Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  collapse section
ལུང་བསྟན་སྐོར།
   
   
   
   
   
   
   
   
   
   
   
   
   
   
   


 
previousལུང་བསྟན་སྐོར།next

ལུང་བསྟན་སྐོར།

སྟག་ཚང་གྲོ་ལོད་གསང་བའི་ལུང་བསྟན།

༈ སྟག་ཚང་གྲོ་ལོད་གསང་བའི་ལུང་བྱང་ལས། པདྨ་ང་སྤྲུལ་ནག་པོས་བྱིན་རླབས་ཅིང༔ ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ༔ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ༔ མཆོག་དམན་སྤངས་པ་བར་མ་དག་གི་རིགས༔ མགོན་དང་མཚོ་ཞེས་བྱ་བ་གཉིས་ཀྱི་བུ༔ དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན༔ མི་ཆེ་མི་ཆུང་སྒེག་པ་རྡོ་རྗེའི་ལུས༔ རྩ་རླུང་ཐིག་ལེ་སྐྱོན་མེད་མཁའ་འགྲོ་འདུ༔ སྤྱོད་པ་མ་ངེས་བྱིས་པའི་ཚུལ་དུ་སྤྱོད༔ ཁ་དོག་ཉིན་རེ་ལའང་ངེས་མེད་འགྱུར༔ ལྟ་བའི་གདེངས་ལྡན་རྒྱུ་འབྲས་ཤན་འབྱེད་མཁས༔ རིག་པ་ངར་ཐོབ་གྱོང་ཚིག་དལ་མར་སྨྲ༔ ཤེས་བྱ་ཁོག་ཡངས་གདུལ་བྱ་དཀྲི་ལ་མཁས༔ ཏིང་འཛིན་གསལ་ཐེབས་གཞན་སྣང་ཟིལ་གྱིས་གནོན༔ སྦྱང་བ་སྔོན་སོང་མདོ་རྒྱུད་དགོངས་དོན་གྲོལ༔ བློ་གྲོས་མཐུ་ལྡན་ཆོས་དང་ཆོས་མིན་འབྱེད༔ འཕྲལ་དུ་བརྟགས་ན་མི་ཤེས་གླེན་པའི་ཚུལ༔ ཡུན་དུ་འགྲོགས་ཚེ་མཁས་ཀུན་སྙེམ་པ་འཕྲོག༔ ཡོན་ཏན་ལྡན་པ་སྦས་ཚུལ་ནར་མར་སྤྱོད༔ རེས་ནི་མི་རྟག་སྐྱོ་ཤས་མཆི་མ་འཁྲུགས༔ རེས་ནི་གང་ལའང་མི་འཇིགས་དཔའ་སྐད་འདོན༔ རེས་ནི་ང་རྒྱལ་རེས་ནི་དམན་པའི་ཚུལ༔ རེས་ནི་ཉོན་མོངས་དྲགས་ཏུ་ཞེན་པ་ལྟར༔ རེས་ནི་བྱང་སེམས་ཞི་དུལ་བརྩེ་བའི་ཉམས༔ རེས་ནི་ནོར་ལ་སྙེམ་ཆགས་ཞེན་པའི་ཚུལ༔ རེས་ནི་གསེར་དང་ས་རྡོ་སྙོམ་བཞིན་སྤྱོད༔ དེ་སོགས་ཅི་བདེར་སྒྱུ་མ་ལྟར་སྤྱོད་ཅིང༔ སྣང་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་བྱེད་པ༔ མ་ངེས་འཁོར་འདུ་བུད་མེད་ཁྱུ་དང་བཅས༔ ཚངས་སྤྱོད་ཚུལ་གྱིས་རྒྱལ་བའི་བསྟན་སྲོག་འཛིན༔ མཐོང་ཐོས་དྲན་རེག་ཐར་བའི་ལམ་ལ་སྦྱོར༔ སྐྱེས་བ་དམན་ཅིང་རིགས་ངན་བུད་མེད་ཀྱང༔ དེ་ཡི་གསང་བའི་གྲོགས་འབྲེལ་ཐར་ལམ་ཟིན༔ ལན་བདུན་བསྟེན་པས་མཚམས་མེད་སྤྱད་པ་ཡང༔ དམ་ཚིག་མ་ཉམས་བདེ་འགྲོ་ངེས་པར་ཐོབ༔ གཞན་གྱིས་འདུལ་དཀའ་བདུད་ཀྱང་སུན་དབྱུང་བའི༔ དཔའ་བོའི་ངར་དང་བརྟུལ་ཞུགས་ནུས་མཐུ་ཅན༔ མང་པོའི་གསེབ་ན་ལྷག་པར་གཟི་བརྗིད་ཆེ༔ ང་སྲས་སྐྱེས་བུ་དེ་ལྟ་བུ་ཞིག་འབྱུང༔ ཞེས་པའི་བར་ནས་གབ་རྒྱ་ཡོད་ལ་ཡང་འཕྲོར། དེ་ལ་སློབ་ཚོགས་གྲངས་མེད་བྱུང་བའི་ནང༔ རྨད་དུ་བྱུང་བ་བྱང་སེམས་སྤྲུལ་བའི་གར༔ ཐུགས་ཀྱི་སྲས་ལྔ་ཉེ་བའི་བུ་བརྒྱད་དང༔ ས་གསུམ་མཁའ་འགྲོའི་གཟུངས་མ་ཉི་ཤུ་ལྔ༔ ལས་འབྲེལ་ཐོབ་པའི་ཌཱཀྐི་སྟོང་ཕྲག་གཅིག༔ ཁྱད་པ་ས་ལ་གནས་པའི་སེམས་དཔའ་ནི༔ དམར་ནག་ཅོད་པཎ་འཛིན་པ་རྣམ་པ་གཉིས༔ གནས་དུས་རྟེན་འབྲེལ་ཚོགས་པས་འདི་བཞིན་འབྱུང༔

ཞེས་པ་ནས་ཁོང་གི་སློབ་མ་རྣམས་ཀྱི་སྐུའི་རྟགས་དང་འབྱུང་འགྱུར་དུ་ཡོད་པ་གསང་རྒྱ་ཆེ་བས་འགོད་མ་ཕོད།

ཉམས་སྣང་ལུང་བསྟན་སྣ་ཚོགས།

༈ །རང་ལོ་ཉེར་གསུམ་པའི་སྣེ་སོན་སྐབས། ཅི་རོང་ཟལ་དགོན་དུ་མགོ་ནད་དྲག་པོ་ཞིག་གིས་རབ་ཏུ་གཟིར་ཚེ་རྒྱལ་འགོང་གདུག་པ་ཅན་དེ་བླ་མ་རང་བྱུང་ཆས་ལྡན་དུ་བརྫུས་བྱུང་བ་ལ་བདག་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་ང་རྒྱལ་བརྟན་པོས་རྡོ་རྗེས་ཁོའི་ལུས་ཟང་ཐལ་དུ་ཁྲོལ་ཚག་ལྟར་མ་གྱུར་བར་བསྣུན་པས། ཕྱག་འཚལ་ཞིང་དམ་ལས་མི་འདའ་བར་ཁས་བླང་བྲོ་བོར་བར་གྱུར། དེ་ནས་བདག་གིས་འདི་སྐད་དྲིས་ཏེ། བདག་ནད་འདི་ལས་ཐར་རམ། ནད་འདིའི་རྒྱུ་གང་ཡིན་དྲིས་སྨྲས་པས། ཁོ་ན་རེ། གསོན་དང་རིག་འཛིན་དམ་པ་ལགས། །ནད་འདིའི་རྒྱུ་ནི་སྲུང་མ་ཡིས། །འཁུ་ལྡོག་དག་དང་ཁྱད་པར་དུ། །གྲིབ་ཅན་བུད་མེད་ཕྱག་རྒྱ་རུ། །བརྟེན་པས་མཁའ་འགྲོ་མ་དགྱེས་ནས། །འབྱུང་བཞི་འཁྲུགས་པའི་ནད་དུ་ཤར། །ད་རེས་འཆི་རྐྱེན་མི་ཡོངས་ཏེ། །རིམ་གྲོར་མཁའ་འགྲོའི་གྲིབ་སེལ་གཅེས། །ཞེས་ཟེར། ཡང་དྲིས་པ། དེང་དུས་ཁ་ཅིག་གིས་རྒྱལ་པོ་བེ་ཧར་སངས་རྒྱས་ཚར་ཟེར་བ་བདེན་ནམ་བྱས་པས། ཆོས་འཁོར་རྒྱལ་པོ་བེ་ཧ་ར། །ད་ལྟ་བསམ་ཡས་སྨྱུགས་དྲུང་ན། །ཨོ་རྒྱན་ཡུལ་ལ་ཁ་བསྒྱུར་ཏེ། །འདུག་མོད་སངས་རྒྱས་ག་ལ་ཟེར། སུམ་ཅུའི་ལོ་འམ་སུམ་བརྒྱའི་མཚམས། ༣༠་༣༠་༣༠་༩༠་༡༠༠ །བསམ་ཡས་མེ་ཡིས་བཤེགས་ཏེ་འགྲོ། །དེ་ནས་པེ་ཧར་རྒྱལ་པོ་ཡང་། །ཨོ་རྒྱན་གཙུག་ལག་ཁང་དུ་འགྲོ། །ཞེས་ཟེར། ཡང་དྲིས་པ། རྒྱལ་པོ་བེ་ཧར་ཨོ་རྒྱན་ཆེན་པོའི་དྲུང་དུ་དགེ་བསྙེན་བསྒྲུབ་ནས་འགྲོ་བ་ལ་གནོད་འཚེ་སྤངས་བར་དམ་བཅས་པ་དང་ས་བརྒྱད་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་གྲགས་ཚེ་སེམས་ཅན་སྤྱི་དང་ཆོས་མཛད་རྣམས་ལ་འཚེ་དོན་ཡོད་དམ། འཁོར་འདུག་པ་ཅན་གྱི་འཚེ་བར་བྱེད་པ་གཙོ་བོས་ཤེས་སམ་བྱས་པའི་ལན་དུ། རྒྱལ་པོ་འཁོར་འདས་ས་མཚམས་ནས། ཁོ་རང་ཆོས་བཞིན་སྤྱོད་པ་ལ། །གནོད་འཚེ་ཆེན་པོ་མི་བསྐྱལ་ཡང་། ཁོ་ཡིས་སེམས་ལ་ཅི་འགྱུ་བ། །ཕན་གནོན་ཐམས་ཅད་སྤྲུལ་པས་བསྒྲུབ། །གཙོ་བོའི་ཐུགས་ལ་གང་དགོངས་ཏེ། །འཁོར་གྱིས་ཐོགས་མེད་བརྩོན་པ་ཡིན། །དེས་ན་ཕལ་ཆེར་ཁོང་གིས་ཤེས། །བདག་ནི་རྒྱལ་ཕྲན་ཚུལ་དུ་ནི། །རྒྱལ་པོ་ཆེན་པོའི་སྤྲུལ་བ་ཡིན། །ཞེས་ཟེར། གཞན་ལྐོག་གྱུར་གྱི་གནད་འགའ་རེ་དྲིས་པའི་ལན་ཡང་བརྗོད་ཀྱང་རུང་། ལ་ལ་ནི་སྣེ་ཟུར་ཐག་ཐུག་འགྲོ་འགྲོ་འདུག་པས་མི་བརྗོད་ལ། འགའ་ཞིག་སྟག་ཚང་གྲོ་ལོད་ཀྱི་ཆོས་སྐོར་དུ་གབ་རྒྱ་ཅན་བྱས་ནས་ཡོད། འགའ་ཞིག་ནི་ཡུན་རིང་བས་བརྗེད་སོང་། གང་ཡིན་ཡང་བསྟན་འགྲོ་ལ་སྨན་པ་ལས་ལབ་རྡོལ་ནི་ཆགས་སྡང་གི་རྒྱུར་འགྱུར་བས་ནམ་ཡང་མི་སྨྲའོ། ཚེ་དབང་ནོར་བུས་བྲིས།

༈ གཟིགས་སྣང་ལུང་བསྟན།

༢༠། བྱང་སྤྲིན་ནག་འཚུབ་མའི་ཟློས་གར་དེ། །རླུང་གི་དྲག་སྤྱོད་དེ་བྱང་ཤར་འགྲོ། །སྒྲ་མི་ཆེ་མི་སྙན་རྩུབ་འགྱུར་ཅིང་། །བྱང་ཕྱོགས་ནས་གྲགས་གྱུར་ཟིལ་དང་ལྡན། །ནུབ་བྱང་མཚམས་སྐྱིན་ཆུང་རུ་སྣོན་དེ། །མཐར་ནང་འཐབ་ཀྱིས་ནུབ་ནས་བྱང་དུ་འཐོར། །དེ་ཡུན་རིང་བར་དུ་མི་འབྱུང་སྟེ། །མི་འཆི་ཁའི་མེ་སྟག་ལན་གསུམ་འཕྲོ། ཁོ་འགར་བ་ལན་གསུམ་ཉལ་ཞིང་ལང་། །བྱང་གནམ་མཚོའི་འདམ་གྱི་རི་འགུལ་ན། །རྟ་རྒྱུས་ཁ་མཉམ་པ་མང་པོ་རྒྱུ། །རྒྱུག་འདོད་ཀྱང་རྒྱུག་ཁ་བསྐྱིལ་ཞིང་བཏང་། །ལྷོ་མོན་ཁ་གཙང་གི་ལུང་སྟོད་ན། །མི་འདུག་པས་ལྐོག་ཉལ་བྱས་པ་དེ། །སུས་མ་ཚོར་སྐུང་ནས་འབུད་ཀྱང་ཉེ། །དབུས་ལྷ་ལྡན་གཙུག་ལག་རེས་མོས་རྩོད། །རི་དམར་པོའི་གསེར་གྱི་གནྡྷེ་དེ། །མཐར་ནུབ་སམ་བྱང་གི་ཕྱོགས་སུ་འཁྱེར། །ཤར་ཉི་འོག་རྒྱལ་པོའི་ང་རོ་དེ། །དབུས་ལན་གསུམ་རྩོད་པའི་ཐ་མར་རྒྱལ། །དེ་མི་རིང་ནུབ་ཕྱོགས་གངས་རིའི་ངོས། །སྤྲིན་ནག་པོའི་ཕྲེང་བ་འཁྲིགས་ནས་འབྱུང་། །སེར་དྲག་པོས་བོད་ཡུལ་འུར་ཐབས་འཇོམས། །འདི་འགའ་རེ་ལོ་གསར་ཚུན་ལ་ཤེས། །ཚིག་ལ་ལ་ཨེ་བདེན་ལོ་གསུམ་དང་། །ལོ་བདུན་དུ་ལྟོས་དང་ཤེས་ནས་འབྱུང་། །འདི་བཟློག་ཐབས་ཡོད་དེ་བྱེད་མཁན་མེད། །ཅེས་པ་དགུང་ལོ་ཤིན་ཏུ་ཆུང་ངའི་སྐབས་ཤིག་ལ་གནང་པ་སྟེ་སྡེ་སྲིད་དང་ལྷ་བཟང་གིས་འཁྲུགས་པ་སོགས་བསྟན། །

༈ བོད་ཀྱི་སྤྱི་ལུང་།

༥༡། རྒྱལ་དབང་དྨའི་རིང་ལུགས་ལ། །མཆོག་གུས་ལས་སྐལ་ལྡན་པ་ཡི། །ལུགས་གཉིས་མཁྱེན་པའི་དཔལ་མངའ་བ། །མི་དབང་ཆེན་པོའི་ཞབས་དྲུང་དུ། །དེང་དུས་སྙིགས་མའི་རང་ཤུགས་ཀྱིས། །དམ་སྲི་འགོང་པོ་རྩལ་རྒྱས་པས། །བོད་ཁམས་བདེ་བ་འཕྲོག་པ་ལ། །མི་མཆོག་དཔྱོད་ལྡན་ཐུགས་རེ་སྐྱོ། །སྤྱིར་ཡང་སུམ་ཅུ་ཁ་རལ་གྱི། །དུས་ཀྱི་ཚད་ནི་སུམ་བརྒྱ་སྟེ། །གཅིག་ནི་དགེ་བ་ཅན་གྱི་དུས། །གཉིས་ནི་སྐར་མ་མདངས་ཆེན་འོད། །གསུམ་ནི་མི་བདེ་ཆོལ་བུར་འཁྲུགས། །དེས་ན་དེང་དུས་གསུམ་པར་སླེབས། །སྟོད་ཧོར་དག་ཀྱང་འཕྱོ་ཡང་ཉེ། །དེ་རྟགས་བྱ་མཚོ་བྲག་ཏུ་འགྱུར། །དམར་པོའི་རི་ལ་སྲིན་བྱ་འབབ། །བསམ་ཡས་ཁ་དོག་གསེར་གྱིས་བསྒྱུར། །བྱང་ཆུབ་ཆེན་པོར་པྲོག་ཞུ་བགོ །གཟུགས་མེད་ལྷ་དྲེ་བསྭ་སྒྲ་འབྱིན། །ལྷ་སར་བུད་མེད་ལྟས་ངན་སྐྱེ། །ཧོར་གྱི་དགྲ་བླ་ངག་བཅད་བཞུགས། །ཧས་པོའི་རི་ལ་ལྷ་ཁང་བརྩེགས། །ཁྲ་འབྲུགས་རླུང་གི་ཤིང་ཆེན་སྙིལ། །མི་ཀུན་སྦས་ཡུལ་ཡིད་སྨོན་བྱེད། །དེ་སོགས་སྤྱི་ཡི་དུས་རྟགས་དང་། །བྱེ་བྲག་སྟོད་ཧོར་འབྱུང་ངེས་རྟགས། །མཁའ་ནས་མི་སྡུག་སྒྲ་སྐད་ནི། །འཇིགས་སུ་རུང་བས་སྐྱེ་བོ་དངངས། །ལྷོ་བྲག་ཕྱོགས་སུ་རི་བོ་སྙིལ། །སྦྱོང་གར་ནང་འཁྲུགས་གསུམ་དུ་གྱེས། བོད་ཀྱི་ལྷ་གཉན་གངས་རི་ཞུ། །བསྟན་མ་བཅུ་གཉིས་ཞལ་ངོ་ནག །དེ་ཚེ་སྟོད་ཧོར་གྱིས་ཀྱང་འབྱུང་། །འོན་ཀྱང་བཟློག་མཁན་སྐྱེས་བུ་ནི། །བཻ་རོའི་སྤྲུལ་བས་རྩེ་ལྔའི་གཏེར། །ཐོན་ན་བོད་ཡུལ་དྲུག་ཅུར་བདེ། །ནམ་སྙིང་སྤྲུལ་བས་ལྷོ་བྲག་གཏེར། །ཐོན་ན་མི་ལོ་ལྔ་བཅུར་བདེ། །ཁྱེའུ་ཆུང་སྤྲུལ་བས་ཏི་སེའི་གཏེར། །ཐོན་ན་མི་ལོ་བཞི་བཅུར་བདེ། །གུང་བཙན་སྤྲུལ་བས་དཔལ་འབར་གཏེར། །ཐོན་ན་ཉེར་ལྔར་བདེ་བར་གསུངས། །ཀླུ་དབང་སྤྲུལ་བས་ཕྱ་ཡི་གཏེར། །ཐོན་ན་ཉི་ཤུ་རྩ་གཅིག་བདེ། །དེ་ཀུན་རྟེན་འབྲེལ་མ་འགྲིགས་ཤིང་། །བསྟན་པའི་སྤྱི་རིམ་མ་བརྩོན་ན། །བཅུ་ཕྲག་གཅིག་དང་བདུན་ཚུན་ལ། །ངེས་པར་སྟོད་ཧོར་དམག་ཉེ་གཡོ། །སྤྱི་རིམ་བྱེད་ན་དེང་དུས་གལ། །འོན་ཀྱང་དམ་སྲི་ཁ་ཟབ་པས། །དུས་རིམ་ཕྱི་བྱོལ་འགྱུར་བར་ངེས། །དེ་དག་ཕྱི་ཚུལ་ཐོ་ཙམ་དང་། །བྱེ་བྲག་ཟུར་གསལ་ཡིག་ཆུང་དུ། །ཉིད་དང་རྡོ་རྗེའི་དམ་ཚིག་གཅིག །ཐུགས་ནང་གཙང་ཕྱིར་འབུལ་བ་ལས། །དེང་དུས་འདི་འདྲ་སྨྲ་བ་དཀའ། །དྲང་བོར་བཞག་པའི་ཐིག་སྐུད་འདི། །ཡོན་པོར་གྱུར་བའི་མིག་ལ་གཟན། །དེ་ལྟར་དུས་ལུང་སྙིང་གི་གཏམ། །ཕྲན་བུ་རིགས་སྔགས་འཛིན་པ་ཡིས། །ལྷ་དར་རྟེན་དང་བཅས་ཏེ་ཕུལ། །འདིར་མེ་འབྲུག་དེ་ནས་བརྩིས་པའི་ལོ་བཅུ་བདུན་མཚམས་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ལོར་ལ་དྭགས་ནང་འཁྲུགས་པའི་དབང་གིས་སྟོད་ཧོར་དམག་ཆེན་ཡོང་བ་༧རྗེ་ཉིད་ཀྱིས་བཟློག་པ་དེ་གསལ་བོར་ཡོད་པ་ལགས། ༧ཡང་བོད་ཀྱི་བསྟན་དོན་དུ། བོད་ཀྱི་བསྟན་པའི་འཕེལ་གྲིབ་ནི། །རྒྱ་མཚོའི་རྦ་རླབས་ལྟ་བུར་གདའ། །ཁྱད་པར་དབུས་ཀྱི་ས་ཆ་ལ། །མངའ་རིས་འཐེན་ཁྱེར་ཤིན་ཏུ་དར། །དོན་སྙིང་མྱགས་པའི་ལས་ངན་འགས། །ཕྱི་དགྲ་ནང་འདྲེན་ཕུང་འཁྲུགས་འབྱུང་། །བསྟན་སྤྱིའི་རིམ་གྲོར་མ་འབད་ན། །མི་རིང་ཡུལ་དུས་ཀུན་མི་བདེ། །ཐམས་ཅད་བརྗོད་ཀྱིས་མི་ལང་ཡང་། །དུས་འཛིན་ཙམ་ཞིག་འདིར་གསོལ་ན། །ལྕགས་རྟར་དབུས་ཀྱི་ཆེ་དགུ་འཐབ། །ས་ཁྱིར་ཁམས་ཕྱོགས་གཡོ་ཞིང་འཁྲུགས། །མེ་གླང་བལ་བོད་ཕྱོགས་ཀུན་འཁོན། །ཤིང་སྤྲེལ་མདོ་རོང་ཁྲག་གིས་གང་། །ལྕགས་སྤྲེལ་རོང་དགུ་ངུ་སྒྲ་ལྡིར། །བྱང་སེམས་ཛྙཱ་ནའི་མཚན་ཅན་གྱིས། །འགའ་ཞིག་སེལ་བ་སྲིད་མོད་ཀྱང་། །སྔོན་ལས་བལྡོག་དཀའ་ཙངས་ཀྱིས་འོང་། །སྤྱན་རས་གཟིགས་དབང་སྤྲུལ་བའི་གར། །གྲུབ་པའི་སྐྱེས་བུ་ཨ་བྷ་ཡ། །བྱམས་མགོན་ཏཱ་ཡི་སི་ཏུ་དང་། །སྣང་བ་མཐའ་ཡས་ཞྭ་དམར་པ། །བསྟན་པའི་སྒྲོན་མེ་འགྲོ་བའི་མགོན། ཁམས་དང་ལྷོ་བལ་མཐའ་མཚམས་ཀྱི། །གཉེན་པོར་གྱུར་འདི་གསང་བའི་གཏམ། །རྟེན་འབྲེལ་ཅི་བཞིན་མ་ཤར་ན། །བོད་ནི་ལོ་རེ་བཞིན་དུ་རྒུད། །གུ་རུའི་རྣམ་སྤྲུལ་རསྨིའི་མཚན། །པདྨའི་མཚན་མངའ་ཟབ་གཏེར་བདག །ཡེ་ཤེས་རྒྱལ་མཚན་སྲིད་པའི་མིག །མཉྫུ་ཤྲཱི་བསྟན་པའི་སྲོག །བློ་གྲོས་མཆོག་མངའ་ཐུབ་པའི་ཚབ། །གཏེར་སྟོན་སྐྱེས་བུ་ལྔ་ཕྲག་གཅིག །འགྲོ་བའི་དོན་དུ་རིམ་བྱོན་ནས། །ས་བཅོས་རྟེན་འབྲེལ་སྒྲིག་ནའང་། །ཅི་བཞིན་འགྲིགས་པ་ཉིན་སྐར་ཙམ། །བོད་ཀྱི་ཆེ་དགུར་ལྷག་བསམ་མེད། །རང་འདོད་ཆེ་བ་གླང་དང་འདྲ། །འདོད་ཆགས་ཆེ་བ་ཀུ་རུ་འདྲ། །དབང་དང་ཐོབ་ཐང་མཐོང་བ་ན། །ཁྲེལ་མེད་ཕ་མ་ཡིན་ཀྱང་བཙོང་། །དམ་མེད་བླ་མ་ཡིན་ཡང་བདོ། །གྲྭ་སྔགས་སྡོམ་པ་སྲུང་མི་ཐུབ། །མཚོན་ཆ་འཆང་ནས་ཕ་ཤ་རྩོད། །བུད་མེད་རང་གི་ལུས་མི་ཐུབ། །ཕ་མེད་བུ་ཕྲུག་ལྐོག་ནས་གསོད། །སྨེ་ཤ་ཟ་བའི་དུས་ངན་དེར། །ས་སོགས་འབྱུང་བའི་བཅུད་མི་ཐུབ། །རྩི་ཤིང་སྨན་སྣས་ཕན་མི་ཐོག །མི་ཐུབ་གསུམ་པོ་དར་བའི་ཚེ། །རི་ཆེན་རྣམ་ལ་དར་ཅོག་བཙུགས། །ཆུ་ཆེན་རྣམས་ལ་གསེར་ཟམ་བརྒྱབ། །སྲོག་བླུ་ཡིག་བརྒྱ་མ་ཎི་དང་། །བཛྲ་གུ་རུར་མ་འབད་ན། །སྡིག་འབྲས་སྡུག་བསྔལ་རང་གིས་མྱོང་། །བསྐལ་བ་སྟག་ཡོས་འབྲུག་གསུམ་ལ། །སྟོད་ཧོར་དམག་སྣ་བོད་དུ་འཕྱོ། །དབུས་ཀྱི་ནང་འཁོན་ཕྱུར་བུར་ལང་། །ཀརྨ་པ་ཡི་བསྟན་སྲིད་ཉམས། །སྐྱེས་ཆེན་མང་པོ་མཁའ་སྤྱོད་བསྒྲོད། །བཀའ་རྙིང་བསྟན་པའི་སྲོག་ཤིང་ནི། །འབྲུ་གུང་པ་ཡིས་རབ་བཟུང་ནས། །རིས་མེད་བསྟན་པའི་མགོན་དུ་བྱོན། །བཀའ་བརྒྱད་གཏོར་བཟློག་གྲངས་མང་དང་། །ཁྱད་པར་མ་གཤིན་ཕུར་གསུམ་གྱིས། །ནག་ཕྱོགས་ལྷ་སྲིན་མ་བཏུལ་ན། །མེ་ཡི་བྱི་གླང་ཁྱི་ཕག་ལ། །ནུབ་ཕྱོགས་བདུད་ཀྱི་དཔུང་ཆན་གཡོ། །བོ་ཛ་དང་ནི་ཏིཥྛའི་མཚན། །བསམ་བཞིན་བོད་དུ་སྐྱེ་སྲིད་འཛིན། །མེ་ཡི་འབྲུག་སྤྲུལ་ཡོས་གསུམ་ལ། །རྒྱ་དམག་བོད་དུ་འཕྱོ་ཉེན་ཡོད། །དེ་བཟློག་མཐའ་འཚམས་ཐམས་ཅད་དུ། །བདུད་འདུལ་མཆོད་རྟེན་གྲངས་མང་དང་། །ཐིག་ནག་རྒྱལ་མཚན་རྡོ་རིང་སློང་། །དགོན་སྡེ་རེ་བཞིན་མདོ་བཟློག་བྱ། །གྲུབ་པའི་སྐྱེས་བུ་དྷརྨའི་མཚན། །བསྟན་འཛིན་སྐྱེས་བུ་རྒྱལ་གྱི་མཚན། །དེ་སོགས་བྱང་འཕགས་མང་པོ་ཞིག །བོད་འབངས་སྐྱོབས་ཕྱིར་པདྨས་མངག །དུས་ཀྱི་རྒུད་པའི་རང་རྟགས་སུ། །མཁའ་ལ་སྐར་མ་རྟགས་ཅན་ཤར། །ས་ལ་གཡོ་འགུལ་རླུང་ཐན་འབྱུང་། །མི་ལུས་ཁྱི་ཡི་གདོང་ཅན་སྐྱེ། །མེ་ཡི་བྱི་ཁྱི་ཕག་གསུམ་གྱི། །སྔ་ཕྱིའི་ལོ་ལ་འཁྲུགས་རྩོད་མང་། །བོད་ཡུལ་སྡུག་བསྔལ་ལམ་དུ་འགྲོ། །ས་ཡི་གླང་ཕག་བྱི་གསུམ་ནས། །བོད་ཡུལ་གྲོག་ཚང་རྡོལ་བ་འདྲ། །ངེས་མེད་ཡུལ་ཕྱོགས་ཀུན་ཏུ་འཁྱམས། །འཐབ་འཁྲུགས་བྱེད་པའི་དུས་མ་ཡིན། །སྦས་ཡུལ་འཛིན་པའི་དུས་སུ་སླེབས། །ལས་ཀྱིས་གདུང་བའི་བོད་ཡུལ་དུ། །ནད་མཚོན་མི་གེ་རིམ་བཞིན་དར། །རྒྱ་རྫོང་ཀུན་ཏུ་འཁྲུགས་པ་བྱེད། །འཛམ་གླིང་མི་ལ་བདེ་བ་མེད། །དེ་ནས་བཅུ་ཕྲག་བཞི་ཙམ་ནས། །བོད་ལ་བདེ་སྐྱིད་ཕྲན་ཙམ་རེ། །ཤར་ཡང་སྤྲིན་བར་ཉི་མ་འདྲ། །རང་བྱས་ལས་ལ་བཟློག་ཐབས་མེད། །མཐའ་མ་རྒྱ་ཡི་འོག་ཏུ་འགྲོ། །དེ་ནས་ལོ་མང་འདས་པའི་མཐར། །ཤིང་གི་ཆུ་སྤྲེལ་བྱ་གསུམ་ལ། །རྒྱ་བོད་ཁོལ་བུར་འཁྲུགས་པ་བྱུང་། །པདྨའི་ཐུགས་སྤྲུལ་གཏེར་སྟོན་ཀྱང་། །བཅུ་ཕྲག་གསུམ་ཙམ་དེ་དུས་བྱོན། །མཁས་ཤིང་སྡེ་སྣོད་འཛིན་པ་ཡི། །བྱུང་ཆུབ་སེམས་དཔའ་བློ་བཟང་དང་། །ཐུབ་བསྟན་རྒྱལ་མཚན་གྲགས་པའི་ཞབས། །ལ་སོགས་བྱོན་ནས་བསྟན་པ་སྐྱོང། །འགྲོ་བའི་སྲོག་གཅོད་ལས་དབང་གིས། །ཕྱོགས་ཀུན་ནད་རིམ་དུག་རླངས་གཡོ། །འཛམ་གླིང་སུམ་གཅིག་རྐྱེན་ལམ་འགྲོ། །དེ་ནས་ལོ་ངོ་བརྒྱ་ཡི་རྗེས། །དཀར་ནག་རྒྱ་དམག་ལན་གསུམ་འཐབ། །ལན་གཉིས་རྒྱ་གར་ཡུལ་ཁམས་ཕམ། །གསུམ་པར་རྒྱ་ནག་ཆམ་ལ་འབེབས། །ཆུ་ཡི་ཆུ་སྤྲེལ་བྱ་གསུམ་དང་། །ཆུ་ཡི་སྟག་ཡོས་གླང་གསུམ་ལ། །བོད་ལ་བདེ་སྐྱིད་འབྱུང་ཡང་སྲིད། །བོད་ཡུལ་རི་ཁའི་དར་ཅོག་འདྲ། །ཡུན་རིང་མི་དགོས་རླུང་གི་འཁྱེར། །བ་དན་ཡུན་ཏུ་བརྟན་དགོས་ན། །དམ་ཚིག་སྲུང་པ་གལ་ཆེའོ། །འཁོར་བའི་རྒྱ་མཚོ་མཐའ་མེད་པས། །མང་པོ་བརྗོད་ཀྱིས་ག་ལ་ལང་། །བླ་མ་དགོངས་པ་འདུས་པ་དང་། །ལྔ་བ་ཆེན་པོའི་གསང་ལུང་དང་། །རང་གི་ཉམས་དང་རྨི་ལམ་ལ། །གང་བྱུང་གུ་རུའི་ཐུགས་རྗེ་ལས། །བྱུང་བས་བསླུ་བ་མེད་ངེས་ཀྱང་། །རྟེན་འབྲེལ་ཕྲན་བུ་ཞིག་གིས་ཀྱང་། །ཕན་གནོད་ཆེན་པོ་འབྱུང་བས་ན། །ལོ་ཟླ་ཕྲན་བུ་འགྱུར་ཡང་སྲིད། །རིགས་ཀྱི་ལྷ་སྲུང་གསོ་བ་དང་། །བོད་སྐྱོང་གཞི་བདག་མཆོད་པ་ན། །བོད་རིགས་རླུང་རྟ་དགུང་ལ་འཕྱོ། །བོད་ཀྱི་གནས་གཞི་ཐམས་ཅད་དུ། །ཟླ་རེར་སྨྱུང་གནས་སྲུང་བ་དང་། །ལོ་རེར་སྒྲུབ་པ་བྱེད་པ་དང་། །བོད་འདི་སྤྱན་གཟིགས་གུ་རུ་ཡི། །གདུལ་ཞིང་གྱུར་ཕྱིར་མ་ཎི་དང་། །སྒྲོལ་མ་གུ་རུའི་སྒྲུབ་པ་སྤྱི། །ཡི་དམ་བཅུ་གསུམ་གསོལ་འདེབས་དང་། །གསང་སྒྲུབ་དཔལ་ཆེན་བཀའ་བརྒྱད་ལ། །ཉམས་ལེན་བྱས་ན་དབུ་འཕང་མཐོ། །མི་དབང་ཆེན་པོའི་ཐུགས་དགོངས་བཞིན། །འདི་རུ་ལུང་བསྟན་འགའ་བྲིས་པ། །མ་གསང་མི་རུང་སྣ་དགུ་འབྱུང་། །མང་པོར་བསྟན་ན་དམ་ཚིག་ཉམས། །དེང་དུས་ལུང་བསྟན་དུས་མིན་ཀྱང་། །མི་དབང་ཆེན་པོ་ཐུགས་སྒམ་པས། །ཚེ་དབང་ནོར་བུའི་ནང་གཏམ་འདི། །འཁྲུལ་བ་ལགས་ཀྱང་ཁྲེལ་མི་དགོས། །ཨྠྀི།

༈ བལ་ཡུལ་བཛྲ་ཨ་ཙརྱཱ་ལ་གནང་པའི་ལུང་བསྟན།

བསྟན་པ་སྤྱིའི་འཕེལ་འགྲིབ་སྔར་བྲིས་པའི་ལུང་བསྟན་བཀའ་རྒྱ་ཅན་དུ་ཡོད། རང་ཉིད་ཀྱི་ཆོས་རྒྱུན་ལ་སྒོས་ལུང་དགོས་པ་ཆེར་མ་མཆིས་ཀྱང་ཉིད་ཀྱི་བཀའ་མི་བཅག་པ་ཙམ་ཞུ་བ་བར་བྱ་བ། ཁོ་བོ་རེ་མི་གནས་འདས་པའི་ཚེ། །ནག་ཕྱོགས་ཐམས་ཅད་ཀུན་ཅོ་ཆེ། །ཡབ་སྲས་ཐུགས་རྗེས་མ་བཟློག་ན། །བལ་བོད་ཕྱོགས་ལ་དམག་འཁྲུགས་སྡང་། །ང་ཡི་བསྟན་པ་ཉི་ཤུར་ཙམ། །སྦས་ཡུལ་གྲུབ་ཐོབ་རྣམས་ཀྱིས་འཛིན། །མང་ཞིག་འཇའ་ལུས་འོད་སྐུ་འབྱོང་། །ཆོས་བརྒྱུན་མ་ཆད་ཙམ་ཞིག་འགྱུར། །རྒྱ་བོད་གཡུལ་ཆེན་ཤོམ་པའི་སྐབས། །ཀརྨའི་སྤྲུལ་བ་སྙིང་རྨེ་ཅན། །ལོ་ངོ་ལྔ་ཕྲག་ལྔ་ཡི་བར། །མདོ་ཁམས་ཕྱོགས་སུ་དར་བར་བྱེད། །བོད་ཡུལ་ནང་དམེ་དར་བའི་དུས། །བལ་ཡུལ་རྒྱལ་བསྟན་ཉམས་པའི་དུས། །ལྷོ་མོན་བལ་ཡུལ་ཡམ་བུ་རུ། །བུདྱའི་མིང་གིས་འཛིན་སྐྱོང་བྱེད། །དེ་རྗེས་པདྨའི་མཚན་འཆང་བ། །སྡེ་དགེའི་ཕྱོགས་འབྱུང་བསྟན་པ་སྤེལ། །སྐབས་དེར་ནམ་མཁའི་མིང་ཙན་གྱིས། །མ་ཧཱ་ཙཱི་ནའི་ཕྱོགས་སུ་སྤེལ། །རྒྱ་དམག་བོད་དུ་འཕྱོ་ཉེའི་སྐབས། ཁམས་བླ་གུ་ཎའི་མཚན་འཆང་བས། །ཟབ་དོན་སྙིང་པོ་དར་རྒྱས་བྱེད། །ཨ་བྷའི་མཚན་འཆང་སྙིང་སྟོབས་ཅན། །དེས་ཀྱང་སྙིང་པོའི་བསྟན་པ་འཛིན། །སྐབས་དེར་དྷརྨའི་མཚན་འཆང་བས། །སྟོད་ཀྱིས་ཕྱོགས་སུ་དར་བར་བྱེད། །དེ་རྗེས་ང་སྤྲུལ་རྣམ་གཉིས་འབྱུང་། །མ་ངེས་ཕྱོགས་བཅུར་བསྟན་པ་སྤེལ། །བཛྲ་མིང་ཅན་ཟབ་གཏེར་བདག །གླང་ལོ་ཤེས་རབ་ལྡན་པ་དང་། །ཤྲཱི་ཀྱི་མིང་འཛིན་ལྔ་རིག་འཆང་། །བཙུན་པའི་མཆོག་གྱུར་ཅིག་གིས་འཛིན། །དབུས་ནས་གླང་ལོ་རཏྣའི་མིང་། །ཤེས་རབ་ལྡན་པས་བསྟན་པ་འཛིན། །རྒྱ་ནས་སྤྲེལ་ལོ་དྷརྨའི་མཚན། །ལྟེ་རྨེ་ཅན་གྱིས་བསྟན་པ་སྤེལ། །རྒྱ་གར་ཡུལ་ནས་ཤནྟིའི་མིང་། །གནས་གསུམ་རྨེ་བ་ཅན་གྱིས་འཛིན། །སོག་གི་ཡུལ་ནས་ཨ་ཡི་མིང་། །བརྩོན་འགྲུས་ལྡན་པའི་ཟབ་གཏེར་འཛིན། །མངའ་རིའི་ཕྱོགས་ནས་བསོད་ནམས་མིང་། །སྙིང་རྨེ་གཞུང་ལུགས་མཁས་པས་འཛིན། །ལྷོ་བྲག་ཕྱོགས་ནས་མདྒའི་མཚན། །ལྗགས་ལ་ཨ་ཡིག་ཅན་གྱིས་འཛིན། །མདོ་ཁམས་སྨད་ནས་སདྒའི་མཚན། །སྤྲེལ་ལོ་གནས་ལྔ་རིག་པས་འཛིན། །མི་ཉག་ཕྱོགས་ནས་ཨ་ཡི་མཚན། །ལུག་ལོ་བརྟུལ་ཞུགས་ལྡན་པས་འཛིན། །རེ་ཁའི་ཕྱོགས་ནས་དཔལ་གྱི་མིང་། །བྱ་ལོ་སྙིང་རྨེ་ལྡན་པས་འཛིན། །དེ་ནས་ལོ་ངོ་ཉིས་བརྒྱའི་མཚམས། །འཛམ་གླིང་ཤར་ལྷོའི་ཁྱོན་ཀུན་འཁྲུགས། །བསྟན་པའི་ཉི་མ་ནུབ་རིར་འགྲོ། །དེ་ཚེ་རྒྱ་ཡི་ཡུལ་ཕྱོགས་ནས། །དྷྭ་ཛའི་མིང་འཛིན་ས་སྤྲེལ་ལོ། །མཁས་ཤིང་བཙུན་པ་ཞིག་གིས་འཛིན། །སྐབས་དེར་ཁམས་པ་འབྲུག་ལོ་བ། །བཛྲ་མིང་གིས་སྦས་ནས་འཛིན། །མ་ཆད་ཙམ་ཞིག་གནས་པར་འགྱུར། །དེ་དག་ང་ཡིས་སྤྲུལ་བའམ། །བྱིན་གྱིས་བརླབས་པ་གང་རུང་དང་། །སྔོན་སྨོན་སྨོན་ལམ་མཐུན་པ་ཡིས། །གསང་གསུམ་བྱིན་རླབས་གཞན་ལས་ཆེ། །དེ་ནས་བསྟན་པ་དར་བའི་ཚེ། །རང་བྱུང་སྐྱེས་བུ་ལྔ་ཕྲག་གཅིག །བྱོན་ནས་གཏེར་གྱིས་འགྲོ་བ་འདྲེན། །འདི་ཉིད་འཁྲུལ་སྣང་ལགས་མོད་ཀྱང་། །བདེན་པ་འབྱུང་བ་རིམ་བཞིན་གསལ། །

༈ ཞྭ་དམར་པར་ལུང་བསྟན་པ།

ཨ་ཐ། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་གཏེར་ལུང་དུ། །སྣང་མཐའི་སྒྱུ་འཕྲུལ་ཆུ་ཁམས་ལོ་བ་ཞིག །དབུས་ནས་འབྱུང་ཞིང་ཁམས་དང་མཐའ་མི་འདུལ། །ར་གའི་མདངས་ཀྱི་ཅོད་པཎ་བཞེས་སྲིད་ན། །བཀའ་རྙིང་བསྟན་པ་དར་རྒྱས་ཡུན་དུ་གནས། །ཞེས་པའི་ལུང་བསྟན་ཡོངས་སུ་གྲགས་པ་དང་། །རོལ་བའི་རྡོ་རྗེའི་ཞྭ་དམར་སྒོས་ལུང་དུ། །མ་འོངས་ཆོས་རྒྱལ་གདུང་དུ་སྐུ་འཁྲུངས་ཤིང་། །རྒྱལ་བསྟན་རྒུད་པའི་ཉམས་པ་མཐའ་ནས་གསོ། །སྐུ་ཚེའི་གེགས་བདུན་བརྒལ་བ་ཤིན་ཏུ་དཀའ། །སེལ་ཐབས་ཚེ་དབང་མདོ་གཟུངས་སྲོག་བླུ་དང་། །རྟ་ཕག་བསྐྱེད་རྫོགས་དྲག་པོའི་ལས་ཀྱིས་བཟློག །ཅེས་པའི་རིགས་རུས་གསལ་བར་བསྟན་པ་དང་། །སྟག་ཤམ་བསམ་གཏན་གླིང་པའི་གཏེར་ལུང་དུ། །ཞུ་གཤེན་གདུང་ལ་ལྷུན་པོའི་མཁན་པོ་འབྱུང་། །འབྲེལ་བ་ཐོགས་ཚད་སྣང་མཐའི་དྲུང་དུ་སྐྱེ། །ཞེས་པའི་ལུང་ནི་ལྷ་གཤེན་དཀར་པོའི་གདུང་། །འདི་ལས་གཞན་མེད་ཁོ་ཐག་ཆོད་པ་ཡིན། །གཏེར་ཆེན་སངས་རྒྱས་གླིང་དང་ཡོལ་མོ་པ། །གཏེར་སྟོན་སཱུརྱ་སེདྷའི་གཏེར་ལུང་དུ། །གུ་རུ་པདྨའི་བྱིན་རླབས་སྤྲུལ་བའི་སྐུ། །ཞྭ་དམར་སྐྱེ་འཕྲེང་ཉི་ཤུ་རྩ་གཅིག་པར། །མཁས་དང་གྲུབ་པའི་སྐྱེས་བུ་ཤ་སྟག་བྱོན། །གང་དུ་ལྷ་ཟབ་ཙ་ན་བདུད་ཡང་ཟབ། །འགྲོ་བ་བསོད་ནམས་དམན་པའི་དབང་གྱུར་བས། །དེ་ལ་བར་ཆད་རྐྱེན་མང་འབྱུང་མོད་ཀྱང་། །གུ་རུའི་ཐུགས་བསྐྱེད་སྲུང་མའི་ནུས་མཐུ་ཡིས། །རིམ་བཞིན་སེལ་ནས་རྒྱལ་བའི་བསྟན་པ་ལ། །དངོས་དང་བརྒྱུད་ནས་ཕན་པ་མང་དུ་སྒྲུབས། །ཞེས་པའི་བདེན་པའི་ལུང་བསྟན་ཀུན་ལ་གྲགས། །མཁའ་སྤྱོད་དབང་པོའི་རང་རྣམ་གསང་སྒྲོན་གྱི། །གོང་འོག་བསྒྲིག་ན་སྐུ་འདིའི་འཁྲུངས་ཡུལ་དང་། །དགུང་སྙིང་བཅས་པ་གསལ་བོར་ཡོད་པར་གཟིགས། །གསུམ་པ་ཆོས་དཔལ་རྒྱ་མཚོའི་དག་སྣང་མ། །ཡབ་སྲས་སྐྱེས་རབས་ཌཱཀྐིའི་གསང་གཏམ་དུ། །ཉིན་ཞིག་ཀརྨ་པ་ཡི་ཕྱག་མཐིལ་དུ། །སྣང་བ་མཐའ་ཡས་སྐུ་གཟུགས་མཐོ་གང་བ། །དེ་ཡི་ཐུགས་དང་གུ་རུ་པདྨ་འབྱུང་། །དེ་ཡི་ཐུགས་ཀར་རྟ་ཕག་ཞལ་སྦྱོར་བ། །མཐའ་མར་མགོན་པོའི་སྐུ་ཆུང་བཅོ་ལྔ་ཡིས། །རྡོ་རྗེའི་གར་སྟབས་ལིང་ལིང་བསྒྱུར་བ་མཐོང་། །འདི་ཅི་དྲིས་པས་མགོན་པོའི་ཞལ་ན་རེ། །མ་འོངས་ཁྱོད་ཀྱི་སྐྱེས་བ་ལྔ་ཕྲག་གསུམ། །ཞྭ་དམར་ཅོད་པཎ་བཅིངས་ཏེ་ཕེབས་པ་དང་། །ངེད་ཅག་ཁྱོད་ཉིད་སྲུང་ཕྱིར་བཅོ་ལྔ་ཙམ། །སྤྲུལ་བའི་བརྡ་དོན་ཡིན་ཞེས་གསུངས་ལ་གཟིགས། །རིག་པ་འཛིན་པ་བདག་གི་དག་སྣང་དུ། །ཞྭ་དམར་སྐྱེ་བའི་འཕྲེང་བ་རིམ་བརྒྱུད་དུ། །བྱང་ཆུབ་སེམས་དཔའི་སྤྲུལ་བ་བསླུ་མེད་ཀྱང་། །ཀུན་རྫོབ་རྐྱེན་སྣང་ཕྲན་བུ་འབྱུང་སྲིད་ཀྱང་། །སྣང་བ་མཐའ་ཡས་ཐུགས་རྗེ་ཆད་མི་སྲིད། །ཞྭ་དམར་ལ་ལྟོས་གྲྭ་སློབ་འཁོར་བཅས་ཀྱིས། །བླ་མ་ཀརྨ་པ་དང་པདྨ་འབྱུང་། །ཡི་དམ་བདེ་མཆོག་མ་གཤིན་ཕུར་གསུམ་དང་། །མཁའ་འགྲོ་ཕག་མོ་སྒྲོལ་མ་གདུགས་དཀར་མོ། །ཆོས་སྐྱོང་བེར་ནག་ལྕམ་དྲལ་གཟའ་བདུད་ནག །དེ་དག་སྒྲུབ་ན་སྒར་འདི་དར་ཞིང་རྒྱས། །བར་ཆད་མི་འབྱུང་གཞན་ལས་རྣམ་པར་རྒྱལ། །སྐྱེ་བའི་ཕྲེང་བ་ཉི་ཤུ་རྩ་གཅིག་ཏུ། །གུ་རུ་པདྨའི་རྣམ་སྤྲུལ་ཡིན་ཞེས་པའི། །གུ་རུ་རང་གི་ལུང་ལ་འཁྲུལ་བ་བྲལ། །གྲུབ་པའི་སྐྱེས་བུའི་རྣམ་ཐར་ཅི་བསྟན་ཀྱང་། །ལོག་པར་མ་ལྟ་མཆོད་འབུལ་སྨོན་ལམ་ཐོབ། །སྐུར་འདེབས་མ་བྱེད་གུས་པས་གཙུག་ཏུ་མཆོད། །སྤྲུལ་བའི་སྐུ་འདི་དང་པོ་ཐག་གཅོད་སྐབས། །བདག་གི་རྨི་ལམ་ཉམས་སྣང་ཐམས་ཅད་དུ། །སྐྱེས་བུ་དམ་པ་འདི་ལ་ངེས་རྙེད་དེ། །སི་ཏུ་ཏྲེས་ལྷ་དཔའ་འབྲུག་གཉིས་སོགས་ལ། །བཀའ་བགྲོས་སོམ་ཉི་བྲལ་བ་ཐག་ཆོད་མོད། །ཀརྨ་པ་ཡི་བསྟན་ལ་འཁུ་བ་ཡི། །དམ་ཉམས་འགའ་ཡིས་བར་ཆད་བརྩམས་ན་ཡང་། །རྗེས་སུ་ལྷ་ལྡན་གཞུང་ལ་གཤེར་རྒྱག་བྱས། གཞུང་གི་བཀའ་བློན་ཆེ་དགུ་ཐམས་ཅད་ཀྱིས། །ལྷ་སར་ཇོ་བོ་ཡིད་བཞིན་ནོར་བུའི་དྲུང་། །བརྟག་རིལ་བསྒྲིལ་བའི་གཟུ་ཡིག་ཕབ་པ་དང་། །རྒྱ་བོད་གཞུང་ཞབས་མི་སྣ་ཀུན་འདུས་ནས། །གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་དང་། །ཀར་འབྲུག་བཀའ་བརྒྱུད་བླ་དཔོན་ཆེ་དགུའི་ཡིས། །གསོལ་མཆོད་བཏང་ཞིང་ཟན་རིལ་བསྒྲིལ་བའི་ཚེ། །སྤྲུལ་བའི་སྐུ་འདིའི་མཚན་ཐོ་དགུང་དུ་འཕར། །གཞན་ཕྱོགས་དྲག་གྲས་གདོང་ལ་གཟའ་ནད་ཕོག །རང་ཕྱོགས་རྒྱལ་བའི་ཀུ་བསྭོ་འབྲུག་ལྟར་ལྡིར། །རྒྱ་བོད་གཞུང་གིས་ངོས་འཛིན་མཚན་བྱང་བསྩལ། །འདི་ཚེ་ཀུན་མཁྱེན་འབྲུག་པའི་མནལ་ལམ་དུ། །ནམ་མཁའ་ཐམས་ཅད་སྣང་མཐའི་སྐུ་ཡིས་གང་། །ཞྭ་དམར་སྐྱེ་འཕྲེང་བཅུ་གསུམ་བྱོན་པ་ཡི། །བདེན་ཚིག་རྡོ་རྗེའི་རྔ་ཆེན་ཡང་ཡང་བསྒྲགས། །རང་གི་ཉམས་ནི་འདི་ནས་སྐུ་ཕྲེང་ལྔ། །སྔགས་བཙུན་སྤེལ་མ་འབྱུང་ཞིང་འགྲོ་དོན་ཆུང་། །དེ་ནས་བཙུན་པའི་སྐྱེ་ཕྲེང་བཞི་ཙམ་འབྱུང་། །མར་མིའི་སྒྲུབ་ཚུགས་ཟིན་ཅིང་དྭགས་པོ་པའི། །བཙུན་པའི་རྣམ་ཐར་ཉམས་པ་མེད་པར་སྐྱོངས། །དེ་ནས་དྲག་པོ་སྔགས་ཀྱི་ནུས་ལྡན་པའི། །གོས་དཀར་འཆང་བ་གཉིས་འབྱུང་སྐྱེ་འཕྲེང་སྡུད། །དེ་དག་སྡེ་དགེའི་རྒྱལ་པོ་ཡིན་ཆེས་ཕྱིར། །དམ་པའི་ལུང་དང་ཚེ་དབང་ནོར་བུ་ཡི། །རང་གི་ཉམས་སྣང་གོང་བསྒྲིག་འདུས་གསལ་བཀོད། །གསང་བར་མཛོད་ལ་དམ་པའི་འཕྲིན་ལས་སྤེལ། །ཨྠྀི། །

༈ སི་ཏུ་པཎ་ཆེན་ལ་ལུང་བསྟན་པ། །

གཏེར་སྟོན་སངས་རྒྱས་གླིང་པའི་གཏེར་ལུང་ལས། །ཆོས་ཀྱི་འོད་ཟེར་ནས་བཟུང་ཆོས་འབྱུང་བར། །ཆོས་སྤྱན་ཅན་དྲུག་པདྨའི་ལྗགས་ལྡན་དྲུག །བསྡོམ་པའི་སི་ཏུའི་སྐྱེ་ཕྲེང་བཅུ་གཉིས་བར། །འབྱུང་ཞེས་བླ་མ་དགོངས་པ་འདུས་པ་ཡི། །བཀའ་རྒྱ་ཅན་གྱི་ལུང་དུ་གསལ་བར་གྲུབ། །དེ་རུ་གཟིགས་ཙམ་ཉིད་ནས་དད་མོས་འཕེལ། །བཅུ་གཉིས་མཚམས་ནས་སི་ཏུའི་གདན་འཛིན་པ། །མི་འབྱུང་ཞེས་པའི་ལུང་བསྟན་མང་དུ་གསལ། །འདིར་ནི་ཆོས་ཀྱི་སྤྱན་ལྡན་དྲུག་པོ་ཡི། །མཐའ་མ་ཡིན་ཏེ་འདི་ཉིད་མཆོག་ཏུ་གྲུབ། །གཏེར་སྟོན་སྟག་ཤམ་རྡོ་རྗེའི་གཏེར་ལུང་ལས། །སི་ཏུ་ཆོས་འབྱུང་ཞེས་བྱ་ཤར་ནས་འབྱུང་། །ཞེས་དང་རོལ་བའི་རྡོ་རྗེའི་གཏེར་ལུང་ལས། །མདོ་ཁམས་རོང་དུ་ཁྱེའུ་འབྲུག་ལོ་པ། །བྱམས་པའི་སྤྲུལ་བ་ཆོས་ཀྱི་འབྱུང་གནས་ཀྱིས། །ཕྱག་རྫོགས་བསྟན་པའི་སྲོག་ཤིང་ཉེར་བཟུང་སྟེ། །ངེས་དོན་སྙིང་པོའི་བསྟན་པ་རྒྱས་པར་བྱེད། །ཞེས་དང་རོལ་རྡོར་སི་ཏུ་སྒོས་ལུང་ནི། །ལྡེབ་མ་བཅུ་ཅན་ཡོད་ཅེས་འབྲུག་པས་གསུངས། །རོང་སྟོན་པདྨ་བདེ་ཆེན་གླིང་པ་ཡི། །གཏེར་བྱོན་ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས། །དྷརྨའི་མཚན་འཆང་ཐུགས་ཀར་རྨེ་བས་མཛེས། །སྒྲ་སྙན་ཕུལ་ཕྱིན་ལུང་རིགས་རྔ་སྒྲ་སྒྲོག །ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་དང་འཕྲད་ན། །ཚེ་ཡང་མཐར་ཕྱིན་འཕྲིན་ལས་ཕྱོགས་མཐར་རྒྱས། །ཞེས་དང་རང་གི་ཉམས་ལ་སློབ་དཔོན་འདིའི། །སྐྱེ་བའི་ཕྲེང་བ་བརྒྱུད་མར་མཐོང་བ་ནི། །སྟོན་པའི་སྤྱན་སྔར་རྒྱལ་ཚབ་མི་ཕམ་མགོན། །རྫོགས་ཆེན་མཛོད་འཛིན་ཤྲཱི་སེདྷ་དང་། །གུ་རུའི་སྤྱན་སྔར་འདན་མ་རྩེ་མང་ཞབས། །གུ་རུའི་ཐུགས་ཀྱི་སྤྲུལ་བ་ཨ་ཏི་ཤ། དེ་དང་ཐུགས་རྒྱུད་གཅིག་པའི་རྔོག་ལོ་ཙཱ། །བྱང་ཆུབ་སེམས་རྒྱུད་འབྱོངས་པའི་ཤ་ར་བ། །ས་སྐྱ་པཎ་ཆེན་གངས་ཅན་མཁས་པའི་གཙོ། །ཕྱི་འགྱུར་བསྟན་པའི་མངའ་བདག་ཙོང་ཁ་པ། །དབྱངས་ཅན་མཆོག་གྲུབ་བོ་དོང་ཕྱོགས་ལས་རྒྱལ། །གཞུང་ལུགས་གདམས་པར་ཤར་བའི་དངུལ་ཆུ་བ། །ས་སྐྱོང་མི་ཡི་དབང་པོ་བུདྡྷའི་མཚན། །བོད་ཀྱི་ཡུལ་དུ་པཎ་གྲུབ་བདུན་ཀྱི་སྐུ། །བར་མ་ཆད་པར་བཟུང་པའི་ངོ་མཚར་སྣང་། །ཁྱད་པར་སྐུ་ཚེ་འདི་ཉིད་བར་ཆད་ཀྱི། །རྐྱེན་མ་བྱུང་ན་ནམ་ཞིག་འཛམ་གླིང་འདིར། །གྲགས་པ་ཁྱབ་ཅིང་འགྲོ་མང་བདེ་འགྲོར་འགོད། །བྱང་སེམས་དངོས་ཡིན་འདི་ལ་གུས་པར་གྱིས། །སྐྱེ་ཕྲེང་ཕྱི་མ་སྔགས་བཙུན་སྤེལ་མ་འབྱུང་། །ལྟ་བའི་གདེགས་ཐོབ་རྟུལ་ཞུགས་ངར་དང་ལྡན། །ཕྱི་ལྟར་བཙུན་པ་ནང་ནི་བྱང་ཆུབ་སེམས། །ཐབས་ལ་མཁས་པས་ཡུལ་དྲུག་བདེ་ལ་འགོད། །སྐྱེ་ཕྲེང་ཆོས་ཀྱི་སྤྱན་ཅན་རྣམ་དྲུག་དང་། །པདྨའི་ལྗགས་ཅན་རྣམ་པ་དྲུག་གི་རྗེས། །ཀུན་རྫོབ་སྤྲུལ་བའི་མཚན་འཛིན་ཆད་པའམ། །སྔགས་སྤྱོད་སྦས་པའི་ཚུལ་ཅན་འགའ་ཞིག་ལས། །ཀར་བསྟན་སྐྱོངས་པའི་འཕྲིན་ལས་ཆེར་མི་འབྱུང་། །སི་ཏུའི་མཚན་མི་འཛིན་པའི་སྤྲུལ་བ་ནི། །རིགས་གཟུགས་མཆོག་དམན་མང་པོས་འགྲོ་དོན་བྱེད། །མི་དབང་ཆེན་པོས་བཀའ་སྩལ་མ་བཟོད་ནས། །དམ་པའི་སྐྱེས་བུ་འདི་ཡི་རྣམཔར་ཐར། །ཕྱོགས་ཙམ་སྨྲ་བོ་ཚེ་དབང་ནོར་བུ་སྟེ། །དགེ་བས་འབྲེལ་ཚད་དོན་དང་ལྡན་གྱུར་ཅིག ཨྠྀི།

༈ ཀརྨ་པའི་སྐོར་གྱི་ལུང་བསྟན།

མཐོན་མཐིང་ཅོད་པཎ་འཆང་བ་ཀརྨ་པའི། །སྤྲུལ་བའི་རྣམ་རོལ་གོང་མ་རིམ་བྱོན་གྱི། །གསུང་རབས་རྣམས་དང་ལོ་རྒྱུས་ལ་གྲགས་པས། །ཆེད་དུ་ཞུ་བའི་དགོས་པ་མ་མཆིས་ཀྱང་། །མཆོག་གི་སྤྲུལ་སྐུ་བདུད་འདུལ་རྡོ་རྗེ་འདི། །རོལ་བའི་རྡོ་རྗེའི་ལུང་གི་བསྟན་པ་དང་། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ངའི། །རྗེས་ཐོབ་ཉམས་རྩལ་ཕྱོགས་མེད་ཤར་བ་ལ། །བརྡ་དོན་རི་མོ་ཤར་བ་འདི་ལྟར་ལགས། །རི་རྩེ་ཁ་བས་གཡོག་པའི་འོག་རོལ་ན། །ཆུ་བོ་མེ་ཡི་ཕྱོགས་སུ་གྱ་གྱུར་འབབས། །རྐང་འཐུང་ཚལ་ཀྱང་ཐོར་བུ་རེ་གཉིས་སྐྱེ། །དགེ་བའི་རིར་གྲགས་རིགས་རུས་ཤིན་ཏུ་བཟང་། །ཆུ་ཡི་གླང་ལོ་མཆན་གཡོན་རྨེ་བ་ཅན། །སྤྱི་བོའི་གཙུག་ཏུ་སྐྲ་དཀར་འཇའ་འོད་འཁྱུགས། །ཕྱག་དང་ཞབས་ལ་རལ་གྲིའི་རི་མོས་བརྒྱན། །དཔྲལ་བའི་གཤིས་ཆེ་ཞི་དྲག་འདྲེས་པའི་ཉམས། །ཤེས་རབ་ཆེ་ཞིང་སྤོབ་པ་མཆོག་ཏུ་བརྟན། །བསྟན་འགྲོའི་མགོན་པོ་མཐོན་མཐིང་ཅོད་པཎ་ཅན། །ཐུགས་ཀྱི་སྤྲུལ་བ་བླ་ན་མེད་པར་ངེས། །ཞེས་པའི་སྒྲ་དང་མིག་གི་ལམ་དུ་ཡང་། །རྨི་ལམ་ལྟ་བུར་ལན་མང་ཤར་བ་བྱུང་། །དེ་ཉིད་སི་ཏུ་ཞབས་ལ་ཕུལ་བ་དང་། །མཚན་དུ་རོལ་བའི་རྡོ་རྗེའི་ལུང་ཅི་བཞིན། །དཔལ་ལྡན་འཇིགས་མེད་བདུད་ཚོགས་འདུལ་བའི་རྗེ། །རྡོ་རྗེ་མི་ཤིག་སྙིང་པོའི་དབང་ཕྱུག་ཞབས། །ངེས་དོན་བསྟན་པའི་རྩ་ལག་ཕྱོགས་ལས་རྒྱལ། །ཞེས་པའི་སྙན་པ་ཕྱོགས་ཀུན་བསྒྲགས་པ་ཡིན། །འདི་ནི་ཀརྨའི་སྐྱེ་སྲིད་ཐ་མ་སྟེ། །རྗེས་སུ་ནག་པོའི་ཅོད་པཎ་བཅིང་བ་ཡི། །གདན་ས་བྱེད་པའི་སྤྲུལ་བ་དངོས་མི་འབྱུང་། །ཞེས་འདི་ཀརྨ་གོང་མའི་ལུང་ལས་བསྔགས། །སྤྲུལ་བའི་སྐུ་མཆོག་འདིས་ཀྱང་ཞལ་གྱིས་བཞེས། །མ་འོངས་ཞྭ་དམར་ཀརྨ་དབྱེར་མེད་པར། །ཐུགས་རྒྱུད་གཅིག་འདྲེས་འགྲོ་བའི་དོན་བྱེད་ཅིང་། །ཀརྨ་པ་ཡི་འཕྲིན་ལས་ཐ་མ་ནི། །ཞྭ་དམར་སྤྲུལ་བས་སྐྱོང་བར་ངེས་པ་ཡིན། །སྤྱིར་ནི་ཀརྨ་པ་ཡི་སྤྲུལ་བ་ནི། །བསྐལ་བཟང་སྟོང་གི་བསྟན་པའི་ཡུན་དུ་གནས། །ས་ཡི་རྡུལ་བཞིན་ཕྱོགས་ཀུན་ཁྱབ་ནའང་། །གདན་ས་འདི་རུ་ཞྭ་ནག་གྱོན་པ་ཡི། །སྤྲུལ་བའི་འགྲོ་དོན་འདི་ནས་རྫོགས་པ་ཡིན། །ཡབ་སྲས་རྟེན་འབྲེལ་འགྲིག་པར་མ་གྱུར་ན། །ཞྭ་ནག་མིང་ཙམ་འཛིན་པའི་བྱང་སེམས་འགའ། །ཀཾ་ཚང་ནང་དུ་འབྱུང་བ་སྲིད་ནའང་། །ཀརྨ་པ་ཡི་སྤྲུལ་བ་དངོས་མ་ཡིན། །སྨོན་ལམ་ལོག་པས་ཀརྨའི་བསྟན་ཞབས་ལ། །བར་ཆད་བྱེད་པའི་བདུད་འགོང་དམ་སྲིའི་རིགས། །བདུད་སྤྲུལ་ཞྭ་ནག་འཛིན་པ་འབྱུང་སྲིད་ཀྱང་། །དེ་ཡི་ཁ་གནོན་པདྨའི་སྤྲུལ་བ་བྱོན། །མཚན་ཙམ་འཛིན་པའི་ཞྭ་ནག་གདན་ས་ནི། །བཅུ་བཞིར་མངའ་བདག་སྤྲུལ་བའི་ཟློས་གར་དང་། །བཅོ་ལྔ་གུ་རུ་པདྨའི་ཕོ་ཉ་བ། །བཅུ་དྲུག་སྣ་ནམ་སྤྲུལ་བའི་ནིརྨ་ཀ །ཐང་སྟོང་རྒྱལ་པོའི་རྣམ་སྤྲུལ་ཅིག་ཆར་འབྱུང་། །བཅུ་བདུན་ཀློང་གསལ་སྙིང་པོའི་སྤྲུལ་བ་དང་། །རོལ་བའི་རྡོ་རྗེའི་སྤྲུལ་བ་ཅིག་ཆར་འབྱུང་། །བཅོ་བརྒྱད་ནཱ་རོ་པ་ཡི་སྤྲུལ་བ་དང་། །ཨ་ཏི་ཤ་ཡི་རྣམ་སྤྲུལ་འབྱུང་སྲིད་ཀྱང་། །བྱང་སེམས་བདུད་སྤྲུལ་མ་ངེས་པ་འགའ་ཡི། །ཞྭ་ནག་མིང་འཛིན་ལྔ་ཕྲག་ཅིག་ཆར་བྱོན། །དེ་ཡི་སྐབས་སུ་རྒྱལ་བསྟན་གཞི་ནས་འཁྲུགས། །དམ་ཉམས་འདྲེས་ཁྱེར་ཀུན་ཏུ་ཁྱབ་པ་འབྱུང་། །གང་འབྲེལ་ཐམས་ཅད་ངན་འགྲོའི་གནས་སུ་འགྲོ། །སྤྱན་རས་གཟིགས་མགོན་གུ་རུ་པདྨ་ལ། །གསོལ་བ་འདེབས་ཅིང་དག་སྣང་སྦྱོང་བ་ལས། །བྱང་སེམས་སྐུར་བ་བཏབ་ན་ངན་འགྲོར་འགྲོ། །བདུད་ཀྱི་རྒྱབ་རྩ་གཉེར་ན་ངན་འགྲོར་འགྲོ། །མངོན་ཤེས་ལྡན་པའི་སྐྱེས་བུ་རེ་ཟུང་ལས། །ཉ་བཟློག་བསྟན་དོན་རང་རྒྱུད་བསྲེག་པའི་རྒྱུ། །མཆུག་མེད་དྭགས་པོའི་སྒྲུབ་ཚུགས་བཟུང་ན་དགའ། །རྐྱེན་ངན་སེལ་བྱེད་དྲི་མེད་བཤགས་རྒྱུད་འབུམ། །ཡིག་བརྒྱ་དུང་དང་རྒྱལ་བ་རྒྱ་མཚོ་ཡི། །ཚོགས་བསྐང་འབུམ་ཕྲག་སྒྲོལ་མ་ཁྲི་མཆོད་དང་། །བདེ་མཆོག་གཞོན་ནུ་སྟོན་མོ་ཚད་ལྡན་ལ། །འབད་ཅིང་རྒྱལ་བ་བྱམས་པའི་སྐུ་བརྙན་བཞེངས། །ལོ་རེར་བྱམས་གཟུངས་འབུམ་དང་བེར་ནག་གི །བསྐང་གསོལ་ཁྲི་རེ་ཚིག་བདུན་གསོལ་འདེབས་འབུམ། །སྲོག་སླུ་ཚེ་ཐར་གུར་དྲག་བཀའ་བརྒྱད་ཀྱིས། །གཏོར་བཟློག་བྱས་ན་རྐྱེན་ངན་རིམ་བཞིན་ཞི། །དེ་ཡང་ནལ་ཚེ་ཐད་བཙུགས་ངོ་སྤྲད་ན། །དམར་ནག་ཞྭ་དམར་ཐུགས་རྒྱུད་གཅིག་གྱུར་པ། །གོང་མའི་རྣམ་ཐར་ཀུན་ནས་ཐུན་མོང་སྨྲ། །དེ་ཕྱིར་བསྟན་པའི་བར་ཆད་བསལ་བ་དང་། །ཀརྨ་པ་ཡི་འཕྲིན་ལས་རྒྱས་པའི་ཕྱིར། །སྤྲུལ་བའི་རྣམ་རོལ་དབྱེར་མི་བྱེད་པ་འབྱུང་། །ཡབ་ཡུམ་གཉེན་ཉེ་བླ་མ་སློབ་མའི་ཚུལ། །མཆོད་ཡོན་སྦྱིན་བདག་སྲུང་མའི་རྣམ་པར་འབྱུང་། །གོང་མའི་རྟོགས་བརྗོད་ཚིགས་སུ་བཅད་པར་ཡང་། །ཆོས་དབྱིངས་ཨིནྟྲ་ནཱི་ལར་རོ་གཅིག་ཀྱང་། །དཔོན་སློབ་ལྷན་གཅིག་བཞུགས་པར་མ་གྱུར་པས། །རེ་ཞིག་ཟུང་དུ་འབྲེལ་བ་ལྟར་མ་གྱུར། །ཕྱི་དུས་ཀརྨ་པ་ཡི་ཞབས་དྲུང་དུ། །གུས་པ་ཆེན་པོས་རྟག་ཏུ་བསྙེན་པ་འདི། །དེང་སང་རྣམ་པ་ཐ་དད་བཞུགས་གྱུར་ཀྱང་། །མ་འོངས་ལྷན་ཅིག་ཟུང་འབྲེལ་བཞུགས་ལ་དགོངས་། །ཞེས་པའི་རྟོགས་བརྗོད་དུམ་བུ་མང་པོ་དང་། །ལུང་བསྟན་མང་པོ་ཟུར་དུ་ཡོད་པར་གཟིགས། །འདི་ཡང་དཔལ་ལྡན་དཔའ་བོས་བཀས་བསྐུལ་ཏེ། །རིག་པ་འཛིན་པ་ཚེ་དབང་ནོར་བུ་ཡི། །ཡིད་ལ་གང་ཤར་སྡེབ་སྦྱོར་མ་བྱས་པ། །ཐོལ་བྱུང་ལུང་བསྟན་ཚུལ་དུ་བསྐུར་བ་ཡིན། །གསང་རྒྱ༔ དམ་རྒྱ༔

༈ ཀཿཐོག་སྐོར་གྱི་ལུང་བསྟན།

ཀཿཐོག་བསྟན་པའི་འཕེལ་འགྲིབ་ནི། །རིག་འཛིན་བདུད་འདུལ་རྡོ་རྗེ་དང་། །བདེ་ཆེན་བདུད་འཇོམས་རོལ་བ་རྩལ། །སྟག་ཤམ་རྡོ་རྗེའི་བཀའ་ལུང་ཡོད། །དམ་པ་བདེ་གཤེགས་ཞལ་ཆེམས་ནི། །གསང་བའི་གབ་བྱང་ཅན་དེ་དང་། །ཀློང་གསལ་སྙིང་པོའི་ཀཿཐོག་ལ། །ཆེད་དུ་གནང་པའི་ལུང་བསྟན་ཡོད། །གུ་རུ་པདྨས་བྱིན་རླབས་པའི། །སྔགས་སྤྱོད་ཚེ་དབང་ནོར་བུ་ཡི། །ཉམས་སྣང་ལུང་བསྟན་བསླབ་བྱ་སོགས། །ཅི་ཤར་མ་བཅོས་འདི་རུ་སྨྲ། །སྐབས་འདིར་ཀུན་གཟིགས་ཞྭ་དམར་པ། །ཡབ་སྲས་རྟེན་འབྲེལ་འགྲིག་པ་ན། །ཀ༔བསྟན་འཕེལ་རྒྱས་གནས་པའི་ཕྱིར། །བསྐལ་ངན་ཕྱིར་བཟློག་སླ་མོད་ཀྱང་། །གལ་ཏེ་ཅི་བཞིན་མ་གྱུར་ཚེ། །བསྟན་པ་སོས་ཀའི་གནམ་གཤིས་འདྲ། །ཅི་བཞིན་སྨྲ་བར་སྤོབས་མ་གྱུར། །ཀཿཐོག་བསྟན་པ་རྒྱས་འདོད་ན། །ལོ་རེར་བྱམས་མགོན་འབུམ་མཆོད་དང་། །རྒྱུད་སྡེ་རྣམས་ཀྱི་སྒྲུབ་མཆོད་དང་། །སྲུང་མའི་བསྐང་གསོ་བྱེ་བའི་གྲངས། །འཁོར་ལོ་བཅུ་བའི་མདོ་སྡེ་ནི། །སྟོང་ཕྲག་གྲངས་ལས་མི་ཉུང་བར། །སྒྲོལ་མ་འབུམ་དང་རྒྱལ་བསེན་ནི། །བཟློག་ཕྱིར་གུར་དྲག་བསྙེན་པ་དགོས། །དམ་པ་བདེ་གཤེགས་ནས་བཟུང་སྟེ། །རིག་འཛིན་ཀློང་གསལ་སྙིང་པོའི་བར། །དགོན་འདི་འདུལ་བསྟན་གནས་ཡིན་པས། །དགོན་པའི་བསྟན་པ་འཛིན་པ་པོ། །གནས་བརྟན་བསླབ་གསུམ་ལྡན་པ་ལས། །སྔགས་པ་བྱས་ན་བཀྲ་མི་ཤིས། །རིག་འཛིན་ཀློང་གསལ་ཡབ་སྲས་ལྟར། །གུ་རུ་དངོས་བྱོན་རིག་པ་འཛིན། །དཀོན་པས་ཆོལ་ཉོག་བྱ་མི་རུང་། །དམ་ཅན་རྡོ་རྗེ་ལེགས་པ་དང་། །དཔལ་ལྡན་ལྷ་མོ་སྔགས་བདག་མས། །དམ་པ་བདེ་གཤེགས་སྤྱན་སྔ་རུ། །ཁྱོད་ཀྱི་བརྒྱུད་འཛིན་འདུལ་བ་འཛིན། །སྲུང་ཞེས་དམ་བཅའ་བསླུ་བ་མེད། །མར་པ་བཀའ་བརྒྱུད་ཀ༔བསྟན་གཉིས། །གདོད་ནས་ངོ་བོ་གཅིག་ཡིན་པས། །དེ་ཡི་དམ་ཅན་སྲུང་མ་ལས། །གཞན་དག་བྱས་ན་རང་གཞན་ཕུང་། །སྲུང་མས་བཀའ་ཆད་འབེབས་ངེས་པས། །འདི་ལ་ཤིན་ཏུ་གཟབ་འཚལ་ལོ། །འདི་ནས་ཅུང་ཞིག་འདས་པ་ན། །ས་མནྟ་དང་ཏིཥྛ་ན། །མཉྫུའི་མཚན་སོགས་སྐྱེས་ཆེན་འགའ། །ཀཿཐོག་གདན་ས་འདིར་བྱུང་ནས། །མདོ་སྒྱུ་སེམས་གསུམ་མེ་རོ་གསོ། །དེ་འདས་འདུལ་བསྟན་རྨིང་ནས་ཞིག །རོང་བཞི་དམག་གིས་ཁེངས་པའི་དུས། །གུ་རུ་མི་ཕམ་བྱང་སེམས་སྤྲུལ། །ཆོས་ཀྱི་མཚན་ཅན་རྣམ་པ་བཞི། །རིམ་བཞིན་འགྲོ་བའི་དཔལ་དུ་ཤར། །མཁའ་སྤྱོད་སྤྲུལ་བ་འབྲུག་ལོ་བ། །དཔལ་གྱི་མིང་འཛིན་གནས་དེར་བྱོན། །ཐ་མལ་ཚུལ་གྱིས་བསྟན་པ་སྲུང་། །སྐྱེས་བུ་ཤཱི་ལའི་མཚན་འཆང་བ། །གློ་བུར་བྱུང་ཞིང་བསྟན་སྲོག་འཛིན། །ཤཱ་ས་དྷ་ར་འགྲོ་ལ་སྨན། །ཨཀྵ་བཛྲ་རྣལ་འབྱོར་སྤྱོད། །བུདྡྷ་དྷྭ་ཛ་ལ་སོགས་པ། །བྱང་སེམས་བཅུ་གཅིག་དུས་གཅིག་བྱོན། །བསྟན་པའི་མངའ་ཐང་སྔར་བཞིན་དར། །འགུ་ལོག་ཕྱོགས་ནས་དམ་སྲིའི་འཕྲུལ། །རོང་གི་ཕྱོགས་ནས་ཐེ་བྲང་བུ། །གཉིས་ནག་བདུད་ཀྱི་སོ་བ་ཡིས། །བསྟན་པ་ཕུ་དཀྲུག་མདའ་དཀྲུག་བྱེད། །དེ་བཟློག་ཚོགས་བསྐང་བྱེ་བ་དང་། །ཕྱོགས་བཞིར་དབྱེན་བཟླུམ་མཆོད་རྟེན་བརྩེགས། །རྒྱབ་རིའི་ས་གཉན་ཉིལ་བའི་དུས། །ཚ་རོང་ཕྱོགས་ནས་རྒྱ་འདྲེའི་འཕྲུལ། །སྐྱ་མིན་སེར་མིན་དབང་ཤུགས་ཅན། ཁ་ལ་རྨེ་བ་རྒྱ་གྲམ་ཅན། །ལྕགས་ཀྱི་རྟ་ལུག་ལོ་བ་འབྱུང་། །དམ་ཉམས་ལུང་བ་གང་བར་བྱེད། །བི་མའི་རྣམ་སྤྲུལ་སྐྱེས་བུ་ཡིས། །བཟློག་ཐབས་བཀའ་བརྒྱད་གུར་དྲག་དང་། །སྲིད་པ་མ་མོའི་མདོས་ཆེན་གྱིས། །རྟེན་འབྲེལ་གསོས་ན་ཅུང་ཞིག་བདེ། །བསྟན་པ་ཉིས་བརྒྱའི་བར་དུ་གནས། །དེ་འདས་ཁམས་ཕྱོགས་ཁྲག་ལྟར་འཁྲུགས། །ཀཿཐོག་བསྟན་གཞི་གྱང་རུལ་འགྲོ། །བྱང་སེམས་རྣམ་སྤྲུལ་རསྨི་དང་། །དྷརྨའི་མཚན་དང་གུ་ཧྱའི་མཚན། །མང་ཞིག་བྱོན་ནས་འགྲོ་དོན་བྱེད། །ཤིང་གླང་ལོ་ཁམས་ཤར་བའི་ཚེ། །བསླབ་གསུམ་ལྡན་ལ་སྙིང་སྟོབས་ཆེ། །མཉྫཱུའི་མཚན་ཅན་གདོང་རྨེ་ཅན། །མཆན་ལ་མེ་ཏོག་དམར་པོས་བརྒྱན། །ལྗགས་ལ་ལྗོན་ཤིང་རི་མོ་མངའ། །དམ་པ་བདེ་གཤེགས་སྤྲུལ་བ་ཡིས། །བསྟན་པ་སྐྱོང་ཞིང་འདུལ་བསྟན་འཛུག །ཛྙཱ་ན་སཱ་ར་འགྲོ་བའི་མགོན། །སྡོམ་གསུམ་ལྡན་པ་སྙིང་རྨེ་ཅན། །ངག་འཇམ་མདོ་སྔགས་གཞུང་ལུགས་མཁས། །ལྟ་བ་མཐོ་ལ་སྤྱོད་པ་དེས། །དེས་ཀྱང་ཉམས་པ་གསོ་བར་བྱེད། མུན་པ་སེལ་བའི་བློ་གྲོས་ལྡན། །སྙིང་པོའི་དོན་ལ་རང་བྱན་ཚུད། །སྣང་སྲིད་དྲེགས་པ་བྲན་དུ་བཀོལ། །འདུལ་བའི་བཅས་མཚམས་མི་ལྷོད་པའི། །དམ་པ་ཞིག་གིས་བསྟན་པ་སྐྱོང་། །བསྟན་འཛིན་ཕྱོགས་རྣམས་ཀུན་ནས་འབྱུང་། །བསྟན་པ་ལོ་བརྒྱའི་བར་དུ་གནས། །དེ་སྐབས་བར་གཅོད་དམ་སྲིའི་འཕྲུལ། །བོངས་ཆེ་ཉོན་མོངས་ཤིན་ཏུ་རགས། ཁ་བདེ་མིག་ཡང་གཡོ་རྒྱུ་ཆེན། །ལག་བདེ་ཆོས་བརྒྱད་རླུང་གིས་བསྐྱོད། །མདྒའི་མིང་ཅན་དམ་སྲིའི་འཕྲུལ། །དེ་ཡིས་དངོས་དང་བརྒྱུད་པ་ནས། །གནོད་པ་ཅི་ཐུབ་བྱེད་པར་འགྱུར། །རབ་བྱུང་སྡེ་དང་སྔགས་པ་འཁྲུགས། །དམ་སེལ་ལྡན་པ་ཁྱུ་གཅིག་འབྱུང་། །ཨ་བྷའི་མཚན་དང་རྒྱ་མཚོའི་མཚན། །རཏྣའི་མིང་དང་གྲགས་པ་སོགས། །བར་ཆད་སྣ་རེ་རྩོམ་པ་ཡི། །བདུད་ཀྱི་སྤྲུལ་བ་མང་ཞིག་འབྱུང་། །དེ་བཟློག་གུ་རུ་དྲག་པོ་ཡི། །སྒྲུབ་པའི་དམ་བཅའ་འཛིན་པ་གཙོ། །ཤར་ཕྱོགས་སྔགས་སྤྱོད་རྡོ་རྗེའི་མཚན། །ཐུགས་ཀར་རྨེ་བའི་སྤྱན་དང་ལྡན། །གཏེར་འབྱིན་སྐྱེས་བུ་ཞིག་བྱོན་ཏེ། །ཀ༔བསྟན་ཉམས་པ་རྨིང་ནས་གསོ། །དེ་ནས་ལོ་བརྒྱ་སོང་བའི་མཚམས། །བོད་ཁམས་མཐའ་དབུས་ཐམས་ཅད་ཀུན། །ལྷ་ཁང་སྟོང་པ་འི་གང་བའི་ཚེ། །བསླབ་གསུམ་འཛིན་པ་ཀིརྟིའི་མཚན། །བོ་དྷི་ས་ཏྭའི་སྤྲུལ་བ་ཡིས། །སྡེ་སྣོད་འཛིན་པའི་ཚོགས་བཅས་བྱོན། །མིང་གི་གཞི་ལ་བདུད་ཞུག་པའི། །སྐྱེ་སྤྲུལ་བླ་ཆེན་ཁོ་ཡིན་ཚོས། །བར་ཆད་སྣ་ཚོགས་བྱེད་ནའང་། །དམ་གཙང་བྱམས་གསུམ་ཐུགས་སྐྱེད་ཀྱིས། །སླར་ཡང་བསྟན་པ་ཉམས་པ་གསོ། །བསྟན་པ་བཅུ་ཕྲག་བདུན་དུ་འཛིན། །དེ་ རྗེས་འདུལ་བསྟན་དགུང་ལ་ཡལ། །ལྷ་ཁང་ནང་དུ་བུ་ཆུང་བཙའ། །འདུ་ཁང་ནང་དུ་གཉེན་སྟོན་བཤམ། །ཆང་ནག་མཁན་པོས་དགོན་སྡེ་འཛིན། །འོན་ཀྱང་པདྨའི་སྤྲུལ་བ་ནི། །སྔགས་འཆང་ནུས་པའི་མཐུ་ལྡན་པ། །འཇིགས་མེད་པདྨ་ཡེ་ཤེས་སོགས། །གྲུབ་པའི་རྟགས་མཚན་ལྡན་པ་འགས། །བསྟན་པ་བརྒྱ་ཕྲག་བར་ཏུ་འཛིན། །དམ་པ་བདེ་གཤེགས་ལུང་བསྟན་དུ། །ཀཿཐོག་བསྟན་པ་ལོ་སྟོང་བར། །གནས་པའི་འཕྲིན་ལས་འདི་ནས་རྫོགས། །དེ་ནས་ཐུབ་བསྟན་མ་ལུས་ཉམས། །སླར་ཡང་གསོ་མཛད་གུ་རུཡི། །སྤྲུལ་བའི་ས་དབང་འབྱུང་ཡང་སྲིད། །ཞིབ་ཏུ་སྨྲ་བར་དོག་ནའང་། །མདོར་བསྡུས་ཙམ་ནི་དེ་ཀའོ། །དེ་སྐད་སྨྲ་བའང་ཀུན་མཁྱེན་རྗེ། །དྷརྨ་ཀ་རཱའི་བཞེད་དོན་ལྟར། །ཚེ་དབང་ནོར་བུ་སྐད་དེས་བྲིས། །

༈ གསང་གཏེར་མི་མཐུན་ཀུན་སེལ་ལས་བྱུང་བའི་ལུང་བསྟན།

དེ་ཚེ་མངའ་བདག་རྒྱལ་པོ་ཤིན་ཏུ་དགྱེས་ཏེ༔ པདྨ་རཱ་ག་འོད་ཟེར་འབར་བ་ཡིས༔ ཁ་རྒྱན་གསེར་དངུལ་འབྲས་ཆང་གིས་བཀང་བ༔ ཕུལ་ནས་གུས་པས་ཕྱག་བཅས་འདི་སྐད་གསོལ༔ ཨེ་མ་གུ་རུ་རཏྣ་འོད་དཔག་མེད༔ མན་ངག་འདི་ཉིད་གཏེར་ཏུ་སྦས་པ་ན༔ ས་ཕྱོགས་གང་དུ་གཏེར་ཏེ་སུ་ཡིས་ཐོན༔ དུས་དེར་དགོས་པའི་གཙོ་བོ་གང་ལ་དགོངས༔ ཀུན་མཁྱེན་ཆེན་པོས་བདག་ལ་བཀའ་སྩོལ་ཅིག༔ ཞེས་གསོལ་མཧཱ་གུ་རུས་བཀའ་སྩལ་པ༔ བྱང་སེམས་ཆེན་པོ་བརྩེ་བའི་བློ་གྲོས་ཀྱི༔ རྣམ་སྤྲུལ་མངའ་བདག་ཆེན་པོ་སྙན་གསན་འཚལ༔ གཞན་གྱི་གདུག་སེམས་ཞི་བའི་གདམས་པ་མཆོག༔ འདི་ནི་གཏེར་ཁ་གཉིས་སུསྦ་བ་བྱ༔ གཅིག་ནི་དུས་གནད་གསལ་བའི་མེ་ལོང་དང༔ ལྷན་གཅིག་ཡེལ་བ་གྲུབ་བཞི་ཕྱག་པར་སྦོས༔ ང་སྤྲུལ་གར་གྱི་དབང་ཕྱུག་གིས་བཏོན་ནས༔ དུས་དེའི་གྲོ་ཕན་སྒྲུབ་པའི་བཙས་སུ་བྱེད༔ གཅིག་ནི་ཀོང་ཡུལ་མེ་བཙའ་བུ་ཆུ་རུ༔ གཏེར་སྒྲུབ་ཞལ་གདམས་ལུང་བྱང་ལེའུ་གསུམ་དང༔ ལྷན་དུ་སྦས་ན་རྩོད་ལྡན་མཐར་ཉེ་དུས༔ ཐུགས་ཀྱི་གྲུབ་ཆེན་ནམ་སྙིང་ཡང་སྤྲུལ་ཞིག༔ མདོ་ཁམས་བུ་འབོར་ཉེ་བའི་ཕྱོགས་སུ་འབྱུང༔ མ་ཎི་བཛྲ་འགྲོ་འདུལ་སྙིང་སྟོབས་ལྡན༔ རྟེན་འབྲེལ་མ་འཆུག་མཆོག་གི་གཏེར་ལྔ་སྤྱོད༔ འཛམ་གླིང་འགྲོ་བ་དྲེན་པའི་སྒྲོན་མེ་འདྲ༔ འོན་ཀྱང་སྔོན་འཕྲལ་རྟེན་འབྲེལ་འགའ་ཞིག་གིས༔ དེ་ལྟ་ཇི་བཞིན་འགྲིག་པར་མ་གྱུར་ཚེ༔ དགོངས་གཏེར་བཀའ་བབས་བཀའ་དང་གཏེར་རྙིང་སྐྱོང༔ དུས་དེར་ཕན་པའི་ས་བཅོས་ལུང་བྱང་དང༔ ཆེས་ཟབ་གདམས་ཕྲན་ཁ་ཡར་བཏོན་པར་འགྱུར༔ དེ་ཚེ་རིག་པ་འདིས་ཀྱང་དོན་ཆེན་འགྲུབ༔ ད་ལྟ་མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུས༔ ཕྲིན་ལས་བྱིན་རླབས་སྒྱུ་མའི་རང་འོད་ཞིག༔ མདོ་ཁམས་ཤར་ནས་ཕག་གམ་བྱི་བའི་ལོ༔ རྒྱལ་ལམ་མཚོ་ཞེས་རྨེ་དཀར་དོ་ཤལ་ཅན༔ མཚན་སྙན་ལྡན་པ་མཐའ་ནས་དབུས་སུ་འབྱུང༔ བོད་ཡུལ་ཡོངས་ཀྱི་བསྟན་པའི་བདག་པོ་བྱེད༔ དེ་ལ་སྔོན་ལས་དབང་གི་རྐྱེན་ཁ་མང༔ མི་དང་མི་མིན་དུ་མས་འཚེ་བར་འགྱུར༔ ཁྱད་པར་ཉེར་གཅིག་ཉེར་ལྔ་ཞེ་དྲུག་དང༔ རང་ཀེག་བདུན་ཟུར་ལོ་དང་དེའི་སྔ་ཕྱིར༔ རྩུབ་ལྡན་ཟློག་ཐབས་རྟེན་འབྲེལ་མ་འཁྲུལ་འབད༔ གདམས་པ་འདི་འཕྲོད་དུས་ཚིགས་གང་ཡིན་དེའི༔ བར་ཆད་ཅི་རིགས་སྨོན་ལམ་དབང་གིས་སེལ༔ ཐེ་ཚོམ་ཡིད་གཉིས་མ་གྱུར་ཤིན་ཏུ་གཅེས༔ རྟག་ཏུ་གུས་པ་ཆེན་པོས་ཉམས་ལེན་པས༔ མི་མཐུན་འགལ་འཁྲུགས་མང་ཞིག་འདི་ཡིས་གྲོལ༔ ཅི་ཕྱིར་པདྨ་བདག་གི་སྨོན་ལམ་དང༔ འཕགས་མའི་དམ་བཅའ་བདེན་པས་སླུ་མི་འགྱུར༔ སྒྲུབ་ཐབས་གཞན་གྱིས་མཐོང་ན་ནུས་པ་འགྲིབ༔ དེ་ཕྱིར་ལུང་འཛིན་སྐྱེས་བུ་ཁོ་ན་ལས༔ ཚིག་གི་ཟུར་ཙམ་སུ་ལ་མ་སྤེལ་ཅིག༔ པདྨ་བདག་གིས་དུས་གསུམ་ས་ལེར་མཁྱེན༔ ལུང་བྱང་འདི་ཡང་གེར་བཀོད་པ་ན༔ མ་འོངས་སྤྲོ་བ་བསྐྱེད་པའི་རྒྱུ་རུ་འགྱུར༔ འདི་ཉིད་བུ་ཡིས་གེགས་མེད་ཐོན་ནས་ཀྱང༔ མངའ་བདག་སྤྲུལ་པའི་བར་ཆད་སེལ་བར་ཤོག༔ ཅེས་པ་འདི་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཀོང་པོ་བུ་ཆུ་ལྷ་ཁང་ནས་གཏེར་ནས་བཏོན་ཏེ་ཟངས་ཤོག་དམར་པོའི་ངོས་ནས་དག་པར་ཕབ་པའོ༔

༈ བསྟན་པ་སྤྱི་ལུང་།

གང་དུ་གདུལ་བྱ་ཡོད་པ་ལ། །འཕགས་པ་རྣམ་ནི་སྤྲོ་བཞིན་འཇུག །བསྟན་པའི་གནས་བབས་ཅི་འདྲ་བ། །སེམས་ཅན་བསོད་ནམས་མཐུ་ལ་ཐུག །གསལ་བོར་སྨྲ་བར་མི་ཐོགས་ཀྱང་། །མེ་སྟག་འདི་ནས་བཞི་བཅུའི་བར། །བོད་འདིར་བསྟན་པ་དར་ཞིང་རྒྱས། །སྐབས་རེར་འགྱུར་བ་བྱུང་ནའང་། །འཆད་ཉན་ཉམས་པ་ཆེར་མི་འབྱུང་། །དེ་ནས་འོད་ཟེར་མཚན་འཆང་པའི། །བསྟན་པ་འཛིན་པ་ཟུང་ཞིག་གིས། །མཐའ་དམག་བཟློག་ཅིང་སྒྲུབ་སྲོལ་སྤེལ། །གསར་རྙིང་བསྟན་པ་གང་ཡིན་ཀྱང་། །བསྟན་འཛིན་སྐྱེས་བུ་རེ་ཟུང་འབྱུང་། །གཏེར་ཆེན་གཏེར་ཕྲན་མང་པོ་ཡིས། །བསྟན་པ་དར་བའི་འཕྲིན་ལས་མཛད། །ལོ་ངོ་ཉིས་བརྒྱའི་བར་དག་ཏུ། །སྐབས་རེར་ཉམ་ཀྱང་རིམ་བཞིན་དར། །གྲུབ་པའི་སྐྱེས་བུ་གྲངས་མེད་འབྱུང་། །ས་ཡི་སྤྲེལ་དང་ལྕགས་ཁྱི་ལ། །ཀླ་ཀློའི་ནང་དུ་དམག་འཁྲུགས་དར། །ཕྱག་རྡོར་སྤྲུལ་བ་རཱ་མ་ཤས། །ཐབས་མཁས་སྤྱོད་པས་ཀླ་ཀློའི་བསྟན། །འགའ་ཞིག་བསྒྱུར་ནས་ནང་པར་འཇུག །ཀླ་ཀློ་ནང་པ་མང་ཞིག་འདྲེས། །མེ་བྱི་ཤར་ནས་རིམ་བཞིན་དུ། །ཤར་ལྷོའི་རྒྱལ་ཁབ་མང་ཞིག་ལ། །ས་གཡོ་རི་འགུལ་མེ་ཆེན་ཤོར། །བྱང་ཕྱོགས་སོག་པའི་རྒྱལ་ཁབ་དུ། །བསྟན་པ་དར་བའི་རྩེ་མོར་སླེབས། །རྒྱ་གར་ཀླ་ཀློའི་དམག་ཆེན་དེ། །བོད་ཡུལ་ཕྱོགས་ལ་འཕྱོ་ཡང་སྲིད། །གཤིན་རྗེ་གདུགས་དཀར་བཟློག་པ་དང་། །གུ་རུའི་རྣམ་ཐར་འབུམ་གྱི་གྲངས། །ཡི་དམ་བཅུ་གསུམ་གྲངས་ལ་འབུངས། །ཤིང་གི་སྟག་གམ་ཡོས་བུལ། །འཛམ་གླིང་ཡོངས་ལ་འཁྲུགས་རྩོད་འབྱུང་། །བོད་ཡུལ་སྡུག་པའི་དུས་ལ་བབས། །གདོང་ངན་སྤྲེལ་ཀྱི་གར་བྱེད་དུས། །ཀླ་ཀློའི་ཡུལ་དུ་དམག་འཁྲུགས་འབྱུང་། །བོད་ཡུལ་སྡུག་པའི་མགོ་ཚུགས་ཤིང་། །བསྟན་པའི་དབུའཕང་དགུང་ལས་ཉམ། །ས་ཕག་ངུར་སྒྲ་སྒྲོག་པའི་དུས། །བོད་ཡུལ་མུན་པའི་གླིང་དུ་འགྲོ། །བོད་ཁམས་སིལ་བུ་སིལ་བུར་འཐོར། །མཐའ་མ་རྒྱ་ཡི་འོག་ཏུ་འཇུག །འཕགས་ཡུལ་སྐྱེས་བུ་སྙིང་སྟོབས་ཆེའི། །སྐྱབས་པར་སྲིད་ཀྱང་སྐྱོབས་པར་དཀའ། །ཀླ་ཀློའི་སྟོན་པའི་གཟུགས་འཛིན་པའི། །དོན་དུ་བྱང་ཆུབ་སེམས་དཔའ་ཡིས། །དགེ་འདུན་མང་པོ་འཕགས་ཡུལ་ལ། །དྲངས་ཏེ་བསྟན་པ་སྤེལ་ཡང་སྲིད། །རྒྱ་བོད་ཡུལ་ཁམས་ནད་མཚོན་དང་། །དམག་གི་འཇིགས་པས་སུམ་གཉིས་འཆི། །ནུབ་དང་བྱང་གི་མཚོ་གླིང་དུ། །རྒྱལ་བསྟན་འཛིན་པ་མང་ཞིག་གིས། །བསྟན་པ་འཛིན་སྐྱོངས་སྤེལ་གསུམ་བྱེད། །འདི་ནས་སུམ་བརྒྱ་འདས་པའི་མཚམས། །ལྕགས་ཀྱི་བྱ་ཁྱུང་མཁའ་ལ་ལྡིང་། །མེ་ལོང་ནང་ནས་འཛམ་གླིང་མཐོང་། །ཤིང་སྒམ་ནང་ནས་གཏམ་འཆལ་སྨྲ། །ར་ལྷམ་གྱོན་པས་ས་སྟེང་གང་། །མི་ལུས་སྤྲེལ་གདོང་ཀུན་ཏུ་རྒྱུ། །ལག་པའི་ནང་དུ་མེ་ཆེན་འབར། ཁ་སྣ་གཉིས་ནས་དུ་བ་འཐུལ། །རྐང་པའི་འོག་ནས་འཁོར་ལོ་རྒྱུགས། །ལག་ལ་རྩིས་ཀྱི་ཤོག་ཁྲ་ཉར། །བུ་ཡིས་མ་ཡང་ཆུང་མ་བྱེད། །རྒྱབ་ལ་རེ་བའི་ཐུལ་བ་གྱོན། །ཕལ་ཆེར་གཅེར་བུར་རྒྱུགས་པར་བྱེད། །ཟས་རིགས་མི་འདྲ་སྣ་ཚོགས་ཟ། །སྐད་རིགས་མི་གཅིག་སྣ་ཚོགས་བཤད། ཁང་བརྩེགས་རྩེ་མོ་དགུང་ལ་མཉམ། །ཕྱུགས་ཟོག་ཨ་པྲའི་རིལ་མ་འདྲ། །བསྟན་པ་བྱིས་པའི་རྩེད་མོ་འདྲ། །མི་ནག་སྐྱེ་བོས་བཙུན་ཆས་བྱེད། །སྔགས་པའི་མགོ་ལ་རལ་བ་མེད། །བཙུན་པའི་འོག་ལ་སྡོམ་པ་མེད། །བུད་མེད་ལུས་ལ་ཁྱེའུ་མེད། །ལྷ་ཁང་ནང་དུ་དགེ་སྦྱོང་མེད། །བདག་གི་འཁྲུལ་སྣང་མ་ཡིན་ན། །སྒྱུ་མ་མཁན་གྱི་སྤྲུལ་བ་བཞིན། །གླིང་འདིའི་འཕོ་འགྱུར་བཤད་ཐབས་དཀའ། །འཕགས་ཡུལ་མདོ་སྔགས་ཆོས་སྒྲ་སྒྲོགས། །རྒྱ་ནག་གསང་སྔགས་སྤྱོད་པའི་དུས། །ལྟར་སྣང་བསྟན་པ་ཕྱོགས་ཀུན་ཁྱབ། །བཤད་གྲྭ་སྒྲུབ་གྲྭ་གྲངས་མང་འབྱུང་། །ལྕགས་ཀྱི་འབྲུག་དང་སྤྲུལ་གྱི་ལོར། །བྱང་ཤར་ཕྱོགས་ནས་ཁོལ་བུར་འཁྲུགས། །བལ་བོད་མོན་ཡུལ་མི་བདེ་འབྱུང་། །དབང་གི་སྒྲོལ་མ་དམར་མོ་ཡིས། །རྟེན་འབྲེལ་ལེགས་ཕྱོགས་མ་སྒྲིག་ན། །འཁྲུགས་རྩོད་སྒོ་མོ་ཕྱེ་ཡང་སྲེད། །འདི་ནས་ལོ་ངོ་བཞི་བརྒྱའི་མཚམས། །དཀར་ནག་རྒྱ་གཉིས་ལན་གསུམ་འཁྲུགས། །མཐའ་མར་ནག་པོའི་ཕྱོགས་རྣམས་ཕམ། །རྒྱ་ཡི་ཡུལ་ཁམས་སིལ་བུར་འཐོར། །བོད་ལ་བདེ་སྐྱིད་ཡུད་ཙམ་འབྱུང་། །དེ་ཡང་མི་རྟག་རིམ་བཞིན་ཡལ། །དེ་ནས་ནད་ཡམ་དུག་མཚོན་ཀྱིས། །འཛམ་གླིང་མི་རྣམས་སྡུག་ལ་སྦྱོར། །བཟློག་ཐབས་མཆོད་རྟེན་བརྒྱ་རྩ་དང་། །གུ་རུའི་སྒྲུབ་པ་སྲོག་སླུ་དང་། །འཛམ་གླིང་ས་གནད་སོ་སོ་ལ། །གུ་རུ་སྒྲོལ་མའི་སྐུ་བརྙན་བཞེངས། །བྱང་ཆུབ་སེམས་ལས་འདུལ་ཐབས་མེད། །འདི་ནས་ལྔ་བརྒྱ་འདུས་པའི་མཚམས། །རྒྱ་ནག་ནུབ་ཀྱི་ཕྱོགས་རོལ་ནས། །བྱང་སེམས་བྱམས་པའི་སྤྲུལ་བ་ནི། །ཡུལ་གྱི་རྒྱལ་པོའི་ཚུལ་དུ་འོང་། །ལོ་བརྒྱར་བདེ་བ་ཁྱུགས་རེ་འབྱུང་། །རྒྱ་གར་ཡུལ་དུ་གྲུབ་པའི་དབང་། །ཞི་བའི་མིང་གིས་བསྟན་པ་སྤེལ། །དེ་འདས་ཆུ་ཡི་སྟག་ཡོས་ལ། །ནག་པོའི་རྒྱ་རྣམས་ལན་མང་འཁྲུགས། །རང་མགོ་རང་གི་གཅོད་པའི་དུས། །གྲུབ་པའི་དབང་ཕྱུག་ཆུ་ཁམས་པ། །སྣ་རྩེར་སྐྱེ་མེད་ཡི་གེ་ཅན། །བསྟན་པའི་དོན་བྱེད་དམ་པ་འབྱུང་། །གླིང་གཞན་དུའང་སྤྱི་མཐུན་གྱི། །བསོད་ནམས་སྟོབས་ཀྱི་བྱང་སེམས་ནི། །གོས་དམར་གྱོན་པ་མང་དུ་འབྱུང་། །བསྟན་པ་བརྒྱ་ཕྲག་བར་ཏུ་གནས། །དེ་འདས་ཀླ་ཀོའི་ངན་སྤྱོད་ཀྱིས། །མི་རྣམས་སྡུག་བསྔལ་མྱོང་བའི་སྐབས། །ཤམ་བྷ་ལ་ནས་རིགས་ལྡན་གྱིས། །སྤྲུལ་བས་དུས་ངན་མ་བཟློག་ན། །དེ་ནས་ལྔ་བཅུ་ཕྲག་གཅིག་ནས། །མི་རྣམས་སྤྱོད་པ་དམན་པ་ཡིས། །གྲིབ་དུག་རླངས་པས་སྲུང་མ་མནོལ། །མ་མོ་མཁའ་འགྲོ་འཁྲུགས་པ་ཡིས། །མི་རྣམས་སྨྱོན་པ་ལྟ་བུར་འགྱུར། །རྡོ་རྗེ་འཁོར་ལོ་དུག་རྫས་སོགས། །མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབས། །མི་རྣམས་ཕལ་ཆེར་གྲི་རུ་ཤི །ནད་དང་མི་གེ་ལོ་མང་མྱོངས། །འདི་ནས་བདུན་བརྒྱ་འདུས་པའི་མཚམས། །དབེན་པའི་གནས་དང་ནགས་ཚལ་དུ། །གྲུབ་པའི་སྐྱེས་བུ་རེ་ཟུང་འབྱུང་། །ངེས་དོན་སྙིང་པོའི་ཆོས་བསྟན་ཏེ། །བསྟན་པ་ཁོལ་བུར་དར་བར་འགྱུར། །དེ་ནས་རྒྱལ་ཁབ་དབང་བྱེད་པའི། །ས་སྐྱོང་ཆོས་ལྡན་འགའ་ཞིག་དང་། །རིགས་སྔགས་གྲུབ་པའི་དྲང་སྲོང་དང་། །གྲུབ་པའི་སྐྱེས་བུ་མང་བྱོན་ནས། །བསྟན་པ་སུམ་བརྒྱའི་བར་དུ་གནས། །མང་པོ་བཤད་པས་དགོས་པ་མེད། །དཀོན་མཆོག་གསོལ་འདེབས་ཚོགས་བསགས་དང་། །རྒྱུ་འབྲས་སྤང་བླང་ལ་བརྩོན་ན། །དུས་ངན་ཡིན་ཡར་བསྣུར་བར་ནུས། །སྒྱུ་མ་རྨི་ལམ་གཟིགས་བརྙན་ལྟར། །རྗེས་ཐོབ་ཉམས་ལ་གང་ཤར་བ། །ཡེ་གེར་བྲིས་པ་ཡིན་མོད་ཀྱང་། །སྒྱུ་མ་ལྟ་བུའི་སྣང་བ་འགའ། །ཅི་ལྟར་བཤད་དགོས་རྔོ་མ་ཐོགས། །འཁྲུལ་བ་ཡིན་ནམ་ཆ་མ་འཚལ། །འོན་ཀྱང་སྐྱབས་གཅིག་པད་འབྱུང་དེས། །བྱིན་རླབས་བརྡ་ལས་བྱུང་བས་ན། །མ་ཁྲོལ་རེ་གཉིས་ཡོད་སྲིད་ཀྱང་། །མི་ཐིག་པ་ནི་ཡེ་ནས་མེད། །ཚེ་དབང་ནོར་བུའི་ཉམས་སྣང་འདི། །མི་དབང་ཆེན་པོ་བཀའ་བཙན་པས། །དབང་མེད་བྲིས་ལ་མི་དགྱེས་པའི། །གནས་སུ་གྱུར་ཀུན་བཟོད་པར་གསོལ། །ས་མ་ཡ། །

ཅེས་རང་གི་ཉམས་ལ་སྒྱུ་མའི་སྐྱེས་བུའི་སྤྲུལ་བ་བཞིན་མང་པོ་ཞིག་ཤར་བ་ལས་མདོར་བསྡུས་ཙམ་སྨོས་པ་ཡིན་ནོ། །

༈ འདའ་ཁའི་ཞལ་རྩེད།

བདག་ནི་རིང་བོར་མི་ཐོགས་འཆི་བའི་ཚེ། །དཀར་ཕྱོགས་ལྷ་དང་གཞི་བདག་མྱ་ངན་བྱེད། །ནག་ཕྱོགས་འདྲེ་སྲིན་རྣམས་ཀྱིས་གད་རྒྱང་སྒྲོགས། །རྒྱལ་བསྟན་ངེས་པར་འཛིན་རྣམས་ཡི་མུག་སྐྱེ། །དམ་ཉམས་བདུད་རིགས་རྣམས་ནི་དཔའ་གདེངས་སྐྱེད། །ལྟོས་བཅས་ཡོད་པ་དག་ནི་མགོ་འཕང་དམའ། །འགྲན་སེམས་ཕྲག་དོག་ཅན་ཀུན་དགའ་སྤྲོ་འཁྲབ། །དེ་ལྟ་ནའང་བདག་ལ་ཕན་གནོད་མེད། །བདག་ནི་དག་པ་དག་པའི་ཞིང་དུ་འགྲོ། །བྱར་མེད་ནམ་མཁའི་རྣལ་འབྱོར་ཉམས་རེ་དགའ། །ཞེས་གསུངས། །

༈ སྟག་ཚང་གྲོ་ལོད་ཆོས་སྡེ་གུ་རུ་དྲག་རྩལ་ལས་བྱུང་བའི་ལུང་བསྟན།

མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མས༔ ཨེ་མ་གུ་རུ་པདྨ་འབྱུང༔ གདམས་པ་འདི་ཉིད་ནམ་ཞིག་འབྱུང་། འདོན་པའི་སྐྱེས་བུ་ཅི་ལྟ་བུ༔ དགོས་པའི་དོན་དུ་ཅི་ལྟར་འགྱུར༔ ཐུགས་རྗེ་ཆེན་པོས་གསུངས་བར་ཞུ༔ ཞེས་གསོལ་སློབ་དཔོན་ཞལ་ན་རེ༔ བདེ་ཆེན་བསྐྱེད་མཛད་བདག་གི་ཡུམ༔ གདམས་པ་འདི་ཉིད་འདོན་པའི་དུས༔ སྐལ་བ་དུམ་བུ་རྩོད་པ་ཅན༔ འཛམ་གླིང་མི་བདེ་འཁྲུགས་དུས་འབྱུང༔ འདོན་པའི་སྐྱེས་བུ་དམ་པ་ནི༔ ཡང་དག་ཐུགས་ཀྱི་རིག་པ་འཛིན༔ ནམ་མཁའི་སྙིང་པའི་སྤྲུལ་བའི་གར༔ མ་ཎི་བཛྲ་འགྲོ་བའི་མགོན༔ གཏུམ་པའི་སྐུ་ལ་བརྩེ་བའི་ཐུགས༔ མཁའ་འགྲོ་སྟོང་གི་ཚོགས་དང་བཅས༔ རི་བོ་ཁྱུང་ཆེན་ལྡིང་འདྲའི་འགྲམ༔ བརྟུལ་ཞུགས་སྤྱོད་པ་སྟོན་དེ་འོངས༔ དེ་ཡིས་གདམས་པ་འདི་འདོན་འགྱུར༔ དགོས་པ་རྩུབ་མོ་སྙིགས་དུས་དེར༔ སྐལ་ལྡན་གྲངས་མེད་སྨིན་གྲོལ་བྱེད༔ དེ་སྐབས་དེ་དང་ཕྱི་མའི་དུས༔ སྙིགས་མ་ལྔ་བོ་ཆེར་རགས་ཚེ༔ རྒྱལ་ཁམས་བདུད་ཀྱིས་དབང་བྱས་ཏེ༔ སྐྱེས་པའི་སྙིང་ལ་ཕོ་འདྲེ་འཇུག༔ བུད་མེད་སྙིང་ལ་མོ་འདྲེ་འཇུག༔ བྱིས་པའི་སྙིང་ལ་ཐེའུ་རང་འཇུག༔ བཙུན་པའི་སྙིང་ལ་དམ་སྲི་འཇུག༔ བོད་མི་རེའི་སྙིང་ལ་འདྲེ་རེ་འཇུག༔ ཐེའུ་རང་རྒྱལ་གདོན་ལྷ་རུ་བརྟེན༔ མཚན་ལྡན་བླ་མའི་སྐུ་ལ་བདོ༔ དྲིན་ཅན་ཕ་མ་ལྐོག་ནས་གསོད༔ མཐའ་མི་རྒྱ་འདྲེར་བློ་ཕུག་གཏད༔ ནང་མི་རྒྱལ་ཐབས་དགྲ་ལ་འཚོང༔ མི་ཆེན་སྲོག་ལ་ཧུར་ཐུམ་བྱེད༔ བོད་ཡུལ་སྡུག་པའི་དུས་ལ་བབས༔ དེ་དུས་གུ་རུ་དྲག་རྩལ་གྱི༔ གདམས་པ་འདི་ཉིད་ཁྱབ་པར་སྤེལ༔ ཨུ་རྒྱན་པདྨ་འབྱུང་གནས་དང༔ ཐུགས་རྗེ་ཆེན་པོ་སྒྲོལ་མ་ཡུམ༔ ཡང་གསང་འཁྲོས་པ་གུར་དྲག་ལས༔ སྐྱབས་གཞན་རེ་ས་ཡོད་མ་ཡིན༔ ཁྱད་པར་གུ་རུ་དྲག་འཁྲོས་ཀྱི༔ སྐུ་རྟེན་བཞེངས་དང་སྒྲུབ་པ་བཙུགས༔ ལུང་བཞིན་སྤང་བླང་བྱེད་ནུས་ན༔ རྐྱེན་ངན་མང་པོར་ཕྱིར་ནུར་འགྱུར༔ ཤིང་གི་རྟ་ལུག་ནས་བཟུངས་སྟེ༔ མཁའ་ལ་སྐར་མ་རྟགས་ཅན་ཤར༔ ལྷ་སྲིན་འཁྲུགས་ཤིང་ས་གཡོ་དང༔ ཆུ་དང་མེ་ཡི་འཇིག་པ་འབྱུང༔ ཐུགས་སྒྲུབ་དྲག་རྩལ་འདི་ལ་བརྟེན༔ གཏོར་བཟློག་འབུམ་དང་ཚོགས་བསྐང་འབད༔ ཁམས་ཀྱི་ཁ་བ་དཀར་པོ་དང༔ རྨ་རྒྱུད་རྒྱ་བོད་ས་མཚམས་དང༔ ལྷོ་ཡི་ཀོང་ཡུལ་བུ་ཆུ་དང༔ མངའ་རི་རིན་ཆེན་བྲག་གི་འགྲམ༔ ལྷོ་བྲག་མཁར་ཆུ་རྟ་གདོང་གནས༔ ལྷ་སའི་ཕྱོགས་བཞི་དབུས་དང་ལྔར༔ བདུད་འདུལ་མཆོད་རྟེན་ནག་པོའི་འོག༔ རྒྱལ་བསེན་མནན་པ་ནན་དུ་བྱ༔ དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་དང༔ ཁྱད་པར་གུ་དྲག་ཕུར་སེང་གི༔ བསྙེན་པ་བྱེ་བ་གཟུངས་སུ་འཇུག༔ ཞིང་ཆེན་བརྒྱང་འདྲའི་གླིང་ཕྲན་དང༔ མེ་ཁམས་དྲག་པོའི་རྒྱལ་ཁབ་ནས༔ སྙིང་སྟོབས་ལྡན་པའི་དཔའ་བོ་ཡིས༔ གྲོགས་བྱས་གེགས་ལས་གྲོལ་ཡང་སྲིད༔ ཡུན་མི་རིང་བར་ལས་རྗེས་འབྲངས༔ བཟློག་ཐབས་ཡོད་ཀྱང་བཟློག་མཁན་མེད༔ དེ་དག་ཅི་བཞིན་མ་གྱུར་ན༔ ས་ཡི་ཁྱི་ཕག་ཤར་བའི་ཚེ༔ ཕྱོགས་བཞི་མཐའ་མིས་འཇིག་ཉེན་ཆེ༔ སྡུག་བསྔལ་མུན་པ་ཇེ་ཆེར་འཐིབ༔ ནད་མཚོན་མུ་གེ་རིམ་བཞིན་ལྡང༔ སྔ་མོའི་དུས་ནས་ལམ་ཡིག་བཞིན༔ ཤངས་ཀྱི་ཟབ་བུ་ལུང་དང་ནི༔ སྦས་ཡུལ་ཆེན་པོ་པདྨ་ལྗོངས༔ བྲོས་ན་དུས་མིན་འཆི་ལས་ཐར༔ ཙཱ་རིའི་གངས་དང་ལ་ཕྱིའི་གངས༔ བྲོས་ན་ཐར་བའི་ལམ་གཉིས་ཡིན༔ འབྲས་མོ་ལྗོངས་དང་མཁན་པ་ལྗོངས༔ སླེབས་ན་ཆོག་པའི་གནས་གཉིས་ཡིན༔ མོན་གྱི་སྲིབ་བཙན་ཡོལ་མོའི་ཡུལ༔ ཁྱད་དུ་འཕགས་པའི་གནས་གཉིས་ཡིན༔ བལ་བོའི་ཡུལ་དང་རྒྱ་གར་ཡུལ༔ གནས་ན་བརྟན་པའི་ཡུལ་གཉིས་ཡིན༔ ཨུ་རྒྱན་ཡུལ་དང་མ་རུ་ཙེ༔ ལས་ཅན་འཇུག་པའི་ཞིང་གཉིས་ཡིན༔ ཨུ་རྒྱན་ང་ལ་གསོལ་བ་ཐོབ༔ དྲག་རྩལ་གདམས་པ་ཉམས་སུ་ལོངས༔ གནས་དེ་དག་ཏུ་འགྲིམ་ནུས་ན༔ བདེ་བར་འགྱུར་བ་གདོན་མི་ཟ༔ གདམས་པ་འདི་ཉིད་བོད་ཡུལ་ཀྱི༔ ང་ཡི་རྗེས་འཇུག་ཐུགས་དམ་གཙོ༔ བསྐྱེད་རྫོགས་ཟབ་མོ་མ་ཤེས་ཀྱང༔ གུ་རུ་ང་ལ་དད་པ་དང༔ འགྲོ་ལ་སྙིང་རྗེ་རབ་ཏུ་བསྐྱེད༔ གདམས་པར་ཡིད་ཆེས་བརྟན་པོ་ཡིས༔ སྔགས་དང་གསོལ་འདེབས་ལ་བརྩོན་དང༔ ང་ཡིས་ཐུགས་རྗེས་སེམས་ཅན་དེ༔ འཛིན་ཅིང་སྲུང་བར་དམ་བཅའ་བྱ༔ ཚེ་འདི་འམ་ནི་བར་དོ་རུ༔ གྲོལ་བ་བསླུ་མེད་པདྨའི་ལུང༔ ས་མ་ཡ༔

༈ དཔའ་བོ་རིན་པོ་ཆེས་ས་ཕག་ཟླ་༦ཚེས་༢༨ལ་རིག་འཛིན་རྗེའི་ཡང་སྲིད་ངོས་འཛིན་བྱས་པའི་ལུང་བསྟན། །

དྲན་མཆོག་མགོན་པོའི་སྒྱུ་འཕྲུལ། །ཚེ་རིང་བཀྲ་ཤིས་དོན་འགྲུབ། །བློ་ལྡན་ཤེས་རབ་དབང་བོ། །རྟ་གདོང་དཀར་མོ་གནས་པའི། །ཡུལ་སྨད་ལྟེ་བ་ཙམ་ལ། །སྔགས་འཆང་ཤེས་རབ་མིང་ཅན། །སྲས་པོ་ཆིག་བརྒྱུད་བདག་པོ། །སྒོ་ནི་བྱང་དུ་བསྟན་པ། །གཡས་ལ་མཐོང་ཆུང་ཡོད་ཅིང་། །མདུན་དུ་རྫིང་བུ་འཁྱོལ་བ། །གཟུང་མ་ཚེ་རིང་མིང་ཅན། །བདེ་བའི་དཔལ་གྱི་མཚོ་མོ། །ད་ལྟ་རིག་འཛིན་རྣམས་ཀྱིས། །ཚོགས་འཁོར་གྲངས་མེད་གཏོང་འདུག །དངོས་གྲུབ་ཆེ་བའི་རྐྱེན་གྱིས། །མ་ནི་ལྷ་ཡུལ་གཤེགས་འདྲ། །རིག་འཛིན་ས་ལ་འཁོད་འདུག །མི་ཡི་མཐོང་ཚུལ་ཀུན་ལ། །བཟའ་བ་ཚོགས་འཁོར་དཀོན་འདུག །རིག་པ་སྐྱེ་མེད་དབྱིངས་སུ། །བྱིས་པས་ལྟ་གདེངས་གནང་འདུག །ས་དཀར་བཀྲ་ཤིས་གོང་ལ། །བཀྲ་ཤིས་རྟེན་འབྲེལ་འགྲིག་འདུག །དམར་པོ་ཝ་ལ་ཅོག་དགའ། །བཀྲ་ཤིས་ཚེ་འཕེལ་དོན་གྲུབ། །ཅེས་སོ། །རིག་འཛིན་རྗེའི་སྔར་གྱི་ལུང་བསྟན་སྐོར་ཁག་བཅོ་ལྔ་ཙམ་འདུག་མོད་ཕལ་ཆེར་བསྡུས་པ་ཤ་སྟག་ཡིན་ཐོར་བུ་ཅི་རིགས་འདི་རུ་བསྡུས་པའོ།


previousལུང་བསྟན་སྐོར།next