགས་ཁ་ཤས་དོ་གལ་གྱི་དྲིལ་བར་ལས་ནི་མ་ཉམས་ཀྱང་བསོད་ནམས་རྒུད་པའི་ལྟས་མཐོང་བ་གསོང་པོར་སྨྲས། ཡང་སྐྱར་དྲི་བར་བཀའ་བློན་གཏོང་བྱུང་བ་གོང་བཞིན་ལབ། སྐུ་རིམ་རྟེན་འབྲེལ་གྱི་བཅོས་བྱས་ན་ཕན་ཐབས་མཐོང་ཡང་དོན་གཉེར་མི་བྱེད་པས་བཏང་སྙོམས་སུ་བཞག རྒྱལ་པོ་དེ་གནས་ཀྱི་ཁྱད་ཛོ་ཀི་ལ་ཅུང་ཟད་གུས་ཀྱང་ཁྱབ་འཇུག་ལ་མཆོག་ཏུ་ལྟ་ཞིང་དེ་བས་ཀྱང་དུརྒ་པ་ཏཱི་ལ་ལྷག་པར་མཆོད་པ་ཞིག་གོ །

དེ་ནས་སླར་བལ་ཡུལ་དུ་སྔར་བྱ་རི་ཀམྴ་མའི་ཞིག་གསོའི་སྐབས་བལ་པོའི་རྒྱལ་ཁག་རྣམས་ལ་རང་མཁོས་དངོས་པོའི་ཡོ་བྱད་བསྟབས་ནས། ཞིང་ལ་ཕན་སླད་ཙམ་མ་ཡིན་པར་ཡུལ་ཆོས་ཀྱི་ནགས་ཀླུང་སྟུག་པོ་མཐའ་དག་མེས་གཞོམ་སྟེ་སྲོག་ཆགས་གྲངས་མེད་མང་པོ་ཚད་བཟུང་ལས་འདས་པ་བསྲེགས་པར་བྱེད་པ་དང་། དེ་བཞིན་སྤྲེའུ་དང་ལྕེ་སྤྱང་གི་ཚོགས་དང་ལྷག་ཏུ་བཪྤམ་གྱི་རིགས་མཐོང་ཚད་གསོད་པ་རྣམས་དེ་ལས་བཟློག་འདོད་ཀྱི་ཀུན་བླང་སླང་དམ་པོ་ཡིད་ལ་བཟུང་ནས་ཡང་ཡང་ཞུ་དོན་བྱས་པ་རྒྱལ་བློན་རྣམས་ནས་ཁས་བླང་ཡང་ཇི་བཞིན་ལག་ལེན་དུ་མ་ཐེབས་པ་འདི་ལོ་དེའི་ཁར་འཕགས་པ་ཤིང་ཀུན། ཨུ་གྲ་ཏ་ར་དང་། གོ་ཀཪྞ་སོགས་གྲུབ་པའི་བསྟི་གནས་རྣམས་ཀྱི་ནགས་ཚལ་ལ་མེ་ཕྱུག་གླང་པོས་བརྫི་བར་མི་བྱེད་པའི་ཟངས་ཡིག་ཞུ་བར་གྲ་ངོ་བོ་ཙཱ་བ་སྦྲགས་ཆེད་བསྔགས་བརྫངས་པར་རྒྱལ་པོ་ཡང་དགའ་བཞིན་དུ་ཟངས་ཡིག་ལ་གསེར་ཆུས་བྱུགས་ཏེ། རྒྱལ་པོ་རང་གི་རིགས་ཀྱི་ལྷ་ནག་པོ་དགུ་ཐོག་ཏུ། ཨུ་མའི་ངོ་བོ་དེ་ཝཱི་ཏཱ་ལེ་ཛུ་ཡི་མགྲིན་པར་ཞུས་དོན་ཟངས་ཡིག་བཏགས་ཏེ། རྒྱལ་བློན་རྣམས་ཀྱི་ཕྱིན་ཆད་དེ་ལས་མི་འདའ་བའི་དམ་བཅའ་ཇི་བཞིན་བླང་བའི་དགེ་བ་རྣམ་པར་དག་པ་ཉིད་དུ་གྲུབ་ཅིང་།

སླར་གུ་རུ་བལ་པོར་ཅི་མྱུར་ཡོང་དགོས་ཚུལ་གྱི་ཡི་གེ་ཡི་བསྐུལ་མ་བྱེད་པ་བལ་པོའི་བཛྲ་ཙརྱ་དཔོན་གཡོག་གཉིས་བཅས་བང་མི་ཡང་བདེ་བར་འཁོད། དེ་ནས་རིམ་པར་བགྲོད་དེ་རྡོ་རྗེ་གདན་གྱི་བྱང་ཤར་ལྷ་མོ་རེ་ཝ་ཏཱིའི་ཕོ་བྲང་ཕྱི་རོལ་རིག་བྱེད་མཁན་གྱི་ལྷ་ཆེན་པོའི་གནས་ཁྱད་པར་ཅན་དུ་བརྩི་བ་ཏིང་ཕ་རིའི་མཚོ་བདག་དེ་སྔར་པ་སྤྲེལ་ལོར་བལ་པོར་འགྲོ་སྐབས་ཐོག་མར་ཆོ་འཕྲུལ་དང་བཅས་མཐར་དམ་ཚིག་བླང་བ་བྱུང་བས་དེའི་ཆུ་ཀླུང་གི་འགྲམ་དུ་གཏོར་ཆེན་ཞིག་བཏང་། སང་ཉིད་ཡང་གུ་རུའི་ཚེས་བཅུའི་དུས་ཆེན་ཡིན་པས་ཚུགས་བཅག་ནས་ཚོགས་གཏོར་མི་ནུས་བཅས་སྨོན་ལམ་བཟང་པོ་བཏབ། དེ་ནས་རིམ་པས་མང་ཡུལ་སྐྱིད་གྲོང་སོ་སོས་རང་མ་ཁོས་ལ་དཔག་པའི་བསུ་བ་བཅས། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡི་ཡུན་རིང་དུ་བསྟི་བའི་ལྗོངས་གནས་ཞེས་ཇོ་བོའི་ཕྱག་མཛུབ་ཀྱིས་བྲིས་པའི་ཡིག་དྲུག་མཇལ་བར་ཕྱིན། དེར་མི་དང་མི་མ་ཡིན་པའི་འདུ་བ་ནི་ཤིན་ཏུ་ཆེ། མང་ཡུལ་བྱམས་སྤྲིན་དུ་ཞག་ཤས་སུ་སྙོམས་པའི་ཆེད་དུ་བསྡད། གཏོར་ཆེན་ཡང་ལན་ཁ་ཡར་གཏང་།

གཙུག་ལག་ཁང་ལ་རང་མཁོས་ལ་དཔག་པའི་ཕྱག་དང་མཆོད་པ་ཅི་འགྲུབ་བྱས། རང་གི་འཁོར་གཡོག་རྣམས་ཆུ་ནད་བྲོ་བས་དལ་འགྲོས་ཀྱི་རྫོང་དཀར་ཕྱིན་ཞིང་། དེར་ཡང་ཞག་ཁ་ཤས་བསྡད། འདུས་པའི་སྐྱེ་བོ་སྟོང་ཕྲག་དུ་མར་བྱང་སྡོམ་དང་། ཐུགས་རྗེ་ཆེན་པོའི་བསྒོམ་ལུང་ཡང་ནས་ཡང་དུ་བཤད། སྣྲོན་ཟླའི་ཚེས་བཅུའི་མཆོད་པ་དེར་བགྱིས། ལ་དྭགས་ཕྱོགས་སུ་རང་ཉིད་འགྲོ་བར་སྙན་དུ་ཕུལ་ཟིན་ཞིང་། ངོས་ཀྱི་ཤད་རྩོལ་ནི་ཅི་ཙམ་སྟོབས་བསྐྱེད་ཀྱང་འཕྲལ་དུ་མི་འབྱོར་སྟབས། མང་ཡུལ་ཕྱོགས་སུ་འཐབ་འཁྲུག་དང་མཐའ་དམག་སྣ་འདྲེན་སོགས་བྱས་དོགས་བློ་ཁོལ་གྱི་རང་གི་ཟླ་བོ་དང་ལ་དྭགས་པའི་བང་མི་སྦྲག་རྒྱལ་པོ་ཁག་ལ་ཡི་གེ་བཅས་བཤད་རྩོལ་སྔོན་ལ་བརྫངས། རྫོང་དཀར་ནག་གཟའ་སྐར་ལེགས་པ་ལ་ལམ་དུ་ཞུགས་ལོ་ཙཱ་བ་རྒྱལ་བའི་ཚུལ་ཁྲིམས་ཀྱིས་གདན་ས་ཡང་ཐོག་མཆོད་རྟེན་ལ་རྒྱང་ན་ཕྱག་བྱས། སྔོན་སྒྱུ་འཕྲུལ་གྱི་བཤད་གྲྭ་རིང་དུ་བྱུང་བའི་གནས་འོམ་ཕུག་པདྨ་དཀར་པོ་ཞེས་ད་ལྟ་སྒྲུབ་བཙུན་ཕྲན་བུ་གནས་པ་དེའི་འདབས་སུ་ཚུགས་ཕབ། དགོན་དེའི་བླ་མས་འདིར་སྔར་ཡང་རྡོ་ཆར་ཁ་ཤས་བྱུང་འདུག་འདི་ལོ་ཡང་རྡོ་ཆར་ཐོ་རེ་བ་བྱུང་བ་ཇི་ལྟར་ཡིན་འདྲི་བར་ཕྲལ་སེལ་གྱི་རིམ་གྲོ་ཕོགས། དེ་ནས་སྟག་ཁྱེར་ལར་སྲིད་པའི་ལྷ་གཉན་མང་པོའི་ཕོ་བྲང་མངོན་གཤིས་གཏོར་ཆེན་ཞིག་བཏང་བསྟན་འགྲོར་ཕན་པའི་འཕྲིན་ལས་བཅོལ། ལྷ་འཕྲེང་གི་རྣམ་པས་ཁ་ཆར་ཆེ་ཞིང་སྟོད་དུ་འགྲོ་བའི་ལྷོངས་ཀྱི་རྟ་འདྲོགས་ནས་བརྡབ་པ་སོགས་འཚུབ་པའི་མཚན་མ་ཡང་ཁ་ཤས་ཤར་བས་དེ་སེལ་ལ་དམིགས་ལ་བརྒལ་མཚམས་ཚུགས་བཅག་གཏོར་ཆེན་ཞིག་བཏང་། ཁམས་ནས་བླ་ཁག་དང་སྡེ་དགེའི་ཡི་གེ་སྔ་ཕྱིར་བྱུང་བའི་ལན་མ་སོང་བའི་འབྱོར་ལན་བཅས་ཁམས་ཀྱི་ཕོ་ཉ་མང་ཞིག་དེ་ནས་བརྫངས། ངེད་རང་ངོ་གཡོག་རྣམས་བོད་ཡུལ་མཐུ་ཆེན་བཞིའི་ཡ་གྱལ་བསེ་ཡི་སྐྱེས་བུ་གནོད་སྦྱིན་གདོད་ནས་གནས་པའི་མཁར་བཙན་ཡུལ་ཟངས་ཐང་དམར་པོ་དངོས་གཞི་ད་ལྟ་གྲོ་ཤོད་དུ་གྲགས་པའི་ལྗོངས་སུ་རིམ་པས་ཞུགས་པའི་ལམ་བར་དུ་མུ་ཁུན་ཀྵེ་ཊའི་རྒྱལ་བློན་དང་ཛུམླ་རཱ་ཛ་ཡི་ནང་བློན་གསོལ་ཁ་བ་སོགས་ཕོ་ཉ་རིམ་པར་བྱུང་བ་དང་འགྲོག་པྲ་དུན་གཙུག་ལག་ཁང་དང་ཉེ་བ་ལེགས་བརྩེར་མོས་ལྡན་རྣམས་ཀྱི་དོན་གཉེར་བཞིན་ཚེ་དབང་ཆོས་འབྲེལ་ཕྲན་བུ་དང་། མོས་པ་རྣམས་ཀྱང་བོད་པའི་ལུགས།

གསོས་འདོད་ཆོས་རིགས་གཏད་ཐན་ཐུན་ཞུ་ཡང་། རྒྱལ་བློན་དེ་རྣམས་གྲུབ་མཐའ་ནི་ས་ནྱའི་ཤི་ལ་མོས་ཤིང་ལྷ་ནི་ཁྱབ་འཇུག་གི་ཆུང་མ་ལཀྵྨཾ་མཆོད་པར་བྱེད་པ་ཞིག་གོ །མུ་ཁུན་ཀྵེ་ཊའི་རྒྱལ་བློན་སྤྱི་དང་ཛུམླ་ར་ཛ་ཡིས་བང་མི་སྔ་མར་སྐྱེས་བཟང་པོ་དང་བཅས་དེ་ནས་བཟློག བང་མི་ཕྱི་མ་དེ་རིགས་ཁུངས་ཆེ་གྲས་མིན་འདུག་ཀྱང་། རྒྱལ་པོའི་གསང་བའི་བྱ་བར་འཆུག་པ་སྣང་ཆེན་དུ་སྣང་བས་ཡུལ་ཕྱོགས་དེའི་འགྲོ་བ་ལ་ཕན་སླད་རྒྱལ་པོ་ལ་ཞིབ་མོར་བྱ་དགོས་ཁྱད་རྗེས་སུ་དཀྲིས་ཏེ་རོ་ཧི་ཏ་ཚངས་པ་སངས་རྒྱས་པའི་ཀླུང་གྲུ་བརྒལ་ཏེ་རྒྱལ་ཐབས་བྱང་དུ་ཚུགས་ཕབ། དེར་ཛུམླ་རཱ་ཛ་ལ་ངེད་རེ་ཞིག་ཕྱོགས་དེར་ཡོང་མི་ཐུབ་ཚུལ་དང་། རྒྱལ་པོ་ཆེན་པོ་རྣམས་རིམ་པ་ཆད་པའི་སྐྱེ་རྒུ་བདེ་བར་སྐྱོང་བ་ཡིན་པས་དམག་འཁྲུག་གི་བྱ་བ་མི་རུང་ཚུལ་སོགས་མགུ་ཐབས་ཁ་གསག་ལྕམ་བུ་དང་བཅས་དོན་དུ་གཞན་ལ་ཕན་པའི་བསམ་སྦྱོར་རྣམ་པར་དག་པ་ཡི་རྒྱལ་པོའི་སྤུན་དང་བློན་གཙོ་ཁ་ཤས་དང་ལྷག་ཏུ་རྒྱལ་པོ་རང་ལ་ཡི་གེ་དང་རྟེན་དངོས་སུ་དགེ་རྒྱུར་བསམ་ངེད་རང་གི་གཞོན་པ་དངོས་མ།

གསེར་སྲང་ཁ་ཡར་དང་ཀུན་མཁྱེན་རྒྱལ་བའི་དབང་པོ་མཆོག་ནས་བཀའ་རྒྱ་རིན་པོ་ཆེར་རྟ་ཟམ་རིམ་བརྒྱུད་སྒར་གནས་དེར་ཕེབས་པའི་གནང་སྐྱེས་ཟབ་གོས་བཟང་པོ་དེ་ཡང་བསྐུར་ནས་ཕྱོགས་དེའི་སྐྱེ་རྒུ་ལ་ལོ་འདིར་བདེ་བའི་བརྩས་སུ་གནང་སྐྱེས་ཟབ་གོས་བཟང་པོ་དེ་ཡང་བསྐུར་ནས་ཕྱོགས་དེའི་སྐྱེ་རྒུ་ལ་ལོ་འདིར་བདེ་བའི་བརྩས་སུ་འདི་རེས་ཀྱང་འབད་པས་བསྒྲུབ་དགོས་བྱུང་། ལས་ས་ཕྱོགས་འདིར་སྔ་ཕྱིར་དུ་མར་རང་སེམས་རྣམ་པར་དག་པས་ལུས་སྲོག་ཐེད་བོར་གྱི་ད་ལྟ་དྲན་ཡང་ཡིད་བསུན་པ་འབའ་ཞིག་གིས་གཞན་ལ་ཕན་པ་རྒྱ་ཆེར་བསྒྲུབ་པ་སུས་ཀྱང་ཤེས་པར་མི་བྱེད་ན།

སླད་མར་དེ་རིགས་གཏན་ནས་མི་ཐུབ་ངེས་པའི་གཏམ་ཁོ་པ་ཤེས་ལྡན་ཡིན་རྒྱུའི་ཁུལ་རྣམས་ཕྱི་ཚིག་སྙིང་ལ་སླན་པ་ལབ། རང་གི་ཟླ་བོའི་ཁྲོད་ནས་ནད་པ་དང་བགྲོད་པར་མི་བསྐྱོད་པ་མང་པོ་ཞིག་གློ་བོར་བརྫངས་སུ་ཆུ་སྟོད་ཟླ་བའི་ཚེས་བཅུ་མཆོད་པ་རགས་སམ་དུ་བྱས། དེ་ནས་གྲོ་ཤོད་ལས་འདས་ཏེ་མར་ཡུལ་ལྗོངས་བརྒྱུད་དེའི་ལ་བརྒལ་འཕགས་ཡུལ་གྱི་མ་ནོ་པ་ར་ཞེས་མ་ཕམ་གཡུ་མཚོའི་ངོགས་སུ་སྔ་ཕྱིར་གཏོར་ཆེན་མང་དུ་བཏང་ཞིང་ཚོགས་མཆོད་སོགས་དགེ་སྦྱོར་འགྲུས་པར་བྱས། རིའི་རྒྱལ་པོ་ཀེ་ཏ་ར་ཡི་མདུན་དཀར་ལེབ་མ་གོས་གཡག་ཏུ་ལ་དྭགས་རྒྱལ་པོ་ཁུ་དབོན་གྱི་བསུ་བ་རིམ་པས་འབྱོར། དེར་མོན་ཡུལ་ཀུ་མ་རྒྱལ་པོའི་ཚོང་དཔོན་དང་མཆོད་གནས་ཛོ་ཀི་ཞིག་ཡང་འཕྲད་པར་བྱུང་། རྒྱལ་པོ་དེ་ནི་སྔོན་དུས་འཛམ་གླིང་འདི་ན་གྲགས་ཆེ་བ་ཙནྡྲ་བདུན་བརྒྱུད་ཀྱི་རིགས་དྲི་མ་མེད་པ་ཡིན་འདུག་ཅིང་ད་ལྟ་རྒྱལ་པོ་འདི་ཡི་མིང་དྭིས་གླིང་གི་ཟླ་བ་ཙནྡྲ་སྟེ་གྲུབ་མཐའ་ནི་སློབ་དཔོན་ཆེན་པོ་གོ་རཀྵ་ནཱ་ཐ་ཡིས་སློབ་བརྒྱུད་ཛོ་ཀི་ལ་མཆོག་ཏུ་གུས་པ་ཞིག་ཡིན་འདུས་པས་སེམས་དགའ་བར་བྱུང་། ཡུལ་ཕྱོགས་དེར་ཡང་ན་ནིང་པཀྵའི་བཀའ་ལ་མི་སྡོད་པའི་དུརྐའི་རིགས་འབུམ་ཕྲག་ཁ་ཡར་གྱི་དཔུང་གིས་ཉེར་འཚེ་ཆེ་བར་བྱས་ནས་ད་ལྟ་ཕྱོགས་གཞན་དུ་སོང་ཡང་ད་དུང་ཡོང་རྒྱུ་ཡིན་འདུག་པ་དེ་ལ་ཕན་པའི་ཐབས་བཅོས་དྲི་བ་སྐད་བྱེད།

དེ་ནས་བྱ་རྒོད་ལྡིང་ལ་བརྒལ་མངའ་རིས་སྐོར་གསུམ་ལས་མར་ཡུལ་གྱི་སྟོད་སྒར་ཐོག་ཏུ་འབྱོར། རྒྱལ་མ་ཆོག་གི་ཚད་མེད་པའི་ཐུགས་རྗེ་ཆེན་པོས་ཁྱབ་པའི་མཐུས་སྒར་དཔོན་དག་ནས་ཡང་ཕྲན་ལ་མཁོས་སུ་ཕེབས་པ་སྣང་བྱུང་། གྲོ་ཞུན་ཟླ་བའི་ཚེས་བཅུ་མཆོད་པ་དེར་བྱས། རང་གཞན་ལ་ཕན་པའི་སླད་དུ་གཏོར་ཆེན་ཡང་ལན་ཁ་ཡར་བཏང་། འདི་ལོ་ཟླ་བོ་རྣམས་ཆུ་མ་འཕྲོད་པའི་རྒྱུ་ལ་བརྟེན་ནད་སྣ་ཚོགས་ཀྱི་ལྷག་པར་གཙེས་བས་ཞག་ཤས་འཕྲོད་བརྟེན་ལ་འགོར་ཞིང་ལ་དྭགས་ནས་མི་དཔོན་སོགས་མདུན་བསུ་ཕྱི་མ་རྣམས་དེར་འབྱོར། ལ་དྭགས་ནང་ཁུལ་གྱི་ལབ་ཆིངས་ཧོར་ཟླ་བདུན་པའི་ནང་དུ་འགྲུབ་ན་ལྟས་ལེགས་པ་བྱུང་ཡང་ཕྲལ་དུ་སྙེགས་མ་ཐུབ་སྟབས། དེ་རྗེས་ཧོར་ཟླ་བརྒྱད་པ་ཅུང་ལེགས་པ་ཡིས་རྒྱལ་པོ་ཁུ་དབོན་རྣམས་དཔུང་མང་པོ་མ་ཡིན་པ་རགས་འཐུས་སུ་ལ་དང་སྟོད་ཝཾ་ལེར་ཕེབས་དགོས་ཚུལ་སྔ་འགྲོས་གཏོང་ཞིང་རང་ཉིད་ཀྱང་རིམ་པས་བརྒྱུད་སྒར་པ་ཡིད་འོང་གི་སྐུ་ལྷ་དེ་བོད་ཡུལ་ནུབ་ཕྱོགས་ཀྱི་སྒོ་བསྲུང་མཐུ་ཆེ་བ་ཞིག་ཡིན་པར་སྣང་བས་དེ་ལ་གཏོར་མ་སྦྱིན་ཞིང་ལས་ཀྱི་བདོ་བ་ཡུན་རིང་བཟློག་པར་དཀའ་འང་མར་ཡུལ་རྒྱལ་པོ་ཕན་ཚུན་མཛའ་བཤེས་སུ་འགྱུར་བའི་འཕྲིན་ལས་བཅོལ།

དེ་ནས་བོད་དང་ལ་དྭགས་ཀྱི་མཚམས་གུ་རུའི་གནས་བདེ་མཆོག་ལྷ་རི་དཀར་པོར་སྨན་ཆུའི་འཕྲོད་བསྟེན་བཅག་མལ་གཅིག་བྱས་ཤིང་། དམར་ཕྱོགས་ཀྱི་ཚེས་བཅུ་དང་འགྲིགས་པས་གཏོར་ཚོགས་རྒྱས་པར་གཏོང་། སྐྱིད་གྲོང་ནས་བརྩམས་འདི་ཡི་བར་སྐབས་སུ་མི་མ་ཡིན་གྱི་འཚུབ་ལྷོང་ཐོ་རེ་བྱུང་བ་འདི་སྐབས་ཅུང་ཟད་འཇམ་སོང་། སྒར་ཐོག་ནས་བརྩམས་འདི་སྐོར་དུ་མོན་ཁུ་ནུ་བ་ཕོ་མོ་འཕྲད་མཁན་ཆེས་མང་ཞིང་སྐྱབས་འགྲོའི་སྡོམ་པ་ལེན་པ་ཡང་ཅི་སྙེད་ཞིག་བྱུང་། དེ་རྣམས་ཀྱང་བོད་སྐད་ཤེས་པ་ནི་ཉུང་ཕལ་ཆེར་མོན་སྐད་ཁོ་ན་སྟེ། དེའི་རྒྱལ་པོའི་རིགས་ནི་གུ་གེ་ལྷ་བཙན་པོ་ནས་གྱེས་པ་ཡིན་ལ། རྒྱལ་པོ་ལ་སྐུ་མཆེད་ནི་མེད། ཁོ་རང་ལོ་བཅུ་གསུམ་འགྲོ། རིགས་ཁྱད་པར་འཕགས་པའི་མཐུ་ཡིས་ཡུལ་གཞན་དུ་དཀོན་པའི་སྨན་ནུས་ལྡན་འགའ་ཡང་བྱུང་ཟེར། རིམ་པས་ལ་དྭགས་ལྗོངས་རྒོད་ཡུལ་བརྒྱུད་སུ་རི་ལ་བརྒལ་ཁ་སྦྱོར་དུ་ཞག་གསུམ་བསྡད། དེར་ལབ་ཆིངས་ཀྱི་སྐོར་ཐོག་མར་ལེགས་ལམ་ཆེ་བ་ལ་མཐར་རྟེན་འབྲེལ་གྱིས་བཅོས་མ་བྱས་ན་ཅུང་ཟད་འཛེར་བའི་ལྟས་ཤར། མུང་པ་དེའི་ཡུལ་བདག་སྲིད་པའི་མ་མོ་མཐུ་ཆེན་མོ་དེས་འཁོར་རྣམས་ཀྱིས་ཡང་ཡང་བསུ་བའི་ཚུལ་དང་། གཙོ་མོ་རང་ཡང་དགའ་བའི་ཉམས་འགྱུར་གྱིས་དེར་སོན་པ་རྨི་ལམ་དུ་མཐོང་། གཞན་ཡང་དེའི་དཀར་ཕྱོགས་ཀྱི་ལྷ་འདྲེ་རྣམས་ངེད་ལྷག་བསམ་གྱིས་ཡོང་བར་ཤེས་བཞིན་མགུ་བའི་རྣམ་འགྱུར་དང་།

ནག་ཕྱོགས་རྒྱ་འདྲེ་འགོང་པོའི་ཚོགས་ནི་ཁྲོ་འཁྲུག་མི་དགའ་བའི་ཉམས་འགྱུར་མི་རྣམས་ཀྱང་ལྡེམ་རྒྱང་ནེམ་ནུར་ཡིད་གཉིས་མང་པོ་འཕེལ་བར་བྱེད་པ་སོགས་རྩལ་འགྲན་པའི་རྣམ་པ་ཅན་དུ་མཐོང་། དེར་དམིགས་ཀྱི་མཆོད་གཏོར་དང་ལན་ཆགས་སྦྱངས་བ་དངོས་དང་ཏིང་ངེ་འཛིན་གྱིས་སྒོ་ནས་ཉིན་རེ་བཞིན་མ་ཆད་པའི་ཁུལ་ཕལ་ཆེར་ནར་མ་ཉིད་དུ་བྱས། ཁ་སྦྱོར་ནས་ཝཾ་ལེར་ལ་དྭགས་རྒྱལ་བློན་གྱི་བསུ་བའི་བཀོད་པ་བཟང་པོ་བཤམ་པ་དང་ལྷན་དུ་ཕྱིན། ཁྲུམས་ཟླའི་ཚེས་བཅུའི་མཆོད་པ་དེར་བགྱིས། ལ་དྭགས་ས་བྱོན་ཡང་མུལ་ལྦེ་རྒྱལ་པོ་འཕྲལ་དུ་མ་འབྱོར་ཞིང་། སྔ་ཐབས་ཁོ་རང་གི་བཀའ་བློན་ཆེད་མངགས་སོན་པའི་གཏམ་དུ་ལ་དྭགས་པའི་ཕོ་ཉ་ཁ་ཆེར་སོང་བ་ཁོང་ཚོའི་ལས་བསྡམ་པས་ཟིན་པ་ཁ་ཆེའི་ཡི་གེ་སླེབས་མཁར་གྱིས་མངའ་འོག་དམག་ཨ་ཁུ་ལ་བརྡེག་ན་འདི་ནས་ཀྱང་དཔུང་ཅི་དགོས་གྲོགས་སུ་ཡོང་ཚུལ་གྱི་ཡི་གེ་མཐོང་ནས་ཡོང་མ་བདེ་ཚུལ་སོགས་དབ་དིབ་མང་ཞིག་ཟེར་བར་རང་གི་རྒྱལ་བ་མཆོག་གི་བཀའ་ལུང་དང་དུ་བླངས་ཏེ་བླ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་བགྱིད་འཕྲོ་གཤོམ་ལམ་དུ་དཀའ་ཚེགས་སྦྱངས་སྤྱོད་ཐམས་ཅད་ཁྱད་དུ་བསད་ཁོང་རང་རྣམས་ཀྱི་འདོད་པ་ལྟར་འདིར་ཡོང་བ་ལ་ད་དུང་དུས་སུ་མི་འབྱོན་པའི་ཁ་ཆེའི་དམག་སྐད་མང་པོ་ཅི་ཞིག་གུ་སྙམ་ནས་སེམས་ལྷག་པར་འཁྲུག་པ་ཞིག་བྱུང་།

རང་ཉིད་བྱ་བྲལ་སྤྱོད་པའི་སྐབས་དང་འདི་རེས་མ་འདྲ་གཤིས་ཁོང་ཤོང་ཡངས་པོར་བསྐྱེད། ཡུལ་ཕྱོགས་དེར་གཙོ་བོ་རྒྱ་འདྲེ་འགོང་པོའི་མཐུ་ལས་ལམ་དུ་མི་རྒྱུག་པར་མཐོང་བ་ནུས་པ་ཆེར་མ་མཆིས་ཀྱང་དེང་སང་རྣལ་འབྱོར་གཟུགས་ཅན་རྣམས་ཀྱི་སྤྱི་ནོར་ཟོང་གི་དྲེགས་པ་ཅན་རྣམས་ཏིང་ངེ་འཛིན་གྱིས་གཅུན་ཞིང་། ལ་དྭགས་སླེབས་མཁར་རྒྱལ་བློན་ལ་ངེད་འདིར་ཡོང་བར་ཤེས་བཞིན་ཁ་ཆེའི་དམག་བསྐུལ་གཏོང་བའི་རྒྱུ་མཚན་དང་། མུལ་ལྦེ་བཀའ་བློན་ལ་ལབ་ཆིངས་སྐབས་ལམ་བསྡམས་བཀྲོལ་རྒྱུ་ལ་ལ་དྭགས་པའི་ཕོ་ན་འཛིན་པའི་རྒྱུ་མཚན་སོགས་དྲིས་པར་ལ་དྭགས་པས་ན་ནིང་ལུག་ལོ་ཧོར་ཟླ་བཅུ་གཅིག་པའི་ནང་དུ་ཕོ་ཉ་བཏང་པས་ལས་ཁྱེད་འདིར་ཡོང་བར་ཤེས་ནས་མིན་ཚུལ་དང་། མུལ་ལྦེ་བློན་པོས་ཁྱེད་ཀྱི་ཝམ་ལེར་ཡོང་དགོས་ཚུལ་ཡི་གེ་མ་ཕེབས་པའི་སྔོན་དུ་ཕོ་ཉ་ཟིན་པ་ལས་ཤེས་བཞིན་མིན་ཚུལ་སོགས་རང་རང་གི་གནས་ཚུལ་རྒྱས་པར་སྨྲེང་།

དེ་ནས་སྟོད་སྨད་གཉིས་ཀའི་བློན་པོ་ཁ་ཆེ་རྣམས་སླར་ཡང་མདུན་དུ་བསྡུས་ཏེ་ཁྱེད་རྣམས་ཀྱི་ཟེར་ཚུལ་དེ་ལྟར་ཡིན་ཚེ་ཁྱེད་རང་རྣམས་འདི་ཕྱི་ཀུན་ཏུ་བདེ་བའི་ཆེད་དུ་གངས་ཅན་མགོན་པོ་རྒྱལ་བ་མཆོག་གིས་ངེད་འཕྲིན་ལས་ཀྱི་བྱེད་པོར་ཕྱོགས་འདིར་མངགས་པར་མཛད་བཞིན་རང་རང་རྣམས་ཀྱི་ཚེ་འདི་ལས་ཀྱང་ཕྱི་མའི་ཁེ་ཉེན་ལ་གཞིགས་ཏེ་ཁ་ཆེ་དང་སྔར་འབྲེལ་བཟང་པོའི་རྒྱུན་མ་ཆད་པ་ལས་དམག་གི་སྣ་འདྲེན་སོགས་བསྟན་འགྲོའི་བདེ་ཐབས་ལ་གནོད་པ་ཡེ་ནས་མི་འཚལ་ཞིང་།

ཁ་ཆེས་ཀྱང་ཁྱེད་རང་རྒྱལ་པོ་ཕན་ཚུན་གཉིས་ཀའི་རྒྱབ་རྩ་བྱེད་པར་ཁས་བླང་བ་འདི་ཡང་དཀྲུག་སེལ་གྱི་རྣམ་པ་ཅན་དུ་སྣང་ན། དེ་དོན་ཐུགས་ཀྱིས་མཁྱེན་འོས་དང་། ངེད་ལ་དྭགས་མཐིལ་དུ་རེ་ཞིག་འགྲོ་བར་མ་ཤར་བས། རྒྱལ་པོ་བཀྲས་ནམ་ཡང་འཕྲལ་མར་འདིར་འབྱོན་དགོས་ཚུལ་དང་། ལ་དྭགས་ཕོ་ཉ་བསྒོར་བ་ཁ་ཆེའི་ཡི་གེ་བཅས་འཕྲལ་གཏང་མ་བྱས་ན་མི་འགབ་པ་དང་། དེར་ཡང་མ་ཟད་ཁ་ཆེར་འགོ་ནད་གདུག་པ་མེད་ཕྱིན་ཚོང་པའི་ལམ་བསྡམ་ཀྱང་རྒྱལ་ཁམས་འཁྲུག་པའི་རྒྱུ་ཡིན་པས་ལྷོད་དགོས་ཚུལ་བཅས་སྨྲས་བཞིན་མུལ་ལྦེའི་ཞབས་ཕྱི་ངོ་མ་ཞིག་ལ་དྭགས་རྒྱལ་པོའི་རྟ་ཤད་སྟེང་ནས་འཕྲལ་རྫོངས་བྱས། སླེབས་མཁར་རྒྱལ་པོ་ཕུན་རྣམས་འབོད་པར་བརྫངས་ཡང་ངེད་ལ་དྭགས་མཐིལ་དུ་སླེབ་རེའི་ཡིན་ཞེས་འཕྲལ་དུ་མ་བྱོན་འདུག་པས་རྒྱལ་པོ་འདི་ཆུང་ངུའི་དུས་སྤྱང་གྲུང་འཛོམ་པ་ཡོད་རྒྱུའི་ཁུལ་དང་། ད་ནི་ཐུགས་ཀ་མི་བདེ་སྐད་ཟེར་ཡང་གང་ལྟར་ཁོང་རང་ནང་ཁུལ་གྱི་ལེགས་ལམ་ནི་ཕུགས་ལེགས་ལམ་འགྲོ་མིན་མི་ཤེས་སྟབས་རེ་ཞིག་དཔྱད་དགོས་འདུག་ཀྱང་འཕྲལ་ཁུ་དབོན་ལེགས་ཟླུམ་སླད་ཡང་སྐྱར་འབོད་པར་བརྫངས།

ཡང་ཁ་ཆེའི་དམག་ཡོང་རྒྱུའི་གཏམ་ཆོལ་དེ་བདེན་མེད་འགྲོ་ཡང་། ངེས་མེད་བདེན་པར་སྲིད་ཚེ་མི་དགེ་བའི་རྒྱུ་ཆེན་པོར་དོགས་ལ་དྭགས་རྒྱལ་པོ་དང་མུལ་ལྦེ་རྒྱལ་པོ་གཉིས་ཀ་ནས་ཞབས་ཕྱི་དོ་ཆོད་ངེས་རེ་ལ་ཡི་གེ །ད་ཆ་ངེད་ཁུ་དབོན་ནང་འགྲིག་པ་ཡིན་པས་ཁ་ཆེ་ནས་དཔུང་འདེབས་དང་། ཆིགས་སྒྲིགས་ལ་ད་ལམ་འབྱོན་མི་དགོས་ཚུལ་ཀསྨ་ར་ཡི་ན་མུ་སུར་ལམ་གྱི་སྐད་དུ་ན་བཅས་རྒྱ་ནག་གི་ཙོང་དུ་འཕགས་ཡུལ་གྱི་སེ་ན་པཱ་ཏེ་དོན་གཅིག་པར་སྣང་། བབས་དང་རྫོང་དཔོན་གཉིས་ཀར་ལ་ཡི་གེ་བསྐུར་རྒྱུ་ངེད་རང་གི་མིག་བསྟར་བྱས། འདི་ལ་ཁ་ཆེའི་མུ་སུར་མལ་གྱིས་སེ་ན་པཱ་ཏི་ཁ་ཅིག་བོད་དུ་རྒྱུ་བར་སྤྲོ་ཞིང་གནག་པའི་སེམས་ཡོད་པ་སྐད་བྱེད་པ་དེ་ངེད་ཚོ་བོད་རྒྱལ་པོའི་མི་བོད་ཀྱི་ཛོ་ཀི་ཞིག་གིས་ལབ་ཆིང་བྱས་པའི་གཏམ་ཧ་ཅང་གི་ཁྱབ་ཆེ་ན་མི་ལེགས་པའི་རྒྱུར་ཤེས་ཏེ་འདི་སྐབས་གཟོས་ཞིང་ལེགས་པའི་སྒོ་ནས་ཕོ་ཉ་ལ་ཡང་མན་ངག་ཆ་བས་ཁྲུམས་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་འཕྲལ་མྱུར་ཐོན་པར་བརྫངས། ལར་འདི་ཕྱོགས་ལས་སྣེ་རགས་པར་མ་ཟད་ཕྲ་མོ་ཚུན་གྱི་གཟོས་པར་མ་བྱས་ན་སྤྱི་མཐུན་ལས་ཀྱི་དུས་སྙིགས་མའི་མཐའ་ལ་ཐུག་ཅིང་དུ་རུ་ཀ་ཡི་དམག་ཀྱང་རྟེན་འབྲེལ་མཐུས་ཕྱིར་མ་བསྲིངས་ན་ལྷུང་བའི་དུས་ཀྱང་ཧ་ཅང་གི་མི་རིང་གཤིས་རང་ནས་ནི་དེ་དོན་ཡིད་ལ་བཟུང་ཞིང་ཙེན་ནེ་བའི་ངང་དུ་བྱས།

ལ་དྭགས་འཛིན་མར་འཁོད་པ་ཁ་ཆེའི་ས་མཚམས་ཚུན་གྱི་སྐྱེ་དགུ་སྤྱི་ཡི་ནི་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོད་ཡོན་མཆོག་ནས་རིག་པ་འཛིན་པ་འདིར་བརྫངས་པ་བཀའ་དྲིན་ཤིན་ཏུ་ཆེན་པོས་ཁྱབ་པ་ཡིན། གཞན་ནི་ད་ལྟ་འཐབ་འཁྲུག་ཡོ་ལང་ཆེན་པོར་བྱ་བ་ལས་མ་འདས་ཀྱང་། འདི་ལོ་དཔྱིད་བླ་མ་ལབ་ཆིངས་ལ་འབྱོན་རྒྱུའི་ཡི་གེ་འབྱོར་པ་ནས་དབུ་བཟང་ཕན་ཚུན་གཉིས་ཐད་ནས་ཅི་རིགས་པ་ཞི་འཇམ་དུ་སོང་བ་ཡིན། ཞེས་ཚིག་ཏུ་མཐུན་ཅིང་དགའ་ཚོར་ཆེན་པོའི་ཁུལ་བྱེད་འདུག་པ་དེ་གཅམ་བུ་མིན་པར་དོན་ལ་ཡང་གནས་ངེས་སུ་གོ །འགྲིག་ཟླུམ་བྱེད་པར་ངེད་ཡོང་རྒྱུའི་བཀའ་རྒྱ་མ་ཕེབས་ན། འདི་ལོའི་དབྱར་གུང་ཙམ་ཕྱོགས་འདིར་ལོ་ཡང་འཐབ་འཁྲུག་རྔམ་ཆེན་བྱུང་ཚར་བ་གདོན་མི་ཟ་བར་ངེས་པར་སྣང་བས། རྒྱལ་བ་མཆོག་གི་བཀའ་རྒྱ་རིན་པོ་ཆེར་མཆོད་རྟེན་ཆེན་པོའི་སྲིད་ཞུ་ལས་ལྷག་པ་བསྟན་འགྲོའི་ཕན་བདེ་སྒྲུབ་ཐབས་མ་མཆིས་མོད་ཀྱང་འཁོན་འགྲས་ལེགས་བཟླུམ་གྱི་ཕན་བདེའི་གནས་ཐོབ་ཚུལ་ལ་མངགས་པའི་བཀའ་ལུང་ཕེབས་པ་ནི་ལྐོག་གྱུར་ཇི་བཞིན་གཟིགས་པར་ངེས་པ་ཡིས་འཕྲལ་ལ་དྭགས་ཕྱོགས་ཀྱི་སྐྱེ་རྒུ་ཞི་བདེ་རྣལ་དུ་ཕེབས་པའི་དགེ་ཚོགས་རླབས་པོ་ཆེ་ཡིན་འདུག་སྙ་པའི་དགའ་བ་གསར་ཐོབ་བྱུང་།

སྙིང་པོར་ཞུ་གསོལ། ད་ལྟ་རྒྱལ་པོ་ཕན་ཚུན་ལེགས་བཟླུམ་འཛོམ་དུས་བཏབ་པ་དང་། ཁ་ཆེར་སྔ་ཁྱད་ཀྱི་བང་མི་བརྫངས་གྲུབ་ཅིང་ཁུ་དབོན་བར་དུ་ནི་འཐབ་འཁྲུག་གི་གཞི་ཆེ་བ་མེད་ངེས་ཡིན་འདྲ་ཡང་། བློན་པོའི་སྲས་མོ་མུལ་ལྦེ་རྒྱལ་པོའི་ཁབ་ཏུ་གནས་པ་ཡི། དེས་རྒྱུད་བསྐུལ་ཏེ་བློན་སྲས་ཀྱི་རྒྱབ་སྐྱོར་རྐང་ཚུགས་པར་མཛད་གཤིས་འགལ་ཚོམ་དུ་གྱུར་པར་སྣང་ཞིང་། སྟོད་ནས་བཀའ་བློན་ལ་ཁྲིམས་འབེབས་ཀྱི་གཞི་བློན་པོས་གཡོ་སྒྱུའི་རྒྱལ་པོའི་མངའ་ཐང་གསུམ་ཆ་གཅིག་ལྷག་ཁོ་རང་ངོ་ཐོག་གིས་བླང་པ་ཡིན་ཞེས་ཧེ་མི་སྤྲུལ་པའི་སྐུ་དང་རྒྱལ་པོ་ཕུན་རྣམས་དགོངས་པ་གཅིག་དྲིལ། རྒྱལ་མོ་བཅས་བློན་པོ་ཁ་ཤས་འཐུས་ཏེ་གཡང་སྐྱུར་བཏང་བ་ཡིན་འདུག་ཅིང་། བཀའ་བློན་དེ་ཕ་མེས་བདུན་བརྒྱུད་ནས་འབྲུག་པའི་སྦྱིན་བདག་རྩ་བར་གྱུར་གཤིས། ཧེ་མི་ནས་བློན་སྲས་སྤུན་གྱིས་སྲོག་སྐྱོབས་ནི་སྙིང་ཐག་པ་ནས་བྱས་པ་ཡིན་པར་སྣང་ཡང་། ཆོས་བྱས་ནས་དགོན་པར་སྡོད་ཚུལ་ལ་ཁོ་པོ་བློས་མ་བླངས་ནས་བྲོས་པ་ཡིན་འདུག་གང་ལྟར་ཕན་ཚུན་ད་ལྟའི་ཆར་འཆར་རྒྱགས་གཏང་བ་ཡིན་ན་ལས་ལབ་གཞི་ཧེ་བག་ཆེ་བས་འགྲིག་དཀའ་ཙམ་ཡོང་འདྲ་སྙམ་ལ། འདི་སྐོར་ཕན་ཚུན་གཉིས་ད་ནི་འཛོམ་པར་ཉེ་བས་གནས་ཚུལ་ཞིབ་མོ་སླར་རིམ་གྱིས་ཕུལ་བས་ཆོས་དབྱིངས་ཚོམ་པ་མེད་པ་ནས་ལེགས་སྤེལ་ཉེས་སུབ་ཇི་ལྟར་བྱ་ཚུལ་གྱིས་བཀའ་སློབ་ཡང་རིམ་ཅན་དུ་ཕེབས་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་དགུ་ལྡན་དུ་གསོལ་བ་འདེབས་པ་ལགས། རང་རེ་ལ་ནི་མུལ་ལྦེ་རྒྱལ་པོ་དང་བློན་སྲས་དད་པ་ཆེ་ཆེ་ཙམ་ཡིན་ལ། སྟོད་ནས་ཧེ་མི་སྤྲུལ་པའི་སྐུ་དང་། རྒྱལ་མོ་ཡང་ད་ལྟ་ནི་གུས་པ་ཆེ་ཙམ་མཛད་འདུག ལར་འདི་ཕྱོགས་སུ་ལོ་ཁ་ཤས་ནས་ལྟས་ཀྱི་བྱེ་བྲག་སྣ་ཚོགས་པ་ཞིག་བྱུང་བས་སྐད་ལ།

ཁ་ཆེའི་ལ་མཚམས་ནས་ཚུར་ལ་ལ་རེས་སྐྱེས་པ་གཞོན་ནུར་བརྫུས་ནས་གཞན་ལ་ལྟོ་སློང་ཞིང་། ཕལ་ཆེར་རྔ་མོང་གི་གཟུགས་སུ་བསྒྱུར་ནས་དངོས་སུ་ཕན་གནོད་ཀྱི་བྱ་བ་སྣ་ཚོགས་བྱེད་པ་ཞིག་རིང་ཙམ་རྒྱུ་བ་དང་། ས་རྙེན་སྟེ་ཧོར་སོག་གི་ས་མཚམས་སུ་ཆུ་ཀླུང་ཆེན་པོའི་ནང་ནས་ཉ་བོ་ཆེ་དང་། ཤ་བའི་གཟུགས་སུ་ཐོན་ནས་དེས་མི་སྐད་ལྟ་བུའི་གཏམ་སྣ་ཚོགས་དངོས་སུ་སྨྲ་བ་སྔོན་དང་འདི་ལོར་བྱུང་བ་དང་། ཞང་ཞུང་དགྲ་ལྷ་ཙ་མུན་མ་ཡིས་རྩེ་མོ་ནས་གློ་བུར་དུ་མི་བཟོད་པའི་ཆུ་ཀླུང་དྲག་པོ་བརྡོལ་བ་དང་། མ་ནོ་ས་ར་ནས་གནམ་ལྕགས་ཨུར་མོའི་སྒྲ་བཅས་མེ་འདག་འཕྲོ་བ་སོགས་ལེགས་ཉེས་ཅི་ལྟར་དཔྱད་དཀའ་བའི་རྣམ་གྲངས་དུ་མ་ཞིག་ཡུལ་འདིར་མ་ཟད་ཐ་གྲུ་ཀུན་ཏུ་བྱུང་བར་སྐད་པ་སོགས་ཐོས་ཚུལ་ལྟར་ལགས་ཤིང་། པཀྵའི་རྒྱལ་པོ་རང་ནས་ཁྲིམས་ཇི་བཞིན་རྣལ་མ་མེད་པས་སྤུན་རིགས་ཞིག་གི་རྒྱལ་ཐབས་བླང་སྐད་དང་། ཕྱོགས་དེར་ཡང་དམག་འཁྲུག་གི་བྱ་བ་མང་ཞིང་། པ་ཊ་ན་ཡིས་དཔུང་འབུམ་ཕྲག་དུ་མ་ཞིག་ཀྱང་ཌི་ལིའི་ཡུལ་མཚམས་ཀྱི་དཔུང་དང་འཐབ་པར་གཟས་པ་སོགས་རྒྱ་གར་གྱི་ཡུལ་གྲུ་རྣམས་སུ་ད་ལྟ་རྒྱལ་པོ་རྒྱལ་ཕྲན་མཐའ་དག་འཐབ་འཁྲུག་ཁོ་ནས་སྐྱེ་དགུ་མནར་བ་རྩོད་ལྡན་གྱི་སྙིགས་མའི་མཐའ་ལ་ཐུག་པར་གྱུར་པའི་ངང་ཚུལ་ཤིན་ཏུ་ཆེ་བར་སྣང་ཞིང་། མར་ཡུལ་ཕྱོགས་སུ་རྒྱུ་རྐྱེན་མེད་པར་ཕྲ་མ་དང་སྟོང་འུར་ལྟ་བུའི་གཡུལ་སྤྲོད་དུ་ཉེ་བ་ཡང་བྱུང་འདུག་ཅིང་།

སེམས་ཅན་གྱི་ལས་དང་མི་མ་ཡིན་གྱི་འཕྲུལ་གྱིས་མཛའ་བ་ཡང་གློ་བུར་དུ་འཁོན་ཞིང་ཕ་མ་སྤུན་ཟླ་དཔོན་གཡོག་ཐམས་ཅད་གཅིག་ཡིད་གཅིག་ལ་མི་བརྟོན་པ་དང་། དྲང་པོར་སྤྱོད་པར་འདོད་པ་རྣམས་ཀྱང་རང་དབང་མེད་པར་རྣལ་དུ་མི་ཕེབས་པ་དང་། ཚིག་ཀྱང་མདུན་རྒྱབ་སྔ་ཕྱི་མི་མཚུངས་ཤིང་ཚད་འཛིན་དཀའ་བ་ཡིས་སྙན་དུ་འབུལ་རྔོ་ཡང་མི་ཐོགས་པ་སོགས་སྒྱུ་མའི་འཕྲུལ་འཁོར་ཇི་བཞིན་པར་སྤྱོད་པ་ཕྱོགས་འདིའི་གནས་ཚུལ་དང་། གངས་རིའི་ཁྲོད་ནི་དེང་དུས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་འཇིག་རྟེན་མགོན་པོ་ལག་ན་པད་དཀར་འཆང་བ་ངུར་སྨྲིག་གར་གྱི་རོལ་པ་གང་གིས་བྱིན་གྱིས་བརླབ་པའི་མཐུ་ལ་བརྟེན་སྐྱེ་རྒུ་རྫོགས་ལྡན་གྱི་དགའ་སྟོན་བཟང་པོས་འཚོ་བར་མཛད་པ་བཀའ་དྲིན་གྱི་ཞོ་ཤ་ཆེན་པོས་འཚོ་བར་ཁུམས།

དེས་ན་གངས་ཅན་བསྟན་དང་འགྲོ་བའི་ཕན་བདེའི་རྩ་ལག་གཅིག་པུ་པ་གཉིས་སུ་མེད་པ་ལྷ་ཡི་ལྷ་འགྲོ་བའི་བླ་མ་གང་གི་ཞབས་ཟུང་མི་ཤིག་རྡོ་རྗེའི་མདུད་པ་གཡོ་མེད་སེང་གེའི་ཁྲི་ལ་ངེས་པ་ལྔ་ལྡན་འཆི་མེད་ཚེ་མཐའ་ཡས་པའི་ངོ་བོར་རྟག་པ་བརྟན་པ་གཡུང་དྲུང་ཆེན་པོར་བསྐལ་པའི་བསྐལ་པ་ལས་ལྷག་པའི་བར་དུ་འཚོ་ཞིང་བཞེས་ཏེ་བཞུགས་པར་གསོལ་བ་འདེབས་པ་ཁོ་ན་ཉིད་རེ་འབྲས་དོན་ལྡན་ཉིད་དུ་མཛད་དུ་གསོལ།

དེ་སྐད་གནའ་བོ་བཟང་པོའི་ལུགས་སྲོལ་བཞིན། །རང་གི་གནས་ལུགས་ངང་ཚུལ་མདོ་ཙམ་དུ། །ཇི་བཞིན་ལྷག་པར་གསོལ་ལ་མཁྱེན་པའི་དབྱིངས། །ཁྲེལ་ཚོམ་མེད་པར་སྙིང་ནས་གསོལ་བ་འདེབས། །སྔོན་དུས་བླ་སློབ་རྒྱལ་བློན་སྤྱིར་བཏང་དུ། །བག་ཕེབས་གསོང་པོར་སྨྲ་བ་དམ་པའི་སྲོལ། །བྱེ་བྲག་བགྱིད་འོས་ལས་ལ་བསྔགས་རྣམས་ཀྱིས། །ལྷག་པར་གནས་ཚུལ་ཞུ་འོས་ཁྲིམས་སུ་བསྒྲགས། །དེང་དུས་ལས་བྱེད་ཕལ་པ་མང་ཞིག་ནི། །གཞུང་དོན་ལ་གཡེལ་རང་དོན་གནོག་པ་ཡིས། །སུབ་བརྔན་གྱིས་བྲལ་གནས་ཚུལ་བརྗོད་པས་ཁོབ། །དེ་དང་འཕྲན་ཚུལ་མཐུན་པ་ཡང་མ་གྱུར། །ཁྱེའུ་ཕ་མར་རང་གི་བྱ་གཞག་གང་། །སྒྲིབ་མེད་གསོལ་ལ་འཛེམ་པར་མི་བྱེད་བཞིན། །གང་ཤར་གཟོ་ཟོལ་ཆུང་བྱས་ལྷུག་པའི་ངག །ཆགས་པའི་མཁྱེན་པའི་སྤྱན་མངར་གསོལ་བ་སྟེ། །དེང་དུས་ཚུལ་འདི་གཞན་ལ་མ་བྲིས་ཀྱང་། །མཉམ་པའི་སྤྱན་ཡངས་བརྩེ་བའི་པད་དཀར་འཛིན། །འཇིག་རྟེན་མགོན་དེས་དགེས་པའི་དབུགས་དབྱུང་ནས། །མངོན་མཐོ་ངེས་ལེགས་ཆབ་གཅིག་སྩོལ་བར་ངེས། །

ཞེས་མར་ཡུལ་ཝམ་ལེའི་བི་ཧ་ར་ནས་ཁྲུམས་ཟླའི་ཚེས་བཟང་པོར་ཕྲན་བུ་ལས་ཀྱང་ཕྲན་བུར་གྱུར་པ་བོད་ཆེན་འཛིན་མར་སྐྱེས་ཤིང་ཆོས་སྨྲ་བ་རིག་འཛིན་རྒྱལ་ཁམས་པ་ཨཱ་ཡུརྨི་ཤོ་མ་ཎི་བཛྲ་གྱིས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ གོང་ཞབས་སུ་ཆུ་བྱ་མར་ཡུལ་ཧེ་མི་ནས་ཕུལ་བ།

རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་གངས་རིའི་ཁྲོད་ཀྱི་ལྷ་རྣམས་ཀྱི་ལྷ་གྲུ་འཛིན་བདག་པོ་འཇིག་རྟེན་དབང་ཕྱུག་མཆོག་གི་ཞབས་སྟེགས་ཆུ་སྐྱེས་ཀྱི་གེ་སར་རྙོག་པ་མེད་པའི་ངོགས་སུ།

དྭངས་པས་ཞུ་བ། གདོད་ནས་རྒྱལ་བ་ཉིད་དུ་གྱུར་ཀྱང་སྲིད་དང་ཞི་བའི་མཐའ་གཉིས་སྤངས་པའི་གཞན་དོན་ཁོ་ནར་བྱང་ཆུབ་ཆེན་པོའི་བསྒྲུབ་པ་ཉིད་ཀྱི་མཁའ་ཁྱབ་རྒྱལ་བའི་འཕྲིན་ལས་རྟག་པར་རོལ་ཞིང་ཐུབ་བསྟན་སྙིགས་མ་ལྔ་བདོའི་དུས་འདིར་རྒྱལ་བ་གཞན་ལས་ལྷག་པའི་ཐུགས་བསྐྱེད་རྨད་དུ་བྱུང་བས་འདུས་བྱས་པའི་མཚན་དཔེས་བརྒྱན་པའི་སྐུ་གངས་ཅན་ས་ཡི་ཐིག་ལེ་མི་འཇིགས་སེང་གེའི་ཁྲིར་ཞབས་པད་འཚོ་གཞེས་རྡོ་རྗེའི་རི་བོ་ལྟར་བརྟན་པ་ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་པར་བཀའ་དྲིན་གྱི་ཞོ་ཤ་ཆེན་པོས་བྱབ། འདིར་གནས་ཕྲན་གྱུར་རིག་པ་འཛིན་པ་རྒྱལ་ཁམས་པ་ཡང་འབྱུང་འདུས་ཀྱི་ཕུང་པོ་མི་སྙོམས་པས་བརྩོན་ཞིང་རྣམ་གཡེང་གི་བརླབ་དྲག་ཏུ་འཁྲུག་ཀྱང་ལྷག་བསམ་གྱི་གྲུ་གཟིངས་བཟང་པོ་བརྩོན་པའི་སྐྱ་བ་པ་བརྟེན་ཡིད་ཀྱི་ངལ་བསོ་དགེ་བའི་སྟེགས་བུར་གཞོལ་བ་ཉིད་དུ་གནས་ལ།

སྔ་སོར་སྙན་དབང་རིན་པོ་ཆེར་གསོལ་ལྟར་ཁུ་དབོན་ལབ་ཆིང་ཝམ་མེར་ལེགས་པའི་ལྟས་བྱུང་བཞིན་དེར་ལབ་ཆིང་བཟླུམ་ལེགས་པར་ཞིབ་ཚགས་ཕྲ་མོ་བྱེད་རྒྱུ་ཙམ་ལས་ཟླ་མཚམས་ལ་གྲུབ་པར་བྱས་ཤིང་། གཞུང་ཚག་ཀྱང་དེར་གྲུབ་ན་སྙམ་ཞིང་། ལ་དྭགས་མཐིལ་དུ་འགྲོ་འདོད་ཡེ་ནས་མ་ཤར་ཡང་རྒྱལ་པོ་ཁུ་དབོན་གྱི་ནན་བསྐྱེད་དང་ལེགས་བཟླུམ་རྗེས་ཀྱི་བྱ་བ་ཡང་གཙོ་རྒན་དམངས་སྤྱིའི་དབུས་སུ་བགྱིས་ན་སླད་མར་ཀླན་ཀ་བྱར་མེད་ཅིང་མཐའ་བཙན་པར་རེ་ཙམ་དང་། ལ་དྭགས་རྒྱལ་པོ་ཡང་ཁྱེའུ་བཙས་རན་གྱི་མཐིལ་དུ་སྤྱོད་པར་རིང་ཞིང་། མཐའ་འོ་མ་སོགས་རྒྱལ་སྲས་བཞུགས་པ་ཁོ་ནས་ཐག་ཆོད་པ་འདུག་ན་ཡང་། མུལ་ལྦེ་རྒྱལ་བློན་ནས་རྒྱལ་མོ་མ་བཞུགས་པར་ནེམ་ནུར་མཛད་ཀྱི་འདུག་གཤིས་ལ་དྭགས་མཐིལ་དུ་འགྲོ་བའི་སྒོ་དོད། དེ་ཚེ་ལ་དྭགས་རྒྱལ་པོ་ཡབ་ཡུམ་རྣམས་ཧོར་ཟླ་ལྔ་པའི་ཚེས་བདུན་ལ་ལ་དྭགས་སུ་བསྐྱོད་སོང་ཞིང་། ངེད་ནི་ལ་དྭགས་མཐིལ་དུ་འགྲོ་བར་ལྟས་མ་ཆུབ་པའི་ཀེག་སེལ་དུ་དམིགས་གཏོར་ཆེན་སོགས་ཡང་ཡང་གནས་ནས་མུལ་ལྦེ་རྒྱལ་པོ་དང་ལྷན་དུ་ཚེས་༡༡ལ་ལམ་དུ་ཞུགས་ཝམ་ལེའུ་ཆུ་ཤིན་ཏུ་ལྕི་བས་ལམ་བར་དུ་བགྲོད་མི་བཟོད་ཅིང་།

འཕགས་ཡུལ་ཛོ་ཀིའི་མཁས་པ་ཁ་ཅིག་ནས་ལ་དྭགས་ལྗོངས་འདི་གནས་ཉི་ཤུ་རྩ་བཞིའི་མཐེ་བོང་མ་རུའི་གནས་སུ་འདོད་པ། དོན་ལ་ཡང་གནས་ངེས་སུ་སྣང་ལ། ད་ལྟ་ཡང་ལ་དྭགས་ཀྱི་ཡུལ་མཐའ་གརྴད་རི་འཕགས་དང་ཉེ་བར་གཙུག་ལག་ཁང་རྒྱ་གར་གྱི་བཟོ་བོས་བཅོས་པའི་དབུས་སུ་རྡོ་ཡི་ལིང་ཀ་མཐོ་བོང་གི་གཟུགས་ཅན་ལ་མཐེ་བོང་མ་ཏུར་བརྗོད་པ་དང་། ལ་དྭགས་ཀྱི་ཕྱོགས་འདིར་སྤྱིར་ཤིང་གལ་པ་དང་རྩ་སོགས་ཆེས་དཀོན་ཞིང་ལྷག་ཏུ་གརྴད་དང་ཉེ་བར་རོང་ཞེས་པའི་ས་ཁྱོན་དུ་ནི་གཤག་མ་དང་བྱེ་མ་དང་། རྫ་དང་། ཟངས་ཀྱི་རི་བོ་ལྟ་བུའི་བྲག་རིའི་ཕུང་པོ་འབའ་ཞིག་ལས་དབྱར་དགུན་གྱི་དབྱེ་བ་ཡང་ཆུ་ལ་ཆབ་རོམ་ཡོད་མེད་ཙམ་ལས་གཞན་མི་རྟོག་པ་མ་རུའི་མཚན་ཉིད་ཚང་བའི་ལམ་འཕྲང་དེ་དག་ངལ་དུབ་དང་སྦྱངས་གཅོད་ཆེན་པོས་ཡོངས་སུ་བགྲོད་ནས་ལ་དྭགས་མཐིལ་གྱི་ཡུལ་མགོ་ཧེ་མི་ལས་མར་མི་བགྲོད་པའི་རྩིས་བྱས་ཀྱང་།

ཡུལ་བདག་མ་དེའི་ཆོ་འཕྲུལ་གྱི་ངེད་དང་པོ་ལ་དྭགས་མཐིལ་ཤེལ་ཁོ་ནར་བགྲོད་རྒྱུའི་ཞེས་པའི་གཏམ་འཆོལ་ལ་བརྟེན། རྒྱལ་སྲས་རིན་པོ་ཆེ་དང་རྒྱལ་མོ་བཅས་དེར་བསྐྱོད་གྲུབ་འདུག་གཤིས་ཚེས་བཅུ་གཉིས་ལ་ངེས་ཀྱང་དེར་སོན་པར་བྱས། ཞག་ཤས་ཀྱི་རིང་ལུས་ཤིན་ཏུ་མ་བདེ་བས་བགྱིད་དགོས་རྣམས་ཇི་བཞིན་མ་ལོང་སེམས་བལ་པོར་འགྲོ་བའི་རིང་ཁྱད་ཆེས་ཆེ་བ་བཅས་ཉིན་རེ་བཞིན་ལེགས་བཟླུམ་གྱི་མཐའ་ཚགས་དགོས་པ་རྣམས་བགྱིས་ཀྱང་ལབ་རྒྱུ་དང་གླེང་རྒྱུ་ལྷག་པར་འཕེལ་བ་ཡི་ཟླ་བ་གཅིག་ལྷག་གི་བར་དུ་འཕྲོ་ཞིབ་ཚགས་དེ་སྐྱོང་དགོས་བྱུང་། སྔར་ལེགས་བཟླུམ་དངོས་གཞི་ཝཾ་ལེར་ལེགས་ལྟས་བྱུང་བ་དེ་ལ་ཡང་ངེས་ཤེས་ཁྱད་པར་ཅན་སྐྱེས་འགོར་ཆེན་པོའི་མཐར་ཧོར་ཟླ་དྲུག་པའི་ཡར་ཚེས་བདུན་ལ་ཐག་གཙང་མ་ཆོད་དེ་བཅུ་གཅིག་ལ་བཅད་ཡིག་བཀླགས་བཅུ་གཉིས་ལ་ལ་དྭགས་སྟོད་པའི་བློན་པོ་དང་། རང་རེའི་གྲ་ངོ་བཅས་སླེར་བརྫང་ནས་བློན་བུ་སྤུན་གྱི་ནང་རྫས་རགས་རིམ་སྤྲད་པ་དང་། ཁ་ཆེའི་མི་སྣ་ཚང་མ་འདུས་པའི་དབུས་སུ་ཁ་ཆེ་དང་། ལ་དྭགས་བར་གྱི་ལམ་བདེ་བའི་ཟངས་ཡིག་བཀླགས་ནས་ཁོ་རང་ཚོ་ལ་རྩིས་སྤྲད།

དེ་སྐབས་ཁ་ཆེའི་ཁུར་པ་གྱད་ཀྱི་རིགས་ཞིག་ཀྱང་དེར་གསར་དུ་སོན་ནས་ཁ་ཆེའི་ཡུལ་ཁམས་སུ་ད་ལྟ་བདེ་འཇགས་ཡོད་ཚུལ་དང་། འདི་ལོ་མ་ཁའི་ཡུལ་ནས་ཀླ་ཀློའི་བཙུན་པ་དཪྦྷེ་ཤ་ཞིག་གི་གླང་རྐང་པ་བརྒྱད་པ་ཞིག་དང་། གླང་ལྷག་པའི་དངོས་སུ་ཤ་ཡི་རལ་པ་ཁྲུ་གང་ལྷག་ཙམ་ཡོད་པ་དག་ཁྲིད་ནས་ཁ་ཆེའི་གྲོང་ཡུལ་བསྐོར་བ་སོགས་སྔོན་ཆད་མེད་པའི་མི་དང་བྱོལ་སོང་གི་རྣམ་འགྱུར་གནས་སྐབས་ཚར་བ་ལྟར་ལ་དོན་འཚུབ་ཆ་ཆེན་པོར་བྲམ་ཟེ་སོགས་རྒན་པོ་ཉམས་ཅན་རྣམས་ཀྱི་གླེང་བ་དང་པཀྵ་ནས་བློན་པོ་ཆེ་ཁ་ཞིག་ལ་སྐྱོན་ཕབས་ཏེ་དཔུང་ཁྲི་ཕྲན་ལྔ་ཙམ་ཞིག་གསོད་པར་བྱས་ཀྱང་བློན་པོ་ངོ་ཐོག་ཡུལ་མཐའ་རྒྱ་མཚོའི་དོ་ཞིག་ཏུ་འཇུག་པ་ཡིན་འདུག་ཞེས་པ་དང་། ནུབ་ཕྱོགས་བྷ་ལག་ཁ་དང་། བྷང་ཁ་སོགས་མ་འོངས་བོད་དུ་ངེས་པར་འཕྱོ་བར་ལུང་བསྟན་པའི་སྟོད་ཧོར་གྱི་སྡེ་དེ་དག་རྣམས་ཀྱང་ད་ལྟ་འཐབ་འཁྲུག་གི་གཡུལ་བཤམས་ཀྱི་སྦྱོར་བ་ལ་གནས་པ་སོགས་ཀྱི་གནས་ཚུལ་ཡོད་འདུག ངེད་ཀྱང་ཚེས་བཅུ་གསུམ་ལ་རྒྱལ་པོ་ཡས་མས་ནས་ཐོན་རྫས་ཀྱི་རྣམ་པར་གསེར་དངུལ་གྱི་སྣོད་ཉེ་བར་བཀང་ཞིང་ཁ་ཆེའི་གུར་གུམ་མའི་གེ་སར་མཚར་དུ་མངར་བ་སོགས་ཅི་ལྟར་འབྱོར་བའི་ཡོ་བྱད་བསྟབ་ཀྱང་སེ་བ་གང་ངམ་སྐར་མ་གཅིག་གམ་འཇག་མ་ཙམ་ཡང་བདག་གིར་མ་བྱས་ཤིང་མུལ་ལྦེ་རྒྱལ་པོའི་མགྱོགས་འཕྱང་ལ་བརྟེན་དེ་ལམ་བར་གྲོང་ཚན་རྣམས་ལ་ཡིག་དྲུག་གི་དགེ་བསྐུལ་བཅས་ཧེ་མིར་སོན། དེའི་ཉི་མ་ཕྱི་མར་སྐྱེ་བོ་ཁྲི་ཕྲག་ཉེ་བ་ལ་དབུ་མ་ལུགས་ཀྱི་བྱང་སྡོམ་དང་། ཐུགས་རྗེ་ཆེན་པོའི་རྗེས་གནང་བསྒོམ་ལུང་ཕོག དེ་ནས་འབུ་སྲིན་ནུར་འགྲོས་ཀྱི་བལ་ཡུལ་དུ་སྤྱོད་པའི་ལམ་ཞུགས་སུ་གནས།

འདི་ཕྱོགས་ཀྱི་མི་མ་ཡིན་ནག་པོའི་ཕྱོགས་རྣམས་སྔར་ལས་ཅུང་ཟད་ཞི་ཡང་གཏིང་ནས་ད་དུང་འཚུར་ངེས་ལྡོག་པར་མ་མཐོང་བས་ལོ་ཤས་བསྟན་རིམ་ལ་འབད་དགོས་དང་། བསྟན་རིམ་ལ་ཚུལ་བཞིན་འབད་ན་ལོ་ཤས་བདེ་བ་སྙམ་བྱེད་པས་དེ་དོན་བཞིན་གསང་པོར་སྨྲས་ཀྱང་ཉན་པར་ནི་དཀའ་བར་སེམས་མོད། ཕྱོགས་འདིའི་ཁུ་དབོན་སོགས་ཚང་མ་བདེ་འཇགས་ཀྱི་རྒྱུ་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་ཡི་གནང་བའི་མཐུ་ལས་བྱུང་བ་ཡིན་ཡང་ཡང་སྨྲས་བཞིན་མར་ཡུལ་རྗེ་བོའི་ཐུགས་སུ་ཡང་ཤིན་ཏུ་འཕྲོད་པས་དེ་ཡིན་བསྟན་པ་ལ་བྱ་བ་མཛད་བཞེད་ཀྱི་དགེ་དགོན་དཔེ་ཐུབ་ཁྲི་རྩེ་ལ་ཡང་དགེ་རྒྱུན་མཆོད་གཞིས་ཕྲན་བུ་སྦྱོར་རྩིས་རྒྱལ་སྲས་རིན་པོ་ཆེ་ནས་མཛད་ཀྱི་འདུག་ལ་དངོས་འབྱོར་སྐྱེས་ཆེར་འབུལ་རྒྱུ་མི་འདུག་ཀྱང་། ཞབས་པད་མཆོག་གི་བཀའ་དྲིན་དྲན་ནས་བཀའ་དྲིན་ཆེ་གསོལ་བར་ལ་དྭགས་སྟོད་ཀྱི་མངའ་འོག་ཏུ་དཔོན་ཁག་ད་ལྟ་མཁར་གྱི་ལས་མཚན་མཐོན་པོར་གནས་པའི་སྤུན་འབྲི་གུང་དགོན་གྱི་བླ་མར་བྱས་པ་ཞིག མུལ་ལྦེའི་བཀའ་བློན་བཅས་ངེད་སྒར་ཐོག་ཏུ་སླེབ་མཚམས་གཏིང་ཟིན་རྒྱུར་བྱས་སོང་ཞིང་འདི་ཕྱོགས་སུ་རང་གི་གནས་ཚུལ་ཆ་ཤས་རགས་རིམ་སྒྲིབ་མེད་དུ་ཕུལ་བ་དེ་ལྟར་དང་། གཞན་ཡང་རང་ཉིད་བྱེ་བྲག་པ་མདོ་ཁམས་ཕྱོགས་ཀྱི་གནས་ཚུལ་ཅུང་ཟད་ཟད་ཟུར་དུ་གསོལ་བ་ལ་ཆོས་དབྱིངས་ཚོམ་འཁྲུངས་མེད་པ་དང་། གང་ཅིར་བསྟན་དང་འགྲོ་བའི་དོན་དུ་ཞབས་པད་བསྐལ་པ་ལས་ལྷག་པར་རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ཏེ་བཞུགས་པར་སྙིང་ནས་གསོལ་བ་འདེབས་པ་དེ་ཁོ་ན་བཞིན་རེ་འབྲས་དོན་ལྡན་དུ་མཛད་དུ་གསོལ།

ཞེས་ཚད་མེད་ཐུགས་རྗེའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་རྐང་འཐུང་དབང་པོ་ཙི་ཏྲ་ཀ་ཡི་པ་ཊ་ལྟར་རྣམ་པར་གསལ་བའི་གོས་རེག་འཇམ་ཟླ་བའི་ཞུན་མ་འཁྱིལ་བ་ལྟ་བུའི་བཅིབ་སྟེ་དཔལ་གདོང་ཆུ་མོ་བྱ་ཡི་ལོ་ཟླ་ཚེས་དགེ་བ་ལ་ཕྲན་གྱུར་དཔལ་རིག་པ་འཛིན་པ་རྒྱལ་ཁམས་པས་མར་ཡུལ་ཧེ་མིའི་སྐྱེད་ཚལ་ནས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ གོང་ས་མཆོག་ལ།

བཀྲ་ཤིས་དགེ་བའི་འཁོར་ལོས་རྣམ་པར་མཛེས་པའི་ཞབས་ཀྱི་ཉེ་བར་བསྙེན་པའི་ཡིད་འཕྲོག་དབང་པོའི་ངོགས་སུ་དངས་ཤིང་སིམ་པ་ཆེན་པོས་ཞུ་བ།

སྔ་སོར་ཕྲན་རང་གི་བླང་དོར་གྱི་གནས་བཀའ་ལུང་ཞུ་འོས་དོན་ཚན་གསུམ་དུ་བཅད་པ་ཚང་མར་སྨིན་གྲུབ་གནམ་བསྐོས་གསེར་གྱི་ཕྱག་རྒྱའི་རེ་ཁས་བརྒྱན་པ་ཚངས་པའི་མཛེས་རྒྱན་དུ་ཕེབས་པ་སྙིང་གི་བདུད་རྩི་དམ་པར་གྱུར། འདི་ནས་བལ་ཡུལ་ཕྱོགས་ལམ་འཕྲང་དོག་པ་དང་། ལྷག་ཏུ་རྒྱལ་ཁག་ཕན་ཚུན་འཁྲུག་ཟིང་ཆེ་ཞིང་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་འགྲུབ་ན་ལུས་སྲོག་ལྟོས་མེད་བགྱིད་འདོད་ཀྱི་ཕྱོགས་འདིར་འགོར་ཆེས་ལོ་ཡང་མང་གཤིས། ཞིག་གསོའི་རྒྱུར་དངོས་པོ་རྣམས་གཞུང་སའི་ཕྱག་ཏུ་ཕུལ་ནས་རང་ཉིད་དབེན་པའི་གནས་ཡུལ་འདོད་ལགས་ཀྱང་བལ་ཡུལ་མཆོད་རྟེན་ཆེན་པོའི་ཞིག་གསོ་ཕྲན་རང་དངོས་བགྲོད་ཀྱི་ལེགས་ཚུལ་བཀའ་ལུང་ཕེབས་པ་ཡི་དེ་དོན་སྙིང་ལ་གཞག་ནས་བགྲོད་པའི་ལམ་ཞུགས་སྐབས་སུ་གནས།

ཀཿཐོག་གི་སྐོར་སྔ་སོར་སྙན་འབུལ་ཞུས་བཞིན་ཧོར་ཟླ་བརྒྱད་པའི་ཚེས་ཉེར་ལྔར་ཞྭ་དམར་ཐམས་ཅད་མཁྱེན་པར་ཁྲི་འདོན་གྱི་རྣམ་པ་ཙམ་བྱས་འདུག་ལ། དེ་ལ་སྡེ་དགེ་བསོད་ནམས་མགོན་ནས་ཀྱང་ཇི་ལྟར་གནས་ཚུལ་གྱི་ཡི་གེ་དང་། སྔར་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའི་བཙན་རང་ཉིད་ཀྱི་གདུང་ཚབ་ཏུ་བསྐོ་བཞག་བྱས་པའི་སྲས་སྦ་ཁའི་རི་བླ་མ་སོགས་ཀྱི་ཡི་གེ་བྱུང་བ་ཡང་། ཐུགས་རྗེ་ཆེན་པོའི་སྤྱན་རས་ཀྱི་གཟིགས་ཡུལ་དུ་ཕུལ་བ་འདི་བཞིན་ལགས་ཤིང་། ཀཿཐོག་སྐུ་སྐྱེས་ཁུལ་འབའ་ཕྱོགས་སུ་བྱུང་བ་དེ་ཡང་ཞྭ་དམར་སྤྲུལ་པའི་སྐུ་ཀཿཐོག་ཏུ་ཁྲི་འདོན་སྐབས་ཡོད་འདུག་པས་ཁོ་པ་དང་ལྷན་དུ་ཀཿཐོག་རྒྱལ་སྲས་རང་གི་དབོན་རིགས་ཡིན་ངེས་བཀྲ་ཤིས་ཕུན་ཚོགས་ནས་ཀྱང་ཀཿཐོག་གི་ཞིག་གསོ་སྒྲུབ་ཆོག་པ་དགོས་ཚུལ་སྔ་ཕྱིར་ནན་བསྐྱེད་དང་། འདི་རེས་ཀྱང་དོ་གལ་བྱས་འདུག་པར་ཞིག་གསོ་བྱས་ཆོག་ཚུལ་གྱི་འཕྲོས་ཀྱང་སྡེ་དགེ་བསོད་ནམས་མགོན་པོ་ལ་བཏང་བའི་ཟེ་རེག་ཀྱང་བུ་ཚས་ཕ་མར་ལེགས་ཉེས་གསོལ་ལྟར་གཟིམ་ལམ་དུ་ཕབ་པ་ཆོས་དབྱིངས་ཚོམ་པ་མེད་པ་དང་།

ལར་ཀཿཐོག་འདི་ལྟར་མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་འབའ་ཞིག་གི་བསྟན་པ་འཛིན་པར་བསྲེག་བཅད་བརྡར་བའི་གསེར་བཞིན་དབོན་རབས་དང་གདུང་རབ་ལྟ་བུ་མ་ཡིན་པ་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ། སེམས་ཕྱོགས་ཀུན་བྱེད་རྒྱལ་པོ་མ་བུ་རྣམས་ཀྱི་རྣམ་བཤད་འབྲུ་ནོན་ངེས། རང་བློས་སྤེལ་བར་ནས་པའི་ཀློག་དང་། བསམ་པ་སྡོམ་གསུམ་དག་པས་བླ་མའི་ཐུགས་ཟིན་གྱི་ཐོག་མར་ཉེ་གནས་མཛད་ཅིང་། སྒོམ་པ་སེམས་ཕྱོགས་ཀྱི་ཉམས་ལེན་མི་གཡོ་བའི་ཉམས་ལ་སོགས་པ་ཏིང་ངེ་འཛིན་བཟང་པོ་སྐྱེས་པ་ལ་རྒྱལ་ཚབ་ཏུ་རིན་པར་བརྒྱུད་པ་བླ་མ་གདན་རབས་བཅུ་གསུམ་གྱི་བར་དེ་ཁོ་ན་ལྟར་བྱུང་འདུག་ཅིང་། དེ་རྗེས་ཀྱང་ཛྙཱ་ན་ཀེ་རུ་ནས་ཙམ་བུ་འབོར་བཀྲ་ཤིས་རྒྱ་མཚོའི་བར་དེ་ཡི་སྒྲིག་ལམ་ཕྱོགས་མཐུན་ལ་སེམས་ཁྲིད་ཉམས་ལེན་གྱི་མཐིལ་སྨར་ཚངས་བཀའ་བརྒྱུད་ལ་འབྲེལ་ཆེ་བ་བྱུང་འདུག་ཅིང་། དེ་རྗེས་བླ་རབས་ཁ་ཤས་ཀཿཐོག་དྲུང་པ་ཞེས་དབོན་བརྒྱུད་ཀྱི་བསྐྱང་ཞིང་བཙུན་ཚུགས་མ་ཤོར་ཙམ་ལས་ཐོས་བསམ་བསྒོམ་པའི་སྲོལ་ཅུང་ཟད་དམན་པས་དགོན་པའི་ལར་རྒྱ་ཡང་ཕྱིས་གཏིང་སྡེ་དགེས་བདག་གིར་བྱས་ཤིང་།

དེ་མཚམས་གཏེར་སྟོན་ཀློང་གསལ་སྙིང་པོ་ལ་སྡེ་དགེ་སངས་རྒྱས་བསྟན་པས་དགོན་པ་ཚང་འགྲིལ་ཕུལ་ཞིང་དྲུང་པའི་ཆོས་གཞིས་གཉིས་སུ་བསྒོས་ཏེ་ཕྱེད་གཏེར་སྟོན་ལ་ཕུལ། ཕྱེད་སྡེ་དགེའི་ལོ་སྐར་འདུ་བའི་ཐེས་སུ་གྱུར། གཏེར་སྟོན་ཀློང་གསལ་སྙིང་པོའི་སྲས་བདག་གི་བླ་མ་བསོད་ནམས་ལྡེའུ་བཙན་ཏེ། དེས་བདག་ཀཿཐོག་གི་ཁྲི་ལ་སྡོད་པར་ནན་གྱིས་གནང་ཡང་ལས་ཀྱི་དབང་གི་རྒྱལ་ཁམས་ཁོ་ནར་བློ་རྩེ་གཏད་པ་ཡི་ཀཿཐོག་གི་ཁྲི་ལ་སྡོད་པར་ནན་གྱིས་གནང་ཡང་ལས་ཀྱི་དབང་གི་རྒྱལ་ཁམས་ཁོ་ནར་བློ་རྩེ་གཏད་པ་ཡི་ཀཿཐོག་ཆ་ཤས་ཙམ་ཡང་སྡོད་རྒྱུ་མ་བྱུང་ཚུལ་སྔར་ནས་སྙན་དབང་ནོར་བུའི་ངོགས་སུ་གསོལ་ལྟར་ལ། ད་ཆ་རང་ཉིད་ནི་འཆི་ཆ་མེད་དུ་གནས་པས་བླ་མའི་ཐོབ་ཐང་དང་རེ་བ་དང་དོགས་འཚང་རྒྱབ་མཁན་མང་ཡང་ཅི་བདེར་བོར་ནས་ནམ་ཞིག་ཟོག་པོ་གྲུབ་རྫུས་འདྲེས་ཁྱེར་དམ་ཉམས་ཞིག་གི་དགོན་པ་དེ་བཟུང་ནས་རྣམ་པར་དག་པའི་ཆོས་ཚུལ་ཀུན་ནུབ་པར་བྱེད་པ་གདོན་མི་ཟད་བར་སྣང་བས་དེས་ན་ཞྭ་དམར་སྤྲུལ་སྐུའི་སྐྱེ་ཕྲེང་ཉི་ཤུ་རྩ་གཅིག་བར་འབྱུང་ཞེས་ཨོ་རྒྱན་པདྨས་སྔོན་གྱི་གཏེར་སྟོན་རྙིང་པ་མང་པོའི་ལུང་དུ་ཡོད་པར་ཐོས་ན་དེ་ཚེ་ཁོང་ལ་ཁྲི་བཟུང་བའི་མཚན་སྐྱོང་ཙམ་ཞིག་མཛད་པར་གསོལ་ནས། གདན་ས་ཇི་བཞིན་དངོས་གནས་རྙིང་མའི་གདུང་རིགས་ཁུངས་ལྡན་ཞིག་གམ། དེ་མིན་འོས་བབ་ཞིག་བརྟག་རྩིས་བྱས་ཀྱང་དུས་ཀྱི་དབང་གི་དམ་པའི་ཆོས་བཞིན་དུ་སྤྱོད་པ་ཚེ་འདི་སྣང་ཤས་ཆུང་ཞིག་རྙེད་པར་ཆེས་དཀའ་བར་མ་ཟད་ཕྱོགས་རིས་ཆགས་སྡང་མང་པོའི་ཅོ་འདྲི་བ་ཡི་བོད་ཆེན་རྒྱལ་ཁམས་བྱེ་བྲག་ཀཿཐོག་མངའ་རིས་གདུལ་བྱ་སྤྱི་མཐུན་གྱི་བསོད་ནམས་ལས་མ་གྲུབ་པར་འདི་ལ་དཀོན་མཆོག་ཆོས་བསྲུང་ཡེ་ཤེས་སྤྱན་ལྡན་རྣམས་ཀྱི་མ་དགོས་ཚེ་བདག་ལྟ་ཀཿཐོག་ནས་ས་ཡུལ་རིང་པོའི་གནས་སུ་བསྐལ་པའི་བྱ་བྲལ་འཁོས་སྟོབས་ཕྲ་མོར་གནས་པ་ནམ་འཆི་ཆ་མེད་ཞིག་གི་བརླབ་ཆེན་རྒྱལ་བསྟན་གྱི་བྱ་བ་ཇི་ལྟར་བགྱིད་སྙམ་ནས་རང་ལས་ཡིན་ཀྱང་ཡུས་དཀོན་མཆོག་ལ་འཚོང་དགོས་ཤར་ཞིང་ཀཿཐོག་གི་གྲྭ་སྤྱི་སྦྱིན་བདག་རིས་སུ་མ་ཆད་པའི་འདོད་མཐུན་དུ་སྐྱེ་བོ་རྣམས་གྲགས་རྗེས་འབྲང་བ་ཤས་ཆེ་གཤིས་ཞྭ་དམར་མཆོག་སྤྲུལ་ལྟ་བུ་ལ་ཐམས་ཅད་མོས་པར་ངེས་ཡང་ཚང་མ་འདོད་མཐུན་དུ་མ་གྱུར་པ་དང་གཞན་ཡང་གཅིག་ཤོས་བཀོལ་ན་གཅིག་ཤོས་བློ་ལ་མི་རན་པ་སོགས་ངེད་རང་ངོས་ཀྱི་མདོ་ཁམས་སུ་སླེབ་ན་ལས་གཞན་ཅི་ལྟར་བྱས་ཀྱང་ཕྱོགས་ལྷུང་ཆགས་སྡང་སྐྱེ་འཕེལ་མེད་པ་ཞིག་མི་ཡོང་འདུག་པས་ད་ཆ་ལར་རྒྱའི་མཚན་སྐྱོང་ཞྭ་དམར་བ་ལ་བསྔགས་ནས་དགོན་པའི་ཁུར་ལེན་དངོས་གཞི་ཆུ་འབབ་ཉིད་དུ་གཞག་ན་སྙམ་པས་དེ་ལྟར་ལེགས་སམ་ཡང་ན་འདི་ནས་བསྐོ་བཞག་དམིགས་བསལ་ཞིག་བགྱིས་ན་ལེགས་སྙིང་ཐག་པ་ནས་རང་གི་གནས་ཚུལ་གསོང་པོར་གསོལ་བ་ལགས་ན་ཐུགས་རྗེ་ཆེན་པོའི་དོ་ར་ནས་མི་བསྐྱུད་པར་ཡེ་ཤེས་ཆེན་པོའི་གསལ་སྣང་གི་ཁྱབ་པའི་བཀའ་ལུང་བཟང་པོ་དང་།

བོད་ཆེན་དབུས་འགྱུར་རྒྱལ་བསྟན་སྙིང་པོ་འོད་གསལ་རྡོ་རྗེ་རྩེ་མོའི་རིང་ལུགས་ཀྱང་བསླད་མེད་མ་ཉམས་ཡུན་རིང་དུ་གནས་པའི་ཐུགས་སྨོན་བཟང་པོའི་སྐྱབས་འཇུག་ཀྱང་བརྩེ་བ་ཆེན་པོའི་མ་བོར་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞུ་རྒྱུ་དང་། གཞན་ཡང་མདོ་ཁམས་ཀྱི་ཕྱོགས་བདག་གི་སྐྱེས་ཡུལ་དངོས་གཞི་དེར་ཡང་སྔར་ནས་དཔོན་པོ་མེད་ཅིང་ཁྲིམས་འོག་ཏུ་མ་ཆུབ་པ་ལ་དགོན་པའི་བླ་གཙོ་ཆེ་ཁ་ནས་ཅུང་ཟད་ལེགས་སྤེལ་སྤྱི་འཆིང་བྱེད་སྲོལ་འདུག་ཀྱང་ད་ལྟ་ནི་དུས་ཀྱི་དབང་གིས་དགོནཁག་རྣམས་ལ་ཡང་རྩི་མེད་རྡོ་རུ་བོད་ཞིང་ལྷག་ཏུ་རྐུན་ཁྲིམས་ཇག་ཁྲིམས་བསྡམ་པ་ལ་ཞེ་འཁོན་དུ་བཟུང་ནས་བླ་གྲྭ་ཁ་ཤས་སྨས་ལ་བཀོད་པ་སོགས་དེ་བཞིན་ཡུལ་མཚན་ཕན་ཚུན་ཡང་ཚབ་ཆེར་འཁྲུག་གི་ཡོད་འདུག་པ་ན་ནིང་ཆུ་སྤྲེའུ་ལོར་ཡུལ་ཕྱོགས་དེ་ཡི་དགོན་ཁག་སྤྱི་ནས་འཐབ་འཁྲུག་བྱུང་ཚུལ་དང་དེ་ལ་ཅི་ལྟར་ལེགས་ཀྱི་འཕྲོས་རྒྱ་ཁར་རྫོང་དཔོན་བརྒྱུད་གཞུང་སའི་རྟ་བཤད་སྟེང་ནས་ངེད་ལ་དྭགས་བགྲོད་པའི་ལམ་བར་པྲ་དུན་རྩེར་ཟླ་༦ཚེས་༦ལ་བྱུང་ཡང་ཡིག་ལན་འཕྲལ་གཏོང་མ་ཐུབ་ལ།

འདི་ལོ་ཁམས་ཕྱོགས་ཀྱི་ཕོ་ཉ་དངོས་མ་ཁ་ཡར་ལ་དྭགས་རང་དུ་འབྱོར་བྱུང་བ་འཐབ་འཁྲུག་སྔར་ལས་ཀྱང་ཆེ་བ་སོང་སྐད་་ཀྱི་དམུ་རྒོད་ཀྱི་འགྲོ་བ་བདག་ལྟའི་ངག་བཀོད་ཉན་པར་དཀའ་ཡང་ཅུང་ཟད་ཕན་རེ་ནས་དགོན་ཁག་དང་ཡུལ་ཁག་འོས་པ་འོས་པ་ལ་ན་ནིང་རྟ་ཤད་སྟེང་ནས་བྱུང་བའི་ཡིག་ལན་ཚུལ་དུ་ལེགས་སྤེལ་གྱི་ཡི་གེ་བཀའ་ཤག་བརྒྱུད་མདོ་ཁམས་སུ་གཏང་རྒྱུར་བྱས་པ་ཡང་བུ་ཚའི་སྐྱིད་སྡུག་ཕ་མ་ལ་སྨྲེང་ལྟར་གསོང་པོའི་ངག་གི་སྙན་དབང་ཡིད་བཞིན་གྱི་ནོར་བུར་གསོལ་ལྟར་ཆོས་དབྱིངས་ཚོམ་འཁྲུང་སྐད་ཅིག་ཀྱང་མེད་པ་ནས་མཐའ་འཁོབ་ཀྱི་སྐྱེ་རྒུ་དེ་རྣམས་བདེ་ལེགས་སུ་འགྱུར་བའི་ཐུགས་སྨོན་གྱི་སྐྱབས་འཇུག་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་ཞུ་རྒྱུ་དང་།

ཡང་འདི་ལོ་ཕྲན་བལ་པོར་བགྲོད་པ་ཡིས་ལམ་བར་དང་བལ་ཡུལ་མཐིལ་དུ་དགེ་བའི་བྱ་བ་བགྱིད་འོས་ལ་མི་དང་མི་མ་ཡིན་པས་བསམ་ངན་སྦྱོར་རྩུབ་ཀྱི་འཚེ་བས་མི་ཚུགས་པ་ཐུགས་དམ་རྡོ་རྗེའི་གོ་ར་བསྲུང་བའི་འཁོར་ལོ་ཆུབ་པ་ཡང་ཐུགས་བརྩེའི་དབྱིངས་ནས་མི་བོར་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་དགུ་ལྡན་དུ་གསོལ་ཞིང་བཀའ་མཆིད་བཟང་པོ་ཡང་གསེར་གྱི་འདྲེན་པའི་ཆུ་ཀླུང་བཞིན་ཆད་མེད་དུ་སྩོལ་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་དཀྱུས་རིང་ཐུགས་རྗེའི་སྤྱན་རས་ཀྱི་བྱབ་པར་བྱེད་པའི་རྟེན་སུམ་རྩེན་ཡོངས་འདུའི་འདབ་མ་ལ་འཁུ་བའི་ལྷ་གོས་བཟང་པོས་བཅིབ་སྟེ་མར་ཡུལ་ཧེ་མི་ནས་ཕུལ་བའི་ཞུ་ཆུང་སརྦ་མངྒ་ལཾ།

༈ གོང་ཞབས་སུ།

རང་གི་སྒོ་གསུམ་ངལ་བ་བརྒྱ་ཕྲག་དུ་མ་དང་དུ་བླང་ནས་ཕྱོགས་འདིར་དགེ་བསྒྲུབ་བགྱིད་པ་རྣམས་རྫོགས་བྱང་ཆེན་པོར་བསྔོ་བར་གསོལ་བ་འདེབས་པའི་ཞུ་ཡིག

རྣམ་པར་འདྲེན་པ་ཐམས་ཅད་ཀྱི་སྤྱི་ཕུད་གངས་ཅན་མགོན་པོ་མཆོག་གི་ཞབས་པད་དུ། དངས་བའི་ཡིད་ཀྱི་ཆེད་དུ་གསོལ་བ། རྒྱལ་བ་མཆོག་གི་བཀའ་སྐྱེ་རྒུ་ཡོངས་ཀྱི་བདེ་ཐབས་སུ་དགོངས་ཏེ་ཕྱོགས་འདིར་མངགས་པར་མཛད་པའི་ལམ་བར་དང་བོད་སྔ་རབས་ཀྱི་ཡི་གེར་མར་ཡུལ་དང་ད་ལྟ་མུ་སུར་མལ་གྱི་ཀ་ར་རི་བར་དུ་བརྗོད་ཅིང་། བོད་རྣམས་ཀྱི་ལ་དྭགས་སུ་སྒྲོགས་པ་ཡུལ་མཐིལ་ཤེལ་གྱི་བར་ཕྱིན་ཞིང་། བལ་ཡུལ་ནས་མར་ཡུལ་ལམ་དུ་ཞུགས་ནས་ད་ལྟའི་བར་ལོ་ཕྱེད་གཉིས་ལ་ཉེ་བར་གྱུར་པ་དེ་སྲིད་དུ་རགས་རྩིས་སྐྱེ་བོ་འབུམ་ཕྲག་གསུམ་ལ་ཉེ་བར་དབུ་མ་ལུགས་ཀྱི་བྱང་སྡོམ་དང་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ལུང་དང་རྗེས་གནང་གང་གཅོག་ཆུ་སྦྱིན་གྱི་ལུང་རྣམས་སྒོ་གསུམ་འབད་པས་དམ་པ་ཆོས་ཀྱི་སྦྱིན་པར་དམིགས་པ་དང་། གཞན་ཡང་བསྙེན་གནས་བསྙུང་གནས་དང་སོ་ཐར་སྐྱབས་སྡོམ་གྱི་སྡོམ་པ་ལེན་པ་ཡང་ཆེས་མང་ཞིང་ཚངས་སྤྱོད་ཀྱི་དགེ་བསྙེན་ཆོས་ཀྱི་སྒོར་ཞུགས་པ་ཡང་སྔ་ཕྱིར་བརྒྱད་བརྒྱ་ཉེ་བ་ཙམ་བྱུང་བ་དང་། གཙོ་བོར་མར་ཡུལ་གྱི་རྗེ་འབངས་རྣམས་འཁོན་སེལ་སྦྱངས་ནས་མཐུན་གཤིབ་ལེགས་སྤེལ་ལ་བཀོད་ནས་གངས་ཅན་བདེ་བའི་བརྩས་སུ་བསྒྲུབས་པ་སོགས་རང་གི་འཁོས་ལ་དཔགས་པའི་བསྡུ་དངོས་བཞིའི་དགེ་བའི་རྩ་བ་ཇི་སྙེད་བགྱིད་པ་དེ་ཀུན་མཁའ་ཁྱབ་ཀྱི་འགྲོ་བ་ཕ་མའི་རང་བཞིན་ཡོང་དང་ཐུན་མོང་དུ་བགྱིས་ཤིང་།

དེས་ཀྱང་བདག་ཚེ་རབས་ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྲན་དུ་གྱུར་ཏེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་མཐའ་དག་སེལ་བའི་བྱེད་པོར་འགྲུབ་པར་བསྔོ་སྨོན་གྱི་རྒྱས་འདེབས་ཅི་ནས་ཀྱང་བཀའ་དྲིན་ཆེན་པོའི་ཁྱབ་པ་དང་། དེ་ལྟར་དགེ་བ་རྫོགས་བྱང་དུ་བསྔོ་བའི་དགེ་བ་རླབས་ཆེན་གྱུར་པ་དེ་ཡི་མཐུ་བྱིན་ཡང་དུས་སྐབས་འདིར་ནི་གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་འཇིག་རྟེན་མགོན་པོ་མཆོག་ཁྱེད་ཉིད་ཀྱི་ཞབས་པད་བརྟན་པ་དང་། གཞན་ཡང་བསྟན་འཛིན་གྱི་སྐྱེས་བུ་དམ་པར་གྱུར་པ་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་ཐུགས་མཐུན་པ་དང་། རྒྱལ་བསྟན་འཁོར་ལོའི་གསུམ་པོ་རྒྱས་པ་དང་།

མཐར་ཐུག་ངེས་དོན་སྙིང་པོའི་བསྟན་པ་མཆོག་ཏུ་དར་བའི་ཆེད་དུ་བསྔོ་བ་སྟེ་དེ་ཁོ་ན་བཞིན་འགྲུབ་པར་ཡང་ཐུགས་སྨོན་གྱི་དོ་ར་ནས་ནམ་ཡང་མི་བསྐྱུད་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པའི་རྟེན་དངོས་པོ་པདྨའི་རྣལ་མ་ལྟར་ཕྲ་ཡང་མོས་དགེ་ཀུན་བཟང་རོལ་པའི་སྤྲིན་དུ་དམིགས་ནས་ཕུལ་བ་ཉིད་དང་། འཆི་མེད་བསྐལ་པའི་ཤིང་གི་པདྨོ་ལྟར་རྣམ་པར་དཀར་བ་ལྷ་ཡི་རེག་བྱ་སྲིད་དུ་རིང་བའི་མཎྜལ་ལ་འཕགས་ཡུལ་གྱི་རཱུ་པ་ཀརྴ་པཱ་ཎ་ཉི་ཤུ་རྩ་བདུན་ཚོམ་བུར་བཀོད་ཅིང་། བྷ་ལག་ཁ་ཡི་གསེར་གྱི་ཀཪྴ་པཱ་ཎ་དབང་པོའི་གྲངས་ལྡན་གྱིས་ཀྱང་མཛེས་པར་བྱས་པ་སྔ་སོར་བཀའ་རྒྱ་རིན་པོ་ཆེ་ལྷན་དུ་ཕུལ་དུ་བྱུང་བའི་གནང་སྐྱེས་ཟབ་གོས་ཇི་སྙེད་པ་རྣམས་རྣལ་མ་གཅིག་ཡང་ཆུད་ཟོས་མ་སོང་བ་ལེགས་སྤེལ་གྱི་རྒྱུ་སོང་ཞིང་། སུ་ཝརྞ་སྲང་གི་འཁོར་ལོ་སྔ་མ་ལྔ། བར་མ་གཅིག་ཕྱི་མ་གསུམ་སྟེ་ཁྱོན་སྲང་གི་འཁོར་ལོ་དགུ་ལྡན་ཕེབས་པ་དེ་ཡང་གོང་སྨོས་ཕྲན་གྱི་རྣམ་པར་དགེ་ཚོགས་སྒྲུབ་པ་རྣམས་བྱང་ཆེན་སྙིང་པོའི་བར་ཉམས་མེད་རྫོགས་བྱང་དུ་བསྔོ་བའི་རྟེན་དུ་གུས་པས་ཕུལ་བ་རྣམ་ཀུན་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཆུབ་པ་མཁྱེན་མཁྱེན་མཁྱེན་སརྦ་མངྒ་ལཾ།

༈ ཁ་ཆེ་དང་ལ་དྭགས་བར་རྒྱུ་འགྲུལ་ཚོང་པ་རྣམས་མ་དུས་ཕྱི་མ་མཐར་ཐུག་གི་བར་ཕན་བདེའི་ཆེ་བའི་བརྩས་སུ་ཟངས་ཡིག་ལྔ་བགྱིས་པའི་གཅིག་ཀྱང་རྣམ་དཀར་དགེ་རྒྱུན་ཞབས་བརྟན་གྱི་ཚུལ་ཞབས་པད་དུ་ཕུལ་བའི་པཱ་ཏྲ་སརྦ་མངྒ་ལཾ། ལེགས་སྤེལ་མགོ་མཆན།

ཨོཾ་སྭཱསྟི། ན་མཿས་ར་མེ་ཤྭ་ར་ཡ། བོད་དང་འཕགས་ཡུལ་གྱི་མཚམས་སུ་རྒྱལ་ཁག་མང་པོ་འདུས་པའི་སྒོ་མར་ཡུལ་ལྗོངས་ཀྱི་ཁུ་དབོན་བློན་འབངས་ཚང་མའི་བདེ་ཐབས་བསིལ་ལྗོངས་ཀྱི་རྭ་བས་ཡོངས་སུ་བསྐོར་བའི་བསྟན་འགྲོ་ཡོངས་ལ་སྨན་པའི་བརྩས་སུ་དམིགས་ཏེ་མར་ཡུལ་རྒྱལ་བློན་རྣམས་ཀྱི་མོས་ངོ་དང་མཐུན་པར་ཕྱོགས་མེད་རིས་མེད་ཀྱི་རྒྱལ་ཁམས་པ་བྷོ་ཊ་ཛོ་ཀི་ཧ་རི་ནཱ་ཐ་འདི་ནས་ཆེད་དུ་མངགས་བཞིན་ཡུན་ལོ་ཟླའི་བར་ཚེགས་ཆེ་བཏུལ་ཏེ་མར་ཡུལ་ལྗོངས་ཀྱི་རྗེ་འབངས་ཚང་འཇགས་ཆེ་ལེགས་སྤེལ་བགྱིས་པའི་སོ་སོའི་ལ་འབབ་གཤིམ་སིམ་པར་གྱུར་པ་རང་རང་གི་སེམས་གསལ་དོན་ཡིག་བརྩིག་རྒྱབ་ཡིག་ཏུ་བཀོད་ནས་ཚུལ་བཞིན་གནས་རྒྱུ་རང་རྟགས་ཀྱི་རེ་ཁ་མདོང་གསོལ་དུ་ཕུལ་བཞིན་མཐའ་བསྡོམ་དཀོན་མཆོག་རྩ་གསུམ་ཆོས་བསྲུང་ཡེ་ཤེས་དང་འཇིག་རྟེན་འཕེལ་ཟད་ནུས་པ་མཐུ་ལྡན་དྲེགས་པ་ཅན་ལ་དཔང་དུ་གསོལ་ནས་རྗེ་བློན་འབངས་བཅས་ཚང་མས་ཡིག་དན་བཞིན་བླང་དོར་མ་འཁྲུལ་བར་བྱེད་རྒྱུ་མནའ་ཆུ་འཐུང་ཞིང་བྲོ་ལན་གྲངས་དུ་མར་བོར་བ་ཡིན་འདུག་པ་ད་ཆ་སླད་མར་བསྟན་འགྲོ་སྤྱི་བྱེ་བྲག་པའི་བདེ་ཐབས་དེ་ལས་འགལ་བ་བྱས་ཚེ་ཆོས་བསྲུང་རྣམས་ཀྱི་བཀའ་ཡི་ཆད་པ་དྲག་པོ་འབེབ་ཅིང་འདི་ནས་ཀྱང་གཉེར་དུ་གཏད་པ་ཡིན་ལ་བླང་དོར་མ་ཉམས་ཚུལ་བཞིན་བགྱིད་པ་པོ་ལ་འདི་ཕྱི་ཀུན་ཏུ་དགེ་ལེགས་སུ་འགྱུར་བའི་བསྔོ་སྨོན་བཟང་པོའི་རྒྱས་འདེབས་བགྱིད་པ་ཡང་མཆོག་དམན་མཐའ་དག་གི་ཐིག་ལེར་ངེས་པར་བགྱིས།

ཞེས་གངས་ཅན་རིའི་ཁྲོད་ཀྱི་གྲུ་འཛིན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕོ་བྲང་ཆེན་པོ་ནས་དཔལ་གདོང་ཆུ་བྱ་ཟླ་ཚེས་ལ་བྲིས།

༈ ཞྭ་དམར་དང་སི་ཏུ་ལ་ཆུ་བྱ་མར་ཡུལ་ལ་དྭགས་ཧེ་མི་ནས།

རྣམ་འདྲེན་ཞྭ་དམར་མཆོག་གི་སྤྲུལ་པའི་སྐུ་དང་ཐམས་ཅད་མཁྱེན་པ་སི་ཏུ་རིན་པོ་ཆེ་ཡབ་སྲས་ཞབས་པད་དུ།

དེར་གསང་གསུམ་རྡོ་རྗེའི་རང་བཞིན་རྙོག་པ་མེད་པར་མཐའ་ཡས་འགྲོ་བ་རྣམས་ཀྱི་དཔལ་དུ་ལྷན་ནེ་ལྷང་ངེར་བཞུགས་པ་བཀའ་དྲིན་བླ་ལྷག་ཏུ་གྱུར། འདིར་གནས་བྱ་བྲལ་རྒྱལ་ཁམས་པ་ཡང་བསིལ་ལྡན་གྱི་ལྗོངས་བོད་དང་བོད་ཆེན་པོའི་རྒྱལ་ཁམས་མཐའ་དག་པ་ལ་ཕན་པ་དང་བདེ་བའི་བརྩམས་བླ་ན་མ་མཆིས་པ་རྒྱལ་བ་མཆོག་གི་འཕྲིན་ལས་ཀྱི་ཆེད་དུ་དུ་རུ་ཀའི་དམག་དཔུང་བཅིལ་བར་མར་ཡུལ་གྱི་ཕྱོགས་སུ་སོན་ཅིང་ཆུ་སྤྲེལ་གྱི་ལོ་ཁ་ཆེ་ནས་དཔུང་བརྡོལ་དུ་ཆ་བ་ཡང་རང་བཞིན་གྱི་ཞི་འདུག་ཅིང་། སྦྱོང་ཁར་གྱི་རྒྱལ་པོ་ཕ་ཚན་ཟླ་བ་བ་དུར་གྱི་བཀུམ་ནས་དེས་རྒྱལ་པོ་བྱས་ཡོད་འདུག་ལ། སྟོད་ཧོར་གྱི་ཡུལ་དངོས་གཞི་བྷ་ལག་ཁ་དང་བྷོ་ཁར་དང་། ཙ་མ་ར་རྣམས་ད་ལྟ་ནང་འཁྲུག་དང་ནང་འཁྲུགས་མེད་པར་བདེ་ཚེ་བོད་ཀྱི་ཡུལ་དུ་དཔུང་འཇུག་རྒྱུ་ཡིན་སྐད་འདུག གང་ལྟར་ཕྱོགས་འདིར་འདི་ལོ་རེ་ནི་བདེ་སོང་ལར་ལྟས་སྤྱི་ཕྱི་ནང་གང་ལ་དཔག་ན་བོད་སྤྱི་ཡི་བདེ་ཐབས་རྟེན་འབྲེལ་ཕྱོགས་ལ་གལ་ཆེ་དགོས་སུ་སྣང་། དེ་ཀ་ཡབ་སྲས་མཆོག་གི་ཞབས་པད་ཀཿཐོག་རྡོ་རྗེ་གདན་མི་འཇིགས་སེང་གེའི་ཁྲིར་ཉེ་བར་བཀོད་དེ་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་འདུ་བར་མཛད་པ་ནི་བཀའ་དྲིན་བླ་ལྷག་ལས་ཀྱང་བླ་ལྷག་ཏུ་གྱུར། སྔ་འགྱུར་གྱི་རིང་ལུགས་ཀཿཐོག་གི་ལྟ་གྲུབ་དང་དཔལ་ཀརྨ་ཀཾ་ཚང་པ་ཆེན་པོའི་རིང་ལུགས་གནས་ནས་དབྱེར་མེད་དུ་གྲུབ་བཞིན་སླད་ནས་ཀྱང་ཀཿཐོག་གི་སེང་གེའི་ཁྲིར་གདན་ཆགས་ཤིང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དང་། སྙིང་པོ་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ།

གཉུག་མ་རླུང་སེམས་དབྱེར་མེད་གདམས་པ་རྣམས་གཅིག་ཏུ་བསྐྱངས་ནས་མཐའ་ཡས་པའི་སེམས་ཅན་རྣམས་ཉེར་འཚོར་བརྒྱལ་བསྟན་ཇི་སྲིད་ཀྱི་བར་དུ་གནས་པ་སྙིང་ནས་གསོལ་བ་འདེབས་པ་རེ་འབྲས་དོན་ལྡན་དུ་ཐུགས་ཀྱི་དཔལ་བེའུར་བསྟི་བ་དང་། ཡང་སྐུ་ཞབས་ཡབ་སྲས་ཕྱོགས་སུ་འཕྲིན་ལས་སྐྱོང་བའི་སྐབས་སུ་ཞལ་སྐྱིན་དང་རྒྱུན་དུའང་དགོན་པ་ཆེ་ཁའི་བཞིན་ཟུར་འཆད་རྡོ་རྗེ་སློབ་དཔོན་ཞིག་བསྐོ་གཞག་བྱས་ན་ཡང་རྣམ་པ་བདེ་བའི་བརྩས་སུ་འགྱུར་རམ་སྙམ་པས་དེ་ཡང་སྐབས་སུ་གང་བབས་སླར་འཕྲོས་ཞུ་རྒྱུ་དང་། གཞན་ཡང་སྤྱི་བྱེ་བྲག་གི་ངང་ཚུལ་སྒོ་གང་ཟབ་དགོངས་པས་དཔྱད་དེ་གནས་ལུགས་དང་། ད་ལམ་རྟ་ཟམ་སྟེང་ནས་ཞུ་ཡིག་ཞིབ་རྒྱས་མ་ལོང་ཡང་སླར་ཆེད་མངགས་བང་མི་ཞིག་ཞབས་པད་དུ་བཅར་རྩིས་ཏེ།

གང་སྤྱིར་རྒྱལ་བསྟན་ཡོངས་ཀྱི་སྒྲོན་མེ་མགོན་པོ་ཡང་སྲས་མཆོག་གི་ཞབས་པད་རྡོ་རྗེའི་རི་བོ་ལྟར་བསྐལ་པའི་བསྐལ་པ་ལས་ལྷག་པར་འཚོ་གཞེས་བརྟན་པར་སྙིང་ནས་གསོལ་བ་འདེབས་པ་དེ་ཁོ་ན་བཞིན་རེ་འབྲས་དོན་ལྡན་དུ་མཛད་དུ་གསོལ། ཞེས་ཚད་མེད་ཐུགས་རྗེ་ཆེན་པོའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་ལྷ་གོས་རྣམ་པར་དཀར་བ་དང་སྟོད་ཧོར་བྷ་ལག་ཁའི་གསེར་གྱི་པཱ་ཎ་མ་ས་ཉི་ཤུ་བཅས་དཔལ་གདོང་ཆུ་བྱ་ཟླ་ཚེས་བཟང་པོ་ལ་མར་ཡུལ་ཧེ་མིའི་སྐྱེད་ཚལ་ནས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ ཡང་སི་ཏུ་རིན་ཆེན་གུད་དུ་ཆེད་གསོལ།

བདག་སྙིང་མཛེས་པར་བྱེད་པའི་ཏོག་ཀུན་གཟིགས་བླ་མ་མཆོག་གི་ཞབས་སྟེགས་གེ་སར་རྣམ་པར་མཛེས་པའི་ངོགས་སུ། གུད་དུ་ཆེད་གསོལ།

ད་ལམ་འདི་ཕྱོགས་གནས་ཚུལ་ཞིབ་རྒྱས་ཕུལ་བར་ཤིན་ཏུ་སྤྲོ་ཡང་གཞུང་སར་འདི་ཀའི་ལེགས་བཟླུམ་གྱི་སྐོར་ཡིག་ཚོགས་མང་པོ་ཞིག་འབུལ་དགོས་དང་། སྡེ་དགེར་ཡང་ཞྭ་དམར་ཁྲི་འདོན་གྱི་སྐོར་ཞིབ་མོར་བརྗོད་དགོས་བཅས་དང་། རང་ཉིད་ཀྱང་མར་ཡུལ་ནས་ཐོན་པའི་ལམ་ཞུགས་སུ་གྱུར་པ་བཅས་ད་ལམ་རེས་རྒྱས་པར་འབུལ་མ་ཐུབ་ཡང་སྡེ་དགེ་བསོད་ནམས་མགོན་པོའི་དྲུང་ལ་སོང་བའི་ཡི་གེ་དངོས་མའི་ནང་ནས་བཏུས་པ་དང་། ཟུར་གསལ་གྱི་ཡི་གེའི་རེག་གཟིགས་དེ་ཀར་ཕུལ་བ་གཞན་ལ་གསུང་འོས་མཛད་ཁྱབ་དེ་ལྟར་གནང་རྒྱུ་དང་། སྐུ་འབུམ་རིང་མོའི་ཞིག་གསོ་འཚུབ་ཆ་ཆུང་ལ་གཤིས་འཇམ་ཤིང་རྟེན་འབྲེལ་རྩ་བ་ཆེ་གཤིས་རང་ཅག་ནས་གནང་རྒྱུ་དགོངས་པར་བཞུགས་པ་ནས་བཀའ་ཁྱབ་གནས་སྐབས་ཐིག་པས་མི་བརྡུང་ཞིང་། རྐུན་བསྲུང་དཀོན་མཆོག་གཉེར་ཞིག་ཀྱང་འཇོག་ན་སྙམ་པས་དེ་ལུགས། དམ་ཅན་ཁང་སོགས་ནས་འཚུབ་ཉམས་ཤིན་ཏུ་ཆེ་བ་མཐོང་བས་ཞིང་སྐྱོང་རང་ནས་བཅོས་འདོད་ཡོད་ཚེ་ཆུ་འབབ་དུ་བོར་བ་ཉིད་འོས་སུ་ཆེ་བར་མཐོང་བས་ཡང་གསང་བའི་གནས་ཚུལ་དང་། ལར་མེ་ཡོས་ལོ་མཇུག་ནས་ཀཿཐོག་གི་བསྲུང་མ་རྣམས་འཁྲུག་པའི་ལྟས་བྱུང་ཞིང་།

དེ་མདོ་ཁམས་སྤྱི་ལ་ཡང་འཚུབ་པའི་མཚན་ཉིད་ཡིན་འདུག་པ་རྟེན་འབྲེལ་གྱི་བཅོས་ལ་ངེས་པར་འབད་དགོས་སུ་སྣང་། གུ་ཧྱ་པ་ཏྲམ་གྱི་སྐོར་ཡང་ཕུགས་ཇི་ལྟར་མ་ངེས་གཤིས་ནང་ཚགས་དེ་ནས་ཡང་བབ་པ་བྱེད་ཀྱི་མི་འདུག་པས་སྔར་ཐག་གཅོད་མ་ཚར་ཕྱིན་ད་ནི་ཆུ་འབབ་ཟོམ་འཇོག་ལེགས་པར་སྙམ་པས་དགོངས་སྤྱད་དང་། ཁོ་བོ་ཀུན་མཁྱེན་གྱི་སྤྲུལ་པའི་སྐུའི་སྐོར་ནི་རོང་ཞབས་ཕྱོགས་རྗེ་དབོན་བསམ་འཕེལ་དྲུང་ལ་གཙུག་ཕུད་ཕུལ་བ་དེ་ལ་བདག་རྐྱེན་ལེགས་ཙམ་གནང་ན་སྙམ་ལ་གང་ཅིར་ངེས་འགྲོང་སླར་འབུལ་རྩིས་ཞུ། བོད་སྤྱིའི་བསྟན་རིམ་སོགས་དང་ལྷག་ཏུ་རྟེན་འབྲེལ་སྒྲིག་ཕྱོགས་ཐབས་ལ་མ་མཁས་ན་སྟོད་ཧོར་རམ་དུ་རུ་ཀའི་ཡང་ད་ནི་ཤིན་ཏུ་ལྷུང་ཉེ་བའི་ལྟས་མང་ཞིག་ཡོད་འདུག་ལགས་ན་ཡང་འདི་ལོའི་རེས་ནི་དེ་ཡི་རྒྱུ་རྐྱེན་འགྲོ་བ་རྣམས་ཞི་བར་བྱས་ཡོད། སྔར་ལྕགས་རྟ་ལོར་སྒྲོལ་མའི་མཚན་བརྒྱ་བཀླགས་དགོས་པའི་ལྟས་གསལ་པོ་ཞིག་བྱུང་བས་སྔར་བོད་ཀྱི་དཔེ་རྙིང་ཕལ་ཆེར་ཚིག་འདྲ་མིན་གྱི་དཔྱད་མི་བཟོད་པ་དང་གཉན་འགྱུར་ཇོ་ནང་རྗེ་བཙུན་གྱི་རྒྱ་དཔེར་གཏུགས་པ་དེ་ཡང་ཡིག་མཁན་གྱི་རྐྱེན་གྱིས་ཇི་བཞིན་ངེས་པ་མ་འགྲོང་གཤིས་འཕགས་མ་རང་ཉིད་ལ་གསོལ་བ་རྩེ་གཅིག་བཏབ་སྟེ། ཇོ་བོ་དང་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་རྙེད་ན་སྙམ་ཡང་བལ་ཡུལ་ནས་རྒྱ་དཔེ་འབྱུང་བའི་མཚན་མ་ཐོབ་བཞིན་བལ་པོ་ནས་རྒྱ་དཔེ་རྙེད་དེ་ཤུས་པ་འདི་བཞིན་བོད་དཔེར་མེད་པའི་སྔགས་སོགས་ལྷུག་པ་དང་། ལ་ལ་ནི་སྔགས་ཀྱི་རྣམ་པར་སྣང་ཡང་ཚིག་ལྷུག་ཡིན་ནམ་སྙམ་པའི་དོགས་པ་ཅན་ཡང་སྣང་ལ། གང་སྤྱིར་དེ་ཞབས་ནས་ཞིབ་དཔྱད་ཀྱི་ལེགས་པར་བསྒྱུར་ནས་རྟ་བཤད་སྟེང་དུ་འཕྲལ་གཏོང་ཡོད་པ་ཞུ།

འདི་བྱིན་བརླབ་ནི་ཤིན་ཏུ་ཆེ། མཚོན་གྱི་བསྐལ་པ་ཡང་ཞི་བར་བསྔགས་པ་ཡིན། མགོན་ཁྱོད་ཞབས་པད་རྡོ་རྗེའི་རི་བོ་ལྟར་ཡུན་རིང་དུ་བརྟན་པ་གསོལ་བ་སྙིང་ནས་འདེབས་པ་རེ་འབྲས་དོན་ལྡན་དུ་གྱུར་ཅིག རྟེན་གསེར་གྱི་དོང་རྩེ་བཅས་ཕུལ། ལགས། སྡེ་དགེ་བསོད་ནམས་མགོན་པོའི་ཡི་གེར་གསལ་ལྟར་སྐུ་འབུམ་རིང་མོར་དེ་ཞབས་ཀྱི་གྲྭ་པ་རྫི་གསང་ཡོད་པ་ཞིག་མཆོད་འབུལ་སྐུ་གཉེར་དུ་བཞག་དགོས་ཤིན་ཏུ་གལ་ཆེན་བཏང་སྙོམས་སུ་མ་ལུས་པ་དང་། དེ་ཡི་གཟུགས་བཞུགས་དཔེ་རྣམས་ཡིག་འབྲུ་གཅིག་ཡང་ཆུད་ཟོས་མ་སོང་བར་མཆོད་རྟེན་སོ་སོའི་དེ་རགས་རྩིས་ཀྱི་སོ་སོར་ཕད་བུའི་ནང་དུ་བརྫང་ནས་སླར་ཞིག་གསོས་སྐབས་སོ་སོར་འབུལ་ཆོག་པ་བྱེད་རྒྱུ་འདི་སྔོན་ལ་གཞན་སུས་ཀྱང་མ་ཐོས་པར་གསང་ཐབས་ཀྱི་མ་བྱས་ན་ཀྵེ་ཊ་སོགས་ཀྱི་ཐོས་ཚེ་དེས་རྐུ་ཐབས་ཀྱི་བླང་བའི་དྲག་ཏུ་གཏོར་བ་སོགས་ཆུད་ཟོས་ཀྱི་རྒྱུ་བརླབ་པོ་ཆེ་བྱེད་པར་ངེས་པས་དེས་ན་དེ་ལུགས་ཀྱི་ཟོན་བསྐྱོར་སྟེང་ནས་གནང་ཁྱབ་ཡོད་པ་ཅི་ནས་ཀྱང་ཞུ་ཞུ། གང་ཅིར་འདི་ནས་གྲ་ངོ་ཞིག་འཕྲལ་དུ་གཏོང་རྩིས་མཆིས་ད་ལམ་རྟ་ཤད་སྟེང་ནས་སོང་གཤིས་ཁ་སེང་གི་འབྱོར་ལན་ཚང་མ་འབུལ་མ་ཐུབ་པ་ཆོས་དབྱིངས་ཚོམ་པ་མེད་པ་ཞུ་བ་སརྦ་མངྒ་ལཾ།

༈ ཀུན་མཁྱེན་འབྲུག་པ་ལ་ཆུ་བྱ་མར་ཡུལ་ཧེ་མི་ནས།

བསྒྲུབ་བརྒྱུད་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྒྱལ་དབང་དྲུག་པའི་ཞབས་ཀྱི་པདྨོར་དངས་བ་ཆེན་པོས་བཏུད་པའི་ཞུ་ཡིག

དེང་དུས་ཟབ་གསལ་བདེ་བ་ཆེན་པོ་རྡོ་རྗེ་གསུམ་གྱི་རང་བཞིན་ལས་གཡོ་བ་མེད་པར་འགྲོ་བའི་ཉེར་འཚོར་བསྐྱེད་པའི་རྩ་ལག་བླ་ན་མེད་པར་ལྷན་ནེ་ལྷང་ངེར་བཞུགས་པའི་བཀའ་དྲིན་བླ་ལྷག་ཏུ་ཆེ། འདིར་ཡང་འཚོ་བ་ཁྱོ་རེ་བའི་ངང་ལེགས་སྤེལ་ནི་མཐར་ཕྱིན་པ་གྲུབ། ན་ནིང་ཆུ་སྤྲེའི་ལོར་ཁ་ཆེའི་དཔུང་བརྡོལ་ལ་ཉེ་བ་བྱུང་འདུག འདི་ལོ་ནི་ད་ལྟ་ཕན་དུས་བདེ། བཀའ་བརྒྱུད་ཡང་སྒར་ཐོག་ཙམ་ནས་བརྫང་རྩིས་ལགས། རྒྱལ་སྲས་རིན་པོ་ཆེ་ནས་གསུང་འབུམ་པར་དུ་བརྐོ་རྒྱུ་དེའི་ལེགས་འབུལ་ངེད་ནས་སྡེ་དགེའི་བཀའ་འགྱུར་སྤུས་གཙང་ངེས་ཞིག་བཏབ་རྒྱུར་བྱས་པས། དེས་ན་སྔར་གྱི་པར་ཡིག་གླེགས་བམ་རྣམས་ཞུས་དག་ཡང་བསྐྱར་དགོས་རིགས་ཡོད་ན་འཕྲལ་དུ་ཐུགས་རྗེ་ཆེ་ལུགས་དང་། ད་ནི་བདག་ཀྱང་ན་ཚོད་ཀྱིས་གཏུག་པའི་ནམ་འཆི་ཆ་མེད་ཡིན་ན་པར་དེ་ཡང་སྡེ་དགེ་བསྒྲུབ་བགྱིད་རྩིས་ལགས་པ་ཟབ་དབྱིངས་རིན་པོ་ཆེར་འཇུག་པ་དང་། གང་ཅིར་མི་རིང་བར་དངོས་སུ་མཇལ་ནས་ཐུགས་ཀྱི་དགོངས་པ་ཡང་ཇི་བཞིན་བསྐང་ནུས་པར་སྨོན། སློབ་དཔོན་གང་བ་རྡོ་རྗེའི་མན་ངག་གཙུག་ཏོར་རྣམ་རྒྱལ་གྱི་བསྙེན་ཚད་རྟགས་ལྡན་ཞིག་འཕྲལ་དུ་གནང་ན་སྙམ་པ་དེ་ལྟར་ཡང་ཟབ་དབྱིངས་རིན་པོ་ཆེར་འཇུག་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན། དཔོན་སློབ་མི་འབྲེལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་གཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཞེས་ཟླ་ཚེས་བཟང་པོ་ལ་མངའ་རིས་མར་ཡུལ་ཧེ་མིའི་སྐྱེད་ཚལ་ནས་ཕུལ་བའི་ཞུ་ཡིག སརྦ་མངྒ་ལཾ།

༈ དཔལ་གདོང་ཆུ་བྱ་མར་ཡུལ་ལ་དྭགས་རྒྱལ་པོ་ཁུ་དབོན་རྗེ་འབངས་ལེགས་སྤེལ་སྐབས་མདོ་ཁམས་སྡེ་དགེ་རྒྱལ་པོ་བསོད་ནམས་མགོན་པོའི་དྲུང་ལ་ཀཿཐོག་རྡོ་རྗེ་གདན་གྱི་སྐོར་སོགས་ཤུབྷཾ།

བོད་ཆེན་པོའི་རྒྱལ་ཁམས་སུ་དགེ་བར་བྱེད་པའི་འབྱུང་གནས་འཛིན་མ་ཆོས་བཞིན་དུ་སྐྱོང་བ་པོ་ལྷ་ལས་བབ་པ་མི་ཡི་རྗེ་བོ་མཆོག་གི་སྐུ་གཞོགས་སུ།

ཞུ་བ་འདིར་བྱ་བྲལ་རྒྱལ་ཁམས་པ་ཡང་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་ཞིག་འགྲུབ་པར་རེ་ནས་བལ་ཡུལ་དུ་བགྲོད་པར་བྱས་ཀྱང་། གངས་ཅན་རྒྱལ་བ་ཆེན་པོའི་བཀས་ལ་དྭགས་ཁུ་དབོན་ནང་འཁྲུག་པའི་རྒྱུ་ལ་བརྟེན། དུ་རུ་ཀའི་དམག་དཔུང་གཡོ་ནས་གངས་ཅན་སྤྱིའི་བདེ་བ་འཇོམ་པར་ཡང་གཟས་པས་དེས་ན་མི་བདེ་བའི་དུཿཀ་སེལ་ཞིང་བདེ་བའི་གོ་སྐབས་དབྱེ་བའི་སླད་དུ་གངས་ཅན་ལྗོངས་ཀྱི་སྟོད་ཀྱི་ཡུལ་མཐར་ཐུག་པ་མར་ཡུལ་ཞེས་ཁ་ཆེའི་ཡུལ་མཚམས་རྒྱ་གར་བྷཀྵ་རྒྱལ་པོའི་མངའ་འོག་དེར་འགྲོ་དགོས་ཚུལ་ཕེབས་བཞིན་གངས་ཅན་སྤྱིའི་བདེ་ཐབས་ལ་བསམ་ངལ་དུབ་དཀའ་བ་ཁྱད་དུ་བསད་ནས་དེར་ཕྱིན་ཏེ་ད་ལྟ་རྒྱལ་པོ་ཕན་ཚུན་གྱི་ལེགས་སྤེལ་ཐར་སོན་གྲུབ་ཅིང་། འདི་ལོའི་རེས་སྟོད་ཧོར་གདུག་པ་དུ་རུ་ཀའི་དཔུང་ཡང་ཕྱིར་བཅིལ་བ་སོགས་གངས་ཅན་སྤྱི་ལ་དྲིན་དུ་ཡོད་པ་ཡོད་པ་བྱས་ན་ད་ནི་ནམ་འཆི་མ་མེད་སེམས་སྐྱོ་ཤས་ཀྱི་དུབ་ཀྱང་འཚོ་བ་ཇི་སྲིད་ཀྱི་རིང་རྒྱལ་བའི་བསྟན་དང་སེམས་ཅན་གྱི་དོན་གཡེལ་བར་གཏང་བྱ་མ་ཡིན་པས་ད་ཆ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་བསྒྲུབ་པའི་ཆེད་དུ་བགྲོད་པའི་ལམ་ཞུགས་སུ་གནས། དེ་ཀར་ལྷ་བཙུན་བླ་མའི་དྲུང་དུ་དང་། ལྕམ་དྲུང་སྔ་ཕྱིར་སྐུ་གཤེགས་པ་གནས་ལུགས་མ་ལེགས་བྱུང་འདུག་ཀྱང་། འདུས་བྱས་ཀྱི་མཚན་ཉིད་མཐའ་དག་མི་རྟག་པ་རྨི་ལམ་དང་གློག་དང་ཆུ་སྦུར་ལྟར་མཁྱེན་ནས་ཐུགས་ངལ་མི་འཚལ་ལ།

སྐུ་གཤེགས་དེ་རྣམས་ཀྱི་དགོངས་རྫོགས་ཉིད་རང་ནས་སེར་སྣའི་མདུད་པ་ཡོངས་སུ་དཀྲོལ་ནས་འཕང་མེད་ཀྱི་སྦྱིན་གཏང་མཛད་འདུག་པ་ཡ་རབས་དམ་པའི་རྣམ་ཐར་དུ་འོས་ཤིང་རིག་པས་རྗེས་སུ་ཡི་རང་། ངེད་ལ་ཡང་སྔར་ས་སྐྱ་བརྒྱུད་ནས་བལ་ཡུལ་དུ་ལྕམ་དྲུང་གི་དགོངས་རྫོགས་ལྟོས་ཆེ་དང་། བཟང་པོ་ཅན་ནས་གཞུང་གི་རྟ་ཤད་བརྒྱུད་བླ་མའི་དྲུང་དང་ལྕམ་དྲུང་བཅས་ཀྱི་དགོངས་རྫོགས་རྟེན་དངོས། དེ་རྗེས་ཞྭ་དམར་བ་ཁྲི་འདོན་ཆེད་དུ་དང་། ཆེད་བསྔགས་ཉིད་ཀྱི་དྲུང་དུ་བང་མི་བརྫང་བར་ཡང་རྟེན་དངོས་བཟང་པོ་གནང་འདུག་པ་བདག་རང་ནི་ཆུང་ངུ་ནས་ཟང་ཟིང་གི་དངོས་པོ་ལ་དེ་ཙམ་གྱི་ཅེར་ཅེར་པོ་མེད་ལ། འོན་ཀྱང་དགེ་འདུན་གྱི་སྡེ་གཙུག་ལག་ཁང་རྟེན་གསུམ་གྱི་ཆེད་དུ་ལས་བདག་གིར་འཛིན་པ་ཧ་ཅང་མི་མང་ཞིང་། དེས་ན་བལ་ཡུལ་ཕྱོགས་སུ་ལྷག་པར་བྲིམ་པ་ཁ་ཤས་འདིར་གཞག་ཡོད་ལ། གཞན་ནི་ད་ལམ་རྟ་བཤད་སྟེང་ནས་མ་བདེ་ཡང་འདི་ནས་མངའ་རིས་སྟོད་ཀྱི་རྒྱལ་ཁག་རྣམས་ལེགས་བཟླུམ་ཡང་དག་གྲུབ་ཅིང་དུ་རུ་ཀའི་དམག་དཔུང་ཞི་བར་སྙན་པའི་གཏམ་རྒྱལ་བ་མཆོག་གི་ཞབས་པད་དང་། མདུན་ན་འདོན་ཆེན་པོ་རྣམས་ལ་ལ་དྭགས་རྒྱལ་པོ་ནས་མི་སྣ་འཕྲལ་གཏང་ཟླ་བ་དྲུག་པའི་ནང་དུ་ཐོན་ངེས་འདུག་པས་དེ་དང་ལྷན་དུ་འདི་ནས་ཀྱང་གྲ་ངོ་ཞིག་བཟང་པོ་ཅན་གྱི་རྗེས་ཟིན་ནམ་མ་ཡིན་ཡང་ཚོང་པ་རྣམས་དང་སྣེ་འཕྲད་བྱེད་རྒྱུར་བརྫང་རྩིས་ཏེ།

དེ་ཡང་ཀཿཐོག་གི་ཞིག་གསོ་སྐོར་གནད་དུ་མ་སོང་ན་མི་ལེགས་པར་སྙམ་ནས་རེ་ཞིག་བཤོལ་བ་སྟེ། ཀཿཐོག་ཉིན་དགོན་འདི་སྔར་རང་རེའི་ཕ་མེས་རྔུ་ཡི་བླ་མས་བཏབ་པ་ཀཿཐོག་རང་གི་ཡུལ་བདག་དང་སྦྱིན་བདག་གི་གཙོ་སྡེ་དགེ་རྒྱལ་པོ་རང་ཉིད་ཡིན་ན་དེ་ཡི་རྟེན་འབྲེལ་ལ་ཡང་གནོད་ཚབ་ཆེ་བ་ཞིག་བྱུང་བར་ཤེས་ལ། དེ་ལྟས་ཞིང་སྐྱོང་རང་ནས་རང་ལྷག་ཏུ་དབོན་པོ་བཀྲ་ཤིས་ཕུན་ཚོགས་ནས་དཔལ་སྤུང་བརྒྱུད་ཞིག་གསོ་བྱེད་དགོས་ཚུལ་ཡང་ཡང་འཕྲོས་བྱུང་རུང་རེ་ཞིག་འཐེན་པ་ཡིན་ནའང་ད་ཆ་སེམས་ཅན་སྤྱི་མཐུན་ལས་འགོག་ཏུ་ཡང་མེད་ཅིང་། ལྷག་ཏུ་གཙུག་ལག་ཁང་ཡང་སྙིང་ཆོས་ནས་ཞིག་རལ་དུ་གྱུར་ན་མི་ལེགས་པ་བཅས་གཙུག་ལག་ཁང་རྙིང་པ་ལ་བཅོས་བསྒྱུར་ཅུང་ཟད་ཡང་མ་སོང་ཞིང་ས་རྡོ་རྙིང་པ་བོར་ཟག་མི་གཏང་བར་མི་བྱེད་དཀའ་མེད་ཀྱི་ཀ་གདུང་ཡོ་འཁྱོམས་བསྲང་བ་ཐིག་ཚག་བྱེད་དགོས་ལས་གཞན་འདི་སྣང་མཁས་འདོད་ཆེ་འདོད་ཀྱི་ནམ་དུ་ཡང་མི་རུང་བར་བཀའ་ཁྱབ་པ་དང་དེ་ཡང་ཞིང་སྐྱོང་རང་ནས་ལོ་མང་པོའི་སྔ་རོལ་ནས་ཀཿཐོག་གི་ཞིག་གསོ་ལ་བསྙད་པའི་རྒྱལ་ཁམས་ཐག་ལྟར་དུ་སྤྲན་ཆུ་ལྟར་དུ་ཉུལ་རྙེད་དགུ་བསྡུས་ཏེ་གཞག་ཀཿཐོག་གི་ཞིག་གསོ་རིག་འཛིན་ཆེན་པོའི་བཀས་མ་གནང་ཞེས་དཀོར་རྫས་བག་མེད་ཁྱིམ་གྱི་གསོ་སྦྲན་ལ་གཏང་ཞིང་གཙུག་ལག་ཁང་གི་རྐུན་བསྲུང་གི་དོ་གལ་ཙམ་ཡང་མི་བྱེད་པ་སྐབས་སུ་མི་ཆེ་བས་དེས་ན་དད་ཅན་གྱི་གཙུག་ལག་ལ་མི་དམིགས་ཏེ་ཕུལ་བའི་དཀོར་གཙུག་ལག་ཁང་གི་ཞིག་གསོར་མ་གཏང་ན་སྡིག་ལྟུང་མི་ཟད་པའི་རྒྱུར་ཆེ་བས་དེ་ཚེ་འདི་ལོ་ཞིང་སྐྱོང་ཅན་ནས་ཀྱང་ཅི་ཡོད་ངེས་པར་སྤུང་དགོས་དང་།

དབོན་བཀྲ་ཤིས་ཕུན་ཚོགས་ནས་སྔ་སོར་གཙུག་ལག་ཁང་གི་ཞིག་གསོ་གསོ་དགོས་ཚུལ་དོ་གལ་ཞུ་བ་དང་བབ་ཐོབ་ཡང་ཡོད་བཞིན་ཁོ་པ་ལུས་མི་བདེ་བ་མེད་ཚེ་སྐུ་ཞབས་ཡབ་སྲས་དང་ངེད་ཀྱི་ངོ་ཚབ་ཞིག་གསོ་འགོ་མི་ཁོང་ལ་བཀའ་ཡི་ཁྱབ་པ་དང་། གཞན་ཡང་སྡེ་དགེའི་སྐུ་ཚབ་ལས་བྱེད་འགོ་མི་ཞིག་ཡང་སྐུ་ཞབས་སི་ཏུ་རིན་པོ་ཆེ་ལ་བརྟག་པ་གང་འབབ་བཀའ་གྲོས་ཞུས་ནས་ཆོས་མཐུན་བློ་གཙང་ཞིག་སྟབས་བདེ་བྱུང་ན་འཇོག་རྒྱུ་ལེགས་འདུག་པས་དེ་ཡང་འོས་མིན་དགོངས་པར་དཔྱད་གནང་། འདི་ནས་ཀཿཐོག་ཞིག་གསོའི་མཐུན་རྐྱེན་འདི་ལོ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་དང་སྣེ་འདོམ་གྱི་མང་པོ་ཞིག་ཕུལ་རྒྱུ་མ་བྱུང་ཡང་བསླད་མེད་རྒྱ་དངུལ་བོད་དངུལ་འདྲེས་པ་སྲང་ཕྱེད་དང་ཉིས་བརྒྱ་དང་། དེ་ནས་ལྕམ་སྐུ་གཤེགས་ཀྱི་དགོངས་རྫོགས་སུ་དགོངས་པའི་སྐུ་རྒྱན་དངོས་གཙང་ཕོན་ཆེ་འདིར་གནང་འདུག་པ་ནས་ཕྱོགས་འདིར་བྲིམ་པ་ཕྲན་བུ་རེ་ཟུང་ལས་གཞན་རྣམས་འདི་ཕྱོགས་ལས་ཁམས་སུ་རིན་གོང་ཆེ་གཤིས་དེ་ཀར་ཕུལ་བ་འདི་ཀའི་རིན་ཐང་ལ་དཔག་ན་དེར་དངུལ་སྲང་བརྒྱ་ཕྲག་ཏུ་མ་འགྲོ་ངེས་སྙམ་པ་དེ་ཀཿཐོག་གི་ཞིག་གསོར་སྩལ་བ་དང་།

གཞན་ཞྭ་དམར་མཆོག་སྤྲུལ་དང་སྐུ་ཞབས་སི་ཏུ་རིན་པོ་ཆེ་ནས་སྤྱིར་རྣམ་དཀར་དགེ་བ་བྱེ་བྲག་རང་ཉིད་རྟེན་འབྲེལ་དབང་གི་ཁྲི་འདོན་གདན་སར་དགོངས་ཏེ་དངོས་ཆས་འོས་འཚམས་གནང་རྒྱུ་དང་། སླར་བལ་ཡུལ་ཞིག་གསོ་གྲུབ་མཚམས་འདི་ནས་ད་དུང་ཡང་ཅི་ནུས་ཕུལ་འདོད་སྟེ་གང་ཅིར་དེ་རྣམས་སྔར་ཞིག་གསོ་རྙེད་པའི་རྫས་ལྟར་མ་སོང་བར་ད་ལམ་ཞིག་གསོའི་རྒྱུར་འགྲོ་ངེས་དགོས་པ་དེ་ནས་བཀའ་ཡི་གནང་ཁྱབ་ནན་ཏན་ཡང་གལ་ཆེ་བས་དེ་ལྟར་དགོངས་བཞུགས་དང་། ལས་ཀའི་དོ་ཁུར་ཞིང་སྐྱོང་དཔོན་གཡོག་ནས་བྱེད་རྒྱུ་ལ་བདག་གི་བསྐུར་བའི་དངོས་པོ་རྣམས་དད་པ་ཅན་གྱི་རྫས་ཆུད་ཟོས་སོང་ན་མི་ལེགས་པས་དེ་ཕྱིར་ཆུད་ཟོས་ཅུང་ཟད་ཡང་མ་སོང་བ་ཞིག་གསོའི་རྒྱུར་འགྲོ་བའི་དེ་ཁུར་དེ་ནས་གནང་ཁྱབ་བཀའ་དྲིན་ཆེ་དགོས་ཞུ་རྒྱུ་གལ་ཆེན་དང་། འོན་ཀྱང་སྡེ་དགེ་སྐུ་ངོ་རྣམས་ཀཿཐོག་ཞིག་གསོ་ལེགས་པར་གྲུབ་ནས་རབ་གནས་ཀྱི་སྐབས་ངེས་པར་འབྱོན་ཞིང་རྟེན་འབྲེལ་བཟང་པོའི་སྒྲིག་ལུགས་དང་། དེ་མིན་ཞིག་གསོ་ཚུགས་ནས་མ་ཕེབས་ནས་ལེགས་པར་སེམས་ལ།

དེ་ཡང་སྤྱིར་གཙུག་ལག་ཁང་གི་རབ་གནས་འདི་ནི་གལ་ཆེ་ཞིང་གཟབ་དགོས་དང་། བྱེ་བྲ་མདོ་ཁམས་སྨད་དུ་ཀཿཐོག་རྡོ་རྗེ་གདན་དང་གཙང་ཁྲོ་གཉིས་པའི་གནད་ཟེར་ཆེས་ཆེ་བ་ཡིན་པས་ཀཿཐོག་གཙུག་ལག་ཁང་འདི་ཀཿཐོག་དམ་པ་བདེ་གཤེགས་ཀྱིས་བཞེངས་ཏེ་རབ་གནས་ཀྱི་སྐབས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བྱོན་ནས་རབ་གནས་མཛད་པར་གཟིགས་པ་དང་། གུ་རུ་པདྨ་སེང་གེ་སྒྲ་སྒྲོགས་སུ་སྤྲུལ་ནས་རབ་གནས་ལན་གསུམ་མཛད་པར་གྲགས་པ་སོགས་གཙུག་ལག་ཁང་འདི་ནི་བོད་སྤྱིའི་བདེ་ཐབས་རྟེན་འབྲེལ་ཆེ་ན་མདོ་ཁམས་སྨད་ཉེར་འཁོར་རྣམས་ལ་སྨོས་ཅི་འཚལ་བས། དེས་ན་རབ་གནས་སྐབས་ངེད་རང་དངོས་སླེབ་ཐུབ་ན་སྨོད་མེད་དང་། དེ་མིན་ཞྭ་དམར་མཆོག་སྤྲུལ་དང་སི་ཏུ་རིན་པོ་ཆེ་ཕེབས་ནས་རབ་གནས་མཛད་རྒྱུ་ཁོ་ན་ཅི་ཀྱང་གལ་ཆེ་སྟེ། རབ་གནས་སྐབས་སི་ཏུ་རིན་པོ་ཆེ་ནི་མི་ཕེབས་ཀ་མེད་བྱེད་དགོས་ཐུགས་ཀྱི་དཔེའུར་བསྟི་རྒྱུ་ལས་གཞན་ཚེ་འདིར་ཆེ་གྲག་ལོ་འདོད་མཁན་གྱི་རབ་གནས་སུ་རྫུས་པའི་ཟོལ་སྦྱོར་བྱས་ན་ཕྱོགས་དེའི་རྒྱལ་བསྟན་དང་། སྲིད་སྐྱོང་གི་མངའ་ཐང་མཐའ་དག་ལ་ངེས་པར་གནོད་ཚབ་ཆེ་བར་འགྱུར་བ་འདི་ནི་ཆགས་སྡང་གི་བསླད་པའི་རྫུན་སྦྱོར་སོགས་ཅུང་ཟད་ཡང་མིན་ངེས་མཆོག་གསུམ་དཔང་བཞག་ལགས་པས་དེས་ན་རང་རང་འདོད་ཁྱེར་དུ་མ་སོང་བ་དེ་ལུགས་དགོངས་པར་གཞིག་ཅིང་བཀས་ཁྱབ་པ་ཞུ། དེ་ཡང་ཞིག་གསོ་གྲུབ་མ་ཐག་རབ་གནས་བསྒྲུབ་དགོས་གལ་ཆེ་བས་དེ་ལུགས་སྐུ་ཞབས་སི་ཏུ་ལ་སྙན་འབུལ་ད་ལྟ་ནས་ཞུ་དགོས། ངེད་འདིར་བྲལ་གཡེང་ཆེས་ཆེ་བས་སྡེ་དགེ་ལྷ་བླ་མའི་དྲུང་ལྕམ་དྲལ་ལ་ད་ལམ་འཚམས་འདྲི་ལས་གནས་ཚུལ་ཞིབ་མོ་ཕུལ་མ་ཐུབ་སོང་བས་དེ་ནས་གནང་འོས་གསུང་གི་ཁྱབ་པ་ཡང་འཚལ།

ཀཿཐོག་སྐུ་འབུམ་རིང་མོ་འདི་དམ་པ་གོང་མ་རྣམས་ཀྱི་གཟིགས་ངོར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང་མཉམ་པ་ཞེས་གསུངས་ཤིང་སྔར་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཞལ་བཞུགས་པ་མེ་སྤྲུལ་ལོར་ངེད་ཀྱང་ཁམས་སུ་མྱུར་འབྱོར་ཞིག་གསོ་འཕྲལ་འགྲུབ་བྱེད་རྒྱུའི་རྩིས་བྱས་ནས་ཤིང་ཡང་ཕོན་ཆེ་བཏུ་བར་མཛད་ཀྱང་ངེད་བོད་ཕྱོགས་སུ་འགོར་ཆེས་རིམ་འགྱང་གི་ད་བར་འགྲུབ་པ་ཞིག་མ་བྱུང་ཡང་དེ་ལ་རེ་ཞིག་ཐིག་ཚག་སོགས་ཞིག་རལ་དུ་མ་སོང་ཞིང་རྐུན་བུས་ནང་རྫོང་མི་བླང་བའི་བསྲུང་ཆ་ཙམ་ཀཿཐོག་གི་དབང་ཐང་སྟེང་ནས་དཀོར་རྫས་ལ་སྤྱོད་པ་རྣམས་ཀྱང་བྱས་དགོས་རྒྱུར་སྣང་བ་ཀུན་ལ་གསལ་ཡང་། དེ་ཡང་ཇི་ལྟར་བྱས་ཡོད་དགོངས་པར་དངས་བ་ཡོད་པ་གཞིར་བཅས། དེ་ཕྱིན་ཞིག་རལ་རྐུན་ཤོར་མེད་པ་བཀས་ཁྱབ་པ་ཞིག་ཅིས་ཀྱང་མཁྱེན་མཁྱེན་ཞེས་དགུ་ལྡན་དུ་གསོལ་བ་སྟེ། ཞིག་གསོ་དངོས་ཡབ་རྗེ་ཆོས་རྒྱལ་དེ་ཉིད་ཀྱི་ཞལ་བཞེས་ངེད་རང་ནས་དོ་གལ་དུ་དམིགས་པར་བྱེད་གཤིས་ངེད་རང་སླེབ་ན་དང་དེ་མི་ངོ་ཚབ་ཞིག་གཏང་ནས་སི་ཏུ་རིན་པོ་ཆེ་ལ་གསོལ་ནས་ཞིག་གསོ་བྱེད་འདོད་ཡིན་པས་དེ་ལུགས་དགོངས་པར་འཇུག་པ་ཅི་ནས་ཀྱང་ཞུ་ཞུ་ཞུ།

ཀཿཐོག་གི་གྲུབ་མཐའ་སོགས་ལར་རྒྱའི་སྐོར་ཉིད་ནས་ཟུར་དུ་ཡི་གེ་གནང་འདུག་པ་ཡིད་ལ་ངེས་ཤིང་དེ་ཡི་ལན་གསལ་ཟུར་དུ་ཕུལ་ཡོད་པ་དགོངས་པའི་དཔེའུར་བསྟི་བ་ཞུ།. གཞན་དེ་ཀར་སྐུ་རིམ་བསྒྲུབ་འོས་དང་བརྟག་པའི་སྐོར་སོགས་ཀྱང་ཟུར་དུ་ཕུལ་ཡོད་ལ། དེ་ལྟ་ན་ཡང་བརྟག་པ་ཞེས་ལྐོག་འགྱུར་གྱི་གནས་ཚུལ་ཇི་བཞིན་དུ་རྔོ་ཐོགས་པ་ནི་མ་དག་གདོས་བཅས་ཀྱི་ཕུང་པོ་དག་པ་ཡེ་ཤེས་སྒྱུ་མའི་སྐུ་མི་འགྱུར་བདེ་བ་ཆེན་པོའི་ས་ལ་ཕྱོགས་ཀྱི་བར་ཉོན་སྒྲིབ་མ་སྤང་ལས་སྣང་དང་འདྲེས་པའི་དབང་གིས་ཇི་བཞིན་རྟོགས་པར་དཀའ་བས། དེས་ན་རྒྱལ་བ་ཡབ་སྲས་སོགས་སྐྱེས་ཆེན་དམ་པར་གྱུར་པ་རྣམས་ལས་ངེད་ལྟ་བུ་ལས་དང་པོ་པའི་རྣལ་འབྱོར་ཞིག་གིས་རྔོ་མི་ཐོགས་མོད། དེར་མ་ཟད་ལྐོག་གྱུར་གྱི་གྲུབ་པའི་ས་ལ་བཞུགས་པ་ནི་མང་དུ་ཡོད་པ་གཞིར་བཅས། སྔོན་གྱུར་ནི་དུས་ཀྱི་དབང་གིས་ཕྱོགས་གང་དུ་ཡང་དཀོན་ཙམ་ཡོད་པ་འདྲ། དེས་ན་འདི་རིགས་སྔར་རང་ཉིད་ན་ཚོད་གཞོན་ནུ་དུས་ཆོས་བརྒྱད་དཀོར་གྲིབ་མ་ནོན་སྐབས་གསལ་སྣང་ཤར་བ་གཞན་ལ་ཅུང་ཟད་སྨྲ་ཡི་ཡོད་རུང་དུས་ཕྱིས་དཀོར་གྲིབ་ཀྱི་ཆུང་ངུའི་སྐབས་ལྟར་མི་གསལ་བར་མི་ཟད་དེ་ཡང་ཐོ་ཅོར་སོང་དོགས་ཤས་ཆེར་མི་སྨྲ་བ་དམ་བཅས་པ་ཡིན་ཡང་།

ད་ལམ་ཆ་ཅུང་ཟད་ཞིབ་ཁུལ་དུ་ཕུལ་བ་ཡང་དགོངས་པར་འཇུག་ཞུ་ལ། ལར་རྣལ་འབྱོར་བྱ་བྲལ་སྨྱོན་པ་རྒྱལ་ཁམས་པ་ཞིག་ནམ་འཆི་ཆ་མེད་སྣང་བ་གདོང་འདེད་གང་ཤར་གཏད་མེད་ཧར་སང་ཡན་པ་བློ་བདེའི་སྤྱོད་པ་སྐྱོང་བ་ཞིག་དེ་ལ་ངེས་ངེས་དང་ཏིག་ཏིག་ག་ལ་ཡོང་། འདུས་བྱས་ཀྱི་རང་མཚང་མ་སྟོན་ཚེ་མདོ་ཁམས་ཀྱི་ཕྱོགས་སུ་སླེབས་ཤིང་འཕྲད་པར་ཡང་སྙིང་ནས་སྨོན་ལ། འདི་ཕྱི་བར་དོ་ཀུན་ཏུ་དགེ་བའི་སྐྱབས་འཇུག་བསྲུང་བའི་འཁོར་ལོ་ཡང་དག་པར་བགྱིད་པ་ཡང་དགོངས་པའི་དོ་རར་འཇུག་པ་ཞུ་ཞུ། ཞེས་རྟེན་མཚོན་བྱེད་ཁོ་ནར་ལྷ་ཡི་གོས་རྣམ་པར་དཀར་བ་སྲིད་དུ་རིང་བ་དང་། ཡུལ་སྟོད་ཧོར་བྷ་ལག་ཁ་ནས་བྱུང་བའི་གསེར་གྱི་ཀཪྴ་པ་ན་རྒྱལ་སྲིད་རིན་པོ་ཆེའི་གྲངས་ལྡན་སྔགས་ཀྱི་ཡང་དག་པར་བྱིན་གྱིས་བརླབ་པའི་ཕུར་མདུད་ཟུང་བཅས་ཟླ་ཚེས་དགེ་བ་ལ་མར་ཡུལ་ཧེ་མིའི་ལྗོན་ཤིང་གི་ར་བ་ནས་སྤེལ་བའི་ལི་ཁི་ཏཾ་སརྦ་མངྒ་ལཾ།

༈ ལྷ་ལས་བབ་པ་མི་ཡི་རྗེ་བོར་གང་གི་སྙན་དབང་རིན་པོ་ཆེར་གསོལ་འོས།

ཀཿཐོག་སྒྲུབ་མཐའི་སྐོར་སོགས་ཕེབས་པ་དེ་ཡང་ཀཿདམ་པ་བདེ་བར་གཤེགས་པ་དེ་དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པར་ཞལ་གྱིས་བཞེས་ཤིང་ཁྱད་པར་མ་འོངས་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་དུ་སངས་རྒྱ་བར་མི་འཇིག་བདེན་པའི་ཚིག་གི་གསུང་བ་ས་བཅུའི་མགོན་པོ་ཉིད་དུ་གྲུབ་པ་དེ་ནི་དཔལ་ཕག་མོ་གྲུབ་པ་དང་མ་སྤུན་ངོ་ཐོག་ཡིན།

རྩ་བའི་གྲུབ་མཐའི་འཇུག་པ་ཛམ་འགྲོ་བའི་མགོན་པོ་ཞེས་མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་ལ་ལྷག་པར་མཁས་པ་དེ་ལ་ཐུགས་བསྙེན་རྫོགས་ཞུ་པ་ཡང་ཁོང་ཡིན་སེམས་ངོ་ཡང་དེར་འཕྲོད་པས་རྩ་བའི་བླ་མ་དེ་ལ་མཛད། གཞན་ཡང་མ་གཅིག་ཞ་མ་སོགས་གསར་རྙིང་རིས་སུ་མ་ཆད་པའི་བླ་མ་མང་དུ་བསྟེན། ལམ་འབྲས་སོགས་མན་ངག་གི་བཀའ་ལུང་དང་། བདེ་མཆོག དགེས་རྡོར། གདན་བཞི་སོགས་གསང་སྔགས་གསར་མའི་རྒྱུད་ལ་ཡང་གསན་པ་ཤིན་ཏུ་ཆེ། ཕག་མོ་གྲུབ་པ་དང་ཕར་སློབ་ཚུར་སློབ་མཛད། ཀརྨ་དུས་གསུམ་མཁྱེན་པའི་ཚེས་བཅུའི་ཚོགས་མཆོད་བྱིན་བརླབས་ཀྱི་དཔའ་བོ་མཁའ་འགྲོ་ཚིམ་ཚུལ་ལ་དགྱེས་པས་དབང་བསྐུར་གསན་ཏེ་རྗེས་སྔར་མཆེད་གྲོགས་ཕྱིས་སློབ་མ་གཤེགས་པའི་འོག་ཏུ་ཀཿཐོག་གི་གདན་སར་རྒྱལ་ཚབ་དུ་གྱུར་པ་གཙང་སྟོན་འགྲོ་བའི་མགོན་པོ་དང་། འགྲོ་མགོན་སངས་རྒྱས་རས་ཆེན་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ་འགྲོ་མགོན་རས་ཆེན་གྱི། གཙང་སྟོན་ལ་རྫོགས་ཆེན་གྱི་ཆོས་ཀྱང་མང་དུ་གསན་པ་གྲགས་ཆེ། གཙང་སྟོན་གྱི་གདན་ས་བ་བྱམས་འབུམ་དང་རྒྱལ་སྲས་སྤོམ་བྲག་པ་དག་ཐུགས་ཡིད་གཅིག་འདྲེས་ཡིན། དཔལ་ཀརྨ་པཀྴིས་ཀྱང་བསྙེན་རྫོགས་ཞུ་ས་སྤྱན་སྔ་བྱམས་པ་འབུམ་ལ་མཛད་མདོ་རྒྱུད་སེམས་ཀྱི་ཆོས་ཀྱང་མང་དུ་གསན།

རྗེ་མི་བསྐྱོད་ཞབས་ཀྱི་དུས་མཁྱེན་ནས་ཀརྨ་པཀྴིའི་བར་དོན་བརྒྱུད་ཀྱི་ཆུ་བོ་དམ་གཙང་བྱམས་གསུམ་འདྲེན་འོས་ཞེས་གསུང་ཚེར་ལུང་དྲུང་པ་ཀུན་དགའ་རྣམ་རྒྱལ་གྱི་ཀཾ་ཚང་སྙན་བརྒྱུད་ཆོས་འབྱུང་དུ་བྲིས་སྣང་ཀཿཐོག་ནམ་མཁའ་རྡོ་རྗེས་ཀརྨ་པ་རོལ་པའི་རྡོ་རྗེ་ལ་རྫོགས་ཆེན་མཁའ་འགྲོ་སྙིང་གི་ཁྲིད་ཞུས་དེ་ཡི་བརྒྱུད་པ་ནི་ལམ་འབྲས་སྩལ་ནས་རྒྱལ་སྲས་ལེགས་ལྡན་རང་བྱུང་རྡོ་རྗེ་སྔགས་འཆང་གཡུང་སྟོན། དེར་རོལ་པའི་རྡོ་རྗེ་ལ་ཡིན། དེའི་དབང་ལུང་གི་རྒྱུན་ཡང་མ་ཆད་པར་གྲགས་ཆེ་ཞིང་ཁོ་བོས་ཁྱང་ཁུམ། དེས་ན་ཀཿཐོག་ཀཾ་ཚང་གདོད་ནས་བསྟན་རྒྱུན་གཅིག་ཏུ་གནས་པ་ནས་སྔར་ཡེ་ནས་མ་འདྲེས་པ་ཞིག་ངེད་ཀྱི་བློ་བཟོས་གསར་དུ་བསྲེས་པ་མིན། ད་ནི་དུས་ཀྱི་དབང་གིས་ཀཿཐོག་འདི་རང་བཞིན་དེ་གར་གཞག་ནས་སྙིགས་དུས་འགྲོ་བ་བསླུ་བྱེད་ཀྱི་ཟོག་པོ་གྲུབ་རྫུན་གཏེར་རྫུན་ལོག་འདྲེས་ཁྱེར་དམ་ཉམས་ཀྱི་ཆོས་རྒྱུད་དང་འདྲེས་ནས་ངེས་དོན་སྙིང་པོའི་བསྟན་པ་ལ་ཚབ་ཆེན་གྱི་གནོད་པར་དོགས་ནས་བསྟན་འགྲོ་སེམས་ཅན་ལ་བློ་ཡི་མ་བཟོད་ནས་བདག་གི་ངོ་ཁུར་བྱས་ཏེ་ཞྭ་དམར་བ་དེ་ཉིད་སྐྱེ་བ་ཉི་ཤུ་རྩ་གཅིག་གི་བར་སྤྲུལ་སྐུ་འཁྲུལ་མེད་རིམ་ཅན་དུ་འབྱུང་བ་ཨོ་རྒྱན་པདྨའི་ལུང་སྔར་གྱི་གཏེར་རྙིང་རྣམས་སུ་ཡོད་པ་ཐོས་པས་དེས་ན་ཞྭ་དམར་བ་ཁྲིད་མངའ་གསོལ་ཏེ་རྟག་ཏུ་བཞུགས་ཐུབ་མིན་ཅི་ལྟར་ཡང་མཚན་སྐྱོང་མཛད་ན་ཆོས་ལོག་དྲི་མ་ཅན་གྱི་འཕྲལ་དུ་མི་འཇིག་པ་ཞིག་ཡོང་ངམ་སྙམ་པའི་རེ་བ་ཡིན། ཀཿཐོག་རྙིང་མའི་ཆོས་ལུགས་ཀར་ལུགས་སུ་ག་ལ་བསྒྱུར། ཀརྨ་པ་ཡབ་སྲས་ནི་སྔར་ནས་ཀྱང་དཀར་བརྒྱུད་རྙིང་མ་དབྱེར་མེད་ཡིན་ཅིང་ད་དུང་ཡང་ཀ་ཀཾ་གྲུབ་མཐའ་དབྱེར་མེད་ལས་གཅིག་ཤོས་སྤང་ནས་གཅིག་ཤོས་སུ་འཇུག་པ་མ་ཡིན་མོད། དེས་ན་ཞྭ་དམར་བ་ཀཿཐོག་གི་ཁྲིར་བཀོད་པ་འདི་ནི་ཤེས་ལྡན་གཟུར་གནས་ཐམས་ཅད་ཀྱི་འོས་ཤིང་འཐད་པ་ཅིས་མི་མཛད།

འོན་ཀྱང་ཀཿཐོག་དགོན་གྱི་བླ་མའི་མིང་གཡར་ནས་དཀོར་རྫས་ལ་ཧབ་ཤ་བྱེད་པ་རྣམས་ཀྱི་བློ་ལ་ནི་རང་གཞན་ཕུང་བར་མ་ཤེས་པས་ཟ་ཐང་དཀོར་ལ་རྔམ་རྒྱུ་མ་བྱུང་དོགས་རྒྱུད་དྲག་ཏུ་འཁྲུག་སྟེ་མི་སྐྱ་ཨར་ཇག་རྐུན་མ་མནོ་ཤེས་ཀྱི་བསམ་སྦྱོར་ཙམ་ཡང་མ་གནས་པར། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྐུ་ལ་བོད་རྡོ་བའི་ཁས་ལེན་པ་འཚོལ་བ་སོགས་དཀོར་ཟས་ཟ་བ་ལ་འཁྲན་ཏེ་མི་ཟད་སྡིག་པ་མཚམས་མེད་ཀྱི་ལས་ལ་ཡང་མི་ཚོམ་མེད་པར་འཇུག་འདོད་དེ་རྣམས་ཀྱི་ངང་ཚུལ་བདག་གིས་རྒྱང་རིང་ནས་ཞུ་མ་འཚལ་གྱི་དེར་སྙན་དུ་དངས་ཤིང་ཐུགས་སུ་གསལ་བ་གོར་མ་ཆག་པས་མཚན་ཉིད་ཅི་འདྲ་ཞིག་ཡིན་འདུག་དེས་ཀྱང་མཁྱེན་པར་འགྱུར་བར་ངེས། ཞིང་སྐྱོང་རང་ཉིད་ངོ་བོ་བཟང་ངན་ཅི་ལྟར་ཡིན་ནི་བདག་གི་ཁ་ཚོན་ག་ལ་གཅོད་བཟང་པོ་ཡིན་ཉན་ཡོད། ཀཿཐོག་གི་བསྟན་པ་ལ་ནི་ཕན་པ་ཆེར་མི་འབྱུང་བའི་ལྟས་སྔར་ནས་ཀྱང་ཤར་མོད། ད་ལྟ་ཁོ་པ་གདན་སར་འཁོད་ནས་ཡུན་དེ་སྙེད་ལ་དགེ་འདུན་གྱི་སྡེ་ཅི་ཙམ་འཕེལ། ཐོས་བསམ་བསྒོམ་པའི་གྲ་ཅི་ཙམ་ཚུགས་དངོས་གསལ་དང་གཙུག་ལག་ཁང་ཞིག་གསོ་སྒྲགས་ཏེ་རྒྱལ་ཁམས་ཀྱི་ཡོ་བྱད་བསྡུས་ཚེ་འདིའི་ཁེངས་གྲགས་ཀྱི་ཆེད་དུ་ཁྱིམ་གྱི་སོ་འཛིན་ལྕགས་མདུད་ཇག་དཔོན་གྱི་བུ་མོ་བླང་།

དེ་བཙན་པར་རེ་བ་ཡིན་འདུག་ཀྱང་དོན་རང་རང་བསོད་ནམས་དང་བྱིན་རླབས་ཀྱི་མཐུ་མེད་ན་ལྕགས་མདུད་དང་གཉེན་བསྡེབ་བྱས་པས་ག་ལ་སྐྱོབས་ཕཊ་ཅི་དགའ་བགྱིས། དགོས་ངེས་ཀཿཐོག་གི་གཙུག་ལག་ཁང་ལ་ཞབས་ཏོག་ཅུང་ཟད་ཡང་མ་བྱུང་བར་མ་ཟད་དམ་པ་བདེ་གཤེགས་ནས་སྔར་བླ་རབས་ཇི་སྙེད་མི་ལོ་བདུན་བརྒྱར་ཉེ་བའི་རིང་གཙུག་ལག་ཁང་ལ་ཞིག་རལ་ཕྲན་བུ་ལས་མ་བྱུང་ན་ཁོ་པ་གདན་སར་བསྡད་ནས་ཞིག་རལ་སྔར་མི་གྲགས་ཡོང་བ་འདི་ལྟ་དང་། དེ་བཞིན་བླ་རབས་གོང་མ་རིམ་ཅན་གྱི་སྐུ་གདུང་མཆོད་རྟེན་སྐུ་འབུམ་རིང་མོར་གྲགས་པ་བྱིན་བརླབས་ཀྱི་གཟི་འོད་མཆོག་ཏུ་འབར་བ་དེ་རྣམས་སྔར་ནས་ད་ལྟར་ཐུགས་ནང་རྫོང་བླང་བ་མ་ཐོས་ན་དེང་དུས་བཀུར་སྟི་ཞབས་ཏོག་མེད་པའི་ཁར་རྐུན་བསྲུང་གི་དོ་གལ་ཙམ་ཡང་མ་བྱས་ནས་མཚམས་མེད་སྤྱོད་པ་ལ་དགའ་བའི་རྐུན་མ་རྣམས་ཀྱི་ནང་རྫོང་བླང་ནས་རྒྱལ་ཁམས་སྤྱི་བྱེ་བྲག་མི་ཤིས་པའི་རྒྱུར་བྱས་པ་དེ་རྣམས་ཡ་རེ་ཆ། ཀཿཐོག་དགོན་རྙིང་དེ་སྔར་དམ་པ་བདེ་གཤེགས་ཉིད་ཀྱི་ཡང་ཐུགས་ཀྱི་གནས་སུ་དགོངས་ནས་འདིར་སྒྲུབ་སྡེ་ཚུགས་ན་ཀཿཐོག་གི་བསྟན་པ་ཆེས་དར་ཞེས་གསུང་ཞིང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཀྱང་དེ་ལྟར་བསྔགས་ཤིང་། བུ་འབོར་བ་བཀྲ་ཤིས་རྒྱ་མཚོའི་སྐབས་སུ་བསྒོམ་གྲ་ཐོ་རེ་བ་ཡོད།

དེ་རྗེས་རིག་འཛིན་གར་གྱི་དབང་ཕྱུག་གི་ལུང་གིས་གཙང་ཆེན་བཛྲ་ཧེ་རུས་བླ་བྲང་གི་རྨང་གཏིང་དེ་རྗེས་རང་རེའི་ཡབ་མེས་སམ་ཁུ་བོ་བླ་མ་རིམ་ཅན་དུ་བྱོན་ནས་བསྒྲུབ་པའི་སྡེ་ཡང་དག་འཛུགས་པར་མཛད་པ་དེ་ཡང་དཀོར་ཟས་ཟ་བ་ལ་རིང་ནས་རྩ་ལག་ཏུ་བཏང་བ་སོགས་བསྟན་པ་ལ་ཕན་མིན་ནི་ད་ཆ་ངེད་ཀྱི་གསར་དུ་བརྗོད་མ་དགོས་པས་དེས་རྟོགས་པར་འགྱུར། དོན་དུ་ནི་ཆོས་དང་མི་མཐུན་པའི་སྤྱོད་པས་དཀོན་མཆོག་དང་བསྲུང་མ་རྣམས་མ་དགྱེས་ཏེ་གཙུག་ལག་ཁང་ཞིག་གྲུམ་གྱི་རབ་གནས་བྱིན་བརླབས་ཉམས་ནས་ཕྱོགས་དེར་མི་དགེ་བའི་དབུ་ཚུགས་པར་མངོན་ཏེ་རྟེན་འབྲེལ་སྒྲིགས་ཕྱོགས་མ་མཁས་ན་དེ་ཡི་མཚན་ཉིད་རིམ་པར་སྟོན་པར་འགྱུར་གྱིས་འདིར་མང་དུ་སྨྲ་མ་དགོས། ཀཿཐོག་གི་དགོན་གནས་བར་སྐབས་རྟེན་འབྲེལ་ཉམས་པ་དེ་ཅུང་ཟད་སོར་ཆུད་པར་རེ་ནས་ཞྭ་དམར་ཡབ་སྲས་ཀཿཐོག་གི་ཁྲིར་མངའ་གསོལ་བ་ལ་ཁོ་པ་རྣམས་ཀྱི་མཛད་ཚུལ་དེ་འདྲ་ཞིག་གི་ཕྱོགས་དེར་ཕན་བདེའི་བརྩས་སུ་འགྱུར་ཐབས་ཀྱི་རྟེན་འབྲེལ་ད་ནི་ཤིན་ཏུ་སྒྲིག་དཀའ་བ་ཉིད་དུ་སོང་འོན་ཀྱང་སྔར་དབང་ཆོས་ཀྱི་འབྲེལ་པ་འདྲ་གསན་ཚར་ན་མི་བདེ་བཏང་སྙོམས་སུ་བོར་བ་ལས་གནོད་འཚེར་འགྲོ་བ་ནི་གནང་མི་རུང་སྟེ། ཇི་སྐད་དུ་མདོ་དགོངས་པ་ལུང་སྟོན་ལས། གལ་ཏེ་དམ་པ་མ་ཡིན་ཀྱང་། །དམ་པའི་ཚུལ་དུ་བསྙེན་ཟིན་ན། །

རྗེས་སུ་དེ་ལ་སྨོད་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། །ཞེས་པ་ལྟར་དགོངས་ཟབ་ཏུ་བསྟི་བ་དང་། སྔར་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་སྐབས་ནས་ངེད་ལ་ཀཿཐོག་གི་བསྟན་པ་ལ་བྱ་བ་བགྱིད་དགོས་སོགས་ཡོང་དགོས་ཚུལ་ཡང་ཡང་ཕེབས་ཤིང་རང་གི་ཡང་རྩ་བའི་བླ་མའི་འཕྲིན་ལས་སྒྲུབ་པའི་ཆེད་དང་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་སྔ་ཕྱིར་ཀཿཐོག་གི་གདན་སར་སྡོད་དགོས་ཚུལ་བཀའ་ནན་དང་། ལྷག་ཏུ་ཆུ་སྟག་ལོར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནས་སེང་གེའི་ཁྲིར་མངའ་གསོལ་གདན་སར་སྡོད་པར་བཀའ་སྩལ་ཡང་། རེ་ཞིག་དབོན་པོའི་རི་ཁྲོད་དམ་ཕྱོགས་མེད་རྒྱལ་ཁམས་སུ་གཞན་ཕན་ཆེ་བར་ཤེས་ཏེ་བཀའ་ཡི་གནང་བ་ནན་ཏན་ཞུས། དེ་ན་དེ་ཡི་ཐུགས་ཀྱི་དགོངས་པ་ཡང་དག་པར་བསྐང་བའི་ཆེད་དུ་མདོ་ཁམས་ཕྱོགས་སུ་ཡོང་རྒྱུར་བྱས་ཀྱང་རྣམ་འདྲེན་སི་ཏུ་རིན་པོ་ཆེ་དང་ཚེ་རབས་ཡུན་དུ་འགྲོགས་པར་སྙིང་ནས་དམ་བཅས་བཞིན་ཀརྨ་པ་ཡབ་སྲས་ཀྱི་འཕྲིན་ལས་ཆེད་དུ་བོད་ཕྱོགས་སུ་ཡང་ཡུན་རིང་ཞིག་འགོར།

ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཞི་བར་གཤེགས་ནས་ཀྱང་ལྷ་བཙུན་བླ་མའི་དྲུང་ཞི་གཤེགས་དང་སྐུ་མཆེད་ཚང་མ་ལྷག་ཏུ་ཉིད་ནས་ཀྱང་ནན་བསྐྱེད་ཀྱི་ཡོང་དགོས་ཚུལ་ཕེབས་ཀྱང་སྔ་སོར་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཞིག་གསོ་དང་ད་ལྟ་ནི་སྟོད་ཧོར་གྱི་དམག་དཔུང་ཞི་བའི་ཆེད་དུ་དང་། འདི་ནས་ཀྱང་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཞིག་གསོའི་ཆེད་དུ་འགྲོ་རྒྱུ་སྟེ་འདུས་བྱས་ཀྱི་ཆོས་མི་རྟག་པས་དེ་ཡི་རང་མཚང་ཕྲལ་དུ་མ་བསྟན་ཚེ་མདོ་ཁམས་ཕྱོགས་སུ་སླེབ་པའི་མོས་འདུན་ཅི་ནས་ཀྱང་བགྱིད་ལ། འདིའི་རིང་ཀཿཐོག་གི་ལར་རྒྱའི་མཚན་སྐྱོང་ཞྭ་དམར་བས་མཛད་ན་ལེགས་ཚུལ་གོང་དུ་སྨོས་ལྟར་ལགས་ཤིང་། ཞྭ་དམར་མཆོག་སྤྲུལ་རྒྱལ་ཁམས་ཀུན་ཏུ་འཕྲིན་ལས་སྐྱོང་དགོས་ཀྱི་ཀཿཐོག་རང་དུ་རྟག་སྡོད་ཀྱི་རྒྱལ་ཚབ་འཕྲིན་ལས་པ་ཞིག་ཀྱང་དགོས་པར་སེམས་པར་སླར་ཞྭ་དམར་མཆོག་སྤྲུལ་སྐུ་ཞབས་སི་ཏུ་དང་ཉིད་ཅན་མོལ་བསྡུར་བྱས་ནས་འཇོག་རྒྱུ་བྱུང་ན་དེ་བཞིན་བགྱིད་རྩིས་མདོ་ཕུག་མེད་པར་གསོང་པོར་གསོལ་བ་ལགས། གཞན་དེ་བྱ་བྲལ་རྒྱལ་ཁམས་པ་ནི་ན་ཚོད་གཞོན་དུས་སུ་འཆི་བ་སྙིང་ནས་དྲན་ཏེ་དགོས་མེད་ཞེན་ལོག་གི་འདི་སྣང་གི་བྱ་བ་གཏོང་རྒྱུའི་ཁུལ་བྱས་ན་རྣལ་འབྱོར་འཆི་ཁ་མ་ཞིག་གི་ཀཿཐོག་གི་དགོན་གནས་ལ་བདག་འཛིན་ཞེན་སྲེད་ཀྱི་དགོས་པ་ཅུང་ཟད་ཡང་མ་མཆིས་ཏེ་ད་ལྟ་དགོན་གནས་དང་གྲྭ་འཁོར་དགོས་ན་ཕྱོགས་དང་ཕྱོགས་མེད་ཀུན་ཏུ་ཅི་དགར་སྤྱོད་ཆོག་པ་མངོན་སུམ་འདི་ཀ་ལགས། ལར་སྡེ་དགེ་རྒྱལ་པོ་རང་ཉིད་ཀྱི་བླ་ཡང་ཀཿཐོག་གི་དགོན་པར་ཆགས་པ་ལྟར་སྣང་བས་དགོན་པ་དེ་འཛིན་པའི་བླ་མ་ཚད་ལྡན་དང་། དར་རྒྱས་ཅི་ཆེ་ཡི་དགོངས་པ་གཏད་དགོས་རྒྱུར་འདུག ཀཿཐོག་གི་གཙུག་ལག་ཁང་འདི་ཆེས་རྙིང་པ་སྐྱེས་ཆེན་དམ་པ་བརྒྱ་ཕྲག་དུ་མས་བྱིན་གྱིས་བརླབས་ཤིང་རབ་ཏུ་གནས་པར་མཛད་པ་ཞིག་གསོ་གནད་སྨིན་མ་བྱུང་ཚེ་བྱིན་བརླབས་ཡལ་ཏེ་རྒྱལ་ཁམས་སྤྱི་བྱེ་བྲག་པ་མ་ཤིས་པའི་རྒྱུར་དོགས་སྔར་འཐེན་པར་བྱས་པ་ཡིན་ཡང་ཀཿཐོག་འཛིན་ཁུལ་རྣམས་ནས་བཟོ་སྐྱོར་བྱེད་རྒྱུ་ཡིན་ཚུལ་སྔ་ཕྱིར་ཡང་ནས་ཡང་དུ་ལན་གཅིག་མིན་པར་ནན་བསྐྱེད་ཆེ་བ་བྱུང་གཤིས་སྤྱི་མཐུན་གྱི་ལས་འགོག་དཀའ་དང་ལྷག་ཏུ་གཙུག་ལག་ཁང་ཞིག་རལ་འགྱེལ་ཚབ་ཆེ་ན་མི་ལེགས་པ་ཡི་ད་ཆ་ཞི་གསོ་བྱེད་འདོད་ཡོད་པ་རྣམས་དམ་ཅན་ཁང་སོགས་བླ་བྲང་གཙུག་ལག་ཁང་སྐོར་མི་བཅོས་ཀ་མེད་ལ་ཞིག་གསོ་ཆོག་པར་བཀའ་གནང་རྒྱུ་ཞུ་ཡིག་མ་མོར་གསལ་ལྟར་དང་། གཙུག་ལག་ཁང་གི་རྟེན་གཙོ་བྱང་ཆུབ་ཆེན་པོའི་བཞུགས་གནས་དེར་ཆུ་ཤོར་བ་དང་། ཐིག་པས་མ་བརྡུང་ཙམ་ལས་ཡོ་འཁྱོམ་ཐོག་སྟིབ་པ་སོགས་མེད་ཕྱིན་གསར་བཅོས་མ་མཛད་ན་སྙམ་ཞིང་།

ངེས་མེད་གསར་བཅོས་བྱེད་དགོས་བྱུང་ཡང་ནང་གི་ལྷ་སྐུ་སོགས་རིས་ལ་སྐྱོན་མེད་ཅི་ནས་ཀྱང་མཛད་དགོས་སྙམ་ཡང་ངེད་ཀྱི་ཞིག་གསོ་བཀས་མ་གནང་ཞེས་དེ་ལ་ཐིག་ཆགས་ཙམ་ཡང་མ་བྱས་ནས་ད་ལྟ་ཐིག་པས་ཀྱང་ཅུང་ཟད་རྐྱེན་བྱས་ཚུལ་ཐོས་པས་སྙིང་འདར་ཡང་བདག་ནི་ས་ཕྱོགས་འདིར་གནས་བྱ་ཐབས་ཀྱི་དབེན་པ་ཉིད་དུ་གྱུར་ཀྱང་། ཉིད་ནི་སྤྱིར་མདོ་ཁམས་སྨད་ས་ཡི་དཀྱིལ་འཁོར་ཕལ་ཆེར་ལ་དབང་བསྒྱུར་ཞིང་ལྷག་ཏུ་ཀཿཐོག་གི་མངའ་བདག་སྦྱིན་བདག་དངོས་གཞི་ཡིན་ན་འཇིག་རྟེན་གསུམ་ན་དཀོན་པའི་རྟེན་དེ་དག་འཇིག་པར་འཕང་པས་བཀའ་ཡི་ཁྱབ་པ་ཅི་ནས་ཀྱང་ཞུ་རྒྱུའི་སྙིང་པོ་ཞིག་ལགས། སྐུ་འབུམ་རིང་མོར། ལྕམ་གྱི་དགོངས་རྫོགས་རྟེན་ཞིག་གསོའི་རྒྱུར་སླར་དེར་ཕུལ་རྒྱུ་རྣམས་ཀྱང་ཞིག་གསོ་ལས་བྱེད་པ་ནས་ཕམ་ཚོང་སྤུས་གཞག་ཏུ་མ་སོང་བ་རིན་ཐང་ཚད་ལྡན་ཞིག་གསོར་ཕན་པ་དགོས་ཚུལ་བཀའ་ཡི་ཁྱབ་པ་ཡང་ཞུ་ཞུ་ཞུ།

གོང་གི་ཀཿཐོག་གི་གནས་ཚུལ་དེ་རྣམས་ཀྱང་སྔར་ནས་ཤེས་རུང་གཞན་གྱི་ཀུན་བསླང་ཉིད་དུ་སེམས་དཔའ་ལས་མི་ཡོང་འགྲོ་སྙམས་ནས་མ་སྨྲས་པ་ད་ཆ་གཟུར་གནས་དྲང་པོའི་ངག་གིས་ཆ་ཙམ་ཞིག་གསོལ་བ་དེ་རྣམས་ཀུན་བླངས་ཚིག་གི་སླད་པ་ནི་ནམ་ཡང་མེད་དེ། མཚན་ཉིད་ཇི་བཞིན་ད་དུང་རིམ་པས་རྟོགས་པར་འགྱུར་བར་ངེས། དེས་ན་རྒྱལ་བསྟན་རིས་བྲལ་ཀཿཐོག་གི་བསྟན་པ་ལ་ལྷག་པར་བྱ་བ་བགྱིད་རྒྱུའི་ཞལ་བཞེས་གནང་བ་བཀའ་དྲིན་མཆོག་ཏུ་ཆེ་བས་དེ་དོན་ཐུགས་ཀྱི་དཔེའུ་ནས་ནམ་ཡང་ལྷོད་པ་མེད་པ་ཅི་ནས་ཀྱང་ཞུ་ཞུ། ཞེས་སྤྱན་རས་ཀྱི་བྱབ་པར་བྱེད་པའི་རྟེན་དྲི་མེད་ལྷ་གོས་རྣམ་པར་དཀར་བ་སྲིད་དུ་རིང་བས་བཅིབས་ཏེ་ཟླ་ཚེས་རྣམ་པར་དག་པར་དགེ་བ་ལ་མངའ་རིས་སྟོད་ཁ་ཆེ་དང་སྟོད་ཧོར་གྱི་མཚམས་མར་ཡུལ་ནེ་མིའི་ལྗོན་ཤིང་གི་ར་བ་ནས་ཕུལ་བའི་ལི་ཁི་ཏཾ༔ སརྦ་མངྒ་ལཾ།

སྭཱསྟི། བརྟག་བབ་སྐུ་རིམ་སྒྲུབ་པའི་ཐོ། སྡེ་དགེའི་ལར་རྒྱ་སྤྱི་ནི་ཁྱི་རྟ་སྟག་གསུམ་ཅུང་ཟད་དོགས་ཅིང་། བྱེ་བྲག་དེ་ཁའི་ཡབ་སྲས་སྒེར་དུ་བྱ་ཁྱི་ཕག་གསུམ་ལ་སྐུ་རིམ་ནན་ལྟར་ཆེ་ལ། ཡུལ་སྤྱིར་རྒྱ་འདྲ་འགོང་པོའི་གནོད་པ་ཆེ་ཞིང་། གཙུག་ལག་ཁང་རྙིང་པ་ཡི་བསྲུང་མ་དང་། དཀོར་བདག་རྙིང་པ་འཁྲུག་པ་དང་། གཞན་གྱི་སྦོད་གཏོང་དང་། ལྷག་ཏུ་སྔར་ཡབ་མེས་སྐབས་ཕར་སྦོད་གཏོང་བྱས་པའི་ནུས་པ་ཡང་ཚུར་ལྡོག་པའི་ལྟས་ཤར་བས། དེ་སེལ་གྱི་རིམ་གྲོར། སྒྲོལ་མའི་མཚན་བརྒྱ་ངོ་ཐོག་བྱེ་བ་ནས་དུང་ཕྱུར་བར། སེང་གདོང་མའི་སྙིང་པོ་ཡི་གེ་འབྲུ་བཅུ་གཅིག་པ་དུང་ཕྱུར་ལས་མི་ཉུང་བ། ཕོ་བྲང་དངོས་གཞི་དང་། རྫོང་གཞིས་གཞན་དུ་ཡང་ངེས་དོན་སྙིང་པོའི་མདོ་སྡེ་རྒྱུན་སྒྲོག ཕོ་བྲང་རྣམས་སུ་ཆུ་སྦྱིན་སྤྱི་དང་ཁྱད་པར་ཡི་དྭགས་ཆུ་སྦྱིན་དགེ་སློང་བརྒྱད་གྲྭ་ནས་རེ་ཞིག་རིང་མ་ཆད་པ། དེ་བཞིན་ཉིན་རེ་བཞིན་ཆ་གསུམ་གཏོར་མ། སྒྲོལ་དཀར་ལ་བརྟེན་པའི་ཚེ་སྒྲུབ་རྒྱུན་འཛུགས། གུར་དྲག ཕུར་པ། བཀའ་བརྒྱད་ཀྱི་གཏོར་བཟློག སྐབས་སུ་གླིང་བཞིའི་སྤྱི་མདོས། སྲི་བཟློག་རྒྱས་པ་རྣམས་བྱ་སྟེ། སྐུ་རིམ་དེ་རྣམས་བསྐྱར་འདབ་ནན་ཏན་བྱས་ན་ལོ་ཤས་ཀྱི་རིང་བདེ་བར་འགྱུར་ལ་གང་ཅིར་རེ་ཞིག་སྐུ་རིམ་འབད་འབུང་དང་བྱ་བ་ངེས་པར་བཟོ་བ་གལ་ཆེའི་ལྟས་ཤར། ངེད་ནས་ཀྱང་དུས་ཀུན་དགེ་བའི་སྐྱབས་འཇུག་བསྲུང་བའི་འཁོར་ལོ་སྙིང་ཐག་པ་ནས་བགྱིས་པ་ཡང་དགོངས་པར་འཇུག་པ་ཞུ།

༈ གོང་ཞབས་སུ་ཆུ་སྤྲེལ་ཝཾ་ལེ་ནས་ཞབས་པད་རིན་པོ་ཆེར།

ཡང་གསོལ་འོས། ཧེ་མི་སྤྲུལ་པའི་སྐུ་དང་བཀྲ་ཤིས་རྣམ་རྒྱལ་ནི་མངོན་པར་འཁོན་པའི་སྐབས་སུ་ཡང་བདག་གི་མཛེས་ལམ་དུ་འགྱུར་ཐབས་ཧེ་མི་སྤྲུལ་སྐུ་བདག་དང་ལྷན་དུ་བར་ཆིངས་ཀྱི་གྲོགས་ལ་དགོས་ཚུལ་ཙམ་སྨྲས། ལ་དྭགས་རྒྱལ་པོར་རྒྱ་ནག་གི་ཐམ་ག་གནང་བར་གྲགས་པ་ནི་བདག་ལ་སྟོན་པར་ཐམ་ག་ཧོར་ཡིག་གསར་བོད་བཟོ་ཡིན་ནམ་སྙམ་པ་ཞིག་འདུག་པས་རྒྱ་ནག་ནས་ཡིན་མིན་མ་ངེས། དེ་མཐུན་མུལ་ཝེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ལ་ཡང་ཐམ་ག་ཞིག་ཡོད་རྒྱུ་ཡིན་འདུག་གཤིས། འདི་སྐོར་ཁ་ཆེ་ལ་རྒྱལ་ཁག་གཞན་ནས་བརྗོད་ན་ལས་ཁོ་རང་ནང་ཁུལ་ནས་ནི་གནས་སྐབས་ཀྱི་འཕྱར་ཙམ་ལས་ཁ་ཆེ་ལ་ཞུ་ཐུབ་རིགས་མིན་པ་འདྲ་སྙམ་པ་ཤར་བ་ལགས། བལ་པོ་རྒྱལ་པོའི་ཡི་གེ་འདི་ཡང་ངེད་ལ་བཏང་བ་དང་ལྷན་དུ་འབྱོར་བྱུང་བ་རྒྱལ་བ་མཆོག་གི་ཞབས་པད་དུ་འབུལ་གྲོགས་དགོས་ཚུལ་བྱུང་བ་བཀའ་ལན་ཡོད་པ་ཡང་ཐུགས་རྗེ་ཆེ་ལ། མར་ཡུལ་རྒྱལ་པོས་ཁ་ཆེ་ན་བབ་དང་རྫོང་དཔོན་ལ་ཕུལ་བའི་ཡི་གེ་དང་། ངེད་ནས་ཛུམླ་ར་ལ་གཏོང་བའི་ཡི་གེ་འདྲ་བཤུས་ཀྱང་བཀའ་བློན་རྣམས་ཀྱི་ཡི་གེར་མཆིས་པ་ཆོས་ཀློང་ཚོམ་མེད་དབྱིངས་སུ་འཇུག་པ་མཁྱེན་མཁྱེན་མཁྱེན། སརྦ་མངྒ་ལཾ།

བཀའ་བློན་རྣམས་ལ། གངས་ཅན་ལྷ་ཡི་ལྷ་རྒྱལ་བ་མཆོག་གི་འཕྲིན་ལས་བྱེད་པོར་དབང་སྐུར་བ་མི་ཡི་རྗེ་བོའི་ཚོགས་སུ་གྱུར་པའི་མདུན་སར། ཞུ་བ་སྔོན་རབས་རིང་མོ་ཞིག་ནས་འཕགས་མཆོག་ལག་ན་པདྨོའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་འཕགས་མཆོག་དེ་ཡི་འཕྲིན་ལས་ཀྱི་བྱེད་པོར་སྨོན་ལམ་བཟང་པོས་འདུས་བྱས་པ་ལ་བརྟེན་དེང་དུས་འཕགས་མཆོག་ལག་ན་པདྨོ་རང་ཉིད་ཀྱི་བདག་གིར་བཟུང་བའི་ཞིང་ཁམས་གངས་རིའི་ར་བས་ཡོངས་སུ་བསྐོར་བའི་ཁྲོད་དུ་ལག་ན་པདྨོ་ངུར་སྨྲིག་གར་གྱི་རོལ་པའི་མདུན་སར་བཟང་པོའི་སྨོན་ལམ་ཇི་བཞིན་སྐྱེ་དགུའི་གཙུག་ན་མངོན་པར་མཐོ་བ་བཀའ་ཡི་གུང་བློན་ཆེན་པོར་གྲུབ་པ་གངས་ཅན་བདེ་བའི་བྱེད་པོ་སྔོན་གྱི་རབ་མཛངས་འཕྲུལ་བློན་པོ་ཐུ་མི་མགར་སོགས་དང་རྣམ་དབྱེར་གཏན་ནས་མ་མཆིས་པར་བཞུགས་པ་ནི་བཀའ་དྲིན་ཆེན་པོས་ཁྱབ། འདིར་གནས་རིག་པ་འཛིན་པར་སྒྲོ་བཏགས་པ་སྙོམ་ཆུང་རྒྱལ་ཁམས་པ་ཕྲ་མོ་ཡང་འགྱུར་བའི་རང་བཞིན་རྒས་དང་རྣམ་པར་སྨིན་པའི་རང་བཞིན་འབྱུང་འཁྲུག་གི་རྩེར་ཡང་། བྱིངས་པ་མཆོག་གི་བཀའ་ལུང་ལྷོད་པར་མ་སྤོབས་པས་གངས་ཅན་སྤྱི་དང་བྱེ་བྲག་སྟོད་ཕྱོགས་བདེ་བའི་བརྩས་སུ་དམིགས་ལམ་འཕྲང་ངལ་དུབ་ཚ་གྲང་རེག་བྱ་མི་སྙོམས་སྦྱོང་སྤྱོད་ཀུན་དང་དུ་བླང་སྟེ་ད་ལྟ་མར་ཡུལ་གྱི་སྟོད་གྲུབ་པའི་བསྟི་གནས་ཝཾ་ལེར་གནས་སྐབས་ཏེ།

དེ་ཡང་སྒར་ཐོག་ནས་རྒྱལ་པོ་ཕན་ཚུན་ལ་སོ་སོའི་ཕེབས་བསུ་བའི་ཁྲོད་ནས་སྔ་འགྲོས་པ་བརྫང་སྟེ་ཕན་ཚུན་དཔུང་ཚོགས་བཟང་པོ་མ་ཡིན་པར་རགས་འཐུས་ཝཾ་ལེར་འཕྲལ་འཛོམ་དགོས་ཚུལ་སྨྲས་བཞིན། ངེད་རྒོད་ཡུལ་སུ་རིག་ལ་བརྒལ་ནས་ཝཾ་ལེ་དང་ཉེ་བའི་ཁ་སྦྱོར་དུ་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་སླེབ་ལ། དེའི་ཉི་མ་ཕྱི་མ་ལ་དྭགས་སྟོད་ཀྱི་རྒྱལ་སྲས་དང་རྒྱལ་མོ་རྣམས་ཝཾ་ལེར་ཕེབས་ཡོད་འདུག་ལ། ངོས་ལྟས་ཀྱི་ཁྱད་པར་གྱིས་ཞག་གསུམ་བསྡད། སྔ་སོར་སྒར་དུ་ཕེབས་བསུ་བས་གླེང་འབུག་འབུག་ཞིག་འདུག་ཀྱང་བདེན་པར་མ་བྱས་རུང་། འདིར་ཆེད་མངགས་ཀྱི་བློན་པོ་རྫང་ནས་རྒྱལ་པོ་ཕུན་རྣམས་ཞལ་ཏ་མ་ཞིག་དང་འཆམ་ནས་གྲོས་འདེབས་སུ་ལ་ཡང་མ་གསན་ནས་ཟུར་དུ་བཞུགས་སོང་ཚུལ་དང་། ལུགས་གཉིས་ཆབ་སྲིད་རྒྱལ་སྲས་སྤྲུལ་པའི་སྐུ་རིན་པོ་ཆེ་དང་རྒྱལ་མོས་མཉམ་པོར་སྐྱོང་རྒྱུ་ཡིན་པའི་གནས་ཚུལ་ངེད་ལ་དལ་བུས་སྨྲ་དགོས་ཚུལ་ཕེབས་བྱུང་ཞེས་ཟེར་ཡང་འཕྲལ་དུ་བཏང་སྙོམས་སུ་བཞག དོན་དུ་ཡང་ཁུ་དབོན་ནང་འདུམ་ལས་ནང་ཚགས་ཀྱི་སྐོར་འདི་ཚེགས་ཡང་ཆེ་བར་ཤེས་ཏེ་རེ་ཞིག་ལན་མ་བཏབ། ཚེས་༤ལ་ཁ་སྦྱོར་དུ་རྒྱལ་སྲས་སྤྲུལ་པའི་སྐུ། དྲུང་འཁོར་རགས་འཐུས་བཅས་ཕེབས་བསུར་བྱུང་ཞིང་། དེ་དང་ལྷན་དུ་ཝམ་ལེར་སོན། ཆོས་ཁྲིད་འདྲ་ཐུགས་བཞེད་འདུག་པ་འཕྲལ་ཚུགས་དང་། མི་མ་ཡིན་མཐུ་ལྡན་མང་པོ་འདུས་པའི་ལྟས་སུ་མཐོང་བས་ཚེས་ལ་གཏོར་ཆེན་ཞིག་གཏང་བ་གཏོར་སྤྲ་འཕྲལ་དུ་ནི་ལེགས་པ་བྱུང་། ཕྱི་མི་རྣམས་ནས་བློན་པོར་དགོང་ཕོག་སོག་རྒྱལ་མོས་བྱས་ཞེས་གྲགས་ཆེ་ཡང་ནང་རྒྱལ་པོ་སྤུན་རྣམས་རང་གི་བསླད་པའི་ངེས་ཁུང་ཟེར་གཤིས་རྒྱལ་པོ་སྤུན་རྣམས་རང་ཡང་འཛོམ་ན་ལེགས་པར་སྙམ་པས་ཆེད་མངགས་འབོད་མཁན་བརྫང་།

རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་བཀའ་བློན་ངོ་ཐོག་འགྱང་གཞི་ཆེ་སེམས་ཚེས་༡༧ལ་འབྱོར་བྱུང་། རྒྱལ་པོ་མི་ཕེབས་པའི་རྒྱུ་མཚན་དྲིས་པར་རྒྱལ་པོ་ཕེབས་པའི་ལམ་ཞུགས་མ་རགས་ལ། ལ་དང་རྒྱལ་པོའི་ཕོ་ཉ་ཆེར་སོང་བ་ཁོང་ཚོའི་ལམ་བསྡོམ་པས་ཟིན་པ་ཕོ་ཉའི་ལག་ཏུ་ཁ་ཆེའི་ཡི་གེར། སླེབས་མཁར་གྱི་མངའ་འོག་དམག་ཨ་ཁུ་ལ་བརྡེག་ན། འདི་ནས་ཀྱང་མི་དགོས་གྲོགས་སུ་ཡོང་ཚུལ་གྱི་ཡི་གེ་མཐོང་ནས་ཡོང་མ་བདེ་ཚུལ་བྱུང་བར་ཁམ་གཤིས་འཁྲུག་ཀྱང་སྔར་རང་ཉིད་རྣལ་འབྱོར་རྒྱལ་སྐྱོང་བའི་སྐབས་དང་མ་འདྲ་བ། ད་ལམ་རྒྱལ་བ་མཆོག་གི་འཕྲིན་ལས་བྱེད་པོར་མངའ་གསོལ་གཤིས་དཀྱེལ་ཆེ་དགོས་སྙམ་ཁོག་པ་རྒྱ་བསྐྱེད། སླེབས་མཁར་རྒྱལ་པོ་རྟེན་ཞལ་ལ་ཁྱེད་རྣམས་ཀྱི་གཞུང་སར་སྙན་འབུལ་ཞུས། ངེད་ལབ་ཆིང་ཡོང་རྒྱུའི་སྔ་འགྲོས་ཡི་གེ་མཐོང་བཞིན་ཁ་ཆེའི་དམག་དཔུང་སྣ་འདྲེན་གཏོང་བ་ངེད་ལ་རལ་གཅོད་ཀྱི་རྣམ་པར་སྣང་ཚུལ་དང་། མུལ་ཝེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་བཀའ་བློན་ལ་ངེད་འདིར་སླེབ་ནས་ཁྱེད་རྣམས་ཀྱི་ལ་དྭགས་རྒྱལ་པོའི་ཕོ་ཉ་འཛིན་པ་ཡང་མི་ལེགས་ཤིང་། ཁ་ཆེའི་ལ་སྒོ་འགག་པ་ཡང་འོས་མིན་ཡིན་ཚུལ་ལབ་པར། ལ་དྭགས་རྒྱལ་བློན་གྱིས་ནི་ཁྱེད་བལ་ཡུལ་ནས་ཡོང་བའི་ཡི་གེ་འབྱོར་བས་ཁ་ཆེའི་དམག་འདྲེན་གྱིས་བྱ་བ་ཅུང་ཟད་ཡང་མ་བརྩམ་པ་དཀོན་མཆོག་དཔང་བཞུགས་ཡིན། ན་ནིང་ལུག་ལོ་ཧོར་ཟླ་དྲུག་པའི་ནང་དུ་ཨ་ཁུའི་ཁ་ཆེའི་མི་སྣ་བོས་པར་བརྡབ་སིག་ཆེ་ཞིང་ན་བབ་རཙ་བ་ནས་ནི་ངེས་རྣམས་ལ་སྤྱན་བརྐྱང་ཆེ་གཤིས། ནམ་ཕུག་ཡོ་ལང་ཆེན་པོ་བྱུང་ཚེ་རམ་ཟླ་དགོས་ཚུལ་ལུག་ལོ་ཧོར་ཟླ་བཅུ་གཅིག་པའི་ནང་དུ་བརྫང་བ་ཨ་ཁུའི་ལམ་བསྡམས་ཀྱི་ད་ལྟའི་བར་མ་ཐར་བ་ལས་གསར་དུ་དམག་བསྐུལ་སོགས་མེད་ཚུལ་དང་། མུལ་ཝེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་བཀའ་བློན་ནས་ཁ་ཆེ་རང་ནས་དམག་ཡོང་འདོད་ཟ་འདོད་ཆེ་བ་ལས་ངེད་རྣམས་ཀྱི་དམག་ཆེད་དུ་བསྐུལ་བ་མེད་ལ། ལ་དྭགས་པར་དམག་གཏོང་ན་ངེད་ལ་ཡང་དམག་རོགས་དགོས་ཚུལ་ནི་ཞུས།

ད་ལམ་ཕོ་ཉ་འཛིན་པ་ཡང་ཁྱེད་ཀྱི་ཝཾ་ལེར་ཡོང་དགོས་ཚུལ་གྱི་ཡི་གེ་མ་ཕེབས་སྔོན་དུ་ཡི་གེ་དེ་ལྟར་ཐལ་བ་ལས་ཡི་གེ་སླེབ་ནས་མ་ཡིན་ཚུལ་དང་། བཀའ་བློན་རང་ལ་ཐུན་མོང་མ་ཡིན་པའི་ངག་ལ་ནི་ཁྱེད་ལ་དྭགས་མཐིལ་དུ་ཡོང་ཨེ་ཐུབ་ཀྱི་འདོད་གདུང་གི་ཅུང་ཟད་འགྱང་པ་ལས་གཞན་མེད་ཚུལ་ཡང་ཟེར་བ་རེ་ཞིག་དེ་ལ་ཆ་འཇོག་ཁུལ་དང་། ཡང་སྟོད་སྨད་གཉིས་ཀའི་བློན་པོ་ཆེ་ཁ་རྣམས་མདུན་དུ་བསྡུས་ཏེ། ད་ཁྱེད་རྣམས་ཀྱི་ཟེར་ཚུལ་དེ་ལྟར་ཡིན་ཚེ་ཁྱེད་རང་རྣམས་ཀྱི་བདེ་ཐབས་ཆེད་དུ་གངས་ཅན་མགོན་པོ་རྒྱལ་བ་མཆོག་གིས་ངེད་འཕྲིན་ལས་ཀྱི་བྱེད་པོར་ཕྱོགས་འདིར་མངགས་པར་མཛད་བཞིན་རང་རང་རྣམས་ཀྱི་ཚེ་འདི་ལས་ཕྱི་མའི་ཁེ་ཞེན་ལ་གཞིག་སྟེ་ཁ་ཆེ་དང་སྔར་འབྲེལ་བཟང་པོའི་རྒྱུན་མ་ཆད་པ་ལས་དམག་གི་སྣ་འདྲེན་སོགས་བསྟན་འགྲོའི་བདེ་ཐབས་ལ་གནོད་པ་ཡེ་ནས་མི་འཚལ་ཞིང་། ལར་ཁ་ཆེས་ཀྱང་ཁྱེད་རང་རྒྱལ་པོ་ཕན་ཚུལ་གཉིས་ཀའི་རྒྱབ་རྩ་བྱེད་པར་ཁས་བླང་བ་འདི་ཡང་དཀྲག་སེལ་གྱི་རྣམ་པ་ཅན་དུ་སྣང་ན། དེ་དོན་ཐུགས་ལ་འཇོག་དགོས་དང་ངེད་ལ་དྭགས་མཐིལ་དུ་རེ་ཞིག་འགྲོ་བར་མ་ཤར་བས་རྒྱལ་པོ་བཀྲས་རྣམ་ཡང་འཕྲལ་མར་འདིར་ཕེབས་དགོས་ཚུལ་དང་། ལ་དྭགས་ཕོ་ཉ་བསྐོར་བ་ཁ་ཆེའི་ཡི་གེ་བཅས་འཕྲལ་གཏོང་མ་བྱས་ན་མི་འགབ་ཚུལ་སྨྲས་བཞིན་ཁོ་རང་གི་ཞབས་ཕྱི་ངོ་མ་ཞིག ད་ལམ་གྱི་རྟ་ཤད་སྟེང་ནས་འཕྲལ་རྫོང་བྱས། རྒྱལ་པོ་ཕུན་རྣམ་འབོད་པར་བརྫང་བ་ཡང་ངེད་ལ་དྭགས་མཐིལ་དུ་སླེབ་རེ་ཡིན་ཞེས་འཕྲལ་དུ་མ་འབྱོན་འདུག་པ་རྒྱལ་པོ་འདི་ཆུང་ངུའི་དུས་སུ་སྤྱང་གྲུང་འཛོམ་པ་ཞིག་ཡོད་རྒྱུའི་ཁུལ་དང་། ད་ལྟ་ནི་ཐུགས་ཀ་མི་བདེ་སྐད་ཟེར་ཡང་། གང་ལྟར་ཁོང་རང་ནང་ཁུལ་ལེགས་ལམ་ནི། ཕུགས་ལེགས་ལམ་འགྲོ་མིན་མི་ཤེས་སྟབས་རེ་ཞིག་དཔྱད་དགོས་འདུག་ཀྱང་འཕྲལ་ཁུ་དབོན་ལེགས་སྤེལ་སླད་ཡང་སྐྱར་འབོད་པར་བརྫང་ལ་དྭགས་ཕྱོགས་སྔར་མི་རྣམས་ཆད་བརྩན་པར་རྩི་ཡི་འདུག་ཀྱང་དེང་སང་ནི་དུས་དབང་གིས་ཆད་བརྩན་པར་དཀའ་བར་མ་ཟད་མི་མ་ཡིན་གྱི་མཐུའི་གཏམ་འཆོལ་སྣ་ཚོགས་ཀྱི་ཟིང་གཞི་འབྱུང་བ་ཞིག་ལོ་ཤས་ཚུན་བྱུང་འདུག་པ། ཁ་ཆེའི་དམག་གི་གཏམ་སྐད་ཡང་ལྐོག་གྱུར་དུ་གླེང་གཤིས།

བདེན་ཚེ་མི་ལེགས་པར་ངེས་པ་ཡིས་ལ་དྭགས་མུལ་ལྦེ་རྒྱལ་པོ་གཏམ་སྐད་ཡང་ལྐོག་གྱུར་དུ་གླེང་གཤིས། བདེན་ཚེ་མི་ལེགས་པར་ངེས་པ་ལ་དྭགས་མུལ་ལྦེ་རྒྱལ་པོ་སོ་སོ་ནས་ད་ཆ་ངེད་རང་ཁུ་དབོན་ནང་ཚགས་ལེགས་ཟླུམ་བཟང་པོ་གྲུབ་པ་ཡིན་པས་ཁ་ཆེའི་མི་སྣ་ཡོང་མི་དགོས་ཚུལ་དོ་ཆོད་རེ་གཏང་ན་འཐད་ཚུལ་ནན་གྱིས་སྨྲས་ཏེ་ཟླ་ཚེས་ལ་ཕོ་ཉ་ཐོན་པར་བྱས། རྒྱལ་པོ་བཀྲ་རྣམ་ཀྱང་དཔོན་གཡོག་མ་ཉུང་ཙམ་དང་ད་ལྟ་ལམ་ཞུགས་སུ་ཡོད་འདུག་པ་འདིར་ཚེས་མཚམས་ལ་འབྱོར་རྩིས་དང་། དེ་ཡང་ལ་དྭགས་ཀྱི་ལབ་ཆིང་འདི་ཧོར་ཟླ་བདུན་པའི་ནང་དུ་འགྲུབ་ན་ལྟས་ལེགས་ངེས་བྱུང་ཀྱང་རང་ཉིད་ཀྱི་བགྲོད་པ་བུལ་ནས་མ་འབྱོར། དེ་འོག་ཏུ་བརྒྱད་པ་ཅུང་ཟད་དགེ་ཡང་ཁོ་པ་ཚོས་རིམ་འགྱང་གི་གང་ལྟར་ཕྱོགས་འདིར་ཕུག་གི་ལྟས་ཤིན་ཏུ་རྩུབ་ཅིང་ཕྲལ་དུ་ཡང་མི་རྣམས་རྟག་མི་ཐུབ་ཅིང་མཐའ་མཚམས་ཀྱི་མི་རུ་སོང་གཤིས་བརྟན་པར་དཀའ་བ་བཅས་ཚེགས་ཆེར་གྱུར་ཀྱང་མཐར་ཐུག་ལེགས་བཟླུམ་གྲུབ་ཐུབ་ན་དབྱིངས་ས་མཆོག་གི་བཀའ་གནང་དོན་ལྟར་རང་གི་ཡང་དགེ་ཚོགས་ཆེ་རུང་བགྱིད་བཀས་ནི་བློ་འཁོལ་ཆེ་བའི་ངང་དུ་མཆིས་ལགས། ལ་དྭགས་འཛིན་མར་འཁོད་པ་ཁ་ཆེའི་ས་མཚམས་ཚུད་ཆད་ཀྱི་སྐྱེ་རྒུ་སྤྱི་ཡི་ནི་རྒྱལ་བ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནས་རིག་པ་འཛིན་པ་འདིར་བརྫང་བཀའ་དྲིན་ཆེན་པོས་ཁྱབ་པ་ཡིན་གཞན་ནི་ད་ལྟ་འཐབ་འཁྲུག་ཡོ་ལང་ཆེན་པོར་བྱ་བ་ལས་མ་འདས་ཀྱང་འདི་ལོ་དཔྱིད་བླ་མ་ལབ་འཆིང་ལ་འབྱོན་རྒྱུའི་ཡི་གེ་འབྱོར་བ་ནས་དབུ་བཟུང་། ཕན་ཚུན་གཉིས་འཐད་ནས་ཅི་རིགས་པ་ཞི་འཇམ་ལ་སོང་བ་ཡིན་ཞེས་ཚིག་ཏུ་མཐུན་ཅིང་དགའ་ཚོར་ཆེན་པོའི་ཁུལ་བྱེད་འདུག་པ་དེ་ཅམ་བུ་མིན་པར་དོན་ལ་ཡང་གནས་ངེས་སུ་སྣང་བས་དེས་རང་གི་ཡང་མཆོད་རྟེན་ཞིག་གསོ་འཕྲལ་དུ་མ་གྲུབ་པའི་བློ་ངལ་དེ་ཞི་ཞིང་སེམས་ལ་དགེ་ཚོགས་ཀྱི་རྒྱུ་བརླབ་པོ་ཆེ་ཡིན་འདུག་སྙམ་པའི་དགའ་བ་གསར་ཐོབ་རེ་བྱུང་བ་ཡང་གནས་ཚུལ་དང་། མཐའ་འདོམས་སྐབས་སུ་སྒར་དཔོན་གཅིག་ཕེབས་ན་ཞེས་སྔ་སོར་སྙན་འབུལ་ཞུས་པ་རྒྱལ་པོ་ཕན་ཚུན་སོ་སོའི་ཞུ་ངག་དོན་བབ་ལྟས་ཀྱི་བཅད་མཚམས་དགོས་ཚེ་ཕུགས་ཀྱི་ཁྱད་ལ་དེ་ལྟར་ཡིན་ཡང་། ལ་དྭགས་རང་ནས་ཁ་ཆེའི་མི་སྣས་ཐོས་དོགས་འཛེམ་བག་ཅུང་ཟད་ཀྱི་འདུག་པ་ཁ་ཆེ་ཧོར་སོག་གི་མི་སྣ་ད་ལྟ་ནམ་དུས་ཀྱི་འབྱོར་ཉེ་ཡིན་འདུག་གཤིས་སླར་བབ་ལྟས་ཀྱི་འཕྲོས་རིམ་པས་འབུལ་དགོས་དང་། ལ་དྭགས་པས་ཁ་ཆེའི་ན་བབ་དང་།

རྫོང་དཔོན་ལ་ཕུལ་བའི་འདྲ་བཤུས་བཅས་སྤྱན་བསྟར་རྒྱུར་ཕུལ་ཞིང་། ངེད་ཁར་སིན་ཡར་ལམ་ནི་འགྲོས་ཚད་ལས་མ་ཐུབ་ཅིང་། དུས་ཀྱང་དབྱར་དུ་སོང་གཤིས་འཁྱོག་འཕྱང་གི་ས་བོན་སྨིན་གྲུབ་བཀའ་དྲིན་ཚད་མེད་པས་ཁྱབ་ཀྱང་སྒར་དཔོན་རྣམས་ལ་ཡང་ཚེགས་སུ་འགྲོ་དོགས་མ་ཞུས། རང་ནས་ལབ་ཆིང་གི་རྟེན་འབྲེལ་ཁོ་ནར་དམིགས་གྲོ་ཤོད་ཕྱོགས་ནས་རྟ། ཁ་ཤས་སྦྱིན་མཁན་བྱུང་བ་ནས་སྤུས་གཙང་གྲས་བཅུ་གཅིག་ཙམ་བདག་གིར་བྱས་པ་དེ་སྟེང་ནས་ལ་དྭགས་སྐུ་དངོས་ལ་རྟ་དང་ཟབ་གོས་སོགས་སྔ་ཐབས་ཀྱི་གནང་སྐྱེས་གྲུབ་ལ། མུལ་ལྦེ་རྒྱལ་པོ་སོགས་གཞན་ལ་ད་བགྱིད་དགོས་དང་། རྒྱལ་པོ་ཁུ་དབོན་ད་ནི་ཅི་མྱུར་འཛོམ་རྩིས་ད་ལྟ་འཆར་གྱི་ཡིན་ན་ལས་ཚིག་ཧེ་བག་ཆེ་གཤིས་འགྲིམ་ཟླུམ་རབ་ཏུ་དཀའ་བ་ལྟ་བུར་སྣང་ལ་གང་ལྟར་གནས་ཚུལ་འབུལ་འོས་སླར་རིམ་གྱིས་ཕུལ་ཆོག་པ་དང་། འོན་ཀྱང་འདི་ཕྱོགས་ཀྱི་གཏམ་འུར་ཆེ་ཞིང་ཚིག་སྔ་ཕྱི་མི་འཕྲོད་པ་སོགས་འཕྲལ་དུ་གསོལ་དཀའ་བར་གནང་རུང་བདེན་རྫུན་ཇི་ལྟར་ཡང་ས་མཚམས་ཀྱི་བྱ་བ་རྔམ་ཆེན་དུ་གྱུར་གཤིས་རང་གི་ཐོས་ཚུལ་གསོལ་བ་ལ་ཆོས་དབྱིངས་ཚོམ་འཁྲུང་སྐད་ཅིག་ཀྱང་མི་འཇུག་པ་དང་ལེགས་སློབ་ཉེས་སེལ་གྱི་བཀའ་ཡི་འཁོར་ལོས་ཡང་ནས་ཡང་དུ་ཁྱབ་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན། གང་ལྟར་རྒྱལ་པོ་ཁུ་དབོན་འཛོམ་ནས་འཕྲོས་བབ་གནས་ཚུལ་སྙན་སྒྲོན་ཅི་མྱུར་འབུལ་རྒྱུ། གང་ཅིར་ཕྱོགས་འདིར་གནང་ཁྱབ་བཀའ་ཡི་འཁོར་ལོས་ཡང་ཡང་ཁྱབ་པ་ཅི་ཀྱང་མཁྱེན་མཁྱེན་མཁྱེན། ཞེས་མཁྱེན་པའི་སྤྱན་པདྨའི་འདབ་ལྟར་ཡངས་པ་གཡོ་བར་བྱེད་པའི་རྟེན་ལྟ་གོས་རྣམ་དཀར་སྲིད་དུ་རིང་བས་བཅིབ་སྟེ་ཁྲུམས་ཟླའི་དམར་ཕྱོགས་ཚེས་བཟང་པོར་མར་ཡུལ་སྟོད་ཝཾ་ལེ་ནས་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ གོང་ཞབས་སུ་ཆུ་སྤྲེལ་མངའ་རིས་མང་ཡུལ་ཝ་ལེ་ནས།

ལྷ་བཅས་འགྲོ་བའི་སྐྱབས་གཅིག་མཚུངས་པ་མེད་པ་འཇིག་རྟེན་མགོན་པོ་ངུར་སྨྲིག་གར་གྱི་སྒེག་པ་འདྲེན་མཆོག་གི་ཞབས་སྟེགས་ཆུ་སྐྱེས་གེ་སར་རྣམ་པར་བཞད་པའི་ངོགས་སུ།

དྭངས་ཤིང་གུས་པས་ཞུ་གསོལ། གདོད་ནས་རྣམ་དག་རྒྱལ་བའི་དཀྱིལ་འཁོར་རང་བཞིན་ལྷུན་གྲུབ་རྟག་བརྟན་གཡུང་དྲུང་ངོ་བོར་བྲི་གང་མེད་པར་གནས་བཞིན་མཁའ་ཁྱབ་གདུལ་བྱ་རྣམས་ལ་ཚད་མེད་སྙིང་རྗེ་བདེ་བ་ཆེན་པོའི་གར་གྱི་གདུལ་བྱའི་དབང་ཁམས་རིགས་དང་མཐུན་པའི་སྐུ་གང་ལ་གང་འདུལ་སྒྱ་འཕྲུལ་གྱི་རོལ་པ་དག་པར་བཞུགས་པ་རྣམས་ཀྱི་ཡང་གཞལ་བར་དཀའ་བའི་ངང་ཚུལ་ཅན་ས་བཅུ་པ་རྣམས་ཀྱི་མགོན་པོ་ས་བཅུའི་དཔལ་དང་ལྡན་པ་ཡང་སྟེ་རབ་ཏུ་དཀར་བའི་ཆུ་སྐྱེས་ཟེ་ཕོལ་ཉག་རེར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཀྱང་གཞལ་བར་དཀའ་བའི་འཇིག་རྟེན་གྱི་བཀོད་པ་ཅན་གྱི་ཕྱག་གི་དཀྱིལ་འཁོར་ཉེ་བར་བརྒྱན་པ་ཐུགས་རྗེའི་གཏེར་ཆེན་གང་གི་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བའི་བཙས་སུ་གང་སྐུའི་སྤྲུལ་པའི་རོལ་པ་སྡོམ་བརྩོན་རྒྱལ་པོའི་ཚུལ་གྱུར་གངས་རིའི་ཁྲོད་ཀྱི་ལྷ་ཡི་ལྷ་ཁྱེད་ཞབས་པད་མི་འཇིགས་སེང་གེའི་ཁྲི་ལ་རྡོ་རྗེ་ལྟ་བུར་བརྟན་པར་བཞུགས་པ་ནི་བཀའ་དྲིན་ཚད་བཟུང་ལས་འདས་པའི་ཞོ་ཤ་ཆེན་པོས་བྱབ།

ཕྲན་ལ་དྭགས་ཀྱི་ཡུལ་མཚམས་བདེ་མཆོག་ལྷ་རི་དཀར་པོར་འབྱོར་སྐབས་ཞབས་པད་དུ་གནས་ཚུལ་རགས་པའི་ཞུ་ཡིག་ཕུལ་ཟིན་པའི་རྗེས་ཐོག་ཁྲུམས་ཟླའི་ཚེས་ལ་མུལ་ལྦེ་རྒྱལ་པོའི་ཆབ་ཤོག་དང་ལྷན་དུ་འཕྲལ་དུ་ལ་དྭགས་སུ་བགྲོད་དགོས་ཚུལ་བཀའ་རྒྱ་རིན་པོ་ཆེ་ལྷ་གོས་རྣམ་པར་དཀར་བ་དང་ཆབ་གཅིག་ཕེབས་པ་དང་། དེ་ནས་རང་གི་གནས་ལུགས་ཕྱོགས་འདིའི་ངང་ཚུལ་ཆ་ཅུང་ཟད་ཞིག་ས་དབྱུག་ཟླའི་ཚེས་༣ལ་ལ་དྭགས་སྟོད་ཝཾ་ལེ་ནས་ཐོན་པར་ཕུལ་ཟིན་ནས་ཡུན་མི་རིང་བར་བདེ་མཆོག་ལྷ་རི་དཀར་པོ་ནས་ཕུལ་བའི་བཀའ་ལེན་ཟབ་གོས་བཟང་པོ་ཡུག་ཡོན་ཏན་གྱི་གྲངས་བཅས་དབྱུག་ཟླའི་མཁའ་འགྲོ་འདུ་བའི་ཚེས་བཟང་པོར་ཕེབས། དེ་ཡི་བཀའ་ལན་འཕྲལ་དུ་འབུལ་རྒྱུར་རིང་ཁྱད་ཆེ་བར་བགྱིས་ཀྱང་བཀའ་རྒྱ་རིན་པོ་ཆེར་རྒྱལ་སྲས་རྒྱལ་མོ་དང་སྤུན་རྣམས་ནང་ཚག་གི་གནས་ཚུལ་ཇི་ལྟར་གྱི་མཚན་ཉིད་འོས་ཚུལ་ཕེབས་པས་ཟེར་ཚོད་ཙམ་གྱི་གཏམ་ལ་ཆ་འཇོག་དཀའ་གཤིས་ཐོག་མར་ཞིབ་དྲིས་ནས་རྒྱལ་སྲས་རིན་པོ་ཆེ་དང་ཁྲི་ཕུན་ཚོགས་རྣམ་རྒྱལ་འདོད་གཅིག་ལུགས་ལེགས་སུ་ལན་གྲངས་དུ་མར་བགོས་ཀྱང་ཕན་ཚུན་ཐ་དད་ནས་རང་འདོད་སྙིང་ལ་ཞེན་སྟེ་ཁྲེག་པའི་རྡོ་ལ་ཆུ་ཡི་བྲན་པ་བཞིན་གོ་མེད་ཁོ་ན་མཛད་གཤིས་ཆུ་འབབ་ཏུ་གཞག་ན་མཉམ་པ་རིང་ཞིག་བྱུང་ཡང་དེ་ལ་བརྟེན་ཏེ་ཕྱོགས་ཀྱི་རྒྱལ་ཁག་མང་པོས་བསྙད་དཀྲི་དང་ནང་ཚག་ཏུ་ཡང་འཁོན་སེལ་ཇེ་ཆེར་འགྲོ་བའི་སྒོ་གསལ་ཞིང་། མུལ་ལྦེ་རྒྱལ་པོ་ལས་ཀྱང་མཐའ་དམག་གི་སྣ་འདྲེན་ནི་འདི་ཆེ་ཆེ་ཙམ་དུ་མངོན་པས་རྒྱལ་བ་མཆོག་གི་བཀའ་ལུང་རང་ལ་ཕེབས་པ་ཉིད་དྭང་དུ་བླངས་ཏེ་ཚེགས་ལ་མ་འཛེམ་པར་ཐབས་སྒོ་དུ་མ་ནས་ལེགས་སྤེལ་བགྱིས་པའི་སྐབས་ཉིད་དུ་ཝམ་ལེ་ནས་ཕུལ་བའི་ལན་བཀའ་རྒྱ་རིན་པོ་ཆེར་ཟབ་གོས་ཡུག་ལྔ་བཅས་སྨིན་དྲུག་ཟླ་བའི་ཚེས་༧ལ་སོན།

དེར་ཡང་རང་གི་བགྱིད་འོས་གསལ་བའི་བཀའ་སློབ་ཀྱི་དོན་ཡིད་ལ་བཟུང་ནས་རྒྱལ་པོ་ཕུན་ཚོགས་དང་རྒྱལ་སྲས་ཀྱི་སྐོར་སླད་ནས་འཕར་གླེང་མེད་པའི་སྐོར་ཡང་བཅས་སྨིན་དྲུག་ཟླ་ཚེས་༢༥ལ་ཐག་གཙང་མར་ཆོད་ནས་ཕན་ཚུན་ནས་ཆོད་ཡིག་དགོས་ཚུལ་དོ་གལ་གྱི་བསྐུལ་བཞིན་ཆོད་ཁྲ་ཡང་མགོ་ཟླའི་ཚེས་༣ལ་གྲུབ་པར་བྱས། ཚུས་ཚེས་ལ་སོ་སོའི་འདོད་བློ་གང་ཡིན་གྱི་རྒྱབ་ཡིག་བླང་། དེ་ལ་རྒྱབ་བ་མཆོག་གི་ཞབས་པད་དུ་མགོ་མཆན་ཞིག་རྒྱལ་བས་ཕྱོགས་འདིར་ཕྲན་འཕྲིན་ལས་ཀྱི་བྱེད་པོར་མངགས་དོན་ལ་བརྟེན་ཞུས་ན་སྐབས་བབ་ཏུ་སེམས་བཞིན་འཆར་བསྟན་ལ། ཨ་ཡུམ་བུ་ཁྲིད་ནས་ཀྱང་གུས་པ་ཆེན་པོས་འདོད་བབས་ཀྱི་གསོལ་འདེབས་བྱེད་ཀྱི་འདུག་ལ། ད་ལྟ་ཕན་མར་ཡུལ་ཕྱོགས་ས་བོད་ནས་ལུང་བཟང་པོས་བསྔགས་པ་ཙམ་ལས་བཅད་ཁྲ་མགོ་མཆན་ཅན་ཡེ་ནས་མ་བྱུང་། འདུག་ཀྱང་ལམ་ལེགས་སྤེལ་ཚོགས་འདིར་ཁ་ཆེའི་མི་སྣ་ཡང་མེད་གཤིས་བཅད་ཁྲ་འདྲ་གསུམ་གྱི་གཅིག་ལ་མགོ་མཆན་ཞུ་རྒྱུ་ལེགས་པའི་རྒྱུ་འབྲས་ཅན་དུ་སེམས་ནས་བཀའ་བློན་རྣམས་ཀྱི་ཞུ་ཡིག་ཏུ་ཕུལ་ལྟར་དེ་ལ་ཕྱག་རྒྱའི་བཀོད་པ་ཚར་དུ་མངར་བས་རྣམ་པར་བརྒྱན་པར་གསོལ་བ་བཏབ་པ་ཡང་ཟབ་དབྱིངས་རིན་པོ་ཆེར་འཇུག་པ་དང་། མུལ་ལྦེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ལ་སྔ་སོར་སྒར་ཐོག་ཏུ་སླེབ་འཕྲལ་ནས་ཁོ་པའི་ཕེབས་བསུའི་གྲས་ནས་མི་དོ་ཆོད་ངེད་ཀྱི་ཡི་གེ་བཅས་འཕྲལ་དུ་ཝཾ་ལེར་ཡོང་དགོས་ཚུལ་དང་། དེ་རྗེས་ཝཾ་ལེ་ནས་མུལ་ལྦེ་རྒྱལ་པོ་རང་གིས་བཀའ་བློན་གཟིམ་དཔོན་ཐུན་མོང་ནས་ཀྱང་འཕྲལ་དུ་ཕེབས་ཚུལ་ཡི་གེ་བང་མི་ཚར་ལྔ་ཙམ་སོང་ཞིང་། ངེད་ནས་ཀྱང་རྒྱལ་པོ་ཁུ་དབོན་ནང་འགྲིགས་ཀྱི་ཁ་ཆེ་ནས་དཔུང་སོགས་མི་དགོས་ཚུལ་གཙོ་བོར་དང་།

དེ་བཞིན་ཁ་ཆེའི་ལ་སྒོ་ཕྱེ་བས་ནས་འཕྲལ་ཕེབས་ལེགས་ཚུལ་ཡི་གེ་ལན་ཁ་ཡར་བཏང་བར་ཁ་ཆེར་ཁུ་ཚན་ནང་འགྲིགས་ཀྱི་དཔུང་མི་དགོས་ཚུལ་གཏོང་ཡོད་འདུག་ལ། དེ་བཞིན་ཁ་ཆེའི་འཚང་སྒོ་ཡང་ཧོར་ཟླ་བརྒྱད་པའི་གཞུང་ཙམ་ནས་ཕྱེས་སོང་ཡང་ཁོང་ཝམ་ལེར་ཕེབས་རྒྱུའི་སྐོར་ལ་དྭགས་པའི་རྒྱལ་ཁ་ཆེས་བྱས་ནས་ཡར་བྱོན་ཤུལ་རྫོང་ལ་སྐྱོན་གྱུར་རམ། ངེད་དང་མ་འཕྲད་པའི་ལམ་བར་དུ་ལ་དྭགས་པས་རྒོལ་བ་ཞིག་འབྱུང་ངམ་སྙམ་པའི་ཐུགས་རྟོགས་ཡོད་ཚུལ་སྐད་དང་། དེ་ཡང་ཀར་ཌ་ཝར་གྱི་བྱད་ཀས་ཐུགས་རྣལ་མི་ཕེབས་པ་སྔར་ནས་ཡོད་འདུག་པ་དེ་ལྡང་བ་ཡིན་འདྲ་སྨྲེངས་ཀྱང་ཇི་ལྟར་རུང་སྔ་སོར་གནས་ཚུལ་ཞུ་ཡིག་ཏུ་ཕུལ་ལྟར་སྤྱི་བྱེ་བྲག་མི་བདེ་བའི་རྒྱུ་ནག་ཕྱོགས་གདོན་གྱི་བྱེད་ལས་ཅན་དུ་ཤེས་ཤིང་། དེ་ལ་སྐྱབས་མགོན་མཆོག་ནས་ཀྱང་ཐུགས་དམ་སྐྱབས་འཇུག་བཟང་པོས་བྱབ་ཅིང་། དགེ་འདུན་འདུས་པའི་ཚོགས་ལ་ཡང་བསྟན་རིམ་བསྒྲུབ་པར་མཛད་པ་སོགས་རྨད་བྱུང་ཐུགས་བསྐྱེད་བཟང་པོའི་བཀའ་དྲིན་ཟླ་མེད་ལས་ཀྱང་ཟླ་མེད་པས་ཁྱབ་ཅིང་།

ཕྲན་རང་ནས་ཀྱང་གངས་ཅན་མགོན་པོ་རྒྱལ་བ་མཆོག་གི་ཞབས་བརྟན་སྐྱེ་རྒུའི་བདེ་ཐབས་སུ་དམིགས་པའི་མར་ཡུལ་ལྗོངས་ཟངས་དཀར་རྒྱུད་བཅས་གྲུབ་མཐའ་རིས་མེད་དགེ་འདུན་སྟོང་ཕྲག་ཏུ་ལོང་པར་མང་ཇ་ལག་འགྱེད་ཀྱི་རྣམ་པར་དངུལ་སྲང་ཉིས་བརྒྱ་ལ་རེག་པ་དབྱུག་ཟླའི་ལྷ་བབས་ཀྱི་དུས་ཆེན་ལ་ཐོན་ནས་སྨིན་དྲུག་ཟླ་འགོར་འགྲིགས་པར་བྱས་པ་དང་། ནར་མའི་རྣལ་འབྱོར་ཚུལ་དུ་དེར་དམིགས་ཀྱི་གཏོར་མ་དང་། གཅོད་དམིགས་སོགས་ནན་བསྐྱེད་བགྱིད་པར་མགོན་པོ་མཆོག་གི་ཐུགས་རྗེས་ཅུང་ཟད་རིམ་འཇམ་སོང་བ་སྙམ་བྱེད་ཅིང་རྒྱལ་སྲས་རིན་པོ་ཆེ་དང་ཕུན་ཚོགས་རྣམ་རྒྱལ་སྐོར་ནི་འཕྲལ་འགྲིག་པར་མ་ཟད་ཕུག་ཡང་ལས་ཀྱི་བདོ་ན་ལས་གཞན་འཕར་གླེང་མི་འབྱུང་བའི་བརྟན་བརླིང་དུ་གྲུབ་པའི་ཁུལ་དང་། མུལ་ལྦེ་རྒྱལ་པོ་ནི་ད་དུང་མ་འབྱོར་ཞིང་། ཡོང་རྒྱུའི་རྩིས་ཀྱི་བྱ་མ་རྟ་ཡང་ཡང་བྱུང་ཡང་ཐོག་ཏུ་ཁེལ་མིན་ནི་མ་གཏོགས་ངེད་ལ་དྭགས་མཐིལ་དུ་ཡོང་ཚུལ་ཕྱོགས་གཉིས་ཀའི་རྗེས་འབངས་ཚང་མས་སྨྲེ་ངག་ཀྱང་སྔར་ནེམ་ནུར་ཙམ་དང་། ད་ནི་བགྲོད་མི་ཐུབ་པར་ཐག་བཅད་ཟིན།

དེས་ན་མུལ་ལྦེ་རྒྱལ་པོ་ངེས་མེད་མ་བྱུང་ཚེ་རེ་ཞིག་བཟང་དུས་ལྟ་བུ་ཞིག་ལ་འཇོག་དགོས་སམ་སྙམ་ཞིང་། མར་ནམ་རང་ཉིད་ནི་འཆི་ཆ་མེད་ལ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་དེ་སྙིང་ནས་བགྱིད་འདོད་ཐུན་མོང་མ་ཡིན་པ་ཡིན་ཡང་མུལ་ལྦེ་རྒྱལ་པོའི་རྣམ་རྟོག་དུ་མའི་བྱེད་ལས་ཀྱི་ལོ་འདིར་ཡང་ནི་དུས་ཕྱིར་འགྱངས་སུ་བཀོད་པ་ཡི་སེམས་ལ་དུཿཁ་མཆོག་ཏུ་ལྕི་བ་བབ་ཀྱང་ཐབས་ཀྱི་དབེན་པ་ལྟ་བུའི་དུབ་པར་གནས། དོན་དུ་ནི་ལ་དྭགས་རྒྱལ་པོ་དང་ཁུ་དབོན་ནང་མ་བཟླུམ་ཚེ་མུལ་ལྦེ་རྒྱལ་པོ་རང་ལ་སྐྱོན་ཆེ་བ་ལས། ལ་དྭགས་རྒྱལ་བློན་ལ་ནི་ད་ལྟའི་ཆར་དེ་ཙམ་གྱི་ཁྱད་ཆེ་བ་མེད་པ་འདྲ་ཞིག་འདུག རང་ལ་ནི་ལ་དྭགས་ལས་ཀྱང་མུལ་ལྦེ་རྒྱལ་པོ་མོས་གུས་ཆེ་བ་ཙམ་ཡིན་ཡང་ཡུལ་སྤྱི་ཆགས་ཀྱི་ཐུགས་བསམ་ལམ་འགྲོ་མེད་པ་ཞིག་ད་ལྟའི་བར་བྱུང་སོང་། དེ་ཡང་ཡུལ་ཕྱོགས་ཀྱི་སྤྱི་བྱེ་བྲག་གི་ཆགས་སུ་མངོན། ཕྲན་ཡང་ཕྱོགས་འདིར་སྦྱིན་བདག་དད་པ་ཅན་གྱི་གུས་པས་བསྙེན་ཡང་བློ་ཡི་བབ་ཀྱི་ཧ་ཅང་སྡོད་པར་མ་སྤྲོ་བས་རོང་མཚམས་ཀྱི་གངས་ཤིན་ཏུ་ཆེ་བས་ལམ་འགག་པར་མ་གྱུར་ཚེ་གཪྴ་ཇོ་བོ་དང་སྔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཉེ་བར་བསྙེན་པའི་གནས་གཎྜད་གི་རི་ཙམ་དུ་སླེབ་ན་སྙམ་ཞིང་གང་ཅིར་ཕྲན་རང་གི་བླང་དོར་གྱི་གནས་ཁ་ཤས་ཟུར་དུ་ཕུལ་བ་ཡང་ཆོས་དབྱིངས་རྙོག་པ་མེད་པ་ནས་བཀའ་ཡི་འཁོར་ལོས་འཕྲལ་དུ་ཁྱབ་པ་ཡང་མཁྱེན་མཁྱེན་མཁྱེན་དགུ་ལྡན་དུ་གསོལ་ཞིང་། ཕྱོགས་འདིར་དགོས་ཆས་སྒར་པ་ནས་བླང་ཆོག་ཕེབས་པའི་བཀའ་དྲིན་ཚད་བཟུང་མེད་པར་གྱུར་ཀྱང་། ཁ་ཆེའི་མི་སྣ་ཆེ་བ་འདྲ་མ་བྱུང་ན་བདག་རང་གི་དངོས་པོས་འདངས་ཙམ་ཡོད་འདྲ་ལ། སྔར་ནི་སྒར་ནས་ཇ་སྒམ་གཅིག་གི་སྔ་ཕྱི་ཞུ་དགོས་ཙམ་ལས་གཞན་རང་འཁོས་སྟེང་ནས་སྦྱིན་གཏོང་དགོས་ཚང་མ་བགྱིས་པ་ལགས་ཤིང་། གནས་ཚུལ་ཞིབ་མོ་སླད་ནས་གསོལ་བར་འདུན་ཅིང་། ཡོངས་ཀྱི་དཔལ་མགོན་ཕན་བདེའི་རྩ་ལག་གཅིག་པུ་པ་གང་ཁྱེད་ཞབས་པད་རྡོ་རྗེའི་རི་བོ་ལྟར་བརྟན་ཅིང་བདག་ཅག་ལྟོས་པར་བཅས་པ་རྣམས་ལ་བརྩེ་བའི་སྤྱན་རས་ཀྱི་བྱབ་ཅིང་ཐུགས་རྗེའི་སྲུང་འཁོར་ནས་མི་བོར་བར་བཀའ་ཕེབས་ཀྱང་ཚང་གཙུག་གི་ལྟར་ལྟར་ཆད་པ་མེད་པ་ཅི་ཀྱང་མཁྱེན་མཁྱེན་མཁྱེན་ཞེས། ཐུགས་རྗེའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་ལྷ་གོས་རྣམ་པར་དཀར་བས་བཅིབ་སྟེ་ཟླ་ཚེས་དགེ་བ་ལ་ཝཾ་ལེ་བདེ་ཆེན་རྣམ་རྒྱལ་ནས་ཕྲན་རིག་འཛིན་རྒྱལ་ཁམས་པས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྒྱལ་དབང་བདུན་པ་ཆེན་པོར་ཕུལ་བའི་ཆབ་ཤོག།

གངས་རིའི་ཁྲོད་དུ་ལུགས་གཉིས་ཀྱི་མངོན་པར་མཐོ་བ་ཐུབ་བསྟན་ཡོངས་རྫོགས་ཀྱི་མངག་བདག་ལྷར་བཅས་འགྲོ་བའི་སྐྱབས་གཅིག་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་གང་གི་ཞབས་མཐིལ་གསེར་གྱི་འཁོར་ལོའི་ཉེ་བར་བསྙེན་པ་ཀ་ས་ར་ཡི་ངོགས་སུ་ཕྲན་རིག་འཛིན་རྒྱལ་ཁམས་པས་བླང་དོར་གྱི་ཞུ་འོས་གལ་ཆེན། བཀྲ་ཤིས་འཁོར་ལོའི་རི་མོས་བརྒྱན་པའི་ཞབས་སྟེགས་ཆུ་སྐྱེས་རྙོག་མེད་གེ་སར་རྣམ་པར་རྒྱས་པའི་ངོགས་སུ།

བདག་རང་གི་བླང་དོར་བཀའ་ལུང་ཞུ་འོས་གལ་ཆེན། རང་ཉིད་ལོ་ཉི་ཤུ་རྩ་གྲངས་ནས་བོད་ཡུལ་དུ་དམ་པའི་ཆོས་ཀྱི་ཕྱིར་དུ་འབྱོར་ནས་རང་གི་ཡུལ་ཕྱོགས་དེའི་བླ་མ་དམ་པར་གྱུར་པ་རྣམས་ཀྱི་མདོ་ཁམས་ཕྱོགས་སུ་ཅི་ཀྱང་ཡོང་དགོས་ཞེས་བཀའ་ལུང་རིམ་ཅན་དང་། ངེད་བོད་ཡུལ་དུ་རྒྱུན་རིང་བས་དེ་རྣམས་ཀྱང་རིམ་གྱིས་གཤེགས་པའི་སྐུ་གདུང་སྦྱང་རྒྱུ་བདག་ལ་བསྔོས་པའི་བཀའ་ཆེམས་བཅས་ཤིང་། ཡུལ་ཕྱོགས་དེར་ཡང་བསྟན་པའི་བྱ་བ་ཕྲན་བུ་བགྱིད་འདུན་གྱི་མདོ་ཁམས་ཕྱོགས་སུ་བགྲོད་རྩིས་མཆིས་རུང་། ལས་ཀྱི་དབང་གིས་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་ལ་སེམས་ཞེན་པས་དེར་བགྲོད་ཀྱང་སྐྱེ་སྔོན་རྟེན་འབྲེལ་གྱི་གནད་ཀ་ཞིག་གི་ལོ་མང་པོའི་སྔོན་ནས་རིམ་འགྱང་དང་། ཆུ་སྤྲེལ་ལོ་གཞུག་འདིར་གྲུབ་པར་རེ་ཡང་མུལ་ལྦེ་རྒྱལ་པོའི་འགོར་གཤིས་དེ་ཡང་ཕྱིར་ནུར་བར་འགྱུར་གཤིས་འདི་ནས་ཨོ་རྒྱན་གྱི་ལམ་བར་དུ་པཀྵ་དང་པ་ཋ་ན་འཐབ་པའི་མི་བདེ་བ་ཡོད་འདུག་ཀྱང་རྒྱ་གར་ཡུལ་ཆོས་ཀྱི་ནང་པའི་ཛོ་ཀི་དང་། ཕྱི་རོལ་པའི་སེ་ནྱ་ཤི། བཻ་ར་ག ཛ་གི །ཀླ་ཀློ་ཡི་དཪྦྷེ་ཤ་ལ་འཚེ་བ་མི་བྱེད་པར་ཐོས་པས་ཨོ་རྒྱན་དང་ཕྱོགས་འདི་ཤིན་ཏུ་ཁད་ཉེ་བ་ཡི་རང་ཉིད་གཅིག་པུ་ཛོ་ཀིའི་ཆས་སུ་ཞུགས་ཏེ་བགྲོད་ན་ཅི་མ་རུང་སྙམ་ལ། འོན་ཀྱང་བརྩོན་པ་ཆེན་པོར་མ་གྱུར་པས་ཡེ་ཤེས་ཀྱི་གོམས་ཤུགས་ཆུང་ཞིང་། རླུང་གི་ནུས་པས་རྩ་ཐིག་ཡང་བ་མ་ཐོབ་པ་ཡི་ལུས་ལྕི་ཞིང་། སྤྱིར་བཏང་རང་བཞིན་གྱི་ལང་ཚོ་ཉིད་ཀྱང་རྒུད་ཅིང་ན་བ་དུ་མས་གཟིར་བ་བཅས་གནས་སྐབས་ཚེགས་སུ་གྱུར་པ་ལྟར་སྣང་ཡང་འབུ་སྲིན་ནུར་འགྲོས་ཀྱི་དལ་འབྱོར་དོན་ལྡན་ལ་སྦྱོར་བ་ཞིག་ཏུ་རེ་ལ་དེ་ཚེ་སང་ཕོད་ཧོར་ཟླ་བདུན་པའི་མཐའ་ཙམ་དུ་ཀསྨི་ར་ཡི་སྣེར་ཟིན་པ་ཞིག་དགོས་འདུག་ཅིང་གལ་ཏེ་ཨོ་རྒྱན་ཡུལ་དངོས་གཞིར་བགྲོད་པར་མ་སྤྱོད་ན་ཡང་ཀསྨི་ར་ཡི་ཙྱཻ་ཏ་ཀ་ནི་ཀ་དང་། མེ་ཏོག་མདངས་འཕྲོག་གི་ཚལ་འབར་བ་འཛིན་པའི་ཡུལ་གཎྜོ་ཙམ་བགྲོད་པར་མདུན་ལ་དེ་ཡང་རང་ཉིད་ཚེ་ཡི་ཕན་པ་གང་དུ་རྫོགས་ཀྱང་དེ་ལ་ཅེར་ཅེར་པོ་དེ་ཙམ་ལ་མཆིས་རུང་།

བདག་ལོ་ཉི་ཤུ་ཟིན་ནས་ད་བར་རྒྱལ་ཁམས་ཆུ་བཞིན་ཉུལ་སྟེ་བསྒོམ་བསྒྲུབ་ཀྱི་གེགས་སུ་ཆེ་ཡང་དམ་པའི་ཆོས་ལ་སྲེད་པས་ཐོས་པའི་གཟུགས་བརྙན་བགྱིས་པར། ཆོས་རྒྱུན་མང་ཞིག་རང་གནས་ཆོས་ཀྱི་དབྱིངས་སུ་གཤེགས་ཟིན་འདུག་ཀྱང་། དེ་ཡི་ལྷག་མ་ཆ་ཤས་ཁྲིད་རྒྱུན་རྣམ་གྲངས་བཅུ་ཕྲག་ཡང་དུ་མར་ལོངས་བ་ཉིད་རང་གིས་ལྷག་བསམ་གྱི་སྔོན་གྱི་ལས་སྨོན་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེས་ནོས་པ་རྣམས་ཁོ་བོས་སྐྱས་འདེགས་པ་དང་ལྷན་ཅིག་ཏུ་འགྲོགས་པར་མ་གྱུར་ཅིག་སྙམ་པའི་བློ་ཡི་ལྷག་མ་ཙམ་ལས་གཞན་མ་མཆིས་ན་དེ་ཡང་ཅི་ལྟར་རུང་ཐུགས་དམ་གསལ་གཟིགས་ཀྱི་བཀའ་ཡིས་འཁོར་ལོས་མི་བསྐྱུད་པ་དང་། ཚུལ་དེ་ཐུགས་དམ་གྱི་ར་བར་ཆུད་པར་གྱུར་ན། དེ་ཚེ་བལ་ཡུལ་གྱི་ཞིག་གསོའི་དངོས་པོ་རྣམས་རིང་བསྲེལ་དང་ལྡན་པའི་མཆོད་རྟེན་ལ་དམིགས་བསྔོས་པའི་ཡོ་བྱད་རྫོགས་པའི་སངས་རྒྱས་རང་ཉིད་ཀྱིས་ཀྱང་སྤྱད་པར་མ་གནང་ན་ཆུད་ཟོས་དོགས་ཤིན་ཏུ་ནས་ཀྱང་སེམས་ཁུར་ལྕི་བས་དངོས་པོ་རྣམས་གཞུང་སར་ཕུལ་སྟེ།

དེ་ནས་ཞབས་རིམ་དོ་ཆོད་ཀྱི་ཞིག་གསོ་མགོ་འདྲེན་ཞུས་ན་སྙམ་པ་ཡང་ཅི་ལྟར་ལེགས་བཀའ་ལུང་གསེར་གྱི་འཁོར་ལོ་ལྟ་བུས་ཁྱབ་པ་དང་། གོང་དུ་གསོལ་ལྟར་ཕྲན་རང་སྔར་མདོ་ཁམས་ཀྱི་ཕྱོགས་སུ་བགྲོད་འདོད་ཀྱི་རྟོག་པ་དུང་དུང་པོ་ཡིན་ཡང་། ད་ཆ་ཡུལ་ཕྱོགས་དེ་རུ་དུས་སྙིགས་ཀྱི་ངང་ཚུལ་མང་པོ་ཞིག་སྟོན་གཤིས་དེར་ཕྱིན་ན་སྤྱོད་ལམ་འཇམ་རྩུབ་ཆོས་དང་མཐུན་མིན་ཇི་སྙེད་པས་སེམས་གཡེངས་ཀྱི་དོགས་ཕྱོགས་དེར་བགྲོད་འདོད་ཅུང་ཟད་ཕྱིར་ཕྱོགས་པས་ད་ཆ་འཕགས་ཡུལ་གྱི་ཕྱོགས་སམ། མོན་མཚམས་གྲུབ་པའི་གནས་ཆེན་ཞིག་ཏུ་ལོ་ཤས་སྡོད་པར་བྱས་ལེགས་སམ་རང་གི་བློ་ཡི་འཆར་ཆ་སྟེ་དེ་ལྟར་མིན་ཡང་བོད་ཕྱོགས་སུ་ལོ་ཤས་འགོར་བའི་ནམ་འཆི་ཆ་མེད་ཚེ་ཡི་ངེས་པས་གཏུག་པ་ཡི་མདོ་ཁམས་ཀཿཐོག་རྡོ་རྗེ་གདན་ཞེས་ཡུལ་ཕྱོགས་དེའི་སྔ་འགྱུར་གྱི་རིང་ལུགས་འཛིན་པའི་ཉིང་ཁུང་ཁུལ་ཏེ་སྔ་སོར་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་བདག་ལ་སྒོ་གཉེར་གདན་ས་གཏད་ཀྱང་རང་ཉིད་ཕྱོགས་མེད་བྱ་བྲལ་གྱི་འདུན་པས་དགོན་དེར་ཡུན་སྡོད་ཀྱི་གོ་སྐབས་མ་དབྱེས་ཀྱང་གཏིང་དུ་བསྟན་ལ་ལྷག་བསམ་མ་ཆད་ཙམ་མཆིས་ཀྱང་།

ངེད་བོད་ཡུལ་དབུས་འགྱུར་ཕྱོགས་སུ་ཡུན་རིང་བ་ཡི་བར་སྐབས་སུ་བདག་ལ་གནང་ཞུ་བྱས་པ་དང་། ཡང་རང་རང་འདོད་ཁྱེར་གྱི་བླ་མའི་རྣམ་གྲངས་མང་ཞིག་དང་། བདག་གི་བླ་མ་བསོད་ནམས་ལྡེའུ་བཙན་གྱིས་སྤྲུལ་སྐུར་གྲགས་པ་དུ་མ་བྱུང་བ་ལས། འབའ་ཕྱོགས་ཀྱི་སྔགས་རྒྱུད་ཞིག་ཤེས་སྒོ་གསལ་ཁུལ་གྱི་ཁོ་རང་དགོན་དུ་ཕྱིན་ནས་ངེད་དང་སི་ཏུའི་ཚད་མར་བྱས་པའི་རྫུན་བག་ལ་བརྟེན་སྡེ་དགེས་ཀྱང་ཆུ་འབབ་ཏུ་གཞག་འདུག་རུང་བློ་བབ་མེད་གཤིས། ཁོང་རང་ཡང་ཤས་ཆེར་འབའ་ཕྱོགས་སུ་སྡོད་ཡོད་འདུག་ལགས། བདག་རང་ཕྱོགས་དེར་སླེབ་པ་འཕྲལ་འགྱང་ཆེ་གཤིས་བླ་བསྐོ་ཞིག་དགོས་གལ་ཆེ་བར་མཐོང་ཡང་ཀུན་གྱི་ཚད་མར་གྱུར་པ་ཞིག་འཕྲལ་འགྲིག་མ་བྱུང་བས། སི་ཏུ་རིན་པོ་ཆེ་དང་ཡང་འབྲེལ་ཆེ་རང་གི་དབང་ཁྲིད་གདམས་ངག་ལེགས་པར་ཕུལ་ཞིང་ཉམས་རྟོགས་ཇི་བཞིན་སྐྱེས་པའི་སློབ་མ་དང་། ཞ་དམར་མཆོག་ཀྱང་དེ་ལྟར་རེ་ནས་རེ་ཞིག་ཞྭ་དམར་མཆོག་སྤྲུལ་ཁྲིར་བཀོད་རྒྱུ་རང་གི་ངག་བཀོད་བཅས་ད་ལོའི་དབྱར་མི་འགྲོས་བརྫང་ཚར་ལ།

སླར་ཞྭ་དམར་བོད་ཡུལ་དབུས་སུ་བཞུགས་གདན་འཇགས་དགོས་ཀྱི་ཀཿཐོག་རང་དུ་གཏན་སྡོད་ཀྱི་བླ་བསྐོ་ཞིག་དགོས་གལ་ཆེ་གཤིས། དེ་ཡང་ཀཿཐོག་དགོན་པ་ཐོག་མར་ཀ་དམ་པ་ཞེས་སྤོབས་པ་མཐའ་ཡས་ཀྱི་རགས་རྩིས་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་བཏབ་ནས་ཡུན་མི་རིང་བ་ཞིག་ཏུ་ཀཿཐོག་བཏབ། དེ་ནས་ལོ་བདུན་བརྒྱ་ལ་ཁད་ཉེར་སོང་བའི་དེ་སྲིད་དུ་གཏེར་སྟན་ཀློང་གསལ་སྙིང་པོ་ཡབ་སྲས་གཉིས་ཁོ་ན་ལས་བླ་རབས་གཞན་ཐམས་ཅད་རྟེན་དགེ་སློང་གི་དངོས་པོ་ཤ་སྟག་བསླབ་གཙང་འབའ་ཞིག་ལས་གཞན་སྲོལ་རྒྱུན་མ་བྱུང་སྟབས། ད་དུང་བསླབ་ཚུགས་ཟིན་ངེས་ཞིག་མ་བྱུང་ན་བསྟན་པ་ལ་གནོད་པར་དོགས་པ་ཡི་ཀཿཐོག་རྒྱལ་སྲས་ཀྱི་སྤྲུལ་སྐུའི་རྣམ་གྲངས་སུ་གྱུར་པ་ལས་དབུས་ལྷོ་ཁ་སྦྱོར་རབ་སྤྲུལ་པའི་སྐུ་བགྲེས་པའི་གཅུང་ལོ་ཉི་ཤུ་སྐོར་ལྕགས་རྟ་ལོ་ནས་ངེད་ཀྱི་གམ་དུ་ཡོད་པ་དེ་ཤེས་བློ་ཤིན་ཏུ་བརྟུལ་བ་ཞིག་ཡིན་འདུག་ཀྱང་།

ད་ལྟའི་ཆ་ལ་དཔག་ན་བསླབ་ཚུགས་ནི་ཟིན་འདྲ་སྙམ་པ་ཞིག་འདུག་ལ། ན་ནིང་ཞབས་པད་དུ་བསྟན་པ་ལ་ཕན་མིན་བརྟག་ཞུ་སྟེང་ནས་ཕན་པར་ཤར་ཚེ་བསྙེན་རྫོགས་ཞིག་བླང་འཇུག་རྒྱུའི་རྩིས་ལ་དུས་འགྱུར་གྱི་དེ་སྐབས་སྙན་འབུལ་མ་ཐུབ་པ་དེ་དང་། ཡང་ཁམ་ཁེ་ནང་ནས་མཐུ་སྟོབས་ལྡེའུ་ཕ་ནི་རིགས་སྔགས་འཆང་ཁུངས་ལྡན། མ་ནི་ལྕགས་མདུད་ཇག་དཔེས་རྒྱུད་བཙན་དང་། ཧོར་མཚམས་ཕ་མའི་རིགས་རྒྱུད་ལ་ཏྲེ་ཤོད་ནས་གཡུང་དྲུང་། ས་ངན་སྡེ་དགེའི་ཡུལ་མཚམས་ཀཿཐོག་དྲུང་པས་ངོས་འཛིན་བྱས་པ་ཞིག་དང་། ད་ལྟ་གྲགས་ཚུལ་དེ་རྣམས་ནས་སམ། དེ་མིན་གཞན་ནས་ཀྱང་རུང་སྟེ་ཀཿཐོག་གི་བསྟན་པ་ལ་སྨན་པར་གྱུར་པ་སུ་ཞིག་ཡེ་ཤེས་ཀྱི་གཟིགས་པས་རོལ་ནས་བཀའི་འཁོར་ལོས་ཁྱབ་པ་དང་། ཡང་སྤོ་བོར་བདག་གི་བླ་མའི་ཡང་སྲིད་དུ་གྲགས་པ་ཀུན་བཟང་ཕ་མ་གཉིས་ཀ་རིགས་ཁུངས་ལྡན་བསྟན་འཛིན་ཞེས་པ་སྔར་ནས་ཀཿཐོག་དུ་འབྲེལ་རྒྱུན་ཟབ་པ་ཞིག་ཡིན་ལ་དེ་ཡང་སྟེ། སུ་ཞིག་ཐུགས་དམ་བབ་པ་དེ་ཉིད་ཞབས་པད་མཆོག་ཏུ་བསྙེན་རྫོགས་ཞིག་བླང་ནས། ཀཿཐོག་ཏུ་བསྐོ་གཞག་བྱེད་འདོད་ཡིན་ལ། དགོན་དེར་ནི་བསླབ་ཤེས་ལས་ཀྱང་བསླབ་ཟིན་པ་གཙོ་བོ་ཞིག་སྣང་བས། དེ་དོན་ལྟར་ཐུགས་དམ་ཐུགས་རྗེ་བརྩེ་བ་ཆེན་པོའི་རོལ་པ་མི་ལྷོད་པ་དང་། གཞན་ཡང་ཕྲན་རང་ཆུང་ངུ་ནས་རབ་ཏུ་བྱུང་བའི་ཕྱོགས་ལ་ཤིན་ཏུ་གུས་ཤིང་། བསྙེན་པར་རྫོགས་པ་ལ་འཇུག་པའི་བློ་འདོད་དུང་དུང་པོ་ཡོད་རུང་།

རང་གི་རྩ་བའི་བླ་མ་བཀའ་དྲིན་ཅན་བྱིན་རླབས་ཅན་དྲན་མཆོག་དངས་མའི་མགོན་པོ་དཔལ་བདེ་བ་ཆེན་པོའི་ཞབས་ནས་མཁའ་འགྲོའི་འཕྲིན་ལས་བྱེད་པར་སྣང་ཞིང་ཟབ་གཏེར་གྱི་རྟེན་འབྲེལ་བསྒྲིགས་དགོས་སོགས་དཀར་ཆས་ཁོ་ན་ལེགས་ཞེས་བཀའ་ནན་ཏན་གནང་བ་ཡིས་ཚངས་པར་སྤྱོད་པའི་དགེ་བསྙེན་ནོས་རྒྱལ་པས་གསུང་བའི་གནང་བཀག་ལ་ཅི་ནུས་སྤྱོད་ཁུལ་ཙམ་ལ་དབུས་གཙང་ཕྱོགས་སུ་སླེབ་ནས་མེ་རྟ་ལོར་ཕ་ཏྲེའི་རིན་པོ་ཆེར་བསྙེན་རྫོགས་ཞིག་ཞུ་དགོས་ཚུལ་སྙན་འདེབས་ཕུལ་བར་དེས་ཀྱང་གོང་དང་ཆ་འདྲ་ཕེབས་པས་ཤོལ་ཅིང་། ཟབ་གཏེར་ནི་ཚེ་འདིར་མཆོག་གཏེར་ལྔ་གང་རུང་ཞིག་དང་འགྲིག་ན་དེ་དང་གཏེར་ཕྲན་རྣམས་སྤེལ་བར་སྣང་ཡང་། མཆོག་གཏེར་ལྔ་ཇི་བཞིན་མ་འགྲིག་ཕྱིན་གཏེར་ཕྲན་ཁ་ཡར་བྱུང་བ་དག་ཀྱང་རྟེན་འབྲེལ་གྱི་གནད་ཀ་གཞན་དང་གཞན་གྱི་ལྡབ་གཏེར་དུ་སྦས་ནས་བཀའ་མ་དང་གཏེར་རྙིང་སྐྱོང་བར་བསྔགས་བཞིན་ཚེ་འདིའི་རྟེན་འབྲེལ་གྱི་སྒོ་ནི་གོང་གི་ཕྱི་མ་ཉིད་དུ་གྲུབ་པར་གྱུར་སོང་ལ་ཚུལ་འདི་ཡང་གསང་སྒོ་ཅན་དུ་གུ་རུས་བསྔགས་ཤིང་གཞན་ལ་འཆལ་ན་འདི་ཕྱིའི་རྟེན་འབྲེལ་ལ་གནོད་པར་གསུངས་པས་དེས་ན་གསང་བ་བསྲུང་བ་གནས་ཡིན་ཡང་མགོན་པོ་མཆོག་གི་སྤྱན་སྔར་གསོང་པོར་གསོལ་ནས། ད་ཆ་བསྙེན་པར་རྫོགས་པ་ཞིག་བསྒྲུབ་ན་སྔགས་ཀྱི་སྤྱོད་པ་ནི་སྔགས་ཀྱི་སྡོམ་གསུམ་ཡར་ལྡན་གྱི་དགེ་སློང་རྡོ་རྗེ་འཛིན་པ་རུ་བསྔགས་པར་གྱུར་པ་ཡིས་ཤིན་ཏུ་རུང་བར་སྣང་ཡང་ཕྲན་བྱ་བྲལ་གྱི་སྤྱོད་པ་གྱི་ན་ཉིད་དང་མདོ་ཁམས་ཕྱོགས་སུ་བགྲོད་ན་ཡུལ་ཆོས་ཀྱི་བླང་དོར་མང་པོས་ཇི་བཞིན་བསྒྲུབ་པར་དཀའ་ཡང་དམ་པའི་ཆོས་འདུལ་བ་ལ་མོས་པའི་སྟོབས་ཀྱིས་རྗེ་གཙང་པ་རྒྱ་རས་ཀྱི་གསུང་ནས་འབྱུང་བ་དེར་འགྲོ་བར་འདུག་ཀྱང་ནམ་འཆི་ཆ་མེད་ཀྱི་རེ་ཞིག་བར་མ་རབ་བྱུང་ལྟ་བུ་ཞིག་བསྒྲུབ་ནས་དེ་ཡི་རྟགས་བླང་བར་འདོད་ན་དེ་ཡང་རྟེན་འབྲེལ་ལ་ཉམས་ཇི་ལྟར་འགྱུར་ཡེ་ཤེས་ཀྱི་གཟིགས་པ་མཆོག་གི་དཔྱད་པའི་བཀའ་ལུང་རིན་པོ་ཆེ་ཕེབས་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་དགུ་ལྡན་དུ་གསོལ་བ་འདེབས་པ་རེ་འབྲས་དོན་ལྡན་དུ་མཛད་དུ་གསོལ། དེང་དུས་འཛམ་གླིང་འདི་ན་རྒྱལ་བའི་བསྟན་པ་ཡོངས་རྫོགས་འཁོར་ལོ་གསུམ་གྱི་འཁོར་ལོས་བསྒྱུར་བ་ཆེན་པོ་ལུགས་གཉིས་ཀྱི་མངོན་པར་མཐོ་བ་བསྟན་པའི་མངའ་བདག་ཆེན་པོ་ཡིན་པར་མ་ཟད།

མགོན་པོ་མཆོག་ཁྱེད་ཨོ་རྒྱན་གུ་རུས་ཚངས་པ་ལྷ་ཡི་མེ་ཏོག་སྨོན་ལམ་བཟང་པོས་སྤྲུལ་པའི་ཟློས་གར་དུ་རྡོ་རྗེའི་ལྗགས་ཀྱི་བསྔགས་པར་མཛད་པ་ལྐོག་གྱུར་གཞན་གྱིས་མ་བསླད་པའི་དཔང་པོར་རང་ཉིད་ཀྱི་ཆེ་བ་ཡིས་ཚུལ་དེས་ཡིད་དགའ་གཤིས་དག་པའི་སྣང་བས་དྲངས་ནས་སེམས་ལ་གང་མཆིས་ལྷུག་པར་གསོལ་བ་ལ་ཆོས་དབྱིངས་ཚོམ་འཁྲུང་སྐད་ཅིག་ཡང་མི་མངའ་བ་ནས་བཀའ་མཆིད་ཡིད་བཞིན་གྱི་ནོར་བུའི་ཕུང་པོས་རེ་བ་ཡིད་ཀྱི་ཤིང་རྟ་ཕྱུར་བུར་ཁེངས་པ་ཅི་ནས་མཁྱེན་མཁྱེན་མཁྱེན་ཞེས་ཡེ་ཤེས་ཀྱི་སྤྱན་རས་འབབ་པར་བྱེད་པའི་རྟེན་དྲི་མ་མེད་པས་ནམ་ཡང་མ་རྙོག་པའི་ཟླ་བ་ཞུ་བའི་ཁུ་བས་ལན་དུ་མར་བྱུག་པ་ལྟ་བུའི་ལྷ་གོས་དང་རྒྱ་ཡུལ་ཆེན་པོ་ནས་བྱུང་བའི་གསེར་གྱི་པ་ཎ་ཡོན་ཏན་གྱི་བགྲང་ཆ་བཅས་དཔལ་གདོང་ཆུ་བྱའི་ལོ་ཞལ་གསར་དུ་འཆར་ཉེ་བ་མགོ་ཟླའི་དཀར་ཕྱོགས་གང་བའི་དུས་བཟང་པོར་ཝཾ་ལེ་བདེ་ཆེན་རྣམ་རྒྱལ་ནས་ཕྲན་གྱུར་དཔལ་རིག་པ་འཛིན་པས་ཕུལ་བའི་ལི་ཁི་ཏཾ་སརྦ་མངྒ་ལཾ།

༈ ཞབས་པད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར།

གུས་པས་ཞུ་གསོལ། དེང་དུས་རི་ཁ་བ་ཅན་གྱི་ཁྲོད་དུ་ཡོངས་རྫོགས་བསྟན་པའི་མངའ་བདག་གངས་ཅན་མགོན་པོ་མཆོག་དང་དེ་སྲས་ཐུ་བོ་དམ་པ་ངུར་སྨྲིག་གར་གྱི་རོལ་པ་གང་དཀྱིལ་འཁོར་ལོའི་རང་བཞིན་གཅིག་ཏུ་འདུས་ཏེ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བར་མཛད་པ་ནི་འགྲོ་བ་ཐམས་ཅད་ཀྱི་ཀྱེ་མ་འོ་འདི་ནི་འཇིག་རྟེན་མཛེས་པར་བྱས་སོ། །ཀྱེ་མའོ་འདི་ནི་འཇིག་རྟེན་དགེ་བའི་བཅས་སོ། །ཀྱེ་མའོ་འདི་ནི་སྐྱེ་དགུ་མཐའ་དག་ལ་སྨན་པར་བྱེད་པའི་རྒྱུའོ། །ཞེས་འོག་མིན་གྱི་བར་དུ་སྒྲོགས་པར་ངེས་ན་འདིར་གནས་ཕྲན་བུ་ས་འོག་འབུ་སྲིན་གྲོག་མའི་མཆོད་ཟླར་གྱུར་པ་བདག་ཀྱང་ཡིད་དངས་ཤིང་སིམ་པར་གྱུར་པ་ནི་ཆུ་སྐྱེས་ཁ་འབུས་པ་ལྟ་བུའི་སྙིམ་པའི་དཀྱིལ་འཁོར་སྤྱི་བོར་བཟླུམ་བཞིན་པས་ལེགས་འབུལ་མཚོན་བྱེད་ཡུལ་ཀསྨི་ར་ནས་བྱུང་བའི་གོས་མཆོག་འཕགས་རྒྱལ་གྱི་རས་བེའུ་ཡི་དོ་ཟླར་བྱས་པ་ཡུལ་འདིར་ཟླ་བྲལ་འཕགས་ཡུལ་གྱི་རཱུ་པ་ན་དྲུག་ཅུ་ལས་མི་དམན་ངེས་པའི་རིན་ཐང་ཅན་དངོས་པོ་པདྨའི་རྣལ་མ་ལྟ་བུ་ཆེས་ཆེར་ཕྲ་ཡང་ལྷག་བསམ་མོས་དགེ་གྱེན་ཕྱུར་གྱི་ངོས་ལྟར་ཡང་ས་རློམ་བཞིན་ཕྱག་བཅས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

ཞབས་པད་ཡིད་བཞིན་གྱི་ནོར་བ་རིན་པོ་ཆེ་གནས་ཚུལ་ཞུ་ཆུང་། འདིར་རྒྱལ་སྲས་རིན་པོ་ཆེ་བསླབ་པ་གསོ་ན་སེམས་ཀྱང་རྒྱལ་རིགས་ཀྱི་བུ་དྲེགས་ཤིང་བརྒྱག་པ་འདོད་པའི་ལང་ཚོ་བདོལ་བ་ཡི་དེ་ལྟ་ཅི་ཙམ་བརྗོད་ཀྱང་སྐབས་སུ་མ་གྱུར་པས་དེ་ཚེ་ཁོ་པ་རང་གི་རྩ་བའི་བླ་མ་འབྲུག་པ་ཐམས་ཅད་མཁྱེན་པ་ལ་བཤགས་འབུལ་ཞིག་བགྱིས་ན་ལེགས་ཚུལ་སྨྲས་ཀྱང་ཐོག་མར་བློ་ལ་དེ་ཡང་ཤིན་ཏུ་འཇུག་དཀའ་ཞིང་མཐར་ལས་འབྲས་དམ་ཚིག་གི་མཚན་ཉིད་ཅི་རིགས་བཤད་ཅིང་འཇམ་པོས་དཀྲིས་པས་ཅུང་ཟད་ཁུག་སྟེ་བཤགས་འབུལ་བྱེད་རྒྱུའི་རྩིས་སུ་བྱས་སོང་བ་གནས་ཚུལ་ལགས་ཤིང་། ཕྱོགས་འདིའི་བགྱིད་འོས་ལ་སྨན་པའི་བཀའ་ཐམ་རིན་པོ་ཆེ་ཞིག་ཞུ་བ་སྐབས་བབས་འགྱུར་མིན་སྙན་དབང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་ཕུལ་བར། དེ་ལ་བཀའ་སྩལ་མ་ཕེབས་པ་ད་ཆ་ལ་དྭགས་མཐིལ་དུ་བགྲོད་རྩིས་མིན་གཤིས། དོན་དེས་ཞུ་བར་མི་ནུས་ཀྱང་བདག་གི་གནས་ཚུལ་ཚིག་ཉོག་གི་འཕྲེང་བས་གཟིགས་ངོར་མ་སྤྱོད་པ་མིན་ན་རུང་ཡང་ཆོས་དབྱིངས་ཚོམ་འཁྲུང་རྒྱུར་གྱུར་པ་ནི་མ་ལགས་སྙམ་པའི་བློ་ངལ་བྱུང་བས་དེས་ན་ཟབ་དབྱིབས་རིན་པོ་ཆེ་ཚོམ་འཁྲུང་མེད་པར་མཁྱེན་མཁྱེན་མཁྱེན་དགུ་ལྡན་དུ་གསོལ་བ་འདེབས་པ་དེ་ཁོ་ན་བཞིན་ཐུགས་རྗེ་ཆེན་པོས་གཟིགས་པས་བྱབ་པར་མཛད་དུ་གསོལ།

༈ རྒྱལ་བ་མཆོག་གི་རབ་འབྱམས་འཕྲིན་ལས་བགྱིད་པ་པོ་ས་ཡི་ཚངས་པ་ཆེན་པོར་གྱུར་པ་རྣམས་ཀྱི་མདུན་སར།

ཞུ་བ། གང་ཞིག་མི་མཐུན་སྨག་རུམ་བཅིལ་ཞིང་མངའ་རིས་སྐྱེ་དགུའི་པད་ཚལ་འཛུམ་པའི་བྱེད་པོ་ཉིན་མོར་བྱེད་པའི་ཐིག་ལེ་རྒྱལ་མ་མཆོག་གི་འཕྲིན་ལས་འདྲེན་པར་བྱེད་པའི་ཁ་ལོ་བློ་གྲོས་ཀྱི་དཔལ་གར་ཅིར་ཡང་བསྒྱུར་བའི་གོ་ལའི་རྟ་མཆོག་མཚར་བ་ནམ་ཡང་བརྙིལ་མེད་ཕན་བདེའི་འཁོར་ལོ་འཁོར་བཞིན་བཞུགས་པ་ནས་འདིར་གནས་བྱ་བྲལ་ཕྲན་བུ་ལས་ཀྱང་ཕྲན་བུར་གྱུར་པ་ལའང་དགེས་པའི་སྤྱན་རས་ཀྱི་མ་ལྷོད་པའི་ཆབ་ཤོག་འཆར་བྱེད་ཀྱི་འོད་ལ་ཇོ་འདྲི་བ་ཟབ་ལིང་བཟང་པོའི་རྟེན་བཅས་ཕྱག་རྒྱའི་རེ་ཁ་མ་རྙིང་བར་འཕྲུལ་ལྡན་ཤུགས་འཆང་རྐང་པའི་གར་ཅན་གྱི་སྙིམ་པ་ནས་འདིར་སོན་པས་ཡིད་དགའ་བའི་ལང་ཚོ་ཅིར་ཡང་རྒྱས་པའི་རྩིས་སུ་གྱུར་ལ། འདིར་གནས་བྱ་བྲལ་བ་ཡང་འཚོ་བ་སྔར་མུ་བཞིན་ཁྱོ་རེ་བའི་ངང་ད་ལྟ་ཝཾ་ལེར་གནས་ཤིང་། དེར་མར་ཡུལ་བདག་པོ་རྒྱལ་སྲས་དང་རྒྱལ་པོ་ཕན་རྣམས་རྒྱལ་མོ་བཅས་ཏེ་རྟེན་ཞལ་རྣམས་ཀྱི་ལེགས་སྤེལ་རང་གི་བློ་ནུས་ལ་དཔག་པ། ལས་ཀྱི་བདེ་བ་མེད་ཕྱིན་བརླིང་ཆགས་མཐའ་བཙན་འཕར་མེད་དུ་གྲུབ་པའི་ཆོད་ཡིག་མདུན་རྒྱབ་ཅན་དུ་བྱས་པའི་འདྲ་གསུམ་གྱི་གཅིག་ལ་གོང་ས་སྐྱབས་མགོན་མཆོག་གི་ཞབས་པད་ནས་མགོ་མཆན་གནང་རྒྱུར་ཕྱོགས་འདིའི་ཆ་རྒྱུས་ཀྱི་སྟེང་ཟིན་བྲིས་བཅས་ཕུལ་བ་དེ་དོན་སོར་བཞག་ཐུགས་རྗེ་ཆེ་གནང་དང་།

མུལ་ལྦེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ནི་སྔ་སོར་སྒར་ཐོག་ནས་ཁོ་རང་གི་ཕེབས་བསུ་བའི་ཁྲོད་ནས་ཇོ་ཁག་ཁུལ་ཞིག་འཕྲལ་བརྫང་ཝཾ་ལེར་ཧོར་ཟླ་༨མགོར་ངེས་འབྱོར་དགོས་ཚུལ་དང་ཝཾ་ལེར་འབྱོར་ནས་ཀྱང་ངེད་ནས་ཡི་གེ་སྔ་ཕྱིར་ཡི་གེ་ཁ་ཤས་དང་ཁོ་པ་རང་གི་དྲུང་འཁོར་ཡོད་དགུ་ཅོག་གམ་སྙིང་པོ་གཟིམ་དཔོན་སྒར་ཐོག་དང་བཀའ་བློན་ཝཾ་ལེར་འཕྲལ་འབྱོར་བྱུང་བ་ཁོ་པ་གཉིས་ནས་ཀྱང་ལ་དྭགས་པས་ཉེར་འཚེ་མི་བྱེད་ངེས་ཅན་ཡིན་འདུག་པས་འཕྲལ་བསྐྱོད་ལེགས་ཚུལ་བང་མི་སྔ་ཕྱིར་ཚར་ལྔ་གཏོང་སོགས་ཀྱང་ཁ་ཆེ་ན་བབ་ཀྱི་ལ་དྭགས་པའི་རྒྱབ་གཉེར་བྱས་ནས་ཁོ་སར་དམག་འཇུག་ཡོང་ངམ་སྙམ་པའི་དོགས་པ་ཡིན་ཚུལ་གྱི་ཡི་གེ་བྱུང་ལ། དེར་ཡང་མ་ཟད་མོན་བྷལ་ཏིའི་ཇོ་ཁག་ཞེས་དཔོན་པོ་ཞིག་གི་ཆུང་མ་ཁོ་པས་བག་རྒོད་དུ་བླང་བས་དེའི་ཉེར་འཚེ་ལ་ཡང་འཛེམ་པ་ཡིན་ནམ་ཟེར་ལ། ངེད་ཀྱི་འཕྲོས་བྱས་ལྟར་ཁ་ཆེར་ཁུ་དབོན་ནང་འགྲིག་ཚུལ་གྱི་གནས་ཚུལ་ཕོ་ཉ་དང་། ཁ་ཆེའི་ཚོང་ལམ་གྱི་གཏོང་འདུག འདི་རུ་འབྱོན་རྒྱུའི་སྐོར་ནི་སྔར་འབྱོན་ཐང་བཤོལ་ཐང་བཅུ་ཕྲག་དུ་མའི་རང་བཞིན་གྱི་ད་ལྟ་ཐུག་ཕེབས་མ་བྱུང་ལ། ཁོང་གི་འགོར་གཞིས་འདི་ལོ་བལ་ཡུལ་མཆོད་རྟེན་ཆེན་པོའི་ཞིག་གསོ་ནི་ཕྱིར་འགྱང་སྨོས་མེད་དུ་སོང་བས་ཡིད་ཁོང་བུར་མཆོད་བཞིན་པར་གནས། ངེད་ལ་དྭགས་མཐིལ་དུ་ཡོང་དགོས་ཞེས་རྒྱལ་ཁག་ཕན་ཚུན་ཚང་མ་འདོད་མཐུན་དུ་བྱུང་བས་ལྟས་ཀྱང་ཅུང་ཟད་མ་ཆུབ་ཅིང་ལྷག་ཏུ་བློ་འདོད་པ་མ་བབ་སྟེ། སྔར་ས་སྦྲུལ་ལོར་གློ་བོ་རྗེ་འབངས་ནས་ཡོང་དགོས་ཚུལ་ནན་བསྐྱེད་ཆེས་པས་འགྲོ་འདོད་མེད་བཞིན་དེར་ཕྱིན་དེ་སྐབས་སྐུ་མཆེད་འཁྲུག་པར་དགུང་གཡོག་རྣམས་ཀྱི་སྲོག་སྐྱོབས་རང་གི་ལུས་སྲོག་ལ་མ་འཛེམ་པར་འབད་པས་མི་བརྒྱ་ལྷག་ཙམ་གྱི་སྲོག་ཐར་བ་ཡང་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱིས་མཁྱེན་ངོར་གསལ་བ་ཡིན་ཡང་། རྟ་ལོ་དུས་འགྱུར་སྐབས་སྲོག་སྐྱོབས་བྱས་པ་རྣམས་ནས་ཁྲེལ་ལྡ་རེ་ཟུང་ལས་དྲིན་གཟོ་བྱེད་པར་དཀོན་ན་མཁྱེན་ལྡན་གཞན་ནས་རྗེས་བསྔགས་རེ་བ་ལ་དེ་ལྟ་ཞོག་ལས་ཁུངས་ནས་སྐབས་མིན་གྱི་བཀའ་འདྲི་ལྕི་བའི་རྒྱུར་སོང་བ་སོགས་འགྲོ་འདོད་མེད་པའི་གནས་སུ་འགྲོ་སྡོད་དེ་ཡང་ཤིན་ཏུ་བག་ཁུམ་གྱི་རིམ་འགྱང་ནས་ད་ཆ་ལ་དྭགས་མཐིལ་དུ་བགྲོད་མི་ཐུབ་པའི་ཐག་ཆོད་ཀྱི་འཕྲོས་བཏང་ཟིན་ཅིང་། དེས་མུལ་ལྦེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ལམ་ཞུགས་ཀྱི་འཕྲོས་བྱུང་བ་བདེན་ན་ཁུ་དབོན་རྒྱལ་བློན་ལབ་ཆིངས་འགྲིག་པར་རེ་ཡང་།

འདི་ཕྱོགས་ནས་ཀྱང་ཉན་ཤིན་ཏུ་མི་བཟོད་པའི་དྲག་ཤུལ་ཆེ་ཞིང་། མུལ་ལྦེ་རྒྱལ་པོ་ཡང་གོ་བ་མ་ཆགས་པའི་སྤྱི་བརྟོལ་ཅན་ཞིག་ཡོད་འདུག་པས་ཕན་ཚུན་གཏམ་ཡང་ཧེ་བག་ཆེ་ཞིང་སྔར་ཁ་ཆེ་ན་བབ་ཀྱི་གཅོད་མཚམས་ཡི་གེ་ཞིག་ཡང་ཡོད་འདུག་པ་བཅས་འགྲིག་བཟླུམ་ཡང་ཤིན་ཏུ་བཀའ་འདྲ་སྙམ་ལ། ཡང་རྒྱལ་པོ་དབྱར་དྲོ་དུས་མི་ཕེབས་ན་དེང་དུས་འདིར་གྲང་བའི་རེག་བྱ་རལ་གྲིའི་སོ་ལས་ཀྱང་ཚ་ན་དེ་ལ་བག་ཁུམ་དང་ལྷག་ཏུ་ཐུགས་གདོན་བསྐྱོད་ཀྱི་ཡང་མ་ཕེབས་པར་ཤར་ན་རེ་ཞིག་བཟུང་དུས་ལྟ་བུ་ཞིག་བགྱིད་དགོས་རྒྱུ་ཡིན་ནམ་སྙམ་པ་དང་། ལར་ཕྱོགས་འདིར་དུས་སྙིགས་ཀྱི་རང་མདངས་སྤྱི་དང་བྱེ་བྲག་འཚུབ་ལྟས་སུ་ཆེ་བའི་མི་རྣམས་ཀྱང་རྨུ་ཆེས་ཆེར་རྒོད་པ་ཡི་དོན་མེད་པའི་སྟོང་སྐད་ཀྱི་འུར་ཟིངས། གཅིག་གིས་གཅིག་ལ་ཕྲ་མ་སེམས་ངན་དང་། དེ་བརྟེན་གཡུལ་བཤམ་དུ་འཆའ་བ་ལྟ་བུའམ་འཚུབ་ལྷོང་སོགས་ཁ་སིན་ཐོག་མར་དཔག་པར་དཀའ་བ་ཞིག་འདུག་ཀྱང་། དེས་ན་རྒྱལ་བ་མཆོག་གི་ཐུགས་རྗེའི་སྐྱབས་འཇུག་དང་བསྟན་རིམ་ཡང་མཛད་པའི་བཀའ་དྲིན་གྱིས་དེང་སང་ཅུང་ཟད་འཇམ་ཆགས་སུ་སོང་ལ། རང་ཉིད་ལ་ནི་ལ་དྭགས་རྗེ་འབངས་ནས་བདའ་བའི་ཟས་སྐོམ་བསྟབ་ཅིང་གུས་པས་བསྙེན་ཡང་རང་རང་འདོད་དབང་ལས་སྨྲས་པའི་གཏམ་ལ་ནི་ཤིན་ཏུ་ཉན་པར་དཀའ་བ་ཡིས་ལབ་ཆིངས་འགྲིག་སྡུམ་ཚེགས་ཆེ་ཚེར་མའི་དོང་ངམ་ཤིག་ནད་ཀྱི་བྲོ་འཚལ་བ་ལས་ཀྱང་ལྷག་པར་དུབ་ཅིང་ངལ་ཡང་བགྱིད་འོས་བསྟན་འགྲོའི་དོན་རྒྱལ་བ་མཆོག་གི་བཀའ་བོད་ཡུལ་གྱི་འདུན་ན་འདུན་ཆེན་པོའི་འཕྲིན་ལས་ཀྱི་ཆེད་དུའོ་སྙམ་ནས་ད་བར་ལྷག་བསམ་གྱི་འཁར་བ་ཁྲང་པོར་བརྟེན་ཏེ་མཆིས་ལ། ད་ཆ་ཕྱོགས་འདིར་བློ་ཡི་བབ་ཀྱི་ཧ་ཅང་སྡོད་པར་མ་སྤྲོ་བས་རོང་མཚམས་ལ་གངས་ཤིན་ཏུ་ཆེ་བས་ལམ་འགག་པར་མ་གྱུར་ཚེ་གཪྴད་རི་འཕགས་སོགས་མཇལ་ན་སྙམ་ཞིང་། དེ་མིན་འདི་ལོ་དགུན་འོས་མཚམས་ཞིག་ཏུ་སྡོད་འདོད་ལགས་པ་ཡང་གནས་ཚུལ་དང་ཕྱོགས་འདིར་དགོས་ཆས་སྒར་ས་ནས་བླང་ཆོག་ཕེབས་པ་བཀའ་དྲིན་ཆེན་པོས་ཁྱབ་ཀྱང་ཁ་ཆེའི་མི་སྣ་ཆེ་ཁ་འདྲ་བྱུང་ན་དེ་ལྟར་དགོས་རིགས་སྣང་ཡང་།

ད་ལྟ་ཁ་ཆེ་དང་ས་ཐན་གྱི་དཔུང་ལྷག་པར་འཐབ་པའི་སྐབས་སུ་སྣང་གཤིས་ཁ་ཆེ་ནང་དུཿཁའི་རང་བཞིན་གྱི་སྙིང་རྗེའི་གནས་སུ་གྱུར་ཀྱང་ཕྱོགས་འདིར་འདི་ལོ་ནི་ཁ་ཆེའི་དམག་ཉན་མེད་པར་བདེ་བའི་གོ་སྐབས་ཅན་གྱིས་འདིར་རྒྱལ་པོ་ཕན་ཚུལ་རྣམས་ལ་ནི་རང་གི་དངོས་པོ་ལྡེང་ཙམ་ཡོང་རེ་དང་། སྒར་ནས་སྔར་ཇ་སྒོམ་གཅིག་གི་སྔ་སྐྱི་ལས་གཞན་རྒྱལ་བ་མཆོག་གི་ཞབས་བརྟན་བསྟན་འགྲོའི་སྤྱི་རིམ་དུ་དམིགས་པའི་མར་ཡུལ་གཪྴད་སི་ཏུ་བཅས་ཀྱི་དགེ་འདུན་ཚང་མར་མང་ཇ་ལག་འགྱེད་ཕྲན་བུར་དངུལ་སྲང་གཉིས་བརྒྱར་རེག་པ་དང་། ལ་དྭགས་རྒྱལ་བློན་རྣམས་ལ་འཕྲོས་རྟེན་དགོས་རིགས་བཅས་ཚང་མ་རང་མཁོས་སྟེང་ནས་བྱས་ཤིང་། ངེས་མེད་མ་ལྡེང་དགོས་ངེས་བྱུང་ན་ལས་སྒར་ནས་ཞུ་རྩིས་མེད་ལ། གོང་ཞབས་མཆོག་ནས་བཀའ་རྒྱ་རིན་པོ་ཆེ་སྔ་ཕྱིར་གནང་སྐྱེས་ཟབ་གོས་ཡུག་བརྒྱད་དང་། དེ་བཞིན་འདུན་ན་འདོད་ཆེན་པོའི་ཆབ་ཤོག་རྟེན་ཟབ་ཡུག་གཉིས་ཕེབས་པ་ནས་སྔར་གོས་ཡུག་བཞི་ལས་གཞན་ཚང་མ་ཡོད་པས་སླད་ཆར་དགོས་རིགས་སྙན་འབུལ་ཞུ་སྐབས་ལས་ཟབ་གོས་སྐྱེས་གནང་རེ་ཞིག་མི་འཚལ་ལ། འདི་སྐོར་གྱི་གནས་ཚུལ་སླར་ཞིབ་འབུལ་བགྱིད་རྒྱུ་དང་། ད་ལམ་མགོ་མཆན་ཞུ་རྒྱུ་སོགས་བཀའ་ལན་འདི་ཕྲན་སྡོད་འགྲོ་ཡི་རིང་ཁྱད་ཆེ་བ་ལགས་ན་བཀའ་ཡི་འཁོར་ལོས་ཕྲལ་མར་ཁྱབ་པ་ཡང་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་སྤྱས་རས་གཡོ་བར་བྱེད་པའི་རྟེན་རྣམ་པར་དཀར་བ་ལྷ་ཡི་རེག་བྱ་སྲིད་དུ་རིང་བ་དང་། ཡུལ་ཀསྨི་ར་ཡི་ཟབ་གོས་དམར་པོ་གསེར་གྱི་རི་མོ་མངོན་པར་བཀྲ་བ་མར་ཡུལ་རང་དུ་དངུལ་སྲང་ཉི་ཤུ་རྩ་ལྔའི་རིན་ཐང་ཅན་དང་། འཕགས་ཡུལ་གྱི་པ་ཎ་བཀྲ་ཤིས་པའི་གྲངས་ལྡན་བཅས་ཟླ་༡༡ཚེས་༢༩བཟང་པོ་ལ་མར་ཡུལ་སྟོད་ཝཾ་ལེ་བདེ་ཆེན་རྣམ་རྒྱལ་ནས་ཕུལ་བའི་ལི་ཁི་ཏཾ་སརྦ་མངྒ་ལཾ།

ལགས། ཆོས་དབྱིངས་ཚོམ་འཁྲུང་མི་མངའ་བར་གསོལ་བ་འདེབས་པ་ནས་རྗེ་འབྲུག་པ་དང་། མཚུར་ཕུ་མཛོད་པ་ལ་འབུལ་རྒྱུའི་ཡི་གེ་འདི་ཡང་དེ་ནས་འཕྲལ་འཕྲོད་ཐུགས་རྗེ་ཆེ་གཟིགས་དང་རྗེ་འབྲུག་པའི་ཡིག་ལན་ནི་ཞུ་མི་དགོས་ཤིང་མཚུར་ཕུ་ནས་དཔེ་ཞིག་བླང་དགོས་ཡོད་པས་ཡིག་ལན་ཀྱང་ཅི་ནས་ཞུ་རྒྱུ་དང་། རྐོང་པོ་ལྗོན་པོ་ཀླུང་དུ་བོད་རྗེ་མཆོད་ཡོན་གྱི་ཞབས་བརྟན་དུ་དམིགས་པའི་སྒྲུབ་སྡེ་ལོ་རེ་བཞིན་རྡོ་རྗེ་སེམས་དཔའི་ཡང་སྙིང་དུར་ཕྱུར་གཙོས་བྱས། ཆོ་ག་ཆོས་སྤྱོད་འཕྲོས་ཚུགས་ནས་ལོ་སྐོར་ཉེ་བར་སོང་ཞིང་། དེ་མཚུངས་མཆོད་རྟེན་རྣམ་དག་ཏུ་ལོ་རེ་བཞིན་བཛྲ་གུ་རུ་བྱེ་བ་ཁ་ཡར་ཚུགས་ནས་ལོ་མ་ཉུང་ཙམ་སོང་བ་དེ་རྣམས་གཞན་རྐྱེན་གྱིས་བཤོལ་ཉེ་བྱུང་ཡོད་འདུག་པ། ངོ་བོ་ཞབས་བརྟན་རྣམ་དཀར་དགེ་རྒྱུན་ཡིན་ཡང་འཛུགས་མཁན་ངེད་དུ་སོང་གཤིས་སྒེར་དཔོན་ལྟ་བུའི་དོན་སྣང་ཆུང་འདི་གོང་ས་མཆོག་གི་ཞབས་པད་དུ་སྨོས་ཅི་འཚལ་མི་ཡི་རྗེ་བོ་འདུན་ན་འདོན་རྣམས་ཀྱི་སྙན་འབུལ་ཞུ་རིན་ཆོག་པ་ཞིག་མི་འདུག་ཀྱང་། དགེ་རྒྱུན་ཕྲ་མོ་དེ་རེ་ཞིག་མ་ཆད་ན་སྙམ་ངེད་ཕྱོགས་དེར་མ་སླེབས་ཀྱི་བར་སླར་མུ་བཞིན་ཚུགས་དགོས་ཀྱི་ས་བོན་ཟུར་གསལ་ལ་གནང་གཏད་ས་བོན་ཞུ་རྟེན་མ་གྱུར་ཚེ་བཀའ་ཐམ་ཐུགས་རྗེས་གཟིགས་ནས་ཡིག་ཆུང་འདི་དང་ལྷན་ཅིག་ལྗོན་ཀླུང་རྡོ་རྗེ་སློབ་དཔོན་ལ་འཕྲལ་གནང་ཐུགས་རྗེ་ཆེ་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་གཟིགས་རྟེན་ལྷ་གོས་དངུལ་གཉིས་བཅས་ཟླ་ཚེས་དགེ་བ་ལ་ཕུལ་བའི་ཞུ་ཆུང་སརྦ་མངྒ་ལཾ།

༈ ཆུ་སྤྲེལ་ལ།

རྒྱལ་བའི་འདུན་ན་འདོན་སེམས་དཔའ་ཆེན་པོ་ལྷན་རྒྱས་མཆོག་གི་སྐུ་གཞོགས་སུ།

ནང་ལུགས་སྟབས་བདེར་ཕུལ་བ་ཆོས་དབྱིངས་རྙོག་མེད་ངོས། དེང་དུས་དེར་རྒྱལ་བ་མཆོག་གི་ཞབས་རིམ་གཡེལ་མེད་དུ་བཞུགས་པ་བཀའ་དྲིན་ཆེ། ངོས་ཀྱང་ཕྱོགས་འདིའི་འགྲོ་བ་དམུ་རྒོད་ཀྱི་རྦ་ཀློང་འཁྲུག་པའི་དབུས་སུ་ལྷག་བསམ་གྱི་གྲུ་བོ་མ་གཞིག་ཙམ་དུ་གནས། ཆེད་དུ་གསོལ་འོས། སྔོན་རྒྱལ་བ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ལྔ་པས་ཐུགས་ཀྱི་ཟེའུར་རབ་ཏུ་གཅེས་ཤིང་འབད་པས་བཙུགས་པའི་རྣམ་རྒྱལ་གྲྭ་ཚང་དུ་གྲགས་པ།

རྒྱལ་བ་མཆོག་གི་རྡོ་རྗེ་ཪེག་པའི་སྨིན་གྲོལ་གྱི་རྒྱུན་ཆོ་ག་ཕྱག་བཞེས་དག་པ་དེ་ཕྱིས་རྩེས་ཐུང་དུ་འཕོས་ཤིང་། དེ་ནས་དབུས་གཙུང་དུས་ཟིང་སྐབས་ཉམས་པར་གྱུར་པ་དེ་ཚུགས་ན་ཅི་མ་རུང་སྙམ་པ་རིང་མོ་ཉིད་ནས་ཡིད་དུ་བརྟན་ཞིང་། ཐབས་མཁོས་ཕྲན་བུ་བགྱིས་ཀྱང་རྟེན་འབྲེལ་གྱི་གནད་ཀ་ཞིག་གིས་སྒྲུབ་པར་མ་ནུས་ཀྱང་། ད་དུང་ཡིད་ལ་དུང་དུང་པོ་མཆིས་ཀྱང་བདག་བྱ་བྲལ་གྱི་ན་བས་ཐབས་མཁས་སུ་མ་གྱུར་རུང་། དེང་དུས་རྒྱལ་བ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་སེང་གེའི་ཁྲིར་བཞུགས་ཏེ་གངས་ཅན་ལུགས་གཉིས་ཀྱི་མངའ་བདག་མཛད་པའི་སྐབས་སུ། དེ་ཚུགས་པ་སྐབས་བབ་ཉིད་དུ་ངེས་ཤིང་། དེ་ཡང་དབུས་གཙང་དུ་གྲུབ་མཐའ་མང་གཤིས་ཅུང་ཟད་མི་མཛེས་ཚེ་ཀོང་ཡུལ་ཕྱོགས་ཞིག་ཏུ་འཛུགས་ན་སྙམ་ལ། ཀོང་པོ་ཉང་ཁའི་ཁུགས་དུ་མཆོད་ཁོང་རྩེ་ཞེས་ཞལ་སྔ་བཀའ་བརྒྱུད་ཀྱི་གྲངས་སུ་འགྲོ་བ་སྔར་གྲྭ་པ་དྲུག་ཅུ་སྐོར་གྱི་འཚོ་ཆས་ཕྱིད་པའི་ས་ཡིན་ཟེར།

སྐུ་སྐྱེ་རིམ་བྱོན་གྱི་སྐུ་སྐྱེ་ས་གྲྭ་ཚང་ཤིང་གླང་ལོར་མ་འཚམས་ནས་བླ་མ་དེས་དགོན་དབང་རིས་བདག་ཐོབ་ངེད་ལ་འབུལ་དགོས་ཟེར་ཁ་འཛིན་བྱེད་འདོད་མ་ཤར་བས་མ་བྱས། དེ་ཚེ་སེ་རའི་རབ་འབྱམས་པ་ཞིག་དེར་བོས་ཡོད་འདུག་ཀྱང་འཇག་གནས་གཏན་ཚིགས་ཇི་བཞིན་པ་མ་བྱུང་ཡོད་སྐད་བཅས། དེར་གྲྭ་ཚང་རྙིང་པ་འཛུགས་འོས་སྐབས་སུ་ཆེ་འདྲ་སྙམ་པ་དང་། གཞན་རྩ་འདྲ་ཙཱ་གོང་བྲག་གསུམ་མཚོ་རྫོང་སོགས་གང་ལེགས་རྒྱལ་བ་མཆོག་གི་ཡེ་ཤེས་ཀྱི་གཟིགས་ངོར་དཔྱད་དེ་རྣམ་རྒྱལ་གྲྭ་ཚང་རྙིང་ཁུངས་འདི་རྒྱལ་བ་གོང་མ་རྣམས་ཀྱི་དགོངས་རྫོགས་སུ་དགོངས་ནས་ཅི་ནས་ཀྱང་འཛུགས་པ་ཞིག་གསོལ་བ་འདེབས་པ་ལགས་ཤིང་། དེ་ལ་ཕྲན་རང་སྟོབས་འབྱོར་གྱི་ཞབས་རིམ་བསྒྲུབ་པར་དཀའ་ཡང་རྟེན་འབྲེལ་གྱི་སྒྲིགས་ཕྱོགས་སོགས་ཞབས་འོག་ཏུ་གང་འགྱུར་ཞུ་འདོད་ལགས་ན་དེ་དོན་སྐྱབས་མགོན་གི་སྙན་དབང་ཡིད་བཞིན་གྱི་ནོར་བུར་ཕུལ་ནས་ཕྲན་ལ་ཅི་ལྟར་གྱིས་བཀའ་ཡིས་འཁོར་ལོས་ཁྱབ་ཚེ་ཕྲན་ཡང་ཕྲལ་དུ་མ་ཤི་ན་དེར་སྨན་གྱི་བགྱིད་འོས་ཁྱད་ཀྱང་འདུག་པས་འདི་འཛུགས་པར་ཤར་ཚེ་གཞན་ལ་རེ་ཞིག་གསང་རྒྱ་མ་མཛད་ན་བར་ཆད་རྩོམ་པ་པོ་མང་བས་དེ་ལུགས་ཀྱང་ཟབ་དབྱིབས་རིན་པོ་ཆེར་འཇུག་པ་ཞུ་ཞུ་ཞེས་གཟིགས་རྟེན་ལྷ་ཡི་རེག་བྱ་རྣམ་པར་དཀར་བས་བཅིབ་སྟེ་ཟླ་ཚེས་དགེ་བ་ལ་རྒྱལ་ཁམས་པས་ཕུལ་བའི་ལི་ཁི་ཏཾ་སརྦ་མངྒ་ལཾ།

༈ རིང་ནས་མཛའ་བའི་བཤེས་མཁྱེན་པའི་གཏེར་གྱུར་སྡེ་པ་མདའ་དཔོན་ཞབས་དྲུང་རིན་པོ་ཆེ་གང་གི་སྐུ་གཞོགས་སུ།

ནང་ལུགས་སྟབས་བདེར་ཕུལ་བ་དགོངས་རྙོག་མེད་ངོས། དེང་དུས་སྐུ་ཡི་དཀྱིལ་འཁོར་དྭངས་ཤིང་འདྲེན་པ་ཡོངས་ཀྱི་སྤྱི་ཕུད་རྒྱལ་བ་མཆོག་གི་འཕྲིན་ལས་ཀྱི་བགྱིད་འོས་མི་ལྷོད་པར་བཞུགས་པ་བཀའ་དྲིན་མཆོག་ཏུ་གྱུར། ངོས་ཀྱང་ཚ་གྲང་རེག་བྱ་དུབ་པ་ཀུན་དྭང་དུ་བླངས་ནས་མར་ཡུལ་ལྗོངས་སུ་འབྱོར་ནས་དམུ་རྒོད་ཀྱི་འགྲོ་བ་ཁ་ལོ་དཀའ་བ་ཡི་ཚེགས་ཆེའི་ངང་དུ་གནས། དེ་ཞབས་སུ་ཞུ་ཡིག་འདྲ་འབུལ་འདོད་ཆེ་ཡང་རྟ་ཤད་དུ་སོང་གཤིས་གཞན་ངོར་མ་མཛེས་དོགས་འབུལ་མ་བདེ་ཞིང་། ད་ལམ་མཚམས་འདྲི་མཚོན་བྱེད་ཞུ་ཡིག་འདི་བཞིན་སྟེ་དེར་སྐུ་ཡི་རིམ་གྲོར་སྔར་མུ་ལྟར་མེ་ཤོར་མེད་པ་དང་དེ་ཡང་ངེས་དོན་མདོ་སྡེ་དང་སྒྲོལ་མའི་མཚན་བརྒྱ་ལ་འབད་ཅིང་། ལྷ་མོའི་གསོལ་མཆོད་ལ་ཅི་ནུས་བརྩོན། རྒྱལ་བ་མཆོག་གི་ཐུགས་རྗེས་བོད་ཡུལ་གཅིག་པུ་བདེ་བ་ཙམ་ལས་རྒྱ་གར་ཁ་ཆེ་སོགས་ཡུལ་ཀུན་ཏུ་འཐབ་འཁྲུག་གི་སྒྲ་ལྡིར་ཆེ་བའི་ངང་དུ་འདུག གང་ཅིར་སླད་མར་དངོས་སུ་མཇལ་བར་འདུན་ལ། དུས་ཀུན་དགེ་བའི་སྐྱབས་འཇུག་བགྱིད་པ་དགོངས་པར་འཇགས་པ་ཞུ། ཞེས་རྟེན་མཚོན་བྱེད་བཅས་ཟླ་ཚེས་བཟང་པོ་ལ་མར་ཡུལ་ཝཾ་ལེ་ནས་ཕུལ་བའི་ལི་ཁི་ཏཾ་སརྦ་མངྒ་ལཾ།

མཁྱེན་གཏེར་མི་རྗེ་པཎྜི་ཏ་དང་ཞབས་དྲུང་ཁྲི་ལྕམ་ལྷན་རྒྱས་མཆོག་གི་སྐུ་ཞབས་སུ། ནང་ལུགས་སྟབས་བདེར་ཕུལ་བ་ལ་ཆོས་དབྱིངས་རྙོག་པ་མེད་པ་ནས། དེང་དུས་སྐུའི་འཚོ་གཞེས་དྭངས་ཤིང་མཛད་ཁྱབ་བཟང་པོ་གོང་འཕེལ་དུ་བཞུགས་པ་གཞིར་བཅས། ངོས་ཀྱང་འཚོ་བ་ཁྱོ་རེ་བའི་ངང་ལམ་བར་གྱི་ཚ་གྲང་དཀའ་ཚེགས་མང་པོ་དྭང་དུ་བླང་ཞིང་མར་ཡུལ་ཕྱོགས་སུ་འབྱོར་ཡང་དམུ་རྒོད་འགྲོ་བ་ཁ་ལོ་འཛིན་པར་ཤིན་ཏུ་དཀའ་བས་སྦྱང་བཞིན་པར་མཆིས། གང་ལྟར་གནས་ཚུལ་རྩེ་དང་ཤོད་བཀའ་ཤག་གི་ཞུ་ཡིག་ཏུ་གསལ་ལྟར་ལགས་ཤིང་། རིང་ནས་ཐུགས་ནང་གཤིམ་པའི་སྟབས་ཡི་གེ་འབུལ་འདོད་བྱུང་ཡང་བ་མ་བདེ་བས་ད་ལམ་འཚམས་འདྲི་མཚོན་བྱེད་ཙམ་སྟེ་དུས་ཀུན་དགེ་བའི་སྐྱབས་འཇུག་བསྲུང་འཁོར་བགྱིད་པ་ཡང་ཟབ་དབྱིངས་སུ་འཇུག་པ་ཞུ་ཞུ། ཞེས་ལྷ་གོས་དང་འཕགས་ཡུལ་གྱི་པ་ཎ་བརྒྱད་བཅས་ཝཾ་ལེ་ནས་ཕུལ་བའི་ལི་ཁི་ཏཾ་སརྦ་མངྒ་ལཾ།

༈ ཆུ་སྤྲེལ་ལ་དྭགས་ཝཾ་ལེ་ནས།

ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཀོང་ཡུལ་རལ་གསུམ། ཁྱད་པར་ཇོ་རྫོང་གཞིས་སྡོད་ལས་སྣེ་མོར་མངགས་སླེབ་བཅས་ཤིང་། ལྷག་ཏུ་ལྗོན་མཛེས་དང་འབྲལ་གྱུར་ཀུན་གྱ་ངེས་དགོས། རིག་འཛིན་རྒྱལ་ཁམས་པ་འདི་ས་མདོ་ཁམས་ཡུལ་རང་ཚན་དུ་སྐྱེས་ཤིང་། ཀཿཐོག་གིས་མཚོན་སྔ་འགྱུར་རིག་ལུགས་འཛིན་པ་ཆོས་སྨྲ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་ཡུལ་དེར་སྐྱིད་ཆོས་རང་དབང་གི་ཉམས་སུ་མྱོང་ཆོག་པ་ཞིག་རང་ཡུལ་དུ་སྐྱིད་ཆོས་སྤྱོད་པ་དེ་རྩྭ་བཞིན་དོར་ནས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ལོ་ཉི་ཤུ་ནས་དམ་པའི་ཆོས་འབའ་ཞིག་གི་ཆེད་དུ་ལུས་སྲོག་ལྟོས་མེད་ཀྱི་དཀའ་བ་མང་དུ་བཅད་ཅིང་བསྟན་འགྲོའི་དགེ་བའི་བཙས་སུ་བོད་ཡུལ་དག་པའི་ཞིང་དུ་ཡུན་རིང་དུ་བསྙེན་པ་ལས་ལྟོ་གོས་རྙེད་འཚོལ་གྱི་ཆེད་དུ་འཁྱམས་པ་ཞིག་ནི་མིན་ཚུལ་ཟེར་བ་དུས་སྙིགས་མ་ལྔ་བདོ་བའི་མཐར་ཐུག་འདིར་བདེན་པ་ལས་བརྫུན་པ་བྲིམ། ཚུགས་ཐུབ་པ་ལས་མགོ་བདེ་བྲིམ། ཆོས་ལས་ཆོས་མིན་བྲིམ།

ཚུལ་ལྡན་ལས་ཟོག་པོ་བྲིམ་ཞིང་རྫུན་ཟོག་ཅན་ཆེས་མང་པའི་དུས་སྐབས་འདིར་ཁོ་པ་ཡང་རྫུན་ཟོག་གི་ཁེངས་པ་ཞིག་ཡིན་ཤས་ཀྱང་ཆེ། དེ་མི་མངོན་པའི་ང་རྒྱལ་ཅན་ཞིག་སྟེ་གང་ལྟར་ཁོ་པ་ཉང་ཁ་རི་ཁྲོད་དུ་སྦས་པའི་སངས་རྒྱས་ཀུན་བཟང་བདེ་ཆེན་རབ་གསལ་ཞབས་སུ་དགོངས་འདུས་རྫོགས་ཆེན་སྙིང་པོ་གསེར་ཞུན་སོགས་ཁྲིད་ཆེན་བཞི་དང་། ཁྲིད་ཕྲན་ཁ་ཡར་གྱི་རྒྱུན་ལེགས་པར་ཉན་པའི་སྐབས། མཛེས་མོ་སྐྱིད་འཛོམ་མི་ངོ་རྫོགས་སྐབས་ཆོས་སྐྱོང་ཆེན་པོ་དཔེ་ཧར་བབ་ནས་བསྐུལ་བ་ཡིན་ཞེས། མོ་རང་གི་དབང་རིས་བདག་ཐོབ་རིག་འཛིན་རྒྱལ་ཁམས་པར་ཕུལ་བའི་ངོ་ཆེན་དུ་ཅུབ་རི་གྲུབ་ཐོབ་སྦས་པའི་སངས་རྒྱས་དང་། འབྲུག་ཆོས་སྟིང་སྤྲུལ་སྐུ་སྦྲན་པ་དང་། ལྗོན་པ་ཀླུང་གི་གཞི་བདག་དྲག་ཤུལ་ཅན། དེ་རྣམས་ཀྱི་ཡང་བདག་གིར་བྱེད་དགོས་ཚུལ་གསོལ་ལྟར། གཞུང་སར་སྙན་སྒྲོན་ཞུས་པས་ཀྱང་ལེགས་ཚུལ་ཕེབས་པས་ལྕགས་སྤྲེལ་ལོར་རྩིས་བླང་བ། གཞིས་ངོ་ཐོག་སྐུ་རྟེན་བློ་བཟང་དཔལ་འབར་གྱི་ཕ་གཞིས་ཐེམ་རྐང་གཅིག་ལ་བཞི་ཟུར་གཅིག་བསྣན་པ་ཡིན་འདུག་པ། སྐུ་རྟེན་པ་དར་རྒྱས་སྐབས་ཤུ་བྷཾ་གསེར་ཁྱིམ་ཁ་གཅིག་གིས་མགོ་གཏད་བྱས་པ་ཡིས་གཞུང་འབབ་ཀོང་པོའི་སྲོལ་དམག་རྟ་རིན་བརྒྱད་ཟུར་གཅིག་འཁྲི་བ། ཕུ་འབྲོག་ཀོང་པོ་ས་ཁུལ་ཡང་སྟབས་སྔར་ནས་མར་ཁལ་ཁ་ཡར་ཞིག་རྫོང་དུ་ཕུལ་ནས་ཧམ་པ་སུ་ཆེས་མཚང་བསྲོལ་བྱུང་འདུག་ལ། ཕྱིས་གཉེར་པད་རབ་ནས་རྫོང་འབབ་ཀྱི་མར་གྱི་སྟེང་དུ་མར་ཁལ་ཁ་ཤས་བསྣོན་མ་བྱས་ནས་འབྲོག་རྩྭ་འཇགས་བྱས་འདུག་པ་ཙམ་ལས་གཞན་པ་ཁུལ་མི་ཆེ་ཞིང་། སྔར་སྐྱིད་འཛོམ་རང་གི་གཞིས་བཟུང་སྐབས་ཀྱི་བུན་གྱི་ཁ་སྐོར་དགོས་པ། དེ་ཕྱིན་གཉེར་པ་རང་གི་ཐབས་སྐྱི་བ་སྤྲུལ་གསུམ་ལ་བརྟེན་དངོས་པོ་ཡར་ལྡན་དུ་སོང་བས། དད་པའི་ཕུལ་བའི་ནོར་རྫས་སེར་སྣ་འཇུར་གེགས་ཀྱི་བཅིང་བའི་དངོས་པོ་ཆུད་ཟོས་མི་འགྲོ་བར་རྣམ་དཀར་དགེ་བ་ལ་ལྕགས་སྤྲེལ་ལོ་ནས་ཆུ་ཁྱི་བར་པདྨ་རབ་བརྟན་ནས་དོ་ཁུར་བཛྲ་གུ་རུ་དུང་ཕྱུར་གཉིས་དང་ཡིག་དྲུག་དུང་ཕྱུར་གཅིག་རྣམས་རིམ་ཅན་དུ་བསྒྲུབ་དགོས་འདུག་ཅིང་། ཆུ་ཁྱི་ལོར་རིག་འཛིན་རྒྱལ་ཁམས་པ་རང་ཉིད་སྤོ་བོ་ནས་ཀོང་པོར་འབྱོར་ཐོག་ལྗོན་པ་ཀླུང་དེ་གུ་རུའི་གནས་ཆེན་ཟབ་ཕུ་ལུང་དང་མཚུངས་པར་བསྔགས་པའི་དེར་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་དམ་པ་མཆོག་གི་ཞབས་བརྟན་དུ་དམིགས། སྒྲོལ་མ་འབྱུང་བ་བླ་ན་མེད་པའི་སྐུ་བརྙན་ཐོག་ཚད་དང་བཅས་པའི་གཙུག་ལག་ཁང་བཞེངས། ཆུ་ཕག་ལོར་སྒྲུབ་སྡེ་བཙུགས་ནས་སྒྲུབ་པོ་ཉི་ཤུ་རྩ་བརྒྱད་ལས་མི་ཉུང་བ་སྨིན་དྲུག་ཟླ་བ་ས་ག་ཟླ་བའི་བར་སྒོ་གསུམ་ཆིག་དྲིལ་གྱི་ཆོ་ག་ཆོས་སྤྱོད་ཁྲི་ཕྲག་ལྷག་ལོང་བ་དང་། རྡོ་རྗེ་སེམས་དཔའི་ཡང་སྙིང་ཡི་གེ་དྲུག་པ་དུང་ཕྱུར་ཁ་བསྐོང་བྱེ་བའམ་ས་ཡ་ཁ་ཤས་ཡང་སྟེ་ད་ལྟ་བར་ཆགས་འབྲི་མེད་པར་ཚུགས་པ་དང་།

ཤིང་གླང་ལོར་སླེབ་དཀོན་གཉེར་ཁོ་རང་བརྒྱུད་པ་རྫོགས་ནས་གཞིས་ཆུང་རྣམ་དཀར་དགེ་རྒྱུན་ལ་སྦྱོར་རྒྱུར་ཕུལ་བ་དེ་རྟེན་ལོ་རེ་བཞིན་མཆོད་རྟེན་རྣམ་དག་ཏུ་ལྗོན་ཀླུང་སྒྲུབ་སྡེ་དེར་བསྐྱོད་ནས་བཛྲ་གུ་རུ་བྱེ་བ་གསུམ་ལས་མི་ཉུང་བ་སོགས་བསྟན་འགྲོའི་བདེ་ཐབས་རྣམ་དཀར་འབའ་ཞིག་བསྒྲུབ་པ་ལས་གཞན་མེད་པ་ཀུན་གསལ་ཡིན་འདུག་ཀྱང་མཛེས་གཉེར་པདྨ་རབ་བརྟན་གྲོང་ནས་ཁམས་ཀྱི་མི་ངན་ཁ་ཤས་ཀོང་པོའི་སེར་གཟུགས་ཁ་ཤས་ཀྱི་དཀྲུག་སེལ་གྱི་སྒྲུབ་སྡེར་གཟིངས་ཤིང་མང་དུ་བྱུང་འདུག་པའང་ཁམས་ཕྱགས་ཀྱི་གྲྭ་པ་དཀྲུག་ཤིང་འགྲོ་བ་གཉིས་གནས་དབྱུང་ཐོག་མར་སྒྲུབ་སྡེ་འཇགས་པའི་བཀོད་ཁྱབ་རིག་འཛིན་རྒྱལ་ཁམས་པ་རང་ནས་བྱས་འདུག་པ་བཞིན། ད་དུང་མི་ངན་རེ་ཟུང་གིས་གཞུང་གི་ཁྲལ་ཞིང་ལ་གནོད་པ་བྱས་ཚུལ་ཟེར་ཡང་། ཤུ་བྷཾ་དཔོན་པོ་ཁ་ཅིག་གི་བརྒྱུད་པ་རྫོགས་པའི་ས་ཞིང་ཁྱེད་རང་རྣམས་ནས་གཞུང་ལ་དབུ་སྐོར་གྱི་སྦུག་ཟོག་བྱས་པ། གཉེར་པ་རབ་ནས་དེ་བླང་ནས་རྣམ་དཀར་དགེ་རྒྱུན་ལ་སྦྱར་འདུག་པ། ལར་ཕྱོགས་དེར་ཆེ་ཕྲ་མེད་ནས་གཞུང་ལ་དབུ་བསྐོར་གྱི་སྦུག་ཟོག་གང་ཐུབ་བྱེད་ཀྱི་ཡོད་འདུག་ཀྱང་། གཉེར་པ་རབ་ཀྱི་གཞུང་ལ་སྙན་འབུལ་མེད་པའི་སྦུག་ཟོག་བྱས་སྐད་མི་འདུག ལར་གཞུང་ས་མཆོག་གི་མངའ་འོག་ཏུ་རིག་འཛིན་རྒྱལ་ཁམས་པ་ལ་ས་ཁུལ་ཡོད་མེད་གང་ཟེར་ཡང་། དེ་ག་གཅིག་པུ་ལས་གཞན་གཞུང་ས་འཕང་མེད་དང་། ཐེམ་རྐང་དུ་མ་ལ་ལོངས་སྤྱོད་པ་ནི་ཁོ་པ་ལ་ཡེ་མི་འདུག་ན། དེ་ལ་ཁྱེད་ཉང་ཁ་བ་རྣམས་མིག་དེ་ཙམ་ཚ་རིན་མི་ཆོག་པ་འདྲ། ཐེམ་རྐང་གཅིག་དང་བཞི་ཟུར་གྱི་ས་དད་པ་ཅན་གྱིས་ནན་འབུལ་བླ་མའི་གསུང་མ་གཅོག་ནས་བླང་། གཞུང་ས་མཆོག་ནས་ཀྱང་འཇགས་སུ་བཅུག་པ་དེ་རྩ་བ་བྱས། གཞན་མང་ཞིག་རྒྱལ་ཁམས་པ་ཁོ་རང་གི་ལག་འདོན་གྱིས་ཀྱང་བརྒྱན་ནས་མཆོད་ཡོན་གྱི་ཞབས་བརྟན་བསྟན་འགྲོའི་བདེ་ཐབས་རྣམ་དཀར་དགེ་རྒྱུན་ཚོགས་བསགས་པའི་ལེའུ་བགྱིས་པ་ལ་ཟེར་ཟེར་གླེང་གླེང་མང་པོ་འདི་ནག་ཕྱོགས་ལྷ་འདྲེ་རྣམས་ཀྱི་ལྷོང་ཡིན་འགྲོ། གཞན་ས་ཁུལ་ཆུང་ངུ་འདི་ལ་གླེང་མང་པོ་དེ་འདྲ་ཡོང་རྒྱུ་ཡིན་ཚེ།

གཞུང་གི་ས་ནས་ཐེམ་རྐང་བཅུ་ཕྲག་མང་པོ་དང་འབྲུ་ཁལ་སྟོང་ཕྲག་མང་པོ་ཡོག་ཟས་ཡོག་ཆུར་སྤྱོད་པ་པོ་རྣམས་ལ་གཙེར་བསུན་མེད་པ་ཆུ་ཚོད་གཅིག་གི་ཡུན་ཡང་ག་ལ་ཡོང་། རིག་འཛིན་རྒྱལ་ཁམས་པ་སྔར་ཉང་ཁ་ཕྱོགས་སུ་ལོ་ཤས་ལས་སྨོན་གྱི་འཁོད་པ་དེ། ཁྱེད་ནག་ཕྱོགས་ཀྱི་ལྷ་འདྲེ་རྣམས་གུ་དོག་པ་བདེན་སྟེ། ད་ནི་ཁོ་ཡང་ཕྱོགས་དེར་རིང་སྡོད་བཞེད་མེད་འདུག་པས་ཡིད་དགའ་བར་འཚལ། དེ་ཡང་ས་བོན་ཉུང་ངུ་ཞིག་བྱས་ན་སྦུག་ཞུས་སུ་དོག་མང་པོ་ཞིག་བྱས་ན་གྱོང་ཟེར་དུ་འགྲོ་གྱི་འདུག་ཀྱང་ཉང་ཁ་རྣམས་ཀྱི་སྦུག་ཞུས་ཟེར་ན། ད་འདི་རྣམས་སྦུག་ཞུས་ཡིན་མིན་ལེགས་པར་མ་ནོས་ལ་སྦུག་ཞུས་མེད་པ་རྣམས་ཡིད་སྲུངས་ཤིག ལར་ཚེགས་ཆུང་འདི་རིགས་དཔོན་པོ་ལ་སྙན་འབུལ་སྔ་ཕྱི་ཀུན་ཏུ་ཞུ་རིན་མི་ཆོག་བཞིན་ཞུ་བར་འཛང་བའི་རང་བཞིན་གྱི་ཆེར་ཞུ་ཡི་མེད་འདུག་ཀྱང་། སྒྲུབ་སྡེ་དེ་ལོ་རེ་ཚུགས་ན་ཡང་གོང་གསལ་ལྟར། རྡོར་སེམས་ཡང་སྙིང་དང་བཛྲ་གུ་རུ་སོགས་རྣམ་དཀར་དགེ་སྒྲུབ་དེ་འཕེལ་རྒྱུ་ཡིན་འདུག་གཤིས། དེ་ལ་དམིགས་ནས་སྒྲུབ་སྡེ་དང་འཛེངས་གཉེར་གྱི་བློ་འདོད་ལྟར་སྙན་འབུལ་ཟུར་ཙམ་པ་སྟེ། དེ་ཡང་རྣམ་དཀར་དགེ་རྒྱུན་རིག་འཛིན་རྒྱལ་ཁམས་པ་རང་གི་སྐབས་ལྟར་མ་ཆད་པ་རྫོང་དཔོན་གཞིས་སྡོད་ཀུན་གྱི་དཔང་པོ་ཐུབ་པའི་མཐུན་གྲུབ་བྱུང་ན་ས་གཞིས་ཕྲ་མོ་དེ་ཡིས་བདག་པོ་སུས་བྱས་ཀྱང་ཁྱད་མི་འདུག་མོད། འོན་ཀྱང་བསྟན་འགྲོ་སྤྱིའི་བདེ་ཐབས་རྟེན་འབྲེལ་ཁྱད་ཕྲན་བུ་ཡོད་པ་ཡིན་འདུག་གཤིས། རིག་འཛིན་རྒྱལ་ཁམས་པ་ཁོ་རང་དེར་མ་སླེབ་པར་འཇགས་སུ་བཅུག་པ་ཡིན་པས་དགེ་ལས་དེ་ལ་ཉེར་འཚེ་མེད་པ་ཞིག་སྐྱ་སེར་ཚང་མའི་བློར་ངེས་དགོས། དེ་ལྟར་ཡི་གེ་མཐོང་བཞིན་སྒྲུབ་སྡེ་དང་མཐུན་རྐྱེན་གཞིས་ཆུང་ལ་རལ་གཅོད་ཆེ་ན་བསྒྲུབ་འོས་འདི་གཞུང་གི་བསྟན་རིམ་ཡིན་འདུག་གཤིས། རྒྱལ་ཁྲིམས་ཀྱི་ཆད་པ་དྲག་པོས་གཟིར་བར་མ་ཟད། ལས་རྒྱུ་འབྲས་བདེན་ཅིང་ཆོས་སྐྱོང་དམ་ཅན་དྲེགས་པ་ཅན་ཡོད་ཚེ་བཀའ་ཡི་ཆད་པ་དྲག་པོ་ཡང་ཡོང་བར་ངེས་དེ་དོན་ཅི་ནས་ཀྱང་ཀུན་གྱིས་སྤང་བླང་འཛོལ་མེད་ཡོད་པ་བགྱིས། ཞེས་ཆོས་འཁོར་དཔལ་གྱི་ལྷ་ས་ནས་ཆུ་བྱ་ཟླ་ཚེས་བཟང་པོ་ལ་བྲིས་ཤུ་བྷཾ།

༈ གོང་ཞབས་སུ་ཆུ་སྤྲེལ་ལོ་ལ།

ལྷར་བཅས་འགྲོ་བའི་སྐྱབས་གཅིག་མཚུངས་པ་མི་མངའ་བ་འདྲེན་པ་ཡོངས་ཀྱི་སྤྱི་ཕུད་རྒྱལ་བ་མཆོག་གི་གསེར་གྱི་འཁོར་ལོ་རྣམ་པར་བཀྲ་བའི་ཞབས་ཀྱི་ཉེ་བར་བསྙེན་པའི་ཆུ་སྐྱེས་དབང་པོའི་གེ་སར་ངོགས་སུ་དངས་བ་ཆེན་པོས་ཞུ་གསོལ།

རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་རོ་མཉམ་པ་ཐུགས་རྗེའི་གོང་བུ་གཅིག་ཏུ་འདུས་པའི་རང་གཟུགས་བསྟན་སྙིགས་ལྔ་བདོ་བའི་འགྲོ་བ་རྣམས་ཀྱི་དཔལ་དང་། སྐྱབས་དང་མགོན་དང་དཔུང་གཉེན་དམ་པར་ངོ་མཚར་རྡོ་རྗེའི་སྐུ་བརྙན་གདུལ་བྱའི་ཞིང་སར་སྨོན་ལམ་གྱིས་འདུས་བྱས་པ་གང་མི་འཇིགས་པ་སེང་གེའི་ཁྲི་ལ་འཚོ་གཞེས་བརྟན་པར་བཞུགས་པ་ནི་བསྟན་འགྲོ་སྤྱི་དང་བྱེ་བྲག་ཡོངས་སུ་བཀའ་དྲིན་དོ་ཟླས་དབེན་པ་ཉིད་དུ་གྱུར། འདིར་གནས་བྱ་བྲལ་ཕྲན་བུར་གྱུར་པ་ཡང་། ལུས་སེམས་འདུས་བྱས་ཀྱི་རང་མཚང་མ་བསྟན་ཙམ་ཁྱོ་རེ་བའི་ངང་ཆེས་དམུ་རྒོད་པའི་འགྲོ་བའི་དབུས་སུ་རྣམ་གཡེང་ཁུར་གྱིས་དུབ་ཀྱང་ལྷག་བསམ་གྱི་འཁར་བ་དང་ཆོས་ཉིད་ཀྱི་ངལ་སྟེགས་ལ་བརྟེན་དེ་ཇི་བདེར་གནས་པའི་ཁུལ་དུ་མཆིས་ལ། ལྗོངས་འདིའི་སེམས་ཅན་སྤྱི་མཐུན་ལས་ཀྱི་བྱེད་པས་ཅི་ལྟར་འགྱུར་མ་ངེས་ཀྱང་། སྤྱི་དང་བྱེ་བྲག་གི་བདེ་ཐབས་ལ་དམིགས་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་རང་གི་ཐབས་མཁོས་ལ་དཔག་པའི་བསམ་སྦྱོར་ལྷོད་མེད་དུ་མཆིས་ནའང་།

ད་ལམ་འདི་ཕྱོགས་གནས་ཚུལ་ཞུ་འོས་ཁ་ཤས་བློས་ཆོས་དཀའ་བས་སྔོན་འཕྲོས་སུ་བཀའ་ཤག་ཏུ་ཕུལ་ལྟར་དང་། ད་ནི་འགྲིག་ཟླུམ་ཡོང་མིན་ཅི་ལྟར་ཡང་། རིང་མིན་ཅི་མྱུར་དུ་ཐག་ཆོད་དམ་སྙམ་པ་དང་། ལ་དྭགས། མུལ་ལྦེ། བྷལ་ཏི་ནང་ཚགས་ཀྱི་འགྲིགས་ཟླུམ་བྱུང་ན་སྨོས་མེད་དང་། དེ་ལྟར་མ་བྱུང་ཚེ་རེ་ཞིག་བཟང་དུས་ཙམ་མམ་སྟོད་ཧོར་སོགས་མཐའ་དམག་རྔམ་ཆེན་གྱི་སྣ་འདྲེན་མི་བྱེད་པའི་མཐའ་འདོམ་ཙམ་བགྱིས་ན་བྱེད་ཡོང་ངམ་རེ་ཞིང་། དེ་ཡང་ཅི་ལྟར་ལེགས་བཀའ་ཡིས་འཁོར་ལོས་ཕྲལ་དུ་ཁྱབ་པ་ཞིག་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན། ཞེས་དཀྱུས་རིང་ཐུགས་རྗེའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་ལྷ་གོས་རྣམ་པར་དཀར་བས་བཅིབས་ཏེ་ཟླ་ཚེས་བཟང་པོ་ལ་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ། ཞབས་པད་མཆོག་ཏུ་ཞུ་ཆུང་། ཧོར་ཟླ་དགུ་པ། བཅུ་གཉིས་པ། དང་པོ་རྣམས་སུ་ལྷ་འདྲེའི་འཚུབ་ཀྱི་འཛེར་ལྟས་ཕྲན་བུ་ཤར་བས་དེ་སེལ་གྱི་རིམ་གྲོ་ཡང་བཀའ་ཡི་འཁོར་ལོས་ཁྱབ་གསོལ་བ་འདེབས་པ་སྟེ། བདག་ལྟ་བུའི་བྱིས་པའི་འཁྲུལ་ཤེས་ཀྱིས་ཇི་བཞིན་རྔོ་ཐོགས་པ་ག་ལ་འགྱུར་ཡང་། སྙིང་ནས་དུང་དང་ཀུ་མུད་ལྟ་བུའི་ལྷག་བསམ་གྱི་གསོལ་བར་ཆོས་དབྱིངས་ཚོམ་འཁྲུང་མེད་པ་ཅིས་ཀྱང་མཁྱེན་མཁྱེན་མཁྱེན་སརྦ་མངྒ་ལཾ།

༈ རྒྱལ་བ་མཆོག་གི་འཕྲིན་ལས་ཀྱི་བྱེད་པོ་གངས་ཅན་བདེ་བའི་རྩ་ལག་ཁ་ལོ་པ་ཆེན་པོ་རྣམས་ཀྱི་མདུན་སར་ཞུ་བ།

སྔོན་ནས་ལེགས་སྨོན་དགེ་ཚོགས་མང་པོ་འདུས་བྱས་པ་ཡི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་ལྷར་བཅས་འགྲོ་བའི་མགོན་པོ་མཆོག་གི་འཕྲིན་ལས་ཀྱི་རྩིབས་སྟོང་མངོན་པར་འཕགས་པའི་ཡུ་བ་ནས་བཟུང་སྟེ།

དགེ་བའི་བྱེད་ལས་ཕྱོགས་བརྒྱར་གཡས་སུ་འཁྱིལ་བའི་བྱེད་པོ་མཐོ་རིས་ཀྱི་དཔལ་བཟང་པོ་ལ་སྤྱོད་བཞིན་གདན་འཇགས་ཏེ་བཞུགས་པ་བཀའ་དྲིན་ཆེ་ལ། འདིར་གནས་བྱ་བྲལ་གྱི་ནར་སྤྱོད་པ་ཕྲ་མོ་ལས་ཕྲ་མོར་གྱུར་པའང་འབྱུང་འདུས་ཀྱི་འཚོ་བ་སྔར་མུ་བཞིན་ཁྱོ་རེ་བའི་ངང་རྩོད་ལྡན་སྙིགས་ལྔ་བདོ་བའི་མཐར་ཐུག་དམུ་རྒོད་ཀྱི་ཁ་ལོ་སྤྱོད་པར་དཀའ་བ། མ་ཧེ་སྒོ་ང་ཤུགས་འཆང་རྒོད་སོགས་མ་བསྲུབ་སེམས་ནས་མང་པོས་འཚོག་པའི་དབུས་སུ་རྣམ་པར་བརྩོན་པ་བཞིན་ཇི་ལྟར་བགྱིས་ཀྱང་བག་མི་ཕེབས་ཤིང་། གང་ལྟར་བགྱིས་ཀྱང་ཁ་ལོ་མི་འཆུན་པས་ཐུན་ཁོངས་རེར་ཡང་ངལ་དུབ་ཀྱི་ཁུར་བརྒྱ་ཕྲག་དུ་མ་སྤུང་བར་བྱེད་ན། ཞག་ཟླ་དུ་མའི་ཁོངས་སུ་ནི་དེ་བས་ཀྱང་སྨོས་ཅི་འཚལ་ཏེ། དེ་ལྟའི་ངང་ཚུལ་དུ་མའི་བསིལ་བུས་ཡིད་ཀྱི་རྫིང་བུ་རྣམ་པར་གཡོ་བར་བྱེད་ཀྱང་ཟབ་མོ་དོན་གྱི་གདེང་ཀར་བརྟེན་རང་གི་རང་ལ་དབུགས་དབྱུང་ངང་དུ་མཆིས། ཆེད་དུ་གསོལ་འོས། འདི་ཕྱོགས་རྒྱལ་པོ་ཁུ་དབོན་གྱི་ལེགས་བཟླུམ་སྐོར་སྔ་སོང་ཞུ་ཡིག་ཏུ་གནས་ཚུལ་ཕྲན་བུ་གསོལ་ལྟར། མུལ་ལྦེ་རྒྱལ་པོ་ཁར་སིན་སྒར་ཐོག་ཏུ་ངེད་ལ་བསུ་མིའི་གདོང་དུ་རྒྱལ་པོ་རང་ཡང་འཁོར་བ་ཡིད་དབྱུང་བའི་ལྷ་ཆོས་མཛད་འདོད་ཡིན་ཚུལ་བྱུང་ཡང་ཚིག་དེ་བཏང་སྙོམས་སུ་བྱས་ནས་ལབ་ཆིང་སྒྲིག་པར་ཝཾ་ལེར་ཕྲལ་ཡོང་དགོས་ཚུལ་ནན་བསྐྱེད་ཕོ་ཉ་བརྫང་བར་ཕྲལ་དུ་ཡོང་རྒྱུའི་ཡི་གེ་རིམ་ཅན་དུ་བྱུང་ཡང་། རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱི་སྐོར་ལ་བྱེད་བདེའི་ཁྱད།

ཡང་སྐྱར་གྱིས་ལན་དུ་མར་བང་མི་བརྫང་སྟེ་ཡོང་དགོས་ཚུལ་སྨྲས་ཡང་སང་ཡོང་གནང་ཡོང་གི་ཟླ་བ་དུ་མ་འགོར་གཤིས། ལ་དྭགས་རྒན་གཙོ་ཧྲག་བསྡུས་དྲུག་ཅུ་སྐོར་མི་རྟ་ཀུན་ཚེགས་ཆེས་ལ་དྭགས་རྒྱལ་སྲས་དང་རྒྱལ་པོ་ཕན་རྣམ་སྐུ་མཆེད་ལེགས་སྤེལ་འབད་པས་སྒྲུབ་ཟིན་པར་བྱས་ཤིང་། མུལ་ལྦེ་རྒྱལ་པོ་འགྱང་ཆེད་འདི་ལོ་བལ་ཡུལ་བགྲོད་པ་བཤོལ་ཡང་། རྒྱ་གར་གྱི་གནས་ཆེན་ཁ་ཤས་སུ་ཚོགས་གཏོར་སྨོན་ལམ་བཟང་པོའི་ཁྱད་དུ་འཇུག་ནས་དེ་རིང་བཟང་དུས་དང་། དེ་ནས་ཚུར་འཁོར་མཚམས་ཁུ་དབོན་ལེགས་སྤེལ་སྟབས་བདེ་ཞིག་ཡོང་བར་འཆར་བཞིན་དེ་རྩིས་བྱས་ཀྱང་མུལ་ལྦེ་ནས་ཤད་རྩོལ་གྱི་ཕོ་ཉ་བརྫང་ནས་ཕྱོགས་འགྲོ་མ་བྱས་གོང་དུ་མཇལ་ཆོག་པ་ཅིས་ཀྱང་གལ་ཆེ་ཚུལ་ཁོ་པ་རང་ཡང་སྨིན་དྲུག་ཟླ་ཚེས་༢༠ལ་ཅི་ནས་ཀྱང་འབྱུང་རྒྱུ་ཡིན་ཞེས་ཡིག་ངག་འབྱོར་བས་ལ་དྭགས་རྒྱལ་བློན་ལ་ཁུ་དབོན་རང་ཚན་པ་རིས་རྩོད་མེད་བློན་བུ་གཉིས་ལ་བབ་འབྲེལ་གྱི་ས་རི་སྤྲད་ཅིང་ཕན་ཚུན་ཞེ་འཁོན་མེད་པར་ལེགས་སྤེལ་དགོས་ཚུལ་ངག་བཀོད་བྱས་བཞིན་ཕྱོགས་མཐུན་ཉན་རྩིས་བྱས་སོང་བས་གྲ་ངོ་ཁ་ཤས་མུལ་ལྦེ་རྒྱལ་པོའི་ཕེབས་བསུར་བཏང་ཞིང་། དེ་རྩིས་ལ་རྒྱལ་པོའི་ཐུགས་རླུང་ཁམས་ཀྱི་ནེམ་ནུར་ཆེས་པས་རིམ་འགྱང་གི་མཐར་མགོ་ཟླ་ཚེས་༧ལ་མུལ་ལྦེ་ནས་ལམ་ཞུགས་གནང་ཞིང་ལམ་བར་དུ་ཡང་ཕྱིར་ལྡོག་མཛད་རྩིས་ལན་ཁ་ཡར་བཅས་ཐོག་མར་དཔོན་གཡོག་སྟོང་ཕྲག་ཉེ་བ་དང་། མཐར་རགས་རྩིས་ཀྱི་བཞི་བརྒྱ་སྐོར་བཅས་ལ་དྭགས་ཤེལ་དུ་འབྱོར་ནས་རྒྱལ་སྲས་དང་རྒྱལ་པོ་ཕུན་རྣམ་སྐུ་མཆེད་ཡང་ལེགས་སྤེལ་སྐབས་སུ་མི་ཆེ་ལ། རྒྱལ་སྲས་ཆོས་པར་སྡོད་པ་ལས་ལ་དྭགས་རྒྱལ་སྲིད་ལ་ཐེ་རེགས་བྱ་མི་འོས་ཤིང་། རྒྱལ་པོ་ཕུན་རྣམ་ཟོལ་འཇོག་དང་། རྒྱལ་མོ་བླ་མའི་ངོར་ད་ལམ་སྲོག་སྐྱོན་མི་བྱེད་པ་རང་གནས་སུ་ལྡོག་པ་དང་། ལ་དྭགས་བློན་པོའི་ཁྲོད་ནས་ཉེས་ཅན་ཁ་ཤས་ལ་རྩད་གཅོད་བྱས་ཏེ་ལ་དྭགས་ཀྱི་རྒྱལ་སྲིད་ཚང་མ་ཁོང་རང་ནས་བྱེད་རྒྱུ་སྟེ། དེ་ལྟ་ཡོང་ན་དང་། མི་བྱེད་ན་ཕྱིར་ལྡོག་ཡིན་ཚུལ་གྱི་འཕྲོས་སྔར་ནས་བྱུང་ཡང་འཕྱར་ཡིན་ནམ་སྙམ་ལ། ད་ཆ་ཡང་ཏིག་གི་མདོ་འགག་ཏུ་སྒྲིལ་བས་དེ་ཚེ་ལབ་ཆིངས་ཆེས་དཀའ་བའི་གནས་དང་། ཡང་རྣམ་གྲངས་གཅིག་ནི་རྒྱལ་སྲས་དང་རྒྱལ་མོས་བླ་མར་རྩི་མེད་ཀྱི་ཁོང་ལམ་བར་དུ་རྐུན་བསད་གཏང་ཡོང་བས་ཡོང་མི་ནུས་ཚུལ་ཡང་ནས་ཡང་དུ་སྨྲེང་ཞིང་སྔར་མུལ་ལྦེ་རང་དུ་བཞུགས་སྐབས་ཡང་དོགས་ཟོན་མཚུངས་པ་མེད་པས་དམག་མི་ཧྲག་བསྡུས་རྟག་ཏུ་འཁོར་བཞིན་མི་སེར་ལ་ཡང་བརྡབ་སིག་ཆེ་སྐད་དང་། དེས་ན་ད་ལམ་ཕེབས་ལམ་དུ་སྨོས་ཅི་འཚལ་སྟེ། གང་ལྟར་མཚན་ཐོག་ཐག་རྣལ་ཡེ་ནས་མེད་པར་ཞབས་ཕྱི་ཡང་བཅོ་ལྔ་སྐོར་རེ་མོས་ཀྱི་མལ་རྩེད་ནམ་ལངས་བར་འཁྱོལ་བར་མཛད་ནས། ནམ་ལངས་ན་མནལ་མཛད་པ་སོགས་རྣམ་རྟོག་རྒོད་པས་ཐུགས་བསུན་ནི་ཤིན་ཏུ་ཆེ་བ་ཡོད་འདུག་ན། ཚུལ་དེས་ཤེལ་དུ་ད་ཆ་ཟླ་བ་ཕྱེད་གཉིས་ཙམ་སོང་ཞིང་ཕྱོགས་དེར་རྩྭ་ཤིང་སོགས་སྒོ་དུ་མ་ནས་སུན་གཙེར་ཤིན་ཏུ་ཆེ་བས་ལ་དྭགས་སྟོད་ཀྱི་སྐུ་ངོ་མི་སེར་ཚང་མས་ནད་མི་ཐེག་ཚུལ་བཅ། རྒྱལ་པོ་ཕྲལ་དུ་ཕྱིར་ལྡོག་བྱ་དགོས་ཚུལ་ཟེར་ཡང་ཐབས་ཀྱི་བློ་ཁྲིད་གང་མཁས་དང་།

མུལ་ལྦེ་རྒྱལ་པོ་ཡང་སྔར་ཐུགས་སྨྱོ་ཡོད་པ་འཕར་བ་ཡིན་ནམ་སྙམ་ནས་རང་མཁོས་ལ་དཔག་པའི་སྐྱེས་དང་འཇམ་བྲིད་གཏམ་བཅས་ཀྱི་འདིར་ཁུག་ཐུབ་ན་ཡུལ་ཆགས་མི་མ་ཡིན་ནག་ཕྱོགས་སྐྱོན་གྱིས་བློ་བསླད་པ་ཡིན་ཚེ་ངོས་འཕྲད་བྱིན་བརླབས་འདྲ་བྱས་ན་ལས་ཀྱི་རྒྱུ་བ་ཚབ་ཆེན་གྱི་མ་འདས་ཕྱིན་ཅུང་ཟད་ཕན་དུ་རེ་བས་སྔ་ཕྱིར་བང་མི་དུ་མ་དུ་མའི་བར་དུ་བརྫངས་ཤིང་། དེ་ཡང་ཡུལ་བྱེ་བྲག་ཀེག་ཆག་མཐའ་དམག་གི་ཁ་རླངས་རྒྱ་འདྲེ་འགོང་པོའི་འཚུབ་ལྷོང་ལྟ་བུས་གང་དུ་ཡང་བརླིང་ཆགས་ཀྱི་སྐྱེ་བོ་དཀོན་པའི་རྒྱུ་དང་། མུལ་ལྦེ་རྒྱལ་པོ་རང་གཞི་ནས་ཐུགས་རྟོག་ལྷག་པར་ཟ་བ་ཡིན་འདུག་པས་གཞུང་ས་ནས་ཀྱང་ཁོ་སར་མགོ་བསྐོར་ལྟ་བུའི་ཞིག་ཡིན་ནམ་སྙམ་པའི་སྒར་དཔོན་རུ་ཐོག་སོགས་ལ་ཡང་དོགས་པ་ཆེ་བ་བྱེད་ཀྱི་ཡོད་འདུག་གཤིས། དེ་སེལ་བར་རེ་ནས་ཁོ་པའི་བང་མི་གཉིས་ཟླ་༡༢ཚེས་༡༧ལ་འབྱོར་བའི་གདོང་དུ་ལ་དྭགས་པའི་བཀའ་བློན་དྲག་གྲས་ཚང་མ་དང་། སྒར་གྱི་ངོ་ཚབ་བཅས་ནས་རྒྱལ་པོ་ལ་ཁ་བསླུས་ངན་བཤོམ་གཏན་ནས་མེད་ཚུལ་གྱི་བྲོ་ཚིག་བཅས་འཕྲལ་བརྫང་བྱས་ཀྱང་། ད་ལྟའི་བར་སྔར་མི་ལུས་བསྐྱེད་པ་ཞིག་མ་བྱུང་ཞིང་། ད་ཆ་ཡར་མ་བྱོན་པ་སྔར་མུར་ཤེལ་དུ་ཡུན་རིང་ན་འཐབ་འཁྲུག་གི་རྒྱུར་དོགས་བློ་ཁོལ་ཡང་ཆེ་བཞིན་པའི་ངང་དུ་གནས་ལ། དེ་ཡང་གངས་ཅན་མགོན་པོ་མཆོག་གི་ཐུགས་རྗེའི་སྐྱབས་འཇུག་དང་། དབྱིངས་ས་མཆོག་ནས་ཀྱང་བསྟན་རིམ་ལ་འབད་པའི་བྱིན་བརླབ་ཀྱི་ཕྱིར་བསྲིང་བ་ཞིག་ཡོང་བ་གཞིར་བཅས་བཞིན་ཕྱོགས་འདིར་འཁྲུག་ཟིང་གི་རྒྱུ་བརླབ་ཆེན་ཞིག་བྱེད་དམ་སྙམ་པ་འདུག་ལ། ཕྲན་རང་ནི་མདོ་ཁམས་སྦས་ཡུལ་ལུང་སྐྱོག་ཞིག་ཏུ་སྐྱེས། རྒྱལ་ཁམས་སུ་ཆོས་ཕྱིར་འགྲིམ་པའི་བྱ་བྲལ་ཕྲ་མོ་ཞིག་རྒྱ་གར་ཁ་ཆེའི་ཡུལ་མཚམས་ཀྱི་རྒྱལ་པོ་འཁྲུག་པའི་དབུས་སུ་དཀའ་ཚེགས་སྦྱངས་སྤྱོད་ཆེན་པོས་སྒོ་གསུམ་ངལ་བ་བརྒྱ་ཕྲག་ལྷུ་རུ་བླང་དགོས་འདི་སྔོན་ལས་མྱང་འོས་ཞིག་ལས་གཞན་དུ་མ་གྱུར་ཅིང་། དེ་ཡང་བདེ་སྐྱིད་འབྱུང་བ་བླ་མ་དཀོན་མཆོག་ཐུགས་རྗེ་དང་། སྡུག་བསྔལ་མི་བདེ་བ་ཚབ་ཆེ་ཀུན་རང་གི་སྔོན་ལས་སུ་ཡིན་པ་ཡིན་བཞིན་ཤེས་པར་ཟད་ལ་ལྷག་ཏུ་ད་ལམ་བགྱིད་དགོས་འདི་ནི་རྒྱལ་བ་མཆོག་གི་བཀའ་འདུན་ན་འདོན་ཆེན་པོ་རྣམས་བརྒྱུད་དེ་ཡང་གངས་ཅན་བདེ་བའི་བཙས་སུ་ཕེབས་པ་ཡིན་ན་ཞུམ་པ་མེད་པའི་སེམས་ཀྱི་སྤ་ལོ་བསྐྱེད་འོས་ཉིད་དང་། ཡང་དག་པའི་དོན་དུ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་རྟོག་གི་རི་མོ་དེ་དོན་དམ་གྱི་བདེན་པ་ཆོས་ཉིད་གཉུག་མའི་དབྱིངས་སུ་ཕ་རྒོལ་བླ་མའི་དྲིན་གྱིས་ལ་བཟླ་བ་ལས་འོས་གཞན་མ་མཆིས་པས་སྐབས་སྐབས་སུ་ཕཊ་རེ་རྒྱབ་ཀྱིན་གནས། འོན་ཀྱང་ཀུན་རྫོབ་རྟེན་འབྲེལ་གྱི་བདེན་པ་འདི་ཡང་གཙོ་ཆེ་བ་ཞིག་སྣང་བས་རང་འཁོས་ལ་དཔག་པའི་ཐབས་མཁས་ཀྱི་འཇུག་པ་ཅི་ནུས་བགྱིད་ཀྱི་ཡོད་ཀྱང་། གཙོ་བོར་དེ་ནས་རྒྱལ་བ་མཆོག་ལ་ཐུགས་དམ་སྐྱབས་འཇུག་གི་ཞབས་བསྐུལ་སོགས་ཅིས་ནས་ཀྱང་བརྩེ་བའི་དོ་ར་ནས་མི་བོར་བ་མཁྱེན་མཁྱེན་མཁྱེན། སྤྱིར་གནས་ཚུལ་ཞིབ་མོ་འབུལ་དགོས་ངེས་ལས་ནམ་དུས་གྲང་སྟབས་རྟ་ཤད་དཀའ་ཚེགས་སུ་འགྲོ་དོགས་ཤིང་ལྷག་ཏུ་ཁ་སིང་མགོ་ཟླ་བའི་ཚེས་༡༠ལ་ཐོན་པའི་རྟ་ཤད་ཀྱི་བཀའ་ལན་ཕེབས་བསྟུན་གནས་ཚུལ་ཞོབ་མོ་འབུལ་རྩིས་ཡིན་ཡང་། ད་ཆ་ཕྱོགས་འདིའི་བྱ་བ་ཚེགས་ཆེ་བློས་མ་ཆོད་ནས་འདི་བཞིན་འཕྲལ་འབུལ་ལ་བཀའ་ལུང་གི་འཁོར་ལོ་བཟང་པོས་འཕྲལ་དུ་ཁྱབ་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་མཁྱེན་སྤྱན་པདྨའི་འདབ་མ་ལྟར་གཡོ་བར་བྱེད་པའི་རྟེན་ལྷ་གོས་རྣམ་པར་དཀར་བས་བཅིབ་སྟེ་ཟླ་ཚེས་བཟང་པོ་ལ་ཝཾ་ལེ་བདེ་ཆེན་རྣམ་རྒྱལ་ནས་ཕུལ་བའི་ལི་ཁི་ཏཾ། སརྦ་མངྒ་ལཾ།

༈ གོང་ཞབས་རིན་པོ་ཆེར་ཆུ་བྱ་ཟླ་ཚེས་ལ་མར་ཡུལ་སྟོད་ཝཾ་ལེ་ནས་ཕུལ་བ།

ལྷ་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་གནས་ལག་ན་པདྨོ་ངུར་སྨྲིག་གར་གྱི་རོལ་པ་གང་གི་བཀྲ་ཤིས་རྩིབས་སྟོང་གི་འཁོར་ལོས་ཡོངས་སུ་བརྒྱན་པའི་ཞབས་མཐིལ་གྱི་ཉེ་བར་བསྙེན་པའི་རྙོག་མེད་ཆུ་སྐྱེས་རྣམ་པར་བཀྲ་བའི་ངོགས་སུ།

དྭངས་བས་ཞུ་གསོལ། བྲི་གང་ལས་འདས་གདོད་མའི་ཡེ་ཤེས་སངས་རྒྱས་ཀུན་གྱི་ངོ་བོ་རྟག་བདེ་གཙང་དག་ཆོས་ཀྱི་སྐུ་ཡི་རང་བཞིན་ཀུན་རྫོབ་གློ་བུར་དྲི་མའི་ཆ་ཡོངས་སུ་སྤངས་ཏེ་དམ་པ་སྐུ་གཉིས་ཀྱི་སྤྱི་དཔལ་ཆེན་པོར་བགྲང་ཡས་བསྐལ་པའི་སྔོན་ནས་བརྙེས་བཞིན་གདུལ་བྱར་ཐུགས་རྗེའི་སྤྱན་རས་ཀྱི་རྗེས་སུ་ཆགས་པས་དེ་སྲིད་དུ་སྨོན་ལམ་གྱི་དབང་གིས་སྤྲུལ་པའི་རྣམ་པར་བཀོད་པ་འབྱམས་ཀླས་པ་ལས་ད་ལྟ་སྙིགས་མ་ལྔ་བདོ་བའི་མཐར་ཐུག་འཛམ་བུ་གླིང་གི་ཡུལ་ལྗོངས་ཀུན་དུཿཁ་གསུམ་གྱི་ཡོངས་སུ་མནར་བ་སེལ་བའི་ཕྱིར་དང་བྱེ་བྲག་གངས་རིའི་ཁྲོད་ཀྱི་སྐྱེ་རྒུ་རྣམས་ཀྱི་སྐྱབས་དང་མགོན་དང་གླིང་དང་དཔུང་གཉེན་དམ་པ་རྒྱལ་བསྟན་ཡོངས་རྫོགས་འཛིན་པའི་མངའ་བདག་ངུར་སྨྲིག་གསུམ་གྱི་རྒྱལ་མཚན་མཛེས་པར་འཛིན་པའི་དེད་དཔོན་མ་འདྲིས་པའི་འགྲོ་བ་ཡོངས་ཀྱི་མཛའ་བཤེས་མགོན་པོ་ཉི་མའི་གཉེན་གྱི་རྩ་ལག་དམ་པར་སྐུར་སྣང་བ་གངས་ཅན་བོད་ཡུལ་གྱི་དབུས་འགྱུར་འཆང་ངེས་པ་དོན་གྱི་གྲུ་འཛིན་ཆེན་པོར་འཇིགས་མེད་སེང་གེའི་ཁྲི་ལ་འཚོ་ཞིང་གཞེས་ཏེ་བཞུགས་པ་ནི་བཀའ་དྲིན་གྱི་ཞོ་ཤ་བླ་ན་མ་མཆིས་པས་ཁྱབ། འདིར་གནས་ཕྱོགས་མེད་ཀུན་ཏུ་རྒྱུ་བ་རིག་པ་འཛིན་པར་སྒྲོ་བཏགས་པ་ཛོ་ཀི་རྒྱལ་ཁམས་པ་ཡང་ཆུ་སྦུར་ལྟ་བུའི་འདུས་ཕུང་འདུས་བྱས་ཀྱི་རང་མཚང་སྔོན་དུ་མ་གྱུར་ཙམ་ནས་སྙིགས་དུས་དམུ་རྒོད་ཀྱི་འགྲོ་བ་དུས་ཀྱི་བདོ་བས་ལྷག་པར་ཉེན་པའི་ཁུར་དུ་མས་དུ་མ་བརྩེགས་པས་དུབ་ཅིང་ངལ་བར་གྱུར་ཀྱང་དམ་པ་མཆོག་གི་བཀའ་ལུང་ཨུ་དུམ་ཝ་རའི་འཕྲེང་བ་ཐོད་དུ་བཅིངས་ནས་ལྷག་བསམ་མ་ཞུམ་པའི་འཁར་བ་བརྟན་པོ་བཟུང་ཞིང་། གཞན་ཕན་རྣམ་དཔྱོད་ཀྱི་གོམས་སྟབས་མ་འཆུག་ཙམ་དུ་དཔལ་མགོན་དམ་པ་རྣམས་ཀྱི་ཐུགས་རྗེ་ཇལ་བརྟེན་ནས་གནས། འདི་ཕྱོགས་གནས་ཚུལ་ཅུང་ཟད་རིམ་བརྒྱུད་སྔ་མའི་ཁོངས་སུ་ཕུལ་ལྟར་ལ་འདི་ལོ་བསྟན་རིམ་དང་ལྷག་ཏུ་རྒྱལ་བ་མཆོག་གི་སྐྱབས་འཇུག་ཐུགས་རྗེ་ཆེན་པོའི་རོལ་པ་ལ་བརྟེན་ཁ་ཆེ་ཧོར་སོག་གི་ཚོང་པ་གཉུག་མར་རྒྱུ་བ་ཡང་ཕོན་ཆེ་བ་མ་བྱུང་ཞིང་།

ཁ་ཆེ་ནས་ན་བབ་ཀྱི་ལ་དྭགས་ལ་ཞིབ་གཅོད་ཕོན་ཆེར་ཡོང་འདོད་ཀྱི་ཡི་གེ་ཕྱི་ནང་གཉིས་ཀྱི་ཕྱི་མ་མུལ་ལྦེ་རྒྱལ་པོའི་ལག་ཏུ་ཟིན་པའི་འཕྲོས་སྔ་སོར་སྙན་དབང་དུ་དངས་ལྟར་དང་། ཡི་གེ་ནང་མ་ཁ་ཆེའི་ཚོང་ལམ་མུལ་ལྦེ་གཅེར་སུན་བྱེད་པར་བརྟེན་མུལ་ལྦེ་རྒྱལ་པོ་རྩ་འཇོམས་བྱེད་རྒྱུའ་སྐོར་ཡི་གེ་སྔ་མ་དང་ལྷན་དུ་ཡོད་པ་ལམ་བསྡེམ་གྱི་འགོར་འགྱང་གིས་ཧོར་ཟླ་དང་པོར་ལ་དྭགས་རྒྱལ་པོ་ལ་འབྱོར་སོང་བ་སོགས་སྒོ་དུ་མ་ནས་དཔུང་དངོས་མི་ཡོང་ན་ཡང་རྗེས་མཐུན་པ་ཞིག་ཡོང་བའི་སྟ་གོན་ཞུགས་པ་ཡིན་འདུག་ཀྱང་འདིར་ལེགས་སྤེལ་བ་འབྱོར་གཤིས་ལ་དྭགས་ནས་ངེད་ལ་སྣེ་ལེན་མ་བྱས་པ་དང་ཁུ་དབོན་ལེགས་བཟླུམ་གྲུབ་ཚུལ་ཡི་གེ་སོང་བས་ཀྱང་ཅུང་ཟད་བསྲིང་ཞིང་ལྷག་ཏུ་ས་ཐན་གྱི་དཔུང་གི་ཡུལ་ཁ་ཤས་མང་པོ་བླང་བ་དང་། གློ་བུར་གྱི་འཐབ་འཁྲུག་གི་ཀསྨི་ར་རང་ད་ཡང་མི་བདེ་བའི་རྣམ་པས་ཁ་ཆེའི་སྒྱུ་འཕྲུལ་ཆེ་བ་རང་བཞིན་གྱི་འགག་པ་སོགས་འདི་ལོ་ལེགས་ལམ་དུ་ཆེ་བར་གྱུར་ཅིང་། མུལ་ལྦེ་རྒྱལ་པོ་ཡང་གཞི་ནས་ཐུགས་རྟོག་ཧྲག་ཤིང་ལྷག་ཏུ་ཡུལ་ཕྱོགས་མི་ངེས་པ་འབྱུང་བའི་མཚོན་གཞིའི་སྔ་སོར་ནས་གསོལ་ལྟར་མི་མ་ཡིན་ནག་ཕྱོགས་ལྷ་འདྲེས་ལེགས་སྤེལ་བཟང་བཟླུམ་ལ་འཁུ་ཞིང་འཚུབ་ལྷོང་གི་རྣམ་པ་ཆེ་བ་ཡང་ནས་ཡང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པར་སྟོན་ཞིང་མུལ་རྒྱལ་ཤེལ་དུ་ཟླ་བ་གཉིས་སྡོད་རིང་ཞབས་རིམ་ཤེས་ལྡན་གཟུར་གནས་ཀྱི་སྙན་འབུལ་ལ་ལྷག་པར་ཁྲོ་ཞིང་འཚིག་པ་དང་ཉིན་མཚན་འཁོར་མར་དོགས་པས་གོ་མཚོན་དགྲ་ཆས་ཟོན་ཆ་དང་མི་འབྲལ་བ་སོགས་ཀེག་ཆགས་འཚུབ་ལྷོང་གི་རྣམ་འགྱུར་མང་ཙམ་སྟོན་པ་ལ་དེར་དམིགས་ཀྱི་རིམ་གྲོ་དཀོན་མཆོག་ལ་གསོལ་འདེབས་མི་མ་ཡིན་དཀར་པོའི་ཕྱོགས་ལ་འཕྲིན་བཅོལ། ནག་པོའི་ཕྱོགས་ལ་གླུད་གཏོར་གནད་ལ་ཕབ་པ་སོགས་རྟེན་འབྲེལ་ཐབས་འཁོས་བགྱིས་ཤིང་།

གཙོ་བོར་རྒྱལ་བ་མཆོག་གི་ཐུགས་རྗེའི་སྐྱབས་འཇུག་ལ་བརྟེན་མུལ་ལྦེ་གཡོག་རིགས་ལྔ་བརྒྱ་སྐོར་ཤེལ་ནས་ཕྱིར་ལོག་དང་། དཔོན་གཡོག་བརྒྱ་ལྔ་བཅུ་སྐོར་ཧོར་ཟླ་༡་ཚེས་༢༠ལ་ཝཾ་ལེར་སོན་ཞིང་། འདིར་མ་སླེབ་པའི་ཉིན་ལམ་ཅམ་གྱི་ས་ནས་ལམ་ན་བར་འགོར་གཞི་བྱས་པ་ལ་ཡིད་གནོང་དང་བག་ཁུམ་གྱི་སྐྱི་ཟིངས་བྱེད་པ་དང་། ཤེལ་དུ་སྡོད་རིང་གི་ཕར་གསུང་འཕྲོས་དང་ཚུར་ཞུས་པ་རྣམས་ཕལ་ཆེར་ཡིད་ལ་མི་དྲན་པ་སོགས་བྱད་གདོན་གྱི་བསླད་པ་ལས་ཅུང་ཟད་གྲོལ་བའི་དབུ་ཚུགས་ཤིང་། འདིར་འབྱོན་ནས་ཞག་ཤས་འཕྲད་རྩིས་མ་བྱས་ཀྱང་ངོ་ཆེན་སྦྲན་ཅིང་ཙབ་ཙབ་པོ་མང་དུ་མཛད་པར་ཚེས་༢༢ལ་འཕྲད་པར་བྱས། དེ་ནས་གཉིས་སད་པ་ལྟར་རིམ་ལྷིངས་ཀྱི་གཏན་འཆིང་ཡོང་བ་ཞིག་དགོས་ཚུལ་གསོལ་འདེབས་ནན་ཆེ་ཡང་། ཕན་ཚུན་གོ་མེད་སྤྱི་བརྟོལ་ཆེ་བས་ཡིད་ལྷག་པར་དུ་བསུན་པ་ཡིས། རེ་ཞིག་བཟང་མཚམས་ལས་བགྱིད་རྒྱུ་མིན་ཚུལ་ནན་གྱི་ལབ་པར་དེ་ལྟར་བཟང་མཚམས་བགྱིས་ན་མུལ་ལྦེ་རྒྱལ་པོ་ནས་ཉུང་ཐ་ལོ་བཅུ་གཉིས་དགོས་ཚུལ་དང་། ལ་དྭགས་རྒྱལ་པོས་ལོ་བཞི་ལས་མི་བྱེད་ཚུལ་བྱུང་ཡང་། རེ་ཞིག་བཅུ་གཉིས་ཀྱི་བར་དུ་བགྱིད་རྒྱུའི་རྩིས་སུ་བྱས་ཁུ་དབོན་བར་འཁོན་འཇུག་གི་རྒྱུ་རྐྱེན་རྣམས་ཕན་ཚུན་ཞིབ་ཉན་བགྱིས་ཏེ་འདེགས་འབབ་བགྱིད་འོས་གཟུར་གནས་ཀྱི་འཕྲོས་གཏང་བ་སྔར་གྱི་ལྟར་གོ་མེད་སྤྱི་བརྟོལ་བསྐྱེད་མ་སོང་ཞིང་། འཕྲལ་ཟོར་ཡང་ཁྱད་བཟང་མཚམས་སུ་བརྫུས་མཐར་ཐུག་ཆོད་ཡིག་ཏུ་གཏན་འཆིང་ཉིད་དུ་བྱ་རྒྱུའི་རྩིས་སུ་ལགས་ཤིང་། ད་ལྟ་ཁུ་དབོན་གྱི་ས་རིས་སྐོར་སོགས་ཐག་སོང་ཆོད་ཀྱི་མཇལ་འཛོམ་ལེགས་སྤེལ་ཇི་བཞིན་གྲུབ་ལ། བློན་བུ་དག་ལ་དྭགས་སུ་སྡོད་ནས་ས་རིས་འོས་མཚམས་ཡོང་རྒྱུར་དན་སོང་ཡང་ཁོ་རང་དེར་སྡོད་འདོད་མེད་པར་མུལ་ལྦེ་སྡོད་དགོས་ཞུས་པར་དེ་ལ་ཅུང་ཟད་མ་དན་པ་བྱེད་འདུག་ཀྱང་ཁུ་དབོན་བར་གྱི་ལེགས་སྤེལ་གྲུབ་ཕྱིན་རྒྱལ་བློན་བར་ལེགས་བཟླུམ་ཡོང་བ་གཞིར་བཅས་ཀྱི་བདེ་བའི་དབང་དུ་བྱས་པ་ད་ལམ་གནས་ཚུལ་སྔ་ཐབས་དང་། གང་ལྟར་ཆོད་ཡིག་སོགས་ལེགས་སྤེལ་གཞུང་ཚག་གྲུབ་བསྟུན་རིམ་བརྒྱུད་གནས་ཚུལ་ཞིབ་མོ་འབུལ་རྩིས་ལགས་པ་ཡང་ཆོས་དབྱིངས་ཟབ་མོའི་དོ་རར་འཇུག་ཅིང་། དུས་རྣམས་ཀུན་ཏུ་ཐུགས་བརྩེ་བ་ཆེན་པོའི་སྤྱན་རས་ཀྱི་ལྷོད་པ་མེད་པའི་སྐྱབས་འཇུག་གི་གུང་ཁང་དུ་འཇུག་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་དང་མཆོག་ཏུ་གསོལ་བ་འདེབས་པ་གངས་ཅན་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་རྩ་ལག་དམ་པར་ཞབས་པད་བསྐལ་པའི་བསྐལ་པ་ལས་ལྷག་པར་འཚོ་གཞེས་བརྟན་པར་རྫུ་འཕྲུལ་གྱི་རྐང་པ་ལ་མངའ་བརྙེས་པས་དེ་ལྟར་བྱིན་གྱིས་བརླབས་པར་སྙིང་ནས་གསོལ་བ་འདེབས་པ་དེ་ཁོ་ན་བཞིན་རེ་འབྲས་དོན་ལྡན་དུ་མཛད་དུ་གསོལ། ཞེས་ཚད་མེད་ཐུགས་རྗེའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་ལྷ་ཡི་གོས་འཆོ་མེད་ཤིང་གི་པདྨོའི་ཁ་དོག་གི་ཡུན་ཟླར་བྱས་པས་ཡོངས་སུ་བཅིབས་ཏེ་དཔལ་གདོང་ཆུ་བྱ་ཟླ་ཚེས་བཟང་པོ་ལ་རྒྱལ་ཁམས་པ་བྷོ་ཊ་ཛོ་ཀིས་ཕུལ་བའི་ཞུ་ཡིག་སརྦ་གངྒ་ལཾ།

༈ ཞབས་པད་མཆོག་ཏུ་ཞུ་ཆུང་།

འདི་ཀའི་ལེགས་སྤེལ་ཞིབ་མོ་གྲུབ་བསྟུན་ལ་དྭགས་དང་མུལ་ལྦེ་ཡིས་བློན་གཙོ་དྲག་པ་རེ། རྒྱལ་བ་མཆོག་གི་བཀའ་དྲིན་ཆེན་པོས་ཁྱབ་པ་ལེགས་འབུལ་རྣམ་པར་རྫང་ན་སྙམ་ཞིང་། འོན་ཀྱང་ཕྱོགས་འདིར་ཡོ་བྱད་སྤྱིར་བཀྲེན་ཞིང་མིག་ཕྲ་བ་བཅས་དངོས་པོའི་སྐྱེས་ནི་ཆེར་ཡོང་རིགས་མི་འདུག་ཀྱང་ལ་དྭགས་རྒྱལ་པོ་ནང་བཟླུམ་གྱི་ཁ་ཆེའི་དཔུང་བརྡོལ་བའི་གཞི་ཡང་ཕྱིར་བཅིལ་བ་རྒྱལ་བ་མཆོག་གི་འཕྲིན་ལས་ཀྱི་སྙན་པ་ཤར་ཕྱོགས་ཙི་ན་ཡི་འགྲོ་བ་རྣམས་ཀྱི་ངོར་ཡང་མཛེས་སམ་སྙམ་པས་དེ་ཡང་ཅི་ལྟར་སྐབས་སུ་བབ་བཀའ་ཕེབས་ཆུ་ཚོད་སྟེང་ནས་ཕྲལ་གནང་བཀའ་དྲིན་ཆེ་བ་ཞུ་རྒྱུ་དེ། ངེད་ཀྱང་འདི་ནས་གཞུག་ཚག་ཆོད་ཡིག་སོགས་གྲུབ་ཕྲལ་སྐར་རྩིས་མཁན་རྣམས་ཀྱི་ལ་ལ་ན་དང་རཱ་ས་ན་ཡི་རྒྱུ་བ་དྷུ་ཏིར་དག་པའི་རང་གཟུགས་ཕྱེད་ཉེན་ཡོད་ཞེས་གླེང་བར་ཐོས་པས་དེ་གྲོལ་བར་དུ་དགེ་སྦྱོར་གྱི་ཁྱད་ཕྱོགས་འདིར་སྡོད་པའི་རྩིས་སུ་ལགས་པས་དེས་ན་གོང་དོན་བཀའི་འཁོར་ལོས་ཕྲལ་དུ་ཁྱབ་པ་ཡང་མཁྱེན་མཁྱེན་མཁྱེན་ཀ་འདྲ་ཡནྟུ།

༈ བཀའ་བློན་ལྷན་རྒྱས་ལ་མར་ཡུལ་སྟོད་ཝཾ་ལེ་ནས།

གངས་ཅན་འགྲོ་བའི་མགོན་པོ་རྒྱལ་བ་མཆོག་གི་འཕྲིན་ལས་ཀྱི་ཁ་ལོ་པ་འཛིན་པའི་མཛེས་རྒྱན་མངའ་བདག་ཆེན་པོ་རྣམས་ཀྱི་མདུན་སར་ཞུ་བ་འཛམ་གླིང་ཆུ་བཞིའི་མགོ་བོ་ལྷ་ལས་བབ་པའི་རྡུལ་གྱི་ཉེར་སྤྲས་ཚད་སེལ་བསིལ་ལྡན་གཙང་མའི་ལྗོངས་བོད་ཡུལ་ཞེས་སྙན་པར་གྲགས་པའི་འཛིན་མའི་ཁྱོན་ལྷར་བཅས་སྐྱེ་རྒུ་ཀུན་གྱི་སྤྱི་བོར་ཚད་སྐྱོབས་དབང་པོའི་ཏོག་བཞིན་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱི་རོལ་པ་ཡིས་འཕྲིན་ལས་ཀྱི་ཞབས་འདེགས་རྩིབས་སྟོང་རྣམ་པར་བཀྲ་བའི་རྒྱུད་བཞིན་སྐྱེ་རྒུའི་གདུང་སེལ་འཕྲིན་ལས་ཀྱི་ཁ་ལོ་གཡས་སུ་འཁྱིལ་བ་སྙན་པའི་ཕུར་མ་ལྷབ་ལྷུབ་གཡོ་བཞིན་པར་བཞུགས་པ་བཀའ་དྲིན་གྱི་ཞོ་ཤས་ཁྱབ་ཅིང་འདིར་གནས་རིག་པ་འཛིན་པར་སྒྲོ་བཏགས་པ་རྣལ་འབྱོར་རྒྱལ་ཁམས་ཕྱོགས་མེད་དཱ་རི་འདྲ་པ་ཡང་འདུས་ཕུང་མ་ཞིག་ཙམ་དུ་གངས་ཅན་བདེ་བའི་བཅས་མགོན་པོ་མཆོག་གི་འཕྲིན་ལས་ཀྱི་ཆེད་དུ་སྒོ་གསུམ་ངལ་བ་བརྒྱ་ཕྲག་ལྷུ་རུ་བླངས་ནས་མི་བསྲུན་དྲེགས་པའི་བློ་ཅན་དུས་ངན་ངང་ཚུལ་འདྲེན་པའི་ཤུགས་འཆང་རྣམས་རང་སྒོའི་སྤྱི་བརྟོལ་བསྐྱེད་པ་དུ་མས་སུན་ཡང་གངས་ཅན་མགོན་པོའི་བཀའ་ལུང་ལྷ་ཡི་མེ་ཏོག་ལྟ་བུ་དཔྲལ་བའི་བརྒྱན་དུ་སྤུད་ཅིང་མདུན་ན་འདོན་བློ་ལྡན་རྣམས་ཀྱི་སྙན་པའི་བསྐུལ་ཚིག་རྣ་བའི་རྒྱན་དུ་བཟུང་ནས་བཟོད་པའི་སྙིང་ཁམས་ལྷག་བསམ་འཁར་བར་འཁྲས་བཞིན་འབད་པ་དུ་མས་མར་ཡུལ་བདག་པོ་སྟོད་སྨད་ལེགས་སྤེལ་ལེགས་པར་གྲུབ་ཉེའི་སྐབས་སུ་ལགས་ཤིང་།

དེ་ཡང་སྤྱིར་སྙིགས་དུས་ཀྱི་ངང་ཚུལ་དུ་ཁ་ཏཱུ་པ་ཀ་གཡོ་གྱུར་སྔ་ལྟས་ཀྱི་ཕྱོགས་འདིར་མི་མ་ཡིན་དྲེགས་གྱུར་མང་པོ་ལྷག་པར་འཁྲུག་པས་མི་རྣམས་ཀུན་ཀྱང་རང་དབང་མེད་པར་སེམས་རྒྱུད་འཁྲུགས་ཏེ་གཅིག་གིས་གཅིག་ལ་གདེང་ཁེལ་མེད་པའི་ངང་ཚུལ་ཆེས་ཆེར་སྟོན་ཡང་གཞུང་ས་མཆོག་ནས་བསྟན་རིམ་ལ་འབད་པ་དང་། ལྷག་ཏུ་གངས་ཅན་མགོན་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ཡི་ཐུགས་དམ་སྐྱབས་འཇུག་བཟང་པོས་ཁྱབ་པའི་མཐུ་ལ་བརྟེན་ཕྲལ་ཚེགས་ཆེ་བྱུང་ཡང་མཐར་ཧོར་ཟླ་དང་པོའི་ཚེས་ལ་མུལ་ལྦེ་རྒྱལ་པོའང་འདིར་སོན་ཞིང་། འདི་དང་ཁད་ཉེ་བར་ཞག་གཅིག་གི་གང་ཙམ་ནས་སྔར་ནག་ཕྱོགས་གདོན་གྱིས་བསླད་པ་ལས་ཅུང་ཟད་གྲོལ་བས་ཡིད་སྐྱི་ཟིང་བྱེད་ཅིང་དད་པའི་ཤུགས་ཀྱང་འཕེལ་བ་སྐད་དུ་གྲགས་ལ། ཤེལ་དུ་བཞུགས་རིང་གི་བློ་ལྡན་གཟུར་གནས་ཀྱི་ཞུས་པའི་ཚིག་དང་ཁོ་རང་ནས་གསུང་བ་རྣམས་ཀྱང་ཕལ་མོ་ཆེ་མི་དྲན་པ་ལྟ་བུ་བྱུང་སྣང་ཞིང་འདིར་སླེབ་ནས་ཀྱང་ངེད་དང་འཕྲད་པའི་ཐོག་མར་ལུས་གཡོ་འདར་དང་བཅས་པ་རྒྱལ་ཐབས་སུ་གྱུར་པ་སོགས་གདོན་ལས་ཅུང་ཟད་གྲོལ་ཏེ་སྔར་གཤིས་ལས་ཆེས་ལྡོག་པ་དང་། འོན་ཀྱང་ཕྱོགས་འདིའི་མཐའ་དམག་གི་ཁ་རླངས་ལྟ་བུའི་མི་མ་ཡིན་རྣམས་ཀྱི་ཆོ་འཕྲུལ་དང་འཚུབ་ལྷོངས་ཐུན་མོང་དུ་རྟོགས་པ་དང་། ལྐོག་གྱུར་གྱི་གནས་སུ་གྲུབ་པ་ཡང་བཟོད་དཀའ་བས་ལེགས་བཟླུམ་ལ་ཤིན་ཏུ་མཐོ་མཚམས་པར་གྱུར་ཀྱང་རིམ་གཉིས་ལམ་ཁྱེར་གྱིས་དབྱིངས་སུ་ཅུང་ཟད་བཅིལ་བའི་ཁུལ་བགྱིས་ཤིང་། ཕན་ཚུན་དགེ་སྡིག་བླང་དོར་གྱི་ཁེ་བཤད་ཉན་དཀྲོལ་ཡང་ཡང་བྱས་པར་བརྟེན་ཁུ་དབོན་ཕན་ཚུན་ས་རིས་ལྷ་ཕྱག་སོགས་བཟང་པོའི་སྲོལ་རྒྱུན་བཞིན་ལེགས་སྤེལ་རགས་པ་ནག་ཟླའི་དཀར་ཚེས་བཟང་པོར་གྲུབ་ཅིང་གཞུག་ཚག་སྐྱོང་འོས་ཕྲན་བུ་དང་། བློན་པོ་རྣམས་ལ་དྭགས་སུ་སྡོད་ནས་ས་རིས་འོས་འཚམ་སྤྲོད་པར་དན་སོང་ཡང་།

ནོ་ནོ་ནས་སྡོད་གནས་མུལ་ལྦེར་དགོས་ཚུལ་གྱི་ཞུ་བ་ནན་ཆེ་བྱེད་འདུག་པ་དེས་ཅུང་ཟད་བཤད་དཀའ་སྣང་ཡང་དོན་དུ་ནི་འགྲིག་བཟླུམ་གྱི་གཞི་གྲུབ་པར་གྱུར་སོང་བ་སྔ་འཕྲོས་ཀྱི་གནས་ཚུལ་ལགས་ཤིང་། སྔ་སོར་མུལ་ལྦེ་རྒྱལ་པོ་ཤེལ་དུ་སྡོད་པ་དེ་སྐབས་ཀྱི་གནས་ཚུལ་ཞིག་ཡང་ཕུལ་ཡོད་པ་སྐུ་ཞབས་སུ་འབྱོར་པ་གཞིར་བཅས་ཤིང་། དེའི་བཀའ་ལན་སྔར་གནང་མ་ཚར་ཚེ་མུལ་ལྦེ་རྒྱལ་པོ་འདིར་འབྱོར་གཤིས་གནས་ཚུལ་དེ་འགྱུར་བའི་རང་བཞིན། གོང་གསལ་ལྟར་ཕྱི་མ་དགོས་པར་སྣང་ལ། འོན་ཀྱང་རང་གི་སྒོ་གསུམ་གྱི་ངལ་བ་དུ་མ་ལྷུར་བླང་བགྱིས་པ་ཉིད་བསྟན་འགྲོ་དགེ་བའི་བཙས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བཟང་པོར་དམིགས་པ་ཆུད་མི་ཟ་བ་ཐུགས་རྗེ་བརྩེ་བའི་དོ་རར་འཇུག་པ་ཅི་ནས་མཁྱེན་མཁྱེན་མཁྱེན། ལ་དྭགས་རྒྱལ་པོ་སྐུ་མཆེད་ཀྱི་ལེགས་སྤེལ་ཆོད་ཡིག་མགོ་མཆན་ཞུ་རྒྱུའི་སྐོར་ལན་སྩལ་ཆོ་འཕྲུལ་ཟླ་བར་ཡིད་ཀྱི་རྒུད་པ་སེལ་པའི་བདུད་རྩི་ཐོབ་ཅིང་། སྔ་ཕྱིར་གནང་སྐྱེས་ཕོན་ཆེ་ཡང་ཡང་སྩལ་བ་འབྱོར། འདིར་གཏོང་འོས་ཕལ་མོ་ཆེ་གྲུབ་ཟིན་གཤིས་ཞུ་བར་མཛངས་ཤིང་། གང་ལྟར་བཀའ་གླེགས་དེའི་ལན་ཞུ་ཞིབ་མོ་ཡང་འདིའི་ལེགས་སྤེལ་གྲུབ་པའི་གནས་ཚུལ་རིམ་བརྒྱུད་ཕུལ་སྐབས་འབུལ་རྒྱུ་ཆོས་དབྱིངས་རྙོག་པ་མེད་པའི་ཀློང་དུ་འཇུག་པ་ཞུ་ཞུ་ཞུ།

ཞེས་བྱམས་པས་ཡོངས་སུ་འཁྱུད་པའི་སྤྱན་རས་གཡོ་བར་བྱེད་རྟེན་ལྷ་གོས་རྣམ་པར་དརཀ་པབས་བཅིབ་སྟེ་དཔལ་གདོང་ཆུ་བྱ་ཟླ་༢ཚེས་༡༩བཟང་པོར་ཕུལ་བའི་ལི་ཁི་ཏཾ་མངྒ་ལཾ།

༈ ཤིང་ཕག་ཀི་ཊོ་ནས་འབའ་ར་བླ་མ།

ངེས་དོན་བསྟན་པའི་སྲོག་ཤིང་སྐྱེས་མཆོག་འབའ་ར་བའི་སེང་གེའི་ཁྲི་སྲུང་བར་བྱེད་པ་པོ་འཇའ་གླིང་ཆོས་རྗེ་རྡོ་རྗེ་འཛིན་པ་མཆོག་གང་གི་སྐུའི་ག་ལ་བར། ནང་ལུགས་སྟབས་བདེར་འབུལ་བ། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཆེན་པོ་དཔལ་ལྡན་སྟོད་འབྲུག་གི་སྡོང་པོ་དཔའ་བོ་ཐུགས་ཀྱི་རྡོ་རྗེའི་རྣམ་འཕྲུལ་སྐྱེས་མཆོག་རྒྱལ་མཚན་བཟང་པོའི་རིང་ལུགས་པདྨའི་རྣལ་མ་ལྟར་ཕྲ་མོར་གནས་པར་གྱུར་པ་ལ་དམ་པ་ཁྱེད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་ཞིང་སྨོན་ལམ་བཟང་པོའི་བསྐྲུན་པ་ཡི་དབེན་གནས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་ཉམས་གསོ་ཕུལ་བྱུང་གྲུབ་པ་དང་ཆོས་འཆད་སྤེལ་གྱི་རྒྱུན་མི་འཛད་པ་བརྒྱན་གྱི་འཁོར་ལོའི་རྒྱུ་ཚོགས་སྤེལ་བ་དང་། འཕྲིན་ལས་རྣམ་པ་བཞིའི་གདུལ་བྱ་གྱུར་པ་ཀུན་ཏུ་བཟང་པོའི་ལམ་ལ་ཞུགས་པ་སོགས་སྐྱེས་མཆོག་ཆེན་པོ་འབའ་ར་བ་མྱ་ངན་ལས་འདས་པའི་འོག་ཏུ་གདན་ས་དེར་ཆོས་འཆད་སྤེལ་སྒྲུབ་ཚུལ་ཉམས་ལེན་ཅན་ནམ་མཁའི་སྐར་ཚོགས་ལྟ་བུར་གྱུར་ཡང་མཛད་པ་ཕྱག་རྗེས་ཀྱི་སྒོ་ནས་ཉིད་དང་མཚུངས་པ་ཙམ་མ་བྱུང་ན་ལྷག་པ་ནི་སྨོས་ཅི་འཚལ།

དེ་བས་ན་སྐྱེས་མཆོག་ཆེན་པོའི་འཕྲིན་ལས་རྒྱུན་འདྲེན་པའི་ཤིང་རྟ་རྨད་དུ་བྱུང་བར་མཐོང་བཞིན་ཁྱེད་ཀྱི་དགེ་བའི་རྩ་བ་རྗེས་སུ་ཡི་རང་བའི་ལན་བརྒྱར་བསྔགས། ངེད་ནི་འཚོ་བ་སྔར་མུ་ལྟར་ལ་སྙིང་ནས་དམ་པའི་ཆོས་བསྒྲུབ་པ་ལ་བདུད་ཀྱི་མཐུས་རྣམ་པར་གཡེང་བ་གོང་འཕེལ་གྱི་ཆོས་བརྒྱད་རྦ་རླབས་དྲག་ཏུ་གཡོ་བས་ཡིད་བསུན་ཞིང་གཙེར་བཞིན་པའི་ངང་དུ་གནས། འོན་ཀྱང་ལྟར་སྣང་དུ་རྒྱལ་པོ་ཆེན་པོ་རྣམས་ཀྱི་མཆོད་ཅིང་། མི་མ་ཡིན་མཐུ་ལྡན་རྣམས་ཀྱི་བྱམས་པ་བྱེད་པ་དང་། དཔའ་བོ་མཁའ་འགྲོ་རྣམས་འདུ་ཞིང་དམ་པ་ཆོས་ཀྱི་བགྱི་བ་ཡང་ཅི་ནུས་འབད་དེ་མཆིས། ཉིད་ནས་སྔར་ཡན་ལག་དང་ཉིང་ལག་ལ་སྐྱོན་མེད་པའི་རྟ་མཆོག་གསེར་དངུལ་གྱི་སྐྱེས། ད་ལམ་ཡང་གསེར་དངུལ་གྱི་སྐྱེས་ཕོན་ཆེ་བ་བཅས་བསྟབ་པ་ནི་རྡོ་རྗེ་སློབ་དཔོན་མཆོད་པའི་བྱ་བ་རྒྱུད་ནས་བཤད་བཞིན་པར་རྗེས་སུ་ཡི་རང་ཞིང་། ཕོན་ཆེ་དེ་ལྟར་བླང་བར་འཛང་ཡང་འདིར་འབྱོར་ཟིན་ཕྱིར་བཟློག་བྱས་ན་དགོངས་པ་མ་དགྱེས་དོགས་བདག་གིར་བྱས་ནས་དེ་ཀུན་རྣམ་པར་དཀར་བ་དགེ་བའི་ལས་འབའ་ཞིག་པར་དག་པར་བྱས་པ་ཡང་ཟབ་ཀློང་དུ་བསྟི་བ་དང་། གང་ཅིར་འཕྲལ་དུ་འདུས་བྱས་ཀྱི་མཚན་ཉིད་དུ་མ་གྱུར་ཚེ་འོས་པའི་གནས་ཞིག་ཏུ་ལན་གཅིག་ངེས་པར་མཇལ་བར་སྨོན་ལ། རྣམ་ཀུན་དགེ་བའི་སྨོན་ལམ་བཟང་པོའི་བཅིང་བ་ཡང་དགོངས་པར་གཅགས་པ་ཞུ་ཞེས་གཟིགས་རྟེན་སྔགས་མདུད་ལྷ་གོས་རྣམ་དཀར་སྲིད་དུ་རིང་བ་དང་དེ་ཀར་སྐྱེས་མཆོག་ཆེན་པོའི་གདན་སར་རྟེན་བཞེང་སོགས་མཛད་པ་རྒྱ་ཆེར་གནང་བའི་ལེགས་འབུལ་དུ་ཟབ་ཆེན་རྡོ་རྗེའི་གསེང་ལམ་ཡུག་བཅས་ཟླ་ཚེས་དགེ་བ་ལ་བལ་ཡུལ་གྱི་ཀཱི་ཌོའི་གཙུག་ལག་ཁང་ཆེན་པོ་ནས་དཔལ་རིག་པ་འཛིན་པས་སྤེལ་བའི་པ་ཏྲཾ་སརྦ་མངྒ་ལཾ།

ལགས། སྐྱེས་མཆོག་ཆེན་པོའི་སྐབས་དང་མཐུན་པའི་ཚོགས་ཁང་བསྒྲོས་གཙང་ཞིག་ཞིག་གསོ་ཐུབ་ན་ཤིན་ཏུ་ལེགས། སྐྱེས་མཆོག་ཆེན་པོ་སྐུ་བལྟམ་པའི་གནས་སུ་མཆོད་རྟེན་ཞིག་བསྒྲུབ་ན་ལེགས་པར་ཁུམ། ལགས། རྩ་བསྒྲུབ་ནི་བདག་མདུན་དབྱེར་མེད་དུ་བསྟན། ནང་བསྒྲུབ་ལ་མན་ངག་ཡང་གཅེས་ཀྱི་སྔགས་འཁོར་སྦྱོར་ཤིན་ཏུ་རུང་། ལུས་དཀྱིལ་འདི་གོང་འོག་བསྒྱུར་དགོས་ཅུང་ཟད་འདུག་པ་རྡོར་གླིང་། ཀུན་སྐྱོང་། རྒོད་ལྡེམ། ཉང་དང་ཆོས་དབང་། པདྨ་ལས་འབྲལ་རྩལ། མཆོག་ལྡན་རྡོ་རྗེ་རྣམས་ཀྱི་གཏེར་འབྱོན་མཁའ་འགྲོའི་ལས་བྱང་ཞུ་དག་འཕེར་རུང་ཕྱོགས་མཐུན་བྱུང་བ་རྣམས་སྒོ་བསྟུན་ཏེ་ཁྲིག་ཆགས་ཞིག་བྱེད་ཐུབ་ན་སྙམ་པ་སྔར་ནས་བྱུང་ཡང་། ལེ་ལོའི་དབང་དུ་གྱུར་མོད་སླད་མར་དེ་རིགས་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་སརྦ་མངྒ་ལཾ།

༈ མར་ཡུལ་བདག་པོ།

མར་ཡུལ་བདག་པོ་ཡབ་ཡུམ་ལྷན་རྒྱས་མཆོག་གི་སྐུ་ཞབས་སུ། ནང་ལུགས་སྟབས་བདེར་ཕུལ་བ། དེ་ཀར་ད་ལྟ་སྐུའི་འཚོ་གཞེས་མ་རྙོག་པ་ནས་གསུང་བྲིས་མ་ཡིག་དང་བུ་ཡིག་ལེན་ཚན་གསུམ་གཤམ་མའི་ཞུ་ཚིག་གཉིས་དང་། སྐྱབས་རྗེ་འབྲུག་པར་འབུལ་རྒྱུའི་ཞུ་ཡིག་བཅས་ཧོར་ཟླའི་ཚེས་ལ་མར་ཡུལ་བྱམས་སྤྲིན་དུ་སོན་ཞིང་། ཡི་གེ་རྗེས་མ་རིང་དྲག་ཆེ་ངེས་བྱས་པ་དེ་ཡང་ཆུ་ཚོད་འགྱང་མེད་དུ་དེ་ལས་སྔོན་ཙམ་དུ་འབྱོར་བྱུང་། འདིར་ངེད་ཀྱང་རྒྱལ་ཁག་མང་པོའི་མི་སྣ་འཛོམ་ནས་ད་ལྟ་བྲེལ་གཡེང་ཤིན་ཏུ་ཆེ་བའི་སྐབས་སུ་གྱུར་མོད་འོན་ཀྱང་ཡི་གེ་སླེབ་འཕྲལ་སྐྱབས་ཡུལ་རེ་གནས་བཅས་པའི་སློབ་མ་དང་སྦྱིན་བདག་ཡིན་གཤིས་སྙིང་ཐག་པ་ནས་དཀོན་མཆོག་ལ་གསོལ་བ་གདབ་ཅིང་། ཆོས་སྐྱོང་བསྲུང་མ་ལ་འཕྲིན་ལས་བཅོལ་ནས་དེ་ཀ་རྟེན་ཞལ་ལ་ཕན་པའི་སྨོན་ལམ་ནན་དྲག་པོར་བཏབ་ཡོད། ལར་ནི་ཚེས་༡༢སྐོར་ནས་ཟ་ཟིའི་ལྟས་དང་། ཚེས་ནས་གནམ་སྟོང་བར་དུ་ལྷག་པར་ཆེ་བ་བྱུང་དེ་ནས་ཆུང་ངུ་སོང་ལར་དེ་ཕྱོགས་ཀྱི་ལྷ་འདྲེ་མཐའ་འདྲེ་གསར་སླེབ་རྣམས་འཁྲུག་པ་བཅས་མཐའ་དམག་གི་ཁ་རླང་ཡིན་འདུག་པ་ལོ་ཤས་ཀྱི་རིང་ཟབ་དགོས་ཚུལ་སྐུ་རིམ་གྱི་ཁྱད་འདྲ་ཡོད་སྙམ་སྔར་རྒྱལ་བློན་ཚང་མ་སྙན་བསུན་བསུན་དུ་གསོལ་བའང་། ད་ལྟ་ཐུགས་ལ་གནས་པ་གཞིར་བཅས། ཐུགས་སྲས་ཀྱི་ཡ་དོ་འགངས་པ་བཀྲ་ཤིས་ཀྱི་བྱ་བ་འོས་མིན་བགྱིས་པར་གཤམ་མའི་བློ་ལ་ཕོག་སྟེ་དེ་ལ་བཤད་སྦྱངས་དགོས་ཚུལ་གཤམ་མས་ཞུས་ཡོད་འདུག་ཀྱང་ཞུ་བརྡའ་མ་འཕྲོད་པའི་བར་མཚམས་སུ་ཟོམ་ལུས་ཀྱི་མཐར་གཤམ་མ་ཁྲོས་ཚུལ་ཞིག་ཐོས། དེས་ན་མངའ་འོག་ལ་ཁྲིམས་སྙོམས་ཤིང་མི་ངན་རེ་ཡི་ཞུས་དབང་དུ་མི་གཏང་ལ། ཞབས་ཐམ་སྒེར་བཟུང་མང་པོ་དགྱེས་ཚུལ་སྔར་ནས་ཞུས་ཞུས་ལྟར་སྟེ། ད་དུང་ཡང་དེ་དོན་དགོངས་འཇུག་དང་། ཕྱོགས་འདིར་ཕེབས་པ་ནི་རེ་ཞིག་གཞན་ངོར་མི་མཛེས་པས་འཐེན་པ་ཉིད་ལེགས། ཨ་ཁུ་རྒྱལ་པོས་ནི་ངེས་ཀྱི་འཆིང་བཟླུམ་གཏན་ཚིགས་བགྱིས་ནས་ད་བར་དེ་ལ་ཁ་ཕྱིར་འཆུས་མ་མཛད་ངེས་ཅན་ཡིན་འདུག་ཅིང་།

ད་དུང་ཡང་མི་བྱེད་ངེས་པས། དེས་ན་ཐུག་རྟོག་གི་རིགས་ནང་མ་དགོས་ལ། འོན་ཀྱང་ཡི་གེ་ཡང་ཡང་ནང་གཤིམ་མཛད་པ་ཡང་གལ་ཆེ། དོན་ཚན་ཁ་ཤས་ལ་ཟུར་དུ་མཆན་འདེབས་བྱས་ནས་ཕུལ་ཡོད། ལྷག་ཏུ་རྒྱལ་བློན་དམངས་བཅས་ཐུན་མོང་ལ་འཇམ་ཡིག་སྐྱབས་རྗེ་འབྲུག་པ་ལ་ཡང་ཞབས་བསྐུལ་ཞུས་ནས་དོ་གལ་གང་ཆེ་དེ་ཀ་ཡབ་ཡུམ་སྲས་བཅས་ལ་སྙིང་ནས་བརྩེ་སེམས་ཀྱི་འཕྲལ་དུ་བསྐུར་ཡོད་པ་ཀུན་ལ་དྲིལ་བསྒྲགས་ཀྱི་འཇམ་ཆགས་འཚལ། སྙིང་ཐག་པ་ནས་སྐྱབས་འཇུག་བསྲུང་གུར་བགྱིད་པས་ཡི་གེ་འདི་མ་འབྱོར་གོང་དུ་སྐྱོན་དུ་ཆེ་བ་མེད་ཕྱིན་ཡི་གེ་འབྱོར་ནས་སྐུ་རིམ་ལ་འབད་འབུང་རྟེན་འབྲེལ་སྒྲིགས་ཕྱོགས་མ་འཆུག་ན་ཉེས་སྐྱོན་ཞི་བར་ཕྱོགས་པས། དེ་ལུགས་ཀྱི་ཐུགས་ཚབ་ཏབ་ཏབ་པོ་མེད་པར་བརླིང་ལྷོད་བརྟན་གྱི་ངང་སྐུ་རིམ་ལ་དཔུང་བསྐྱེད་པ་གལ་ཆེ། ལར་སྔོན་ལམ་མེད་ཕྱིན་སྙིང་ནས་སྐྱབས་འཇུག་གི་ནུས་པས་ཕན་པར་ངེས། དེ་ལྟའི་སྐབས་ཕྱོགས་འདིར་བོད་མོན་བལ་པོ་ཡི་མི་སྣ་མང་པོ་སྣེ་འཛོམ་ཞིང་བྱ་བ་རྔམ་ཆེན་མང་པོ་བསྒྲུབ་དགོས་ཀྱི་བྲལ་བ་ཤིན་ཏུ་ཆེ་བའི་སྐབས་སུ་གྱུར་ཡང་། དེ་ཀ་ཡབ་ཡུམ་སྲས་བཅས་ལ་སྙིང་ཐག་པ་ནས་བརྩེ་བས་སྐྱབས་འཇུག་བསྲུང་དམིགས་ནན་ཏན་དང་། ད་ལམ་རིམ་བརྒྱུད་འགྱང་ཆ་མ་སོང་བར་ཚེས་ལ་ཐོན་པར་གཏོང་ཡོད། ཡིག་ལན་ཞིབ་པ་ནི་མི་འགྱངས་པར་འབུལ་རྩིས་ཡོད་པ་དགོངས་འཇགས་ཞུ་ཞེས་རྟེན་ལྷ་གོས་དྲི་མ་མེད་པས་བཅིབ་སྟེ་ཟླ་ཚེས་དགེ་བ་ལ་སྤེལ་བའི་པ་ཏྲམ་སརྦ་མངྒ་ལཾ།

༈ ཤིང་ཕག་བཀྲ་བཟང་པ།

སྔ་འགྱུར་གྱི་རིང་ལུགས་འཆང་བ་རྡོ་རྗེ་འཛིན་གྱུར་དམ་པ་གང་གི་གསུང་བྲིས་གནས་ཚུལ་རྟེན་ལྷ་གོས་སྔ་མ་སྤོང་རོང་རྗེ་དབོན་བརྒྱུད་པ་དང་། གཏིང་མ་ཆེད་མངགས་བར་མིའི་གདོང་བཅས་ཆབས་གཅིག་ཏུ་ཟླ་༧ཚེས་༢༥ལ་མང་ཡུལ་སྐྱིད་གྲོང་དངོས་གྲུབ་ཕུག་ཏུ་སོན། དེ་དང་ཉིན་སྔ་ཕྱིར་བཀྲ་ཤིས་ལྷུན་པོ་དབྱིངས་ས་མཆོག་གི་བཀའ་གླེང་ཡང་ཕེབས་ཤིང་། ཁམས་ལུང་མི་ངོ་བླ་མ་རིག་འཛིན་ལགས་ནས་སྔ་ཕྱིར་དགོན་གནས་ངེད་ལ་དོ་ཁུར་དགོས་ཚུལ་ཡང་ཡང་བྱུང་རུང་བདག་གི་སྐབས་སུ་མ་ཆེ་ཚུལ་སྨྲས་ཀྱང་ནན་བསྐྱེད་ཀྱི་མཐར་ཁོ་རང་གྲོང་ཁར་ཡང་། ཁ་ཆེམས་ལ་ཡི་གེ་ཆེ་ཆུང་གཉིས་བཞག་འདུག་ལ། ཁམས་ལུང་སྐུ་སྐྱེ་རིན་པོ་ཆེ་དང་ཡུམ་གཅིག་པའི་དབོན་རང་ནས་བླ་མ་ཡོང་རྒྱུའི་ཁུལ་གྱི་རིམ་འགྱང་མཐར། ལེགས་ལུང་ནས་མི་འགྲོས་བྱུང་འཕྲལ་ཁ་ཆེ་ཡི་གེ་རྩད་གཅོད་གཏང་བར། ངམ་རིང་རྫོང་དང་དར་རྒྱས་གླིང་དུ་སྙན་འབུལ་ཙམ་ལས། གཞན་བླ་མ་འོས་འཐུ་སོགས་ཕུལ་བ་མེད་པའི་ཁྱད་ཀྱི་ཅི་ཀྱང་དོ་ཁུར་རྩིས་ལེན་དགོས་ཚུལ་དོ་ཁུར་རྒྱ་བཅས་བྱུང་བཞིན། དགོན་དེའི་གྲྭ་རིགས་རྣམས་ཀྱི་ཡང་གྱ་ཚོམ་སྤྱོད་པས་བླ་མ་འདས་པོའི་སྐུ་ཆས་རྣམས་ཚང་འདྲིལ་གྲྭ་པ་སོ་སོ་ནས་བགོ་བཤའ་བྱས་འདུག་པ། དེ་ཡང་འཐོར་གྱག་ཏུ་འོས་སུ་མ་ཆེ་གཤིས་རྩིས་ལེན་གྲྭ་པ་ཁ་ཤས་བརྫངས་ཤིང་། གཞིས་གཉེར་ཡང་འོས་བསྐོ་ཚར་ལ། གང་ལྟར་བདག་ནི་ཕྱོགས་འདིར་ཡུན་རིང་མི་སྡོད་ཅིང་སྡོད་ཀྱང་རུང་དགོན་པའི་འཛིན་སྤྲས་སྔར་མ་གཅོགས་བཞིན་ཉིད་ཡབ་སྲས་ངོས་ཀྱི་ལྟོས་བཅས་རྩ་སློབ་ཡིན་གཤིས། བླ་བྲང་དབྱིངས་ས་ཆེན་པོ་ནས་ཀྱང་དེར་དགོངས་ཀྱི་ཐུགས་རྗེ་ཆེ་བ་ཡིན་འདུག་བཞིན། དྲིན་ཤེས་ཀྱི་དབྱིངས་ས་རྩེ་ཤོད་ཀྱི་ཞབས་བརྟན་ནན་ཏན་ཆེན་པོས་བསྒྲུབ་དགོས་ཐུགས་ཀྱི་ཐིག་ལེར་གཞག་འོས་སུ་སྣང་ལ། ངེད་འདུས་བྱས་རང་མཚང་འཕྲལ་དུ་མ་བསྟན་ཕྱིན་སང་ཕོད་བར་ལེགས་ལུང་དགོན་གཞིས་གཞན་འཁྱར་མེད་པ་འདི་ནས་དོ་ཁུར་དང་། ངེད་དཔལ་མ་ཆོས་སྟིང་དུ་སླེབ་མཚམས་ངོས་འཕྲད་སྐབས་མོལ་བསྡུར་འོས་འཐད་བཞིན། ལེགས་ལུང་དགོན་གཞིས་ཅི་ལྟར་འོས་པའི་གཉེར་སྙིང་ནས་བརྩེ་བ་ཆེན་པོས་དེ་ག་ཡབ་སྲས་ལ་འབོག་རྒྱུར་མཆིས་པ་ཡང་ཐུགས་ཀྱི་དཔལ་བེའུར་བསྟི་བར་གྱིས། ཞེས་རྟེན་ལྷ་གོས་དང་བལ་ཊཾ་བརྒྱད་ཕྱིར་འབུལ་བཅས་ཟླ་ཚེས་དགེ་བ་ལ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་འདབས་ནས་སྤེལ་བའི་པ་ཏྲམ་སརྦ་མངྒ་ལཾ།

ལགས། བཀྲ་ཤིས་ལྷུན་པོའི་དབྱིངས་ས་ནས་ཁམ་ལུང་གོང་མའི་སྐྱེ་བ་བཀྲ་བཟང་ལ་བྱུང་བ་དེ་ཡིན་ཞེས་ཁྱོད་ཀྱི་ཡི་གེ་མིག་སྟོན་བྱུང་བས་དེ་ལ་ཆ་འཇོག་བྱས་པ་ཡིན་པས་འཐུས་པ་ཞིག་ཨེ་ཡོང་ཚུལ་ཕེབས་པ་ཡང་གནས་ཚུལ་དུ་གསོལ་ལ། སྟག་རྩེ་མཁན་པོར་གཡུ་ཐོག་སྙན་བརྒྱུད་ནི་བརྒྱ་མཁར་བ་དང་ཐུགས་སྟབས་མ་ཆེ་རེ་ཞིག་འཐེན་ཆོག་འདུག་པས་དེ་ལུགས་ཞུ། སརྦ་མངྒ་ལཾ།

༈ སི་ཏུ་ལ་ཕུལ་བ།

སྭཱསྟི། དཔལ་ཀརྨ་པ་ཆེན་པོ་སྐྱེ་བའི་འཕྲེང་བར་འཇིག་རྟེན་མགོན་པོས་བྱིན་གྱིས་བརླབས་པ་ལས་བྱུང་བ། བཅུ་གསུམ་ཡན་ཨོ་རྒྱན་གུ་རུ་ལུང་གིས་བསྟན་ཅིང་ལྷ་འདི་ཉིད་ཀྱང་ཨོ་རྒྱན་གྱི་སློབ་དཔོན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་རྡོ་རྗེའི་གསུང་གིས་དབུགས་དབྱུང་བར་ངེས་ན། དེས་ན་འདི་ཡན་ཆད་བསླད་མེད་དུ་གྲུབ་ཅིང་། དེང་ཕྱིན་ཆད་དུས་ཀྱི་དབང་གིས་ཅི་ལྟར་འགྱུར་བར་གཤེགས་པའི་རྗེས་སུ་ཆོས་སྲིད་ལུགས་ཟུང་ཞྭ་དམར་སྐྱེ་འཕྲེང་གི་སྐྱོང་བ་ལས། ཀརྨ་པའི་ཡང་སྲིད་ཅོད་པཎ་བཅིང་བ་དངོས་ནི་ཡན་གྱི་རྫོགས་པར་གྱུར་པ་ཡིས་ཞྭ་དམར་ཁྲིར་འགོད་རྒྱུ་དོན་འདི་སླད་ནས་གཞན་སུས་ཀྱང་འགྲུབ་པར་དཀའ་བ་ཡི་དཔལ་རྒྱལ་བ་ཐམས་ཅད་ཀྱི་འཕྲིན་ལས་པ་ཆེན་པོ་ཀརྨ་པ་བཅུ་གསུམ་པའི་སྤྱན་སྔར་དེ་དོན་གསོལ་བ་ལ་དགོངས་པར་འཇུག་གམ་མི་འཇུག་སྙམ་པའི་ཡིད་འདར་བཞིན་པས་དལ་གྱི་བསེད་བཀྲོལ་ཞུས་པར་ཐུགས་ལ་མི་འབབ་པ་མེད་པར་བདག་གི་ཚིག་དེ་དོན་གྱི་བདེན་པར་དགོངས་ཤིང་། རང་ཉིད་ཀྱི་སྐྱེ་བའི་འཕྲེང་བ་དྲན་ཚུལ་ཁ་ཤས་ཀྱང་གསང་བའི་བཀའ་ཕེབས་བཅས་མཐར་ཆོས་དབྱིངས་ཕོ་བྲང་དུ། དཔའ་བོ་རིན་པོ་ཆེ་དང་། ངེད་སྒར་གོང་འོག་གི་ཕྱག་མཛོད་འདུས་པར་ཕྱག་བྲིས་བཀའ་ཐམ་ཡང་དག་པར་གནང་སོང་བ་དང་ད་ལམ་ཆུ་ཡིས་མི་འཇིག་པའི་ཚེས་བཟང་པོ་དང་བཅས་སྐུ་ཞབས་ཀྱི་ཞུ་ཡིག་ཏུ་ཕུལ་ཡོད་ལ། ཀརྨ་པ་བཅུ་གསུམ་པ་དང་ད་ལམ་ཞྭ་དམར་འདི་པའི་སྐུ་ཐོག་ཐུགས་ཡིད་གཅིག་འདྲེས་རྟེན་འབྲེལ་མི་འཆུག་པ་ཤིན་ཏུ་གལ་ཆེ་ངེས་ཡོད་པ་ཡང་དགོངས་དབྱིངས་རྒྱ་མཚོར་འཇུག་པ་དང་། གར་སྤྱིར་ལེགས་ཚོགས་བཟང་པོ་གོང་ནས་གོང་དུ་འཕེལ་བར་སྨོན་བཞིན་འགྲུབ་པར་གྱུར་ཅིག སརྦ་མངྒ་ལཾ།

༈ འབྲུག་པ་ལ་ཕུལ་བའི་ཆབ་ཤོག །

ཨོཾ་སྭཱསྟི། རྗེ་འགྲོ་བའི་མགོན་པོ་མཆོག་གི་སྤྲུལ་པའི་སྐུ་གང་གི་གནས་ཀྱི་སློབ་དཔོན་དུ་གྱུར་པ་དགེ་བའི་བཤེས་གཉེན་ཆེན་པོ་གཙུག་ལག་དུ་མ་ལ་དབང་འབྱོར་བ་རྗེ་རཏྣ་ས་མུ་དྲ་ཞེས་དམ་པ་གང་གི་གསུང་མཆིད་ཆབ་ཤོག་རྟེན་དང་བཅས་རྟགས་ཀྱི་རི་མོ་ཉམས་པ་མེད་པར་སྒྲུབ་གནས་ཆེན་པོ་མུ་ཏིག་སྤ་མ་གོང་དུ་ཁྲུམས་ཟླའི་དཀར་ཕྱོགས་ཀྱི་དཀའ་བ་གསུམ་པ་ལ་སོན་པས་ཡིད་ཀྱི་བདེ་བའི་ཚོར་བ་སྦོམ་པོར་གྱུར། ངོས་ཀྱང་དམ་པ་ཆོས་བཞིན་དུ་སྤྱོད་པའི་མོས་བློ་མ་བྲལ་ངང་དུ་མཆིས། ཅི་ལྟར་གསུང་ཕེབས་ལྟར་ཐུགས་རྗེ་ཆེན་པོའི་བཅུ་གཅིག་ཞལ་གྱི་བསྒོམ་བཟླས་གནང་བ་ཤིན་ཏུ་ནས་ཀྱང་ལེགས་འདུག་ལ། ཐུགས་རྗེ་རྗེ་ཆེན་པོའི་མདོ་རྒྱུད་གཟུངས་སྔགས་ཐམས་ཅད་ཀྱི་ནང་ནས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་འདི་རྒྱ་གར་འཕགས་པའི་ཡུལ་དུ་རླུང་ལྟར་གྲགས་ཤིང་ལྕམ་དཔལ་མཛད་ལ་མི་བཟད་པའི་ནད་ཀྱིས་གདུང་བ་ལ་བཅུ་གཅིག་ཞལ་གྱི་གཟུངས་སྔགས་ལ་བརྟེན་ནད་ལས་གྲོལ་བར་མ་ཟད་འཕགས་པའི་ཞལ་མཇལ་ནས་རྡོ་རྗེའི་སྐུ་བརྙེས་པ་དང་།

ཇོ་བོ་རྗེ་ལ་སློབ་མ་རྣམས་ཀྱི་བྱིན་བརླབས་ཆེ་ལ་མྱུར་བའི་སྒྲུབ་ཐབས་ཞིག་དགོས་ཞུས་པར་བཅུ་གཅིག་ཞལ་གྱི་སྒྲུལ་ཐབས་གནང་བས་མཚོན་སངས་རྒྱས་རྣམས་ཀྱི་དགོངས་པ་གཏད་ནས་བྱིན་གྱིས་བརླབས་ཚུལ་གྱིས་ནན་ལྟར་བྱིན་བརླབས་ཆེ་ཞིང་མྱུར་བ་ལགས་ན་དེ་ཡི་ཉམས་བཞེས་ལ་བརྩོན་པ་བསྐྱེད་ན་ཤིན་ཏུ་ལེགས་པར་ཁུམས། འོན་ཀྱང་འདི་ནི་བྱ་རྒྱུད་སོགས་ཕྱི་རྒྱུད་གསུམ་དུ་བཞེད་པ་ཡང་ཡོད་ལ། ཀླུ་སྒྲུབ་དང་ཙནྡྲ་གོ་མའི་ནི་རྣལ་འབྱོར་གྱི་རྒྱུད་དུ་གཞག་ཅིང་། སློབ་དཔོན་པདྨས་ནི་བླ་མེད་དུ་བཀྲལ་བ་ཡང་མཆིས་ལ། གང་ལྟར་རྩ་བ་ཡི་གཟུངས་སྔ་འགྱུར་གྱི་སྐབས་སུ་བསྒྱུར་བ་དང་། སྒྲུབ་ཐབས་ཏ་ར་ནཱ་ཐས་བསྒྱུར་བ་འདི་ཡང་རྩ་བ་འདི་བསྟན་བཅོས་མ་ཡིན་པ་རྒྱུད་ཀྱི་ཚིག་ཁོ་ནར་ངེས་པས་དེས་ན་དེར་ངེས་པ་བསྐྱེད་པའི་ཕྱིར་དེའི་དཔེ་རང་གི་འབྲལ་སྤང་དུ་བྱས་པ་འདི་བཞིན་འབུལ་ལམ་ཞུས་པ་རྩིས་བཞེས་ནས། སླད་མར་ཉམས་བཞེས་ལྷུ་རུ་བླང་བར་ཞུ་ལ། ཡི་དམ་གྱི་ལྷ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ནི་གནས་ལུགས་ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ། དེའི་ཉམས་བཞེས་ལ་ཅི་ནས་ཀྱང་འབད་པར་འཚལ་ཞིང་། ཕྱག་རྒྱ་ཆེན་པོ་ནི་གང་ཤར་ཆོས་ཉིད་ཀྱི་རོལ་པ་ལ་ཟླ་བ་ཡིན་ན་བསྐྱེད་རིམ་ལྷ་ཡིན་ནོ་སྙམ་པའི་དྲན་རྟོག་ཁོ་རང་ལ་ཅེ་རེ་ལྟས་པས་ངོ་བོ་ངེས་བཟུང་གི་སྤྲོས་པ་ཐམས་ཅད་ནུབ་པའི་ངང་ལ་གནས་པ་དེ་ཀ་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པ་དགོངས་པ་ཆོས་བཞིན་ཏེ། དུས་རྣམས་ཀུན་ཏུ་ཡེངས་མེད་ཀྱི་དྲན་པ་དང་། བླ་མའི་མོས་གུས། སེམས་ཅན་ལ་སྙིང་རྗེ་གསུམ་མི་འབྲེལ་བར་བྱས་ན་ཚེ་གཅིག་རྡོ་རྗེ་འཆང་གི་ས་ལ་རེག་པར་འགྱུར་བ་ལགས། དཔལ་རིག་པ་འཛིན་པས་སྤེལ་བ་སརྦ་མངྒ་ལཾ།

ཨོཾ་སྭཱསྟི། རྣམ་འདྲེན་རྒྱལ་བའི་འཕྲིན་ལས་ཤིང་རྟ་གང་། །མ་སྨད་གྱེན་དུ་འདྲེན་པའི་སྙིང་སྟོབས་ཅན། །དམ་པ་མགོན་གྱི་བྱིན་བརླབས་མིའི་ཁྱུ་མཆོག །རཏྣའི་རིག་འཛི་བསམ་འཕེལ་མཆོག་དེ་ལ། །ཐོས་མང་རྣམ་དག་ཡན་ལག་བརྒྱད་ལྡན་རྫིང་། །བསམ་པ་རྣམ་དག་གདེང་ཀ་བདུན་པའི་བདག །དོན་བསྒོམ་རྣམ་དག་ནོར་བུ་ཕུད་བུ་ཅན། །ལྷག་བསམ་རྣམ་དག་ཀླུ་དབང་དེའི་ཞུ་མཆིད། །དེང་དུས་བོད་ཆེན་ནོར་འཛིན་ལྟོ་བ་རུ། །ཚོགས་གཉིས་ཡོངས་རྫོགས་གསེར་གྱི་ཁྱེའུ་ཡི། །དོ་ཟླར་གྱུར་པ་སྙིགས་དུས་འགྲོ་བའི་མགོན། །ཡབ་སྲས་འཕྲིན་ལས་འཕེལ་གནས་བདག་ཡིད་ཚིམ། །གང་གི་མདུན་ན་འདོན་གྱུར་དམ་པ་ཉིད། །འཚོ་གཞེས་དྭངས་ཤིང་དགེ་བའི་བགྱིད་འོས་རྣམས། །ནམ་ཡང་མ་ཉམས་ལེགས་བྱས་རིན་ཆེན་མཛོད། །དུ་མ་རྒྱས་ཤིང་བཞུགས་པར་རྗེས་ཡི་རངས། །བདག་ཀྱང་རྒྱལ་དབང་པདྨའི་ཐུགས་རྗེའི་མཐུའི། །རིས་མེད་རྒྱལ་བསྟན་རིན་ཆེན་གདུགས་དཀར་པོ། །རྒུད་མེད་གྱེན་དུ་འདེགས་པའི་སྙིང་སྟོབས་ཀྱི། །གསེར་གྱི་ཡུ་བ་མངོན་པར་བརྗོད་དེ་གནས། །འོན་ཀྱང་ད་ནི་ན་ཚོད་ཀྱིས་གཏུགས་ཤིང་། །ལུས་རྒས་སེམས་ཞུམ་འཚོ་བ་ཡང་དམན་པས། །དབེན་པའི་ནགས་ཚལ་ཞིག་ཏུ་གྱི་ན་རུ། །འཇུག་པ་སྙིང་ནས་སྨོན་བཞིན་ངང་དུ་མཆིས། །ད་ནི་དུས་ངན་སྙིགས་མའི་མཐར་ཐུག་པས། །མི་བདེ་དུ་མའི་འཕྲེང་བས་བོད་ཡུལ་འདི། །མནར་བར་དོགས་ཡོད་སྔ་ཕྱི་གནས་ཚུལ་ཀུན། །ཁོང་དུ་ཆུད་བཞིན་སྙིང་ནས་སྐྱོ་བ་སྐྱེ། །དེས་ན་མགོན་དང་སྐྱབས་མེད་འགྲོ་བའི་དོན། །ས་གནས་སེམས་དཔའ་ཡབ་སྲས་དམ་པ་རྣམས། །སྐུ་ཚེ་བརྟན་ཅིང་བསྟན་པ་འཕེལ་རྒྱས་ནས། །བདག་གི་འབད་པས་བགྱིས་ཀུན་དོན་ལྡན་ཤོག །ཉིད་ཀྱང་དམ་པའི་དོན་ལ་སྨན་སླད་དུ། །བྱང་ཆུབ་སྤྲུལ་དབྱིངས་ཏྲམ་མཚན་འོད་ཟེར་མདངས། །ལྷ་ཕྲན་འཕོས་པའི་སྤྱི་བོར་བཞུས་པའི་མཐུའི། །སྨོན་ལམ་འཕེན་པས་རང་བཞིན་བཟང་པོར་ངེས། །དེས་ན་སྟོན་འཁོར་ཚོམ་བུ་གཅིག་པ་རུ། །བཟང་པོའི་རྟེན་འབྲེལ་གྱིས་བསྡུས་ཡང་ནས་ཡང་། །དགེ་ལེགས་རྒྱས་པའི་དགའ་སྟོན་དམ་པ་ལ། །བར་ཆད་མེད་པར་རྟག་ཏུ་སྤྱོད་ཀྱང་སྨོན། །བདག་གི་སྒོ་གསུམ་འབད་པ་དྲག་པོ་ཡི། །རིང་མོ་ཉིད་ནས་བགྱིས་པའི་དགེ་འདིས་ཀྱང་། །ངེས་དོན་བསྟན་འཛིན་རྒྱལ་བ་ཡབ་སྲས་ཀྱི། །བཞེད་དགུ་ཆོས་བཞིན་གེགས་མེད་འགྲུབ་པར་ཤོག །ཞེས་པ་ཡང་རིག་པ་འཛིན་པ་རྒྱལ་ཁམས་པས་ས་ལ་སྤྱོད་པའི་འོག་མིན་མཚུར་གྱི་གནྡྷོ་ལ་ནས་ཟླ་ཚེས་བཟང་པོ་ལ་སྤེལ་བའི་ལི་ཁི་ཏཾ། སརྦ་མངྒ་ལཾ།

ཨོཾ་སྭཱསྟི། ཀུན་གཟིགས་འདྲེན་པ་ཡོངས་ཀྱི་སྤྱི་དཔལ་མཆོག །ལག་ན་པདྨོའི་རྣམ་སྤྲུལ་འགྲོ་བའི་མགོན། །རྗེ་བཙུན་སྤྲིན་སྒྲ་ཅན་གྱི་བྱིན་རླབས་མཐུས། །ངག་གི་དབང་ཕྱུག་ཐོབ་ཁྱེད་རྟག་ཏུ་རྒྱལ། ། ༡ སྐྱེ་ཐོབ་ཤེས་རབ་ཞིང་ས་པདྨོའི་ཚལ། །སྦྱངས་སྟོབས་རྣམ་དཔྱོད་སཱ་ལུ་སྦྲང་རྩིའི་བཅུད། །བློ་ལྡན་སྐྱེ་རྒུ་བུང་བའི་ཡིད་ཀྱི་གསོས། །མཁས་པའི་རྣམ་པར་ཐར་ལ་བདག་ཡི་རང་། །འཇིག་རྟེན་དབང་ཕྱུག་གཞོན་ནུར་གྱུར་པའི་ཚུལ། །གང་གི་གནས་སུ་ཉེ་བར་བསྙེན་པ་འདི། །དགེ་ལེགས་བྱ་བ་རིང་ནས་གོམས་པ་ཡིས། །སྨོན་ལམ་བཟང་པོའི་མཐུ་ལས་གཞན་ཅི་ཞིག །དམ་པའི་རྣམ་ཐར་དད་པའི་གཙུག་ངལ་ལས། །སྔོན་གོམས་མོས་གུས་སྟོབས་རྒྱས་མ་བརྒྱ་བའི། །སྙན་ཚིག་སྐྱ་རེངས་ཀུན་བཟང་གསེར་འཁོར་ལོ། །ཕུན་ཚོགས་མཆོད་སྤྲིན་བཙས་སུ་འཁྱིལ་འདི་རྨད། །མོས་དང་དགེ་གྱུར་གསེར་གྱི་ས་གཞི་ལས། །རྟེན་འབྲེལ་ལེགས་བྱས་རྩ་འཐུང་སུམ་རྩེན་སྐྱེས། །སྨོན་ལམ་བཟང་པོའི་རང་བཞིན་དགེ་འབྲས་འབུམ། །རྒུད་མེད་ཚེ་རབས་རྟག་ཏུ་ཅིས་མི་རྒྱས། །འགྲོ་ཀུན་ལ་ཁྱབ་ཆོས་ཁམས་དགེ་བ་ཅན། །དྲི་མེད་སེམས་ཉིད་རིན་ཆེན་རྫོགས་སངས་རྒྱས། །དོན་གཉིས་ཕུན་ཚོགས་རྒྱ་མཚོའི་དཔལ་གྱུར་གང་། །རིང་མིན་ཡོངས་སུ་འགྲུབ་པའི་རྒྱུར་ཡང་སྨོན། །སྙན་སྙན་ཚངས་པའི་བུ་མོའི་མགྲིན་པའི་རྔ། །ལེགས་ལེགས་དགེ་བའི་ལོ་འདབ་རྒྱས་པའི་གསོས། །བཟང་བཟང་ཚེ་རབས་ཀུན་ཏུ་བཟང་པོའི་རྒྱུ། །གྲུབ་གྲུབ་ཕུན་ཚོགས་དཔལ་ཀུན་འདི་འགྲུབ་ཤོག །

ཅེས་རྗེ་བཙུན་འགྲོ་བའི་མགོན་པོ་ཀུན་མཁྱེན་འབྲུག་པ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་གང་གི་གནས་ཀྱི་སློབ་དཔོན་བསླབ་གསུམ་ཡོན་ཏན་དུ་མས་ཕྱུག་པའི་མཁས་པ་ཆེན་པོ་རིན་ཆེན་རྒྱ་མཚོ་གང་གི་དངས་བའི་ཐུགས་ཀྱི་ཆེད་དུ་བསྔགས་པའི་ཡུན་དུ་འཚོ་བའི་ཤིས་བརྗོད་སྙན་ཚིག་ཀུན་ཏུ་བཟང་པོའི་འཁོར་ལོ་ངོ་མཚར་ཕུལ་དུ་བྱུང་བའི་རེ་ཁ་ཅན་རྟེན་འབྲེལ་བཟང་པོའི་སྐྱེས་སུ་གནང་བར་ཆེད་དུ་བརྗོད་པ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སོ། །སརྦ་མངྒ་ལཾ།

རྣམ་དཔྱོད་ནམ་མཁའ་ལས་འོང་སྙན་པའི་ཚིག །བྱ་ཀ་ཀུན་བཟང་འཁོར་ལོ་རྩིབས་བརྒྱ་པ། །དགེ་མཚན་དུ་མའི་ངོ་མཚར་འཕྲོ་བ་འདི། །ལེགས་པར་བརྟག་ཞིང་ངོ་མཚར་ཡུལ་དུ་གྱུར། །ཚུལ་དེ་ལེགས་བྱས་དཔལ་དུ་ཆེའོ་ཞེས། །སྐྱེས་ལེན་མཚོན་བྱེད་བསླད་མེད་ས་ལེ་སྦྲམ། །ངང་པའི་བུ་མོའི་ཁ་དོག་འཕྲོག་པ་ཡིས། །རེག་བྱས་འཁྱུད་དེ་སོང་བ་བྷ་ཝནྟུ། །

སྭཱསྟི། མགོན་པོ་ཉིད་ལས་ལེགས་འོང་བདུད་རྩིའི་རྒྱུན། །གྲུབ་པའི་ཉིང་ཁུ་ཕྱག་ཆེན་གའུ་ཞེས། །སྙན་པར་གྲགས་པ་དེ་ཡི་འཛིན་མའི་ཁྱོན། །ཀུན་ཏུ་རྒྱ་ཆེ་རྒྱུན་མི་ཆད་པ་དང་། །དེ་བཞིན་དང་པོའི་སངས་རྒྱས་མཁའ་ལྡིང་དབང་། །སྣ་ཚོགས་སྐུ་ཅན་གང་གི་ཞལ་མཇལ་ཞིང་། །གསུང་ཐོས་ཐུགས་ཀྱི་དགོངས་པ་གཉིས་མེད་འགྲུབ། །རབ་འབྱམས་ལས་རྣམས་ཐོགས་པ་མེད་པ་རུ། །བདག་གིས་འགྲུབ་པར་མགོན་པོ་ཁྱོད་ཉིད་ཀྱི། །སྨོན་ལམ་གདབ་པར་འོས་ཞེས་ཡང་ནས་ཡང་། །གསོལ་བ་འདེབས་པར་ལགས་ན་དེ་དོན་ལྟར། །རྟག་ཏུ་དགོངས་པའི་དབྱིངས་སུ་འཇུག་ཀྱང་ཞུ། །དེ་སྐད་རྒྱ་བོད་ཡུལ་དབུས་སྦས་པའི་གནས། །པདྨ་བཀོད་ཀྱི་ནུབ་བྱང་ས་ཡི་མཐིལ། །རྟག་བརྟན་རིན་ཆེན་སྤུངས་པའི་གཙུག་ལག་ནས། །ཀཿཐོག་སྤྲུལ་སྐུ་ཞེས་བྱས་ཕུལ་བ་ཡིན། །སརྦ་མངྒ་ལཾ།

༈ རྒྱ་ནག་ཏུ་གུང་མགོན་པོ་སྐྱབས་ལ་དྲི་བ་མཛད་པ།

ཨོཾ་སྭཱསྟི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

རྒྱལ་རིགས་སྐུ་འཁྲུངས་ཤེས་རབ་གཟིགས་པ་ཡངས། །རྒྱལ་བའི་བསྟན་ལ་ལྷག་བསམ་མཆོག་བརྙེས་པ། །ཁྱིམ་བདག་བྱང་ཆུབ་སེམས་དཔའ་པཎྜི་ཏ། །དམ་པའི་རྣམ་ཐར་འཆང་བ་གང་དེ་ལ། །རང་གཞན་གྲུབ་མཐའ་རྒྱ་མཚོར་ཞུགས་ལ་ཞུམ་མེད་བློ་གྲོས་ཀྱི། །གྲུ་རྫིང་ཐོབ་རློམ་གངས་རིའི་ཁྲོད་སྐྱེས་དཔལ་ལྡན་རིག་པ་འཛིན། །དེ་ཡི་ཕྱོགས་འདིར་སྔོན་ཆད་མ་མྱོང་གསར་དུ་ལེགས་བཤད་གཏམ། །ཇི་སྙེད་ཐོབ་པར་འདོད་ནས་དྲི་བ་འདི་ལ་དོན་ལྡན་མཛོད། །དེ་ཡང་གཙུག་ལག་མཁྱེན་པའི་སྤྱན་རས་མཆོག་ཏུ་ཡངས་བ་གུ་ཡི་གུང་ཆེན་པོར་གྱུར་པ་ལ་ཆེད་དུ་གསོལ་འོས། རྒྱ་ནག་ཆོས་འབྱུང་དུ་ཊེའུ་ཡིས་རྒྱལ་རབས་བཞི་པའི་སྐབས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་སྐུ་བལྟམས་པར་བཞེད་བཞིན། འོད་སྲུངས་སོགས་སངས་རྒྱས་སྔ་མ་རྣམས་ཀྱི་སྐབས་སུ་རྒྱ་ནག་གི་རྒྱལ་ཐབས་ལ་རྒྱལ་པོ་འདི་ཡོད་ཀྱི་མཚན་གསལ་ཡོད་དམ་མེད། རྒྱ་ནག་ཏུ་དམ་པའི་ཆོས་ཧན་མིང་ཏིས་སྐབས་སུ་བྱུང་བར་གྲགས་ཤིང་། དེ་ཚེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་ལྷག་ཙམ་ལོན་ཞེས་གྲགས་པ་དང་། བོད་ཀྱི་རྒྱལ་རབས་ཡིག་ཚང་རྙིང་པར་རྒྱ་ནག་ཏུ་ཆོས་བྱུང་ནས་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ལོ་སྟོང་ལོན་ཞེས་བརྗོད་པ་དང་། རྒྱ་གར་གྱི་ཆོས་འབྱུང་ཁུངས་མ་ཁ་ཅིག་ཏུ་སངས་རྒྱས་ཀྱི་གཏད་རབས་བདུན་པ་དགྲ་བཅོམ་པ་ལེགས་མཐོང་གིས་རྒྱ་ཡུལ་ཆེན་པོར་དམ་ཆོས་ཀྱི་ས་བོན་གཞག་ཞེས་གསུང་བ་སོགས་འགྲིགས་དཀའ་བར་སྣང་ཡང་། གསུང་རབ་རྣམས་སུ་རྒྱ་ཡུལ་དང་རྒྱ་ཡུལ་ཆེན་པོ་གཉསི་ཡང་ནས་ཡང་དུ་གསུང་བར་སྔོན་གྱི་མཁས་པ་ཆེན་པོ་རྣམས་རྒྱ་ཡུལ་ནི་སྨན་རྩེའི་རྒྱལ་ཁམས་དང་། རྒྱ་ཡུལ་ཆེན་པོ་ནི་དེའི་བྱང་ཕྱོགས་སུ་ཡོད་པར་གསུངས་ན། རྒྱ་ནག་རང་དུ་དེའི་ངོས་འཛིན་ཅི་ལྟར་འཚལ་དང་། ལི་ཡུལ་འདི་ཡང་ངོས་འཛིན་ཚུལ་མི་གཅིག་པ་མང་བ་ཡི་དེ་ནས་མཛད་པའི་ཆོས་འབྱུང་དུ་ལི་ཡུལ་ལྗང་དུ་ངོས་བཟུང་བ་ནི་བོད་སྔགས་རྙིང་པའི་གཞུང་ལོ་རྒྱུས་རྣམ་དག་རྣམས་སུ་ལི་ཡུལ་ལྕང་ར་སྨུག་པོ་སོགས་ཀྱི་ཁུངས་དང་འབྲེལ་ཞིང་འཐད་པར་སྣང་ཡང་།

རྒྱལ་པོ་ས་ནུའི་བདག་བྱེད་པའི་ཡུལ་དྲུག་དུས་སྦྱོར་སྐབས་ནི་ལི་ཡུལ་ནི་བོད་ཡུལ་གྱི་བྱང་ཕྱོགས་སུ་ཡོད་དགོས་པར་སྣང་བས་མཁས་པ་རིག་རལ་སོགས་སྔ་རབས་དང་། ཕྱིས་འབྱུང་ཁ་ཅིག་གིས་ཀྱང་ས་ནུ་བྱུང་བའི་ཡུལ་ཟི་ལིང་གི་བྱང་ཕྱོགས་ཆར་ཡོད་པར་བརྗོད་ན། དེ་ཡང་བདེན་མིན་དང་། ཡུལ་དྲུག་ལི་ཡུལ་གྱི་ངོས་འཛིན་རྒྱ་ནག་ཏུ་ཇི་ལྟར་བཞེད་ཕེབས་གསལ་དང་། ༢ ལོ་འདིར་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་ལོ་མི་འདྲ་བ་མང་ཞིང་། རྒྱ་ནག་ཆོས་འབྱུང་དུ་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་ཚུལ་ཙམ་གསུང་ནས་གཙོ་བོ་བསམ་གཏན་མཁན་རྣམས་ཀྱི་འདོད་པ་དེ་བཞིན་གཤེགས་པ་ཤིང་སྟག་ལ་འཁྲུངས་ནས་དོན་དགུ་ཆུ་སྤྲེལ་ལ་གཤེགས་པར་མཛད་པ་ནི་ཚལ་པའི་ཡིག་རྙིང་བསླད་མེད་ཞིག་དང་ཤིན་ཏུ་མཐུན་ཞིང་། དེ་ནས་ད་ལྟའི་བར་ལོ་ཅི་ཙམ་སོང་། ཆོས་འབྱུང་རྒྱལ་རབས་ཀྱི་ལོ་ནས་ཙམ་བདག་གི་རགས་རྩིས་སུ་བགྲང་བས་ཉིས་སྟོང་བཞི་བརྒྱ་ལྔ་བཅུ་ང་ལྔ་ཙམ་རབ་ཉིའི་མཐར་མེ་སྟག་ཡན་ལ་སོང་འདྲ་སྙམ་ཡང་། ད་ལམ་དེ་ནས་ལོ་རྩིས་ངེས་གསལ་ཞིག་ཕེབས་གསལ་དང་།

༣ ལྷག་ཏུ་རྒྱ་ནག་རྒྱལ་རབས་ཡིག་ཚང་དུ་ཐང་ཆེ་དང་བོད་རྒྱལ་དུས་མཚུངས་རྣམས་ཀྱི་གཤེགས་འཁྲུང་གི་ལོ་ངེས་གསལ་ཡོད་འདུག་པ་གནམ་རི་སྲོང་བཙན་ནས་ཁྲི་རལ་གྱི་བར་འཁྲུངས་གཤེགས་ཀྱི་ལོ་ཚིགས་ཞིག་ཅི་ནས་ཀྱང་གལ་ཆེ་བར་སྣང་བས་ཕེབས་གསལ་དང་། འཕྲུལ་སྣང་གི་རྡོ་རིང་ལ་རྒྱ་བཟའ་ཀོང་ཇོ་སྔ་མ་ཅང་ཀོན་གྱི་ལོ་ལ་བོད་དུ་བྱོན་པ་དང་། ཕྱི་མ་ཀེང་ལུང་གི་ལོ་ལ་བོད་དུ་བྱོན་པར་བྲིས་འདུག་ན་ལོ་མིང་དེ་གཉིས་སྔ་སོར་སི་ཏུ་རིན་པོ་ཆེས་ཉིད་ལ་དྲི་བ་མཛད་པའི་ལན་དུ་རྒྱལ་པོ་སོ་སོའི་སྲིད་མིང་ཡིན་ཞེས་ངེས་ཤེས་རྙེད་པ་གནང་འདུག་ཀྱང་ཀོང་ཇོ་སྔ་ཕྱི་བོད་དུ་ཕེབས་པའི་ལོ་མིང་འབྱུང་ཁམས་ཞིབ་མོར་བྱས་པ་ཞིག་ཅི་ནས་ཀྱང་གལ་ཆེ་བར་སྣང་བས་ཕེབས་གསལ་དང་། ༤ བོད་ཀྱི་ཡིག་ཚང་ཚལ་བའི་དེབ་གཏེར་ཁྲ་བོ་སོགས་སུ་མེ་ཉག་ངུ་རྒུའི་བརྒྱུད་ཀྱི་རྒྱ་ནག་གི་རྒྱལ་སྲིད་བྱས་པར་བརྗོད་ཀྱང་རྒྱང་རྩེ་བདག་པོའི་དེབ་ཐེར་དང་། ལྷག་ཏུ་དེ་ནས་མཛད་པའི་རྒྱ་ནག་ཆོས་འབྱུང་དུ་མི་ཉག་རྒྱལ་པོས་རྒྱ་ནག་གི་རྒྱལ་ཐབས་བྱས་པར་མ་གསུངས་པས་དེ་ཡང་ཅི་ལྟར་གྱིས་ཕེབས་གསལ་དང་། ༥ ཡང་སྐར་རྩིས་ཀྱི་དུས་སྦྱོར་རྣམས་ལ་ཤིན་ཏུ་གལ་ཆེ་བ་ཐུབ་ཤིང་གི་གྲིབ་མ་འཕགས་ཡུལ་དབུས་ཀཱ་ཤི་ནས་འབིགས་བྱེད་ཀྱི་ལྷོ་ཏྲི་ལིང་ག་ཡི་བར་བྱང་བགྲོད་མཐར་ཐུག་སྐབས་གྲིབ་མ་རྩ་བ་ནས་དག་པ་དང་། བལ་པོར་གྲིབ་མ་ཁབ་སྦོམ་ཙམ་དང་། བོད་ཡུལ་ལ་སྟོད་དུ་ལྔ་ཆ་དང་། བོད་ཡུལ་དབུས་སུ་བཞི་ཆ་ལྷག་ཙམ་གྲིབ་ཚད་དུ་སྣང་ཞིང་། ཕོ་བྲང་ཆེན་པོ་སི་ཀིང་དུ། གྲིབ་མའི་ཚད་ཅི་ཙམ་འགྱུར་ཞུ་བར་འདོད་ཅིང་། ལྷག་ཏུ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཀྱི་རི་ཝརྡྷ་དང་། དེ་དང་ཉེ་བ་རི་པོ་ཊ་ལ་ཡོད་པར་གྲགས་ཀྱང་རྒྱ་ནག་ཆོས་གཞུང་དུ། རྒྱ་ནག་གི་ཡུལ་དབུས་སུ་ཐུབ་ཤིང་གྲིབ་མ་དག་པར་གསུང་འདུག་པས། དེ་ཚེ་རྡོ་རྗེ་གདན་དང་ཤར་ནུབ་དགོས་བྱུང་བས་ཡུལ་དེ་གང་གི་ཕྱོགས་སུ་ཡོད་ཕེབས་གསལ་ངེས་ཅན་དང་། ༦ ཉི་ལྡོག་ཡང་མཁས་མཆོག་བུ་སྟོན་ཞབས་སོགས་དམ་པ་མང་པོས་སྔ་རུང་འགྲོ་བར་གསུངས་ཤིང་། ཡིད་བཟང་རྩེ་དང་། ལྷག་ཏུ་ཕུག་པས་ཉི་ལྡོག་སྔ་བར་མི་འདོད་པ་སྟེ་བོད་འདིར་རྩིས་མཁན་རྣམས་ཀྱི་དཔྱད་གཞི་ཤིན་ཏུ་ཆེ་བ་གཉིས་བྱུང་ན། རྒྱ་ནག་གི་གཙུག་ལག་ཏུ་ཉི་ལྡོག་སྔ་བར་བཞེད་དམ་མི་བཞེད་ཀྱི་ཕེབས་གསལ་ངེས་ཅན་ཅི་ནས་ཀྱང་ཞུ་བར་འདོད་ལ།

༧ ཡང་བོད་འདིར་ལོ་མགོ་སྟག་ཟླ་ངོས་འཛིན་ཚུལ་མི་གཅིག་པ་གསུམ་འབྱུང་ལ། ཁྲི་སྲོང་ཡབ་སྲས་ཀྱི་སྐབས་སུ་ལོ་མགོ་རྒྱལ་ཟླ་སྟག་ཏུ་འདོད་ཞེས་དང་། བདག་ཉིད་ཆེན་པོ་ས་སྐྱ་པ་དང་། ཧོར་རྒྱལ་མཆོད་ཡོན་ཏུ་གྱུར་པའི་སྐབས་མཆུ་ཟླ་ལོ་མགོར་མཛད་དེ། དེ་སྟག་ཟླར་བཞེད་པ་ཡིན་ཞེས་དང་། ཧོར་གྱི་རྒྱལ་པོས་པན་རྙེད་པའི་ཟླ་བ་ཡིན་པས་ལོ་མགོར་བཞེད་པ་ཡིན་ཞེས་སྒྲོགས་ཚུལ་གཉིས་དང་། ཕུག་ཁྱུང་རྗེས་འབྲང་སོགས་མང་ཞིག་ནི་མགོ་ཟླ་སྟག་ཏུ་འཛིན་ཡང་འཕགས་ཡུལ་དུ་སྟག་ཟླའི་ཐ་སྙད་མེད་པར་སྒྲོད་པ་རེ་ལོར་རྩི་སྐབས་ཉི་ལྡོག་ནས་བརྩམ་མོད་ཀྱང་སྟག་ཟླ་ཡིན་མིན་དཔྱད་གཞི་ཤིན་ཏུ་ཆེ་བ་ཡིས་རྒྱ་ནག་ཏུ་དཔེ་འཁྱུད་མེད་པར་སྟག་ཟླ་དངོས་གང་ལ་ངོས་འཛིན་ཀུན་རྫོབ་རྟེན་འབྲེལ་རྩིས་ལ་ཡིད་བརྟོན་པ་རྣམས་ལ་སྨན་པའི་སླད་དུ་ཕེབས་གསལ་དང་། ༨ བོད་རྣམས་ལོ་གསར་ཚེས་གཅིག་སྟག་གི་ཉི་མར་འདོད་ཀྱང་། རྒྱ་ནག་རི་ཐུ་ཤེས་པ་རྣམས་ལ་དྲིས་ཚེ། དེ་ཡང་མ་ངེས་པར་སྣང་ཚེ་དེས་ན་ཟླ་བ་དང་ཞག་གི་ཕོ་མོའི་དབང་ཐང་ཅི་ལྟར་བསྡེབ་དང་། ལོ་ལ་རྨེ་བ་དབུས་ཞུགས་སུག་སྟོན་དང་ཁྱུང་ནག་ཀོང་སྟོན་པ་གསུམ་འདོད་ཚུལ་མི་འདྲ་ཐ་དད་དུ་བྱུང་བ། ད་ལྟ་རྒྱ་ནག་རང་གི་ལུག་ལོ་རྨེ་དབུས་ཞུགས་གང་ལ་ངོས་འཛིན་སོགས་ནག་རྩིས་ཀྱི་སྐོར་ཚེགས་ཆུང་དོན་ཆེའི་གནས་ཅི་རིགས་ལྷུག་པར་ཞུ་འདོད་དང་། ༩ ཉི་མ་བྱང་བགྲོད་མཐར་ཐུག་སྐབས་ཁེང་ཆེའི་ཡུལ་དུ་མཚན་མོ་ཇ་ཡུན་ལས་མི་འབྱུང་བ། བོད་འདིར་སྔར་ནས་དེ་ལྟའི་གཏམ་ཅི་རིགས་བྱུང་འདུག་ཀྱང་བཏང་སྙོམས་སུ་བྱས་རུང་ཉིད་ནས་ཆོས་འབྱུང་དུ་བཀོད་སྣང་བས། དེ་ཕྱིན་ཚད་མར་གྲུབ་པ་ཡི་ཡུལ་དེ་ཕོ་བྲང་ཆེན་པོ་སི་གིང་ཕྱོགས་གང་དུ་ཡོད་ཀྱང་དཔག་ཚད་ཅི་ཙམ་ལ་མཆིས།

ད་ལྟ་རྒྱལ་པོ་གང་གི་མངའ་འོག་ལ་གནས། ཁིང་ཆ་ཕན་ཆད་དུ་མཚན་མོའི་ཡུན། དེ་དང་ཆ་འདྲ་བ་ཡོད་དམ་དེ་ལས་རིང་ཐུང་གཞན་ཡོད་ཀྱི་ཕེབས་གསལ་ཡང་བཀའ་དྲིན་ཆེ་བ་ཞུ་རྒྱུ་དང་། ༡༠ དོན་ཡོད་ལྕགས་ཀྱུའི་གཟུངས་སོགས་གཞུང་ཚད་མ་རྣམས་ལ་དཔག་ན་ཆུ་བོ་ཤི་ཏ་ཡང་རྒྱ་ནག་གི་ཡུལ་མཐར་ཐུག་པ་ཨོ་རོ་སུ་དང་མཚམས་སམ་དེ་བརྒལ་བའི་ཕ་རོལ་ཙམ་དུ་འབབ་དགོས་པར་སྣང་ན་དེར་ཆུ་བོ་ཆེན་པོ་ཤི་ཏའི་ངོས་འཛིན་ཅན་ཡོད་དམ་མེད། ལར་བྱང་ཕྱོགས་ཀྱི་བརྒྱུད་དུ་ཤམ་བྷ་ལ་ཡོད་པར་ཡུལ་ཕྱོགས་དེ་ཡི་སྐྱེ་བོ་དྲ་མ་རྣམས་ལ་ཡོངས་སུ་གྲགས་པ་ཞིག་ཡོད་དམ་མེད། ཡོངས་སུ་གྲགས་པ་ཡོད་ཚེ་ཡུལ་ཕྱོགས་དེར་ཙི་ནའི་སྐྱེ་བོ་བརྩོན་འགྲུས་ཅན་གྱི་སྔར་ཤམྦྷ་ལར་བགྲོད་པ་བྱུང་ངམ་མ་བྱུང་གི་ཕེབས་གསལ་ཞིག་ཀྱང་ཞུ་བར་སྤྲོ་ཞིང་། ༡༡ དེ་བཞིན་རྒྱ་ནག་གི་བསམ་གཏན་མཁན་ཙུང་མེན་གྱི་གྲུབ་མཐའ་འདི་ནི་བོད་རྣམས་ཀྱི་སྣ་ཚོགས་གླེང་ཡང་གནུབ་ཀྱི་བསམ་གཏན་མིག་དང་མདོ་བརྒྱད་ཅུའི་ལུང་ཁུངས་སོགས་ལ་དཔག་ན་ཐེག་ཆེན་གྱི་ལྟ་བ་རྣམ་པར་དག་པ་དང་། བོད་དུ་ཡང་ཨ་རོའི་མན་ངག་ལ་རྒྱ་གར་སྤྲུལ་སྐུ་བདུན་བརྒྱུད་དང་རྒྱ་ནག་ཧྭ་ཤང་བདུན་བརྒྱུད་ཀྱི་མན་ངག་འདུས་པར་སྔར་གྱི་ཡིག་རྙིང་ཁུངས་ཐུབ་རྣམས་ལ་འབྱུང་ཡང་། དུས་ཕྱིས་བོད་པ་སྤྱི་ཡི་ཅལ་སྒྲོགས་ལ་བརྟེན། ལོ་རྒྱུས་དེ་རྣམས་བསྒྲོས་མེད་དུ་སོང་འདུག་རུང་། རང་གི་ནི་རྣམ་པར་དག་པའི་ལམ་དུ་བྱིས་པའི་སྐབས་ནས་རྟོགས་ཤིང་། ཉིད་ནས་རྒྱ་ནག་ཆོས་འབྱུང་དུ་ཞིབ་མོར་ཕྱེས་འདུག་པ་དེས་ནི་འགྲོ་བ་མང་པོ་ཆོས་སྤང་ལས་ལྡོག་པའི་དགོས་པ་བསམ་གྱིས་མི་ཁྱབ་པར་མཐོང་བས་རྗེས་སུ་ཡི་རང་བས། དེས་ན་ད་ལམ་རྒྱ་ནག་བསམ་གཏན་མཁན་གྱི་བླ་རབས་ཧོལ་ཁང་མེད་པ་ཞིག་ཅི་ནས་ཀྱང་གནང་བར་ཞུ་ལགས། ༡༢ ཡང་བོད་རྣམས་ཀྱི་རྩ་བ་སློབ་དཔོན་དབྱིག་གཉེན་གྱི་གཞུང་ལ་བརྟེན་ཚེ་རིང་ལྗོང་དྲུག་ཏུ་འདོད་པའི་ཁུངས་རྒྱ་ནག་ནས་བྱུང་བ་ཡིན་འདུག་གཤིས། དེའི་ལོ་རྒྱུས་རྒྱས་པ་ཅི་ལྟར་བདོག་གི་ཕེབས་གསལ་ཡང་རྟེན་འབྲེལ་བཟང་པོའི་ཆེད་དུ་ཞུ་བ་ལ་ཅིར་གནང་། ༡༣ གཞན་ཡང་ཤར་ཕྱོགས་ཀྱི་ལྗོངས་ཀྱི་དམ་པའི་ཆོས་ཚུལ་གྱི་ལོ་རྒྱུས་དང་། གཙུག་ལག་གི་གནས་ལ་དོགས་གཅོད་ཞུ་བར་འོས་པ་ཇི་སྙེད་མཆིས་ཀྱང་མཐའ་དག་འདིར་ཞུ་བར་མ་ལོང་ཀྱང་རང་ལ་ཉེ་བར་མཁོ་བ་ཁ་ཤས་གསོལ་བ་ཆོས་དབྱིངས་ཟབ་མོའི་ཀླུང་དུ་འཇུག་པ་ནས་ཕེབས་འོས་སོ་སོར་གསལ་སྣང་བཀའ་དྲིན་ཆེན་པོས་ཁྱབ་པ་ཞུ་རྒྱུ་དང་།

རྒྱ་ནག་ཆོས་འབྱུང་དུ་རི་བོ་རྩེ་ལྔ་ཡི་ལོ་རྒྱུས་དཀར་ཆག་ཞིག་ཀྱང་དེ་ནས་མཛད་ཡོད་པར་ཁ་འཕང་འདུག་པས་སྔར་དངོས་སུ་མ་མཇལ་བས་དེ་ཡང་ཐུགས་སྟབས་བདེ་ཚེ་གནང་ཆ་དང་། བོད་པ་རྣམས་རྒྱ་ནག་གླང་ཆེན་འགྱིང་རི་མཇལ་འགྲོ་བ་ཆེས་མང་ཡང་། དེའི་ལོ་རྒྱུས་ཀྱི་རིགས་གཏ་ནས་བོད་དུ་མ་འགྱུར་སྟབས། དེའི་ལོ་རྒྱུས་ཞིག་འགྲོ་བ་མང་པོའི་དགེ་བའི་རྩ་བ་འཕེལ་བའི་སླད་དུ་གནང་ཐུབ་ན་སྙམ་པ་ཡང་ཆོས་དབྱིངས་ཟབ་མོའི་ཀློང་དུ་བསྟི་བའི་ཕེབས་ཚོགས་ཀྱང་ཞུ་ཞུ་ཞུ། དེ་སྐད་གནམ་བསྐོས་རྒྱལ་པོའི་ཁབ་ན་གནས་པ་སློབ་གྲྭའི་དཔོན། ཆེན་པོ་ཧོར་གྱི་གདུང་ལ་སྐད་རིགས་བཞི་སྨྲ་འཇིག་རྟེན་མིག །དེའི་རྣམ་དཔྱོད་རྔ་ལ་ཉེར་མཁོ་འདྲི་ཚིག་དབྱུ་གུ་འདིའི། །བསྐུལ་བས་ལེགས་བཤད་སྒྲ་དབྱངས་བཟང་པོ་སྒྲོགས་པར་གདོན་མི་ཟ། །དེ་འདྲ་ཕྲ་གནས་ཞིབ་དཔྱད་དམ་པའི་སྲོལ། །དོགས་གནས་ཆ་ཤས་སེལ་ཕྱིར་འདི་ལ་ཡང་། །དགེ་བའི་ཆ་ཤས་གྱུར་པ་ཇི་སྙེད་ཀུན། །སྐྱེ་མང་ཀུན་མཁྱེན་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་ཡང་དཔལ་རིག་པ་འཛིན་པས་སོ། །སརྦ་མངྒ་ལཾ།

ལགས། དོགས་གཅོད་ཞུ་འོས་ཡི་གེ་མ་མོར་མ་འཐུས་པ་ཡུལ་དེར་ཉི་མ་ལྷོ་བྱང་གི་བགྲོད་གཉིས་མཐར་ཐུག་པའི་སྐབས་ཉིན་མོའི་ཆུ་ཚོད་ཇི་ཙམ་དང་། མཚན་མོའི་ཆུ་ཚོད་ཅི་ཙམ་པའི་གྲངས་ངེས་གསལ་ཞིག་དང་། ཏཱ་མིང་གི་རྒྱལ་སྲིད་འཆོར་བའི་ལོ་དེ་བོད་དུ་ཤིང་སྤྲེལ་ལོར་ཡིན་ཞེས་རྒན་པོའི་རྣ་གཏམ་དུ་བརྗོད་ཀྱང་ཚད་འཛིན་དཀའ་གཤིས། དེས་ན་ཏཱ་མིང་གི་རྒྱལ་ས་འཕོས་ནས་ད་ལྟ་ལ་ཐུག་གི་བར་ལོ་གྲངས་ཅི་ཙམ་སོང་རྒྱལ་རབས་ལོ་རྒྱུས་ལ་མཁོ་གཤིས་ཞུ་འདོད་དང་། འཇམ་དཔལ་ཕྱག་སྟོང་གི་གཟུངས་རྒྱ་ནག་ཆོས་འབྱུང་གི་དཀར་ཆག་ཏུ་གསལ་བ་དེ་ཡིག་ཚོགས་མང་པོ་མེད་ཚེ་སྔར་བོད་དུ་མ་འགྱུར་སྟབས་བསྒྱུར་ནས་གནང་ལུགས་ཅི་ནས་ཀྱང་ཞུ། དགེ་ལེགས་སུ་གྱུར་ཅིག །རྟེན་སུ་ཝརྞ་སྲང་། ༡༣༥མཛོད་བཏགས་ཕྱག་མདུད་དམར་པོ་ཆེ་བ་བཅས།

༈ སྟག་ཚལ་བཀྲ་ཤིས་སྒང་དུ།

སྭཱསྟི། སྟག་ཚལ་བཀྲ་ཤིས་སྒང་དུ་སྔགས་འཆང་ཆོས་རྗེ་མེས་པོ་དཔལ་ལྡན་རྡོ་རྗེ་དེ་བདག་གི་སྐྱེ་བ་གསུམ་གྱི་ཡབ་ཡིན། ཚེ་འདིར་དབང་ཆོས་ཕར་སྤེལ་ཚུར་ཞུས་བཀའ་དྲིན་ཆེ་བ་ཡིན། དེ་ཡི་སྲས་རིག་འཛིན་དྲུང་ལ་ཡང་བདག་གི་ཆོས་འབྲེལ་ཞུས་འབྲེལ་ཆེ་སྣང་བ་དག་པ་ཡིན། སྔ་སོར་མེ་ཡོས་ལོར་ངེད་བལ་པོར་འགྲོ་སྐབས་མེས་པོའི་དྲུང་བདག་རང་གི་ཡབ་ཀྱི་སྐྱེ་བ་ཆོས་འབྲེལ་གྱི་བླ་མ་ཡིན་པ་དེར་དམིགས་རིག་འཛིན་དྲུང་རྟ་ཞིག་འབུལ་རྒྱུར་བྱས་པ་ཡིན་ཡང་སྟབས་འགྲིགས་མ་བྱུང་བ། ད་ཆ་རིག་འཛིན་དྲུང་སྐུ་གཤེགས་པ་ཡིན་འདུག་ཀྱང་། སྔར་འབུལ་རྒྱུའི་དམ་བཅའ་ཡོད་པས་ད་ལམ་རྟ་དམར་རྟིང་དཀར་སྤུས་གཙང་ངེས་ངེད་རང་གི་བཞོན་རྟའི་གྲས་རྒ་སྟན་སྲབ་གསུམ་བཅས་ལྷ་དར་ཐུར་མདའ་བཅས་ཏེ་སྐུ་གདུང་མདུན་དུ་ཕུལ་བ་འདི་བཞིན་པ་རྩིས་བཞེས་ནས་རྟ་འདི་ཡང་གྱད་ཆེན་ལ་རྟེན་འཛུགས་བྱས་པ་ཡིན་པས་མི་གཞན་ལ་མི་བཙོང་བ་སྦྱིན་པ་མི་རུང་བས་ནམ་ཤི་བར་ཐུགས་ཚགས་གནང་བ་ཞུ་ཞུ། བལ་ཊམ་བརྒྱད་བསྐུར་ཡོད་པ་ཡང་གཤེད་དམར་གྱི་ཚོགས་འཁོར་གྱད་ཆེན་གྱི་བསྐང་གསོ་གང་རྒྱས་ཞིག་ཞུ། ཞེས་རྟེན་ལྷ་གོས་བཅས་རིག་འཛིན་ཚེ་དབང་ནོར་བུས་སྤེལ་བའི་པཱ་ཏྲམ་སརྦ་མངྒ་ལཾ།

ཨོཾ་སྭཱསྟི། རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པར་གྱུར། །ཀླུ་སྒྲུབ་ཞབས་ཀྱི་མཐར་ཐུག་ངེས་དོན་གྱིས། །དགོངས་པ་དགོངས་གཅིག་ཟབ་མོ་རྡོ་རྗེའི་གསུངས། །སེང་གེའི་ང་རོ་སྒྲོགས་མཛད་འབྲི་གུང་པ། །གང་གི་རིང་ལུགས་དྲི་མ་མེད་པའི་སྲོལ། །མར་ཡུལ་ཕྱོགས་སུ་གནས་པ་གཡུང་དྲུང་དགོན། །འདུས་པའི་སྡེ་ལ་ཕན་བསླད་རྒྱལ་ཁམས་པ། །དཔལ་ལྡན་རིག་པ་འཛིན་པས་མར་ཡུལ་གྱི། །རྒྱལ་པོ་རྣམས་ལ་དགེ་བའི་གཏན་ཚིགས་སུ། །ཞུས་ནས་ཀུན་གྱི་དངས་ཤིང་དད་པ་ཡིས། །རང་རྟགས་ཕྱག་རྒྱའི་རི་མོ་བཀོད་པའི་ཚེ། །ཇི་སྲིད་བར་དུ་གནས་པར་གདོད་མི་ཟ། །ཞེས་པ་ཡང་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སོ། །

༈ དཔའ་བོ་རིན་པོ་ཆེ་ལ་བསྩལ་བ།

ཀློང་གསལ་མཁའ་འགྲོའི་སྙིང་ཐིག་གི་ལས་བྱང་རྩ་འཕྲེང་གི་བཟླས་པ་ནི་ཕྱི་ནང་གསང་བའི་སྔགས་སྤྱི་དྲིལ་དུ་ཡིན་འདུག་ལ། དེ་ཡང་ཨོཾ་ཨཱ༔ཧཱུྃ་གསུམ་ནི་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ་ཕྱི་དང་། ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཿཨེ་ཡཾ་རཾ་ཝཾ་ལཾ་བཅུ་ནི་བདེ་གཤེགས་རིགས་ལྔ་ཡབ་ཡུམ་བཅུ་སྟེ་ནང་གི་དང་། ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བཅུ་ནི་མཁའ་འགྲོ་ཡབ་ཡུམ་སྟེ་གསང་བའི་སྙིང་པོ་སྟེ། ཙིཏྟ་ཧྲིང་ཧྲིང་ཛ་ཛ་ནི་ལྷ་དབང་དུ་བསྡུས་ཤིང་ལས་ལ་གཅུན་པའི་སྔགས་སུ་མངོན། དེས་ན་འདི་སྤྱི་དྲིལ་གྱི་སྔགས་ཀྱི་དབང་དུ་ཅི་ལྟར་མཚམས་པ་ལས་དམིགས་གསལ་གྱི་གྲངས་བཟུང་མ་དགོས། ནང་སྒྲུབ་ཀྱི་སྙིང་པོ་འདི་ནི་མཁའ་འགྲོ་ཐོད་བརྒལ་དུ་བསྒྲུབ་པ་སྟེ་ཤིན་ཏུ་རྣོ་ཞིང་མྱུར་བར་བཞེད། དུས་རྒྱུན་ཆགས་སུ་བཟླས་པའི་གཙོ་བོ་ནི་ཡིག་འབྲུ་བཅོ་ལྔ་པ་སྟེ། ཨོཾ་ཨཱཿཧཱུྃ་ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཛ་ཧཱུྃ་ཞེས་དང་། ཡང་ན་ཨོཾ་ཨཱཿཧཱུྃ་ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿཞེས་ཀྱང་བཟླ་བ་སྟེ་དེ་གཉིས་རྒྱུན་བཟླས་ལ་ཁྱད་མེད་པས་གང་བདེ་གཙོ་བོར་བཟླ་བ་ལགས། ཁ་སང་དཔེ་མ་བཞུགས་པས་ཕྱག་ཏུ་འབུལ་མ་ཐུབ་ཞིང་ད་ལམ་ཁམས་ནས་བྱུང་བའི་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་གསང་བ་ཡེ་ཤེས་ཀྱི་སྐོར་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཐབས་ལས་བྱང་དང་བཅས་པ་ལས་མཐའ་དབང་སྒྲུབ་ཡབ་ཐུགས་རྗེ་ཆེན་པོའི་ཕྱི་བསྒྲུབ་དང་སྒྲུབ་ཐབས་གཉིས། ཀུན་གྱི་ཁ་བསྐང་གཏོར་མའི་ལས་རིམ།

རྟ་ཕག་ཡབ་ཡུམ་གྱི་གསང་བསྒྲུབ་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་རྩ་བསྒྲུབ་དང་འབྲེལ་བ་དེ་རྣམས་ཀྱི་ཁ་བསྐང་བསྐང་བ་ཁོ་བོས་བྱས་པ་རྣམས་ད་ལམ་ཕུལ་ཡོད་པ་ངེད་རང་ལ་དཔེ་ཆ་ཐོབ་ཡོད་གཤིས་རྟག་ཏུ་ཕྱག་དཔེར་མཛད་པ་དང་། སྨོན་ལམ་གཏད་རྒྱ་བྱས་ནས་ཕུལ་བ་ལགས་པས་ཉམས་བཞེས་ཡང་དག་པར་མཛད་པར་ཞུ། གཞན་སྙིང་ཐིག་ཡ་བཞིའི་སྐོར་ནི་བཀླགས་ལུང་ལས་བླ་མ་ཡང་ཐིག་གི་དབང་དང་ཁྲིད་ཐོབ་ཕྱིན་བི་མ་སྙིང་ཐིག་གི་དབང་ཁྲིད་ངེས་པར་ཐོབ། མཁའ་འགྲོ་ཡང་ཐིག་གི་དབང་ཁྲིད་ཐོབ་པས་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ཐོབ་པའི་གོ་ངེས་པར་ཆོད་པ་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་དང་ཕྱག་བཞེས་ལགས། འོན་ཀྱང་ལུང་རྒྱུན་ནི་ཐ་དད་དུ་ཞུ་བའི་སྲོལ་ཀ་བྱུང་འདུག་པ་ཡང་དགོངས་མཚོར་བསྟི་བ་ཞུ། སྙིགས་དུས་འདིར་ས་ཐ་ཉེ་བའི་བླ་མ་རྣམས་ལ་བཀའ་ཆོས་གསན་སྔ་ཡང་དམ་ཚིག་བསྲུང་ཤིན་ཏུ་དཀའ་གཤིས་ཆོས་ཐོས་པ་ལས་ཀྱང་དམ་ཚིག་གཙོ་བོ་དགོངས་མངའ་ལྟར་གྱི་སླད་ནས་བཀའ་ཆོས་གསན་བཞེས་བླ་མ་རྣམས་ལ་བརྟག་དཔྱད་ནན་ཏན་བྱེད་པ་ཤིན་ཏུ་གལ་ཆེ་བར་སྣང་། དེང་སང་དུས་ཀྱི་དབང་གི་ཆོས་འབྲེལ་རེ་ཞུ་ཟིན་རྗེས་བླ་མ་དེས་ཀྱང་སློབ་མའོ་ཞེས་ཆོས་བརྒྱད་ཀྱི་བརྒྱག་སྟེ་ཐུབ་ཐུབ་སོགས་སློབ་མ་ལ་རྟག་ཏུ་བརྙས་པར་བྱེད་པ་ཡང་བླ་མ་མཚན་ཉིད་མི་ལྡན་པའི་རང་གཟུགས་ཏེ་དེང་སང་དེ་འདྲ་བྱེད་པ་ཡང་ཆེས་མང་བར་མཐོང་མོད། ངེད་རང་གི་བླ་མའི་གནས་ལ་ནི་དེ་འདྲ་ཡེ་མེད་དོ། །དེ་དག་ཡང་སེམས་ལ་འཆར་ཚུལ་ལྷུག་པར་གསོལ་བ་སརྦ་མངྒ་ལཾ།

ཡང་གཅིག་ལ། ལགས། ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་སྐྱབས་འགྲོ་སེམས་བསྐྱེད་ནི་སྒྲུབ་ཁོག་ནས་འབྱུང་བ་དེ་ཀའི་ཡང་ན་སྔོན་འགྲོ་ཡི་སྐབས་སུ་བཤད་པའི་སྐྱབས་འགྲོ་སེམས་བསྐྱེད་དེ་ཀ་ཡང་བྱས་ཆོག་པ་ཡིན་ལ། དེ་ཡང་སྐྱབས་འགྲོ་གང་དུ་འདོན་ན་ཁ་ཅིག་གི་མཚམས་བཅད་གྲུབ་ནས་འདོན་པ་དང་། ཁ་ཅིག་གི་ཐོག་མ་ཉིད་ནས་འདོན་པ་སོགས་རྙིང་མ་ནང་ཁུལ་དུ་ཡང་མི་འདྲ་བ་ཁ ཤས་འདུག་ཀྱང་ལུགས་འདིར་ནི་སྐྱབས་སེམས་སྔོན་དུ་བྱེད་པ་ཕྱག་ལེན་ལགས།

གངས་ཅན་གྱི་རིས་མེད་གྲུབ་མཐའ་སྤྱི་དང་རྙིང་སྔགས་རྣམས་ལ་སྨན་པའི་སླད་དུ་རང་གི་ཛི་ཝ་ལ་འཕང་མེད་ཀྱི་ཞུ་ཚིག་སེང་གེའི་རྒྱུན་དབྱངས།

༈ གངས་ཅན་གྱི་རིས་མེད་གྲུབ་མཐའ་སྤྱི་དང་རྙིང་སྔགས་རྣམས་ལ་སྨན་པའི་སླད་དུ་རང་གི་ཛི་ཝ་ལ་འཕང་མེད་ཀྱི་ཞུ་ཚིག་སེང་གེའི་རྒྱུན་དབྱངས་ཞེས་བྱ་བ་བཞུགས་སོ། །

སའི་དཀྱིལ་འཁོར་ལ་དབང་བསྒྱུར་བ་མི་ཡི་བདག་པོ་པཎྜི་ཏ་ཆེན་པོ་གང་གི་ཙ་ར་ཎ་རྣམ་པར་བཀོད་པ་རིན་པོ་ཆེའི་ཁྲི་ངོགས་སུ། བཀྲ་ཤིས་པའི་མེ་ཏོག་གི་སྙིམ་པ་བཀང་སྟེ་ཆེད་དུ་ཞུ་གསོལ། གང་ཉིད་སྔོན་ནས་རྣམ་པར་དཀར་བའི་བསོད་ནམས་ནམ་ཡང་མི་དམན་པའི་ཕུང་པོ་བསགས་ཤིང་། བྱང་ཆུབ་མཆོག་གི་བསམ་པས་ཀུན་ནས་ཀུན་ཏུ་ཐར་པ་མཆོག་གི་འབྲས་བུར་ཡོངས་སུ་དམིགས་པའི་དགེ་འབྲས་ཀྱི་གནས་སྐབས་དུས་འདིར་ཡང་མངོན་པར་མཐོ་བའི་གོ་འཕང་བཟང་པོར་འབད་རྩོལ་གྱི་བསྒྲུབ་པ་མ་ཡིན་པར་ལྷ་བཅས་འགྲོ་བའི་སྐྱབས་མགོན་ལག་ན་པདྨོ་ཅན་གྱི་སྒྱུ་འཕྲུལ་ངུར་སྨྲིག་གར་གྱི་སྒེག་པ་རྒྱལ་བ་མཆོག་གི་ཤིས་པ་བརྗོད་ཅིང་གོང་མ་འཇམ་དབྱངས་ཆེན་པོའི་ལུང་གིས་གངས་ཅན་གྱི་རྗེ་བོར་དབང་བསྐུར་ནས་མཐའ་ཡས་པའི་མངའ་འབངས་བདེ་ལ་བཀོད་པའི་རང་གཟུགས་འདི་ལྟ་ནི་འགྲོ་ཀུན་ཡིད་ཀྱི་རྒུད་པ་སེལ་བ་འཆི་མེད་བདུད་རྩི་ཆེན་པོར་གྱུར་ཅིང་། ཕྲན་བུ་བྱ་བྲལ་བ་ཡང་གཉལ་དུ་སྡོད་སྐབས་ངང་ཚུལ་དེ་ལྟ་རྣ་བའི་བཅུད་དུ་ཐོབ་པ་ཡིས་བཤོལ་མེད་རྒྱལ་ཟླའི་ཡར་ཚེས་ཙམ་ལ་མི་ཡི་རྗེ་བོ་ཁྲི་ལ་གསར་ཕེབས་ཀྱི་མཇལ་ཕྱག་ཞུ་བ་དང་། ལྷ་མིའི་བླ་མ་༸གོང་ས་མཆོག་གི་ཞབས་ཀྱི་པདྨོ་ལ་ཕྱག་བགྱིད་པའི་སླད་དུ་བཅར་རྩིས་ཡོད་བཞིན་པར། བཀའ་རྒྱ་རིན་པོ་ཆེར་བླ་མའི་རིས་མང་ཞིག་དབང་གི་ངག་ཤུགས་མ་ལྡོག་ནས་བྱ་བ་སྣ་ཚོགས་ཞིག་བགྱིས་སྐད་དང་། ཁྱོད་ཀྱང་དབང་གི་བླ་མར་གྱུར་གཤིས་དེ་ལྟར་བྱས་ཡོད་མེད་ཀྱི་དྲི་བ་བགྱིད་དགོས་ཀྱི་ཕྲལ་དུ་ཡོང་ན་ལེགས་ཚུལ་ཆབ་ཤོག་སོན་ཕྲལ་དབང་གི་ངག་ཤུགས་མ་ལྡོག་ནས་༸གོང་ས་མཆོད་ཡོན་ལ་དེ་ལྟའི་བྱེད་ངན་རྨི་ལམ་དུ་ཡང་མ་བགྱིས་ན་དངོས་སུ་སྨོས་ཅི་འཚལ་ཞེས་པའི་གནས་ཚུལ་ཞུ་ཡིག་རྟ་ཟམ་སྟེང་ནས་ཡང་འཕྲལ་དུ་ཕུལ་ཞིང་།

ཕྲན་རང་ཡང་ལམ་དུ་ཞུགས་ནས་དུས་ཚེས་བཟང་པོར་ལྷ་ལྡན་དུ་འབྱོར་ཞིང་། མཆོད་ཡོན་གྱི་མཇལ་ཕྱག་ལེགས་པར་ཞུས། དེ་རྗེས་ཟླ་༡༢ཚེས་༢༥ལ་སྐུ་ཚ་ཟུང་བྱོན་ནས་དབང་དེ་སྤྱོད་པ་ཤིན་ཏུ་མ་དག་པ་ཡི་བླ་མའི་རིགས་རྣམས་ལ་༸གོང་ས་མཆོད་ཡོན་ལ་མི་འོས་པའི་བྱ་བ་བགྱིད་བཅུག་པར་དོགས་པས། ཁྱོད་ཀྱི་ཡང་ཅི་ལྟར་བྱས་གསང་པོར་གསོལ་ན་ལེགས་ཚུལ་བཀའི་འཁོར་ལོས་ཁྱབ་པ་ལ་རང་གི་རྫུན་མེད་བདེན་པའི་ཚིག་གི་སྐད་ཅེས་གསོལ་སྟེ། འཇིག་རྟེན་འདི་ན་རྒྱལ་པོ་ནི་ཆེ་ཞིང་གཉེན་པ་ཡིན་ན་ངོ་བསྲུང་གི་བྱ་བ་ཅི་རིགས་དགོས་པ་ནི་གཞིར་བཅས། དེ་བས་བདག་བྱ་བྲལ་སྤྲང་པོ་ཞིག་གི་རྒྱལ་པོའི་ངག་ཤུགས་ལྡོག་པར་མི་ནུས་པའི་ལས་ངན་ལ་ཞུགས་དགོས་པ་ཙམ་གྱི་ངོ་བསྲུང་ནི་ནམ་དུ་ཡང་བྱ་མ་དགོས་པས། དེས་ན་༸གོང་ས་མཆོད་ཡོན་ལ་རང་གི་བྱ་བ་མ་ཡིན་པ་བགྱིད་པ་སྨོས་སུ་ཅི་འཚལ། དབང་གི་བདག་རང་ལ་དེ་ལྟའི་ངག་བཀོད་ཙམ་ཡང་བྱུང་རེ་ཞེས་གངས་ཅན་གྱི་རྟེན་གཙོ་ཇོ་ཤཱཀྱ་རིན་པོ་ཆེར་དཔྲལ་བ་གཏུག་ཆོག་པ་ཡོད་ལ། སྤྱིར་ཡང་རང་ལོ་ཉེར་གསུམ་མར་བཏགས་ཕྲན་སྐྱེ་བའི་ཡུལ་དེར་དྲག་སྔགས་ལ་རྩིས་སུ་བྱེད་པའི་སྲོལ་གྱི་རང་ཡང་དེར་དགའ་ཞིང་། ཡུལ་དེར་ནུས་པ་ཡོད་ངེས་ཀྱི་རིག་སྔགས་འཆང་བ་མཚར་དུ་མངར་བ་དུ་མ་བཞུགས་པས་མཐོང་བརྒྱུད་ཀྱི་ལག་ལེན་ཡང་ནོད།

དྲག་སྔགས་ཀྱི་གླེགས་བམ་རྣམ་གྲངས་ཤིན་ཏུ་མང་བ་མཐོང་། གཙོ་བོར་རྡོ་རྗེ་སློབ་དཔོན་མཆོག་གི་ཞབས་པད་དུ་དཔེ་ཀློག་ཙམ་མ་ཡིན་པར་མན་ངག་མྱོང་རྒྱུས་མཛུབ་ཁྲིད་ཞལ་ནས་ཞལ། སྙན་ནས་སྙན་དུ་བརྒྱུད་པ་ཇི་སྙེད་ཡང་ཐོས་ཤིང་། བསྙེན་བསྒྲུབ་དང་ལས་སྦྱོར་ཐན་ཐུན་པ་ཡང་བྱས། དེ་ཡང་དོན་དུ་ཉི་ནུབ་དབྱུག་པས་ཕུལ་བར་རློམ་པ་ལྟར་རང་ཉིད་ནུས་པ་ལྡན་པར་དཀའ་ཡང་རྟགས་མཚན་མ་བརྟུལ་ཙམ་གྱི་ཡིད་ཁེངས་པའི་རློམ་པ་ཡང་སྐྱེས་མོད། རང་ལོ་ཉེར་གསུམ་པའི་མཇུག་ཏུ་ཕ་ཡུལ་ཆོས་བརྒྱད་ཀྱི་བཙོན་ར་བོར་ནས་ཚེ་གཅིག་སངས་རྒྱས་ལྷག་མེད་རྡོ་རྗེའི་སྐུ་ཐོབ་འདོད་ཀྱི་བསམ་པས་ཡངས་པའི་རྒྱལ་ཁམས་སུ་ཞུགས་ཤིང་བླ་མའི་གཟུགས་བརྙན་ཙམ་འདི་མི་བྱེད་པ་སྙིང་ཐག་པ་ནས་སེམས་ཡང་། ལས་ཀྱི་བླ་གཟུགས་ཙམ་ནི་སྤོང་མ་ནུས་རུང་། དམ་པའི་ཆོས་རིས་མེད་ལ་ཐོས་བསམ་བྱས། གུ་རུའི་ལུང་བཞིན་མཐའ་དམག་བཟློག་པའི་རྟེན་འབྲེལ་ནི་ཅི་ནུས་བསྒྲིགས། བསྟན་འཛིན་གྱི་སྐྱེས་བུ་རྣམས་འཕྲིན་ལས་རྒྱས་ཤིང་མཛའ་བའི་སྨོན་ལམ་གཙོ་བོར་སྤྱོད་པ་ལས་རྩེ་ཤོད་གཅིག་ཤོས་ལ་ཕྱོགས་རེ་གཅིག་ཤོས་ལ་གནོད་པའི་བྱ་བ་དབུས་གཙང་དུས་ཟིང་སྐབས་ནས་ད་ལྟ་ལ་ཐུག་གི་བར་མ་བྱས་པ་གོང་གསལ་ལྟར་ཞུས་ཆོག་པ་ཡོད་ལ། དེས་ཀྱང་མ་ཆང་ཞིང་མི་དག་ཚེ། སྔོན་གྱི་ལས་སུ་ཤེས་ཤིང་འགྱོད་པ་ཅུང་ཟད་ཀྱང་མི་སྐྱེ་སྟེ་ཅིའི་ཕྱིར་ཁོ་བོ་དལ་འབྱོར་ཐོབ་པ་འདི་ཆུད་ཟོས་སུ་མ་སོང་ཙམ་མཚན་ལྡན་མཇལ། གདམས་ངག་ཐོབ། དམ་ཚིག་དག ལྟ་བ་ཅུང་ཟད་རྟོགས། བསྒོམ་པ་རྗེས་མཐུན་མྱོང་། འདི་ཕྱི་བར་དོ་ཀུན་རྣམ་པར་རྟོག་པའི་རང་གཟུགས་ཙམ་ལས་མེད་པའི་ངེས་ཤེས་ཕྲན་བུ་སྐྱེ།

ཕྱི་མ་དག་པ་ནས་དག་པར་འགྲོ་བའི་གདེང་ཚད་རྐང་ཚུགས་ངེས་ཡོད་ན་འཆི་བ་ཞེས་ཀུན་འཇིགས་པའི་གནས་སུ་བྱེད་པ་དེ་ལ། ངེད་དེ་ཙམ་ཡ་ང་བ་མི་བདོག་པ་སོགས་སྙན་དུ་འབུལ་དགོས་རགས་རིམ་ཞིག་སྐུ་ཚབ་དག་ལ་གསོལ་བཞིན་དྭངས་བ་གཞིར་བཅས་ཀྱི་འདིར་ཚིག་ཚོགས་མང་པོ་བྲིར་མ་སྤོབས་མོད། སྐུ་ཚབ་ཟུང་ནས་བདག་ལ་བཀའ་འདྲི་མཆོད་ཡོན་ལྷན་རྒྱས་ནས་ཡིད་ཕེབས་བྱུང་ཡང་། ༸གོང་ས་ཐམས་ཅད་མཁྱེན་པ་ནི་འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་མ་འདྲིས་པའི་མཛའ་བོ། སེམས་ཅན་ཐམས་ཅད་ལ་བརྩེ་བའི་ཕ། བྱམས་པའི་མ། འཁོར་བ་སྒྲོལ་བའི་གྲུ། ཐར་པ་བགྲོད་པའི་ལམ། ཚད་མེད་པ་སྙིང་རྗེ་ཆེན་པོའི་མངའ་བདག་ཡིན་པར་ངེས་ཤིང་གྲུབ་པ་དང་། རང་དང་ཡང་སྐྱེས་བ་དུ་མར་ལས་སྨོན་བཟང་པོའི་འབྲེལ་བར་ཡིད་ཀྱི་གསལ་སྣང་དུ་ཤར་རུང་། ཞབས་པད་དུ་ཡང་ཡང་བཅར་བ་མ་བཟོད་པ་ཙམ་ལས་གནོང་དུ་འགྲོ་བ་གཞན་ཅུང་ཟད་ཀྱང་མེད་པ་དེ་དག་པ་ཡེ་ཤེས་སྤྱན་གྱིས་གཟིགས་པ་གོར་མ་ཆག་པ་དང་། ཡང་ཁ་ཅིག་གིས་ས་སྐྱོང་མཆོག་དང་ཆོས་རྗེ་ནུ་མོད་ཧུའང་ནས་བཀའ་འདྲི་ཡིན་པར་གླེང་ཡང་།

ཆོས་རྗེ་ནུ་མོད་ཧུའང་སྔར་རང་གི་དངོས་སུ་མ་མཇལ་རུང་། དམ་པ་དེ་ནི་ཡུལ་ཆོས་ཀྱི་བཅོས་མ་དང་བྲལ་བ། གཟུ་བོར་གནས་པ། དྲང་པོར་སྤྱོད་པ། ལྷ་ཆོས་ཀྱི་ཐོས་པ་ཆེ་ཞིང་། སྡེ་སྣོད་མང་པོས་མགྲོན་པ་བརྒྱན་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པ། བྱང་ཆུབ་སེམས་གཉིས་ཀྱི་ཐུགས་རྒྱུད་ཡོངས་སུ་སྦྱངས་བ། དཀྱིལ་འཁོར་རྒྱ་མཚོའི་སློབ་དཔོན་ཆེན་པོར་བརྙེས་པའི་གསུམ་ལྡན་རྡོ་རྗེ་འཛིན་པར་གྱུར་ནས་རྒྱལ་བའི་ཡོངས་འཛིན་དམ་པར་བསྐུར་བ་ཞིག་ཡིན་པར་སྣང་བ་དང་། སྤྱིར་ཡང་བྱང་ཆུབ་སེམས་དཔའ་རྣམས་བྱམས་པའི་ཐུགས། བཟོད་པའི་གོ་ཆ་ལ་ཆེས་ཆེར་གོམས་པའི་ཤུགས་ཀྱི་ཉེས་པ་ཅན་ལ་ཡང་ལྷག་པར་བརྩེ་བར་མཛད་ན། ཉེས་པ་མེད་བཞིན་སྐྱོན་ཕབ་པ་ལྟ་ག་ལ་ཞིག ཚུལ་དེས་ཕྲན་ལ་བཀའ་འདྲི་འདི་ལྟར་ཕེབས་པ་ནི། དེང་སང་དུས་སྙིགས་ཀྱི་འགྲོ་བ་དམུ་རྒོད་སྣ་ཚོགས་དང་། ཕྲན་ལ་བརྣག་པར་བལྟ་བ་ཁ་ཤས་ཀྱང་སྲིད་ཚེ། དེ་རྣམས་ནས་གཟུགས་མེད་གཟུགས་དང་། མིང་མེད་མིང་བཏགས་ཀྱི་སྙན་ཕྲ་ཞུས་དབང་གིས་ས་སྐྱོང་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཕྲན་ལ་དགོངས་པ་ཚོམ་ཁྲེལ་གྱི་བཀའ་འདྲི་སྩལ་བ་ལ་མཆོད་ཡོན་ལྷན་རྒྱས་ནས་ཕེབས་པ་ཡིན་ཞེས་མཛེས་ལམ་གྱི་སྦྱོར་བ་མ་ལགས་སམ་སྙམ་པའི་ཡིད་བག་ཁུམ་པར་གྱུར་མོད། དེ་ལྟ་ན་ཡང་རང་ལ་ཉེས་པའི་སྐྱོན་གྱུར་ཅུང་ཟད་ཙམ་ཡང་མེད་པ་སྐུ་ཚབ་ཟུང་གི་མདུན་དུ་གསོལ་ལྟར་ལས་ཞུ་བ་གསར་འཕར་ལྷག་མར་གྱུར་པ་ཅུང་ཟད་ཙམ་ཡང་མེད་ངེས་ལགས་པ་ཆོས་དབྱིངས་ཟབ་མོའི་ཀློང་དུ་རྟག་ཏུ་ཉམས་པ་མེད་པ་གཡུང་དྲུང་ཆེན་པོའི་ངོ་བོར་འཁྱིལ་བ་དང་།

བདག་ལྷ་ལྡན་དུ་སྡོད་རིང་སྔར་ནས་འཆམ་རིམས་ཀྱི་ནར་མར་བརྩེར་བ་དང་། སྐྱེ་བོ་ཇམང་པོའི་ཐུགས་འཕྲད་ཀྱིས་ཀྱང་ཡིད་བསུན་པས་ས་སྐྱོང་སྔ་མ་དག་གི་སྐབས་སུ་ཡང་ཕྱོགས་འདིར་སྡོད་མི་དགོས་པའི་དགོངས་པ་ནན་ཞུས་བགྱིས་པ་དགོངས་མངའ་ལྟར་གྱི་ད་ལམ་ཡང་ཟླ་བ་འདི་ཀའི་ཡར་ངོ་དུས་ཚེས་བཟང་བ་ཞིག་ལ་ཐོན་ནས་སྔར་རྒྱུན་ལྟར་ཕྱོགས་མེད་རྒྱལ་ཁམས་གནས་ཚུལ་གང་བཟང་དུ་རིམ་གཉིས་དགེ་སྦྱོར་ཅི་ནུས་བགྱིད་པར་བགྲོད་པ་ལ་ལམ་ཡིག་ཞིག་ཀྱང་ཐུགས་རྗེ་ཆེན་པོའི་དོ་ར་ནས་མི་འདོར་བ་ཅི་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པ་རེ་འབྲས་དོན་ལྡན་དུ་མཛད་པ་དང་། གཞན་ཡང་འཕྲོས་སུ་སེམས་ལ་གང་ཤར་གསང་པོར་ཞུ་འོས། འདི་ལྟར་ལོ་འཕོ་མཚམས་སུ་དུས་གཉེན་པོར་མཆོད་གནས་ཀྱི་ཁུངས་སྔགས་བཙུན་ཁ་ཡར་ཁྲིམས་རར་བཅུག་སྟེ་བཀའ་འདྲི་དྲག་པོ་དང་། ས་བདག་ཀླུ་གཉན་གྱི་གནས་སུ་རྫས་ངན་སྦྱར་བའི་མནན་གཏད་ཁྲུ་སློག་མཛད་པ་ནི་མི་ལེགས་པར་གོ་སྟེ། རྒྱལ་པོ་སྔོན་རབས་ཁ་ཤས་ནས་ཀྱང་དེ་ལྟར་མཛད་པས་མི་ཤིས་པའི་ལོ་རྒྱུས་མང་ཞིག་དང་།

ཉེ་བར་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་སྐབས་སུ་ངན་སྔགས་མཁན་རྩད་གཅོད་དང་མནན་གཏད་འདོན་པ་ཡང་འཚུབ་ཆ་ཆེན་པོའི་རྒྱུ་རུ་སོང་བ་དགོངས་དབྱིངས་རིན་པོ་ཆེར་མངའ་བཞིན་པ་དང་། ལར་ནི་དེང་སང་དུས་དབང་གི་མངོན་སྤྱོད་བྱེད་པ་རློམ་པ་རེ་བཟུང་ཙམ་ལས་མང་ཞིག་དཔེ་ཀློག་འོལ་ཅི་ལས་ལག་ལེན་གནད་ལ་རེག་པ་དཀའ་བ་དང་། ལྷག་ཏུ་དམ་ཚིག་གཙང་མར་བསྲུང་བ་ཡང་དཀོན་གཤིས། མནན་བསྲེག་འཕང་པའི་ནུས་པ་ཡང་འོལ་ཅི་ཙམ་དུ་གྱུར་རུང་། མནན་གཏན་འདོན་ན་རང་བཞིན་ཤུགས་ཀྱི་འཚུབ་ལྷོང་རེ་ཡོང་བ་ཡིན་པས་དེས་ན་མནན་གཏད་དོགས་གནས་ཡོད་པ་རྣམས་སུ་ལག་ལེན་རྣམ་དག་གི་གཏད་རུལ། གཏད་སྦྱངས་གཏད་དཀྲོལ་རྣམས་འཇུག་ན། མནན་གཏད་ཀྱི་ནུས་པ་ཞི་བར་ནུས་པ་ཡིན་ཞིང་། དེ་རྣམས་ཀྱང་འཆི་བདག་གཤིན་རྗེ་གཤེད་སྲོག་གི་འཁོར་ལོ་ནག་པོའི་རྒྱུད་ནས་གསུང་བ་ཉིད་སྟོབས་ནུས་ཆེ་ལ། གཞན་ཡང་གདུགས་དཀར། རྣམ་འཇོམས་ཀྱི་གཟུངས་བསྒྲུབ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་བསྲུང་བཟློག དེའི་ལས་ཚོགས་བྱད་འགྲོལ་གྱི་ཆོ་ག་དེ་ཀུན་རྣམ་པར་དག་པ་འགྲུབ་ན་འཕས་ཀྱི་སྦྱོར་ངན་བྱས་པ་ཀུན་ཞི་ཞིང་འཚུབ་ལྷོང་མེད་པར་ཕན་ཡོན་ཆེན་པོ་ཐོབ་པ་ཡང་ཟབ་དབྱིངས་རིན་པོ་ཆེར་འཇུག་པ་ཞུ་འོས་དང་།

ཡང་འཇམ་དབྱངས་གོང་མ་ཆེན་པོ་ལ་ངན་ཐབས་བྱས་སོ་ཞེས་པའི་གཏམ་འདི་ལྟ་དབུས་གཙང་དུས་ཟིང་སྐབས་ནས་ད་ལྟའི་བར་རང་གི་གླེང་ཙམ་ཡང་མ་ཐོས་ཤིང་དོན་དུ་ཡང་བྱེད་དོན་མི་འདུག་ལ།

བྱེད་མཁན་ཡང་མེད་པ་སྙིང་ནས་སེམས་མོད། འོན་ཀྱང་ད་ལམ་ཚུལ་དེ་ལྟར་དགོས་དབང་གི་སྩལ་བ་ཡིན་སྲིད་ཀྱང་། ད་ལྟ་རྒྱ་བོད་འདྲེས་མར་སྤྱོད་པའི་སྟབས། རྒྱ་མི་བོད་སྐད་བྱང་བ་དང་། བོད་པ་ཡང་སྣ་ཚོགས་པ་བྱས། གཏམ་དེ་རིམ་པས་འཕེལ་ཏེ་གོང་མ་ཆེན་པོའི་སྙན་དབང་དུ་དངས་ན་རྩད་གཅོད་གནང་བར་དོགས་ཤིང་དེ་ཚེ་ང་བདེན་ཁྱེད་བདེན་གྱི་ལུགས་སྲོལ་སྣ་ཚོགས་ནས་མང་ཞིག་རྒྱ་ནག་ཏུ་འགྲོ་དགོས་སམ། སྲོག་བཀུམ་པར་བཟས་ཚེ་བྱ་ཐབས་ཀྱི་དབེན་ཞིང་བཀློག་པར་དཀའ་བས་རྒྱལ་བསྟན་ལ་རྨ་འབྱིན་པས་མཛད་པ་ལ་ཡང་མི་མཛེས་སྡིག་པའི་རྒྱུ་རུ་དོགས་པས་དེས་ན་ཚིག་འདི་ཡང་ད་ལྟ་ནས་སྒྲོས་མེད་འཇམ་ཆགས་སུ་གཞག་ན་སྙམ་པ་ཡང་རང་འདོད་ཀྱི་དྲི་མས་ཅུང་ཟད་ཀྱང་མ་སྦག་པར་བོད་ཀྱི་རྗེ་བོ་མཆོད་ཡོན་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་རིམ་གྲོ་དགེ་ཚོགས་ཆེད་དང་། གངས་ཅན་ལྗོངས་ཀུན་བདེ་བའི་རྟེན་འབྲེལ་ལ་དམིགས་སེམས་ལ་གང་ཤར་འཛེམ་བག་མེད་པར་སྙིང་ནས་ལྷག་བསམ་དག་པས་ཞུ་བ་ལ་ཚོམ་འཁྲུངས་མེད་པ་མཁྱེན་མཁྱེན་མཁྱེན།

ད་ལམ་མངོན་སྤྱོད་ཀྱི་རྩད་གཅོད་མནན་གཏད་ཁྲུ་སློག་ཡང་རྟེན་འབྲེལ་ཅུང་ཟད་ཙམ་གནོད་པར་དོགས་པས། དེས་ན་ཉེས་པ་ཀུན་ལས་རྣམ་པར་གྲོལ་ཏེ་ལེགས་ཚོགས་བཟང་པོའི་རྟེན་འབྲེལ་མཐའ་དག་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་འཕེལ་དུ་འགྲིག་པ་དང་། གངས་ཅན་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་རྩ་ལག་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་ཐུགས་ཡིད་མཛའ་གཤིམ་གཅིག་འདྲེས་ད་ལྟ་ལས་མ་གཡོས་པ་ཞིག་གསོལ་བ་འདེབས་པ་དེ་ལྟའི་རེ་འབྲས་དོན་ལྡན་དུ་མཛད་དུ་གསོལ། དེ་ཡང་བདག་ལྟ་ཕྲན་བུ་སྙོམ་ཆུང་གྱི་ན་བ་རྒྱལ་ཁམས་པ་དཱ་རི་དྲ་པ་ཙམ་དུ་མ་ཟད་ད་ལྟ་གཟིགས་ཕྱོགས་ཀྱི་བཀའ་འདྲིའི་ཡུལ་དུ་གྱུར་པ་བཅས་འདི་ལྟར་ཞུ་བ་མི་འོས་ཤིང་སྐབས་སུ་མི་ཆེ་ཡང་། བོད་ཀྱི་རྗེ་བོ་མཆོད་ཡོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར། དགའ་བ་དང་། དངས་བ་དང་། དད་པ་དང་། གུས་པ་ཆེན་པོས་ཡིད་ཀྱི་ཀུན་ནས་བསྐུལ་ཏེ་འཕྲོས་ཞུས་གང་ཤར་མཛེས་ཁྲིག་གི་སྒྲིབ་ཤིང་མེད་པར་བུ་ཚས་ཕ་མར་གསོལ་ལྟར་བདག་བདེའི་ཆེད་ཙམ་མ་ཡིན་པར་བོད་ཡུལ་བདེ་བའི་བརྩས་ཁོ་ནར་སྨྲེང་བ་ལ་དགོངས་དབྱིངས་རིན་པོ་ཆེ་འབྱུང་གནས་ཀློང་དུ་ཁྲེལ་ཚོམ་མེད་པར་བདེ་བར་འཇུག་ཅིང་བརྩེ་བའི་ཐུགས་ཀྱི་མི་བསྐྱུད་པར་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་བརྒྱ་ཕྲག་དུ་མའི་བར་དུ་གསོལ་བ་འདེབས་བཞིན་པའོ། །

ཞེས་དཀྱུས་རིང་ཐུགས་རྗེའི་སྤྱན་རས་གཡོ་བར་བྱེད་པའི་རྟེན་ཡང་གཉེན་བདེ་འཇམ་ལྷ་ཡི་རེག་བྱ་ཟླ་བའི་ཁུ་བས་ལན་བརྒྱར་བྱུག་པ་ལྟ་བུ་གཅིག་ཏུ་དཀར་ཞིང་སྲིད་དུ་རིང་བས་བཅིབ་ནས་བཤོལ་མེད་རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པ་ལ་བོད་ཡུལ་ས་ཡི་ཐིག་ལེ་སྤྲུལ་པའི་ཕོ་བྲང་ལྷ་ལྡན་རྒྱལ་པོའི་ཁབ་ཀྱི་བྱ་འདབ་བློ་གསལ་མདུན་ན་འདོན་གྱི་གནས་རབ་མཛེས་མེ་ཏོག་ལྗོན་ཤིང་གི་སྐྱེད་མོས་ཚལ་ནས་རྒྱལ་བ་པདྨའི་ལུང་གི་ཕོ་ཉ་བ་གདོད་མ་ཉིད་ནས་གྲུབ་པའི་རྣལ་འབྱོར་རིག་པ་འཛིན་པ་རྒྱལ་ཁམས་དྭ་རི་དྲ་ཕྲན་བུར་གྱུར་པ་དེས་ཕུལ་བའི་ཞུ་ཡིག་ཀུན་ཏུ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།

ཨོཾ་སྭཱསྟི། རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར་ཆེན་པོ། །གཅིག་བསྡུས་གཟི་བརྗིད་འོད་དཔག་མེད་པ་ཞིང་འདིའི་མགོན་པོ་མཆོག །ཐུབ་དབང་རྒྱལ་ཚབ་ཚུལ་སྟོན་ཨོ་རྒྱན་སློབ་དཔོན་མཆོག་དེ་དང་། །དབྱེར་མེད་དྲན་མཆོག་དངས་མའི་མགོན་པོ་མཆོད་དེ་དང་པོར་མཆོད། །ཕྱོགས་བཅུ་དུས་གསུམ་རྒྱལ་ཀུན་བསྐྱེད་དང་སྤྲོ་བའི་བྱེད་པོ་འོད་དཔག་མེད་པ་སྤྱན་རས་གཟིགས། །སྙིགས་མ་ལྔ་བདོའི་དུས་མཐར་འགྲོ་ལ་ཕན་བཞེད་ངུར་སྨྲིག་གར་གྱི་རོལ་པ་རྒྱལ་པོའི་ཚུལ། །ལྷ་བཅས་འགྲོ་བའི་སྐྱབས་གནས་གངས་ཅན་མགོན་པོ་བསྐལ་བཟང་གདུལ་བྱའི་གཉེན་གྱུར་རྒྱ་མཚོའི་སྡེ། །གང་གི་ཞབས་ཟུང་གསེར་གྱི་འཁོར་ལོ་རྣམ་པར་བཀྲ་བའི་དྲུང་དུ་མགོ་བོས་འདུད་ཕྱག་འཚལ། །མཆོག་དེའི་འཕྲིན་ལས་བྱེད་པོར་གངས་ཅན་སྐྱེ་རྒུ་ཡིས། །གཙུག་ཏུ་གོང་མའི་ལུང་གིས་མངོན་པར་དབང་བསྐུར་བ། །དབང་ཕྱུག་ཆེ་བརྙེས་མཁྱེན་སྤྱོད་བསོད་ནམས་རྒྱ་མཚོའི་བདག །མིའི་དབང་པོ་གང་ཁྱེད་རྟག་ཏུ་རྒྱལ་གྱུར་ཅིག །འཛམ་གླིང་ཕན་བདེའི་རྩ་ལག་མཆོད་ཡོན་གྱིས། །བཀའ་ལུང་གསེར་གྱི་མེ་ཏོག་ལྷུང་བའི་ཚེ། །རང་གི་ངང་ཚུལ་ཇི་བཞིན་གླེང་བའི་གཏམ། །དྲི་མེད་ཤེལ་གྱི་མེ་ལོང་ཚུལ་འདི་ཕུལ། །

ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་འདིར་གསོལ་འོས། རྗེ་བདག་ཉིད་ཆེན་པོ་ལ་ནི་རང་ཉིད་མཆོག་ཏུ་གུས་པ་ཐོབ་པ་ཡིན་ཞིང་། དེར་ཡང་མ་ཟད་རྒྱལ་བའི་བསྟན་འཛིན་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པར་མོས་པ་དང་ལྡན་པ་ཞིག་ལགས།

བཀའ་འདྲིར་དབང་ཡབ་ཀྱི་དུས་བྱ་བྱེད་ཀྱི་སྐོར་གཟུར་གནས་ཤེས་ལྡན་གྱི་མིག་དང་རྣ་བའི་ཡུལ་དུ་གསལ་བཞིན་དང་། དུས་ཀྱི་ཆོས་ཉིད་དུ་གྱུར་པ་ལ་འཕོ་འདེབས་དང་། ཞལ་བཞུགས་པ་དབང་བསྐུར་སོགས་བྱས་པ་ནི་རང་གི་མཚན་ཉིད་མ་ཤེས་དབང་གི་དེ་ལྟར་གྱུར་ལ་གནོང་ལས་འོས་ཅི་ཡོད། སྐུ་མཆེད་བར་དང་། གུང་གཡོག་སྲོག་བསླུའི་སྐོར་ཕྱོགས་གཉིས་ཀའི་ཞབས་རིམ་ད་ལྟ་ལྷ་ལྡན་དུ་ཡོད་ན། དེ་དག་གི་མཁྱེན་བཞིན་ལས་བདག་གི་སྒེར་དུ་ཞིབ་མོར་ཞུ་མ་དགོས་ཤིང་། སྤྱིར་ཁོ་བོ་ལ་ཉེས་པ་ཡོད་དོ་ཞེས་པ་ཐམས་ཅད་འདི་དང་རིགས་མཐུན་དུ་གྲུབ། ༸གོང་ས་སྐྱབས་མགོན་མཆོག་གི་སྐུའི་ཚེ་འཕྲེང་དྲུག་ལས། རྗེ་དྲུང་རིན་པོ་ཆེ་དང་། རང་གི་གསལ་བ་ནི་སྙན་དུ་ཕུལ་ཟིན། དེ་བས་གངས་ཅན་གྱི་དགེ་འདུན་འདུས་པའི་སྡེའི་གསལ་ཐུབ་མིན་གྱི་སྐོར། དགེ་འདུན་འདུས་པའི་སྡེའི་དེ་རྣམས་སུ་རྒྱུན་ཞུགས་ནས་དགྲ་བཅོམ་འཕགས་པའི་བར་དང་། གཞན་ཡང་བྱང་སེམས་འཕགས་པ་དང་། རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་ཡང་ཇི་སྙེད་བཞུགས་པ་གཞིར་བཅས་པས་དེ་དག་གི་གསལ་མི་ཐུབ་བོ་ཞེས་པ་བཀའ་ལུང་མ་སྩལ་བར་ཡིད་ལ་སྐད་ཅིག་ཀྱང་མ་ཤར་བ་ཅི་ཕྱིར་སྨྲ། རང་གི་རྟེན་འབྲེལ་བཟང་པོའི་སྒྲིག་ཕྱོགས་ཙམ་སྙན་དུ་ཕུལ་བ་ལ་ནི་སྐྱོན་ཡོད་པར་མ་སེམས་ཏེ།

སྔོན་བདག་ཅག་གི་སྟོན་པ་འབྲོག་དགོན་པ་སེང་གེའི་འཇིགས་པ་ཅན་དུ་གཤེགས་པའི་སྐབས་སུ་ཁྱེའུ་གཉིས་དག་གི་རྔ་སྒ་དང་མདའ་གཞུའི་སྦྱོར་བས། དེ་བཞིན་གཤེགས་པ་སེང་གེའི་འཇིགས་པ་ལས་སྐྱོབ་པར་འདོད་པ་དགེ་བའི་རྩ་བ་དེས་མ་འོངས་ཐར་པ་འབྲིང་པོ་ཐོབ་པ་ལུང་བསྟན་པ་དགོངས་མངའ་ལྟར་གྱི། དེ་ལ་ཀུན་དགའ་བོས། དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བས་ཁྱོད་ཀྱི་དེ་ནི་མི་རིག་པ་ཆེན་པོ་ཞེས་ཀྱང་མ་གསུངས། དེ་བཞིན་གཤེགས་པའི་འཁོར་ན་ཚངས་པ་དང་བརྒྱ་བྱིན་སོགས་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་དང་། འཇིག་རྟེན་ལས་འདས་པ་རོ་ལྡན་གྱི་བདག་པོ་རྡོ་རྗེ་ཅན་སོགས་མཆིས་ན་ཁྱོད་ཀྱི་མ་འོས་ཞེས་ལྷག་བསམ་ཅན་གྱི་ཁྱེའུ་དག་སུན་ཕྱུང་བར་མ་མཛད་མོད། དེས་ན་རང་གི་རྟེན་འབྲེལ་བཟང་པོའི་བསྒྲིགས་ཕྱོགས་བགྱིས་པའི་ཁོང་ཡུས་ཁ་རུ་འཚང་བའི་ཞུ་བ་ཚིག་སྦྱོར་མ་མཁས་པ་ཙམ་བྱུང་ན་ཆོས་དབྱིངས་ཚོམ་འཁྲུངས་མེད་པ་མཁྱེན་མཁྱེན་མཁྱེན། ཞེས་གསོལ་བ་འདེབས་པ་ལ་དགེ་བའི་དབུགས་དབྱུང་བཟང་པོ་སྩལ་དུ་གསོལ། ཁམས་ནས་ཡོང་བའི་དོན་ཆོས་ཤ་སྟག་སྒྲུབ་རྒྱུ་ལ་འགྲོ་བའི་བརླག་ཐབས་ཁོ་ན་བྱས་སོ་ཕེབས་པར་དབུས་གཙང་དུས་ཟིང་གི་སྐབས་ནས་ད་ལྟ་ལ་ཐུག་གི་བར་བསྟན་དང་བསྟན་འཛིན་ལ་སྨན་པའི་སྨོན་འདུན་ལས་གཞན་མེད་ཚུལ་ཁ་སང་ཚེས་བརྒྱད་ཉིན་ཞུ་ཆུང་ཞིག་ཕུལ་བའི་ནང་དུ་ཡང་གསལ་གཤིས་འདིར་རྒྱས་པར་འབུལ་མ་སྤོབས།

མདོ་དོན་སྙིང་པོར་ཕྲན་རང་ངོས་ནས་ནི། ༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་གུས་ཞབས་ཞུས་པ་ལས་ངན་ཐབས་ཀྱི་བྱ་བ་རྨི་ལམ་དུ་མ་སྤྱོད་ཞེས་ཁ་སེང་སྔོན་དུ་ཞུས་པ་ལས་ད་གསར་དུ་ནི་བཀའ་འདྲི་ཅི་ཙམ་གནང་ཡང་འབུལ་རྒྱུ་མེད་ངེས་ཡིན། གཞན་གྱི་ནི་རང་ཉིད་མངོན་པར་ཤེས་པ་ལྔ་དང་ལྡན་པ་འཇའ་ལུས་རྡོ་རྗེའི་སྐུ་བསྒྲུབ་འདོད་ཡིན་ཀྱང་། དེ་མ་ཐོབ་ནས་ད་ལྟ་ཡིད་ངལ་བཞིན་པར་གནས་ན་མངོན་ཤེས་ལྔ་མ་ཐོབ་བཞིན་དུ། འདིའི་འདི་བྱས་སོ་ཞེས་འཆི་བའི་སྲོག་ལ་བབ་ཀྱང་སྨྲ་བར་མི་ནུས་ཤིང་། དོན་དུ་ཡང་མེད་ངེས་ལགས་པས་དེ་ལ་ཆོས་དབྱིངས་ཚོམ་འཁྲུངས་མེད་པ་མཁྱེན་མཁྱེན་མཁྱེན་ཞེས་བརྒྱ་ཕྲག་དུ་མའི་བར་དུ་གསོལ་བ་འདེབས་སོ། །སོ་སོར་དཀོན་མཆོག་ལས་འབྲས་དཔང་གཞག་དགོས་ཚུལ་ཕེབས་པ། བདག་བྱིས་པ་ནས་ད་ལྟ་ལ་ཐུག་གི་བར་ལས་འབྲས་ཀྱི་འདོར་ལེན་རགས་པ་ནི་ཅི་ནུས་སུ་འབད་དེ་བྱས། དུས་སྙིགས་དབང་གི་ཉེས་བྱས་ཕྲ་མོ་ནི་ཤུགས་ཀྱི་གོས་ཀྱི་འདུག་ཀྱང་བཤགས་སྡོམ་དང་། གཙོ་བོར་ཡང་དག་ཉིད་ལ་ཡང་ལྟོས། །ཡང་དག་མཐོང་ན་ཉེས་པ་དག །ཅེས་པ་དེར་འཇོག་ཁུལ་ཡིན། བྱེ་བྲག་བཀའ་འདྲི་སྔ་ཕྱི་ཕེབས་པའི་ཞུ་ངག་དང་ཡི་གེར་ཕུལ་བ་ཀུན་རྫུན་ཟོག་ཅུང་ཟད་ཀྱིས་ཀྱང་མ་བསླད་པ་ཡིན་པས་དཀོན་མཆོག་གསུམ་དགོངས་པ་ཁྲེལ་བའི་རྒྱུ་ནི་ནམ་ཡང་མི་བདོག་ངེས་ཅན་ལགས། འོན་ཀྱང་ཡུལ་ཆོས་ཀྱི་ཚིག་གི་བརྗོད་པ་མ་དག་པ། མི་གསལ་བ། མི་མཛེས་པ་མཆིས་པ་ལ་ནི་བརྩེ་ཆེན་ཆོས་ཀྱི་དབྱིངས་ནས་ཚོམ་འཁྲུངས་མེད་པར་གསོལ་བ་འདེབས་བཞིན་པའོ། །

འདི་ལྟ་བདག་ལ་བཀའ་འདྲི་ཕེབས་པ་ཡང་། སྟོན་པའི་རྒྱལ་ཚབ་འཕགས་པ་འོད་སྲུང་གི་ཀུན་དགའ་བོ་བཅོ་བས་སྤྱོས་པའི་ནུས་པས་འཕགས་པའི་དགྲ་བཅོམ་པ་ལ་བཀོད་པ་བཞིན་བདག་གི་སེམས་ཀྱི་སྒྲིབ་པ་ཡོངས་སུ་སྦྱངས་ནས་བྱང་ཆུབ་མཆོག་གི་ས་ལ་མྱུར་དུ་འགོད་པའི་བྱེད་ལས་ཅན་དུ་མཐོང་བ་ཡི་སྙིང་ནས་དགའ་མགུ་སིམ་པ་བསྐྱེད་བཞིན་མཆིས་པ་ཡང་རང་གི་གནས་ཚུལ་དུ་གསོལ་བའོ། །བདག་གི་ལྷག་བསམ་དག་པའི་བཞིན་རས་ལ། །ལྟར་སྣང་དྲི་མའི་སྐྱོན་གྱི་གོས་སྲིད་ཆེ། །ཡིན་ལུགས་ཚིག་གི་ཁྲུས་ཆུ་འདིས་བཀྲུས་ཚེ། །གཟུར་གནས་མེ་ལོང་ངོས་སུ་མཛེས་སྣང་བྱས། །

ཞེས་གངས་ཅན་སའི་ཐིག་ལེ་རྒྱལ་པོའི་ཕོ་བྲང་ནས་བཀའ་ལུང་གསེར་གྱི་མེ་ཏོག་བཟང་པོས་བྱབ་པའི་ཚེ་རང་གི་ཡིན་ལུགས་ལྷུག་པར་གསོལ་བའི་ཤིས་ཚིག་ལྷ་གོས་བཟང་པོས་བཅིབས་ནས་ཕྲལ་དུ་ཕུལ་བ་ཆོས་དབྱིངས་ཟབ་མོའི་དབྱིངས་སུ་འཇུག་པ་ནས་ཐུགས་རྗེ་ཆེན་པོས་ནམ་ཡང་མི་བསྐྱུད་པའི་ཕེབས་འོས་སྐལ་ལྡན་ཤིང་རྟའི་རྒྱུན་བཞིན་ཆད་པ་མེད་པ་སྩོལ་བ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་སརྦ་མངྒ་ལཾ་བྷ་ཝནྟུ།

༈ བལ་ཡུལ་ཡམ་བུའི་བློན་འབངས་ལ་ཟ་འོག་ཕུག་ནས་ས་སྦྲུལ་ལོ།

ཨོཾ་སྭཱསྟི། ན་མོ་གུ་རུ་ཝེ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དཔལ། །ཨོ་རྒྱན་མཚོ་སྐྱེས་པདྨ་བདེ་ཆེན་གླིང་། །བདག་གི་སྤྱི་བོའི་རྒྱན་དུ་རྟག་ཏུ་རོལ། །བྱང་ཆུབ་གོ་འཕང་བརྙེས་ཀྱང་གཏང་འོས་མིན། །འདི་ན་གངས་ཅན་བོད་ཡུལ་མི་ཡི་རིགས། །བུདྡྷ་མཱརྒ་ཛོ་ཀི་རྒྱལ་ཁམས་པར། །བལ་ཡུལ་རྒྱལ་པོའི་བློན་པོ་བློ་གྲོས་ཅན། །ཡིད་ཀྱི་བཤེས་གྱུར་དེ་ཡི་འདི་སྐད་ལོ། །ཁྱོད་ལ་མཁོ་བའི་ཡོ་བྱད་ཅི་འོས་པ། །བལ་པོའི་རྒྱལ་ཁམས་འདི་ནས་གཏང་ངོ་ཞེས། །ཚིག་གི་ཏམ་བུ་ར་བརྒྱུད་དངས་བ་ཡི། །སོར་མོས་བསྐུལ་བའི་སྙན་ཚིག་སྤྱིར་ཡང་ལེགས། །འོན་ཀྱང་བདག་ནི་མཐའ་ཡས་འགྲོ་བའི་དོན། །གཏན་བདེ་བྱང་ཆུབ་གོ་འཕང་བསྒྲུབ་པ་ལ། །འདི་སྣང་ཟང་ཟིང་དགོས་པ་འགའ་མ་མཆིས། །དེ་ཡི་མཚན་ཉིད་ཅུང་ཟད་འདིར་བཤད་ན། །བལ་པོའི་ཡུལ་དེར་བཟོ་རིགས་མཁས་པ་ཡིས། །བསྐྲུན་པའི་ལྷ་སྐུའི་འབྱུང་ཁུངས་ཡིན་ལགས་ཀྱང་། །བདག་ནི་རང་ཤར་ལྷ་སྐུ་བརྟེན་བརྟེན་ནས། །གསེར་ཟངས་ཙན་དན་སྐུ་ལ་དོ་གལ་མེད། །དེ་བཞིན་བལ་ཡུལ་རིག་བྱེད་འབྱུང་བའི་གནས། །བརྡའ་སྤྲོད་སྔོན་བརྗོད་གླེགས་བམ་མང་ན་ཡང་། །བདག་ནི་གཞོམ་མེད་སྒྲ་ལ་བློ་འཇུག་པས། །ཐ་སྙད་གླེགས་བམ་དག་གིས་དགོས་པ་མེད། །འཕགས་པའི་ཡུལ་དང་ཉེ་བས་ཀ་ཤིའི་རས། །དབང་པོའི་གཞུ་འདྲ་བལ་ཡུལ་ནས་བྱུང་ཡང་། །བདག་ནི་ཁྲེལ་ཡོད་ངོ་ཚའི་གོས་བཟང་ལ། །སྨོན་ལམ་ཤིང་བལ་རས་ཀྱི་འདོད་པ་མེད། །བོད་དུ་དཀོན་པའི་སྨན་མཆོག་བལ་པོའི་ཡུལ། །མང་མོད་བདག་ནི་སྡུག་བསྔལ་སེལ་བའི་སྨན། །དམ་པ་ཆོས་ཀྱི་བདུད་རྩི་བརྟེན་བརྟེན་ནས། །བལ་ཡུལ་ལ་སྒོའི་སྨན་ལ་སྨོན་དགོས་མེད། །གཞན་གྱུར་བལ་པོའི་ཡུལ་ནས་ཟངས་ལྕགས་སྤྱད། །སྐྱེ་བོ་ཕལ་ལ་ཉེར་མཁོ་འབྱུང་མོད་ཀྱང་། །བདག་ནི་འདོད་བྱུང་ཆོག་ཤེས་རྣམ་པ་དེས། །ཟངས་ལྕགས་མཁར་བའི་རྫས་ལ་སྐྱུག་མེར་བརྒྱབ། །འབྲས་དང་ཀ་ར་བུ་རམ་སྲན་མ་སོགས། །བལ་པོའི་ཡུལ་མི་རྣམས་ཀྱི་ཁ་ཟས་ཀྱང་། །བདག་ནི་ངན་ངོན་སྲོག་འཚོས་ཆོག་ཤེས་པས། །མངར་ཞིམ་ཟས་ལ་འདོད་ཞེན་རྡུལ་ཙམ་མེད། །བྱ་དང་རི་དྭགས་སྤུ་རིས་ངོ་མཚར་ཅན། །གསུང་སྙན་དུས་ཚོད་འཛིན་ཤེས་གནས་སྐབས་སུ། །མཚར་བར་སྲིད་ཀྱང་རྨི་ལམ་གཟུགས་བརྙན་བཞིན། །ཡང་དག་དོན་ལ་འདོད་ཞེན་རྡུལ་ཙམ་མེད། །དེས་ན་བལ་པོའི་ཡོ་བྱད་ངོ་མཚར་ཡང་། །ཞེན་མེད་རྣལ་འབྱོར་པ་ལ་དགོས་པ་དབེན། །འདོད་ཆུང་ཆོག་ཤེས་ལྡན་པ་འཕགས་པའི་ནོར། །འདིའི་ཁོ་བོ་རྟག་ཏུ་ཕྱུག་པར་གནས། །འོན་ཀྱང་བལ་ཡུལ་གྲུབ་པའི་གནས་ཡིན་པས། །བདག་ལ་བྱ་བ་བགྱིད་འོས་འགའ་མཆིས་པ། །ཁ་ཅིག་གྲུབ་མོད་ཁ་ཅིག་ད་དུང་ནི། །འཕགས་ཡུལ་སྐད་དུ་སྭ་ཡམ་བྷུ་ཙྱཻ་ཏ། །གངས་ཅན་རྣམས་ཀྱིས་འཕགས་པའི་ཤིང་ཀུན་ཞེས། །དེང་དུས་ཞིག་གསོ་སྐབས་སུ་བབ་མཐོང་བས། །རྒྱ་བལ་བོད་ཡུལ་ཀུན་གྱི་བདེ་ཐབས་སུ། །རང་འདོད་མེད་པའི་ཞབས་ཏོག་བགྱིད་སྙམ་ལ། །བལ་ཡུལ་རྗེ་འབངས་སྤྱིའི་བསོད་ནམས་ཀྱི། །སྔ་སོར་འཕྲོས་པའི་དུས་སུ་དོན་མ་སྨིན། །ད་ཆ་བལ་པོའི་འཛིན་མ་ལ་འཁོད་པའི། །རཱ་ཛ་ཀ་ཤིང་བློ་དང་ལྡན་གྱུར་པས། །ཤིང་ཀུན་མཆོད་རྟེན་ཞིག་གསོ་ལེགས་གྲུབ་ནས། །བསོད་ནམས་ཚད་མེད་ཐོབ་པར་འགྱུར་རོ་ཀྱེ། །ཕྱོགས་དེར་བདག་གི་འདོད་པ་དེ་ཙམ་སྟེ། །གཞན་གྱུར་ལྷག་པའི་བསམ་པས་ཡང་འདི་ལྟ། །རིས་མེད་འགྲོ་བ་བདེ་ཞིང་སྐྱིད་པ་དང་། །རྒྱལ་པོ་ཕན་ཚུན་རྟག་ཏུ་མཛའ་ཞིང་གཤིམ། །སངས་རྒྱས་བསྟན་པ་པ་དར་ཞིང་རྒྱས་བྱེད་ཅིང་། །འགྲོ་ཀུན་ཐར་པ་ཐམས་ཅད་མཁྱེན་པའི་ལམ། །བཟང་པོར་གཞུག་པར་འདོད་པའི་གདུང་སེམས་ལས། །རང་ཉིད་ཚེ་འདིའི་ཟས་ནོར་གོས་ཀྱི་ཆེད། །སྙན་པར་གྲགས་པའི་གཏམ་ལ་དོན་གཉེར་བ། །ནམ་ཡང་མ་མཆིས་དེ་ཤནྟ་རི་པ། །ཁ་བ་ཅན་གྱི་ཛོ་ཀིའི་མཚན་མཚན་ཉིད་དེ། །བལ་པོ་རྒྱལ་བློན་རྣམས་ཀྱི་ཤེས་པར་འཚལ། །གང་ཞིག་བདག་མཐོང་ཐོས་དྲན་རེག་འགྲོ་བ། །མཐའ་དག་རིང་པོ་མི་ཐོགས་བྱང་ཆུབ་ཀྱི། །ལམ་བཟང་ལ་ཞུགས་འཁོར་བའི་སྒོ་བཅད་ནས། །རྟག་ཏུ་ཞི་བ་གཡུང་དྲུང་དེ་བརྙེས་ཤོག །

ཞེས་བལ་པོ་ཡི་རྗེ་བློན་སྤྱི་དང་བྱེ་བྲག་མདུན་ན་འདོན་ཆེན་པོ་རྣམས་ལ་གངས་ཅན་རི་བོའི་ཁོངས་སུ་སྐྱེས་པའི་ཛོ་ཀི་དེ་ཤནྟ་རི་པས་ཆེད་དུ་དཀར་པོའི་ལོ་རྒྱལ་གྱི་ཟླ་བའི་ཚེས་བཟང་པོར་བསྲིང་པ་སརྦ་མངྒ་ལཾ།

༈ རྣམ་འདྲེན་འཕགས་མཆོག་སྤྲུལ་པའི་སྐུ་ལ།

རྒྱལ་ཀུན་ཡེ་ཤེས་མཚོ་ཀློང་དུ། །ཚད་མེད་སྙིང་རྗེའི་པདྨ་དཀར། །སྲིད་ཞི་ཡོངས་གྲོལ་ཕྱག་རྒྱ་ཅན། །འཕགས་གྱུར་དེ་ཡི་ཞབས་སྟེགས་ངོགས། །འདིར་གནས་ཐོས་མཚོར་འཇུག་པ་ལ། །བསམ་པའི་གྲུ་རྫིང་མ་སྨན་ཅིང་། །ཡང་དག་འཇོག་པའི་ནོར་བུ་གང་། །ཐོབ་རློམ་དེད་དཔོན་ངང་ཚུལ་ཅན། །སྔོན་གོམས་གསེར་གྱི་ཟར་བུ་ལ། །སྦྱངས་སྟོབས་འཕྲོག་བྱེད་ཙར་མས་གཡོགས། །མ་སྨད་སྤོབས་པའི་སོར་མོ་ཡི། །རྒྱུད་བསྐུལ་ཤུགས་འབྱུང་ངག་འདི་གསོལ། །ཁྱོད་ནི་བསྐལ་མང་ཕ་རོལ་ནས། །བྱང་ཆུབ་སེམས་བསྐྱེད་ས་བོན་དེ། །ཚོགས་གཉིས་ཤེར་གྱི་ཡོངས་དཀྲུན་པས། །དེང་དུས་ཡོངས་འདུ་དབང་པོར་གྲུབ། །སྔོན་གོམས་བག་ཆགས་མཐུ་བཟང་པོ། །ནམ་ཡང་ཡོལ་བ་མེད་པ་ཡིས། །རིས་མེད་ཆོས་ཚུལ་རྒྱ་མཚོ་ལ། །སྤྱན་ཡངས་ཁྱེད་ལས་ཅིས་མི་བསྔགས། །འཕགས་རྣམས་ཆོས་མིག་རྡུལ་བྲལ་བ། །ཐོབ་པས་ཆོས་ཚུལ་མཐའ་ཡས་ཀུན། །ཆུ་ཀླུང་རྒྱ་མཚོར་འཇུག་པ་བཞིན། །རྒྱལ་བའི་ཆོས་དབྱིངས་ལ་འཇུག་པར། །རྒྱལ་བས་ཡོངས་སུ་བསྔགས་གསུང་བཞིན། །མགོན་ཁྱེད་སྐྱེ་བའི་འཕྲེང་བ་ཀུན། །རྣམ་པར་དག་པའི་ཆོས་ཚུལ་རྣམས། །གཅིག་ཏུ་འཛིན་པར་མཛད་འདི་རྨད། །དམ་པ་ཁྱོད་ཀྱང་དགེས་པ་ཡིས། །ཡང་ཡང་བདག་གི་གཏམ་གླེང་ཞིང་། །བདག་ཀྱང་ཁྱེད་ལ་འགུ་ཐོབ་ནས། །དགའ་བའི་སེམས་ཀྱི་གཅིག་ཏུ་དཀར། །དེས་ན་ཤུལ་ལམ་རིང་པོ་ཡིས། །ཅུང་ཟད་སྐལ་ཡང་ཕན་ཚུན་ཡིད། །ཟླ་འོད་ཨུཏྤལ་དཀར་པོ་བཞིན། །ཆོས་མཐུན་ཚོགས་པ་གཅིག་ཏུ་བྱས། །མགོན་ཁྱོད་སྦས་པའི་ཡུལ་ལྗོངས་དེར། །བསྟན་དང་འགྲོ་ལ་ཕན་པ་ཡི། །ལྷག་པའི་བྱ་བ་མཛད་པ་ལ། །བདག་ཀྱང་སྙིང་ནས་ཡིད་རང་ཐོབ། །ངེས་ཀྱང་གངས་ཅན་དབུས་འགྱུར་དུ། །སྐྱེས་མཆོག་བསོད་ནམས་མ་སྨད་པས། །འདུན་པར་ཆོས་བཞིན་སྤྱོད་པ་ཡིས། །བག་ཡངས་ཞུམ་པ་མེད་པར་གནས། །དེ་ནི་རིང་པོ་མ་ཡིན་པར། །མདོ་ཁམས་འཛིན་མའི་ཁྱོན་ཡངས་པོར། །རྒྱལ་བསྟན་བྱ་བ་བགྱིད་དགོས་ཀྱི། །ཡིད་ཀྱི་ཤིང་རྟ་མཆོག་དེ་མཆིས། །དེས་ན་རེ་ཞིག་འཚོ་བ་ན། །ཕན་ཚུན་དགེ་ལེགས་བཟང་པོ་ཡི། །འབྲེལ་པ་གོང་ནས་གོང་འཕེལ་དུ། །སྨོན་ནོ་དཔལ་ལྡན་འགྲོ་བའི་མགོན། །དེ་སྐད་མ་བཅོས་གཉུག་མའི་ཚིག །གང་ཤར་ལྷུག་པར་སྤེལ་བའི་གཏམ། །ཡིན་ལུགས་དྲང་པོར་བརྗོད་པའི་ངག །འདི་ཀོ་དམ་པ་དགྱེས་པའི་འཕྲིན། །ས་སྤྱོད་འོག་མིན་འཚུར་བུ་ཡི། །གཙུག་ལག་རྩེན་ནས་རྒྱལ་ཁམས་པ། །གདོད་མ་ཉིད་ནས་གྲུབ་པ་ཡི། །རིག་པ་འཛིན་དེའི་ལི་ཁི་ཏཾ། །སརྦ་མངྒ་ལཾ།

༈ གང་ལ་སྤྲུལ་སྐུ་ལ།

ས་ཡི་དཀྱིལ་འཁོར་མངའ་བརྙེས་དབང་ཕྱུག་ཆེ། །བསོད་ནམས་བྱེ་བས་གཏམ་པ་རལ་པའི་ཁྲོད། །ཁྱོད་ཞབས་ཟླ་བ་ཚེས་པས་མངོན་བརྒྱན་ཏེ། །གངས་ཅན་ལྷ་ཡི་ལྷར་གྱུར་མགོན་དེའི་ཞབས། །རྒྱལ་བསྟན་གཞུང་མང་རྒྱ་མཚོར་འཇུག་པ་ལ། །འཇིགས་མེད་བློ་གྲོས་གྲུ་རྫིང་ལེགས་ཐོབ་ནས། །ཐོས་བསམ་ནོར་བུ་བསྒོམ་པའི་བསམ་འཕེལ་གང་། །ཐོབ་རློམ་དེད་དཔོན་དེའི་ཞུ་བའི་མཆིད། །ཁྱེད་ནི་གྲུབ་རིག་ལྷ་ཡི་རྫིང་བུ་རུ། །ཐོག་མེད་ཡེ་ཤེས་རླུང་ཤུགས་ཀྱིས་སྤྱོད་ཀྱང་། །མོས་ལྡན་གདུལ་བྱའི་ཡིད་ཀྱི་རྫིང་བུ་རུ། །གང་སྐུ་ཟླ་རིགས་གསལ་ཆར་འདི་རྨད་བྱུང་། །གདོད་ནས་དགེ་བའི་ཆོས་ཁམས་ཡིད་བཞིན་སྙིང་། །ཚོགས་གཉིས་དགེ་བའི་བྱི་དོར་གྱིས་དག་ལ། །དོན་གཉིས་ལྷུན་གྲུབ་ས་དབང་རྒྱལ་མཚན་རྩེར། །བཀོད་ཚེ་འགྲོ་བའི་རེ་འདོད་ཅིས་མི་བསྐང་། །རིས་མེད་གྲུབ་མཐའ་འབྱུང་ཁམས་དུ་མའི་བཅུད། །ངེས་དོན་སྙིང་པོ་འཆི་བ་མེད་པའི་ཆབ། །གང་གི་བདེ་བླག་བཏུང་བའི་ནུས་པ་ཡིས། །ཁམས་གསུམ་འཁོར་ལོས་མི་འཇིག་ཁྱོད་རྟག་རྒྱལ། །ལག་ན་པདྨོའི་ཞིང་ཁམས་བསིལ་ལྡན་ལྗོངས། །འཆང་ཐུབ་རི་དྭགས་སྡེ་རིགས་དུ་མའི་དབུས། །ས་དབང་གང་གི་རི་བོའི་རྩེ་མོ་རུ། །མངོན་བརྗིད་སིང་ཧ་ཁྱེད་ལས་གཞན་སུ་ཞིག །སྟོབས་ལྡན་གོ་བེ་ལ་ཡི་གཙུག་ཏོར་རྩེར། །འཕགས་མཆོག་ཆོས་ཀྱི་རྒྱལ་པོ་བསྟི་ཞེས་ཡང་། །ལྔ་བདོའི་མཐའ་འདིར་ས་སྐྱོང་ཆེན་པོ་ཡི། །གཙུག་ན་ཁྱེད་བརྗིད་འདི་དང་རྣམ་དབྱེ་ཅི། །བདག་ཅག་བོད་ཆེན་ཤར་དང་ལ་སྟོད་ལྷོ། །སྐྱེ་བའི་ཡུལ་གྱི་ཐ་དད་སྙིང་སྐལ་ཡང་། །ཡིད་ཀྱི་ངང་པ་ས་སྐྱོང་རྫིང་བུ་རུ། །གཅིག་ཏུ་དཀར་བས་འཇུག་འདི་ཨེ་མ་མཚར། །དེས་ན་ཁྱོད་ནི་གྲུབ་པ་ཆེན་པོའི་ས། །བརྙེས་པར་གྲགས་བཞིན་དོན་དུའང་དེ་ལྟ་ན། །སྐྱེ་འཆི་སྤྲོས་པའི་མཚན་མ་སྤང་ཟིན་མོད། །འོན་ཀྱང་འགྲོ་བའི་སྣང་ངོར་ཅིར་ཡང་སྟོན། །དེང་དུས་གདུལ་བྱར་གྱུར་རྣམས་སྐྱོ་བསྐྱེད་ཕྱིར། །ཅུང་ཟད་བརྙེད་པའི་ཚུལ་སྟོན་གྱུར་རོ་ཞེས། །ཆོས་ཀྱི་རྒྱལ་པོ་དཔལ་གྱི་མགུར་ནས་ཏེ། །དེ་ཡི་བདག་བློ་ངལ་བའི་ལམ་དུ་དྲངས། །དེས་ན་ལྷག་བསམ་དག་པ་ཀུ་མུད་ཏ། །ཆུ་ཤེལ་ནོར་བུ་ཟླ་བ་གངས་ཀྱི་རི། །པདྨ་དཀར་པོ་སྙེམ་མེད་རྩ་ལག་བཞིན། །གཅིག་ཏུ་དཀར་བས་དགེ་བའི་རྟེན་འབྲེལ་དུ། །བརྟན་བཞུགས་ཚིགས་བཅད་ལ་ཀའི་རྫས་དང་བཅས། །ལྷོ་ཕྱོགས་སའི་ཐིག་ལེ་འཐུང་སྤྱོད་འདབས། །གཉལ་སྨད་གྲུབ་པའི་བསྟི་གནས་དགེ་རི་ནས། །དཔལ་ཆེན་རིག་པ་འཛིན་པ་དེ་ཡིས་ཕུལ། །རྟེན་འབྲེལ་འདིའི་མཐུའི་མགོན་ཁྱེད་བདེ་ལྡན་མགོན། །ཇི་བཞིན་གངས་ཅན་བདེ་འི་རྩ་ལག་ཏུ། །བསྐལ་པའམ་ནི་བསྐལ་པ་ལས་ལྷག་པར། །འཚོ་གཞེས་ཞབས་ཟུང་བརྟན་པའི་རྒྱུར་གྱུར་ཅིག །

ཞེས་རབ་མྱོས་ལྕགས་ཕོ་རྟ་ཡི་ལོ་སྨིན་དྲུག་ཟླ་བའི་ཡར་ངོ་རྣམ་པར་དགེ་བའི་ཚེས་བཟང་པོ་ལ་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལཾ།

༈ རྡོ་རྗེ་བྲག་རིག་འཛིན་ཆེན་པོ་ལྕགས་རྟ་ལྷ་ས་ནས།

སྭཱསྟི། གང་གི་གཉེན་གཤིམ་ཐུགས་ཀྱི་ཡོངས་བཅིང་ཞིང་། །དག་པའི་སྣང་བས་བསྐུལ་བའི་ཚིགས་བཅད་གསུང་། །རྣམ་དཀར་རེག་བྱས་སྦོས་ཏེ་ཕྱག་རྒྱ་ཡིས། །རེ་ཁ་ཉམས་མེད་སོན་ལ་འགུ་བ་ཐོབ། །སངས་རྒྱས་ཀུན་དངོས་མཚོ་སྐྱེས་རྡོ་རྗེ་ཡི། །རིང་ལུགས་གཅིག་གྱུར་རྡོ་རྗེའི་མདུད་པ་དེས། །ཕན་ཚུན་ཡིད་དབང་གཅིག་ཏུ་འཆིང་བྱས་ནས། །རྣམ་པར་དཀའ་བའི་ལང་ཚོ་འདི་ཀོ་རྨད། །འདིར་གནས་བཟོད་ནས་གྲུབ་པའི་རྣལ་འབྱོར་པ། །གུ་རུའི་ལུང་གི་ཕོ་ཉར་རློམ་པ་ཡང་། །ད་ལྟ་ལྷ་ལྡན་རྒྱལ་པོའི་ཕོ་བྲང་འདབ། །རིམ་གཉིས་དགེ་སྦྱོར་གོང་ནས་གོང་འཕེལ་མཆིས། །འོན་ཀྱང་ལས་སྣང་འགོག་པ་མེད་པ་ཡིས། །གཏད་མེད་སྒྱུ་འདྲ་བྲག་ཆ་ལྟ་བུ་ཚིག །རྒྱལ་གསུང་འཁོར་ལོའི་གསུམ་པ་ངེས་དོན་གྱིས། །མཐར་ཐུག་ཁྱོད་ཀྱི་སྨྲ་བ་མི་འཐད་དང་། །མངར་རིར་སྐྱེ་མང་སྲོག་ལ་མི་འཇིགས་པ། །བྱམས་པའི་སྦྱིན་པ་བྱས་འདི་ཅི་ཞེས་དང་། །རིས་མེད་རྒྱལ་བའི་བསྟན་དང་བསྟན་འཛིན་ལ། །ལྷག་པར་བྱ་བ་བྱས་འདི་གནོང་ངོ་སོགས། །དེ་འདྲ་ལྟར་སྣང་ཚིག་གི་རྒྱུད་མང་ཉིད། །ཆེན་པོའི་སོར་མོའི་བསྐུལ་ཏེ་ཐོན་ནོ་ཞེས། །རབ་དགའི་སྙན་པའི་གླུ་རུ་སྒྲོགས་པ་དེས། །བདག་བློ་དགེ་བ་འཕེལ་བའི་གྲོགས་སུ་སོང་། །གངས་ཅན་རྗེ་བོ་མཆོག་དང་འཕྲིན་ལས་པ། །ཀུན་ཀྱང་མཐུན་པའི་ཚིག་གི་མེ་ཏོག་གང་། །ལེགས་སོའི་རྔ་སྒྲ་སྒྲོགས་དང་ཆབ་གཅིག་པར། །རིག་འཛིན་རྒྱལ་ཁམས་པ་ལ་བྱབ་སྐབས་ལགས། །བདག་ནི་ཆོས་བཞིན་སྤྱོད་པའི་མལ་ས་རུ། །བླ་མའི་བྱིན་རླབས་དྲོ་འཇམ་གོས་ཀྱིས་ཀླུབས། །གནས་ལུགས་ལྟ་བའི་བཟའ་བས་ཞེ་ཁ་ཁེངས། །ལམ་ཁྱེར་གཉེ་འབོལ་ལ་བརྟེན་བདེ་མོར་མཆིས། །དེ་བཞེན་ཐེག་བརྒྱད་ལྟ་བའི་གྱེན་ཕྱུར་རྩེར། །རྣམ་པར་རྒྱལ་བ་ཨ་ཏིའི་ཁང་བཟང་དུ། །རྣམ་ཀུན་མཆོག་ལྡན་ལྷ་མོ་དཔལ་འཕྲེང་ལ། །རང་རིག་དབང་པོས་དགའ་མགུར་སྤྱོད་བཞིན་གནས། །དེ་སྐད་ནང་ལུགས་ལྷུག་པའི་གནས་ཚུལ་ཉིད། །བྱང་བདག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ། །དགྱེས་པའི་སླད་དུ་འཕྲུལ་སྣང་རྒྱལ་ཁམས་ནས། །ཕུལ་བ་འདིས་ཀྱང་ལེགས་ལམ་གོང་འཕེལ་ཤོག སརྦ་མངྒ་ལཾ།

༈ མཁས་གྲུབ་ཆེན་པོ་ལོ་རི་སྤྲུལ་པའི་སྐུ་ལ་བསྩལ་བ།

རྡོ་རྗེའི་སློབ་མ་དམ་པའི་ཡང་སྲིད་མོས་ཀྱིས་མཆོག་གི་བརྟུལ་ཞུགས་ཅན་གནས་ལྔ་རིག་པ་གང་གི་སྐུའི་ག་ལ་བར། ཉེ་ལར་ནང་ལུགས་སྟབས་བདེར་ཕུལ་བ་དེར་སྐུའི་འཚོ་གཞེས་དྭངས་ཤིང་ངེས་དོན་སྙིང་པོའི་ཉམས་ལེན་གོང་ནས་གོང་དུ་འཕེལ་བ་དང་ཆབས་གཅིག་བླ་མའི་མོས་གུས་སྟོབས་སུ་གྱུར་ཅིང་འདི་སྣང་ཞེན་ལོག་དགོས་མེད་རྒྱུད་ལ་སྐྱེ་བ་ཡི་གདོད་ནས་རང་བྱུང་གྲུབ་པའི་གནས་ཆེན་ཧེ་རུ་ཀ་ཡི་ད་ལར་བསྒྲུབ་པའི་སྡེ་བཙུགས་ཏེ་བཞུགས་པ་ནས་ཚིག་དང་དོན་དུ་ལེགས་པའི་ངག་གི་སྦྱོར་བ་དབྱངས་ཅན་མགྲིན་པར་བཞུགས་པའི་རང་གཟུགས་ཅན་ལ་ཉེ་དགེ་ཞིང་ལེགས་པའི་རྟེན་དང་བཅས་རྟགས་ཀྱི་རོ་ཁ་ཉམས་པ་མེད་པ་འདིར་སོན་པས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བའི་གསོས་སུ་ཐོབ། སྙིགས་མ་ལྔ་བདོ་བ་དུས་ཀྱི་མཐར་ཐུག་འདི་ལྟ་བུའི་སྐབས་སུ་ངེས་འབྱུང་ཞེན་ལོག་བླ་མའི་མོས་གུས་སྲོག་ཕུར་བཙུགས་ཤིང་གནས་ལུགས་དོན་གྱི་ཉམས་རྟོགས་རྒྱུད་ལ་སྐྱེས་པ་ཉིན་མོའི་སྐར་མ་དང་མཚུངས་པར་གྱུར་ཀྱང་ཉིད་ནི་སྔོན་གྱི་ལས་འཕྲོ་བཟང་པོས་གཞི་འཐིང་སྨོན་ལམ་བཟང་པོའི་མཚམས་སྦྱར་མཚན་ལྡན་དམ་པས་ཟིན་གནས་ལུགས་ཀྱི་ཉམས་རྟོགས་སྐྱེ་གྲུབ་པའི་རྒྱལ་མཚན་བསྒྲེང་བ་འདི་ལྟ་བུ་ནི་བཀའ་བརྒྱུད་གོང་མའི་གདུང་འཚོབ་པར་གྱུར་ཅིང་དོན་གཉིས་ལྷུན་གྲུབ་ཀྱི་བཙས་ཆེན་པོར་གྱུར་པ་འདི་ལྟ་ལ་དེ་བཞིན་གཤེགས་པ་སྲས་དང་སློབ་མར་བཅས་པས་ཡོངས་སུ་བསྔགས་པའི་གནས་སུ་གདོན་མི་ཟ་བ་ཉིད་དུ་གྱུར་ལ། དེ་བཞིན་བདག་གི་མིང་ཁོ་ན་ལ་བརྟེན་གསོལ་བ་འདེབས་པ་ནི་ཉིད་རང་དག་སྣང་གར་བུར་གྱུར་པའི་རང་གཟུགས་སུ་ངེས་ཀྱང་བདག་ནི་སོ་སོ་སྐྱེ་བོ་དང་པོའི་རང་བཞིན་དུ་གྱུར་པ་ཡི་ཡིད་བརྩེ་བར་འདུག་རུང་། སྔགས་རྒྱུད་ནས་སེམས་ཉིད་ཆོས་ཀྱི་སྐུ་རུ་ངོ་སྤྲོད་པར་བྱེད་པ་པོ་རྩ་བའི་བླ་མ་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་འདུས་པའི་བྱིན་རླབས་ཅན་དུ་རྡོ་རྗེ་སེམས་དཔས་བསྔགས་པར་མཛད་ན་བདེན་པ་དེ་ཡི་དགེ་ལེགས་སུ་འགྱུར་བར་སེམས། སྤྱིར་གསང་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་བླ་མའི་མོས་གུས་ཁོ་ན་ལ་རག་ལས་པ་ཐུགས་ལ་མངའ་ལྟར་ལགས། དེ་ཡང་སེམས་ཉིད་ངོ་བོ་བརྗེན་པར་མཐོང་ཡང་དེ་ཡི་རྩལ་རྫོགས་པའི་ཆེད་དུ་རླུང་རྡོ་རྗེའི་བཟླས་པ་ལ་གནད་དུ་དྲིལ་ན་ཤིན་ཏུ་ལེགས་པ་སྟེ་འབྲུ་གསུམ་གནས་པ་ཨཿདང་སྦྱར་བ་གསར་རྙིང་གཉིས་ཀར་ཤས་ཆེ་ཡང་རང་རེ་རྩ་བའི་མན་ངག་ལས་ནི་ཧཱུྃ་ཡིག་གནས་པ་དང་སྦྱར་བ་གཙོ་བོར་བྱེད་པ་ལགས། འོན་ཀྱང་འདིའི་མན་ངག་སྔར་ནས་ཁོ་བོས་བྱས་པ་ཐན་ཐུན་ཡོད་ལགས། ལྷག་ཏུ་འདི་ལོ་ཀུན་མཁྱེན་སི་ཏུ་ཞབས་ནས་བསྐུལ་བར་མཛད་ནས་མདོ་དོན་གསལ་བར་བྱས་པའི་ཡི་གེ་ཞིག་ཡོད་པ་སླར་འབུལ་ཐུབ་པ་ཞུ། བསམ་པ་ལྷུན་གྲུབ་ཀྱི་བསྐྱེད་རྫོགས་ཀྱི་གཞུང་འདི་རྩ་འབུལ་ཞུས་ཤིང་། དབང་མཆོག་གི་རིག་འཛིན་རོལ་པ་རྡོ་རྗེ་ཡི་བླ་མ་རྒྱལ་བ་འདུས་པའི་དབང་བསྐུར་དང་ཤིན་ཏུ་མཐུན་ཞིང་དེ་ལ་ལྷ་དབང་གི་སྐབས་སུ་ལྷ་བཅུ་གསུམ་པོ་བསམ་པ་ལྷུན་གྲུབ་ཀྱི་ཚིག་གིས་བསྐུར་བ་དང་བགྲང་འཕྲེང་གི་སྐབས་སུ་སྔགས་ཚན་བཅུ་གསུམ་གྱི་བཟླས་ལུང་སྦྱིན་པ་ཙམ་ལས་གཞན་ཁྱད་པར་མེད། དེ་ལྟར་སྔར་ཡི་གེར་བཏབ་པ་ནི་མེད། སྤྱིར་བདག་གི་བཀའ་མ་དང་གཏེར་རྙིང་ཁོ་ལ་ལྷག་པར་དགའ་བ་ཞིག་ལགས། ཉམས་ལེན་ནུས་ན་གཏེར་ཆོས་གསར་རྙིང་ཇི་སྙེད་པ་འདི་ལྟ་ལ། བདག་གི་མཐོང་སྣང་དང་ཉམས་ཤར་ལ་ཅེར་ཅེར་པོ་ཡེ་ནས་བྱེད་དུ་མ་འདོད་པ་ཡི་ཕལ་ཆེ་བ་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་རང་གི་ལུས་ལ་རང་ཉིད་ནུབ་པར་གྱུར་པ་ལགས། དེ་ལྟ་ཡང་བསམ་པ་ལྷུན་གྲུབ་ཀྱི་ཆོས་སྐོར་འདི་སྨོན་ལམ་གཏད་རྒྱས་ནས་དེར་བསྐུར་བ་ལགས་པས་རང་གིས་ཉམས་སུ་ལེན་པ་དང་གཞན་ལ་འཆད་སྤེལ་སོགས་ཅི་བདེ་བར་བྱོས་ཤིག བཟླས་པའི་དམིགས་པའི་སྐབས་སུ་ཟླ་དཀྱིལ་རིལ་མོ་དང་། ལེབ་ཆགས་དམིགས་བསལ་ཅན་སོ་སོ་དང་གཞན་གང་བདེས་འཐུས་ལ། དམིགས་བསལ་ཅན་ནི་དཔེར་ན་རྡོ་རྗེ་སེམས་དཔའ་རྒྱན་གཅིག་གི་སྒྲུབ་ཐབས་སུ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་ལེབ་ཆགས་ཀྱི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་འགྲེང་ཐབས་སུ་གནས་པའི་ལྟེ་བར་ཟླ་བ་རིལ་མོའི་དབུས་སུ་ཧཱུྃ་ཡིག་ལ་ཨོཾ་བཛྲ་ས་ཏྭ་ཧཱུྃ་བཀོད་པ་ལྟ་བུ་དང་ཡང་དག་ཟླ་གམ་གཅིག་པའི་གཞུང་དུ་ཉི་ཟླ་གའུ་ཁ་སྦྱོར་ལྟ་བུའི་དབུས་སུ་རིན་ཆེན་ཟུར་བརྒྱད་ལ་རྡོ་རྗེ་ཕྱེད་པའི་ལྟེ་བར་ཟླ་བ་ལེབ་ཆགས་ལ་ཧཱུྃ་ཡིག་བཀོད་པས་མཚོན་དེ་ལྟར་རྣམ་གྲངས་དུ་མས་མཐའ་གཅིག་གི་ངེས་བཟུང་མི་ནུས་ལ། གསང་སྔགས་གསར་མའི་གཞུང་བདེ་དགྱེས་ཀྱི་མན་ངག་ཁྱད་པར་བ་ཁ་ཅིག་ཏུ་རང་བྱིན་གྱིས་བརླབས་པའི་དམིགས་རིམ་གྱི་རྩ་བ་དྲན་པ་གཅིག་པར་ནི་ཟླ་བའི་དཀྱིལ་འཁོར་དམར་སྐྱ་ལེབ་ཆགས་སེན་མོའི་ཁྱོན་ཙམ་ལ་ཤིན་ཏུ་དཀར་བའི་ཐིག་ལེ་ཉུང་ཀར་ཙམ་ཞིག་བསྒོམ་ནས་སེམས་མ་ཡེངས་པར་གཏད་དེ་ཡུན་རིང་དུ་བསྒོམ་ན་རླུང་སེམས་དྷུ་ཏིར་ཆུབ་སྟེ་སྤྱན་དང་མངོན་ཤེས་འཆར་བ་གསུང་པ་སོགས་དང་། ཡང་སྐབས་འགར་ཟླ་བ་རིལ་པོར་བསྒོམ་པའི་སྟེང་དུ་ཐིག་ལེ་ཡུངས་ཀར་ཙམ་བསྒོམ་པ་སོགས་སྤྱིར་བཏང་དམིགས་བསལ་གྱི་དབྱེ་བས་བྱེད་པ་ལགས། ཐུགས་བཞེད་བཞིན་གསོལ་འདེབས་ཀྱང་བྲིས་ནས་ཕུལ་མཆིས་ཤིང་དེར་བཞུགས་རིང་བསྒྲུབ་པའི་ཡོན་རྗེ་བཙུན་འགྲོ་བའི་མགོན་པོའི་ཐུགས་རྗེའི་མཛོད་ནས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་གཞིར་བཅས་ཀྱང་ཡུལ་དབང་གི་འབྲུ་ཆ་ཤིན་ཏུ་དཀོན་པའི་སྟབས་དེ་ལ་ཐུག་ཕན་ཐོགས་རེས་ཆེན་པོས་གུང་སྐུ་ཞབས་སུ་ལོ་གསུམ་གྱི་རིང་དཔོན་གཡོག་གཉིས་ཀྱི་གསོལ་ཕོགས་སུ་ཧྲེང་ནས་བླང་ཆོག་པའི་བཀའ་འཛིན་འདི་བཞིན་བསྐུར་ཡོད་པས་འབྲུ་གང་དགོས་དེ་ནས་བླངས་ལུགས་དང་། ཡང་སླད་མར་གནས་ཆེན་གཞན་དུ་བཞུགས་པར་གྱུར་ཚེ་ཡང་ཕན་ཐོགས་གང་དྲག་བགྱིད་འདུན་བྱེད་ལ། གང་ཅིར་སླད་ནས་ཐུགས་དམ་དགེ་སྦྱོར་གྱི་རིམ་པ་ཡང་ངོའི་ཟླ་བ་ལྟར་གོང་འཕེལ་ངོས་གསུང་འོས་ཀྱང་སྐལ་ལྡན་ཤིང་རྟའི་བགྲོད་པ་ལྟ་བུར་འཚལ། ཞེས་རྟེན་ལྷ་གོས་རྣམ་པར་དཀར་བ་དང་། ཀརྴ་པ་ནི་ཉི་མའི་གྲངས་ལྡན་སྔགས་མདུད་དང་བཅས་ཟླ་ཚེས་དགེ་བར་སྒྲུབ་པའི་བསྟི་གནས་ར་ལ་ཟ་འོག་ཕུག་ནས་སྤེལ་བ་སརྦ་མངྒ་ལཾ། དགེའོ། །

༈ བཀྲ་བཟང་པ་ལ།

སྭཱསྟི། སྔགས་རིགས་མངོན་པར་མཐོ་བའི་སྒོ། །གྲུབ་པའི་གདུང་གྱུར་ལྟ་ན་སྡུག །དམ་པ་ཁྱོད་ནི་མིག་སྟོང་ཅན། །དམ་པ་རྡོ་རྗེ་འཛིན་དེའི་ངོགས། །གཞུང་ལུགས་ནགས་རླུང་སྟུག་པོ་ན། །རྣམ་དཔྱོད་ལྡན་ལང་ཚོས་རབ་མྱོས་ཤིང་། །མྱོང་བའི་གྷི་ཝང་འཛག་གྱུར་པ། །ཐབས་ཀྱི་ཐལ་ཀ་ཅན་དེའི་མཆིད། །ཁྱོད་ནི་སྔོན་བསགས་གསེར་གྱི་གཞིར། །ལེགས་བྱས་བདུད་རྩི་ཉེར་བསྐྱེད་པ། །སྨོན་ལམ་དག་པ་ཡོངས་འདུའི་ཤིང་། །དགེ་བའི་འབྲས་བུ་གཡུར་དེ་རྨད། །པདྨ་ཀ་ར་གདེངས་ཅན་དབང་། །གང་བདེའི་ཐུགས་རྗེ་ཆུ་ཁུར་ཅན། །ལེགས་པར་བསྔགས་པ་སྤྲིན་གྱི་སྒྲ། །ཤིས་བརྗོད་མེ་ཏོག་ཁྱོད་ལ་འཐོར། །གང་ཁྱེད་དམ་པའི་བག་ཆགས་མཆོག །དུས་བུ་སད་པར་གྱུར་པ་ཡིས། །བླ་མའི་མོས་གུས་སྙིང་སྟོབས་བརྟས། །དེས་ནི་རྟག་ཏུ་དགེ་བར་ངེས། །དོན་དེས་ཕྱི་མའི་དུས་དག་ཀྱང་། །བདག་ཅག་ནམ་ཡང་འདུ་འབྲེལ་མེད། །ལྷན་གཅིག་རྔ་ཡབ་དཔལ་རི་ལ། །ཚོམ་བུ་གཅིག་ཏུ་མེ་རེ་རེ། །རྟག་ཏུ་འཚོག་པར་སྙིང་དཀྱིལ་ནས། །སྨོན་ལམ་འདེབས་མཆིས་འགྲུབ་པར་ངེས། །སྐལ་བཟང་རྡོ་རྗེའི་སློབ་མ་དང་། །འབྲེལ་བཟང་བྱང་ཆུབ་བར་འགྲོགས་ཤོག །

ཅེས་བོད་ཡུལ་ཀུན་ཏུ་མི་ཡོངས་སུ་གྲགས་པ་ཀཿཐོག་སྤྲུལ་སྐུ་ཞེས་གཟོད་མ་ཉིད་ཀྱི་རྣལ་འབྱོར་པ་ཚེ་དབང་ནོར་བུས་རང་གི་སློབ་མ་བཀྲ་བཟང་ཞབས་དྲུང་ལ་ཆེད་དུ་བརྗོད་པའི་ལི་ཀཱ་ར་མངྒ་ལཾ།

༈ མེ་ལུག་ལོར་སྐྱིད་གྲོང་འཕགས་པ་ཝ་ཏིའི་སྐུ་མདུན་ནས་ཆོས་རྗེ་བློ་གྲོས་ཆོས་འཕེལ་ལ་ཕུལ་བ།

སྔོན་བསགས་བསོད་ནམས་ཤིང་རྟ་ལས་དྲངས་པའི། །ལེགས་བྱས་མཁའ་ལ་མེ་ཡེ་གཡི་དཔུང་ཅན། །དྲི་མེད་སྙིང་རྗེའི་རང་གཟུགས་ཀྱིས་སྤྲས་པ། །སྐལ་ལྡན་ཀུ་མུད་གཉེན་གྱུར་དེ་ཡི་དྲུང་། །ལགས། དེང་དུས་རིམ་གཉིས་གང་འཕེལ་བཞུགས་ནས་ཀྱང་། །གཞན་དོན་སྐྱོང་བར་ཐོས་པས་རྗེས་ཡི་རང་། །འཚམས་ཞུ། ཕྱག་བྲིས་རྟེན་ལྡན་འབེལ་མཆིད་འདིར་འབྱོར་སྤྲོ། །བདག་གི་སྐྱེ་ཡུལ་ཆོས་ལུགས་གང་ཡིན་ཞེས། །དྲི་རྨད་མཛད་ཅིང་སྦ་འཕྲི་མེད་དགོས་ཞེས། །རྩལ་ཡང་རང་ཉིད་ཡོན་ཏན་ལྡན་བཞིན་དུ། །སྦས་ཚུལ་སྤྱོད་པ་ཞིག་ནི་མ་ལགས་ཤིང་། །ཐོས་བསམ་བསྒོམ་པས་དབེན་པའི་སྙོམས་ལས་མཁན། །ཕྱོགས་མེད་རྒྱལ་ཁམས་གནས་བསྐོར་པ་གཅིག་ལགས། །འོན་རང་སྐྱེ་ཡུལ་མདོ་ཁམས་སྣང་གསུམ་དབུས། །བུ་འབོར་སྒང་དབུས་ཀཿཐོག་ལྷོ་ཡི་ཕྱོགས། །ཨོ་རྒྱན་སྦས་གནས་རེ་ཁེ་ལྗོངས་གནས་ཡིན། །ཆོས་ལུགས་པདྨའི་རྗེས་འཇུག་རྫོགས་ཆེན་ཡིན། །ད་ལམ་དུར་ཁྲོད་བརྒྱ་རྩ་འགྲིམ་འདོད་ལགས། །ཁར་སིང་ཞུས་ལྟར་ཡང་དགོན་རི་ཆོས་སྐོར། །ཞུ་མོས་མཆིས་རུང་དེ་ཀར་ཐུགས་བྲལ་གྱིས། །ལོང་ཁྱབ་ཡོད་མེད་བཀའ་མཆིད་སྩལ་བ་དང་། །འབར་རའི་བཀའ་འབུམ་དཀར་ཆག་ལེ་ཚན་དང་། །ཕྱག་ཆེན་རྣལ་འབྱོར་བཞི་ཁྲིད་མཛད་ཁ་ཞུ། །ཆུད་ཟོས་མེད་པར་འཕྲལ་དུ་འབུལ་ལམ་ཞུ། །དེ་སྐད་རྟེན་བཅས་རིག་སྔགས་འཛིན་པས་ཕུལ། །དགེའོ། །

བོད་ཆེན་འབྲི་རྒྱུད་རེ་ཁེ་ལྗོངས་སུ་དྲན་མཆོག་རྩ་བའི་བླ་མ་གདན་སར་མངོན་པར་མཐོ་བའི་གཟེངས་བསྟོད་ཕྱིར་དུ་ཀྲོབ་འཇའ་ཐམ་ཁ་མཚལ་ཆུའི་བྱུགས་པ་རྩ་བའི་བླ་མའི་འཕྲིན་ལས་ལ་དམིགས་ནས་སྙིང་ཐག་པ་ཡིས་གནང་བ་ཡང་དག་པ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུ་འཕྲིན་ལས་འགྲོ་འདུལ་གྱིས་མངའ་རིས་གུང་ཐང་དང་ཉེ་བ་ནས་བསྐུར་བ་མཀྵ་ར་ས་ཏཾ་སརྦ་མངྒ་ལཾ།

༈ བསོད་ནམས་ཆོས་སྐྱོང་དཔལ་ལྡན་ལ་ཕུལ་བ།

ཨོཾ་སྭཱསྟི། རབ་འབྱམས་རྒྱལ་བ་ཀུན་གྱི་མགྲིན་གཅིག་ཏུ། །དམ་ཆོས་སྟོན་མཛད་ཡོངས་འཛིན་དགེ་བའི་བཤེས། །སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཁྱད་པར་དུ། །རང་སེམས་ཆོས་སྐུར་སྟོན་མཛད་མགོན་པོ་དེ། །སངས་རྒྱས་ཀུན་མཉམ་སངས་རྒྱས་ཀུན་ལས་ལྷག །སངས་རྒྱས་ཞིང་མང་ཙན་དན་ཕྱེ་མ་ཡི། །བྱབ་ལས་བླ་མའི་བ་སྤུའི་བུ་ག་གཅིག །དྲི་བཟང་ཆུ་བྱུག་ཕན་ཡོན་ཆེ་ཞེས་པ། །རྒྱུད་སྡེ་ཀུན་ཏུ་ཚིག་དོན་མཐུན་པར་བསྔགས། །དེས་ན་བདག་གི་ཚེ་འདིར་དཀྱིལ་འཁོར་གཙོ། །བཀའ་དྲིན་མཚུངས་མེད་པད་འབྱུང་བདེ་ཆེན་གླིང་། །འཇམ་མགོན་ཀརྨ་རིག་འཛིན་ཉིད་དུ་ངེས། །དེས་ན་ཚེ་རབས་འདྲེན་པ་པད་འབྱུང་དང་། །སྤྱོད་འཆང་དཔའ་བོ་ནམ་མཁའ་སྙིང་པོ་ཡང་། །མགོན་པོ་དེ་དང་ཐ་དད་ཡོང་ཡེ་མེད། །བདག་གི་སྒོ་གསུམ་དགེ་བཅས་དེ་ལ་འབུལ། །བླ་མའི་སྲས་དང་བཙུན་མོ་བྲན་གཡོག་ཡང་། །བླ་མ་ལྟ་བུར་བལྟ་བར་ཡོངས་བསྔགས་ཏེ། །དེས་ན་རང་གི་རྩ་བའི་སློབ་མ་ཉིད། །གྱུར་ཡང་བླ་མའི་རིགས་སྲས་གྱུར་པས་ན། །བརྙས་དང་དམན་པའི་བསམ་པ་ཡོངས་བཏང་ཞིང་། །ཆེ་ཐང་གོ་ས་གཟེངས་བསྟོད་གྱུར་པ་ཡིས། །རང་གི་ཡུན་རིང་མི་ལོ་བཅོ་ལྔའི་བར། །ཉི་བཞིན་རྒྱ་བལ་བོད་ཡུལ་ཀུན་ཁྱབ་པ། །རིན་ཆེན་རྨད་བྱུང་གུ་རུའི་མཚན་བརྡའ་ཅན། །པདྨ་རཱ་ག་བཞུས་པའི་ཁུ་བ་ཉིད། །ལན་བརྒྱའི་ཉིང་ཁུ་ལྟ་བུ་དབང་གི་མདོག །ཉི་མ་འཆར་ཁའི་འོད་དང་རབ་འདྲེས་པ། །སྣོད་མཆོག་ཟླ་བ་ཆུ་ཤེལ་ལས་བྱས་བཞིན། །སྣ་ཚོགས་དར་གྱི་ཅོད་པན་ཀླུབ་བཞིན་དུ། །འཕྲོག་བྱེད་དབང་པོ་ཇི་འདྲ་གཟི་བྱིན་ཅན། །ཡིད་འོང་སྒྲོམ་བུར་འགྱིང་བཞིན་པ་འདི་དང་། །སྔགས་སྐྱེས་བློ་གྲོས་སྣང་བ་མ་རྙིང་པའི། །ལང་ཚོ་རྒྱས་པའི་ནཱ་རི་མ་ཎི་སཱར། །འདི་ཡང་བདེ་ཆེན་ཡེ་ཤེས་སྐྱེད་པ་དང་། །རིགས་ཀྱི་ཕྲེང་བར་དུ་གནས་པའི་ཕྱིར། །དཔལ་ལྡན་རྩ་བའི་བླ་མ་འགྲོ་བའི་མགོན། །ཚེ་དབང་ནོར་བུ་འཕྲིན་ལས་འགྲོ་འདུལ་གྱིས། །སྐལ་ལྡན་བསོད་ནམས་ཆོས་སྐྱོང་དཔལ་ལྡན་ལ། །སྙིང་ནས་བརྩེ་བས་བཀའི་གནང་བ་དང་། །ཆབས་ཅིག་ཀྭོན་འཇའ་ལྷག་བསམ་གྱིས་སྦྱིན་མཐུས། །དགེ་ལེགས་དཔལ་མཆོག་ལང་ཚོ་རྟག་རྒྱས་ཤོག །

ཅེས་རང་གི་རྩ་བའི་བླ་མ་དྲན་མཆོག་དངས་མའི་མགོན་པོ་པད་འབྱུང་བདེ་བ་ཆེན་པོའི་སར་བཞུགས་པའི་རིགས་སྲས་བསོད་ནམས་ཆོས་སྐྱོང་དཔལ་ལྡན་ལ་ཀོན་འཇའ་ཐམ་ཁ་དམར་པོ་རང་གི་ཡུན་དུ་སྤྱད་པ་དང་བཅས་བསྟབ་པའི་སྐབས་སུ་མངའ་རིས་གུང་ཐུང་དང་ཉེ་བར་དགའ་བརྒྱུད་མཚོ་གླིང་ནས་དཔལ་གདོང་ཆུ་བྱ་སྨིན་དྲུག་ཟླ་བའི་ཡར་ཚེས་དགའ་བ་དང་པོར་དཔལ་རིག་པ་འཛིན་པས་ཆེད་དུ་བསྐུར་བ་ཀུན་ཏུ་དགེ་བར་གྱུར་ཅིག་སརྦ་མངྒ་ལཾ།

༈ ཞྭ་ལུ་དགེ་སློང་ལ།

སྭཱསྟི། རྒྱལ་བསྟན་བསམ་འཕེལ་རིན་ཆེན་གང་། །རྙེད་པར་དཀའ་བ་ཡང་ཤེས་ཏེ། །རིན་ཆེན་གསེར་ཕྱེ་ཆ་ཤས་ནས། །བསགས་པ་བཞིན་ལ་གཅིག་ཅར་དུ། །སྡེ་སྣོད་མཐའ་དག་ནོས་པའི་ཡུལ། །སྙིགས་མའི་དུས་འདིར་དཀའ་བར་འགྱུར། །དེས་ན་སངས་རྒྱས་རབ་གསལ་གྱིས། །རྣམ་སྤྲུལ་བུ་སྟོན་རིན་ཆེན་ཏོག །གང་གི་རིང་ལུགས་ལས་འོང་བའི། །ཆོས་ཚུལ་ཇི་སྙེད་འདུས་པ་དེར། །རྒྱལ་བ་རྣམས་ནི་ཐབས་མཁས་པས། །གདུལ་བྱ་དང་མཐུན་འདུལ་བྱེད་སྐུ། །ཅིར་ཡང་སྟོན་པར་མོས་བྱས་ནས། །དག་པའི་སྣང་བས་ལམ་བཟང་པོར། །དོགས་པ་མེད་པའི་ཤིང་རྟ་ལ། །བརྟེན་ནས་ཆོས་རྒྱུན་ཚང་པའི་ཆུད། །སྔོན་བསགས་སྐལ་བ་བཟང་པོ་ཅན། །བདག་འདྲ་ཤིང་རྟ་བཅུ་པ་ཡི། །སྐལ་དང་མཚམ་པར་ཡོངས་འཇོམས་པ། །འདི་ཡང་ལེགས་བྱས་ཉིད་དུ་གྱུར། །གང་ཞིག་ཆོས་ཀྱི་འབྲེལ་པ་ནི། །འབྲེལ་པ་ཀུན་གྱིས་མཆོག་དམ་པར། །བདེན་པའི་ལྗགས་ལྡན་དེས་གསུང་ན། །འདི་ཡང་དོན་ལྡན་ཕུལ་དུ་བྱུང་། །ངེས་པའི་དོན་ལ་ཆོས་ཐམས་ཅད། །སྒྱུ་མ་ལྟར་ཡང་རྒྱལ་བས་གསུངས། །དེ་བཞིན་གང་ལ་ཡང་ཆེ་ཆེར་པོ། །ཞེན་མེད་བློ་བདེ་རྙེད་པ་འདི། །བཅིངས་གྲོལ་ལས་འདས་སེམས་ཀྱི་གཤིས། །དཔལ་ལྡན་རྩ་བའི་བླ་མའི་མཐུ། །ཆ་ཤས་རྟོགས་པས་བློ་བདེའི་གདེང་། །ཇི་བཞིན་བརྙེས་པའི་རྣལ་འབྱོར་ལགས། །འོན་ཀྱང་རྒྱུ་འབྲས་རྟེན་འབྲེལ་ཆོས། །ཁྱད་དུ་མི་གསོད་དང་བླང་བ། །དེ་ཡང་གཉིས་མེད་གཟིགས་པས་གསུངས། །དེས་ན་ཚིགས་བཅད་གཅིག་ཉན་པའི། །ཡུལ་ཡང་འཕགས་པར་མོས་བྱས་ཏེ། །རྣམ་ཀུན་བསྙེན་པའི་གནས་གསུང་ན། །བདག་ཀྱང་ཚེ་རབས་ཐམས་ཅད་དུ། །རྩ་བའི་བླ་མ་མཉེས་གྱུར་ན། །བསྐལ་པ་རྒྱ་མཚོར་མནར་མེད་མེས། །གདུང་ཡང་བཟོད་པས་ལེན་ནུས་ཤོག །ཡན་ལག་བླ་མ་མཆོག་དང་དམན། །ཐ་ན་ཚིགས་བཅད་རྐང་པ་གཅིག །ཞུས་པར་གྱུར་པ་དེ་དག་ཀུན། །དགྱེས་པའི་ལས་ལ་སྒོ་གསུམ་གྱི། །སྡིག་མེད་དགེ་སྤྱོད་ཁྱད་པར་དུ། །ཤེས་རབ་མཆོག་གི་དགྱེས་བྱེད་ཤོག །དེ་སྐད་ཚིགས་སུ་བཅད་པ་ཡིས། །ཞུ་ཡིག་འདི་ནི་རྒྱལ་ཁམས་པ། །རང་གཞན་གྲུབ་མཐའ་རྒྱ་མཚོའི་གནས། །ལེགས་སྨྲ་སྤོབས་པ་ཅན་དེའི་ཕུལ། །སརྦ་མངྒ་ལཾ།

༈ ཆོས་རྗེ་ཀུན་བཟང་དབང་པོ་ལ་ཕུལ་བ།

ཨོཾ་སྭཱསྟི། མི་ཤིག་དྭངས་མའི་ངོ་བོ་ཉིད། །སྟོང་གཟུགས་ཕྱག་རྒྱས་ཉེར་འཁྱུད་པ། །ཨེ་ཝཾ་བདེ་བ་ཆེན་པོའི་དངོས། །དཔལ་ལྡན་བླ་མའི་ཞབས་པད་དུ། །གང་གི་བཀའ་འབངས་ཐ་ཤལ་པ། །རྒྱལ་བའི་སྲས་སུ་རློམ་གྱུར་ནི། །ཡུལ་ཀུན་མྱུལ་བའི་རྣལ་འབྱོར་གཟུགས། །སྒྲོལ་མགོན་འཕྲུལ་དེས་འདི་སྐད་གསོལ། །ཨེ་མ་མགོན་པོ་མཆོག་ཁྱེད་ཉིད། །གྲུ་འཛིན་བདག་ལས་གཞན་ཅི་ཞིག །དེས་ན་འཁོར་བ་ཇི་སྲིད་དུ། །འགྲོ་དོན་ཆེད་དུ་རྟག་བཞུགས་ངེས། །འོན་ཏེ་བདག་སོགས་གདུལ་བྱའི་ངོར། །སྐལ་ལྡན་འགྲོ་བ་འདྲེན་སླད་དུ། །ཕྱོགས་དེར་ཞབས་པད་རྡོ་རྗེ་བཞིན། །བརྟན་གསོལ་འདེབས་ཀྱིས་གྲུབ་མཛོད་ཀྱི། །ཞུ་བའི་སྙིང་པོ་དེ་ལགས་ཀྱི། །ནམ་ཡང་མ་དོར་ཐུགས་རྗེ་ཅན། །གཞན་ཡང་བདག་རྨོངས་ཉོན་མོངས་པའི། །དབང་བསྒྱུར་སྒོ་གསུམ་ལས་རྣམས་ཀུན། །མཐོལ་ཞིང་གསོལ་ཚེ་འཕགས་ཁྱོད་ཀྱི། །དག་གཙང་དབུགས་དབྱུང་ཅིས་མི་མཛད། །བདག་ནི་རིང་པོར་མི་ཐོགས་པར། །དུས་ཀྱི་འཁོར་ལོ་འགྲུབ་གྱུར་པའི། །ཐུགས་འདུན་སྨོན་པས་མ་དོར་བར། །ཡང་ནས་ཡང་དུ་མཛོད་ཅིག་ཀྱེ། །དེ་སྐད་ཀཿཐོག་སྤྲུལ་སྐུ་ཡིས། །ཤུགས་འབྱུང་དད་པས་གླུ་རུ་འབུལ། །

ཞེས་ཀོང་ཡུལ་ཤིང་ལོའི་ཚལ་ནས་ནག་པོ་སྤྱོད་པས་བྱིན་གྱིས་བརླབས་པའི་སྤྲུལ་པ་དཔལ་ཚེ་དབང་ནོར་བུས་ཕུལ་བའི་ཞུ་ཡིག་བཀྲ་ཤིས་པར་གྱུར་ཅིག དགེའོ། །

རི་བོ་གངས་ཅན་གྱི་ཁོངས་ཀྱི་ཆོས་ཀྱི་རྒྱལ་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་གང་གི་སྐུ་ཞབས་སུ་ཕུལ་བའི་ཞུ་ཡིག་དཔྱིད་ཀྱི་དཔལ་མོས་བགྲང་པའི་ཀོ་ཀི་ལ་ཡི་གླུ་དབྱངས།

༈ རི་བོ་གངས་ཅན་གྱི་ཁོངས་ཀྱི་ཆོས་ཀྱི་རྒྱལ་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་གང་གི་སྐུ་ཞབས་སུ་ཕུལ་བའི་ཞུ་ཡིག་དཔྱིད་ཀྱི་དཔལ་མོས་བགྲང་པའི་ཀོ་ཀི་ལ་ཡི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭཱསྟི། ལེགས་བྱས་བསོད་ནམས་བགྲང་ཡས་པས། །མ་ལུས་པ་ཅན་རང་སྟོབས་ཀྱི། །དབང་བསྒྱུར་མངའ་ཐང་རྒྱས་པའི་བདག །མི་ཡི་ལྷ་མཆོག་ཞབས་སྟེགས་ངོགས། །ཚེ་རབས་དུ་མར་རྒྱལ་བའི་དབང་། །པདྨ་ཀ་རས་རྗེས་བཟུང་ཞིང་། །མ་ནོར་རྡོ་རྗེ་ཐེག་ལམ་གྱིས། །རྣལ་འབྱོར་ཕྲན་བུ་དེའི་ཞུ་ཡིག །སྭཱ་སྟི། ཀུན་བཟང་རྣམ་པར་ཇི་བཞིན་བསོད་དཔལ་ཐུགས་བསྐྱེད་རིན་ཆེན་འབྱུང་གནས་ལས། །ཀུན་ནས་དགེ་བའི་མཛད་པ་ནམ་ཡང་ཉམས་མེད་ལྷུན་པོ་མཆོག་ཏུ་བརྗིད། །ཀུན་ལ་ཁྱབ་པའི་འཕྲིན་ལས་སྟོབས་ལྡན་སྣང་བྱེད་གོ་ལ་ཡངས་པོར་སྤྱོད། ཀུན་ཏུ་མངོན་མཐོ་ངེས་ལེགས་རྒྱས་གྱུར་དབང་ཕྱུག་ཆེ་དེའི་ཞབས་སྟེགས་ངོགས། །འདིར་གནས་ལུགས་གཉིས་མཁོས་ཀྱི་སྤྲོས་པས་ཤིན་ཏུ་དབེན་པ་ཉིད་གྱུར་ཀྱང་། །དམ་པའི་རྣམ་ཐར་སློབ་ལ་ཅིག་ཏུ་ཞེན་པའི་བྱ་བྲལ་དཱ་རི་དྲ། །ཕྱོགས་ཀུན་མྱུལ་བ་ཛོ་ཀའི་གཟུགས་འཆང་སུརྦའི་ཕྱོགས་སྐྱེས་ཆོས་སྨྲ་བ། །ཕྲན་བུ་པ་དེས་ཤིས་པའི་སུཥྤ་ཁྱོར་གང་ཨུརྞའི་རྒྱན་བཅིངས་ནས། །གུས་པའི་མཆིད་གསོལ་ཡིན་ལུགས་ལྷུག་པར་མགྲིན་པའི་སྦྱོར་ལས་སྐྱེས། །འདི་ལྟ་གཅམ་བུ་མ་ཡིན་བདག་བློའི་འཆར་བའི་ངང་ཚུལ་ཉིད་དུ་ཀོ། །ཉིད་ནི་བགྲང་ཡས་བསྐལ་པ་དུ་མར་བསོད་ནམས་ཚོགས་ཆེན་བསགས་པའི་མཐུས། །གསུང་གི་རྡོ་རྗེ་འོད་དཔག་མེད་པ་ཞིང་འདིའི་འགྲོ་འདྲེན་པདྨ་འབྱུང་། །གང་གི་རྗེས་བཟུང་བཟང་པོའི་སྨོན་ལམ་རྒྱ་མཚོར་སྤྱོད་པའི་རང་གཟུགས་ནི། །ཆོས་ཀྱི་ཡུལ་དབུས་འཛམ་གླིང་སྤྱི་ཕུད་གངས་ཅན་སྐྱེ་དགུའི་དཔལ་དམ་པ། །ས་ཆེན་མ་ལུས་བདེ་བར་སྐྱོང་བར་དགེ་བཅུའི་ཁྲིམས་ཀྱི་འཁོར་ལོས་བསྒྱུར། །རྒྱལ་བསྟན་རབ་འབྱམས་སྲིད་ཞུ་བྱེད་པའི་ཆོས་ཀྱི་རྒྱལ་པོར་ཡོངས་སུ་གྲུབ། །ཀྱེ་མ་ཟས་གཙང་སྲས་ཀྱི་བསྟན་འཛིན་ལྔ་བརྒྱ་ཕྲག་བཅུ་ཐ་མའི་དུས་ཉེ་བས། །འཛམ་གླིང་དུམ་བུ་ཤཱི་ཏིའི་ལྷོ་ཡུལ་བྱེ་བ་དགུ་བཅུ་རྩ་དྲུག་དང་། །ཆོས་ཀྱི་འབྱུང་གནས་འཕགས་ཡུལ་ལགས་ཀྱང་ཤར་དང་ལྷོ་ནུབ་ཡུལ་གླིང་ཕྲན། །ཆ་ཤས་ཙམ་མིན་ཕལ་ཆེ་ལི་ཙཱ་བི་དང་མུ་སྟེགས་གྲུབ་མཐའ་ཉིད་ཀྱིས་ཁྱབ། །མ་ཧཱ་ཙི་ན་ཡང་ནི་ཕལ་ཆེ་དུ་རུ་ཀ་དང་ཟིན་ཤིང་གྱུར། །རྒྱལ་ཁབ་ཆ་ན་དགེ་འདུན་ཅུང་ཟད་གནས་མོད་དེ་ཡང་ཉི་ཚེར་སྤྱོད། །དེ་བས་ཡུལ་གླིང་ཇི་སྙེད་ཆ་ཀུན་ཐར་པའི་འབྱུང་གནས་རྒྱལ་བའི་བསྟན། །མི་སྣང་མུན་པར་སྤྱོད་པས་སྐྱེ་བོའི་ཚོགས་ཀུན་དགེ་བའི་འབྲས་བུ་དམན། །དེ་ལྟ་ན་ཡང་ཡུལ་དྲུག་དབུས་འགྱུར་བསིལ་ལྡན་རི་བོས་ཡོངས་གཏམ་པ། །བྷོ་ཊ་ཞེས་གྲགས་བྱང་ཆུབ་སེམས་དཔའི་རིགས་ཀྱི་སྐྱེ་བོས་བཟུང་བའི་ལྗོངས། །འདི་ལྟ་རྒྱལ་བ་རྒྱ་མཚོའི་མངའ་བདག་ལག་ན་པདྨ་དཀར་འཛིན་གྱིས། །བདག་གིར་བཟུང་བའི་མཐུ་ལས་འདི་ན་རྒྱལ་བའི་བསྟན་པ་ལུས་པ། །སྣང་མོད་དེ་ཡང་རིན་ཆེན་ཆོས་དག་དཀོན་ལ་རྟག་ཏུ་འཚེ་མང་བས། །བསྟན་པའི་ངོ་བོ་ཆ་ཤས་ཙམ་ལས་དུས་ཀྱི་སྡེ་ཚན་ཉུང་ངུར་གྱུར། །རྩོད་ལྡན་དབང་གི་བསྟན་པ་ཉིད་ཀྱང་གང་ཟག་བློ་ཡིས་དྲི་མས་བརྩོད། །མི་རྣམས་ཀུན་ཀྱང་དམུ་རྒོད་ཤིན་ཏུ་གདུལ་དཀའ་ལས་ལ་རབ་ཏུ་གཡོ། །དེ་ལྟར་ཐུབ་བསྟན་ཐ་མ་སྙིགས་མ་ལྔ་ཡི་སྤྱོད་འི་དུས་འདི་རུ། །རྫོགས་ལྡན་བཟང་པོའི་དགའ་སྟོན་བཀྱེད་སླད་རྒྱལ་བ་ཀུན་གྱིས་ཐུགས་རྗེའི་ཤུགས། །གཅིག་ཏུ་བྱས་ནས་རྒྱལ་བསྟན་གྱེན་དུ་འདེགས་པར་བྱེད་པའི་སྟོབས་ཆེན་གྱད། །མཆོག་ཁྱེད་གྲུ་འཛིན་ནས་སམ་རྔ་ཡབ་གླིང་ནས་ལྗོངས་འདིའི་དཔལ་བཟང་པོ། །ཐུགས་བསྐྱེད་སྨོན་ལམ་དུས་ལས་གཡེལ་མེད་འགྲོ་བའི་བསོད་ནམས་མགྲོན་མཆོག་ཏུ། །ལེགས་པར་བྱོན་ཏེ་ས་ཡི་དཀྱིལ་འཁོར་མ་ལུས་རང་སྟོབས་དཔུང་པ་ཡིས། །ཉེར་སྤྱོད་ལེགས་ཉེས་བདེན་བརྫུན་ཤན་འབྱེད་གཏང་འཛིན་སྔོན་རྦས་རྒྱལ་བའི་སྲོལ། །ཇི་བཞིན་བཟང་པོས་སྐྱེ་དགུ་དབང་མེད་དགེ་བཅུའི་ཁྲིམས་ལ་བཀོད་བྱས་ཤིང་། །ཁྱོད་ཀྱི་བསོད་ནམས་ཟིལ་གྱིས་མཐའ་ཡི་རྒྱལ་པོ་ཀུན་ཀྱང་ཞི་བར་སྤྱོད། །ཧོར་སོགས་སྙིགས་མའི་དཔུང་གི་དྲེགས་པའི་ཚོགས་ཀྱང་ཕྱོགས་འདིར་བྱོལ་བར་བྱེད། །མཐའ་ལྗོངས་རྣམས་སུ་རྒྱལ་པོ་རྒྱལ་ཕྲན་ཇི་སྙེད་སྐྱེ་བོ་གཡུལ་དག་ལ། །རྟག་པར་སྤྱོད་ཀྱང་བོད་ཡུལ་ས་ཆེན་ཁྱོད་ཁྲིམས་ཁོ་ནས་བདེ་བར་འཚོ། །མཆོག་ཏུ་འཇིག་རྟེན་ཀུན་ན་འབྱུང་བར་དཀའ་ཞིང་ཆེས་ཆེར་དཀོན་པ་ནི། །རྫོགས་སངས་རྒྱས་ཀྱི་བསྟན་པ་རིན་ཆེན་འདི་སྟེ་མ་ལུས་ཕུན་ཚོགས་དཔལ། །དགེ་ལེགས་ཀུན་གྱི་གཞི་རྟེན་འབྱུང་གནས་བྱེད་པོ་སྲིད་འདིར་རྣམ་ཀུན་ཏུ། །མཚུངས་པའི་ཟླས་དབེན་དེ་ནི་དམ་པའི་ཆོས་དང་དེ་འཛིན་དེ་ལགས་པ། །གང་དེ་སྙིགས་མའི་དུས་སུ་གྱུར་ཡང་རྒྱལ་བསྟན་རྫོགས་ལྡན་སྐབས་ཇི་བཞིན། །བསྟི་སྟང་བགྱིད་ལས་འདུལ་མདོ་མངོན་པ་ཐུན་མོང་ཐུན་མིན་གསང་བ་སྔགས། །མ་འདྲེས་ཉིད་གསལ་རྩོད་པ་ཡང་མིན་ས་འོག་དར་བཞིན་འབྲལ་ལ་མཛེས། །ངང་ཚུལ་བཟང་པོ་དེ་ལྟས་གངས་ཅན་རྒྱས་པར་འཚོ་འདི་ཁྱེད་ཀྱི་དྲིན། །ཀྱེ་ཧོ། རིན་སེལ་སྙིང་པོ་ཅན་གྱིས་རྒྱལ་བའི་སྐུ་གཟུགས་མཆོད་སྡོང་གཙུག་ལག་ཁང་། །ས་འདིར་ཇི་ཙམ་མཆིས་ལ་མཆོད་པའི་འཁོར་ལོ་རྒྱ་ཆེན་རྒྱ་མཚོའི་སྤྲིན། །གཞན་དུ་ཡང་ནི་བྷ་ཧིར་དྷ་དང་ནེལ་པཱལ་ལ་དང་དེ་བཞིན་དུ། །མ་ཧཱ་ཙི་ན་ལ་སོགས་རྒྱལ་ཁབ་གཞན་དུ་སྣང་བའི་དཀོན་མཆོག་རྟེན། །མ་ལུས་ཇི་སྙེད་ཀུན་ལ་རབ་དཀར་མཆོད་པའི་སྤྲིན་བཟང་འཕྲོ་བྱེད་ཅིང་། །ཕུ་དུད་རི་མོར་བགྱིད་ལ་གཡེལ་མེད་སྔོན་དུས་རྒྱལ་སྲས་མཆོག་སྤྱོད་ལྟར། །དེ་བཞིན་རྫོགས་སངས་རྒྱས་དང་ཧེ་རུ་ཀ་དཔལ་རྣམས་ཀྱིས་བྱིན་བརླབས་པའི། །གནས་ཆེན་དུ་མ་ཀུན་ཀྱང་ཉིད་ཀྱི་བསོད་ནམས་མཐུ་ཡི་རྒྱས་པར་བྱས། །ཨེ་མ། ཡོངས་ཀྱི་འདྲེན་པ་སྤྱན་རས་གཟིགས་སྤྲུལ་བླ་མ་ཆེན་པོ་ངུར་སྨྲིག་འཆང་། །དེ་བཞིན་འཕགས་པའི་སྒྱུ་འཕྲུལ་སྐྱེས་བུ་དམ་པར་གྱུར་པ་གང་འདིར་གནས། །མ་ལུས་གཙུག་གི་ལེགས་པར་མཆོད་པའི་སྲིད་ཞུ་རྟག་མཛད་རྣམ་དཀར་གྱི། །འཕྲིན་ལས་བཟང་པོ་གོང་དུ་བསྟོད་པ་འདི་ཡང་ཉིད་ཀྱི་རྣམ་པར་ཐར། །བསྟན་འཛིན་སྐྱེས་བུ་དགེ་འདུན་དཔུང་གྱུར་མ་ལུས་མཆོད་ལ་གཡེལ་མེད་ཅིང་། །གངས་ཅན་འཛིན་མའི་ལྟོ་ན་ཐེག་ཆེན་སྙན་པའི་སྒྲ་དབྱངས་བཟང་པོས་ཁེངས། །དོན་བསྒོམ་རྣལ་འབྱོར་སྤྱོད་ཀུན་དབེན་པའི་རི་བོར་འཚེ་མེད་ཡང་དག་འཇོག །ཆོས་མཐུན་གང་ཟག་ཀུན་གྱིས་བློ་སྤང་མ་ཞུམ་རྒྱབ་འདི་ཉིད་ཀྱི་མཐུ། །གངས་ཅན་འདི་ན་གྲུབ་མཐའ་རིས་མེད་ཀུན་གྱི་ཕུན་ཚོགས་དཔལ་བཟང་པོ། །མ་འདྲེས་རང་ལུགས་ཕན་ཚུན་རྩོད་མེད་བཟོ་བདེར་སྤྱོད་པ་འདི་འདྲ་བ། །ཆོས་ཀྱི་རྒྱལ་པོ་མེས་དབོན་རལ་པ་ཅན་གྱུར་གཤེགས་པ་ནས་བརྩམ་སྟེ། །ད་ལྟའི་བར་བྱོན་སྲིད་འཛིན་རྒྱལ་པོ་རྣམས་ནས་དཔེ་ཟླས་དབེན་པར་གྱུར། །དེང་དུས་འདི་ནི་མཁའ་ལ་འཆར་བའི་ཟླ་བ་ཆུ་སྣོད་དུ་མ་རུ། །ཆ་ཤས་མ་ཡིན་ལུས་རྫོགས་ཇི་བཞིན་རྒྱལ་བསྟན་གྲུབ་མཐའ་ཐ་དད་པར། །དེ་དང་དེ་ལ་ལྷག་བསམ་ཕུ་དུད་རི་མོར་རྒྱས་གྱུར་ཕན་པ་མཆོག །སྩལ་བར་མཛད་པ་འདི་ནི་འཕགས་པའི་རྣམ་པར་ཉིད་ལས་སུ་ཞིག་སྨྲ། །སྔོན་དུས་བཟང་པོ་ལགས་ཀྱང་ཚུལ་འདི་ཞུགས་ཚེ་སྙིང་སྟོབས་ཅན་རྣམས་ཡང་། །ཁུར་གྱིས་ལྕི་མོད་དེང་སང་སྙིགས་མ་འདི་འདྲར་ངལ་བ་མེད་པ་ཡིས། །དེ་བཞིན་གཤེགས་པ་ཀུན་གྱི་འབྱུང་གནས་གསུང་རབ་རིན་ཆེན་རྒྱ་མཚོ་ཞེས། །རིང་བསྲེལ་མཆོག་ཏུ་གྱུར་པ་ཆོས་ཞེས་སྡེ་སྣོད་གསུམ་དང་བཞི་པ་ཡིས། །གླེགས་བམ་རིན་ཆེན་ལས་བྱས་བརྒྱ་ཕྲག་དུ་མ་ཉིད་ཀྱང་ཆད་མེད་བསྒྲུབ། །གྲངས་མེད་འཆར་བའི་མ་མ་བསྐྲུན་པ་ལས་ཀྱང་བསོད་ནམས་འཛད་མེད་སྤྱོད། །རྟག་ཏུ་བཀླགས་པའི་ཆོས་སྒྲས་ཡང་ནི་སྲིད་པ་གསུམ་འདི་མཛེས་པར་བྱེད། །འབྲེལ་ཀུན་བྱང་ཆུབ་ཆུ་རྒྱུན་རྒྱས་མཛད་དེང་དུས་སྲིད་འདིར་ཁྱེད་ལས་སུ། །སྙིགས་མའི་དུས་འདིར་རླབས་ཆེན་རྣམ་དཀར་སྤྱོད་པ་དེ་འདྲར་རྒྱལ་དང་སྲས། །རྣམས་ཀྱི་ཤིས་པའི་མེ་ཏོག་ཆར་ཆེན་ཉིད་ལ་འབེབས་དང་ལྷན་ཅིག་ཏུ། །ཚངས་དང་བརྒྱ་བྱིན་དབང་ཕྱུག་ཆེ་རྣམས་དགའ་བས་ཀུན་ཏུ་གར་བསྒྱུར་ཞིང་། །འཇིག་རྟེན་སྐྱོང་སོགས་རྒྱལ་བའི་བསྟན་བསྲུང་ཀུན་ཀྱང་ཕྱོགས་འདིར་གུས་འདུད་ངེས། །ཀྱེ་ཧོ། གདུལ་བྱ་སྐྱོང་ཕྱིར་ལེགས་ཉེས་ཁྲིམས་ཀྱི་གཏང་འཛིན་ཚར་གཅོད་རྗེས་བཟུང་མཁས། །རྒྱལ་བསྟན་ལྷག་པར་སྤྱོད་འདི་ཆོས་རྒྱལ་མྱ་ངན་མེད་པའི་ངང་ཚུལ་དྲན། །རྩོད་ལྡན་སྙིགས་མའི་དུས་འདིར་རྫོགས་ལྡན་བཟང་པོའི་དགའ་སྟོན་དཔལ་མཐའ་དག །མཆོག་ཏུ་རྒྱས་པར་བྱེད་འདི་རིགས་ལྡན་དྲག་པོའི་འཁོར་ལོ་ཅན་དུ་དྲན། །དེ་ལྟར་གསོལ་བ་འདི་ཡང་བསྔགས་འོས་བསྔགས་པར་བྱེད་པ་སྔོན་དུས་ཀྱི། །དམ་པའི་རིང་ལུགས་ལས་བྱུང་དཔལ་མགོན་ཀླུ་དང་དཔལ་ལྡན་དཔའ་བོ་སོགས། །འཕགས་པའི་ས་ལ་བཞུགས་པའི་མཁས་རྣམས་ཀྱིས་ཀྱང་མི་ཡི་བདག་པོ་ཆེ། །དམ་པར་གྱུར་པ་རྣམས་ལ་བརྒྱ་ཕྲག་ཚིག་གི་མངོན་པར་ཡོངས་བསྟོད་མཛད། །དེ་ཕྱིར་ཉིད་ཀྱི་རྣམ་ཐར་གཅིག་ཏུ་དཀར་བའི་མཛད་པ་རྒྱ་མཚོ་ལས། །ཐིགས་པ་ཙམ་ཞིག་སྙིང་ནས་ཡི་རང་དགའ་བའི་ཤུགས་ཀྱི་མགྲིན་ནས་ཐོན། །མཐའ་དག་བརྗོད་པར་ས་ཡིས་ནུས་ཏེ་མ་ཧཱ་ཙི་ནའི་རྒྱལ་པོ་ནི། །འཇམ་དཔལ་སྤྲུལ་པར་སྨྲ་བཞིན་བྷོ་ཊའི་ཡུལ་གྱི་རྒྱལ་པོར་གྱུར་པ་གང་། །རྒྱལ་བའི་བསྟན་ལ་ལྷག་པར་བྱ་བ་བྱེད་ལ་ཟླ་མེད་ཆོས་སྐྱོང་བ། །འདི་འདྲར་སྙིང་རྗེའི་བདག་དེའི་ཐུགས་རྗེའི་མཐུ་ལས་བྱུང་ཞེས་ཅིས་མི་སྨྲ། །གང་ཞིག་སྙིགས་དུས་འདུལ་དཀའ་འདུལ་མཛད་འགྲོ་ལ་སྨན་སླད་རྒྱལ་པོའི་ཚུལ། །འཕགས་རྣམས་བསམ་བཞིན་འཇུག་པའི་རྣམ་པར་བློ་ཡི་གཞལ་བྱ་ནམ་ཡང་མིན། །དེས་ན་ས་ཡི་མངའ་བདག་མི་ཡི་དབང་ཕྱུག་མགོན་ཁྱེད་འགྲོ་རྣམས་ཀྱི། །བདེ་སྐྱིད་དཔལ་ཀུན་བསྲུང་ཞིང་རྒྱལ་བསྟན་ཀུན་ཏུ་རྒྱས་སླད་ལྗོངས་འདི་རུ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུང་གི་འཇིག་རྟེན་འདི་ཀུན་སྐྱོང་གི་བར། །ཚངས་ཆེན་རྒྱལ་པོའི་ཚེ་དང་གཅིག་ཏུ་བྱས་ཏེ་བསོད་ནམས་གཟི་འབར་སྐུ། །ནམ་ཡང་གཞོམ་པ་མི་མངའ་རྡོ་རྗེ་ལྷུན་པོ་ཇི་བཞིན་གཡོ་མེད་པར། །མི་འཇིག་ཤ་ར་ཎ་ཡི་ཡོངས་འདེགས་རྟག་པ་ཤ་ཤྭ་ཏ་ཡི་ཁྲིར། །མཐའ་བཞིའི་མི་བདག་ཀུན་གྱི་པི་རོཿཁྱེད་ཀྱི་ཙ་ར་ཎཱ་ཡར་འདུད། །ཟླ་མེད་ཀུན་ཏུ་མཛེས་པའི་གོ་འཕང་ཆེ་མཐོ་དབང་ཕྱུག་འབུམ་གྱི་རྩེར། །སུམ་རྩེན་བདག་པོ་དེ་དང་སྤུན་ཟླར་བྱས་ཏེ་མཐའ་ཡས་དགེ་བ་ཡི། །དཔལ་འབྱོར་ནམ་ཡང་ཉམས་མེད་གོང་ནས་གོང་འཕེལ་དཀར་ཕྱོགས་དགེ་བ་ལྟར། །དགའ་བ་མ་སིམ་སྤྲོ་བ་བདེ་བ་འབའ་ཞིག་རོལ་པའི་ལང་ཚོ་ཆེ། །ཀུན་ཏུ་བཟང་པོར་སྤྱོད་གྱུར་འཁོར་ལོ་བསྒྱུར་རྒྱལ་རྩིབས་ཀྱི་མུ་འཁྱུད་བཞིན། །ཕུན་སུམ་ཚོགས་པའི་ཆབ་སྲིད་ཀུན་ཏུ་རྒྱས་ཤིང་ཡོངས་སུ་བལྟས། །ཚུལ་དེ་བཞིན་དུ་ཞབས་པད་བརྟན་པར་རྩེ་གཅིག་མོས་འདུན་དྲག་པོ་ཡི། །གསོལ་བ་འདེབས་ཀྱི་དགེ་བའི་བསམ་པ་ཇི་བཞིན་བསླུ་བ་མེད་པ་རུ། །གྲུབ་གྱུར་ལེགས་བྱས་དཔལ་དུ་འབར་ནས་སྲིད་རྩེའི་བར་དུ་ཁྱབ་པར་ཤོག །དེ་ལྟར་སྨོན་པ་འདི་ཀོ་ལེགས་རྟོགས་ཁོང་དུ་ཆུད་གྱུར་ཀུན་གཟིགས་པ། །བདུད་བཞིའི་དཔུང་ཀུན་འཇོམས་མཛད་དཔའ་དང་སྲས་གྱུར་གཞན་ཕན་རྒྱ་ཆེན་བདག །སློབ་གྱུར་ཞི་བར་གཞོལ་བཅས་ཀུན་གྱི་བདེན་མཐུ་ནུས་པའི་གཟི་བྱིན་གྱི། །ཇི་ལྟར་སྨྲས་པའི་དོན་ཀུན་ཡོངས་གྲུབ་མི་དབང་མཆོག་གང་རྒྱས་གྱུར་མཛོད། །དེ་སྐད་བདག་བློའི་འཁྲི་ཤིང་ནས། །ཞུ་བའི་ཡི་གེ་ཀོ་ཀི་ལ། །ཡིན་ལུགས་ལྷུག་པའི་དབྱངས་སྒྲོགས་བཞིན། །རབ་དཀར་གོས་ཀྱི་སྒྲོ་གཤོག་ལྡིང་། །བྱ་མ་རྟ་ཡི་རླུང་གིས་བསྐྱོད། །ཕུན་ཚོགས་དཔྱིད་ཀྱི་དཔལ་མོའི་ཁབ། །དབང་ཕྱུག་ཆེན་པོའི་ཞབས་ཀྱི་སྟེགས། །པདྨ་རྒྱས་པའི་ངོགས་དེར་ཞུགས། །ཀུན་ཏུ་བཟང་པོའི་དཔལ་ལ་སྤྱོད། །སྙན་ཚིག་བཟང་པོའི་འཇིག་རྟེན་ཁེངས། །རྟེན་འབྲེལ་བཟང་པོ་ཡར་ཟླ་བཞིན། །དགེ་ལེགས་བཟང་པོ་འཕེལ་རྒྱས་ཤོག །མངྒ་ལཾ་བྷ་ཝནྟུ།

ཞེས་ཤར་ཕྱོགས་ཤིང་ལོའི་ཚལ་ཀོང་ཡུལ་ཉང་ཁ་རི་ཁྲོད་འབོལ་ཆུ་མིག་ནས་དོན་གྲུབ་ས་ལུག་གི་སྦོ་ཟླའི་ཚེས་བརྒྱད་ལ་དཔལ་ཚེ་དབང་ནོར་བུས་ཕུལ་བའི་ལི་ཀ་རཿ མངྒ་ལཾ།

གངས་ཅན་འགྲོ་བ་ཡོངས་ཀྱི་འདྲེན་པ་༸གོང་ས་བདུན་པ་བསྐལ་བཟང་རྒྱ་མཚོའི་ཞབས་སུ་ཞུ་ཡིག་ཕུལ་བ་ངང་པའི་བུ་མོའི་གླུ་དབྱངས།

༈ གངས་ཅན་འགྲོ་བ་ཡོངས་ཀྱི་འདྲེན་པ་༸གོང་ས་བདུན་པ་བསྐལ་བཟང་རྒྱ་མཚོའི་ཞབས་སུ་ཞུ་ཡིག་ཕུལ་བ་ངང་པའི་བུ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭཱསྟི། བསྐལ་བཟང་འགྲོ་བ་ཡོངས་ཀྱི་མགོན། །རྒྱལ་བ་རྒྱ་མཚོའི་ངོ་བོ་ཉིད། །གངས་ཅན་སྐྱེ་དགུའི་གཙུག་གི་རྒྱན། །བླ་མ་ཆེན་པོའི་ཞབས་སྟེགས་ངོགས། །ཀུན་བཟང་རྒྱལ་བའི་རིང་ལུགས་གང་། །དྲི་མེད་འཛིན་པ་རྡོ་རྗེ་ཡིས། །རྣལ་འབྱོར་སྙིང་པོ་གཞོལ་འདུན་ཅན། །ཕྲན་དེའི་དད་པའི་ཞུ་ཡིག་སོ། །སྭ་སྟི། ལྷ་མི་བློ་ལྡན་བགྲང་ཡསགཙུག་ན་མངོན་པར་མཆོག་ཏུ་འཕགས་པ་བཟང་པོ་ཉིད། །བསྐལ་བཟང་འགྲོ་བའི་འདྲེན་པར་ཐུབ་དབང་ཉིད་མཚུངས་ངུར་སྨྲིག་གར་གྱི་རྣམ་རོལ་བ། །རྒྱ་མཚོའི་གོས་ལ་འཁོད་ཀུན་ཐར་པ་མཆོག་ལ་དཀྲི་བྱེད་ཡོངས་ཀྱི་འདྲེན་པ་ཡི། །སྲིད་འདིར་ཟླ་བྲལ་ཀུན་གཟིགས་ངོ་བོ་གང་གི་ཞབས་སྟེགས་ཆུ་སྐྱེས་ག་ལ་བར། །ཕྲན་བུ་གངས་ལྡན་འཆར་ཕྱོགས་སྐྱེས་བུ་ཀུན་སྤང་བར་རློམ་ཀུན་ཏུ་རྒྱུ། །པདྨ་ཀ་རས་རྗེས་བཟུང་ཐ་ཤས་གང་གི་རིང་ལུགས་འཛིན་བློ་ཅན། །འཁྲུལ་པའི་སྣང་བར་རབ་ཏུ་སྤྱོད་ཀྱང་རྣལ་འབྱོར་ཡེ་ཤེས་རྒྱ་ཡི་ཟོལ། །གྱི་ནར་གནས་དེའི་ལེན་བྱེད་འཁྲི་ཤིང་གསེར་སྒོར་ཚངས་པའི་སྐྱེ་གནས་ལྟར། །འདུད་དེ་ཆེས་ཆེར་གུས་པའི་ཡིད་ནི་རྒོད་མའི་ཁབ་ཉེ་བླངས་ལྡན་བཞིན། །ཤིན་ཏུ་དངས་པའི་བློ་ནི་འཇིག་རྟེན་སྒོང་ངར་སྐྱེད་དེ་བྷཻ་ཊའི་བཞིན། །སིམ་པ་ཆེན་པོའི་ཡོང་བསྐུལ་མགྲོན་སྦྱོར་མཆེ་ལས་སྐྱེས་ཀྱི་ཧ་ཏ་བཞིན། །སྙན་པར་བརྗོད་པའི་གཟུགས་གང་མཚུན་དབང་སྲིང་གི་མཆོག་གྱུར་རྒྱུད་མང་བཞིན། །གསོལ་བ་མགོན་ཁྱེད་བཟོད་མར་འོད་ཟེར་དཔལ་བརྩེགས་རྒྱལ་བར་ཡོངས་བརྙེས་ཀྱང་། །ཀུན་ཁྱབ་སྙིང་བརྩེའི་དམིགས་མེད་ཐུགས་རྗེར་ཡོངས་གོམས་སྒྱུ་འཕྲུལ་ཅིར་ཡང་སྣང་། །ཀུན་ནས་འདྲེན་མཛད་མཆོག་གྱུར་གྲུ་འཛིན་བདག་གི་པད་དཀར་འཆང་ཡང་བྱ། །སྣ་ཚོགས་དགེ་བའི་དཔལ་སྦྱིན་ལྷ་མིའི་བླ་མ་མཚུངས་པ་མི་མངའ་བ། །ཡོངས་ཀྱི་མགོན་པོར་གྱུར་ཀྱང་གངས་ཅན་འགྲོ་བའི་བདེ་སྐྱིད་ལྷག་པར་བསྐྱེད། །འཁོར་འདས་མཉམ་ཉིད་གཟིགས་ཀྱང་ལུང་རྟོགས་དམ་ཆོས་རིན་ཆེན་ལྷག་པར་སྤེལ། །རྒྱལ་བ་གཞན་ལས་ལྷག་པའི་ཐུགས་བསྐྱེད་ཐུགས་རྗེ་རྨད་བྱུང་མཆོག་མངའ་བས། །རྒྱལ་ཀུན་འཕྲིན་ལས་གཅིག་ཅར་གྲུབ་བྱེད་ཀུན་བཟང་ཇི་འདྲ་མཁྱེན་པ་ཅན། །སྙིགས་ལྔ་བདོ་བའི་དུས་འདི་ནམ་ཡང་བསྐལ་པ་རྫོགས་ལྡན་བཟང་པོ་ཡི། །དགའ་སྟོན་བདེ་ལེགས་མཆོག་གི་རྒྱ་མཚོ་ཀུན་ཏུ་འཕེལ་ཞིང་རྒྱས་མཛད་པ། །མཁྱེན་བརྩེ་ནུས་པ་ཕུལ་བྱུང་འགྲོ་ཀུན་མདྲེན་མཛད་སྙན་པའི་རྔ་བོ་ཆེ། །འོག་མིན་ཆེ་བར་ཡོངས་སྒྲོག་སྒྱུ་འཕྲུལ་ཆེན་མོའི་སྲས་ཀྱི་མཚུངས་ཟླར་ཉིད། །ངེས་པའི་དོན་དུ་བདུད་བཞིའི་དཔུང་ཚོགས་མ་ལུས་རྨེགས་མེད་འཇོམ་པ་ཡི། །དཔའ་བོ་དེ་ལགས་རང་སྣང་ལོངས་སྤྱོད་འཁོར་ལོར་གཞོམ་གཞིག་སྣང་མིན་ཡང་། །བདག་སོགས་གདུལ་བྱ་བློ་དམན་བྱིས་པའི་རྟོག་དྲས་བཅིངས་པ་འཕགས་མཆོག་རྣམས། །སྐྱེ་འཕོའི་ངང་ཚུལ་བརྟོན་པ་ལྟར་དུ་སྣང་བ་དེ་གང་གཞོམ་སླད་དུ། །གསོལ་བ་འདེབས་པ་འདི་ལྟ་ལགས་ཀྱི་མགོན་ཁྱེད་དགོངས་པས་ཡོངས་མ་དོར། །བདེ་བ་ཅན་གྱི་ཞིང་གི་བསྐལ་པའི་ཡུན་ཚད་ཇི་ཙམ་དེ་སྲིད་དུ། །ལག་ན་པདྨོའི་བདག་གིར་བཟུང་བ་རང་གི་གདུལ་བྱའི་ཞིང་གི་གཙོ། །མི་ཕྱེད་བཟོད་པ་ཅན་ཞེས་འཇིག་རྟེན་ཁམས་གྱུར་དེ་ཡི་མཆོག་གི་ས། །དྲག་པོས་ཡོངས་བཟུང་ཨེ་ཡི་ཆ་བྱད་སྭཪྞ་ས་དྲ་པཿཉེ་བར་བརྒྱན་པའི་འདིསཿ ཡུལ་གྱུར་དྲུག་གི་ཡོངས་བགོད་བ་ར་ཏ་ཡི་ཆ་གྱུར་ལྷ་བབས་ཀྱིས་སྤུད་ལྗོངས། །འགྲོ་འཆང་དབུས་གྱུར་གྲུ་འཛིན་ཞེས་བརྗོད་པཱུ་ར་ཤྲིཏྟཾ་རང་གི་བསྟི་བའི་གནས། །ས་ལ་གནས་པའི་བདེ་ལྡེན་མཆོག་དེར་ཤརྟ་ལ་ཡི་ཡོངས་འདེགས་རིན་ཆེན་ཁྲིར། །མིག་མི་འཛིན་པའི་རང་བཞིན་ཁྱེད་ནི་འཆི་མེད་མགོན་པོ་མཆོག་གི་སྐུར། །ཡོངས་སུ་བཞེས་ཏེ་མཚན་དཔེའི་རྒྱན་སྐུ་རྡོ་རྗེའི་རི་བོ་ཇི་བཞིན་པར། །སྐྱེ་འཇིག་ན་གེགས་ཀུན་ནི་གཉིས་སྤང་མི་ཤིག་དྭངས་མར་ཡོངས་སུ་དག །གཡོ་འགྱུར་ནཱ་དའི་ཚོགས་ནི་ཡེ་ཤེས་མཆོག་གྱུར་གཞོམ་མེད་སྲོལ་ལ་ཐིམ། །འཕོ་བཅས་ཤུ་ཀྲ་མི་འགྱུར་བདེ་བ་ཆེན་པོའི་དབྱིངས་སུ་ཀུན་ནས་ཞི། །སྒྲིབ་གསུམ་དྲི་མའི་ཚོགས་ཀུན་སྤངས་བ་འཆི་མེད་རྡོ་རྗེའི་ཏིང་འཛིན་གྱི། །འཆི་བདག་བདུད་སྡེའི་དཔུང་ཚོགས་མ་ལུས་ཕྱེ་མར་ཡོངས་སུ་འཐག་བྱས་ཏེ། །གངས་ཅན་ས་གསུམ་ལ་འཁོད་འགྲོ་བའི་ཚོགས་གྱུར་མ་ལུས་ཐམས་ཅད་རྣམས། །དྲི་མའི་ཚོགས་སྤངས་གདོད་མའི་གནས་ལུགས་ཇི་ལྟར་ཇི་སྙེད་ཆོས་ཁོང་ཆུད། །གྲོལ་བའི་མཐར་ཐུག་དེ་ཉིད་མངོན་དུ་མ་བྱས་བར་དུ་མགོན་ཁྱེད་ཉིད། །ཨ་ཧཾ་ཉི་ཟླའི་གུར་ཁང་དབུས་སུ་ཚེ་ཞེས་ལྔ་ལྡན་རྡོ་རྗེ་ཡི། །རང་བཞིན་རྟག་པ་བརྟན་པ་འཇིག་མེད་ཀ་བ་ཉིད་དུ་ཡོངས་འཐས་ཤིང་། །རྩིབས་སྟོང་རི་མོས་ཉེར་འཁྱུད་བགྲོད་བྱེད་རྡོ་རྗེའི་གཟུགས་བྱས་འཕྲོག་བྱེད་ཁྲིར། །ལེགས་བཀོད་གདུལ་བྱ་ཐུགས་རྗེ་ནམ་ཡང་དོར་མིན་ཏིང་འཛིན་ཕྱག་རྒྱའི་ངང་། །ཞབས་པད་བརྟན་པར་གཞག་ནས་རང་གི་ཐུགས་བསྐྱེད་ཐུགས་དམ་ཇི་བཞིན་པ། །འཁོར་བའི་རྒྱ་མཚོར་བྱིང་རྣམས་ཞི་བའི་ལྕགས་ཀྱུས་བདེ་བར་རབ་དྲངས་ཤིང་། །ཞི་ལ་གནས་ཀུན་སྙིང་རྗེའི་སྒྲ་ཡི་ཡོངས་སད་མཐའ་བྲལ་མཆོག་གི་སར། །བཀོད་པར་མཛོད་ཞེས་རྒྱལ་དང་རྒྱལ་སྲས་རབ་འབྱམས་ཀུན་གྱི་ཁྱེད་བསྐུལ་ངེས། །དེ་ལྟ་ན་ཡང་གདུལ་བྱར་གྱུར་པ་གང་གིས་དད་པས་ཡོངས་བསྐྱེད་པའི། །གསོལ་གདབ་ཚིག་ལ་རྒྱལ་བ་རྣམས་ནི་མི་དགྱེས་ནམ་ཡང་མི་མངའ་བས། །འགྲོ་ལ་ཕན་བཞེད་མགོན་པོ་ཞབས་པད་བརྟན་པར་ཆེད་དུ་གསོལ་འདེབས་ཚིག །འདི་འདྲ་བསྟན་འགྲོའི་བརྩས་སུ་ལྷག་བསམ་བཟང་པོས་ཡོངས་བསྐུལ་བརྗོད་ལགས་ན། །དགོངས་པར་བཞེས་ནས་རྫུ་འཕྲུལ་རྐང་པ་ལ་བརྟེན་ཞིང་འདིའི་དོན་ཉིད་དུ། །ཚེ་འོད་དཔག་ཏུ་མེད་པ་ཇི་བཞིན་འཚོ་ཞིང་གཞེས་ནས་བཞུགས་གྱུར་ཏེ། །བདག་སོགས་གདུལ་བྱར་གྱུར་ཀུན་ཁྱེད་ཀྱི་ཐུགས་རྗེའི་གྲུ་ཆེན་ལ་བརྟེན་ནས། །གནས་སྐབས་ཉིད་ནས་ཕུན་ཚོགས་དཔལ་འབྱོར་དབང་ཕྱུག་ཆེ་ཀུན་སྩལ་བ་དང་། །མཆོག་ཏུ་འགྲོ་རྣམས་བརྒལ་དཀའ་འཇིགས་རུང་བརླབ་འཕྲེང་རྟག་པར་འཁྲུག་པ་ལས། །ཡོངས་སུ་སྒྲོལ་བྱས་གནས་སྐབས་ཐར་པ་ཙམ་པོ་ཡང་ནི་མ་ཡིན་པར། །མི་གནས་བདེ་བའི་ཁབ་གྱུར་རྡོ་རྗེ་གྲུབ་ཀུན་གྱི་གནས་དམ་པར། །བཀོད་པར་མཛོད་ཅེས་གསོལ་བ་གདབ་ཀྱི་རེ་བ་ཡིད་བཞིན་འགྲུབ་མཛོད་ཀྱི། །ཀྱེ་མ་རབ་ཏུ་གུས་པའི་ཡིད་ཀྱི་ཡོངས་བཏུལ་ཞུ་བ་དེ་སྐད་ན། །དབང་པོའི་ཐ་གྲུར་ཤིང་ལོའི་ཚལ་ཞེས་རྐང་འཐུང་ཚང་ཞིང་འཁྲིག་དེ་ནས། །བིཀྵ་རྣམས་ནི་དྲི་བཞོན་དག་ནི་གར་བྱེད་བདག་ནི་དད་པའི་གར། །ནཱ་དའི་རྣམས་ནི་འབབ་རྒྱུན་ཅ་ཅོའི་སྒྲ་འབྱིན་བདག་གི་གུས་པའི་གླུ། །གྷ་ན་རབ་དཀར་བརྩེགས་པའི་བཞིན་ངོམ་བདག་ནི་དངས་བས་འཕྱོར་ཞིང་སྒེག །བྲིཥྚི་རྒྱུན་བཟང་ཆུན་པོའི་འཕྲེང་འཕྱང་བདག་ནི་དགའ་བ་རིན་ཆེན་འཕྲེང་། །དེ་ལྟར་འགྲོ་བའི་མགོན་ལ་བདག་ནི་དགའ་གུས་དད་དང་རང་བཞིན་གཟུགས། །དེ་དང་ལྷན་ཅིག་བེམ་པོའི་ཚོགས་ཀྱང་སྒེག་སོགས་བྱ་བ་བྱེད་བཞིན་འགྱུར། །གྱུར་པ་འདི་ཡང་ནམ་དུ་མི་དམན་བློ་ཡིས་ཀུན་བཟང་སྤྲིན་འཐུག་པོར། །འཇིག་རྟེན་དབང་ཕྱུག་སྒྱུ་འཕྲུལ་མཆོག་དེ་མཆོད་པའི་སླད་དུ་འཕྲོ་བར་གྱིས། །ཡང་གཅིག་བདག་བློ་མ་ལ་ཡ་རི་ས་བརྟོལ་མིག་ཡང་མཛེས་པའི་ཤིང་། །ཤེས་རབ་སྣང་བ་ས་མཆོག་མཆོག་གང་ཡོངས་རྒྱལ་དཀར་འཛིན་བརྟས་པའི་ཀླུང་། །སྙན་པའི་ངག་སྦྱོར་དྲི་བསུང་སྲུང་བཟང་མེ་ཏོག་ཟུར་མིག་འཁྱུག་ཅིང་གཡོ། །ཞུ་བའི་ཡི་གེ་སིམ་གྱུར་ངད་པ་འབྲས་གཡུར་བདེ་བའི་རེག་བྱ་སྤྱོད། །རྣམ་པར་སྤྱོད་པ་གང་ནི་གསེར་མངལ་ཅན་གྱི་བུ་མོར་གྱུར་པ་དེ་ཡི་གླུ། །ཡིད་འོང་གཏམ་དུ་སྦྱོར་ནི་གང་གི་ཏམ་བུ་ར་ཡི་སྒྲ་རུ་ཉེར་བཅུག་འདི། །ཀུན་མཁྱེན་ཀུན་གཟིགས་རྒླ་བའི་ངོ་བོ་རྒྱལ་བ་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ཅན། །ཀུན་མཛེས་ཀུན་དཔལ་ཨུཏྤལ་གདེངས་ཅན་མཆོག་གི་མཆོག་ཁྱེད་དགྱེས་པའི་རོལ་མོར་བྱས། །དེ་ལྟར་བདག་བློའི་རྫིང་བུ་ལས། །ལེགས་ཐོན་ཞུ་ཡིག་ངང་པའི་གཟུགས། །སྙན་ཚིག་གསེར་གྱི་གཡེར་ཁ་ཅན། །ལྷ་གོས་བཟང་པོའི་སྒྲོ་གཤོག་ཅན། །ཕོ་ཉའི་རླུང་ཤུགས་ལ་བརྟེན་ཏེ། །གྲུ་འཛིན་འདོད་དགུའི་རྒྱ་མཚོའི་དབུས། །མིག་མི་འཛུམ་པའི་ཞབས་ཀྱི་སྟེགས། །ཡིད་འོང་པད་ཚལ་དེར་ཞུགས་གྱུར། །ལེགས་པར་དགྱེས་པའི་རྒྱུར་གྱུར་ནས། །ལེགས་པའི་འདྲེན་བྱེད་དཀྱུས་རིང་པོས། །ལེགས་པར་སྐྱོང་ནས་ཕུན་ཚོགས་ཆེ། །ལེགས་པའི་དཔལ་ཀུན་སྩལ་ཡང་གསོལ། །མངྒ་ལཾ་བྷ་ཝནྟུ།

ཅེས་ཤར་ཕྱོགས་ཤིང་ལོའི་ཚལ་ཞེས་ཀོང་ཡུལ་ཉང་ཁ་རི་ཁྲོད་འབོལ་ཆུ་མིག་ནས་དོན་གྲུབ་ས་ལུག་གི་ལོ་སྦོ་ཟླའི་ཚེས་བཅུ་གཅིག་ལ་དཔལ་རིག་པ་འཛིན་པས་ཕུལ་བའི་ལི་ཀ་རཿ མངྒ་ལཾ།

༈ སྟོད་ཁ་ཆེ་དང་བོད་ཀྱི་ཡུལ་མཚམས་ལ་དྭགས་རྒྱལ་པོར་གནང་བ།

ཨོཾ་སྭཱསྟི། དགེ་ལེགས་བསོད་ནམས་འབུམ་གྱི་གཟི་འབར་བས། །ས་ཆེན་དཀྱིལ་འཁོར་དབང་བསྒྱུར་དངོས་གྲུབ་མཆོག །ཡོངས་ཐོབ་མི་དབང་རིགས་ཀྱི་ཐིག་ལེ་ཆེ། །སྐྱེ་དགུ་བདེ་འཚོ་མགོན་དེའི་སྐུ་གཞོག་དྲུང་། །བོད་ཆེན་ས་ཡི་ལྟེ་བར་ཡོངས་སྐྱེས་ཤིང་། །ཕྱོགས་མེད་རྒྱལ་ཁམས་ཀུན་རྒྱུའི་རྣལ་འབྱོར་པ། །མང་ཐོས་ཟབ་ཆོས་སྒོ་བརྒྱ་འབྱེད་མཁས་པ། །ངེས་གསང་རྫོགས་ཆེན་པ་དེས་ཞུ་བའི་མཆིད། །མངའ་རིས་ཀསྨི་ར་ཡི་ཡུལ་མཚམས་སུ། །གནས་གྱུར་མི་མཆོག་ས་བདག་གང་བདེ་ལ། །ཁྱབ་བདག་སངས་རྒྱས་ཡོངས་ཀྱི་གཙོ་བོ་མཆོག །ཨོ་རྒྱན་སིན་དྷུའི་མཚོར་འཁྲུངས་བདེ་བ་ཆེ། །པདྨ་ཀ་ར་འོད་དཔག་མེད་མགོན་དེ། །ཐུགས་རྗེའི་སྤྱན་གྱི་མ་དོར་རྟག་སྐྱོང་ཞིང་། །བརྩེ་བའི་ཕྱག་གི་བཀྲ་ཤིས་མེ་ཏོག་ཆར། །སྲིད་ཞིའི་དགེ་ལེགས་ཀུན་དང་ལྷན་ཅིག་ཏུ། །མི་ཡི་རྗེ་བོ་དེ་ལ་ཕྱག་བྱས་ནས། །སྙན་པ་ཚང་གནས་བར་དུ་རྒྱས་གྱུར་ཤོག །གང་ཁྱོད་དགེ་བའི་གཟིགས་པ་ཡངས་པོ་ཡིས། །འདིར་གནས་རིག་པ་འཛིན་པ་ཡང་ན་ཡང་། །ཕྱོགས་དེའི་བསྟན་འགྲོའི་བརྩས་སུ་འོང་འོས་ཞེས། །སྙན་ཚིག་རྔ་སྒྲ་བཟང་པོས་བསྐུལ་གྱུར་པས། །དེ་དོན་གེགས་མེད་འགྲུབ་པར་ཡོངས་སྨོན་མོད། །རེ་ཞིག་བོད་ཡུལ་ཤར་ཕྱོགས་ཤིང་ལོའི་ཚལ། །ཉེ་བའི་འཐུང་སྤྱོད་ཙཱ་རི་ཏྲ་བལྟ་བར། །བསྐྱེད་འདུན་ལགས་པའང་དགོངས་པར་གཞོལ་བ་དང་། །དེ་བཞིན་བོད་ཆེན་ཕྱོགས་ནས་འཁོར་དང་བསྟུན། །ས་བདག་མི་རྗེ་ཁྱེད་ཀྱི་གསུང་ཇི་བཞིན། །ཕྱོགས་དེར་ངེས་པར་སླེབ་བྱེད་དུས་དེ་རུ། །འགྲོ་ཕན་རྒྱལ་བསྟན་བྱ་བ་ཆོས་བསྒྲུབ་སྤྲོ། །དེ་སྲིད་ཀུན་ཏུ་ཁྱོད་སྐུ་འཚོ་གཞེས་ཤིང་། །གཟི་མདངས་ཆེས་རྒྱས་ཆབ་སྲིད་གོང་དུ་འཕེལ། །ས་གསུམ་འགྲོ་བས་ཁྱོད་ཀྱི་སྙན་པའི་གཏམ། །བརྗོད་པས་བྲལ་ཅིང་བདེ་བས་འཚོ་བར་ཤོག །དེ་སྐད་ལྷུག་པར་བརྗོད་ཚིག་ངང་མོ་ལ། །ཙི་ནའི་འཕྲུལ་ལག་གིས་བསྒྲུབ་གཤོག་པ་ཡིས། །མཛེས་བྱེད་རུ་ལག་འབྲས་སྤུངས་གཙུག་ལག་ནས། །ཀུན་དགའ་ཤིང་སྟག་ནག་ཟླའི་ཚེས་བཟང་པོར། །ལྷིང་སྟེ་སོང་བ་ས་སྐྱོང་མི་ཡི་བདག །ཆོས་བཞིན་མཛད་དེའི་ཐུགས་མཚོར་འཇུག་དགྱེས་སྨོན། །མངྒ་ལཾ།

༈ གཙང་སྟོད་གྱེ་རེ་ལོ་ཙཱ་བ་ཆེན་པོར་ཕུལ་བའི་ཞུ་ཡིག

གནས་ལྔ་རིག་པའི་ཉི་མར་ཡངས་གྱུར་པས། །འཇིག་རྟེན་འདི་ན་བློ་ལྡན་བལྟ་བའི་མིག །མཁས་གྱུར་སྐྱེ་བོའི་གཙུག་ན་མངོན་མཐོ་བ། །ངག་དབང་བཀྲ་ཤིས་རྣམ་རྒྱལ་ཞབས་པད་དུ། །མང་དུ་ཐོས་པའི་རྒྱ་མཚོ་ལས་འོང་པའི། །རྣམ་དཔྱོད་ལང་ཚོ་རྒྱས་པ་སྐྱེ་ལྔའི་དུང་། །ལེགས་བཤད་གཏམ་གྱི་ང་རོ་སྒྲོག་སྤོབས་པའི། །གྲགས་ལྡན་གཞོན་ནུ་དེ་ཡི་ཞུ་བའི་མཆིད། །མགོན་ཁྱེད་སྐྱེ་བ་དུ་མར་ལེགས་སྤྱད་འབྲས། །བྱང་ཆེན་ཡོངས་བསྔོ་སྨོན་ལམ་བཟང་པོ་ཡི། །དུས་འདིར་དམ་པ་མགོན་གྱི་རྗེས་སུ་བཟུང་། །མ་ནོར་སྒྲུབ་བརྒྱུད་སྙིང་པོའི་གྲུབ་མཐའ་ཞུགས། །ཁྱབ་བདག་བླ་མའི་རིམ་གྲོ་ཆོས་བཞིན་སྤྱོད། །ཐ་སྙད་གཙུག་ལག་རྒྱ་མཚོའི་ཕ་མཐར་རོལ། །བསྟན་པའི་འབྱུང་ཁུངས་རིག་གནས་རྒྱ་མཚོ་སྤེལ། །ལེགས་སྦྱར་སྨྲ་བའི་སེང་གེ་གཅིག་པུ་པ། །བློ་ལྡན་ཡོངས་ཀྱི་ཕྱག་འོས་བཀུར་བའི་འོས། །དེ་ནི་བདག་གི་སློབ་དཔོན་ཁོ་ནར་དྲན། །ཚུལ་འདི་འདྲ་བའི་སྐྱེས་མཆོག་འཇིག་རྟེག་མིག །གང་དེ་དེང་དུས་རུ་བཞིའི་གཙང་གི་སྟོད། །རུ་ལག་སྐྱེ་རེ་རིག་གནས་ལྡིང་ཁང་ན། །ཁམས་དྲུག་རྡོ་རྗེའི་སྐུ་མཆོག་བསྙེལ་མེད་ཅིང་། །ཇི་སྙེད་རྣལ་འབྱོར་ལང་ཚོ་རྒྱས་བཞིན་དུ། །ཇི་ལྟར་ཕྱག་ཆེན་ཉམས་ལེན་མཉམ་གཞག་དང་། །སྐལ་ལྡན་དོན་དུ་འཚོ་བཞུགས་སྙན་པའི་གཏམ། །ཐོས་པས་བདག་སེམས་འཆི་མེད་གསོས་སུ་གྱུར། །འདི་ན་གནས་པའི་བྱ་བྲལ་གྱི་ན་བ། །མིང་གི་བླ་བཏགས་ཚེ་དབང་ནོར་བུ་ཞེས། །གདན་སའི་ཁུར་བོར་སྤྲང་པོའི་གྲལ་སྙེགས་ཤིང་། །ལྷག་ཚུགས་རྒྱབ་སྐྱུར་དམ་ཆོས་དོན་གཉེར་ཞིང་། །ཁེངས་གྲགས་སྤང་ནས་རང་གཞན་འགྲོ་བའི་དོན། །རང་འདོད་མེད་པར་སྤྱད་བློ་མཆིས་མོད་ཀྱང་། །འདི་སྣང་ཆོས་བརྒྱད་གངྒཱའི་རླབས་ཕྲེང་བཞིན། །ནམ་ཡང་འདོར་མེད་བདག་བློའི་སྐྱེད་འདི་དུབ། །འོན་ཀྱང་མཚན་ལྡན་བླ་མའི་བཀའ་དྲིན་ལས། །གནས་ལུགས་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་། །མདོ་རྒྱུད་དགོངས་དོན་ཇི་བཞིན་སྨྲ་ཡང་སྤོབས། །མཁས་ཁྲོད་ཞུམ་ཞིང་བླུན་ཁྲོད་ང་མི་རྒྱལ། །དམ་སྡོམ་དག་ཅིང་གཞན་ཕན་ལྷག་བསམ་ལྡན། །རྒྱལ་བསྟན་སྲོག་ལྟར་བཙའ་བའི་ཞེ་གདེང་དང་། །དད་ལྡན་སློབ་མ་མི་བསླུ་སྙམ་པ་བཅས། །རྦད་ཞོད་ཙམ་མིན་སྙིང་ཁུང་གཏིང་ནས་ཤར། །ཚུལ་དེར་སྐུ་སྐྱེར་གྲགས་པའི་ཞབས་མ་དྲང་། །རང་ཡང་དལ་འབྱོར་འདི་ཉིད་ཆུད་མ་ཟོས། །དེ་དག་གནས་ལུགས་ལྷུག་པར་བརྗོད་པའི་གཏམ། །དཔོན་སློབ་ཐུགས་ཡིད་གཅིག་འདྲེས་སྟབས་ཀྱི་གསོལ། །མཚམས་ཀྱི་ཞུ་མཆིད་གསེར་གྱི་རི་བོ་ལ། །གནས་བཅས་འདབ་ཆགས་གསེར་དུ་འགྱུར་བ་བཞིན། །རིག་པའི་ཉི་མ་འཇིག་རྟེན་མིག་གཅིག་པུ། །མཁས་མཆོག་ཁྱེད་ཀྱི་ཐུགས་རྗེ་ལ་བརྟེན་ནས། །ལེགས་སྦྱར་དབྱངས་ཅན་ཀ་ཙན་པཱ་ནིའི་མདོ། །ཆ་ལག་སྨྲ་སྒོ་སུམ་རྟགས་བསྟན་པའི་གཞི། །དེ་བཞིན་སྙན་པར་སྨྲ་བ་དཎྜིའི་གཞུང་། །མཁས་མཆོག་རིན་ཆེན་འབྱུང་གནས་པྲ་བྟ་ར། །གཞན་ཡང་དཀར་ནག་རྩིས་གཞུང་གཡུལ་རྒྱལ་བཅས། །ཐོས་བསམ་ཀློག་པའི་སྐལ་བ་ཅུང་ཟད་ཀྱི། །ཐ་སྙད་གཙུག་ལག་བལྟ་བ་བློ་མ་ཟུམ། །རིག་པའི་གནས་ལ་ཕྲོ་བ་ཆ་ཤས་རྙེད། །བདག་གི་ཚུལ་དེ་གཞན་ལས་མ་ཡིན་གྱིས། །གཙུག་ལག་སློབ་དཔོན་གཅིག་མཆོག་རྒྱལ་པོ་ནི། །མ་ཧཱ་པཎྜི་ཏ་གྱུར་སྐྱེ་རེ་བ། །མངྒའི་མཚན་ཅན་བཀའ་དྲིན་ཁོ་ནར་ངེས། །ཐ་སྙད་བློ་གྲོས་བསྐྱེད་མཛད་ཤེས་རབ་བརྒྱུད། །སློབ་དཔོན་དེ་ནི་ཕ་ལས་ལྷག་གོ་ཞེས། །ཀུན་བཟང་རྡོར་སེམས་རྡོ་རྗེའི་ལྗགས་ཀྱིས་བསྔགས། །མདོ་ལས་ཕ་མ་འཕགས་དང་མཉམ་ཞེས་གསུངས།།དོན་དེས་ཤེས་རབ་སློབ་དཔོན་བདག་གི་ཕ། །མཚན་ནས་འབོད་དོ་བཀྲ་ཤོས་རྣམ་པར་རྒྱལ། །ངག་གི་དབང་ཕྱུག་མཁྱེན་རབ་རྒྱ་མཚོའི་གཏེར། །གང་གི་བཀའ་དྲིན་རྒྱ་མཚོའི་མཐའ་དང་མཉམ། །དེ་ལྟར་ཤེས་ཤིང་གོ་བོ་པཎྜི་ཏ། །བདག་ནི་ཚེ་རབས་འདི་ནས་བྱང་ཆེན་བར། །སྐྱེ་ཀུན་ཁྱེད་དང་མི་འབྲལ་ལྷན་ཅིག་འགྲོགས། །བྱང་ཆུབ་སྤྱོད་པ་ལྷན་ཅིག་ཉིད་ཙམ་ནས། །ཐེག་ཆེན་ས་ལམ་ཡོན་ཏན་གོང་འཕེལ་ཞིང་། །མཐའ་ཐུག་བདག་ནི་རྫོགས་སངས་རྒྱས་པའི་ཚེ། །ཚོམ་བུ་གཅིག་ཏུ་བྱང་ཆུབ་མཆོག་ཐོབ་པའི། །སྨོན་ལམ་སྙིང་ནས་འདེབས་སོ་བཀའ་དྲིན་ཅན། །བདག་ནི་ཐ་སྙད་རིག་པའི་གནས་རྣམས་ལ། །དགའ་བཞིན་གཙིགས་སུ་མཁས་པའི་རྒྱུ་ཡིན་བཟུང་། །འོན་ཀྱང་ཐ་སྙད་གནས་ལ་མི་ཞེན་གྱིས། །ཅི་ཞེས་རྣམ་རྟོག་བཅོས་མས་བསླད་པར་གོ །དེ་ཡང་སྟོང་ཉིད་སྙིང་རྗེའི་ཟིན་པ་ཡིས། །བྱང་ཆེན་བསྔོས་ན་དེ་ཡི་རྒྱུར་འགྲོ་མོད། །འོན་ཀྱང་འབྲས་བུ་མྱུར་དུ་བསྒྲུབ་པ་ལ། །ཚུལ་འདི་དོ་གལ་ཆེན་ཆེ་བའི་གནས་མ་ཡིན། །དེ་བས་བླ་མར་སངས་རྒྱས་ལས་ལྷག་པའི། །མོས་གུས་གཞི་བཟུང་དམ་ཚིག་སྲོག་ཕུར་བཙུགས། །གཞི་ཡི་ཕྱག་ཆེན་རང་བཞིན་བདེ་གཤེགས་སྙིང་། །བློ་བུར་འཁྲུལ་པའི་དྲི་མ་གསལ་བྱེད་ལམ། །ཡིན་ལུགས་ཕྱག་ཆེན་བསྒོམ་ཡེང་བྱར་མེད་གཤིས། །རྩོལ་བྲལ་གཉུག་མའི་རང་ཞལ་རྟག་བལྟ་བས། །ངེས་འབྱེད་རྣལ་འབྱོར་བཞི་ཡིས་ས་ལམ་བགྲོད། །ཚེ་གཅིག་སངས་རྒྱས་གོ་འཕང་ཐོབ་དེ་སྨོན། །དེ་ལྟ་ན་ཡང་རིག་སྟོང་བསྒོམ་པའི་གནད། །མཉམ་བཞག་བརྟན་པ་ཐོབ་ན་ཇི་སྣང་ཀུན། །ཕྱག་རྒྱ་ཆེ་ལས་གཞན་མིན་སྣང་སྲིད་ཀུན། །སྐུ་གསུང་མཁས་ལེན་ཉིད་ལ་སུ་ཞིག་བསྙོན། །བཀའ་བརྒྱུད་མཆོག་གི་རྣམ་རྟོག་ཆོས་ཀྱི་སྐུར། །བཞེད་ཚེ་རིག་གནས་རྣམ་རྟོག་ཡིན་སྨྲ་བཞིན། །རིག་གནས་རྣམ་རྟོག་ཆོས་སྐུ་ཡིན་དོན་ཅི། །བསྒོམ་ཆེན་རིག་གནས་གཤེ་རྣམས་འདི་དཔྱད་འོས། །གསོང་པོར་སྨྲ་ན་རིག་གནས་ལ་མི་སྨོད། །འདུས་བྱས་དགེ་ལ་དེ་བས་ཀྱང་མི་སྨོད། །གནས་ལུགས་དོན་བསྒོམ་རྒྱུ་འབྲས་འདོར་ལེན་འབད། །དམ་ཚིག་ཚུལ་བཞིན་མྱོང་རྟོགས་རྡོ་རུས་གཏུག །བརྟན་པ་མ་ཐོབ་བར་དུ་དབེན་བསྒོམ་གཙོ། །བརྟན་པ་ཐོབ་ན་ཅིར་སྣང་བསྒོམ་གྱི་གྲོགས། །བསྟན་འགྲོར་ཕན་ན་རླབས་ཆེན་སྤྱོད་ཡིན་པས། །སྐབས་རེ་བསྒོམ་པ་ལས་ཀྱང་ཐོས་བསམ་བཟང་། །ལྷག་བསམ་གྱིས་ཟིན་བྱང་ཆེན་རྒྱུར་བསྔོས་ན། །བྱ་བ་ཕལ་ཆེ་དགེ་བའི་འཁོར་ལོ་ཡིན། །རང་འདོད་འདི་སྣང་ཁེ་གྲགས་ཀྱིས་འཆིང་ན། །ལྟར་སྣང་བསྒོམ་བསྒྲུབ་བདུད་ཀྱི་ཞགས་པ་ཡིན། །བདག་ནི་སྔོན་སྦྱངས་བླ་མའི་ཐུགས་རྗེ་ཡིས། །ལུང་རྟོགས་བསྟན་ལ་བློ་མིག་མ་ཟུམ་པས། །དེ་ལྟར་ཤེས་ཤིང་ཁོང་དུ་ཆུད་ལགས་ཀྱི། །གཞན་གྱུར་རྣལ་འབྱོར་འགའ་ཡི་ངག་ནས་ནི། །བསྒོམ་ཆེན་ཐ་སྙད་གཙུག་ལག་མི་སློབ་ཞེས། །དམ་བཅའ་འཆའ་ཞིང་བདག་སོགས་བསླབ་སྦྱངས་ལ། །ཁྲེལ་ཚུལ་བྱེད་པ་རྣ་བར་སོན་ལགས་པས། །ཕྱོགས་རེར་ཞེན་པའི་འཆིང་བ་བཟློག་སླད་དུ། །གཟུར་གནས་བརྩེ་བའི་སེམས་ཀྱི་ཡིན་ལུགས་ཚུལ། །དཔྱོད་ལྡན་བློ་ནོར་ལེགས་བཤད་ཉིད་དུ་སྤེལ། །དེ་ཡང་ཤེས་རབ་སློབ་དཔོན་བཀའ་དྲིན་ཅན། །རིག་པའི་ཉི་མ་གང་གིས་སྙན་ལམ་དུ། །ཕ་མར་བུ་ཚས་གནས་ཚུལ་གསོལ་བ་བཞིན། །བརྗོད་ལ་ཉེས་པའི་སྐྱོན་ཡོད་མ་ཡིན་གྱིས། །ལེགས་པར་ཤེས་ལ་དགྱེས་པའི་ཐུགས་རྗེ་ཆེ། །ཞལ་རས་འཛུམ་པའི་མདངས་ཀྱི་བྱབ་ཀྱང་གསོལ། །བཀའ་དྲིན་ཆེ་འོ་མ་ཧཱ་ལོ་ཙཱ་ན། །དགའ་བའི་ཡིད་ཀྱི་ཉིན་མཚན་འཁོར་མོ་ཡུག །ཁྱེད་ཞལ་བལྟ་བར་བདག་ཉིད་ཆེས་གདུང་ཞིང་། །དམ་པའི་འབེལ་མཆི་བགྱིད་ལ་རབ་སྤྲོ་མོད། །དེ་ལྟ་ན་ཡང་སྔོན་ལས་རྣམ་གཡེང་གི །དལ་མེད་བྲལ་བས་རྟག་ཏུ་མནར་བཞིན་དང་། །ལྷག་ཏུ་བྲང་སོ་དཔལ་ལྡན་བླ་མ་མཆོག །ཚུར་མཐོང་སྐྱེ་བོའི་སྣང་ངོར་བྲོ་འཚལ་བར། །ཡང་ཡང་ཕོ་ཉ་བཏུད་ནས་འོང་དགོས་ཚུལ། །ཕེབས་ཤིང་བླ་མའི་ཆེད་དུ་གལ་ཆེ་གཤིས། །ཕྱོགས་དེར་འགྲོ་བའི་སྒོ་དོད་ལམ་ཞུགས་ཤིང་། །རིམ་པས་ཀོང་ཡུལ་ཙཱ་རིར་བསྐྱོད་འདུག་ལགས། །དེས་ན་ཕྱིས་སུ་མཇལ་བའི་སྨོན་ལམ་དང་། །རེ་ཞིག་མ་མཇལ་བར་དེར་སྐུ་འཚོ་གཞེས། །དྭངས་ཤིང་རིམ་གཉིས་དགེ་སྦྱོར་གོང་འཕེལ་དང་། །བསྟན་པའི་གསལ་བྱེད་ཉིད་དུ་བརྟན་བཞུགས་གསོལ། །བདག་ནི་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །ཤེས་རབ་དབང་འབྱོར་དབང་ཕྱུག་ཆེན་པོ་ཐོབ། །མ་ནོར་གྲུབ་མཐའ་གཙུག་ནོར་བཞིན་འཆང་བའི། །གྱུར་ནས་མཁའ་མཉམ་སེམས་ཅན་མ་སྟོང་བར། །ཆོས་ཀྱི་སྦྱིན་པ་རྒྱུན་མི་ཆད་འགྱེད་ནས། །རྒྱལ་བ་སྲས་བཅས་དགྱེས་ཀུན་བདག་འགྲུབ་ཤོག །ཤེས་རབ་རྒྱུད་སོགས་སློབ་དཔོན་བསྙེན་བྱས་དགེ །སྐྱེ་ཀུན་ཐ་སྙད་གཙུག་ལག་མ་བསླབ་པར། །རང་ཤེས་ཤེས་རབ་འཇམ་དཔལ་དཔའ་བོ་བཞིན། །མཁས་ཀུན་མཆོད་འོས་བདག་ཉིད་འགྲུབ་པར་ཤོག །དེ་སྐད་ཞུ་ཡིག་འཕྲལ་གྱི་བྲལ་བ་ཡི། །སྙན་ངག་དཔེར་བརྗོད་བལྟ་བར་མ་ལོང་པས། །བློ་ལ་གང་ཤར་ཆུ་འབབ་གཉུག་མའི་ཚིག །སྙན་ངག་རྒྱལ་སྲིད་རང་བཞིན་རྒྱན་ཉིད་ཀྱིས། །ཚིགས་སུ་བཅད་པ་བཅུ་ཕྲག་བཞི་ལྷག་པ། །བཅུད་ལྡན་རྐང་འཐུང་དབང་པོའི་འདབ་བམ་དང་། །རིན་ཆེན་ཟླ་མདངས་དོང་རྩེ་ཡན་ལག་བརྒྱད། །ཤིས་ཚིག་གིས་སྤྲས་རྣམ་དཀར་དར་བཟང་པོས། །སྤུད་བྱས་ཀུན་དགའ་ཆུ་སྟོད་ཟླ་བ་ཡིས། །ཡར་ཚེས་རྒྱལ་བ་དང་པོའི་དུས་སྦྱོར་བ། །སེང་གེའི་སྐབས་སུ་རུ་ལག་གྲོམ་པ་རྒྱང་། །གུ་རུ་པདྨའི་སྒྲུབ་གནས་བྱ་སྐྱིབས་ནས། །གནས་ལུགས་ཕྱག་རྒྱ་ཆེན་པོའི་རྟོགས་ལྡན་པ། །འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་ནི། །བྱ་བྲལ་རིག་འཛིན་ཚེ་དབང་ནོར་བུ་དཔལ། །འཇམ་དབྱངས་རྒྱ་མཚོའི་སྡེ་ཡིས་གུས་པས་ཕུལ། །

༈ ཨོ་རྒྱན་སྨིན་གྲོལ་གླིང་གི་ཁྲི་རིག་འཛིན་རིན་ཆེན་རྣམ་རྒྱལ་ལ་ཕུལ་བ།

དུས་གསུམ་རྒྱལ་བའི་སྤྱི་དཔལ་འཕུར་འགྲོའི་རྒྱལ་པོ་ཐོར་ཅོག་ཅན། །གང་གི་རིང་ལུགས་དྲི་མེད་ཐེག་རྒྱལ་རྩེ་དགུའི་རྫོགས་པ་ཆེ། །འཛིན་སྐྱང་སྤེལ་ལ་འཇིགས་མེད་རྒྱལ་བའི་སྲས་པོ་རྡོ་རྗེ་འཛིན། །སྔ་འགྱུར་བསྟན་པའི་གསལ་བྱེད་ཐིག་ལེར་གྱུར་པ་དེའི་ཞབས་དྲུང་། །དམ་པ་མགོན་གྱིས་རྗེས་བཟང་དལ་འབྱོར་རྟེན། །ཅུང་ཟད་དོན་ལྡན་རྣམ་དཔྱོད་མ་སྨད་ཅིང་། །ངེས་དོན་སྙིང་པོའི་དོན་བསྒོམ་རྒྱལ་ཁམས་པ། །བྱ་བྲལ་རིག་པ་འཛིན་དེས་ཞུ་བའི་མཆིད། །དེང་སང་ཐུབ་བསྟན་ཆེས་སྙིགས་ཁྱད་པར་དུ། །སྔ་འགྱུར་རླུང་འཚུབ་མར་མེ་ཚོང་འདུས་འོ། །ཇི་བཞིན་གྱུར་ཅིང་རྡོ་རྗེ་ཐེག་པ་ཡིས། །ཐོས་བསམ་བསྒོམ་པའི་སྲོལ་ཀ་ཉམས་དམས་ཡང་། །གྲངས་མེད་སྔོན་ནས་ཐུགས་བསྐྱེད་སྨོན་ལམ་གྱི། །འཇིག་རྟེན་མིག་གྱུར་རྣམ་པར་སྣང་མཛད་བསྲུང་། །གང་གི་སྤྲུལ་པའི་ཟློས་གར་འགྲོ་བའི་མགོན། །གཏེར་ཆེན་བླ་མ་འགྲོ་བའི་སྐྱབས་གཅིག་དེའི། །ཐུགས་བསྐྱེད་ཤར་རིའི་ཕྲག་ནས་སྙིང་བསྟན་གྱིས། །འོད་དཀར་གསར་དུ་ཤར་བས་གདུལ་བྱ་ཡིས། །བློ་མུན་སྲིད་མཐར་གཞིལ་ཞིང་སྐལ་ལྡན་གྱིས། །ཨུཏྤལ་དཀར་པོ་རྒྱལ་བྱས་རྨད་དུ་གྱུར། །དེ་ལྟ་ནའང་འགྲོ་འདིའི་བསོད་དབང་གིས། །མ་ཤོང་བ་ཡི་རྡོ་རྗེ་སྙིང་པོ་ཡི། །བསྟན་པའི་དགྲ་བོ་ནག་པོའི་རྩ་ལག་ཅན། །དེ་ཡི་རེ་ཞིག་རྒུད་པར་གྱུར་ན་ཡང་། །དཔག་མེད་བསོད་ནམས་མཐུ་ཡི་ལུགས་གཉིས་ཀྱི། །མངོན་མཐོ་ངེས་ལེགས་ཡོངས་འཆང་སྤྱི་དཔལ་ཆེ། །གང་གི་ཐུགས་རྗེ་མཐུ་ལས་སླར་ཡང་ནི། །གསང་ཆེན་སྙིང་པོའི་རྒུད་པ་སེལ་བྱེད་ནི། །དམ་པ་རྒྱལ་བའི་སྲས་གྱུར་ཁྱོད་ཉིད་ཀྱི། །དྲིན་ལས་སྔ་འགྱུར་ཆོས་ཀྱི་ལང་ཚོ་དཔལ། །ལེགས་པར་སྟོན་པའི་དགའ་སྟོན་བཟང་པོ་འདི། །བདག་སོགས་དཔྱོད་ལྡན་ཡོངས་ཀྱི་སྤྱི་ནོར་གྱུར། །དེས་ན་མགོན་ཁྱེད་སྐལ་བཟང་གདུལ་བྱའི་ངོར། །གཟུགས་སྐུའི་སྣང་བརྙན་ནམ་ཡང་འགོག་མེད་པར། །བསྐལ་པ་རྒྱ་མཚོའི་བར་དུ་འཆི་མེད་མགོན། །དགའ་སྟོན་རྒྱས་པར་མཛོད་ཀྱི་རྒྱལ་བའི་སྲས། །ཚུལ་འདི་ཁ་དཔག་ཅམ་བུ་ཙམ་མིན་གྱིས། །སྙིང་ནས་སྨོན་པའི་རྟེན་འབྲེལ་ཇི་བཞིན་ཤོག །འདིར་གནས་རྫོགས་ཆེན་པར་རློམ་རྒྱལ་ཁམས་པ། །བདག་ཀྱང་ལྔ་འདུས་སོ་སོར་མ་གྱུར་བཞིན། །རྒྱལ་བའི་བསྟན་ལ་སྙིང་ནས་ལྷག་བསམ་ངང་། །པདྨའི་ལུང་བཞིན་འགྲོ་དོན་བསྒྲུབ་ཁུལ་མཆིས། །མཚམས་ཀྱི་ཞུ་ཁོལ་བོད་ཆེན་མངའ་རིས་ནས། །བླ་མའི་གོ་ས་འཛིན་པ་ཟུང་གཅིག་ཀྱང་། །སྔ་འགྱུར་རྒྱུད་སྡེའི་བཤད་བཀའ་བསྒྲུབ་ཆེན་གྱིས། །ཕྱག་ལེན་བསླབ་ཕྱིར་ཆེད་གནེར་དེར་བརྫང་པས། །ད་ལམ་ཕྱག་རྟེན་དངོས་པོ་ཕྲ་འདུག་ཀྱང་། །སྔར་གྱི་མནའ་གཞུང་ཕྱི་ཐག་ལ་དགོངས་ནས། །ལུགས་གཉིས་བདག་རྐྱེན་ཁྱད་འཕགས་གནང་འོས་ཞེས། །གཟུར་གནས་བློ་ཡི་གསོལ་བ་དགྱེས་ཀྱང་འཚལ། །བདག་ལའང་དུས་ཀུན་དགེ་བའི་སྐྱབས་འཇུག་ནི། །རང་གཞན་དོན་གཉིས་རྒྱ་ཆེན་ཡོངས་འགྲུབ་པ། །ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་སེམས། །བརྙེས་པའི་ཐུགས་སྨོན་བཟང་པོ་བྱབ་ཀྱང་འཚལ། །དེ་སྐད་ཞུ་ཡིག་མ་བཅོས་ལྷུག་པར་བརྗོད་པའི་ངང་མོ་ལ། །ལྷག་བསམ་མོས་པའི་ཞེན་གྱིས་གཡེར་ཁ་རབ་འཁྲོལ་ཞིང་། །མ་ཧཱ་ཙི་ནའི་འཕྲུལ་ལག་གིས་བསྐྲུན་ལྷ་གོས་གཤོག་རྒྱང་པ། །མང་མཁར་བསམ་འགྲུབ་རྫོང་ནས་སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ཆེ་དེར་ཕུལ། །མངྒ་ལཾ།

༈ མེ་ལུག་ཟླ་ཚེས་ལ་རི་བོ་དཔལ་འབར་ནས་རྗེ་བློ་གྲོས་ཆོས་འཕེལ་ལ་སྩལ་བ།

རྒྱལ་བསྟན་སྙིང་པོའི་རྩ་ལག་རྡོ་རྗེ་འཛིན་དེའི་དྲུང་དུ། ཞུ་བ། དེང་དུས་ཇི་ལྟའི་མཁྱེན་པ་མངོན་གྱུར་མཚོར། །ཇི་སྙེད་བྱེ་བྲག་མ་འདྲེས་ཁ་དོག་བཀྲ། །གཞན་ཕན་དལ་རླུང་གིས་བསྐུལ་ཐུགས་རྗེའི་རླབས། །ཆེ་གཡོ་སྨིན་གྲོལ་ཆུ་རྒྱུན་འབེབས་དེར་སྤྲོ། །ཕྲན་ནི་མཆོག་ཀུན་ངོ་བོ་པད་འབྱུང་གི །ཐུགས་རྗེ་གོཪྴའི་ལ་རྟེན་ཉེས་བྱས་ཀྱི། །ཚད་དུབ་ལས་རིང་དོན་གཉིས་བག་ཡངས་སུ། །སྤྱོད་པའི་ངང་ཚུལ་རི་མོ་ཙམ་དུ་གནས། །འཚམས་ཞུ། རྗེ་ཉིད་གྲངས་མེད་ནས་གོམས་ཐུགས་བསྐྱེད་མཐུས། །སྙིགས་དུས་འགྲོ་བ་འདྲེན་ལ་ཆེས་རིང་བས། །ཆང་ཐུབ་མང་བརྟེན་གསར་རྙིང་ཆོས་ཀྱི་བཅུད། །དུ་མར་ལོངས་སྤྱོད་གྱུར་ལ་བདག་ཡི་རང་། །དེས་ན་བདག་ཀྱང་ཕྱོགས་མེད་རྒྱལ་ཁམས་སུ། །ཡུལ་དང་ཆོས་ཀྱི་བདུད་རྩིར་བརྟེན་ཁུལ་ཏེ། །ཕྱོགས་འདིར་རྟེན་འབྲེལ་ཤུགས་ཀྱི་ལེགས་འགྲིགས་མཐུས། །ཉིད་སྲས་༼དགེ་སློང་རིན་འཛིན་༽དམ་པར་རི་ཆོས་ནོས་གྱུར་ཕྲལ། །དྲུང་དུ་བཅར་འདོད་སྐུ་ཁམས་སྟབས་ཀྱི། །དུས་དེར་མཇལ་མ་ཐུབ་ཀྱང་དངོས་འདི་ནས། །བཅད་རྒྱ་གྲོལ་བསྟུན་སྔར་ནས་སྙན་གསོལ་བཞིན། །བྱང་གླིང་ཀུན་བཟང་ཐུགས་གཏེར་གྱིས་གཙོས་པའི། །གསར་རྙིང་འདོད་ཆོས་འགའ་ཞིག་ཞུ་མོས་པས། །ཐུགས་རྗེ་ཆེན་པོས་༼བྱ་བཏང་ཡིན་ཕུལ་གྱི་ཟང་ཟིང་དངོས་པོའི་མཎྜལ་ནི་འབུལ་རྒྱུ་མི་འདུག་པས་ཐུགས་མི་ཁྲེལ་བ་༽གནང་བའི་སྐབས་དབྱེ་གསོལ། །དེ་སྐད་ཞུ་ཡིག་སྟོང་མིན་རྟེན་དང་བཅས། །བོད་ཆེན་འཛིན་མར་ཡོངས་སུ་གྲགས་པའི་མིང་། །ཚེ་དབང་ནོར་བུ་ཞེས་གྲགས་བྱ་བཏང་དེས། །རི་བོ་དཔལ་འབར་ནས་ཕུལ་དགེ་གྱུར་ཅིག །

༈ མེ་ཡོས་བླ་མ་རིན་ཆེན་བཟང་པོ་ལ་བསྩལ་བ།

དེར་གནས་ཐོས་ལྡན་དམ་པའི་རིགས་གྱུར་བླ་མ་གང་དེ་ལ། །བསམ་བཞིན་སྨོན་ལམ་དབང་གིས་སྲིད་པར་འཇུག་པའི་གྲགས་ལྡན་ནི། །མདོ་ཁམས་སར་སྐྱེས་རིས་མེད་གྲུབ་མཐའ་རྒྱ་མཚོར་འཇུག་པ་ལ། །འཇིགས་མེད་བློ་གྲོས་གྲུ་རྫིང་ལེགས་ཐོབ་ཀུན་ཏུ་ཆོས་སྨྲ་དེའི་འཕྲིན། །གང་གི་སྒྲ་འཛིན་བུ་ག་ལེགས་པར་བསལ་ཏེ་ཐུགས་བུམ་དུ། །འཇུག་པར་འོས་སོ་བསྟན་ལ་སེམས་ཏེ་སྨྲེངས་འདི་བརྒྱད་ལྡན་ཆབ། །

ཀྱེ་ཧོ། རྒྱལ་བཀའ་འབུམ་ཕྲག་གྲངས་ལྡན་ངོ་མཚར་སྔགས་རྒྱུད་འཕྲེང་བ་གང་། །བཀླགས་ལུང་རྒྱུན་དང་ལྡན་པ་ཡིན་ཞེས་དོན་དུའང་ལྡན་ངེས་པ། །གང་ཟག་བརྒྱ་ཕྲག་དུ་མའི་གྲངས་ལས་ཡང་ནི་ལྷག་པ་ཡིས། །བོད་དང་བོད་ཆེན་ཀུན་ཏུ་ཁེངས་སོ་ཚུལ་དེ་རྙེད་དཀའ་མིན། །འོན་ཀྱང་སྒྲོལ་མགོན་མཆོག་གི་རྣམ་འཕྲུལ་པདྨ་མ་ཎི་ཡི། །ཡོངས་འཛིན་བསྟན་པའི་ཉི་མར་འབོད་པ་གང་དེ་ལས་འོང་བའི། །རྒྱུན་ལ་རྨོངས་ཞེན་ཁོ་ནས་ཁྱོད་ལ་ཡང་ཡང་ཁོ་ན་རུ། །འབོད་པ་བགྱིས་རུང་བདག་གི་ངག་ཀྱང་ཆུད་ཟོས་པར། །དམ་པ་གོང་མའི་དགོངས་པ་བསྐང་བར་མི་མཛད་འདི་ཅི་ཞིག །བསྟན་པའི་ཉི་མའི་ཆོས་རྒྱུན་ཆད་འདི་འཕང་ངོ་བོར་ཕོད་དམ། །བདག་ནི་ཐོས་བསམ་བསྒོམ་ལ་རོ་བྲོ་ཅུང་ཟད་ལྟ་ཟིན་ཅིང་། །ད་ནི་ལང་ཚོ་ཉིད་ཀྱང་ཡོལ་བར་ཉེ་མོད་འོན་ཏེ་ཆོས། །ཐོས་ན་སྙམ་པའི་ལྷག་བསམ་བསྐྱེད་ཀྱང་གྲོགས་བྱེད་མ་མཆིས་འདི། །གཞུ་མེད་མདའ་འདྲ་དེས་ན་བསྟན་པའི་ཉི་མ་ཡབ་སྲས་ཀྱི། །དགོངས་པ་བསྐངས་ཐབས་ཟད་ཀྱི་མི་མངོན་དབྱིངས་ནས་དགོངས་མ་ཁྲེལ། །གང་ཁྱེད་ལང་ཚོས་གཏུག་པ་བདེན་མོད་རྒྱལ་བསྟན་རིན་ཆེན་ལ། །ལྷག་བསམ་བསྐྱེད་ན་ངལ་བ་ཀུན་ཀྱང་འབྲས་ལྡན་ཉིད་ཡིན་གྱི། །དོན་མེད་ཀྱི་ནར་སྤྱོད་པས་ཅི་བྱ་དེ་བས་བསྟན་ལ་དགོངས། །སྙིགས་མའི་དུས་འདིར་བསྟན་ལ་ལྷག་བསམ་དག་པ་ཉིན་སྐར་ཙམ། །རྒྱུན་ལྡ་ན་བླ་མ་དཀོན་མོད་དེ་བས་ཡང་ནི་རྩོལ་ལྡན་གྱི། །སློབ་མ་ཨུ་དུམྺ་ར་འདྲ་བས་བདག་གི་སྩོལ་བ་བསྐྱེད་འདིར་གཟིགས། །གཡེལ་བར་མ་དོར་བསྟན་པའི་ཉི་མའི་བསྟན་ལ་ལྷག་བསམ་མཆོག །བསྐྱེད་པར་འཚལ་ལོ་སྔགས་སྐྱེས་རཏྣ་བྷ་དྲར་བདག་གི་འབོད། །བདག་ནི་མདོ་ཁམས་ཉིད་དུའང་གྲགས་ལྡན་གོ་ས་ཉིད་དུ་སྐྱེས། །རྒྱལ་ཁམས་ཀུན་ཏུ་འཕྲིན་ལས་སྐྱོང་མོད་ད་ལྟ་ཆེ་དགུ་ཡིས། །བཀུར་ཡང་དྲེགས་ཁེངས་བསམ་པ་སྤང་ནས་གང་ཁྱོད་ཆོས་ཀྱི་རྒྱུན། །བཏུང་བར་འདོད་པ་འདི་ཡང་དམ་པའི་རྣམ་ཐར་ཡིན་མིན་སོམ། །དམ་པའི་རྣམ་ཐར་ཡིན་པས་གཡེལ་བར་མ་བོར་བླ་མ་ཀྱཻ། །འཆི་བས་མི་ཚུགས་ས་ཕྱོགས་གང་དུའང་མེད་མོད་ཕྱོགས་འདི་རུ། །འཆི་འཕོ་སྟོན་ཡང་དམ་པ་གང་བཞུགས་དགེ་བའི་ངང་ཚུལ་རྒྱས། །དེས་ན་ཚེགས་ཆེ་གནོག་ཆུང་འཚེ་མང་ཞིང་ཁང་དེ་ཡི་ཅི། །བསྟན་པའི་ཉི་མའི་བསྟན་ལ་དགོངས་ནས་ཚུར་བྱོན་འདིར་གཤེགས་འཚལ། །གལ་ཆེན་ཉིད་དུ་དེ་ཙམ་གསོལ་ནས་གསན་པར་མི་མཛད་ན། །བསྟན་ལ་བརྩེ་བའི་གོ་ཆ་ཆུང་བར་ཟད་པས་དེ་བས་ན། །རྡོ་རྗེ་ཐེག་པའི་གཡར་དམ་གཉན་ལ་དགོངས་ཤིག་རིན་ཆེན་བཟང་། །དེས་ན་ཡང་ཡང་གསོལ་བའི་འབྲས་བུ་མཆིས་པར་མཛོད་ཅིག་གུ །སྔར་གསོལ་དུས་ནས་ཕྱོགས་འདིར་བྱོན་ན་དམ་ཆོས་ཀྱི། །བྱ་བ་ཆོས་ཀྱི་འཁོར་ལོ་བསྐོར་ཟིན་ད་བར་འགྱང་བ་འདི། །དོན་མེད་སོང་སྟེ་ད་ནི་དོན་ལྡན་བརྩོན་པ་བསྐྱེད་ཀྱང་རིགས། །བསམ་པ་ལྷག་མར་མ་གྱུར་ཕན་ཚུན་ཡིད་ཀྱི་རེ་བ་ཡི། །ཤིང་རྟ་འདོད་དོན་ནོར་བུས་ཕྱུར་བུ་ཉིད་དུ་ཡོངས་ཁེངས་བར། །སྨོན་མོ་དེ་དོན་ཇི་བཞིན་བསླུ་མེད་ཉིད་དུ་འགྲུབ་པར་ཤོག །

ཅེས་པ་གངས་རིའི་ཁྲོད་ཀུན་ཏུ་མ་སྦས་པའི་མིང་རླུང་ལྟར་གྲགས་པ་དཔལ་ཆེན་པོའི་རིག་པ་འཛིན་པ་རྒྱལ་ཁམས་པས་འཕྲུལ་སྣང་རྒྱལ་པོའི་ཁབ་ནས་མེ་ཡོས་ཆུ་སྟོད་ཟླ་བའི་ཚེས་དགེ་བ་ལ་སྤེལ་བ་སརྦ་མངྒ་ལཾ།

༈ དཔལ་དང་པོའི་སངས་རྒྱས་དབྱེར་མ་མཆིས་པའི་ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག་གི་ཞབས་པད་རིན་པོ་ཆེའི་དྲུང་དུ།

བདག་ཤཱཀྱའི་དགེ་བསྙེན་རྙིང་མའི་རིག་པ་འཛིན་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་ཞིང་ཁྱབ་བདག་རྩ་བའི་བླ་མ་ཐུན་མོང་མ་ཡིན་པ། དཔལ་པདྨ་བདེ་ཆེན་གླིང་པ་དང་གསུང་རབ་རྒྱ་མཚོའི་ཞབས་ཀྱི་དགོངས་པ་བསྐང་བའི་མཆོག་རྒྱལ་བའི་བསྟན་པ་རིན་པོ་ཆེ་རིགས་སུ་མ་གྲུབ་པར་ཐོས་བསམ་གྱི་ཁུལ་ལས་མཆོག་ཏུ་སྟོན་པའི་གསུང་གི་མཐར་ཐུག་འཁོར་ལོ་གསུམ་པའི་དགོངས་དོན་ཕྱིར་མི་ལྡོག་པར་གཞན་སྟོང་སེང་གེའི་སྒྲ་སྲིད་རྩེའི་བར་དུ་སྒྲོགས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དོལ་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་སྡེ་དང་། རྗེ་བཙུན་རྡོ་རྗེ་འཆང་སྒྲོལ་མགོན་ཞབས་ཀྱི་གསུང་རྡོ་རྗེའི་ཚིག་རྒྱུན་མ་ཆད་པ་ཇི་ཙམ་བཞུགས་པ་དེ་ཉིད། དུས་འདིར་རིགས་བརྒྱའི་ཁྱབ་བདག་དཀོན་མཆོག་མཚུངས་མེད། རྗེ་བཙུན་བླ་མ་དམ་པ་ཀུན་བཟང་དབང་པོའི་ཞབས་གང་ཉིད་ཀྱི་ཐུགས་རྗེར་བརྟེན་ཐོབ་པར་གྱུར་པའི་བཀའ་དྲིན་གྱི་མཚོན་བྱེད་ཙམ་དང་ཁྱད་པར་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་གི་བཀའ། སྒྲོལ་བྱེད་ཁྲིད་ཀྱི་བཀའ། རྒྱུད་འགྲེལ་བཤད་ཀྱི་བཀའ་རྣམས་ལེགས་པར་སྩལ་བ་དང་། གཞན་ཡང་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་དབང་ཁྲིད་ཊིཀྐའི་ལུང་དང་། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོའི་ཁྲིད་བཀའི་རྒྱུན་བཅུ་ཕྲག་གསུམ་དང་གཅིག་གི་ལྷག་པའི་བརྒྱ་ཕྲག་ལེགས་པར་ཐོབ་པའི་བཀའ་དྲིན་ནི་བསྐལ་པ་རྒྱ་མཚོའི་མཐར་ཡང་གཞལ་བར་མི་ནུས་མོད། འོན་ཏེ་མོས་པས་ཚེ་སྲོག་བསོད་ནམས་འདུས་བྱས་དང་འདུས་མ་བྱས་པའི་དགེ་ཚོགས་ཆ་ཤས་བཅས་ཏེ་འབུལ་བར་བགྱིད་པ་གཙོ་བོ་དང་། སྐབས་འདིར་ཟང་ཟིང་དངོས་པོ་ཕྲ་མོ་ཚན་གྲངས་ཙམ་དུ་ཐོག་མར་དབུ་ཞྭ། སྐུ་འགག མནབ་གཟན། དེ་ནས་བདུན་ཚན་བདུན་དུ་བྱས་པའི་ཐོར་མར་དཀོན་མཆོག་གི་རྟེན་གྱི་ལེ་ཚན། ཤེར་ཕྱིན་གྱི་སྐུ་ཆོས་རྗེ་ཡང་དགོན་པའི་ཐུགས་དམ་རྟེན། སློབ་དཔོན་པདྨའི་སྐུ། ཏ་ར་ནཱ་ཐའི་སྐུ་ཐང་ཕྱག་ནས་མ། བཀའ་གདམས་གླེགས་བམ་སྤུ་གཙང་། བྱང་སེམས་ཆོས་འཕགས་ཀྱི་འཕེལ་གདུང་། འཇིགས་མེད་དབྱངས་ཅན་དགའ་བའི་སྐུ་ཚལ་ཁྲག་མ། མ་ཧཱ་པཎྜི་ཏ་སྨྲི་ཏིའི་ཕྱག་ཚྭ། ཐུབ་དབང་གི་སྐུ་དེ་བདུན་ཚན། བདུན་ཚན་གཉིས་པ་མཆོད་པའི་ཡོ་བྱད་ཀྱི་ལེ་ཚན། བུམ་པ། ཀ་པ་ལ་མནྫའི་སྟེགས་བཅས། མར་མེ་ཏིང་བདུན། ཏིང་ཤག སྤོས་ཕོར། སྤོས་བམ་པོ་བཞི་སྟེ་བདུན་ཚན། བདུན་ཚན་གསུམ་པར་རིན་པོ་ཆེའི་ལེ་ཚན། གསེར་གྱི་མེ་ཏོག་ཞོ་གང་། དངུལ་བལ་ཊཾ་སོ་བདུན། དུང་གི་འཕྲེང་བ་རྒྱན་ལྡན། འཆང་འཕྲེང་། གཡུ་བྱི་རུ་སྤོས་ཤེལ་གྱི་དོ་ཤལ། མུ་མེན་གྱི་ལག་གདུབ་བརྒྱན་ལྡན། ཤེལ་འཕྲེང་བཅས་བདུན་ཚན། བདུན་ཚན་བཞི་པ་ཉེར་སྤྱད་ཀྱི་ལེ་ཚན། བཞེས་དཀར་སྟེགས་ཤུབས་ཅན་སྤུས་གཙང་། རྒྱ་ཤིང་གི་བཞེས་ཅན་གོས་ཅན་གྱི་ཤུབས་བཅས། སེང་ལྡེང་གི་གསོལ་ལྡོང་རག་ཤན་མ། ལི་སྡེར། བསེ་སྡེར། གསོལ་པར། རག་སྡིག་སྤུས་གཙང་བཅས་བདུན་ཚན། བདུན་ཚན་ལྔ་པར་དར་རས་གོས་ཆེན་གྱི་ལེ་ཚན། ཁ་བཏགས་ཉིན་མཚན་བདེ་ལེགས་མ། མ་ཧཉྩི། གོས་མཐིང་ཁ་འབྲལ། གོས་ལྗང་ཡུག ལ་དར་ཁྲ་བོ་ཡུག ས་ར་ཧ། པ་རི་དཀར་པོ་ཆ་བཅས་བདུན་ཚན། བདུན་ཚན་དྲུག་པ་གཅན་ཤུན་ལ་སྣམ་གྱི་ལེ་ཚན། སྟག་ལྤགས། གཟིག་ལྤགས། ཝ་ལྤགས། སྣམ་དམར་ཆ། སྣམ་དཀར་ཆ། སླེའུ་ཆ། ཤིང་སྒམ་ཆ་བཅས་བདུན་ཚན། བདུན་ཚན་བདུན་པར་ཉེར་མཁོའི་སྤྱད་པར་རས་སོགས་ཀྱི་ལེ་ཚན། ས་རི་ཁྲ་བོ། སྦུ་ལའི་ལྷམ། གའུ་སྤུས་གཙང་། བལ་ཟམ་སྔོན་པོ། མོན་ཁ་སེར་པོ། ཟངས་དཀར་ཡུག་བཅས་བདུན་ཚན། དེ་ལྟར་བདུན་ཚན་གྱི་དངོས་པོ་ཡིད་ཀྱི་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་བྱིན་གྱིས་བརླབས་ཏེ། མགོན་ཁྱེད་བསྐལ་པ་རྒྱ་མཚོའི་བར་དུ་ཞབས་པད་བརྟན་པའི་ཕྱིར་དུ་འབུལ་བས་འདོད་དོན་ཇི་བཞིན་དུ་འགྲུབ་པ་དང་། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་ཚོགས་མཐའ་དག་ཡོངས་སུ་བྱང་ཞིང་། ཁྱད་པར་རྡོ་རྗེ་སློབ་དཔོན་རྩ་བ་དང་ཡན་ལག་རྣམས་ཀྱི་སྤྱན་ལམ་དུ་གསང་སྔགས་ཀྱི་དམ་ཚིག་གཞུང་བཞིན་དུ་མ་བསྲུང་པ། བཀའ་བཞིན་དུ་མ་འགྲུབ་པ། ཚོར་ཏེ་ཉམས་དང་། མ་ཚོར་ཏེ་ཉམས་པ། སྒོ་གསུམ་བག་མེད་པའི་དབང་དང་། ཉོན་མོངས་པ་ཤུགས་ཆེས་པ། བདུད་ཀྱི་བྱིན་གྱིས་ནོན་ཏེ་ཉམས་ཆག་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་རྩ་བ་ནས་དག་ཅིང་སྒྲིབ་པ་མེད་པ་ཚངས་པ་ཡིད་བཞིན་དུ་གྱུར་ཏེ། བདག་རྡོ་རྗེའི་རྣལ་འབྱོར་པ་ཚེ་དབང་ནོར་བུས་ཚེ་འདིར་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་རང་བཞིན་ཟུང་འཇུག་རྡོ་རྗེའི་སྐུ་ངེས་པར་ཐོབ་པ་དང་། གནས་སྐབས་སུ་གྲུབ་པ་བརྒྱད་དང་ལྟ་སྟངས་ས་བཅུ་གཉིས་སོགས་ལས་རབ་འབྱམས་ལ་དབང་འབྱོར་ཞིང་། མཁའ་མཉམ་སེམས་ཅན་གྱི་དོན་རླབས་པོ་ཆེ་འགྲུབ་པའི་དཔང་པོ་རྩ་བའི་བླ་མ་དམ་པ་བཀའ་དྲིན་གསུམ་ལྡན་ཆོས་ཀྱི་རྗེ་ཀུན་བཟང་དབང་པོའི་ཞལ་སྔ་ནས་གཙོ་བོར་གྱུར་པའི་རྒྱུན་ལྡན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་མཛད་ནས་མྱུར་དུ་འགྲུབ་པར་གྱིས་ཤིག དེ་ལྟར་ཡང་རྫོགས་པའི་སངས་རྒྱས་རྡོ་རྗེ་སེམས་དཔས་སྔགས་ཀྱི་རྒྱུད་སྡེ་ཐོས་པ་དང་། དེ་ཉིད་སྟོན་པའི་རྡོ་རྗེ་སློབ་དཔོན་བསྙེན་ཅིང་གུས་པར་བགྱི་བའི་ཕན་ཡོན་འབྱམས་ཀླས་པར་གསུང་ན། བདག་གི་དགེ་འབྲས་འདིའི་ནུས་པ་ཡང་ཉམས་མེད་གོང་དུ་འཕེལ་ཞིང་། འཕྲལ་དུའང་དུས་དེ་རིང་ནས་བཟུང་རགས་པ་འཁྲུལ་རྟོག་སྤུན་པོ་ངེས་པར་ཆད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་གཤེགས་སྙིང་པོའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། གཟུངས་དང་། ཤེས་རབ་དང་། སྤོབས་པ་དང་། དབང་རྣམ་པ་བཅུ། མི་འཇིགས་པ་བཞི་ལྡན་རྣམས་གདོན་མི་ཟ་བར་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག མདོ་ཆོས་ཀྱི་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་རྒྱལ་བའི་དགོངས་པ་ཇི་བཞིན་རྟོགས་པད་ང་། སྔགས་རྒྱུད་བདེ་དགེས། གསུང་འདུས། ཁྱད་པར་དུ་དུས་ཀྱི་འཁོར་ལོའི་རྒྱུད་དོན་མ་ལུས་ཤིང་ལུས་པ་མེད་པ་དཔྱིད་ཕྱིན་པར་རྟོགས་ན། དེ་ཐམས་ཅད་ཀྱིས་ཀྱང་བཀའ་གསང་བ་ལས་ཀྱང་ཆེས་གསང་བ་མཚན་ཙམ་གྱིས་ཀྱང་སྲིད་པའི་འཕྲུལ་འཁོར་འཇིག་པར་བྱེད་པ་ཐེག་དགུའི་རྩེ་རྒྱལ་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་པ་འདྲེན་པའི་ཤིང་རྟ་ཆེན་པོའི་འཇུག་ངོགས་ཡང་དག་པར་གྱུར་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་ཆོས་དཔལ་པདྨ་འབྱུང་གནས་དང་། དྲི་མེད་བཤེས་གཉེན། དྲི་མེད་འོད་ཟེར་ཞབས་ཀྱི་དགོངས་དོན་མཐར་ཕྱིན་པ་བདེ་བླག་ཏུ་མ་ནོར་ཞིང་མ་འཁྲུལ་བར་རྟོགས་ནས་ཚེ་འདིར་ཚོགས་གཉིས་ཀྱི་མཐར་ཐུག་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་ཞིང་། བདག་དང་འབྲེལ་འགྱུར་གྱི་འགྲོ་བ་མཐོང་ཐོས་དྲན་རེག་ཀུན་ཀྱང་དེའི་གོ་འཕང་ལ་འགོད་ནུས་པར་གྱུར་ཅིག དེ་སྐད་ཁ་ཞེ་མེད་པར་སྨོན་ལམ་གདབ་པ་འདི་ཉིད་ངེས་པར་འགྲུབ་པའི་འདུས་བྱས་དང་འདུས་མ་བྱས་པ། ཀུན་རྫོབ་དང་དོན་དམ་གྱི་དཀོན་མཆོག་སངས་རྒྱས་ཆོས་དང་དགེ་འདུན་རྣམ་པ་གསུམ་གྱིས་མཛོད་ཅིག སྟོན་པ་ཚད་མ་རྡོ་རྗེ་སེམས་དཔའ་ཡིས། །རྒྱུད་སྡེ་ཚད་མ་སྔགས་རྒྱུད་ནས་གསུང་དོན། །ཡིད་ཆེས་ཚད་མ་བླ་མ་མཉེས་པ་ཡི། །དགེ་འདུན་ཚད་མ་དུས་འདུ་ཉིད་ཐོབ་ཤོག །

ཅེས་ས་ག་ཟླ་བའི་དུས་ཆེན་བཅོ་ལྔ་ལ་གུས་པས་ཕུལ་བ་དགེའོ། །

ན་མཿཤྲི་ཀ་ལ་ཙཀྲ་ཡ། རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །རང་བཞིན་གྱི་ནི་འོད་གསལ་བ། །ཟབ་གསལ་མི་འགྱུར་བདེ་བ་ཆེ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །གང་ཞིག་སྒྲིབ་གསུམ་དྲི་མ་ཡོངས་སུ་བཅོམ་པ་དུས་གསུམ་རྒྱལ་བ་ཡི། །དཀྱིལ་འཁོར་གཙོ་བོར་དབང་བསྐུར་རྡོ་རྗེ་ཐེག་པའི་སྟོན་པར་མངའ་གསོལ་བ། །རྡོ་རྗེ་སློབ་དཔོན་གང་ནི་འགྲོ་བ་ཀུན་གྱི་མཆོད་འོས་བཀུར་འོས་བསྟོད་པར་འོས། །དེས་ན་བདག་གུས་མི་ཕྱེད་བླ་མར་མཆོད་པ་ཀུན་བཟང་སྤྲིན་འདིར་སྤྲོས། །

དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་རིས་སུ་མ་གྱུར་ཀྱང་། །རྒྱལ་བའི་བཀའ་འཁོར་ལོ་གསུམ་པ་ངེས་དོན་གྱི་བསྟན་པ་སྟོན་པར་མཛད་པ་ཀུན་མཁྱེན་ཇོ་ནང་པའི་བསྟན་པ་འདི་གསང་ཆེན་རྙིང་མའི་རིང་ལུགས་ཀྱི་ལྟ་བ་དང་ཤིན་ཏུ་མཐུན་ཞིང་སྔགས་གསར་མར་གྱུར་པ་རྣམས་ཀྱི་ཡང་སྙིང་རྩེ་རྒྱལ་དུ་གྱུར་པ་ཡིན་འདུག་ནའང་། དེང་སང་དུས་ཀྱི་དབང་གིས་ཉག་ཤིན་ཏུ་ནས་ཕྲ་ཞིང་མིང་གི་ལྷག་མ་ཙམ་དུ་ཉེ་བར་གྱུར་པའི་སྐབས་སུ་སྣང་བས། ཉམས་སྨད་པའི་ཆོས་དེ་གསོ་ཐུབ་ན་ཕན་ཡོན་བླ་ལྷག་ཏུ་ཆེ་བར་མཐོང་བ་དང་། རང་ཉིད་ཀྱང་སྐྱེ་བ་སྔ་མའི་ལས་དང་སྨོན་ལམ་རྣམ་པར་དག་པས་ཚེ་རབས་གཏན་གྱི་བླ་མ་སློབ་དཔོན་པདྨས་རྗེས་སུ་བཟུང་ཞིང་། དེས་བྱིན་གྱིས་བརླབས་པ་གང་ཡིན་པ། ཚེ་འདིའི་རྩ་བའི་བླ་མ་དཔལ་པྡམ་བདེ་ཆེན་གླིང་པ་དང་གསུང་རབ་རྒྱ་མཚོས་མཚམས་སྦྱར་ནས། དུས་དེང་སང་ཇལ་དཔག་པའི་ཕྱག་རྫོགས་ཀྱི་ལྟ་གདེང་དྲོད་ཚད་ཆུང་ངུའི་སྣེ་ཙམ་མདོ་ཁམས་སུ་སྡོད་རིང་ནས་ཐོབ་པར་བྱས་ཤིང་དེ་ཉིད་རྟོགས་པ་གོང་འཕེལ་དུ་གཏང་བར་འདོད་ནས།

ཙཱ་རི་ཏྲ་སོགས་གནས་དབེན་པ་ཞིག་ཏུ་རང་གཅིག་པུ་རི་དྭགས་རྨས་པའི་སྤྱོད་པ་སྐྱོང་བར་འདོད་ཀྱང་། སྐྱེ་སྔོན་སྐལ་བས་དེ་ལྟར་མ་གྱུར་རུང་། སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་ལ་བལྟ་བ་དང་ཡུལ་གྱི་བདུད་རྩི་གནས་རྟེན་མཇལ་ཕྱིར་རུ་བཞི་མངའ་རིས་རྒྱལ་ཁམས་མཐའ་དག་ཉུལ་ནས་རང་གཞན་དོན་གཉིས་ཅི་འགྲུབ་བྱས་ཤིང་། དམ་པ་རྣམས་ལ་ཞི་གཅོད། ཕྱག་རྫོགས། ནཻ་གུ། ནཱ་རོ། སྦྱོར་དྲུག་སོགས་གདམས་པའི་རྒྱུན་རྣམས་རང་སྐལ་དང་འཚམས་པར་ཐོས་ཤིང་། དེ་དག་སྟོན་པའི་དགེ་བའི་བཤེས་གཉེན་ལ་ཡང་བསྟེན་ཚུལ་རྒྱུད་སྡེ་དང་གང་མཐུན་དུ་དུས་དེང་སང་ལ་དཔག་པར་ཅི་ནུས་ཀྱིས་རང་ཉིད་གོ་ས་སྐྱེ་བརྒྱུད་དང་གཞུང་ལུགས་ཀྱི་རྣམ་དཔྱོད་ཉམས་དང་རྟོགས་པའི་ཡོན་ཏན་ཕྲ་མོ་ཡོད་པའི་ཁེངས་པ་རྣམས་བོར་ཞིང་། བླ་མ་རྣམས་ལ་ཁམས་རྨོངས་ཀྱི་དཔྱད་པ་མེད་པ་དང་། སྐུ་འགངས་ཆེ་ཆུང་ལ་མ་ལྟོས་པར་ཆོས་ཀྱི་བཀའ་དྲིན་ནོས་པའི་བླ་མ་དེ་ལ་ཆེས་གུས་པས་རང་ཉིད་དམའ་བའི་གདན་ལ་འདུག གུས་པས་ཞབས་སྤྱི་བོར་བླངས། ཚིག་གི་ཞེ་ས་འབུལ། བླ་མ་རྣམས་ཀྱི་བསྟན་པ་དང་འཕྲིན་ལས་སྤེལ་བའི་ཐབས་ལ་འབད་པར་བྱས་ཤིང་། དེ་ཡང་ངས་བྱས་ཡུས་དང་མ་འབྲེལ་བ་ནི་རང་ཉིད་ཀྱི་ངང་ཚུལ་ལགས་ཤིང་།

དེས་ན་དམ་པ་རྣམས་ཀྱི་ཐུགས་སུ་ནི་མངོན་པར་མཁྱེན་པ་ཡང་གོར་མ་ཆག་མོད། གཞན་གྱུར་ནི་དུས་སྙིགས་མའི་མིར་གྱུར་པས་ཇི་ལྟར་བྱས་ཀྱང་མགུ་དཀའ་རུང་། ལྟོས་པ་ཡང་མི་འདུག་ཀྱི་དེ་ནི་ཞར་བྱུང་གི་འཕྲོས་སུ་བཏང་སྟེ། དོན་གྱི་སྙིང་པོ་རང་ཉིད་ཀྱི་ཚེ་འདིར་རང་གཞན་གྱི་དོན་གཉིས་ཕུན་ཚོགས་ཀྱི་གནས་ཀུན་སངས་རྒྱས་པདྨ་འབྱུང་གནས་ཀྱི་བསྟན་པའི་སྒོར་ཞུགས་པ་འདི་ཉིད་ཁོ་ནས་འགྲུབ་མོད་ཀྱང་། རྒྱལ་བའི་བསྟན་པ་རིས་སུ་མ་ཆད་པར་ལྷག་པའི་བསམ་པ་ཉིད་དང་། ཁྱད་པར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མདོ་ཕྱོགས་ལྟ་བའི་གྲུབ་མཐའ་ཚུལ་བཞིན་སྐྱོང་བ་ནི་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་སུ་ངེས་ཤིང་གྲུབ་པ་དང་། དེ་བཞིན་རང་ཉིད་ཀྱི་འཁྲུལ་པའི་སྣང་བར་སྐྱེ་བ་སྔ་མའི་རིམ་པ་དུ་མ་ཞིག་རྨི་ལམ་དུ་དྲན་པ་ལས། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཀུན་མཁྱེན་དོལ་པོ་པའི་སློབ་མའི་ཐུ་བོ་ཞིག་ཀྱང་ཡིན་སྙམ་པ་རབ་རིབ་ཤར་བ་དང་།

ཁྱད་པར་རྗེ་བཙུན་ཀུན་དགའ་སྙིང་པོའམ་ཏ་ར་ནཱ་ཐ་གང་གི་ཆོས་སྲས་ཀྱི་ཐུ་བོ་དམ་པར་ཏིང་སྐྱེས་རྒྱལ་པོའི་སྲས་ཆོས་རྗེ་འཇམ་དབྱངས་པར་སྐྱེས་པ་ནི་རེ་གསལ་དྲན་པས་དེ་སྐབས་ཀྱི་ཆོས་ཚུལ་ཐོས་པས་ཡང་རིང་གྱིས་དྲན་ནས་ཚེ་འདིའི་བསླབ་སྦྱངས་ནན་བཅས་ལ་ལྟོས་མ་དགོས་པར་རང་གི་བློ་གྲོས་མཐུས། རྗེ་བཙུན་ཏཱ་ར་ནཱ་ཐའི་གྲུབ་མཐའི་རྣམ་དག་མ་རྨོངས་པར་ཚུལ་བཞིན་དུ་འཆད་པ་མི་འཇིགས་པའི་སྤོབས་པ་དེ་ལྟ་ཀུན་གྱིས་སྤྱན་ལམ་དུ་བབ་པ་འདི་ཡིན། དེ་ནས་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་ཆོས་བཀའ་མིའི་གང་ཟག་ནས་བརྒྱུད་པ་བར་མ་ཆད་པ་ཐོས་འདོད་སྐོམ་པ་ཆུ་ལ་འདོད་པ་བཞིན་བྱུང་བས།

ཕྱོགས་མཐའ་དག་ཏུ་འཚོལ་འདོད་ལ་གསེར་མདོག་ཅན་ཆོས་མཛད་ཀྱི་གཙང་སྟོད་འབྲས་སྤུངས་སུ་བདེ་ཆེན་ཆོས་རྗེ་བྱ་བ་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་སྦས་ཚུལ་དུ་བཞུགས་པ་ཡོད་ཅེས་ཐོས་པས་ཡིད་ལ་དགའ་སྤྲོ་དཔག་ཏུ་མེད་པ་བྱུང་ཞིང་། དེ་དོན་ཀྲེ་བོ་ཆོས་ཀྱི་དབང་པོར་ཞུས་པས། དེ་བཞིན་ལེགས་ཞེས་ཡི་རང་ཡང་གནང་བར་བརྟེན་མེ་རྟ་ལ་ཕྱོགས་འདིར་ཡོང་ཀྱང་སྟབས་འགྲིགས་མ་བྱུང་བས། སྔ་ཕྱི་ཕོ་ནའི་ལམ་དང་། རང་ཉིད་ཀྱང་ལ་ཆེ་ཆུང་འཕྲང་གི་དཀའ་བར་རྣམས་ཁྱད་དུ་བསད་གོང་དུ་སྨོས་བཞིན་གོ་ས་སོགས་ཚེ་འདི་སྣང་གི་རྟག་ཚུགས་རྣམས་རྒྱབ་ཏུ་བོར། ཀུན་མཁྱེན་རྒྱལ་བ་ཇོ་ནང་པའི་བསྟན་པའི་དོན་དུ་གཉེར་ནས་རྗེ་བཙུན་བླ་མའི་ཞབས་པད་དུ་ས་བྱ་ལོ་ལ་ཐོག་མར་བཅར་ནས་སྦྱོར་བ་ཡན་ལག་དྲུག་གི་ཉམས་ཁྲིད་སོགས་ཅི་རིགས་ཞུས་ཤིང་།

སླད་མར་ལྕགས་ཕག་གི་ལོ་གཞུག་ནས། ད་ལྟ་ཀུན་དགའ་ཤིང་སྟག་ལོ་བར་བྱ་བ་གཞན་ཐམས་ཅད་ཆེ་གཞག་ཆུང་བཤོལ་གྱི་ལྕམ་དེ་གཞག་ནས་དབང་ཁྲིད་གདམས་པ་ཁོ་ན་དོན་དུ་གཉེར་བ་སྔོན་དུས་བསྐལ་པ་བཟང་པོའི་ཆོས་མཛད་ཀྱི་རྣམ་ཐར་རྗེས་སུ་མཐུན་པར་བྱས་ནས་དབང་བཀའ་རྣམས་རྒྱུད་དོན་ལ་ནོར་འཁྲུལ་མེད་པ་རང་ཉིད་ཀྱི་བློ་གྲོས་མཐུས་ཇི་བཞིན་ལག་ལེན་དུ་བཀལ། བྱིན་རླབས་ཀྱི་རྒྱུན་ཐུགས་རྗེ་ནུས་པའི་མཐུ། རྗེ་བཙུན་ཀུན་བཟང་དབང་པོས་སྟོན་ནས་བར་ཆད་འཚེ་བ་མེད་པར་ཀུན་མཁྱེན་ཇོ་ནང་པའི་བསྟན་པའི་རྒྱུན་དེང་སང་སྐབས་བཞུགས་པ་རྣམས་ལྷག་ལུས་མེད་པར་ལེགས་པར་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་ཐོས་ཤིང་། དམ་ཚིག་སེལ་མེད་པར་བཀྲ་ཤིས་པའི་དགེ་མཚན་དུ་མས་ཡོངས་སུ་ཁྱབ་པའི་མཐུར་ཀུན་དགའི་ལོ་ཉི་མ་ཀཪྐ་ཊའི་ཁྱིམ་དུ་ཞུགས་པ་ཡར་ངོ་རྒྱ་བ་གཉིས་པའི་ཚེས་རྣམ་པར་དཀར་བ་ལ།

བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བདག་པོ་དང་བདག་པོ་ཆེན་པོའི་དབང་རྒྱུད་སྡེ་ནས་གསུང་བཞིན་ཞུ་བའི་བཀའ་དྲིན་གཏང་རག་གི་ཡོན་དུ་ཚོན་ཙམ་པ་དང་། དཔལ་ལྡན་བླ་མ་དམ་པ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་དུ་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་པ་བྱང་ཆུབ་ཆེན་པོའི་རྒྱུར་ཡོངས་སུ་བསྔོས་ཏེ། རབ་ཤེས་རབ་ཀྱི་མཉེས་པར་བྱེད་པ། བླ་མ་ལ་ཐོས་པའི་སྨིན་གྲོལ་གདམས་པ་མངོན་པར་འཁྲུལ་པ་མེད་པ་གཞན་ལ་འདོམས་པར་བྱེད་པ་མཎྜལ་གྱི་མཆོག་ཕུལ་དུ་གྱུར་པ་དང་། རང་ཉིད་ཀྱི་ཀྱང་སྒོ་གསུམ་ལེ་ལོ་མེད་པར་འཇིག་བདེ་དུས་གསུམ་གྱི་ལྷ་སྔགས་ཀྱི་ཏིང་འཛིན་གྱི་རོལ་པར་ཅི་ནུས་སུ་བརྩོན་པ་ནི་བླ་མ་དགྱེས་བྱེད་ཀྱི་མཎྜལ་འབྲིང་པོའོ། །ཐ་མ་སྒོ་གསུམ་གྱི་ཞབས་ཏོག་གིས་དགྱེས་པར་བྱེད་པ་སྟེ། ཕྱག་བདར་དང་མངག་ཞུགས་ལས་རྣམས་ཡིན་འདུག་ནའང་། དེ་ལྟར་ནི་སྔོན་གྱི་ལས་སྐལ་གྱིས་མ་གྲུབ་ཡང་། དེ་དག་དང་སྒོ་མཐུན་པའི་དོད་མཚུངས་སུ་རང་ཉིད་ཀྱི་སྐྱེ་བ་གོ་ས་རིག་པའི་ཡོན་ཏན་གྱི་ཁེངས་པ་རྣམས་རྒྱབ་ཏུ་བོར་ནས་ལུས་ཀྱི་ཕྱག་སྔོན་དུ་འགྲོ་བས། ཞབས་སྤྱི་བོར་ལེན་ཞིང་ངག་གི་སྒོ་ནས་སྙན་པ་ཕྱོགས་བཅུར་བརྗོད།

སེམས་ཀྱི་སྒོ་ནས་དཀྱིལ་འཁོར་གྱི་གཙོ་བོ་དུས་ཀྱི་འཁོར་ལོ་དང་ཐ་མི་དད་པའི་མི་ཕྱེད་པའི་དད་པ་བརྟན་པོར་ལྡེམ་འགྱང་མེད་པར་བརྟན་པོར་བྱས་པ་འདི་ནི། མཎྜལ་མཐའ་དག་གི་གཞི་བཟུང་དུ་བྱས་ནས་ཡང་མཐའ་ཟང་ཟིང་གི་མཎྜལ་མཚོན་བྱེད་ཙམ་ལ་དེང་དུས་ཀྱི་བླ་སློབ་རྣམས་ཀྱི་ནི་འདི་ལ་གནང་ཆེ་ཆེ་པོར་མཛད་འདུག དཔལ་རྡོ་རྗེ་སེམས་དཔའ་ནི་ཡང་མཐའ་ཟང་ཟིང་གི་མཎྜལ་དུ་གསུང་མོད། རང་ཉིད་ཀྱི་སེམས་ལ་ཡང་གནང་ཧ་ཅང་གི་ཆེ་ཆེ་པོ་ཞིག་ནི་ཡེ་ནས་མི་ཤར་རུང་། ཡུལ་ལུགས་དང་བསྟུན་པའི་ཟང་ཟིང་གི་དངོས་པོ་མཎྜལ་མཚོན་བྱེད་ཙམ་དུ་དབང་བསྐུར་ནི་ཞུས་སུ་རྒྱུད་སྡེ་ནས་བཤད་བཞིན་པའི་མཎྜལ་ཟང་ཟིང་ཅི་འགྲུབ་དང་། ཁྲིད་བཀའ་ལུང་དེ་དག་གི་སྐབས་སུ་ཡང་རང་གི་དངོས་པོ་སྤུས་བཟང་ངན་ཅི་བྱུང་བར་མ་ཆད་པར་རིམ་པས་ཕུལ་བ་མཚོན་ཅིང་། ཆ་ཤས་ནི་དུག་ཆ་ཡིན་པར་གསུང་ནའང་། ཟང་ཟིང་གི་དངོས་པོ་བྱུང་ཚད་འཕྲལ་དུ་ཕྱག་ཏུ་བཏང་བ་དང་། རིན་པོ་ཆེའི་རིགས་ནི་སྤང་དག་གི་ཚུལ་གྱི་ཟང་ཟིང་མཎྜལ་གྱི་ཚུལ་ཏེ། འདི་ནི་ངོ་ཐོན་དྲིན་ཡུས་ལྟ་བུ་མ་ཡིན་གྱིས། ཕྱིན་ཆད་དུ་དབང་ཁྲིད་ཞུ་ཞིང་བླ་མ་བརྟེན་པ་རྣམས་ཀྱི་ཁ་སྟོང་ལག་སྟོང་དུ་མ་སོང་བར་འདི་ལྟར་དགོས་རྒྱུར་འདུག་ཅེས་དཔེར་བརྗོད་དུ་སྨྲས་པ་ཡིན་ལ། སྤྱིར་རྡོ་རྗེ་སེམས་དཔའ་གནང་ཆུང་ངུ་གསུང་འདུག་རུང་རང་ཉིད་ལ་ཞེན་པ་ཡོད་ཕྱིན་ཟང་ཟིང་གི་མཎྜལ་འདི་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཐབས་ཟང་ཟིང་ལ་རག་ལུས་པ་ལྟ་བུར་འདུག་པས་འབུལ་བ་ལག་ལེན་བཏབ་པ་གལ་ཆེ་ངེས་སུ་ཡིན།

དེ་ལྟ་ན་ཡང་དད་པ་མོས་གུས་ཡོད་ཅིང་ཟང་ཟིང་ཡེ་ནས་མེད་པ་ལ་ནི་མ་རྟོགས་སོ། །དེ་སྐད་སྐབས་ཀྱི་འཕྲོས་དོན་དང་། འདིར་ད་ལམ་སྐབས་ཀྱི་ཟང་ཟིང་མཎྜལ་མཚོན་བྱེད་ཙམ་ནི་ཕྱག་དང་རིན་པོ་ཆེ་དངུལ་གྱི་མཎྜལ་ཚོམ་བུ་སོ་བདུན་བཀྲ་ཤིས་དགེ་ལེགས་ཚིགས་སུ་བཅད་པའི་དར་གྱིས་བཅིབས་ཏེ་ཕུལ་བ་སྔོན་དུ་བྱས་ནས་རྣམ་གྲངས་ཀྱི་ཐོག་མར། ཀ་ཤི་ཀའི་རས་ལ་རྡོ་རྗེ་འཆང་ཧེ་རུ་ཀ་གཙོ་བོར་བྱས་པའི་དུས་འཁོར་བློ་བརྒྱུད་དང་། རྒྱུད་རིས་ཤམྦྷ་ལའི་བཀོད་པ། མདོ་རིས་ངེས་དོན་སྙིང་པོའི་མདོ། མདོ་ལྔ་མིའི་གླིང་བཞིའི་བཀོད་པ། ནོར་འཁྲུལ་མེད་པའི་ཕུན་སུམ་ཚོགས་པའི་རི་མོ་རྣམ་པར་བཀྲ་བའི་ཡོལ་ཐང་གླིང་གསུམ་གྱི་གོང་བ་གོས་སྔོན་ཐག་བཟང་ཤོས་ཀྱི་སྒྲོག་དན་དངུལ་གྱི་ཨ་ཝཾ། འཇའ་གོས་དམར་སེར། ཤན་བུ་ལིང་གི་བྱས་པ་རྒྱུ་འགྲོ་དངུལ་བལ་ཊཾ་བརྒྱ་དང་བཅུ་ལྷག་ངེས་འགྲོ་བའི་སྤུས་ལེགས། སྐུ་ཡི་རྟེན་གྱི་མཚོན་བྱེད་དང་། གསུང་གི་རྟེན་དུ་ངེས་དོན་གྱི་པུ་སྟི་དྲུག སྦྱོར་དྲུག་ཁྲིད་རྩ་བ་དང་ལྷན་ཐབས། ངོ་སྤྲོད་གསང་དོན་རབ་གསལ་ཞེས་ཕྱོགས་ལས་པས་མཛད་པས། ཀུན་མཁྱེན་དོལ་པོ་པའི་རྣམ་ཐར། མཁན་ཆེན་འཇམ་པའི་དབྱངས་ཀྱི་རྣམ་ཐར་པུ་སྟི་ཀ་རྣམས་ཀྱིས་མཚོན་པ་དང་། ཐུགས་རྟེན་རྡོ་རྗེ་རྩེ་དགུ་གཏེར་བྱོན་དང་། ཡོན་ཏན་གྱི་རྟེན་དུ་རིན་པོ་ཆེའི་སྒྲུམ་བུ་གྲུ་བཞི་པ་དང་། རིན་ཆེན་དངུལ་གྱི་གའུ། འཕྲིན་ལས་ཀྱི་རྟེན་དུ་ཟངས་དུང་སྐད་པོ་ཆེ། ཞལ་དཀར་སྟེགས་བཅས། བཞུགས་གདན་རྡོ་རྗེའི་རི་མོ་བཀྲ་རྣམས་དང་། བདུན་ཚན་དང་པོར་བཀྲ་ཤིས་པའི་རྫས་ཤིང་འབྲས་བིལ་ཝ། ཁམ་གསེར་ཞོ་གང་། ཁམས་དངུལ་སྤུས་ལེགས་དངུལ་སྲང་བརྒྱད་དང་ཞོ་དོ། མཛོད་གོས་སེར་པོ་རྒྱ་ཡིག་ཁ་གང་། བྱང་དར་དམར་པོ་ཡུག ལྗང་ཁུ་ཡུག པ་རི་ཡུག བདུན་ཚན་གཉིས་པར་དུང་ཆོས། ཨོལ་ཐག་སྤོས་ཤེལ་ལྔ་དང་བྱི་རུ་བཅུ་བཞི་མུ་མེན་སོགས་ཡོད་པ། གོས་ཆེན་མི་ཤ་ཁ་ཁ་གྲུ། ཨ་ལ་ཅ་ཁ་དོ། བྱང་དར་ལྗང་ཁུ་ཡུག་གཅིག སྨན་ཡུག་གཅིག སོ་ར་ཧ་ཏི་ཡུག བདུན་ཚུན་གསུམ་པར་རྡོར་དྲིལ། ལྟག་ཚར་གཡུ་ལྔ། བྱི་རུ་ཉེར་བཞི། སྤོས་ཤེལ་བཞི། སྤོས་ཤེལ་གྱི་འཕྲེང་བ་དང་དུང་འཕྲེང་རྒྱན་ལྡན། ཨ་མ་མུ་ཏིག་གི་ཐོད་ཕུ། གོས་ཆེན་ཚོས་གཉིས་ཁ་གང་། བྱང་དར་སེར་པོ་ཡུག སྣམ་དཀར་གཉིས། བདུན་ཚན་བཞི་པར་རྣམ་རྒྱལ་བུམ་པ་དང་མེ་བུམ། གཡུ་དྲུག་དཀར་གྱི་གཟེར་གཡུ། མཆོང་འཕྲེང་རྒྱན་ལྡན་གཉིས་དང་བ་སོའི་འཕྲེང་བ་མཆོད་ཀོང་། རག་གི་ནང་མཆོད་ཀ་པཱ་ལི། ཏིང་བདུན་ཚར། བདུན་ཚན་ལྔ་པར་ཤེལ་དཀར་དྲི་མ་མེད་པ། གླ་རྩི། ཟངས་ཆས་གྲས་འགའ་ཁྲུ། གའུ་གཉིས། གཏོར་ཐེབ་ཆ་གཅིག ཟངས་ཆུང་གཅིག ལི་སྡེར་གཅིག རག་འགག་གཅིག ཀ་ཏོ་ར་གཅིག ཤིང་ཆའི་གྲས་ཞིབ་ཕོར་བཞི། ཕོར་པ་ཆེ་ཆུང་དགུ། ཤིང་སྡེར་གསུམ། སེར་སྡེར་གསུམ། གྱོན་པའི་གྲས་ཕྱུ་པ་རྒྱ་ཁྲ། སྐེ་རགས་སྦོ་ཆ་དང་བཅས་པ་གཉིས། རྒྱ་ཚོས་རྒྱན་ལྡན། སྤྲང་ལྡོང་སྦྲང་རྩིའི་དྲི་བཟང་དང་བཅས་པ། བཀྲ་ཤིས་རྟགས་བརྒྱད་རེ་ཁ་ཚང་བའི་མཛོད་འཐག་གངས་རིའི་མདངས་ལྡན་རྣམས་ཏེ། དེ་ལྟར་ཡན་ལན་བདུན་དང་ཡེ་ཤེས་ལྔའི་ཡོན་ཏན་རྣམས་རྡོ་རྗེ་སློབ་མ་ཚེ་དབང་ནོར་བུའི་རྒྱུད་ལ་མྱུར་དུ་རྩལ་རྫོགས་པའི་མཚོན་བྱེད་དུ་བདུན་ཚན་ལྔ་ཡི་དངོས་པོ་མཎྜལ་གྱི་ཚུལ་དུ་ཕུལ་བ་དང་། ཤེས་རབ་སྒྲུབ་པ་སྒྱུ་ལུས་ཟང་ཟིང་གི་དགེ་བ་བསགས་པ་རྣམས་ཀྱི་ནུས་པས་བདག་གི་ཚེ་རབས་གཞན་དང་ཚེ་འདི་རུ་མཐའ་ཡས་པའི་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་དུ་ལྷག་པའི་བསམ་པས་ཐེག་པ་ཆེན་པོའི་སྨོན་ལམ་བཏབ་ཟིན་པ་དང་། ད་འདེབས་བཞིན་པ་དང་། སླད་མར་འདེབས་པར་འགྱུར་བ་རྣམས་བསླུ་བ་མེད་པར་སྐད་ཅིག་མ་འདི་ཉིད་དུ་འགྲུབ་པ་དང་། དུས་སྦྱོར་འདི་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་པར་གསོལ་བ་འདེབས། དེ་ཁོ་ན་བཞིན་འགྱུར་བ་ཡང་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་དཔལ་རབ་འབྱམས་རྒྱ་མཚོ་རྡོ་རྗེ་སློབ་དཔོན་བསྙེན་པར་མངགས་པའི་བདེན་ཚིག་དང་། བདག་གི་འདུས་དང་འདུས་མ་བྱས་པའི་དགེ་རྩ་མཐའ་དག་གི་ནུས་པས་ཐེག་པ་ཆེན་པོའི་སྨོན་ལམ་རྣམས་བསླུ་མེད་གེགས་མེད་པར་དུས་དེ་རིང་ཉིད་ནས་འགྲུབ་པར་གྱུར་ཅིག མངྒ་ལཾ།

ན་མཿབཛྲ་ས་ཏྭ་གུ་རུ་བྷྱཿ རྒྱལ་ཀུན་ཡེ་ཤེས་ཀུན་འདུས་ངོ་བོ་ཉིད། །མཚོ་སྐྱེས་བླ་མ་ཚེ་རབས་ཀུན་གྱི་སྐྱབས། །དེ་དང་ཐ་དད་མི་དམིགས་འཁོར་ལོའི་མགོན། །པདྨ་བདེ་གླིང་གསུང་རབ་རྒྱ་མཚོ་རྒྱལ། །འོད་དཔག་མེད་མགོན་རྒྱལ་སྲས་པདྨ་འབྱུང་། །གང་གི་རྣམ་སྤྲུལ་ཀུན་མཁྱེན་ཇོ་ནང་པའི། །བསྟན་འཛིན་སྐྱེས་མཆོག་མི་ཡི་སེང་གེ་གང་། །ཀུན་བཟང་དབང་པོར་གྲགས་ལ་གུས་ཕྱག་འཚལ། །

ཞེས་ཆེད་དུ་བརྗོད་ནས། ཀུན་དགའ་ཤིང་སྟག་སྣྲོན་ཟླའི་ཚེས་མཁའ་འགྲོ་འདུ་བའི་ཉེར་གཉིས་སྔ་ཆར་བདག་པོ་དང་། བདག་པོ་ཆེན་པོའི་དབང་བསྐུར་བར་མཛད་པའི་བཀའ་དྲིན་ནི་ནམ་མཁའི་མཐའ་ཡངས་ཤོང་བར་དཀའ་ཞིང་། རྨད་དུ་བྱུང་བའི་ཐུགས་རྗེ་མཆོག་གི་འཛིན་པ་ལ་མཎྜལ་དུ་འདུས་དང་འདུས་མ་བྱས་པའི་དགེ་ཚོགས་ཀུན་བྱང་ཆེན་རྒྱུར་ཡོངས་སུ་བསྔོ་བ་ཉིད་དང་། གནས་སྐབས་སུ་ཡང་ཤེས་རབ་སྒྲུབ་པས་གཞི་བཟུང་། སྒོ་གསུམ་གུས་པས་ཕྱག་སྔོན་དུ་འགྲོ་ཞིང་། ཡང་དག་དོན་ལ་རྗེ་བཙུན་བླ་མ་དུས་རྣམས་ཀུན་ཏུ་ཁོ་བོའི་སྤྱི་གཙུག་གནས་ལས་གཞན་དུ་མི་གཡོ་མོད། འོན་ཀྱང་ཚུར་མཐོང་སྐྱེ་བོའི་སྣང་ངོར་ཙམ་དུ་སླད་མར་མཇལ་བར་སྨོན་ཅིང་། བདག་རེ་ཞིག་ཕྱོགས་མེད་གདུལ་བྱའི་ཕྱིར་དུ་འགྲོ་བར་འགྲོ་ཕྱག་གི་རྟེན་མཚོན་བྱེད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་པའི་ཚིགས་བཅད་ཀྱི་རི་མོ་བཀྲ་བའི་ལྷ་རྫས་རྣམ་པར་དཀར་བ། རིན་ཆེན་དངུལ་གྱི་དོང་རྩེ་སོ་བདུན་ཚོམ་བུར་བཀོད་པ་གསེར་གཡུས་སྤྲས་པ་མཎྜལ་མཚོན་བྱེད་ཙམ་དང་རྣམ་གྲངས་མཚོན་པའི་བདུན་ཚན་ལྔ་ཡི་དང་པོར། དངུལ་གྱི་མཎྜལ་རྒྱ་ཐུར་གྱི་སྲང་གང་ཞོ་ལྔ། ལྟག་ཚར་གཡུ་གཉིས། སྤོས་ཤེལ་བཅུ་དགུ། བྱི་རུ་བཅོ་ལྔ། མུ་མེན་གསུམ་དང་མཆོང་བཅས་ཡོད་པ། ཧོར་དར་དམར་པོ་ཁ་དོག་འབྲལ། སྨན་རྙིང་ཁ་འབྲལ། རྒྱ་ཟམ་ཡུག་བཅས། ལ་དཀར་ཡུག ཐེར་མ་དཀར་པོ་སྦུག་རྣམས། བདུན་ཚར་གཉིས་པར་ཀོང་རྣ་ཨ་བསྐོར་གཡུ་བཅས། ཁ་བཏགས། སྨན་ཁ་འབྲལ། རྒྱ་ཟམ་ཟུག ཤམ་ཐབ་སྣམ་བརྒྱད། སེར་སྐེད། ཐེར་མ་དཀར་པོ་སྦུག་རྣམས། བདུན་ཚན་གསུམ་པར་ཁྲོམ་ཚར། ཁ་བཏགས་སྨན་ཁ་འབྲལ། སྟོད་དར་ཁ་འབྲལ། མོན་སྐེད་སྲན་ཐིག་མ། སྣམ་དཀར་རིང་ཐུང་གཉིས་རྣམས། བདུན་ཚན་བཞི་པར་ཀོང་རྣ་གཡུ་བཅས། ཁ་བཏགས། སྨན་རྙིང་ཁ། སྟོད་དར་ལི་དབང་ཁ་འབྲལ། སླེའུ་རྣམ་པ། འགའ་སྣམ། སྣམ་དཀར་སྦུག་བཅས། བདུན་ཚན་ལྔ་པར་མཆོད་ཀོང་ལི་ཏིང་བདུན་ཚར། ཡས་འགུ། མས་འགུ། རག་ཐུར་གཉིས། ལྕུང་འགག གའུ་གཉིས། ལི་སྡེར་བཅས་བཟང་དྲུག་སྨན་སྣས་གང་བ། བཀྲ་ཤིས་པའི་ལྷ་རྫས་བཅས་བདུན་ཚན་ལྔས་མཚོན་དངོས་པོའི་མཎྜལ་ཆ་ཕྲ་བར་ཡང་རྣམ་པར་དཀར་པོའི་བསམ་པས་རྡོ་རྗེ་སེམས་དཔའི་གསུང་ལ་ཡིད་ཆེས་པ་ཉིད་ཀྱི་སློབ་དཔོན་མཆོད་པ་ལ་དགའ་བ་དང་། སྤྲོ་བ་དང་། ཀུན་ནས་དུང་བ་དང་། མི་ཕྱེད་པའི་ཡིད་ཀྱི་བྱང་ཆུབ་ཆེན་པོའི་རྒྱུར་མྱུར་དུ་འཇུག་པར་འདོད་ཅིང་། སྨོན་ལམ་རྣམ་པར་དག་པ་དང་བཅས་པས་རྒྱ་མཚོ་ཆུ་ཐིགས་བཞིན་བགྱིས་པ་ན། རྡོ་རྗེའི་རྣལ་འབྱོར་པ་ཚེ་དབང་ནོར་བུས་སྐྱེ་བ་འདི་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ནམ་ཐོབ་བར་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཀྱི་དཔལ་མ་ལུས་ཤིང་ལུས་པ་མེད་པར་ཐོབ་ཅིང་། སངས་རྒྱས་སྲས་དང་སློབ་མར་བཅས་པ་དགྱེས་པའི་ལས་ལ་བརྩོན་པ་དང་། རྡོ་རྗེ་སློབ་དཔོན་དགེ་བའི་བཤེས་གཉེན་བསྟེན་ཚུལ་མདོ་རྒྱུད་ནས་གསུང་པ་ཇི་བཞིན་ཉམས་པ་མེད་པར་སྤྱོད་ནུས་པ་དང་། བདག་ཉིད་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་རྩད་ནས་བཅད་ཅིང་བདེ་བ་མཆོག་ལ་བཀོད་པའི་མཐུ་སངས་རྒྱས་སྲས་གྱུར་གཞན་ཐམས་ཅད་ལས་ལྷག་པ་བདག་གི་བསྒྲུབ་ནུས་པར་གྱུར་ཅིག་སརྦ་མངྒ་ལཾ།

ན་མོ་མ་ཧཱ་མུ་དྲ་ཡེ། གདོད་ནས་རང་གི་ངོ་བོ་དྲི་མ་དང་བྲལ་ཡང་། །དྲི་མའི་གནས་ལུགས་རྟག་པར་བཞུགས་ཀྱང་དེ་མི་སྐྱོན། །ནམ་ཡང་མ་གོས་ཀུན་གཞི་བདེ་གཤེགས་སྙིང་པོ་ཞེས། །དེ་ཡི་རང་ཞལ་གསལ་བར་བསྟན་མོད་བླ་མ་རྗེ། །གང་གི་ཞབས་སེན་ཟླ་བ་ཚེས་འདྲ་བ། །སྐལ་ལྡན་བདེ་འབྱུང་དོན་དུ་ཉེར་བཅིངས་པས། །སྐྱེ་དགུའི་འཁྲུལ་མིན་ཡང་ནས་ཡང་གསལ་མཛོད། །གང་དེ་སྲིད་གསུམ་མགོན་དུ་རྟག་བརྩོན་མཛོད། །གྲུབ་པའི་ཤིང་རྟ་བཞི་པའི་དབང་གི་དོན། །ཕྱག་རྒྱ་ཆེ་ཞེས་གྲགས་པའི་མན་ངག་མཛོད། །རྡོ་རྗེ་སློབ་དཔོན་མཆོག་གྱུར་གང་ཁྱེད་ཀྱི། །ཞབས་ལ་ཕྱག་བྱས་ཚོགས་གཉིས་མཆོད་སྤྲིན་སྤེལ། །

ཞེས་གུས་པས་ཕྱག་དང་བཅས་ཏེ་ཆེད་དུ་བརྗོད་པ་སྔོན་དུ་བཏང་ནས་བཀའ་དྲིན་གསུམ་ལྡན་རྡོ་རྗེ་སློབ་དཔོན་འཇམ་དབྱངས་འཕྲིན་ལས་རབ་བརྟན་གང་གི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྣམ་པར་གཉསི་ཡོངས་སུ་རྫོགས་པའི་ཆེད་དུ་ཟང་ཟིང་གི་མཎྜལ་མཚོན་ཙམ་ཕུལ་བ། ལྷ་རྫས་གངས་རིའི་མདངས་ལྡན། གོས་ཆོས་ངུར་སྨྲིག་ཁ་གྲུ། ཇ་ནག་པོ་ཤར་བརྡར། སྨན་ཁ་དོག་འབྲལ། གསེར་སྤུས་གཙང་ཞོ་གང་། རྡོ་བཅུད་ནཻ་པ་ལའི་དོང་རྩེ་སོ་བདུན། རས་དཀར་ཡུག རས་སྔོ་ཡུག རྣམ་དཀར་སྤུས་ལེགས་ཡུག རག་སྡིག་སྤུས་ལེགས། ལྕགས་སྐྱོགས་སྤུས་ལེགས། གཏོར་ཐེབས་གཅིག གོས་ཆེན་ཚོས་གཉིས་མ་ཁ་འབྲལ། གཡུ་གཅིག དུང་འཕྲེང་རྒྱན་ལྡན་གཅིག་བཅས་རྣམ་གྲངས་བཅོ་ལྔ་རྒྱ་མཚོ་རྒྱ་མཚོ་ཆུ་ཐིགས་ལྟར་འབུལ་ལམ་ཞུས་ནས་འདོད་དོན་གསོལ་བ། བདག་ནི་སྐྱེ་བ་འདི་ནས་བྱང་ཆེན་བར། །ཁམས་དྲུག་ལུས་ཐོབ་མཚན་ལྡན་བླ་མ་མཇལ། །རྒྱལ་བསྟན་སྒོར་ཞུགས་ཐེག་ཆེན་ལམ་ལ་སྤྱོད། །སྔགས་ལམ་སྨིན་གྲོལ་གདམས་པ་མྱུར་ཐོབ་ཤོག །འཁོར་བ་ལ་སུན་ཞེན་ལོག་རྒྱུད་ལ་སྐྱེས། །ཐར་པའི་ལམ་སྟོན་བླ་མར་མོས་གུས་བརྟན། །རྒྱུ་འབྲས་འདོར་ལེན་དམ་ཚིག་བསྲུང་ལ་བསྟོན། །རྣམ་རྟོག་གཞི་མེད་རྩ་བྲལ་སྤྲོས་བྲལ་ཤར། །གཉིས་ཚོགས་མཉམ་ཉིད་རྟོགས་པའི་རོ་གཅིག་མྱོང་། །བསྒོམ་མེད་རྒྱལ་བའི་གདན་ས་ཟིན་པར་ཤོག །མདོར་ན་བཀའ་བརྒྱུད་རྒྱལ་པོ་འབྲུག་པ་ཡི། །རྣམ་དག་འཛིན་པ་རྒྱ་ཆེན་འཕྲིན་ལས་ལྡན། །མ་ནོར་འཁྲུལ་པ་མེད་པའི་རྣམ་རྟོག་ཀུན། །དེ་རིང་ཉིད་ནས་བདག་གི་ཐོབ་པར་ཤོག །

ཅེས་བྲང་སོ་རྫོང་ཕུའི་སྤྲུལ་པའི་སྐུ་འཕྲིན་ལས་རབ་བརྟན་ཞབས་དགྱེས་པར་བྱེད་པ་ཤེས་རབ་དང་། སྒྲུབ་པའི་མཎྜལ་གཙོ་བར་གསུངས་པའི་རྗེས་མཐུན་ཙམ་དང་། གནས་སྐབས་དངོས་པོའི་མཎྜལ་ཆ་ཤིན་ཏུ་ཕྲ་བ་ཅུང་ཟད་འབུལ་བའི་འབུལ་ཡིག་ཏུ་རྒྱལ་ཁམས་བྱ་བྲལ་རྟོགས་ལྡན་ཚེ་དབང་ནོར་བུས་སྨྲས་པའི་ཡིག་རིས་མཁས་པ་དམ་པ་འཕྲིན་ལས་བསྟན་འཛིན་ནོ། །མངྒ་ལཾ། དགེའོ། །

༈ ལགས། གནས་ཤར་པའི་བུ་མོ་ཡི་སྐོར་ནི།

ཉིད་ཀྱི་བཀའ་ཕེབས་ལྟར་རོང་པ་བློ་འགྱུར་སླ་བ་ཡིན་ནམ། ཁར་སིང་དང་པོར་ཡུལ་འདིར་ཆོས་མགོ་མི་ཐོན་པས་ཁམས་སུ་འགྲོ་ཆོག་ཅིང་སྐྲ་ཕུད་བླང་ཆོག་པ་ཞུས་བྱུང་། ༡ དེ་ནས་ཡུལ་འདིའི་བུ་མོ་ཆོས་མགོ་ཐོན་སྲོལ་མེད་པས་དགེ་མ་རྩ་བ་ནས་མི་བྱེད་པའི་དགོངས་པ་ཞུ་བྱུང་། ༢ དེ་ནས་བདག་གི་བཙུན་མོར་བྱེད་རྒྱུར་འདུག་པས་འགྲོ་མི་ནུས་ཞེས་སྨྲས་འདུག ༣ དེ་ནས་ལམ་བར་དུ་ཕྲུ་གུ་བྱུང་ཚེ་བདག་གི་བོར་འགྲོ་ཞེས་སྨྲས་བྱུང་། ༤ དེ་ནས་སྐྱིད་སྡུག་ཅི་བྱུང་ཡང་ཆོས་སྙིང་ནས་དྲན་པ་ཡིན་ཞེས་སྐྲ་བཅད་ཚངས་པར་སྤྱོད་པའི་དགེ་བསྙེན་འབོག་ནས་ཁམས་སུ་འགྲོ་བར་ཐག་བཅད་ཅིང་། བུ་མོ་རང་ཡང་ཕ་མེས་ཅིས་ཀྱང་མ་གཏང་ན་ལྐོག་ཏུ་ཡོང་དགོས་ཚུལ་ཐག་བཅད་སོང་། ༥ ད་ཆ་ཉིད་ཀྱི་སྐུ་གཞོགས་སུ་གཞག་དགོས་ཚུལ་ཞུས་འདུག་རུང་།

ལར་བློ་མི་བརྟན་འདི་འདྲ་ཆོས་གཤའ་མ་ཞིག་ཡོང་བར་དཀའ་འམ་སྙམ། བྱེ་བྲག་ཏུ་ཁོང་རང་ནང་ཚང་རྣམས་ཀྱི་བསམ་བྱུང་ཐམས་ཅད་ཚིག་གི་ང་རོས་ཕྱོགས་བཅུར་འབོད་ཅིང་འགྲོ་གཞན་བཀུར་འདེབས་བྱེད་རྟེན་བསགས་པའི་ལས་ལ་རྒོད་བྲོ་བ་ཞིག་བྱུང་། སྤྱིར་ཁོ་བོ་ནག་མོ་ལ་མིག་ཉེ་ཆེ་རིགས་ཤིག་ཡིན་གཤིས། དེ་ལ་དཔག་ནས་འོལ་གཏམ་གྱི་ལུང་པ་འགེངས་པ་འདི་ལ་དེ་བས་ཀྱང་རྒོད་བྲོ། ལར་ཚིག་སྤྱོད་ཅི་རིགས་སྨྲ་བ་འདི་རྣ་བ་ཅུང་ཟད་སུན་ཡང་དོན་དམ་སྒྱུ་མའི་ངོ་བོར་ཅི་ལྟོ་སྙམ།

ལར་རང་ངོས་ལ་ཉེས་པ་ཆེ་བ་མེད་གཤིས་ཁོ་རང་རྣམས་ལོག་ལྟ་ཤར་ལས་ཆེ་རུང་འགྱོད་བློ་མེད་ཅིང་སྤྱིར་རྒྱལ་ཁམས་པ་བདག་ཀྱང་གཟུགས་ཆུང་རུང་མ་བཅོས་གདོད་ནས་སྣང་བའི་རྣལ་འབྱོར་གཅིག་ཡིན་ནོ་སྣམ་པ་འདི་ཀློག་འགྱུར་མེད་ཙམ་ལགས་པས། བསྟོད་སྨད་ཕལ་གྱིས་ཕན་གནོད་ལ་མི་རྩི་ཞིང་ཁོང་རང་ཚོ་གང་དགྱེས་སྨྲས་པ་ལས་འོས་ཅི་ཡོད།

འོན་ཀྱང་དམ་པ་ཉིད་ཀྱི་ཐུགས་བསྐྱེད་རྣམ་པར་དག་པས་ཁོང་རང་ཚོ་འདི་ཕྱིའི་དུཿཁ་མི་མྱོང་བའི་ཐབས་བཞེད་ན། ཁོ་རང་གནས་ཤར་ནུབ་ཚོ་ལ་ལོག་ལྟ་མི་བྱེད་པའི་བཀོད་ཁྱབ་གནང་མཛོད། ང་ལ་ནི་ཁྱད་མི་འདུག རྗེ་བཙུན་ཉིད་བདག་གི་ཡོངས་འཛིན་དུ་བཟུང་བའི་དྲིན་ཅན་བླ་མ་ལགས་པས་བཀའ་གྱེན་བཟློག་ཞུ་བ་ག་ལ་སྤོབས་ཀྱང་། ད་ལམ་ནི་ཁོང་རང་ཕ་སྤད་ཀྱི་འགྲོའམ་སྡོད་བློ་ལ་གང་ཤར་དེ་ཐོག་གཞག་པ་ལས་འགྲོ་དགོས་པའི་ནན་བཙིར། སྡོད་ཆོག་པའི་ཡང་ཆ་གང་ཡང་ཞུ་ནུས་མི་འདུག་པས། དགོངས་དབྱིངས་ནས་ཁྲེལ་འཁྲུངས་མེད་པ་མཁྱེན་མཁྱེན་མཁྱེན། རྟེན་ལྷ་རེག་ལ་རྒྱ་ཞུས་ནས་ཕུལ།

༈ ཨོ་རྒྱན་ངག་དབང་ཡེ་ཤེས་བཟང་པོར་ཕུལ་བ།

ན་ཆུང་ཡོངས་ཀྱི་སྙིང་ནོར་ཡན་པ་བློ་བདེ་མ་བཅོས་གདོད་མའི་ཟོག་པོས། སྙིང་གི་ཐིག་ལེར་རབ་མཛེས་ཤཱཀྱའི་དགེ་སློང་གང་གི་སྐུ་མདུན་དུ། ཕུལ་ལགས།

སྙིང་གི་ཐིག་ལེར་རབ་ཏུ་མཛེས་པ་བླ་མ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོའི་ག་ལ་བར། སྟབས་བདེར་ཕུལ་བའི་ཡི་གེ །དེར་སྐབས་བཅུ་དྲུག་ཆ་ཤས་སེང་གེ་མོ་ཡི་བུ་ལས་ཐར་ལྟར། སྐུའི་དཀྱིལ་འཁོར་ཉེས་ཚོགས་ལས་གྲོལ་ཏེ་བཞུགས་པ་མཆོག་ཏུ་དགའ་བའི་ཡིད་བདེ་ཐོབ། འདིར་གནས་རིགས་སྔགས་འཆང་བ་ཡང་། བསྟན་འགྲོར་ལྷག་བསམ་ལྷོད་མེད་རིམ་གཉིས་བརྩོན་ཁུལ་ངང་དུ་གནས། མཚམས་ཞུ། རྗེ་བཙུན་བླ་མ་དམ་པ་གཞན་དོན་གཟིགས་རྐྱེན་ལ་བརྟེན་ཐུགས་རླུང་སྐྱེས་པ་སྔོན་ལས་འཕྲལ་རྐྱེན་གང་ཡིན་ཕེབས་པ། འཕྲལ་གཡེང་དབང་གིས་རྨི་ལམ་ངེས་ཏིག་མ་བྱུང་ཡང་། ཡིད་ལ་ནི། ཕལ་ལ་སྡུག་བསྔལ་བྱས་པས་ཡུལ་དེར་གནོད་ཀྱང་། བླ་མའི་ཆེད་དུ་སྡུག་བསྔལ་གྱིས་མཆིལ་མ་སྲན་ཙམ་བཀླགས་པས་ཡང་། སྐལ་པ་རེ་ཡིས་སྒྲིབ་པ་དག་པར་བཤད་པས་ན། བླ་མ་ཞིང་གཞན་གཤེགས་པའི་སྐྱོ་ཤས་ཀྱིས་ནད་ཁམས་དེ་ལྟར་བསྐྱེད་པ་ནི།

སྔོན་ལས་སྐུ་ཚེ་ཕྱི་མར་སྨིན་འོས་ཤིག་ཚེ་འདིར་དག་ནས། ཕྱིས་ཀྱི་ཉེར་ལེན་བཅོམ་པར་གོར་མ་ཆག་སེམས་བྱུང་། འོན་ཀྱང་འཕྲལ་རྐྱེན་ཆ་ཤས་ཙམ་ནི། གནས་རྙིང་མཚུན་འདྲེ་ཞིག་གི་འཚུབ་ལྡོག་ལྟས་ཀྱང་ཤར་བས། མདོས་བསྐང་གི་སྐར་བཅོས་མི་རིགས་དང་། གཉེན་པོ་དྲག་བསྙེན་ལ་འབད་ན་ལེགས་པས་དགོངས་འཚལ་ལ།

ཁྱད་པར་དུ། སེམས་ཀྱི་འཚུབ་ཉམས། སྡུག་བསྔལ། ཡེང་མ་ཡེང་སྙམ་པའི་བློ་སོགས། གང་མི་བདེ་བ་དེ་ཀ་སྤང་གཉེན་ཀློད་བྱར་མེད། ཁོ་རང་དེ་ཀ་བསྒོམ་ཡིན། དྲན་པ་ཡིན། རིག་པ་ཡིན་གྱི། ཡིད་མི་བདེ་བ་དེ་ལས་གཞན་པའི་སེམས་དང་། སེམས་ལས་གཞན་པའི་ཡིད་མི་བདེ་བ་མེད་དེ། སེམས་ཉིད་དང་རྣམ་རྟོག་གཉིས་ཚན་དང་། བྱེ་བྲག་ནམ་དུ་ཡང་མ་བྱུང་བས། ཡིད་བདེ་མི་བདེ་ལ་སྤང་བླང་ཅི་ཡོད། གང་ཤར་གདོང་འདེད་ངང་ལ་ལམ་དུ་ཁྱེར་བ་སྟེ། ལམ་ཁྱེར་ཞེས་པ་སྟེ་ཡང་གཉེན་སྤྲད་རྒྱུ་ནི་མེད་མོད། དཔལ་དྭགས་པོ་ཡབ་སྲས་ཀྱི་མ་ཡེངས་དྲནཔར་བཏགས་པ་དེ་ཀ་སྟེ། དྲན་པ་ཞེས་པ་དེ་ཡང་། བསྒོམ་འདུན་དང་རིག་རིག་ཏུར་ཏུར་པོ་ག་ལ་ཡོད། ཡང་དག་པའི་དྲན་པ་ནི་དཔེར་བརྗོད་བསམ་པའི་ཡུལ་ཐམས་ཅད་ལས་འདས་པ་སྟེ། དེའི་གནད་ཐུན་མོང་མ་ཡིན་པ་རྫོགས་ཆེན་ནས་རིག་པ་ཅོག་གཞག་ཏུ་གྲགས་ཏེ།

ལས་དང་པོའི་སྐབས་སུ་གཞག་ཐབས་གྲིམ་ལྷོད་དུ་མ་བཤད་ཀྱང་། ལྷག་མཐོང་རྒྱུད་ལ་སྐྱེས་ཚེ་དྲན་པའམ། རིག་པ་འདི་བྱ་འདི་བྱེད་འདི་བསྒོམ་དེ་བསྒོམ་མེད་པའི་ཡན་པ་བློ་བདེ་བྱ་བ་དེ་ལགས་ཏེ། བདེ་སྡུག་གང་ཡང་ལྟ་བ་ལས་གཞན་དུ་མ་གྲུབ་པ་དེ་ག དེ་དང་ལ་རྒྱུན་ཆད་མེད་པར་ཉམས་སུ་ལེན་པ་ལམ་ཁྱེར་ཏེ། ཡང་དག་པ་མཐར་ཐུག་ཚེ་ཉམས་སུ་ལེན་བྱ་ལེན་བྱེད་ཀྱང་གཞི་མེད་རྩ་བྲལ་ཡེ་སྟོང་དུ་ཐག་ཆོད་པ་ཉིད་དེ། གང་ཡང་བྱ་རྒྱུ་མེད་པའོ། །ཅི་ཞུ་ན་སྡུག་བསྔལ་འཚུབ་ཉམས་དེ་ཉིད་ལམ་དུ་ཁྱེར་བའི་ཡུལ་མཐིལ་པོ་ལགས་པས་དེ་ལྟར་འཚལ། དེས་ནི་རྐྱེན་ངན་གྱི་སྟེང་དུ་གྲུབ་པ་ཐོབ་ཞེས་པ་དེ་ཡོང་བ་ལགས། དེ་དག་ཐུགས་ནང་ཆེས་དག་དམ་ཚིག་འདྲེ་ལ་བརྟེན་དགོངས་པར་དུས་སུ་བབས་སྙམ་ནས་ཕུལ་བ་ཐུགས་ལ་འཇུག་པ་དང་།

ཕྱིས་ངོས་སུ་མཇལ་བར་གྱུར་ན་ཞིབ་མོལ་རྒྱས་པར་སྤྲོ་ལགས། ཐུགས་ལ་བབས་པའི་ཆོས་བཀའ་འདྲ་ཡང་ཕུལ་བཞེད་དོ། །དེ་སྲིད་དུས་རྣམས་ཀུན་ཏུ་རང་རིག་དག་པ་ཆོ་འཕྲུལ་གྱི་འཁོར་ལོ་རུ་གཡེལ་མེད་བརྩེ་བར་བགྱིད་ཀྱི་དགོངས་པར་འཚལ།

ད་ལམ་བསྙུན་ལས་གྲོལ་བའི་ལེགས་སྐྱེས་སུ། །དཀར་དམར་རེག་བྱ་ཐབས་དང་ཤེས་རབ་མཚོན། །ལྔ་ལྡན་རྡོར་མདུད་སྐུ་དང་ཡེ་ཤེས་ཏེ། །སྣ་གསུམ་དེར་ཕུལ་ཚེ་འཕྲང་གསུམ་གྲོལ་ཤོག །

དེ་སྐད་རྟ་མཆོག་བྱིན་རླབས་བཙན་ཡུལ་བྱང་། །གུ་རུའི་ཞབས་བཅགས་ཟླ་གམ་འབར་བ་ཡིས། །ཕུག་ནས་སྔགས་འཆང་ཡན་པ་བློ་བདེ་བས། །ཐུན་མོང་གྲོ་ཞུན་ཟླ་༢པའི་ཚེས་༣ལ་སྤེལ།

རྗེ་བཙུན་བླ་མ་རིན་པོ་ཆེ་བློ་གྲོས་ཆོས་འཕེལ་ཞབས་ཀྱི་རྣམ་ཐར་སྔར་གནང་བ་དེ་ལ་བསྣོན་འོས་རྣམས་བསྣོན་པ་དང་མྱ་ངན་འདས་འབྱུང་བཅས་རྒྱས་པ་ཞིག་གནང་བ་དང་། ཕྱག་ཆེན་བླ་བརྒྱུད་འབའ་ར་ནས་ནམ་མཁའ་རྒྱལ་མཚན་བར་ཡིད་ལ་མ་ངེས་འདུག་པས་ཤོག་ཚར་ཞིག་ཀྱང་གནང་འཚལ།

ལགས། རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་འཆང་ཁམས་ལོངས་སྐུ་ཞབས་ཀྱི་རྣམ་པར་ཞིག ཕྱིས་ཀྱི་ཆོས་བརྒྱུད་ལ་མཁོ་ཁ་གཅེས་པར་འདུག རབ་སྐུ་ཞབས་རང་ནས་གསུང་རྩོམ་དང་། མ་གནང་ན། ཞལ་ལས་ལོ་རྒྱུས་གནང་བ་རྣམས་མ་བར་བསྡུ་བ་དང་། ཐུན་མིན་རྣམས་ཀྱང་སྐལ་ལྡན་དངས་པ་འདྲེན་ཕྱིར་ཅིས་ཀྱང་གནང་བའི་གསོལ་བ་འདེབས་པ་ལ་བརྩོན་དགོས་ལགས། ཤིན་ཏུ་གལ་ཆེ་ཆེའོ། །རྣམ་ཐར་བསྡུ་བ་པོ་འོས་སུ་བབ་པ་ཉིད་ཁོ་ན་མཐོང་བས་དགོངས་པར་ལེ་ལོ་མེད་པར་ཞུ་ཞུ།

ཞེས་རྟེན་འབྱུང་བའི་ཤུ་ཀྲ་ཟླ་བ་རྒྱས་འདྲ་དུས་ཀྱི་གྲངས་ལྡན་ཕུལ། ཤེས་བྱའི་གནས་ལ་བློ་གྲོས་ཀྱི་པདྨོ་རྒྱས་པ་དགེ་སློང་རྡོ་རྗེ་འཛིན་པ་གང་གི་སྐུ་དྲུང་དུ། སྐྱེ་རེ་ཡང་དབེན་ནས་རིག་པ་འཛིན་པས། པདྨའི་སྤྱན་སྔར་སྨོན་ལམ་རྣམ་པར་དག །ཆེ་མཆོག་ཕུར་པའི་བཀའ་བབ་རིག་པ་འཛིན། །ཡེ་ཤེས་གཞོན་ནུའི་འོད་ཟེར་བརྒྱ་ཕྲག་འགྱེད། །དེས་བྱིན་རླབས་ཁྱོད་རྟག་ཏུ་རྒྱལ་གྱུར་ཅིག །དེང་དུས་ཁམས་དྲུག་རྡོ་རྗེ་སྐུ་གཡོ་མེད། །འཚོ་ཞིང་གཞེས་ནས་རྡོ་རྗེ་གསུམ་དཀྱིལ་འཁོར། །བསྒོམ་བཟླས་ཏིང་འཛིན་རོལ་པར་རྟག་བརྩོན་ཞིང་། །རང་གཞན་དོན་གཉིས་བསྒྲུབ་ལ་རྗེས་ཡི་རང་། །འདིར་གནས་རྒྱལ་དབང་པདྨའི་ཕོ་ཉ་བར། །གང་དེས་རྡོ་རྗེའི་གསུང་གི་དབུགས་དབྱུང་བའི། །རིག་པ་འཛིན་ཞེས་མིང་སྐམ་ཕྱོགས་ཐ་གྲུར། །ཁྱབ་པ་དེ་ཡང་སྔ་ཕུང་སྙོམས་ཁུལ་མཆིས། །རང་ཅག་སྐྱེ་སྔོན་སྨོན་ལམ་བཟང་པོའི་མཐུས། །ཚེ་འདི་ལ་ཡང་འཕྲད་ཅིང་བདག་བློར་གཤིས། །དེ་བཞིན་ཁྱོད་བློ་དད་པའི་བུམ་བཟང་ལ། །མོས་གུས་ལམ་འགྱངས་མེད་པའི་བཅུད་ཀྱིས་གཏམ། །ངེད་དང་མེ་ལུག་ལོར་འཕྲད་ད་ལྟའི་བར། །དམ་ཚིག་སེལ་མེད་དཔག་བསམ་ཤིང་ལྟར་མཛེས། །སླད་མར་ཇི་སྲིད་འཚོ་ཡི་བར་དག་ཏུ། །བར་ཆད་བདུད་ཀྱི་ནམ་ཡང་ཕྱེད་མིན་པ། །ཕ་ལམ་རྡོ་རྗེའི་རི་བོ་ཇི་བཞིན་དུ། །དམ་ཚིག་གཉེན་ལས་འདའ་མེད་སྤྱོད་པར་སྨོན། །རིང་པོ་མ་ཡིན་མྱུར་བ་ཉིད་འཕྲད་ནས། །དམ་པའི་དགའ་སྟོན་འབེལ་མཆིད་བགྱིད་ཀྱང་སྤྲོ། །དུས་རྣམས་ཀུན་ཏུ་དགེ་བའི་བསྲུང་འཁོར་གྱིས། །ར་བ་དག་ལས་ཁྱོད་ཉིད་འདོར་མིན་པས། །ནམ་ཞིག་པདྨ་འོད་དུ་པད་འབྱུང་གིས། །སྤྱན་སྔར་ཚོམ་བུ་གཅིག་ཏུ་འཁོད་པར་སེམས། །དེ་སྐད་སྐྱེ་རེ་རིག་གནས་སྒྲུབ་ཕུག་ནས། །ཆུ་གླང་ཧོར་ཟླ་དྲུག་པའི་ཚེས་༢༣བཟང་པོར། །ལྷ་རྫས་རྣམ་པར་དཀར་བའི་རྟེན་དང་བཅས། །ལྷག་བསམ་དགེ་བ་ཡིད་ཀྱི་ལེགས་པར་སྤེལ། །

༈ རྡོ་རྗེའི་སློབ་མ་ལས་སྐལ་ལྡན་པ་གང་དེའི་སྐུ་དྲུང་དུ།

རིག་སྔགས་འཛིན་པས་ཕུལ། ལགས། གནས་ཚུལ་སྟབས་བདེའི་འབུལ་བའི་ཡི་གེ །འདིར་གནས་པ་དཔལ་གྱི་བྷུ་ཊ་དང་། ལྷ་གདོང་། རྒྱལ་གྱི་ཤྲི་སོགས་བརྒྱུད་ནས་བུ་ལེ་གངས་ཀྱི་ར་བར་བགྲོད་པའི་ལམ་ལུགས་སུ་གནས་ཤིང་། ཕྱོགས་དེར་འཁོད་པའི་མི་དང་མི་མ་ཡིན་པ་རྣམས་ལ་སྨིན་པའི་བསམ་བློ་མི་དོར་བར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་སྤེལ་འདུན་བཅས་མཆིས་ཞེས་འདི་ཀའི་གནས་ཚུལ་དང་། དེ་ནས་འདི་ལོ་འབར་རར་ཕེབས་ཐུབ་པ་ཞིག་བྱུང་ན་བཀའ་བརྒྱུད་གོང་མའི་བསྟན་པ་ཕན་ཐོགས་འབྱུང་བ་དང་། ཉིད་ཀྱི་ཡང་བར་ཆད་འགའ་ཞིག་སེལ་བར་འགྱུར་བའི་ལེགས་ལམ་ཆེ་བར་ལྟས་ཡོད་རུང་། ཆོས་ལ་འཚེ་བ་མང་བ་ཇི་བཞིན་དུ་བོལ་བ་དེ་ཅུང་ཟད་རྟེན་འབྲེལ་ལ་གནོད་མོད་ཀྱང་། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་གང་ཤར་གདོང་འདེད་ལས་ཆེད་འཛིན་ནི་བྱར་ཅི་ཡོད། དེས་ན་རེ་ཞིག་འབའ་རར་མ་ཕེབས་ཕྱིན་ཚེའི་བར་ཆད་སེལ་བའི་རྟེན་འབྲེལ་ལེགས་ལམ་གང་འགྲིགས་ཀྱི་ངོས་ཁྲེག་ཆོད་ལྟ་བའི་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངོ་བོ་ལ། སེམས་ཀྱི་རང་བཞིན་འོད་གསལ་བ་ཐོད་བརྒལ་གྱི་ཉམས་ལེན་ཟུང་འཇུག་ཏུ་སྤེལ་བ་མཐིལ་དུ་བཙུགས། ལྷ་སྔགས་རླུང་ཐིག་གི་རྩལ་སྤར་ཏེ་ལོ་རེའི་སུམ་ཆ་གཉིས་བཅད་རྒྱ་དང་། སུམ་ཆ་གཅིག་གཞན་ཕན་གྱི་འཕྲིན་ལས་ལ་བརྩོན་པར་ཐུགས་ལ་བཞུགས་པ་གལ་ཆེ་ཞིང་།

སྤྱིར་གསང་བར་འོས་པ་ཅུང་ཟད་ཞིག་འདིར་བརྗོད་ན། བདག་ཚེ་དབང་ནོར་བུ་ལ་སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་གསུང་གི་རྡོ་རྗེ་ཆོས་འོད་དཔག་ཏུ་མེད་པ། གུ་རུ་པདྨས་ལུང་བསྟན་པ་ལྟར་ན་རང་གཞན་གྱི་དོན་གཉིས་འགྲུབ་ངེས་པའི་སློབ་མ་བདུན་ཅུ་རྩ་ལྔ། ཐར་པའི་ལམ་རྐང་ཟིན་ངེས་པ་བདུན་བརྒྱ། ཕྲ་མ་ཆོས་ཀྱི་འབྲེལ་པ་ཁྲི་ཕྲག་ལོང་བ་རུ་ལུང་བསྟན་པས། དེ་དག་རྣམས་ཀྱང་བདག་གི་སྐྱེ་བ་འདི་གཅིག་པུར་ནི་མ་ངེས་ལ། དེ་ཡང་ལྷོ་བྲག་མཁར་ཆུ་གནམ་སྐས་ཅན་གྱི་ཐུགས་གཏེར་གུ་རུ་ཆོས་དབང་དང་། གསང་གཏེར་གྱི་རཏྣ་གླིང་པས་སྤྱན་དྲངས་ཚར་བ་ཉིད་སྟེ། ཟབ་གཏེར་ནི་ཁོ་བོ་ལ་དབང་བར་ལུང་བསྟན་པ་ལགས་ན་ཡང་སྐྱེ་བ་སྔ་མ་འགའ་ཞིག་གི་རྟེན་འབྲེལ་ལ་བརྟེན་ནས་ཚེ་འདིར་རྔོ་ཐོགས་པ་ཞིག་མི་ཡོང་བ་འདྲ་བས། དེས་ན་སྐྱེ་བ་ཕྱི་མར་ཟབ་གཏེར་དེ་འདོན་སྐབས་གོང་དུ་ལུང་བསྟན་པ་ཕལ་ཆེར་ཀྱང་འགྲིག་པར་མངོན།

ལྷོ་བྲག་གི་ཟབ་གཏེར་ཐོན་པའི་སྐྱེ་བ་དེ་ནས་ལས་རླུང་གི་རྒྱུ་བ་ཆད་དེ། ད་ལྟའི་སྤྲུལ་པའི་རིགས་རྒྱུད་འི་ཀ་སྤྲུལ་གཞི་བཛྲ་ཧེ་རུ་ཀའི་གོ་འཕང་ལ་ངེས་པར་བཞུགས་པ་རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་ཀློང་དུ་ཐིམ་པར་བཤད་སྟེ། དེ་དག་ནི་གསང་བར་འོས་པའི་ཚིག་ཡིན་ཀྱང་སྐལ་བ་དང་ལྡན་པའི་སློབ་མ་ཉིད་ལ་གནས་ཚུལ་མ་སྦས་པར་སྨྲས་པ་ཡིན་ལ། འདིར་བརྗོད་བྱའི་དངོས་པོ་ནི་གོང་གི་འཕྲོས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ངེས་པའི་སློབ་མ་བདུན་ཅུ་རྩ་ལྔའི་ནང་ནས་མཆོག་གི་སྐྱེས་བུ་སུམ་ཅུ་རྩ་དྲུག་ལས་ཉེ་བའི་བུ་བརྒྱད་ཀྱི་ནང་ནས་གཅིག་དམ་པ་ཉིད་ཡིན་སྟེ། དེ་ཡང་གསང་བའི་ལུང་བྱང་ལས། ད་ལྟའི་ཛྙཱ་ན་ཀུ་མའི་རྣམ་སྤྲུལ་ནི༔ མང་ཡུལ་རི་རྒྱལ་དཔལ་འབར་ཤར་གྱི་ཆར༔ སྔགས་སྐྱེས་ཛྙཱ་ནའི་མིང་ཅན་སྙིང་སྨེ་ཅན༔ བྱང་སེམས་ཤེས་རབ་ལྡན་པའི་སྐྱེས་བུ་འབྱུང་༔ ཞེས་པའི་ལུང་དོན་ལྟར་སོམ་ཉི་མེད་པར་ཉིད་ཡིན་གྱི། དེས་ན་ཕྱོགས་དེར་སློབ་མའི་ཐུ་བོར་གྱུར་པ་སྙིང་གི་བུ་བཞིའི་ནང་ཚན་སྤྲུལ་པའི་སྐུ་པདྨ་འགྱུར་མེད་ནོར་བུ་དེ་དང་། རྗེ་ཉིད་རང་ལུང་ཟིན་གྱི་སློབ་མ་ལགས་པས་ཆོས་ཀྱི་བརྒྱུད་བཟུང་ལ་གཞན་དོན་གྱི་འཕྲིན་ལས་ནམ་ཡང་མི་སློད་པར་ཐེག་ཆེན་སྤྱི་དང་། ཁྱད་པར་སྔགས། དགོས་སུ་བཀའ་བརྒྱུད་ཀྱི་རྒྱལ་པོ་དྲི་མ་མེད་པ་སྟོད་འབྲུག་རང་ལུགས་ཀྱི་མན་ངག་ཕྱག་རྒྱ་ཆེན་པོའི་ཁྲིད་ཆེན་བརྒྱད་དང་བཅས་པ། རྫོགས་པ་ཆེན་པོ་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་མན་ངག་གཞན་ལས་ཁྱད་པར་དུ་མ་བྱས་པའི་སྨར་ཁྲིད་རྣམས་སྐལ་ལྡན་གྱི་སློབ་མ་རྣམས་ལ་སྐྱོ་དུབ་མེད་པར་གང་ནུས་སུ་སྤེལ་བར་འཚལ་ཞིང་། དེས་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་དགོངས་པ་བསྐངས་ཤིང་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་ཐུགས་ཀྱི་དགེས་དགུ་འགྲུབ་པ། དེ་བཞིན་དུ་གདུལ་བྱའི་དོན་དུ་ཡང་སྲིད་འཇུག་པར་རློམ་པའི་རིག་པ་འཛིན་པ་ཚེ་དབང་ནོར་བུའི་ཡང་ཁྱོད་ལ་རྗེས་སུ་ཡི་རང་ཞིང་། གཞན་དོན་དུ་དབུགས་དབྱུང་བ་དང་གཟེངས་བསྟོད་དོ། །

ཅིའི་ཕྱིར་ཞེ་ན། ཚེ་འདིར་དམ་སེལ་མེད་ཅིང་རིམ་གཉིས་ཀྱི་སྦྱོར་བ་ལ་བརྩོན་ན་ད་སྟེ་རགས་པའི་སྐྱེ་བ་བཅུ་གཉིས་བགྲོད་མཐར་ཧེ་རུ་ཀའི་གོ་འཕང་ལ་རེག་སྟེ་རང་ཅག་དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་ཚོམ་བུ་རུ་འཁོད་པར་འགྱུར་རོ་ཞེས་པ་ཐ་ཚིག་གོ །འོན་ཀྱང་འདིར་ལྟར་སྨྲ་བར། ཁ་ཅིག་གི་བློ་རུ་མི་ཤོང་ཞིང་ཡིད་གཉིས་ཀྱི་ཆུ་རླབས་དྲག་ཏུ་གཡོ་བའི་རྐྱེན་དུ་འགྱུར་བས་བརྗོད་པའི་གོ་སྐབས་མེད་ཀྱང་། ཉིད་ཀྱི་ཡང་ནས་ཡང་དུ་དོ་གལ་ཆེན་པོས་བསྐུལ་ཚེ་གསུང་གཅོག་པའི་ཉེས་བྱས་སུ་དོགས་ནས་འདིར་བརྗོད་པ་ཡིན་གྱིས། དེ་ལ་གཞན་དག་མགུ་དང་མི་མགུ་ཇི་ལྟར་ཤར་ཡང་རང་གི་དྲང་པོའི་གཏམ་ཚིག་སྦྱོར་བ་ལ་ཡ་ང་བ་དང་བག་ཚ་བ་མ་མཆིས་ཏེ།

གང་ཞེ་ན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུང་སྔ་རབས་གཏེར་སྟོན་ཚད་ལྡན་གྱི་ལུང་དུ་མ་ནས་ནི་རང་ཉིད་བསྔགས། འཕགས་ཆེན་གྱི་ས་ལ་བཞུགས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ནི་གཟེངས་བསྟོད། ཁྱད་པར་དུ་བླ་མ་དམ་པའི་བྱིན་རླབས་སྙིང་ལ་ཞུགས་པས་ལྟ་བའི་གནས་ལུགས་མ་འཁྲུལ་བ་མཐོང་བས་ན་རང་གིས་རང་ལ་དབུགས་དབྱུང་། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཉམས་དང་རྨི་ལམ་གྱི་སྣང་བར་ཡང་ཡང་མཇལ་ཞིང་རྒྱུད་བྱིན་གྱིས་རླབས། ཚེ་འདི་སྣང་གི་ཞེན་པ་ནི་སྔོན་ལས་ཀྱི་འཕེན་པས་བྱིས་པའི་དུས་ནས་ཆ་ཕྲ་བས་རང་འདོད་གཡོ་སྒྱུའི་གཞན་མགོ་བསྐོར་བ་ནི་གཏན་ནས་མེད། ཁྱད་པར་མི་ཆོས་བླ་མའི་རྫུན་ནི། སོ་ཐར་གྱི་ཕམ་ལྟུང་དང་། བྱང་སེམས་ཀྱི་རྩ་ལྟུང་དུ་འགྱུར་ཞིང་།

རིག་འཛིན་སྔགས་ཀྱི་སྐབས་སུ་ཡང་ངག་གི་ནུས་པ་བདེན་ཚིག་ལས་འབྱུང་ཕྱིར་དེས་ན་དེ་ལྟ་བུའི་བརྫུན་ཚིག་ནི་སྨྲ་བའི་དོ་གལ་ཅི་ལ་མཆིས་པས། ཚུལ་བཞིན་བརྗོད་པའི་གཏམ་ལ་གཞན་མི་འགུ་བར་སྲིད་ཀྱང་། དོན་དེས་རང་ཉིད་ཞུམ་པ་མ་མཆིས་སོ། །དེ་ལྟར་ད་ལམ་གནས་ཚུལ་ལས་འཕྲོས་ཏེ་ཚད་མའི་ལུང་གི་སྐྱེ་འཕྲེང་གི་སྙིང་པོ་གསལ་བར་བྱས་ཤིང་། ཆ་ཤས་འགའ་ཞིག་ནི་རྟེན་འབྲེལ་ལ་དམིགས་ཏེ་སླད་མར་གླེང་བར་འདོད་དོ། །ཞེས་རྟེན་ཙཎྜ་ལིའི་ཁ་དོག་ཅན་གྱི་དར་རྡོ་རྗེའི་མདུན་པ་གསུམ་གྱིས་བརྒྱན་ཏེ་ལྕགས་ཕག་ཧོར་ཟླ་བཅུ་པའི་ཡར་ཚེས་༤ལ་ལ་སྟོད་རྒྱལ་གྱི་ཤྲིའི་ངོགས་ནས་རིག་པ་འཛིན་པར་གྲགས་པ་དེས་སྤེལ།

སྔོན་བསགས་བསོད་ནམས་དག་པའི་ལས་འབྲས་ཀྱི། །མངོན་མཐོ་རྣམ་པར་དགེ་བའི་རིགས་འཁྲུངས་ཤིང་། །ངེས་ལེགས་བསླབ་གསུམ་ཡོན་ཏན་ཡོངས་ཀྱི་སྤུད། །བཤེས་གཉེན་དམ་པ་རྡོ་རྗེ་འཛིན་དེའི་དྲུང་། །རྣམ་མང་འདུ་འཛིའི་རྒྱ་མཚོ་འཁྲུག་པའི་དབུས། །ལྷག་བསམ་གསེར་གྱི་གླིང་ལ་ཡོངས་བརྟན་ནས། །དོན་གཉིས་རིན་ཆེན་བླང་ལ་ཆེས་བརྩོན་པའི། །སྤྲུལ་པའི་མིང་ཙམ་འཛིན་པ་དེས་སྨྲ་མཆིད། །རྣམ་དཀར་དགེ་བས་སྤྱོད་པའི་བློ་མཚོ་ལ། །དྲི་མེད་ཟླ་ཤར་བྱིན་རླབས་ཟླ་རིས་ཀྱི། །ཡོངས་འཁྱུད་སྙིགས་དུས་འགྲོ་བའི་ཚ་གདུང་རྣམས། །སེལ་མཁས་སྙིང་གི་བུ་ཁྱོད་རྒྱལ་གྱུར་ཅིག །

ཁྱོད་ཀྱི་བློ་ལ་ཉེས་པའི་སྐྱོན་མེད་ན། །ཅལ་སྒྲོགས་གཏམ་གྱིས་སྒྲིབ་པར་འགྱུར་མིན་གྱིས། །ཆ་ཤས་སྲིད་ཀྱང་སྟོབས་བཞི་ཚང་བ་ཡིས། །བཤགས་པས་དེང་ནས་སོར་ཆུད་བདག་དབུགས་དབྱུང་། །འོན་ཀྱང་རྟག་ཏུ་མཉམ་གཞག་དྲན་པ་ཡི། །ཕྱིན་ཆད་གཡོ་མེད་དམ་ཚིག་ཆེ་སྐྱོང་འཚལ། །ཁྱོད་དང་བདག་གཉིས་སྨོན་ལམ་དག་པའི་མཐུས། །སྐྱེ་བ་འགའ་རུ་ཚོམ་བུ་གཅིག་ཚོགས་སེམས། །དམ་སེལ་མ་བྱུང་སྐྱེ་བ་ཕྱི་མ་ཡང་། །རྟག་ཏུ་འགྲོགས་པར་འགྱུར་ལ་ཐེ་ཚོམ་མེད། །དེ་ཕྱིར་འདི་ཕྱི་དགེ་བའི་ལེགས་སྨོན་ལ། །འབད་པ་ཆབས་ཅིག་གཡེལ་བ་མེད་ཀྱང་འཚལ། །དེ་སྐད་རང་བཞིན་རྫོགས་ཆེན་རྣལ་འབྱོར་པ། །གུ་ཡངས་ཁྱབ་བརྡལ་སྤྱོད་པའི་སྨྱོན་པ་ནི། །ཚེ་དབང་ནོར་བུ་གཟའ་གཏད་བྲལ་བ་ཡིས། །རུ་ལུག་གྱོང་ནས་ཟླ་ཚེས་དགེ་ལ་ཕུལ། །

༈ མཁྱེན་པའི་སྤྱན་རས་པདྨ་ལྟར་རྒྱས་པ་དགེ་སློང་རྡོ་རྗེ་འཛིན་པ་གང་དེའི་སྐུ་དྲུང་དུ།

ཞུ་བ། དེང་དུས་གདུལ་བྱའི་ཆུ་སྣོད་དུ་སྐུའི་ཟླ་གཟུགས་འགོག་པ་མེད་པ་ཉེར་འཚེའི་རླབས་ཀྱིས་མ་བསླད་པར་བཞུགས་པ་ནས་གསུང་ཤོག་རྟེན་གྱི་ཕུང་པོ་རྟགས་ཀྱི་རེ་ཁ་ཉམས་པ་མེད་པ་སྔ་ཕྱིར་སྩལ་བ་རྣམས་སྙིམ་པར་སོན་པས་དགའ་བའི་སྤྲིན་ཕུང་ཅིར་ཡང་རྒྱས།

ཉེ་ལམ་ཞུ་འོས། རྡོ་རྗེ་སློབ་དཔོན་ཆེས་ཆེ་བ་རྡོ་རྗེ་འཛིན་པ་པདྨ་རིག་འཛིན་དབང་གི་རྒྱལ་པོའི་ཞབས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་སྐབས་དེ་ཁར་དགོངས་དབྱིངས་རིན་པོ་ཆེ་ཁྲེལ་ཚོམ་གྱི་རྣམ་པ་ཅུང་ཟད་བརྟེན་ཚུལ་རིམ་པར་ཐོས་པས་ཡིད་སྤྱོ་ཤས་ལས་ཀྱང་ཆེས་སྐྱོ་ཞིང་མཆི་མ་བཀུ་བའི་གནས་སུ་ཀྱང་རེ་ཞིག་གཞན་བྱར་མ་བྱུང་། འོན་ཏེ་རང་བློ་ལ་མི་གུས་པ་ལོག་ལྟ་ཁྱད་གསོད་བརྙས་བཅོས་ཚུལ་མིན་གྱི་བྱ་བ་བྱེད་བློ་གཏན་ནས་མེད་པར་གཞན་རྐྱེན་གྱིས་དབང་ཁོ་ནས་རྡོ་རྗེ་སློབ་དཔོན་གྱི་དགོངས་པ་ཚོམ་པར་གྱུར་ན་ཐར་འབྲས་ཕྱིར་བསྲིང་བ་སོགས་སྤྱིར་ཉེས་པ་དཔག་ཏུ་མེད་མོད།

ཡིན་ན་ཡང་རང་བློ་ལ་ལོག་ལྟ་གཏན་ནས་མེད་ཕྱིན་རྩ་བའི་དམ་ཉམས་སུ་ནི་མི་འགྱུར་བས་ས་བཅུ་པའི་རྣམ་འཕྲུལ་རྗེ་བཙུན་བླ་མའི་ཞལ་ལུང་ལས་འབྱུང་གི །ལྷག་ཏུ་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ནི་གསེར་དངུལ་གཞོམ་པ་དང་འདྲ་བས་གསོ་བར་བསྔགས་པ་དང་། ཁྱད་པར་དུ་དམ་པ་ཉིད་ཀྱི་ཐུགས་ལ་བསླད་སྤུ་ཙམ་མེད་པར་ངེས་ཚེ་སྒྲིབ་པ་ཆེན་པོ་ནི་ཅི་ལ་འགྱུར། དེ་ལྟ་ན་ཡང་གསུམ་ལྡན་རྡོ་རྗེ་སློབ་དཔོན་ཐུགས་མ་དགྱེས་པར་ནི་མ་ལེགས་པས་གོང་མ་དེ་ཉིད་ཀྱི་དགོངས་པ་བསྐང་བའི་ཆོ་ག་དྲག་པོར་རང་བྱུང་རང་ཤར་གྱི་རྒྱུད་ནས་བཤད་པ་ལྟར་ཇི་བཞིན་པར་འགྲུབ་ན་ཉེས་བྱས་ཆ་ཤས་ནས་དག་པར་སེམས་ལ། གང་ལྟར་ཡང་བཤགས་པའི་ཆོ་ག་གྲུབ་པའི་མཚམས་སམ། དེ་ལས་འགྱངས་ཙམ་ཞིག་ནས་ཉམས་སམ་རྨི་ལམ་གྱི་སྣང་བར་སྒྲིབ་པ་དག་ཅིང་ཉེས་པ་མེད་པར་དབུགས་དབྱུང་བར་ཡང་འདོད་དོ། །དེ་ལྟར་རང་ལ་ཉེས་པ་ཆེན་པོར་མེད་ཀྱང་ཉམས་ཆག་ཅེས་མི་སྙན་པའི་ཚིག་འབྱུང་བ་འདི་ཡང་སྔོན་གྱི་ལུས་སུ་ངེས་ཏེ།

དེ་གང་ཞེ་ན། ཉིད་ཀྱི་སྐྱེ་བ་མང་ཞིག་འདས་པའི་སྔ་རོལ་དུ་ནམ་མཁའ་རྡོ་རྗེ་ཅེས་བྱ་བའི་རྣལ་འབྱོར་པར་གྱུར་ཏེ་རྩ་བའི་བླ་མ་དེ་ཉིད་མྱ་ངན་ལས་འདའ་ལ་ཉེ་བའི་སྐབས་སྒྲུབ་གྲྭའི་རྡོ་རྗེ་སློབ་དཔོན་དུ་བསྐོ་བར་བཞེད་དེ་འབོད་པར་གནང་ན་ཡང་རྟེན་འབྲེལ་གྱི་དབང་གིས་ལམ་དུས་རིང་དུ་དཀར་བས་ཞལ་མ་མཇལ་བ་དེ་ཉིད་ཉེས་བྱས་ཕྲ་མོར་གྱུར་པའི་འབྲས་བུ། དུས་འདིར་མི་སྙན་པའི་གཏམ་དང་། ཉམས་ཆག་ཆུང་ངུའི་རྒྱུར་གྱུར་པ་ལས་དེ་ཡི་བསྐྱེད་པར་མངོན་ཏེ། དེ་ཡང་ཚུར་མཐོང་གིས་དཔྱད་ན། རྩ་བའི་བླ་མའི་བཀའ་བཅག་པའི་བློ་ཡེ་ནས་མེད་པར་ལེ་ལོའི་དབང་ཅུང་ཟད་ཀྱི་གཤེགས་ཁར་མ་མཇལ་བ་ལ་ཉེས་བྱས་ཕྲ་མོ་ཡང་ཡོང་དོགས་མ་ཁ་ནའང་། རྩ་བའི་བླ་མའི་དམ་ཚིག་རྣམས་ནི་ཆ་ཕྲ་མོ་ཡང་ཤིན་ཏུ་གཉན་ནོ་ཞེས་པའི་དོན་ཡིན་གྱིས་དེས་ན་ཚོར་བ་རྣམས་ནི་སྨོས་ཀྱང་མི་འཚལ་ཞིང་། མ་ཚོར་བའི་ཉམས་ཆག་ཕྲ་མོ་རྣམས་ཀྱང་བཤགས་སྦྱངས་དྲག་པོར་འབད་པ་དང་། ལུས་དང་སྲོག་ལ་ལྟོས་པ་མེད་པར་དམ་ཚིག་རྣམ་པར་དག་པ་བྱེད་དགོས་པ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ཆོས་ཀྱི་ཉིང་ཁུ་ཡང་དག་པའོ། །

ཉིད་ལྟ་བུའི་གཞུང་ལུགས་ལེགས་པར་མཁྱེན་པའི་དམ་པ་ལ་འདི་ལྟར་ཞུ་དགོས་པ་ནི་མ་ལགས་ཀྱང་། མཛེས་ཚོན་མེད་པར་ཕེབས་གསལ་དགོས་ཞེས་གསུང་གིས་བསྐུལ་པ་ལྟར་རང་གི་བློ་ལ་ཇི་ལྟར་འཆར་བ་བཞིན་ལྷུག་པར་བརྗོད་པ་ལགས་པས་དགོངས་འཇུག་ཞུ། ཞེས་གཟིགས་རྟེན་ལྷ་རྫས་རྣམ་པར་དཀར་པ་གངས་རིའི་མདངས་ལྡན་དྭངས་གསལ་སྒྲིབ་མེད་དམ་ཚིག་རྣམ་པར་དག་པས་མཚོན་གཙང་རུ་ལག་སྨྱག་གུ་ལུང་ནས་རིག་པ་འཛིན་པ་ཚེདབང་ནོར་བུས་སྤེལ།

དགེ་སློང་རྡོ་རྗེ་འཛིན་པ་གང་གི་སྐུ་གཞོགས་སུ། སྟབས་བདེར་ཞུ་བ། དེང་སྐུ་འཚོ་དྭངས་ཤིང་མཛད་ཁྱབ་གོང་འཕེལ་དུ་བཞུགས་པ་ཡིད་ཀྱི་སྨན་ཡོན་དུ་གྱུར། ཁོ་བོ་ཅག་ཀྱང་ལྔ་ཕུང་བདེ་ངོས་དགེ་བློ་དོར་མེད་དུ་མཆིས། འཚམས་ཞུ། རིན་ཆེན་ཆོས་དག་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་པ་ལྟར་ཡིན་པས། སྤྱིར་འབའ་རར་ཕེབས་མ་ཐུབ་པ་དེ་རྟེན་འབྲེལ་ལ་གནོད་པ་དང་ལྷག་ཏུ་ད་དུང་ཡང་སྐུ་ཚེ་མཛད་འཕྲིན་ལ་བར་ཆད་ཀྱི་ལྟས་ཕྲན་བུ་ཤར་བས། རེ་ཞིག་བསྒྲུབ་པ་གཙོར་འདོན་འཚལ། ཞེས་ཡར་ཚེས་བཟང་པོར་བཀྲ་བཟང་ནས་ཕུལ།

ལགས། ནང་ལུགས་སྟབས་བདེར་འབུལ་བ། ངོས་ཀྱང་ད་ལྟ་ཁམས་སྙོམས་ཤིང་ཕ་ཏྲེ་བོ་ཡི་སྐུ་འབུམ་ལ་རབ་གནས་བསྒྲུབ་པའི་ངང་དུ་མཆིས། ཁར་སིང་ནས་དེར་མི་གཅིག་གཏང་འདུན་ལགས་ཀྱང་ད་བར་འགྱང་སོང་། སི་ཏུ་ཡང་ཚེས་ཙམ་ཕེབས་སམ་སྙམ་པ་འདུག དེ་བར་རབ་གནས་བརྒྱ་རྩ་བསྒྲུབ་རྩིས་ཡིན། འོན་ཀྱང་སྒྲོལ་ཕུག་པ་ཡང་བྱུང་བར། ཆོས་སད་སུད་འདྲ་ཐུན་བར་དུ་འཆད་དགོས་ཡང་འདུག ཚེས་༡༥ལ་དུས་འཁོར་སྡོམ་པ་ཆེན་པོའི་དབང་ཞིག་ཞ་ལུ་བའི་དོན་གཉེར་རྣམས་ལ་བསྐུར་རྩིས་ཡིན། དེས་ཉིད་དེ་ནས་ཐུགས་སྟབས་ནམ་བདེར་ཕེབས་ཆོག་ལ། ལྷག་ཏུ་ཚེས་༡༣ལ་འདིར་འབྱོར་ཙམ་གནང་ན་ལེགས་འདྲ་ལགས། འཕྲལ་དུ་ངོས་མཇལ་ཡོངས་སྟབས་གནས་ཚུལ་ཞིབ་པ་འབུལ་མ་ཐུབ། གཟིམ་ཤག་ཡང་འདིར་སླེབ་ཕྲལ་ཕྱག་མཛོད་ལ་ཞུས་ནས་ལེགས་པོ་གཅིག་ཡོང་བ་ཡོད་ལགས། ཞེས་ཚེས་ལ་ཕུལ།

སྐྱེས་མཆོག་རྡོ་རྗེ་འཛིན་པ་གང་གི་སྐུ་གཞོགས་སུ། ཞུ་བ། དེང་དུས་སྐུ་ཡི་དཀྱིལ་འཁོར་མཆོག་ཏུ་དྭངས་ཤིང་གཞན་ཕན་འཕྲིན་ལས་ཀྱི་འོད་དཀར་འབུམ་དུ་འཕྲོ་བས་སྐལ་བཟང་སྙིང་གི་ཨུཏྤལ་དཀར་པོ་རྒོད་པར་བྱེད་པ་གདུལ་བྱའི་དཔལ་དུ་ལྷན་ནེར་སྣང་བས་བཀའ་དྲིན་མཆོག་ཏུ་ཆེ་ལ། ངོས་ཀྱང་སྔར་མུ་བཞིན་འཚོ་བ་སྙོམས་ཁུལ་ནས་རོང་ཕྱོགས་ཀྱི་ཆོས་ཀྱི་འབྲེལ་བ་བགྱིད་དགོས་རྣམས་གྲུབ་པས་ད་ལྟ་ཁམ་བུ་ལུང་དུ་འགྲོ་སྐབས་སུ་མཆིས། འཚམས་ཞུ། དེ་ནས་ཕྱག་བྲི་རྟེན་གྱི་དངོས་པོ་གྱ་ནོམ་པ་དང་བཅས་པ་འདིར་སོན་པས་ཡིད་ཀྱི་དགའ་བ་བླ་ན་མ་མཆིས་པ་ཐོབ་ཅིང་། ཟབ་ཕུར་བདུད་རྩི་སྨན་གྱི་ཆོ་ག་བར་ཆད་མེད་པར་རྣམ་པར་དག་པ་ཐར་སོན་དུ་གྲུབ་པ་རྗེས་སུ་ཡི་རང་ཞིང་། མཆོད་སྨན་གྱིས་འཕུར་མ་སྩལ་བ་ཡང་ཐོབ་པས་རྟེན་འབྲེལ་ལེགས་པར་ཤར། ཧོར་ཟླ་དང་པོའི་སྐབས་སུ་བརྟན་བཞུགས་ཚིགས་བཅད་འབུལ་མི་ཞིག་གཏོང་དགོས་ཡོད་ཀྱང་ལེ་ལོས་འགྱང་རུང་། ད་ལམ་ཕུལ་བར་ཚོགས་སུ་འཕྲལ་འཛུགས་དང་། སླད་མར་ཇི་མྱུར་མཇལ་བར་འདུན་ཅིང་། དེར་ཟབ་ཁྲིད་རྣམས་ཀྱང་འཕེལ་གང་ཆེ་བཀའ་དྲིན་ཆེ་འཚལ་ལ། ཁྱོད་ཀྱི་སློབ་བརྒྱུད་འཛིན་པ་གངྒཱའི་རྒྱུན་ལྟར་ཆད་པ་མེད་ཅིང་། བསྒྲུབ་བརྒྱུད་འཛིན་པས་ས་འདི་ཁེངས་པར་ཤོག །ཞེས་སྙིང་ནས་སྨོན་པ་ལགས།

ཞེས་འདེགས་རྟེན་ལྷ་གོས་རྣམ་པར་དཀར་བས་བཅིབས་ཏེ་ཕ་བླ་མའི་གདན་ས་རོང་དཀར་ཅོག་ནས་ཟླ་ཚེས་༢༣དགེ་བར་རིག་པ་འཛིན་པས་སྤེལ།

བདག་སྙིང་མཛེས་པར་བྱེད་པའི་རྡོ་རྗེ་སློབ་མ་གང་གི་སྐུ་དྲུང་དུ། ནང་ལུགས་སྟབས་བདེར་འབུལ་བ་དེང་སྐུའི་དཀྱིལ་འཁོར་མཆོག་ཏུ་དྭངས་ཤིང་། མཛད་འཕྲིན་བཟང་པོ་གོང་འཕེལ་དུ་བཞུགས་པ་ནི་ཤིན་ཏུ་ནས་སྤྲོ། ངོས་ཀྱང་ལྔ་ཕུང་གི་འཚོ་བ་སྙོམས་ཤིང་བསྟན་འགྲོར་ལྷག་བསམ་མི་དམན་པས་གཞན་ཕན་གྱི་འཕྲིན་ལས་གོ་ཡངས་པོར་ད་བར་ཀོང་པོ་ཁུལ་གྱི་གནས་ཡུལ་གྱི་བདུད་རྩིའི་སྤྱོད་པར་འགོར་ཞིང་། ད་ཆ་སྦས་པའི་ཡུལ་པདྨ་དཀར་པོ་ཞེས་སྤུ་བོའི་ཕྱོགས་སུ་བསྐྱོད་རྒྱུ་དང་། དེ་ནས་མདོ་ཁམས་སུ་ཀཿཐོག་རྡོ་རྗེ་གདན་གྱི་ཞིག་གསོ་རྣམས་སྒྲུབ་པར་ཕྱིན་པའི་དེ་དག་ལེགས་པར་གྲུབ་བསྟུན། སླར་ཡང་དབུས་གཙང་དུ་ཡོང་ངོས་ནཻལྤཱ་ལ་སོགས་འཕགས་ཡུལ་དུ་བསྐྱོད་རྩིས་བཅས། མི་རིང་བར་མཇལ་བར་འདུན་ཅིང་། དེ་སྲིད་དུ་སྐུའི་འཚོ་གཞེས་དང་། རིམ་གཉིས་ཀྱི་ཉམས་བཞེས་སོགས་ལྷོད་མེད་གོང་འཕེལ་དུ་ཡོད་པ་མཛད་འཚལ།

ཞེས་སྤྱན་རས་གཡོ་རྟེན་ལྷ་རྫས་རྣམ་པར་དཀར་བ་བཅས་ཟླ་༢ཚེས་༥དགེ་བར་དཔལ་རིག་པ་འཛིན་པས་ཀོང་ཡུལ་བྲག་གསུམ་གྱི་ལྗོངས་ནས་ཕུལ།

༈ སྐྱེས་མཆོག་འབའ་ར་བའི་སེང་གེའི་ཁྲི་བསྲུང་བ་དགེ་བའི་བཤེས་གང་གི་སྐུ་གཞོགས་སུ།

ནང་ལུགས་སྟབས་བདེར་ཕུལ་བ། དེང་སྐུ་འཚོ་དྭངས་ཤིང་མཛད་འཕྲིན་གོང་འཕེལ་དུ་བཞུགས་པ་གཞིར་བཅས། ངོས་ཀྱང་ལྔ་ཕུང་འཚོ་བ་སྙོམས་པ་ནས་གཞན་ཕན་འཕྲིན་ལས་ཀྱི་སྒོ་ཡངས་པོར་སྤྱོད་ཅིང་མདོ་ཁམས་སུ་ལམ་བགྲོད་སྐབས་སུ་མཆིས། སླད་ཆར་མི་རིང་བར་ཡང་མཇལ་བར་སྨོན་ཅིང་། དེ་སྲིད་དུ་སྐུ་ཉིད་ནས་ཀྱང་རང་དོན་རིམ་གཉིས་དང་གཞན་དོན་འཕྲིན་ལས་ཀྱི་འཇུག་སྒོ་མི་དམན་པར་སྔར་མུ་བཟང་པོ་བཞིན་གཡེལ་བ་མེད་པ་གནང་དགོས་པ་མཁྱེན་ཚོར་གཅགས་པ་ཞུ་ཞིང་། དུས་ཀུན་དགེ་བའི་བསྲུང་འཁོར་ར་བ་ནས་ཀྱང་གཡེལ་མེད་བགྱིད་འདུན་བཅས་དགོང་དབྱིངས་སུ་འཇུག་པ་འཚལ།

ཞེས་རྟེན་ལྷ་རྫས་རྣམ་པར་དཀར་བ་བཅས་མལ་གྲོའི་ལམ་བར་དཀར་གྲོང་ནས་དཔལ་རིག་པ་འཛིན་པས་ཚེས་དགེ་བར་ཕུལ་བའི་ཞུ་ཡིག་གོ །

བསྒྲུབ་བརྒྱུད་བསྟན་པའི་རིང་ལུགས་པ་ཆེན་པོ་གང་གི་སྐུ་དྲུང་དུ་ཕུལ།

དཔལ་རིག་པ་འཛིན་པའི་ཞུ་ཡིག་གོ །བསྒྲུབ་བརྒྱུད་བསྟན་པའི་རིང་ལུགས་པ་ཆེན་པོ་གང་གིས་སྐུ་དྲུང་དུ།

ཞུ་བ། དེང་དུས་ལྷག་བསམ་གྱི་ཐུགས་བསྐྱེད་མ་སྨད་པས་གྲུབ་པའི་བསྟི་གནས་ཆེན་པོར་ཞིག་གསོ་དང་། བསྟན་པ་ལ་འཕེལ་བསྐྱེད་གང་ཆེ་མཛད་པ་རྗེས་སུ་ཡི་རང་ལགས། ངོས་ཀྱང་ལྔ་ཕུང་གི་འཚོ་བ་སྙོམས་ཁུལ་ནས་གཞན་ཕན་གྱི་འཕྲིན་ལས་འཇུག་སྒོ་ཡངས་པོར་མཆིས། མཚམས་ཞུ། དེ་ཡང་ཤར་ཕྱོགས་ལྗོན་པའི་ཚལ་ནས་ཡར་བསྐྱེད་དེ་གཉལ་ནས་བརྒྱུད། ཁྲ་འབྲུག་བསམ་ཡས་རྣམས་སུ་མཆོད་པའི་སྤྲིན་གྱིས་མཆོད་པར་བྱས་ཤིང་། དེ་བཞིན་སྔ་འགྱུར་གྱི་རིང་ལུགས་པ་ཆེན་པོ་སྨིན་གྲོལ་གླིང་དུ་ཁྲི་རིན་པོ་ཆེ་དང་། རྗེ་བཙུན་དྲུང་གི་གཙོས་བློ་དང་ལྡན་ཞིང་དོན་དུ་གཉེར་བ་ཚོམ་བུར་གྱུར་པ་ལ་རྫོགས་ཆེན་ཀློང་སྡེ་དང་། མན་ངག་གི་སྡེ། ཡང་གསང་བླ་མེད་སྙིང་ཐིག་གཉིས་ཀྱི་དགོངས་པ་འདུས་པ་བཅས་ཀྱི་དབང་ཁྲིད་ལུང་གིས་ཐུགས་ཀྱི་རེ་བ་བསྐང་བར་བྱས་ཤིང་། དེ་ནས་ཀྱང་ལྷ་ལྡན་དུ་ས་དབང་ཆེན་པོའི་མཇལ་ཕྱག་ཞུས་ནས་རིམ་པས་སྟོད་ལུང་མཚུར་ཕུར་དཔལ་ཀརྨ་པའི་ཁྲི་འདོན་བགྱིས་ཤིང་། དཔལ་དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་བདག་པོ་དང་བདག་པོ་ཆེན་པའི་དབང་གི་བར་དང་། བྷི་མ་ལའི་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་ཕུལ་ཞིང་། དེ་ནས་སླར་ཡང་ད་ལྟ་ལྷ་ལྡན་དུ་སླེབ་སྟེ་དབང་ཆེན་པོའི་མཇལ་ཕྱག་ཞུ་ཟིན་ལ། རེ་ཞིག་བོད་ཡུལ་ཕྱོགས་སུ་སྡོད་པར་བཀའ་ཕེབས་ཀྱང་། རེ་ཞིག་ལོ་ཁམས་ཕྱོགས་སུ་འགྲོ་བའི་དགོངས་པ་ཞུ་རྩིས་སུ་བྱས་པ་གནས་ཚུལ་དང་། བདག་གི་ཆོས་སུ་རློམ་པའི་ཆོས་བརྒྱད་ཀྱི་ཁྲོད་དུ་འདི་ལྟར་བརྫི་བ་ཡིས་ཉིན་མཚན་མེད་པར་རྣམ་གཡེང་ཁོ་ནས་ལུས་ངག་ཡིད་གསུམ་སྦྱོང་བཞིན་དུ་གནས། འོན་ཏེ་བསྟན་པ་ལ་བྱ་བ་བགྱི་འོས་ཡང་མང་དུ་གྲུབ། ད་ནི་མི་རིང་བར་ཤར་ཕྱོགས་ཤིང་ལོའི་ཚལ་དུ་བསྐྱོད་འདུན་ཡིན་མདོ་ཁམས་ནས་སྡེ་དགེའི་ཕོ་ཉ་ཆེད་གཉེར་ཡང་བྱུང་། སླད་མར་མཇལ་བར་ཡང་འདུན་ཞིང་། དུས་ཀུན་དགེ་བའི་སྐྱབས་འཇུག་ཡང་དག་བགྱིད་པ་དགོངས་པའི་དོ་རར་འཇུག་པ་ཞུ་ཞུ།

ཞེས་ལྷ་རྫས་རྣམ་པར་དཀར་བ་བཅས་ཟླ་༤ཚེས་༢༨དགེ་བར་དཔལ་རིག་པ་འཛིན་པས་འཁྲུལ་སྣང་གཙུག་ལག་ཁང་གི་ཤར་འདབས་ནས་ཕུལ་མངྒ་ལཾ།

རང་བསྟན་གསལ་བར་བྱེད་པ་སྙིང་དབུས་ཀྱི་ཐིག་ལེར་མཛེས་པར་བྱེད་པ་གང་གི་སྐུ་དྲུང་དུ། འབུལ་འབྲས། དེང་ཕུན་སུམ་ཚོགས་པའི་དགེ་མཚན་བཅོ་བརྒྱད་ཀྱི་ཁྱད་པར་དུ་བྱས་པའི་རྟེན་བཟང་པོ་དོན་ཡོད་པའི་མཛད་པ་མཐའ་དག་གི་རབ་དང་ཕུལ་དང་། རྩེ་མོ་དང་མཆོག་ཏུ་གྱུར་པ་ཟབ་མོའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལས་གཞར་ཡང་མི་གཡོ་བ་ནས་མཉམ་རྗེས་དབྱེར་མེད་རིག་སྟོང་སྤྲོས་བྲལ་ཆེན་པོའི་ཀློང་དུ་འབྱམས་ཀླས་པ་ནས་གཞན་ཕན་འཕྲིན་ལས་ཀྱི་རྣམ་རོལ་མ་འགགས་པར་འཆར་བ་ཀུན་ཏུ་དགེ་བའི་ངོ་མཚར་འབའ་ཞིག་ཏུ་གྲུབ་པས་ཕན་བདེའི་ལང་ཚོ་གསར་བཞིན་པ་ནས་ཕྱ་བྲིས། རྟེན་གྱི་དངོས་པོ་སྔ་ཕྱི་རྣམས་ཉམས་བྲལ་འབྱོར་བས་དཔལ་སྤྲོ་བརྟས། ངོས་ཀྱང་ས་དབང་ཆེན་པོའི་མཇལ་ཁ་རྣམས་ཞིབ་ལྷོད་ཀྱི་ལེགས་པར་གྲུབ་ནས་ད་ལྟ་ཆོས་གླིང་སྤྲུལ་སྐུར་ཆོས་བཀའ་ལ་སོགས་གདམས་ངག་ཟབ་རྒྱས་ཀྱི་གྲོལ་བར་བགྱིད་སྐབས་སུ་མཆིས། མཚམས་འབྲས། ད་ལམ་ཐོ་དོན་བཞིན་ཕྱག་དཔེ་རྣམས་འདི་ཁར་ངོས་རང་ལ་འདུག་པ་དང་དོགས་ཆོད་བཅས་ཕུལ་ཡོད་ལགས་ཤིང་། མེད་རིགས་རྣམས་སྤྲུལ་པའི་སྐུར་གཡར་པོ་ཞུས་ཤིང་ཕུལ་བས་རྩིས་བཞེས་དང་། ཕྱག་དཔེ་ཡང་སའི་རྩ་བ་མ་ཟད་སླར་ཐུགས་ནང་དག་པའི་ཁྱད་ཀྱི་དེ་གའི་ཕྱག་བྲིས་རྟེན་དར་དཀར་དམར་རྣམས་ཆོས་གླིང་སྤྲུལ་སྐུར་ཕུལ་ནས་ཕྱག་བྲིས་ཞིག་ཀྱང་བསྐུར་དགོས་ཚུལ་སྨྲས་ནས་ཐུལ་ཡོད།

ཅེས་སྨན་སྒྲུབ་ཀྱི་ལེགས་གསོ་ཊྭཾ་ཁ་བཏགས་བཅས་རིག་པ་འཛིན་པས་ཆོས་གཏེར་གླིང་ནས་ཕུལ།

རང་བསྟན་གསལ་བར་བྱེད་པའི་རྡོ་རྗེ་འཛིན་པ་གང་གི་སྐུ་དྲུང་དུ། སྟབས་བདེར་འབུལ་འབྲས། དེང་དུས་ངེས་དོན་མཚན་དཔེས་བརྒྱན་པའི་སྐུ་ཡི་སྣང་བརྙན་གྱི་ཟླ་གཞོན་གདུལ་བྱའི་ཆུ་སྣོད་དུ་ནམ་ཡང་འགོག་པ་མེད་པར་འཆར་བཞིན་ལས། ཐུགས་རྗེ་ཡིས་བསིལ་ཟེར་ཀུན་ནས་འཕྲོ་བས་སྐལ་བཟང་ཀུ་མུ་ད་ཡིས་འཕྲེང་བ་བཞད་པར་མཛད་ནས་བཞུགས་ལགས་སམ། ངོས་ཅག་འདིར་སྣང་བ་ཡང་ལྔ་འདུས་ཀྱི་ཕུང་པོ་གྲོ་བ་དྲག་པོས་མ་མནར་ཙམ་ནས་གཞན་ཕན་གྱི་ཁུར་བསམ་ནམ་ཡང་འདོར་བ་མེད་པའི་ངང་ནས་རྒྱལ་བསྟན་གྱི་བྱ་བ་ཅི་ནུས་སུ་འབད་དེ་འཛིན་ཁུལ་མཆིས།

གཞན་ཡང་ཞུ་འོས། ཁ་སིང་ཉིད་ཕེབས་པའི་ཟླ་འཕྲོས་དེར། སྔ་འགྱུར་བསྟན་པའི་རྩ་ལག་དྲེས་སྤྲུལ་པའི་སྐུ་དཔོན་སློབ་ཕེབས་པར། བཀའ་ཆོས་ཀྱི་ཐུགས་ཀྱི་བཞེད་པ་གོང་འཕེལ་དུ་བསྐང་ཞིང་། དེ་ནས་ལམ་འབྲས་ཞུ་བར་ལྷ་ཁུད་རྗེ་དྲུང་དུ་བཅར་ཡང་། རྒྱུད་ལམ་གྱི་དབང་ཙམ་ནོད་ཅིང་། སླར་ཐོས་བསམ་གླིང་གི་མཁན་པོར་གསང་རིར་ལམ་འབྲས་ཡོངས་སུ་རྫོགས་པ་ལན་གསུམ་ནོས་པའི་སྐབས་སུ་མཆིས། འདིར་ཡང་ཕར་ཆོས་འཆད་པའི་བྲལ་བ་ཡང་ཕལ་ཆེར་བསྲང་བའི་སྐབས་སུ་ཡིན་ལགས། སྔ་ཕྱིར་ཤང་སྟག་སྣ་བའི་བང་ཆེན་མང་བར་བྱུང་བས་ཕྱོགས་དེར་ཟླ་བ་གསུམ་པའི་ནང་ལ་སླེབ་པའི་ཆད་དོན་བྱས་པ་ཡིན་རུང་། འོན་ཏེ་རང་རེའི་རྟེན་འབྲེལ་འཆར་སྒོ་དང་བསྟུན་ལྷ་རི་གང་བཟང་གང་རིགས་སུ་ཐོག་མར་བགྲོད་རྩིས་ཡིན།

སྤྱིར་འདི་ལོ་རྨི་ལམ་འཚུབ་འགྱུར་ཆེ་ཞིང་། ལྟས་རྒྱ་མ་དོ་དུ་མ་འཆར་བ་བཅས་འཕྲལ་ཀོང་ཡུལ་ཕྱོགས་སུ་འགྲོ་ཐུབ་ན་བསམ་པའི་འདུན་པ་ཡོད། དེ་ནས་ཡང་སྐྱེས་མཆོག་ཆེན་པོའི་བསྟན་པ་ལྷག་བསམ་ཁུར་བཞེས་ཀྱི་ཁོ་རང་ཚོས་དོན་དུ་གཉེར་མི་གཉེར་གང་ཡིན་ཀྱང་། དབང་ཁྲིད་ལུང་སོགས་བསྟན་རྒྱུན་ལ་གང་ཕན་མཛད་འཚལ་གྱིས། འོན་ཀྱང་ཕོ་ཉ་བའི་ངག་བསྒྲོས་ལྟར་ན། དེ་ཁའི་རྟོགས་ལྡན་བཙུན་མ་རྒན་གཞོན་ཀུན་ཆོས་ཀྱི་གྲྭ་དྲི་ཆེན་པོ་མི་གོས་པ་འདྲ་ཞིག་ཡོད་ཚོད་འདུག་ལགས། སྐྱེས་མཆོག་ཆེན་པོའི་གདན་སར་བསྟན་པ་མཐའ་ལ་ཐུག་པ་དེ་འདར་ཞིག་ཡོད་འདུག་བསམ་ཡིད་མ་རང་བ་དང་། སྙིང་ནས་སྐྱོ་བ་ཞིག་བྱུང་། འོན་ཀྱང་ལྷག་བསམ་གྱི་ཐུགས་བསྐྱེད་དོར་བ་མེད་པ་ནས་སྐྱེས་མཆོག་ཆེན་པོའི་བསྟན་པ་ལ་ཕན་སླེབ་གང་ཆེ་དགོངས་པར་འཇུག་འཚལ། ཁོ་བོས་ཀྱང་རྟག་ཏུ་བསྲུང་བའི་དོ་ར་ནས་འདོར་མེད་ངོས། དགེ་བའི་སྐྱབས་འཇུག་ཡང་དག་བགྱིད་པ་ཆོས་ཀློང་དམ་པར་བཞུགས་པ་འཚལ། ཞེས་འདེགས་རྟེན་ལྷ་གོས་རྣམ་པར་དཀར་བ་བཅས་སྟིང་སྐྱེས་ཀྱི་གསང་རི་ནས་ཟླ་ཚེས་བཟང་པོར་ཕུལ།

ལགས། ཁ་སིང་ར་ལུང་དུ་རྩེ་འཛོམ་ཙམ་ཕེབས་ན་ཞུས་པ་ཡིན་རུང་། འོན་ཏེ་ཁོ་བོ་ཅག་གི་རྨི་ལྟས་འགྱུར་ཉམས་ཆེ་བའི་སྟབས་ཤིག་གཉན་ཁྲོད་ཞིག་འགྲམ་མམ་མཉམ་པའང་ཡོད་པས། དེས་ན་རྩེ་འཛོམ་ཐུབ་མིན་ཐེ་ཚོམ་ཞིག་བྱུང་ལགས་ཀྱི། དེ་ཕྱིར། ཆོས་འཆད་ཉན་དོན་གཉེར་བ་ཡོད་ན་དེར་བཞུགས་པ་དང་། དེ་བཞིན་མེད་ན་ཕྱོགས་དེར་བཞུགས་པར་དགོས་པ་ཧ་ཅང་མ་ཆེ་བས། རེ་ཞིག་དབུས་གནས་གཟིགས་པ་དང་། ལྷག་ཏུ་མི་དབང་ཆེན་པོ་ལ་མཇལ་ཕྱག་ཞིག་ཞུས་ནས་མི་ལེགས་སམ།

གཞན་སྡེ་པ་རྗེ་བཙུན་དྲུང་ལ་ཡང་ཡི་གེ་ནར་མ་ཆད་པ་འཚལ་གྱི། དེ་བས་དུས་སྙིགས་མའི་མི་འདི་འགྱུར་ལྡོག་ཚ་བ་འདུག་པས་ལྟོས་པ་དགོས་ཕྱིན་བསྟུན་ཕྱོགས་གང་ལེགས་ཀྱང་འཚལ། འོན་ཀྱང་ད་ལམ་ཕྱོགས་གར་ཕེབས་ཀྱི་གནས་གཙོ་བོར་དགོངས་པས་བཅད་པ་ཞིག་དང་། ལྷག་ཏུ་སྐུ་འདྲ་ཡིད་བཞིན་ནོར་བུའི་མདུན་དུ་རྟགས་སྒྲིལ་ཞིག་ཉམས་མཚར་དབང་གི་ཞུས་ན་ལེགས་འདྲ། ཡང་དབུས་སུ་འཕྲལ་ཕེབས་མ་ཤར་ན། མི་དབང་ཆེན་པོར་ཞུ་ཤོག་ཞིག་ཕུལ་བ་ནི་གང་སྤྱིར་ལེགས་སོ། །ཚེས་༢༥བཟང་པོར་ཕུལ། ཡིག་ཆུང་འབུལ་འབྲས། ཉིད་འབར་རར་བཞུགས་པ་དང་། འགྲིག་ན་སྐྱེས་མཆོག་ཆེན་པའི་གདན་ས་དེར་སྟག་སྣར་འགྲོ་བའི་ཞོར་དུ་ཁྱུག་ཙམ་གང་སླེབ་རྩིས་བྱེད་ཅིང་། འདི་ནས་ལྷ་རི་དང་། སྤ་གྲོ་སྟག་ཚང་ཐག་ཉེ་ཙམ་འདུག་པ་བཅས་སྟབས་གཅིག་ལ་སྤ་གྲོར་རོབ་ཙམ་འགྲོ་ཤས་ཆེ་ཞིང་། ཕྱོགས་དེར་འབྲུམ་པ་ཡོད་སྐད་འདུག་པས་ཉིད་ཀྱི་མ་ཐར་བ་བཅས་དེ་ཕྱོགས་སུ་ཕེབས་རྩིས་གནང་གཞན་འདྲ་ཞིང་། དེར་ཐུགས་ཡུན་བུད་པས་ཕེབས་པར་བཞེད་ན། བཀའ་བརྒྱུད་ཀྱི་འབྱུང་གནས་རིན་པོ་ཆེ་ར་ལུང་ཧ་བོ་གངས་བཟང་སུ་རྩེ་འཛོམ་ཡོང་བ་ཕེབས་པ་ཞུ་ལགས་ཤིང་། ང་དེ་བར་དབུས་གནས་རྣམས་སྐོར་གྲུབ་པར་དགོས་ཚེ་ཕྲལ་དུ་ཕེབས་པས་སླར་ཁོ་བོ་སྟག་སྣར་སྡོད་སྐབས་མཇལ་ཡོང་འདུག་པ། གང་ལྟར་དེ་ནས་བབས་གཟིགས་ཀྱི་ཐུགས་སྟབས་གང་བདེ་ཞིག་གནང་བ་ཞུ། ར་ལུང་ཕྱོགས་སུ་ཕེབས་པར་ཤར་ཚེ་སྐུ་ཆས་འཕྲལ་དགོས་ཆིབ་པ་བཅས་ལས། བྱིང་འབའ་ར་རང་དུ་འཇོག་པ་གནང་བས་ཐུགས་སྟབས་གང་བདེ་མཛད་ནས་ཕེབས་པ་ཞུ་ཞིང་། གང་ལྟར་དེ་ཁ་ནས་བབ་གཟིགས་གནང་བས་ཆོག་པ་ཆོས་ཀློང་དུ་གཅགས་པ་འཚལ། འབའ་ར་བ་རང་ལའང་ཡི་གེ་ཞིག་བསྐུར་ཡོད་པས་ཁོང་རང་ཚོ་དོན་གཉེར་བྱེད་པ་འདུག་ན། ད་ལམ་ཕེབས་པའི་དགོས་དོན་ཡིན་པས་རེ་ཞིག་དེར་བཞུགས་པས་ཆོས་འཆད་གནང་འཚལ།

སྐྱེས་མཆོག་དམ་པའི་སེང་ཁྲིར་བསྟི་བ་དཔལ་ལྡན་བླ་མ་དམ་པ་གང་གི་སྐུ་གཞོགས་སུ།

ནང་ལུགས་སྟབས་བདེར་ཞུ་བ། དེང་སྐུ་ཡི་སྣང་བ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མངོན་པར་གསལ་ཞིང་མཛད་འཕྲིན་བཟང་པོ་གོང་འཕེལ་དུ་བཞུགས་པ་ནི་མཆོག་ཏུ་སྤྲོ་ལ། ངོས་ཀྱང་ལྔ་འདུས་ཀྱི་འཚོ་བ་སྙོམས་པ་ནས། འབྲི་གུང་། ཏེ་གྲོ། དབུ་རུ་བརྒྱུད་ཀོང་ཡུལ་ནགས་མའི་ལྗོངས་ཆེན་པོར་འབྱོར་ཞིང་། བསྟན་འགྲོར་ལྷག་བསམ་མི་དམན་པར་གཞན་ཕན་གྱི་འཕྲིན་ལས་སྒོ་ཡོངས་པོར་སྤྱོད་པ་དང་། དབེན་པའི་གནས་རིར་བསྐྱེད་རྫོགས་དོན་བསྒོམ་ལ་བརྩོན་པར་མཆི། མཚམས་ཞུ། དམ་གྲུབ་ཆེ་ཆུང་བསྐོ་རྒྱུའི་དཔེ་བྲིས་གནང་རྒྱུ་ཕུལ་བ་འཁོད་གང་སྙོམས་བཀོད་གཙང་སྤུད་ལེགས་ཞིག་གནང་གྲོགས་ཅི་ནས་འཚལ་ཞིང་། འདི་ནང་འོང་དུས་ཀུན་དགེ་བའི་སྐྱབས་འཇུག་གཡེལ་མེད་བགྱིད་ལགས་པས་ཆོས་ཀློང་དུ་འཇུག་པ་འཚལ། ཞེས་འདེགས་རྟེན་ལྷ་ཚེས་རྣམ་པར་དཀར་བ་བཅས་ཟླ་༣ཚེས་༣དགེ་བར་ཕུལ།

དད་གུས་དམ་ཚིག་གི་ལང་ཚོས་འབྱོར་པ་དགེ་སློང་རྡོ་རྗེ་འཛིན་པ་གང་གི་སྐུའི་ག་ལ་བར། ཉེ་ལམ་གསོལ་འོས། དེང་དུས་ཐུགས་བསྐྱེད་ཀྱི་འཛིན་མ་ལས་བསོད་ནམས་ཀྱི་ལྗོན་ཤིང་། མངོན་མཐོའི་མེ་ཏོག་ངེས་ལེགས་འབྲས་བུའི་ཁུར་གྱིས་དུད་བཞིན་པ་ནས་རང་གི་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་ཐུགས་རྗེའི་གྲིབ་བསིལ་གྱི་འཚོ་བར་མཛད་པ་ནས་བླ་མ་ལ་དད་གུས་ཀྱི་ལང་ཚོ་ཉམས་པ་མེད་པའི་རང་གཟུགས་སུ་སྔ་སོར་ལྕགས་མདུད་དཔོན་གྱི་སྲས་སྨོན་ལམ་རྒྱ་མཚོ་ཅན་ལ་འཚམས་འདྲི་དང་། ད་ལམ་གསུང་བྲིས་རྟེན་གྱི་དངོས་པོ་རྡོ་བཅུད་ཀྱི་དོང་རྩེ་བཅུ་ཕྲག་བཅུ་དང་ལྷ་གོས་རྣམ་པར་དཀར་པ་བཅས་ཆེད་མངགས་ཀྱི་བྱ་མ་རྟ་ཡིག་དམར་མགོ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ་ཀོང་ཡུལ་གུ་རུའི་གནས་ཆེན་ལྗོན་པ་ལུང་དུ་གཙུག་ལག་ཁང་གསར་བཞེངས་གྲུབ་པའི་རབ་གནས་གྲུབ་འཕྲལ་ཚེ་དབང་སྐབས་སུ་འབྱོར་བས་སྙིགས་དུས་ཀྱི་སློབ་མའི་རང་གཟུགས་མ་ཡིན་པར་རྒྱུ་འབྲས་དམ་ཚིག་ལ་འཕྲིན་ཅུང་ཟད་ཚུད་པ་དམ་པའི་རྣམ་ཐར་དུ་མཐོང་བས་ཡིད་དགའ་བ་བཟང་པོ་རྙེད། ངོས་ཀྱང་སྔ་སོར་སྐྱེས་ཡུལ་གདན་ས་རྒྱབ་ཏུ་བོར་ཆོས་བརྒྱད་འཛིན་པའི་དོས་ཐག་བཅད་དེ་འཇའ་ལུས་རྡོ་རྗེའི་སྐུ་ཨེ་ཐོབ་ཀྱི་རེ་བས་རྒྱལ་ཁམས་སུ་ཞུགས་པ་ཡིན་ཀྱང་བར་ཆད་ཀྱི་བདུད་རྣམ་གཡེང་དུ་བརྫུས་ཏེ་མིང་བླ་མར་སྒྲོ་བཏགས་པ་འདིས་ཚེ་གཅིག་སངས་རྒྱས་ཀྱི་བདུད་དུ་གཉེར་ཏེ་ལང་སོང་།

ད་ནི་མདོ་ཁམས་རྒྱལ་རོང་སྡེ་དགེ་སོགས་སྡེ་དཔོན་མཐའ་དག་པ་དང་། དེ་བཞིན་དགོན་སྡེ་ཆེ་ཕྲ་དུ་མ་ཡི་མགྲིན་གཅིག་དབྱངས་གཅིག་ཏུ་མདོ་ཁམས་ཕྱོགས་སུ་ཡོང་དགོས་ཚུལ་དང་། བླ་མ་ཆེ་བགྲེས་ཞི་བར་གཤེགས་པ་མཐའ་དག་གིས་ཀྱང་ཞལ་ཆེམས་ཀྱི་ཚུལ་དུ་ཡི་གེ་བཞག་ནས་ཡོང་དགོས་ཚུལ་འདུག་པ་བཅས་འཕྲལ་མར་མ་ཤི་ན་བླ་མ་གོང་མ་རྣམས་ཀྱི་དགོངས་པ་བསྐང་བའི་སླད་དུ་མདོ་ཁམས་ཀཿཐོག་རྡོ་རྗེ་གདན་གྱི་བསྟན་པ་ལ་བྱ་བ་ཅུང་ཟད་བགྱིད་བློ་དང་། གཞན་ཡང་རིས་སུ་མ་ཆད་པའི་རྒྱལ་བསྟན་ལ་རིམ་གྲོ་ཅི་ནུས་བགྱིད་རྩིས་ཀྱི་བོད་ཆེན་ཕྱོགས་སུ་བགྲོད་རྩིས་ལགས་ཤིང་། དེས་ན་འཕྲལ་དུ་གནས་ཡུལ་གྱིས་བསྐལ་བས་དངོས་སུ་མཇལ་བར་མ་གྱུར་ཀྱང་། དངས་པའི་ཐུགས་ཀྱི་མི་བསྐྱུད་པ་གནང་ན་དགེ་ལེགས་ཀྱི་བརྩས་སུ་འཕེལ་བར་ངེས་པ་དགོངས་པར་གཅགས་པར་འཚལ་ལ། ཡུན་རིང་མ་ཤི་གནས་ཚེ་འཕྲད་པར་ཡང་སྨོན་ལ། གང་ཅིར་རྣམ་ཀུན་དགེ་བའི་སྐྱབས་འཇུག་ཡང་དག་བགྱིད་པ་དགོས་པར་གཅགས་པ་དང་། སྐྱེས་མཆོག་འབའ་ར་བའི་བསྟན་པ་རྟ་རྔ་ལྟར་ཉག་ཕྲ་བའི་སྐབས་འདིར་དེ་ཡི་གདན་ས་རིན་པོ་ཆེ་ལ་ཞབས་འགྱུར་གང་ཆེ་ཡོད་པ་ཅི་ཀྱང་ཞུ་ཞུ།

ཞེས་ཀཿཐོག་གི་མངའ་རིས་སུ་ཆོས་སྨྲ་བའི་གོ་སར་སྐྱེས་ཤིང་རྒྱལ་དབང་པདྨ་ཀ་རས་དབང་བསྐུར་བའི་མཐུ་ལ་བརྟེན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་གཞན་དྲིན་མ་ཡིན་རང་གི་འཕྲིན་ལས་སྐྱོང་བ་ཀཿཐོག་སྤྲུལ་སྐུའི་སྔགས་མདུད་ལྷ་གོས་མ་ཧཉྫི་ཁ་བྲུ་ཟུང་གཉིས་འབྲེལ་བ་ཀོང་སྣམ་སྤུས་གཙང་དཀར་པོ་ཡུག་གསུམ་བཅས་ཟླ་ཚེས་དགེ་་ལ་སྤེལ་སརྦ་མངྒ་ལཾ།

༈ དམ་པའི་རིང་ལུགས་འཆང་བ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་གང་གི་སྐུའི་ག་ལ་བར།

ནང་ལུགས་སྟབས་བདེར་ཕུལ་བ་དེང་དུ་དེར་སྐུའི་དཀྱིལ་འཁོར་དྭངས་ཤིང་རིམ་གཉིས་དགེ་སྦྱོར་འཕེལ་བར་བཞུགས་པ་ཤིན་ཏུ་ནས་ཀྱང་ལེགས། ངོས་ཀྱང་དཔལ་མ་ཆོས་སྟིང་ནས་རིམ་པས་ལ་སྟོད་ལྷོ་བྱང་བརྒྱུད་སྲད་དང་ཕོ་ལྷར་ཞག་ཤས་བསྟིས་ཤིང་། སྒྲུབ་གནས་ར་ལུང་ཡ་འབྲོག་སོགས་གྲུབ་པའི་གནས་ཆེན་ཁ་ཡར་མཇལ། ལྷོ་བྲག་ནས་གཉལ་དུ་འབྱོར་སྐབས་ཟླ་ཚེ་ལ་བོད་ཀྱི་དུས་འགྱུར་ཆེན་པོ་དེ་ཚུགས་ཤིང་བཅུ་པ་ཉིས་བརྩེགས་ཀྱི་ཕྱི་མར་ངོས་ཀྱང་ལྷ་ལྡན་དུ་མཆོད་ཡོན་གྱི་མཇལ་ཁར་བཅར་ཞིང་དེ་སྐབས་བཀའ་འདྲི་སྣ་ཚོགས་པ་གནང་བར་ལན་ཇི་བཞིན་རྣལ་མ་རྣམ་པར་དག་པ་ཡི་སྒོ་ནས་རྡོར་སྨིན་གྱི་མཚོན་སྔ་འགྱུར་གྱི་རིང་ལུགས་ལ་ཡང་སྨན་པར་བྱས་ཤིང་། གང་ཅིར་ལྷོང་ཚད་དང་ཚར་ཚད་ཚུལ་བཞིན་རྫོགས་པར་ཁུལ་ལགས་ཤིང་། ད་ལྟ་མཚུར་གྱི་གནྡྷོ་ལར་གཞན་ཕན་གྱི་འཁོར་ལོ་སྔར་མུ་ལྟར་གོང་འཕེལ་དུ་མཆིས། དེ་ཀར་དོན་གྲུབ་གླིང་གི་ཞིག་གསོ་མཛད་རྒྱུ་བསྟན་པའི་ཏོག་ཏུ་མངོན་པར་འཕགས། སླད་ནས་ཡང་དགེ་བའི་མཛད་འཕྲིན་ཉམས་པ་མེད་པ་ནས་གསུང་འོས་ཀྱང་འཚལ་ལ། འོན་ཀྱང་ལུག་དང་བྱ་ལོ་རྣམས་བོད་སྤྱི་༼བསྟན་རིམ་ལ་བརྩོན་ན་བཟློག་པར་ངེས་ལ་༽དུས་རྩུབ་པར་ཤར་བ་ཡིས། ཉིད་ཀྱང་དགེ་བློ་འཕེལ་བའི་གནས་སུ་སྟིས་ནས་མཉམ། གང་སྤྱིར་བླ་མའི་མོས་གུས་སྟོབས་སུ་གྱུར་པའི་བསྐྱེད་རྫོགས་ཀྱི་རིམ་པ་ལ་འབད་པ་ཅི་ནས་ཀྱང་གལ་ཆེ་སྟེ། སྙིགས་དུས་ཀྱི་ཚེ་ནི་བར་སྣང་གི་གློག་ལྟར་ཡུན་དུ་མི་གནས་གཤིས་འཁོར་བ་ལ་སྐྱོ་ཤས་ངེས་འབྱུང་གིས་བསམ་པར་ཡང་ནས་ཡང་དུ་བསྐལ་ལྕགས་གནང་བ་ཡང་གལ་ཆེ་བར་རིགས།

ཞེས་ཟླ་ཚེས་དགེ་བ་ལ་དཔལ་རིག་པ་འཛིན་པས་སྤེལ་བ་སརྦ་མངྒ་ལཾ།

༈ བསྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་སྐྱེས་མཆོག་འབའ་ར་བའི་སེང་གེའི་ཁྲི་བསྲུང་བར་བྱེད་པ་པོ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་གང་གི་སྐུ་གཞོགས་སུ།

ཉེ་ལམ་གསོལ་འོས། དེང་དུས་དེར་སྐུའི་འཚོ་གཞེས་མཆོག་ཏུ་དྭངས་ཤིང་རིམ་གཉིས་ཀྱི་ཉམས་བཞེས་གོང་འཕེལ་གཞན་ཕན་འཕྲིན་ལས་ཀྱི་འཇུག་སྒོ་བཟང་པོ་ཡོལ་བ་མེད་པར་བཞུགས་པ་ནས་གསུང་བྲིས་གནས་ཚུལ་ཞིབ་འཁོད་རྟེན་ལྡན་རྟགས་ཀྱི་རི་མོ་མ་ཉམས་པ་འདིར་སོན་པས་ཡིད་དབང་བརྟས། དེ་གར་སྐུ་མཚམས་བཅད་རྒྱ་ལ་གཞོལ་བ་ལེགས་མོད། འོན་ཀྱང་དམ་པ་སྔ་རབས་ཁ་ཅིག་གི་རྣམ་ཐར་ལྟར་ཕྱི་མཚམས་སུ། གཟིམ་སྤྱིལ་ལས་གཞན་དུ་མི་འདའ་བའི་ཁོག་ཏུ་ཡར་ངོ་ལ་ཆོས་དོན་གཉེར་རྣམས་ལ་དབང་བསྐུར་ཆོས་འཆད་ཀྱི་བྱ་བ་དང་། མར་ངོར་མཚམས་དམ་པོས་ནང་གི་ཡང་དག་འཇོག་ལ་འབད་རྩོལ་གྱིས་ན་གཞན་ཕན་དང་རང་དོན་ཟུང་དུ་འཇུག་པ་ཡིས་ལེགས་པར་ཁུམས་ལ། ལུས་ཀྱི་སྲོག་ཆགས་སྤོང་བ་ནི་དགེ་བའི་ལྟས་ཡིན་པར་ཡང་སྲིད་ལ། རྣལ་ལྟས་རྩུབ་མོ་སོགས་ནི་ཅི་མི་སྙམ་གྱི་ངང་དགེ་སྦྱོར་ལ་འབད་པས་དབྱིངས་སུ་གྲོལ་བར་འགྱུར་ལ། ད་ནི་བདག་ཀྱང་ན་ཚོད་ཀྱི་གཏུགས་ཤིང་ཆུང་ངུ་ནས་དམ་པའི་ཆོས་ཁོ་ན་ཡིད་ལ་བཞག་སྟེ་ལྷག་མེད་རྡོ་རྗེའི་སྐུ་འགྲུབ་པ་ཞིག་རེ་བ་ཡིན་ཡང་ད་ནི་བླ་གཟུགས་ཆོས་བརྒྱད་ཀྱི་འདམ་དུ་བྱིང་ནས་རོ་གོག་བོར་ལ་ཉེ་བའི་ངང་ཚུལ་དུ་ཡོད། དེས་ན་མི་རྟག་པའི་སྐྱོ་ཤས་ལྷང་ལྷང་པའི་ངང་དུ་གནས། ཉིད་རང་བདག་དང་སྔོན་རབས་དུ་མར་འབྲེལ་ཆེ་རྟེན་འབྲེལ་ཅན་ཡིན་བཞིན་རིང་ལུགས་བཟང་པོ་དང་འཕྲད་བཞིན་དེ་ལ་གཞོལ་ནས་འཕྲིན་ལས་ཀྱི་འཇུག་པ་མི་དམན་པར་འཚལ། འདུས་བྱས་རང་མཚང་མ་བསྟན་ཞིང་ཕྱོགས་དེ་དང་ཁད་ཉེར་སླེབ་ཚེ་ངོས་སུ་འཕྲད་པར་ཡང་འདུན་ཅིང་ཀུན་ཏུ་དགེ་བའི་སྨོན་ལམ་སྐྱབས་འཇུག་ཡང་དག་བགྱིད་པ་ཡང་དགོངས་མཚོར་རོལ་བ་ཞུ།

ཞེས་རི་མོ་སྒྲེན་བུར་མ་གྱུར་པ་ལྷའི་གོས་རྣམ་པར་དཀར་བས་འཕུར་ཞིང་སྔགས་ཀྱི་བྱིན་གྱིས་བརླབས་པའི་ཕུར་མདུད་བཅས་ཟླ་ཚེས་དགེ་བ་ལ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་འདབས་ནས་སྤེལ་བའི་པཱ་ཏྲཾ་སརྦ་མངྒ་ལཾ།

ཨོཾ་སྭཱསྟི་ན་མོ་གུ་རུ་ཝེ། རྒྱལ་བས་གསུང་བའི་ཆོས་ཚུལ་ཐམས་ཅད་ཀྱི། །གསང་བ་སྙིང་པོ་རྒྱུད་རྣམས་ཀུན་གྱི་གཙོ། །བདག་ཉིད་རྒྱུད་ལ་འདོམས་མཛད་མགོན་པོ་ཆེ། །སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ་གང་། །ཞི་བར་གཤེགས་པའི་ཐུགས་དགོངས་རྫོགས་ཆེད་དུ། །གང་གི་ཆོས་ལས་སྐྱེས་པའི་སྲས་ཀྱི་མཆོག །ཚེ་དབང་ནོར་བུའི་རྒྱལ་བའི་སྐུ་བརྙན་འདི། །ནམ་ཡང་ཆད་མེད་ཕྱོགས་དུས་གནས་སྐབས་ཀུན། །དར་རྒྱས་ཡུན་རིང་ཉམས་མེད་གོང་དུ་འཕེལ། །སྐྱེ་དགུ་ཀུན་བཟང་ལམབཟང་འདིར་ཞུགས་ཤིང་། །བླ་མ་ལ་མོས་དམ་ཚིག་རྣམ་པར་དག །ཤེས་རབ་མཆོག་གི་རྒྱུད་དོན་གསལ་བར་རྟོགས། །འབད་མེད་སྔགས་ཀྱི་ས་ལམ་ཡོན་ཏན་རྫོགས། །ཕ་མའི་རང་བཞིན་འགྲོ་ཀུན་བདེར་བཀོད་ཤོག །

ཅེས་པ་ཡང་རྗེ་བཙུན་བླ་མ་སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ་སྐུ་གཤེགས་པའི་དགོངས་རྫོགས་ཞལ་ཐང་གི་རྒྱབ་བྱང་དུ་རིག་འཛིན་ཚེ་དབང་ནོར་བུས་ཆུ་སྤྲེལ་སྣྲོན་ཟླའི་ཚེས་བཟང་བརྒྱད་ལ་སྣང་གསལ་མར་མེའི་མདངས་སུ་བཀོད་པ་དགེའོ། །

མེ་མེ་འགྱུར་མེད་ལ་ཡི་གེ །ཁ་སིང་སྔགས་འཆང་ཆེན་པོའི་སྐུ་སྤྲུལ་ངེད་རང་ནས་ཞུགས་འབུལ་བགྱིས་རྩིས་ཡིན་ཡང་། ཁྱེད་རང་ཚོས་གྲོས་ཉེས་ཀྱི་བཞུགས་འབུལ་ཚར་འདུག་པ་འགྱོད་པ་ཆེ། ངེད་ནས་སྔགས་འཆང་ཆེན་པོའི་དགོངས་རྫོགས་ས་དམིགས་ཞེ་དགུ་མ་རྫོགས་བར་བདུན་ཚིགས་བཟུང་ཞིང་། འཕགས་པ་བྱམས་སྤྲིན་རྣམས་ལ་མཆོད་འབུལ་གང་འབྱོར་དེ་བཞིན་དང་། འདི་ཕྱོགས་ཆོས་སྡེ་རྣམས་ལ་མང་བཀོལ། ཕྱག་འགྱེད་སོགས་བགྱིས་ཤིང་དགོངས་རྫོགས་སུ་དམིགས་པའི་ཐང་སྐུ་རྣམས་ལ་གོང་གཤམ་དང་རབ་གནས། རྒྱབ་བྱང་སྨོན་ལམ་བྲིས་ནས་བསྐུར་ཡོད་པ་དེར་མཆོད་འབུལ་ཡང་དག་བྱེད་པ་གལ་ཆེ། ད་དུང་ཡང་དག་གི་དཔེ་དེ་གང་རྙེད་ཚོལ་རྒྱུ་དང་། ལས་ལུང་ནས་བྱུང་བ་ཡིན་ཟེར་བའི་སྒྱུ་འཕྲུལ་གྱི་གླེགས་བམ་དེ་ངེད་ཀྱི་རྗེས་ཟིན་པ་ཞིག་གཡར་པོ་བསྐྱལ་གཏང་ཀྱང་འཚལ་ལ། ད་ལམ་མདོ་ཆེན་བླ་བརྒྱུད་གསེར་འཕྲེང་དཔེ་ནི་ད་ལྟ་ཅུང་ཟད་ཤུས་མ་གྲུབ་པས་གཡར་པོར་བསྒོར་ཡོད། དེར་ཁྱེད་རང་རྣམས་ནས་མཛའ་གཤིམ་གྲ་གང་འགྲིགས་བྱེད་སྒོ་གལ་ཆེ། ངེད་ནས་ཀྱང་དགེ་བའི་སྐྱབས་འཇུག་བགྱིད་པ་བློར་གཅགས། ཅེས་རྟེན་བལ་ཊཾ་བཅུ་གཉིས་དང་ལྷ་གོས་བཅས་འཕྲལ་དུ་སྤེལ་བ་སརྦ་མངྒ་ལཾ།

༈ དད་པ་དམ་ཚིག་ལ་འགྱུར་མེད་པ་མདོ་ཆེན་བླ་མའི་ཞབས་དྲུང་དུ།

ཞུ་བ། སྔ་སོར་ཕྱག་བྲིས་རྟེན་ལྡན་ཀུན་ཏུ་རུ་ག་ཎ་ཙཀྲ་གནང་བ་ཉམས་མེད་འབྱོར་པས་དགའ་ཉམས་བླ་ལྷག་ཏུ་བརྟས། ཕྲན་ཡང་ལྔ་ལུས་མ་ཞིག་ཙམ་དུ་དལ་མེད་གཞན་ཕན་ཡིན་ཁུལ་གྱི་བྲེལ་བཞིན་དུ་གནས།

མཚམས་ཞུ། དུས་རྟག་ཏུ་ལྷ་དང་བླ་མར་ཡི་བྱེད་པས་གསོལ་འདེབས་ལ་འབད་པ་དང་། ཚེའི་སྒྲུབ་པ་ལ་བརྩོན་ན་ཚེ་འཕྲང་བར་ཆད་སེལ་བར་འགྱུར། ཚེ་འཕྲང་ནི་ཞེ་དྲུག་དགུ་དང་ལྔ་བཅུར་ཆེ་ཞིང་། དེ་ལས་གྲོལ་ན་རེ་ཞིག་འཚོ། འཕོས་ནས་རེ་ཞིག་གནས་གཞན་དང་། དེ་ནས་དལ་འབྱོར་ལུས་ཐོབ་ནས་ནམ་མཁའི་སྙིང་པོས་བྱིན་གྱིས་རླབས་པས་རྗེས་བཟུང་ནས་རྡོ་རྗེ་ཐེག་ལ་དཀྲི་བར་འགྱུར་ཞེས་རྟེན་སྔགས་མདུད་ཆུ་རྡོ་རྗེ་སེམས་དཔའི་རིལ་བུ་བཅས་འཕུལ། དམ་རྫས་ནི་འདི་ཕྱོགས་མ་འབྱོར་བས་ཕུལ་མ་ཐུབ་ལགས། མི་འགྱུར་དད་པའི་གར་བུ་མཆོག་དང་ལྡན་པ་མདོ་ཆེན་རྒྱལ་སྲས་སེང་གེ་ཡབ་སྲས་གང་བདེར། འབུལ་འབྲས། དེང་སྐུ་ཁམས་བཟང་ཞིང་རིམ་གཉིས་གོང་འཕེལ་དུ་བཞུགས་པ་ནས་ཕྱག་བྲིས་རྟེན་ལྡན་འབྱོར་བས་སྤྲོ་བ་བརྟས། འདིར་གནས་རིག་པ་འཛིན་པའང་། བསྟན་འགྲོའི་བདེ་ཐབས་གོང་དུ་སྤེལ་བའི་ལྷག་བསམ་འདོར་མེད་དུ་གནས། མཚམས་ཞུ། གནས་པའི་བུ་མོའི་སྐོར། ཁ་སིང་གཡང་ར་དཀར་པོ་ནས་ཡི་གེ་འབུལ་བཞིན་ལས། ད་ལམ་གསར་འཕྲོས་ཞུ་རྒྱུ་མ་མཆིས་པས། དེ་ལུགས་དགོངས་པར་དཔག་པའི་དབྱིངས་གཟིགས་འཚལ། སླད་མར་དངོས་སུ་འཕྲད་པར་ཡང་སྨོན་ལ། དེ་སྲིད་དུ་ལེགས་སྨོན་སྐྱབས་འཇུག་གཡེལ་མེད་བགྱིད་པ་དགོངས་འཚལ། ཞེས་འདེགས་རྟེན་སྔགས་མདུད་བཅས་རིག་པ་འཛིན་པས་སྤེལ།

༈ དད་ལྡན་བླ་མ་མདོ་ཆེན་སྔགས་འཆང་རྒྱལ་སྲས་སེངྒེ་གང་དེར།

སྟབས་བདེར་ཞུ་ཡིག དེང་སྐུ་དཀྱིལ་དྭངས་ཤིང་མཛད་ཁྱབ་ལེགས་ངོས་སུ་བཞུགས་པ་ནས་ཕྱ་བྲིས་རྟེན་ལྡན་སོན་པས་སྤྲོ། གང་སྤྱིར་ཁྱིམ་འཛིན་སྐོར་ནི། ས་སྤྲེལ་ལོར་རི་བོ་དཔལ་འབར་དུ་ཉིད་ཕེབས་སྐབས་ཐོག་མར་བླ་མ་མངའ་བདག་པའི་སྲས་མོ་འདྲ་ཞིག་ཡོང་ངམ་ཞུས་ཀྱང་། ཕྱོགས་གཞན་གྱི་བུ་མོ་ཡུལ་ལུགས་ལས་ཁའི་སྟབས་ཀྱི་ལན་ལྡེའམ་ཁྱིམ་འཛིན་མི་ཡོང་འདྲ་གསུང་སྟབས། གནས་པའི་བུ་མོ་ཐུགས་བབས་བཞིན་ཁྱེད་རང་ཡབ་སྲས་ནས། བདག་ལ་འདི་ཕྱིའི་བློ་གཏད་གནང་གཤིས་ཐུགས་ཕན་ཐོག་ནས་མཚམས་སྦྱོར་བྱས་པ་དེ་ཁ་ལགས་ཀྱང་། གནས་པའི་བུ་མོ་སྡོད་བརླིང་གི་བྱ་བ་མི་འདུག་པར་ཐོས་ཤིང་། དེ་དོན་ལས་ལ་འཕྲིན་འདྲ་གཏང་ནས་སྡོད་འཇགས་ཀྱིས་སྨྲས་པ་ཡིན་ཡང་། ད་དུང་དེ་ལྟར་སྡོད་མ་ཉན་ཕྱིར་སོ་སོར་གྱེས་པ་ལས་འོས་མི་འདུག་པས། དེ་དོན་ལྟར་སྡེ་པའི་སྐུ་གཞོགས་སུ་ཡང་ཞུས་ཡོད་པ་དབྱིངས་བཞུགས་དང་། དུས་རྟག་ཏུ་ཡབ་སྲས་རྣམས་ཡིད་ལ་གཅགས་པས་བསྲུང་དམིགས་ལྷོད་མེད་བགྱིས་ཡོད་པ་དགོངས་འཇུག་ཞུ། ཞེས་རྟེན་སྔགས་མདུད་ཊིཀ་གསུམ་ལ་རྒྱ་ཞུས་ཏེ་གཡང་ར་དཀར་པོ་ནས་འཕུལ། དགེའོ། །


no previousཆབ་ཤོག་ཀྱི་སྐོར།next