Nitartha Digital Library
Tibetan
 
previousསྨོན་ཚིག་སྣ་ཚོགས་ཕྱོགས་བསྡུས།no next

སྨོན་ཚིག་སྣ་ཚོགས་ཕྱོགས་བསྡུས།

༈ ཨོཾ་སྭཱསྟི། ན་མོ་བུདྡྷ་ཤཱཀྱ་མུ་ན་ཡ།

ཕུན་སུམ་ཚོགས་པ་མཐའ་དག་འབྱུང་བའི་གནས། །ཕུན་སུམ་ཚོགས་པ་ཀུན་གྱི་རྩེ་སོན་པ། །ཕུན་སུམ་ཚོགས་པས་འགྲོ་ཀུན་རྗེས་སུ་སྐྱོང་། །ཕུན་ཚོགས་མངའ་བ་ཐུབ་པའི་དབང་པོར་འདུད། །བཀྲ་ཤིས་བྱེ་བས་བརྒྱན་པའི་སྐུ་མངའ་བ། །བཀྲ་ཤིས་འོད་ཟེར་འབུམ་དུ་ཡོངས་སྤྲོ་མཛད། །བཀྲ་ཤིས་སྣང་བས་ས་གསུམ་ཀུན་ཏུ་ཁེངས། །བཀྲ་ཤིས་འབྱུང་གནས་རྫོགས་སངས་རྒྱས་ལ་འདུད། །རབ་མཆོག་སྐུའི་བ་སྤུ་ཉག་གཅིག་ཁྱོན། །རབ་མཛེས་བསྐལ་པར་བལྟས་ཀྱང་ཆོག་མི་ཤེས། །རབ་རྒྱས་སངས་རྒྱས་ཞིང་ཁམས་རྡུལ་སྙེད་རྫོགས། །རབ་བཀྲ་རྒྱལ་བའི་སྐུ་ལ་ཕྱག་འཚལ་འདུད། །ཡོན་ཏན་ཕྱོགས་སུ་འོས་པ་མ་ལུས་ཀུན། །ཡོན་ཏན་ཆར་སྟོན་འཛད་པ་མེད་པའི་གཏེར། །ཡོན་ཏན་མཁའ་དང་མཉམ་པ་རྒྱལ་བའི་སྐུ། །ཡོན་ཏན་ཡོངས་འཆང་དེ་ལ་ཕྱག་འཚལ་འདུད། །མི་ཤིགས་རྟག་པར་གནས་པའི་རྡོ་རྗེའི་སྐུ། །མི་འགྱུར་གཡུང་དྲུང་རང་བཞིན་རྡོ་རྗེ་ཚེ། །མི་མཐུན་གཡུལ་ལས་རྒྱལ་བ་རྒྱལ་བའི་དངོས། །མི་མཆོག་ཐུབ་པའི་ཞབས་ལ་མགོས་ཕྱག་འཚལ། །བཟང་པོའི་ཡོན་ཏན་གྱུར་པ་མ་ལུས་ཀུན། །བཟང་པོའི་བདག་ཉིད་ཁྱེད་ཀྱིས་མ་བྱས་མེད། །བཟང་པོའི་འཕྲིན་ལས་འབའ་ཞིག་པས་འགྲོ་ཀུན། །བཟང་པོར་འགོད་མཛད་ཁྱོད་ལ་ཕྱག་འཚལ་འདུད། །ཇི་སྙེད་མཁའ་ཁྱབ་རྡུལ་ཕྲན་གཡོ་བ་ཡངས། །མ་ཆགས་ཐོགས་པ་མེད་པའི་སྤྱན་གྱིས་གཟིགས། །ཇི་བཞིན་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །མ་རིག་རྩད་གཅོད་ཁྱོད་ལ་ཕྱག་འཚལ་འདུད། །དགེ་བའི་སེམས་ཀྱིས་ཀུན་ནས་དྭངས་བ་ཡི། །དགེ་ལེགས་རྒྱ་མཚོའི་སྒྲ་དབྱངས་ཚིག་འདི་ཡིས། །དགེ་བའི་འབྱུང་གནས་ཐུབ་ཆེན་ལ་བསྟོད་པའི། །དགེ་བས་བདག་གཞན་སངས་རྒྱས་མྱུར་ཐོབ་ཤོག །

ཞེས་པ་ཡང་མཚུར་ལྷ་ཆེན་འཛམ་གླིང་བརྒྱན་ལ་སྙན་དར་ཕུལ་བའི་ངོས་སུ་རང་ལུགས་རྒྱུད་རྩིས་ཀྱི་ཟླ་བ་དྲུག་པ་ཉིས་བརྩེགས་སྔ་མའམ་ཚེས་ཉི་ཤུ་པ་ལ་མཚུར་གྱི་གནྡོ་ལར་རིག་པ་འཛིན་པས་སྨྲས་པ་སརྦ་མངྒ་ལཾ།

༈ ཨོཾ་ཨཱཿཏཱུཾ་མུཾ་ཧྲཱིཿ སྭཱ་ཧཱ།

ཨོཾ་སྭཱསྟི། ཀུན་བཟང་བདེ་བ་ཆེན་པོའི་འཁོར་ལོ་ཉིད། །མཆོག་ཏུ་དགའ་བ་ལྷན་ཅིག་སྐྱེས་པའི་གཤིས། །འཕོ་བ་ཀུན་སྤང་འཕོ་ཆེན་རྡོ་རྗེའི་སྐུ། །མ་སྦས་རང་ལྷུག་ཡེ་ཤེས་མཁའ་འགྲོ་དང་། །སྒྱུ་འཕྲུལ་སྲས་པོ་ཁ་སྦྱོར་ཟུང་འཇུག་ཉིད། །གདོད་མའི་གནས་ལུགས་ཟབ་གསལ་བདེ་བའི་ཁམས། །མཚོན་བྱེད་གཟུགས་སྐུའི་བཀོད་པ་ངོ་མཚར་ཕུལ། །གོ་བཟློག་ཆགས་བྲལ་སྐུ་ལ་ཆགས་ལྡན་ཡུལ། །སྲིད་གྲོལ་པདྨོ་ཞི་བཟློག་ཟླ་གདན་ལ། །ཀུན་རྫོབ་བདེན་པ་མཆོག་གི་སྤྲུལ་སྐུའི་ཞལ། །དོན་དམ་བདེན་པ་རྡོ་རྗེ་བཙུན་མོས་འཁྱུད། །མཐའ་བྲལ་དབུ་མ་ཆོས་འཆད་ཕྱག་རྒྱ་ཅན། །བསླབ་གསུམ་མཐར་ཕྱིན་ཆོས་གོས་གསུམ་གྱིས་མཛེས། །རྡོ་རྗེའི་ཏིང་འཛིན་གཡོ་མེད་རྡོ་རྗེའི་གདན། །གསེར་མདོག་བློ་བུར་དྲི་སྤང་ཆོས་ཉིད་དོན། །མཚན་གྱི་མེ་ཏོག་སུམ་ཅུ་རྩ་གཉིས་ལ། །དཔེ་བྱད་བཟང་པོ་བརྒྱད་ཅུའི་འབྲས་བུ་སྤྲས། །གཡས་མས་དགའ་བ་བཅུ་དྲུག་མཚན་གཉིས་དང་། །རེ་རེར་ཡེ་ཤེས་ལྔ་སྦྱར་བརྒྱད་ཅུར་རྫོགས། །ཡེ་ཤེས་སྐུ་ལ་ཞིང་ཁམས་འདུ་བྲལ་མེད། །མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་འཁོར་ལོའི་བདག །བཅུ་གཉིས་སྤྲོས་པའི་མཐའ་བྲལ་ཆོས་ཀྱི་དབྱིངས། །ཞིང་འདིར་གདུལ་བྱར་ཤཱཀྱ་ཐུབ་ཆེན་པོ། །བྱེ་བ་ཕྲག་བརྒྱ་སྤྲུལ་མཛད་ཚངས་པའི་མཆོག །འོག་མིན་ཞིང་མཆོག་འཁོར་ལོ་སྒྱུར་བ་པོ། །ས་བཅུ་སེམས་དཔའི་དབུས་སུ་རྣམ་སྣང་མཛད། །དཔའ་བོ་མཁའ་འགྲོའི་དབུས་སུ་ཧེ་རུ་ཀ །ཉན་ཐོས་ངོ་རུ་ཚངས་པའི་བརྟུལ་ཞུགས་ཅན། །རྣམ་པ་ཐམས་ཅད་རྣམ་ཀུན་མཆོག་ལྡན་བདག །ཆོས་ཀྱི་སྐུ་ལ་གང་གིས་གཞལ་དུ་མེད། །གཞལ་མེད་ཞེས་ཀྱང་སྤྲོས་པ་བྲལ་བའི་དོན། །ཡེ་ཤེས་གཟུགས་སྐུའི་བཀོད་པ་ཅིར་ཡང་སྣང་། །སྲིད་གྱུར་སྐྱེ་འགྲོ་ཞི་བ་མྱང་འདས་པ། །འབྱུང་ལྔ་ཞིང་ཁམས་ཀུན་སྣང་སྒྱུ་མའི་གདངས། །ལྷ་སྐུ་བྲི་འབུར་ཡི་གེའི་གཟུགས་ཀྱང་ཤར། །ཁྱད་པར་རྫོགས་སངས་རྒྱས་ཀྱི་སྐུ་བརྙན་ནི། །གཅིག་གི་ཕན་ཡོན་ཉན་རང་འཕགས་པའི་ཚོགས། །མངོན་སུམ་བགྲང་ཡས་མཆོད་ལས་ལྷག་པར་བསྔགས། །བླ་མེད་སྐུ་ནི་དེ་བས་ཡང་མཆོག་སྟེ། །ཡེ་ཤེས་སྣང་བ་ལམ་མེ་འདི་ཡི་མཐུས། །ཐར་པའི་དེད་དཔོན་བླ་མའི་ཞབས་པར་བརྟན། །ཐར་གཉེར་བསྐལ་བཟང་སློབ་མས་ས་སྟེང་ཁྱབ། །ངེས་དོན་སྙིང་པོའི་བསྟན་པ་ཉེ་རབ་སྤྱོད། །རྒྱལ་བས་བསྟན་པ་ཇི་བཞིན་དམ་ཆོས་གཏམ། །འཁྲུལ་མེད་བར་མི་ཆད་པས་འགྲོ་བ་ཀུན། །ཤཱཀྱ་སེང་གེའི་གོ་འཕང་ལ་འགོད་ཤོག །

ཅེས་པ་ཡང་འགྲོ་བའི་མགོན་པོ་དཔལ་ལྡན་སྤྲིན་སྒྲའི་རིང་ལུགས་འཛིན་པའི་སྤྱི་ཕུད་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་སྡེ་དཔལ་མཆོག་གི་ཐུགས་དམ་ཐུབ་པ་ཡུམ་འཁྱུད་ཀྱི་ཞལ་ཐང་གི་རྒྱབ་བྱང་དུ་བལ་ཡུལ་དྷརྨ་ཐ་ལའི་རྒྱལ་ཁང་དུ་ཛོ་ཀི་ཚེ་དབང་ནོར་བས་ན་ཚོད་ལྡན། སྦོ་ཟླའི་དམར་ཕྱོགས་རྒྱལ་བ་གསུམ་པར་བྲིས་པ་བཀྲ་ཤིས།

༈ ཨོཾ་སྭཱསྟི་སིདྡྷི།

ཀུན་ཁྱབ་འགྲོ་བའི་ཉི་མ་ཆར་ནུབ་སྤང་བ་གང་། །མ་རིག་མུན་སེལ་ཡེ་ཤེས་སྣང་བ་རབ་རྒྱས་པ། །ཀུན་ཏུ་མཚུངས་མེད་སྒྱུ་འཕྲུལ་སྲས་པོ་ལྷ་མིའི་མགོན། །ཤཱཀྱའི་དབང་པོ་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚལ་འདུད། །མཚན་ཐོས་ཙམ་གྱིས་ངན་སོང་སྡུག་བསྔལ་བཅིལ་བར་མཛད། །དྭངས་བའི་སེམས་ཀྱིས་འགྱུར་བཅས་སྡུག་བསྔལ་མཐའ་དག་བཟློག །རྟག་ཏུ་རྗེས་དྲན་འདུ་བྱེད་སྡུག་བསྔལ་དྲུང་ནས་འབྱིན། །སྡུག་བསྔལ་ཀུན་སེལ་སྨན་པའི་རྒྱལ་པོ་ཁྱེད་ལ་འདུད། །ཐེག་ཆེན་ལམ་གནས་ཕན་ཡོན་ཚད་མེད་མཐའ་དག་ཀུན། །ཁྱེད་ཀྱི་ཡོན་ཏན་རྗེས་སུ་དྲན་ལས་གཞན་ཡོད་མིན། །ཡོན་ཏན་རྒྱ་མཚོ་བསྐལ་པ་བྱེ་བ་བགྲང་ཡས་སུ། །བརྗོད་པར་ནུས་མིན་ཡོན་ཏན་མཆོག་གཏེར་ཁྱེད་ལ་འདུད། །བདག་ནི་འགྲོ་ཀུན་ལ་སྨན་ཕན་བདེའི་སྤྱི་ཐོབ་ཕྱིར། །དུས་གསུམ་བསགས་པའི་དགེ་བ་མ་ལུས་ཅི་མཆིས་ཀུན། །ཡོངས་སུ་བསྡུས་ནས་ཤཱཀྱའི་རྒྱལ་པོ་མཆོག་ཁྱེད་ལ། །མཆོད་པར་འབུལ་གྱི་ཐུགས་རྗེ་བརྩེ་བས་བཞེས་སུ་གསོལ། །བདག་གཞན་འགྲོ་བས་ཐོག་མེད་ནས་བརྩམས་ད་ལྟའི་བར། །སྒོ་གསུམ་མི་དགེ་སྡིག་པའི་ལས་གྱུར་ཅི་སྙེད་པར། །ཤིན་ཏུ་གནོང་ཤིང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །དེང་ནས་སྒྲིབ་མེད་དག་ཚངས་མཆོག་གི་དབུགས་དབྱུང་སྩོལ། །བདག་གིས་དུས་འདི་ནས་བརྩམ་བྱང་ཆུབ་སྙིང་པོའི་བར། །སྐྱེ་བ་ཇི་སྲིད་ཀུན་ཏུ་བདག་མཐོང་མིང་ཐོས་དང་། །དད་ཅིང་གུས་པས་ཡིད་ལ་སེམས་དང་ཆགས་ཁྲོ་བསྡམས། །ཀུན་ཀྱང་སྒྲིབ་མེད་བདེ་ཆེན་མཆོག་འབྲས་རབ་སྟེར་ཤོག །བདག་གི་ཡང་ནི་བྱམས་པས་སྐྱོང་དང་སྡང་བས་བསྡམས། །ཞེན་མེད་སྒྱུ་མར་གནས་དང་ཆགས་སྲེད་ཡུལ་དུ་བྱས། །ཕྲག་དོག་ཡུལ་དུ་བྱས་དང་བདག་ཉིད་རློམ་ཡུལ་སོགས། །མདོར་ན་ཡིད་ཡུལ་བྱས་ཀུན་བྱང་ཆུབ་མཆོག་སྦྱིན་ཤོག །རྒྱལ་བའི་བསྟན་པ་དྲི་མེད་སྙིང་པོ་མཐའ་དག་པ། །བདག་གིས་ཅིག་ཆར་འཛིན་ཏེ་རིས་མེད་འགྲོ་ལ་སྤེལ། །བསླད་མེད་དམ་ཆོས་འཛིན་པས་ས་གསུམ་ཀུན་ཏུ་ཁེངས། །ཁྱད་པར་འོད་གསལ་སྙིང་པོའི་བསྟན་པ་དར་རྒྱས་ཤོག །

ཅེས་འཕྲུལ་སྣང་ཇོ་ཤཱཀ་ལ་སྙན་དར་ལྷ་གོས་རྣམ་པར་དཀར་བ་ཕུལ་བ་ལ་སྨོན་ལམ་ཚིགས་སུ་བཅད་པ་འདི་ཡང་རྒྱལ་ཁམས་པ་ཚེ་དབང་ནོར་བུས་རབ་བྱུང་བཅུ་གསུམ་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བྲིས་པ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

འཇིག་རྟེན་དབང་ཕྱུག་དཔལ། །བཅོམ་ལྡན་འདས་འོད་དཔག་མེད། །བདག་གི་སྙིང་གི་མགོན། །ཁྱེད་ལ་ཕྱག་འཚལ་འདུད། །བདག་གི་ཚེ་དང་སྲོག །བསོད་ནམས་དགེ་ཚོགས་ཀུན། །ཁྱེད་ལ་སྙིང་ནས་འབུལ། །ངེས་པར་བཞེས་སུ་གསོལ། །བདག་གི་སྐྱིད་སྡུག་ཅི། །བློ་གཏད་ཁྱེད་ལས་མེད། །བྱང་ཆེན་སྙིང་པོའི་བར། །འདྲེན་པ་ཁྱེད་ལགས་སོ། །ཐུགས་རྗེས་གཟིགས་མཛོད་དང་། །གཟི་བརྗིད་འོད་དཔག་མེད། །འཕགས་མཆོག་སྤྱན་རས་གཟིགས། །དངོས་ཞལ་བསྟན་དུ་གསོལ། །

ཅེས་འཕྲུལ་སྣང་གི་རྟེན་གཙོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་འོད་དཔག་མེད་ཀྱི་སྙན་དར་དངོས་སུ་རབ་བྱུང་བཅུ་གསུམ་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས་པ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

སངས་རྒྱས་བཅོམ་ལྡན་འདས་བྱམས་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ཉིད་ཀྱི། །ཐུགས་ཀྱི་དགོངས་པ་གང་། །གཞན་སྟོང་ལྟ་བ་མཆོག །ཇི་བཞིན་མ་ནོར་བ། །བདག་གིས་རྟོགས་གྱུར་ནས། །ཚེ་རབས་ཚེ་རྒྱུད་དུ། །གཞན་སྟོང་ལྟ་བ་མཆོག །གཞན་ལ་རྒྱ་ཆེར་སྟོན། །འགྲོ་བ་མ་ལུས་པས། །ལྟ་བ་མཆོག་དེ་འཛིན། །འཁོར་ལོས་གསུམ་པའི་གཏམ། །ཀུན་གྱིས་སྒྲོགས་པར་ཤོག །

ཅེས་རབ་བྱུང་བཅུ་གསུམ་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་བྱམས་པ་ཆོས་འཁོར་ལ་སྙན་དར་དངོས་སུ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྤེལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྤུ་ལོང་གཡོ་བཞིན་དུ། །དད་པའི་ཐལ་སྦྱར་ནས། །འཇམ་དཔལ་དཔའ་བོ་ལ། །སྙིང་ནས་སྐྱབས་སུ་མཆི། །དུས་འདི་ནས་བརྩམས་སྟེ། །བྱང་ཆུབ་སྙིང་པོའི་བར། །འཇམ་དཔལ་དཔའ་བོ་ཡིས། །བདག་གི་འདྲེན་པ་མཛོད། །རིག་པའི་གནས་ཆེན་ལྔ། །ཐོགས་མེད་སྨྲ་བ་ལ། །བདག་གི་མགྲིན་དབུས་སུ། །ཁྱོད་ཉིད་རྟག་བཞུགས་མཛོད། །སྙིང་གི་གེ་སར་དབུས། །མགོན་ཁྱོད་རྟག་བཞུགས་ནས། །སངས་རྒྱས་གསུང་རབ་ཀུན། །གཅིག་ཅར་འཛིན་པར་ཤོག །

འཕྲུལ་སྣང་འཇམ་དཔལ་ང་ཡོལ་གྱི་སྐུ་བརྙན་སྙན་དར་ལ་ས་ག་ཟླ་ཚེས་བཅོ་ལྔར་རིག་པ་འཛིན་པ་རྒྱལ་ཁམས་པས་སྤེལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི་སིདྡྷི།

རྒྱལ་ཀུན་ཡབ་དུ་གདོད་ནས་སངས་རྒྱས་པ། །འོད་ཟེར་དཔལ་བརྩེགས་རྒྱལ་པོ་ལྷའི་ལྷ། །སླར་ཡང་འགྲོ་ལ་བརྩེ་བས་བྱང་སེམས་ཚུལ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་འདུད། །ཁྱོད་ཀྱི་བ་སྤུ་གཅིག་གི་ཡོན་ཏན་ཆ། །སངས་རྒྱས་དཔའ་བོ་བདུན་གྱིས་བསྐལ་པ་ཆེར། །སྒྲོགས་ཀྱང་མཛད་པར་ནུས་མིན་རྒྱལ་བའི་མཆོག །ནམ་མཁའ་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་འདུད། །ཤིན་ཏུ་ཉམས་ཐག་དུཿཁས་མནར་བ་དང་། །ཉོན་མོངས་ཆེས་བསྡམས་ལོག་པར་སྲེད་ཅན་རྣམས། །མགོན་པོ་ཁྱོད་ཀྱིས་ལྷག་པར་བརྩེ་བར་མཛད། །གདུལ་དཀའ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་འདུད། །བདག་གིས་དུས་འདི་ནས་བརྩམ་བྱང་ཆེན་བར། །སྲོག་གི་ཕྱིར་ཡང་མི་སྤངས་ཡི་དམ་ལྷ། །ཁྱེད་ཉིད་ལགས་སོ་འགྲོ་ཀུན་དགེ་བའི་བཤེས། །ཁྱོད་ཀྱིས་མཛོད་ཅིག་འཕགས་པ་སྤྱན་རས་གཟིགས། །ཁྱེད་ཞལ་ལྟ་བར་འདོད་ཚེ་རྟག་མཐོང་ཞིང་། །དེ་བཞིན་གསུང་ཐོས་འདོད་ཚེ་ཅི་འདོད་ཐོས། །ཐུགས་རྗེའི་སྤྱན་གྱིས་ནམ་ཡང་མི་བོར་བར། །བརྩེ་བས་རྗེས་སུ་བཟུང་མཛོད་སྤྱན་རས་གཟིགས། །བདག་ནི་ཉོན་མོངས་ཁྲོ་ཆགས་ལེ་ལོས་བསྡམས། །ངན་འགྲོ་དུཿཁས་འཁོར་བའི་ལས་བསགས་ཀུན། །མགོན་ཁྱེད་སྤྱན་སྔར་སྙིང་ནས་མཐོལ་བཤགས་ན། །ཚངས་པ་མཆོག་ཏུ་དབུགས་དབྱུང་སྩལ་དུ་གསོལ། །དུས་འདི་ཡང་ནི་བདག་གི་འདོད་པའི་དོན། །ངེས་དོན་ཕྱིར་མི་ལྡོག་པ་སྙིང་པོའི་གཏམ། །རང་གིས་རྟོགས་ཕྱིར་གཞན་ལ་རྒྱ་ཆེར་སྤེལ། །བསྟན་པ་འཛིན་པས་ས་ཆེན་ཁེངས་པར་ཤོག །དེ་བཞིན་འགྲོ་བའི་དོན་སྤྱོད་སྐྱེས་བུ་རྣམས། །ཐུགས་མཐུན་ཀུན་གྱི་དམ་ཆོས་སྙིང་པོ་སྤེལ། །དགའ་བདེ་རྒྱ་མཚོའི་དཔལ་ལ་ལོངས་སྤྱོད་ཅིང་། །སྐུ་ཚེ་མཛད་འཕྲིན་མཐའ་དག་ལྷུན་གྲུབ་ཤོག །གཞན་ཡང་གྲུབ་པའི་བསྟི་གནས་མཆོག་རྣམས་སུ། །རྣམ་དག་གྲུབ་པའི་སྡེ་ཆེན་ཀུན་ཏུ་རྒྱས། །ཆོས་མིན་ཆོས་ལྟར་བཅོས་པ་མཐའ་དག་ཉམས། །དམ་ཆོས་སླད་མེད་དགའ་སྟོན་འགྱེད་པར་ཤོག །བདག་ཉིད་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །སྡུག་བསྔལ་ཀུན་བྲལ་བདེ་བའི་དཔལ་ལ་སྤྱོད། །ཕྱིར་མི་ལྡོག་པ་འཕགས་པའི་ས་ཆེན་པོར། །འོད་དཔག་མེད་པའི་གོ་འཕང་ལ་འགོད་ཤོག །མདོར་ན་བདག་དང་འབྲེལ་གྱུར་འགྲོ་བ་ཀུན། །སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་མཐུར་བརྟེན་ཏེ། །ལུས་འདི་བོར་མ་ཐག་ཏུ་བདེ་ཅན་ཞིང་། །སྐྱེས་ནས་འོད་དཔག་མེད་ཞལ་མཐོང་བར་ཤོག །

ཅེས་པ་འདི་ཡང་རབ་བྱུང་བཅུ་གསུམ་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་རྒྱལ་བའི་དུས་ཆེན་གསུམ་འཛོམ་ལ་འཕྲུལ་སྣང་བོད་ཡུལ་རྟེན་གཙོ་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ལ་སྙན་དར་ཕུལ་བའི་ལོགས་སུ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ཕུལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

མཁའ་ལྟར་ཆོས་སྐུ་སྤྲོས་པ་མེད་པ་ལས། །གདུལ་བྱའི་དཔལ་མགོན་གཟུགས་སྐུ་ཅིར་ཡང་སྣང་། །བེམས་པོའི་གཟུགས་ལ་ཡེ་ཤེས་ལྷ་ཡི་དངོས། །རྒྱལ་བའི་སྒྱུ་འཕྲུལ་གྱུར་དེར་ཕྱག་འཚལ་འདུད། །བདག་གིས་དུས་གསུམ་དགེ་བ་ཅི་བསགས་ཀུན། །གཟི་བརྗིད་འོད་དཔག་མེད་མགོན་ཇི་འདྲ་བའི། །གོ་འཕང་ཐོབ་ཕྱིར་བསྔོ་ནས་དུས་མྱུར་བར། །འགྲོ་བའི་མགོན་དུ་དེ་འདྲ་བདག་གྱུར་ཤོག །

ཞེས་ལྷ་ལྡན་ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྙན་དར་དུ་རྒྱལ་ཁམས་པ་རིག་པ་འཛིན་པས་ཕུལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

རྒྱལ་བ་ཀུན་གྱི་སྨོན་ལམ་རྒྱ་མཚོའི་དཔྱིད། །གཅིག་ཏུ་བསྡུས་པའི་དཔལ་ལ་དབང་བསྒྱུར་བ། །འོད་དཔག་མེད་མགོན་ཞིང་འདིའི་ཐུབ་དབང་གི །བསྟན་ལ་སྔགས་ཀྱི་སྟོན་པ་ཐོད་འཕྲེང་རྩལ། །སྙིགས་དུས་མི་སྲུན་གདུག་པ་འདུལ་སླད་དུ། །ཁྲོས་པའི་སྐུར་སྣང་ཆེ་མཆོག་དྲག་པོ་རྩལ། །གང་གི་བྱིན་རླབས་མཐུ་ཡིས་དད་ལྡན་འདི། །བྱང་ཆུབ་སྙིང་པོའི་བར་དུ་བསྲུང་བར་མཛོད། །

ཞེས་པ་ཡང་རྒྱལ་ཁམས་པ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག །

༈ ཨོཾ་སྭཱསྟི།

རྒྱལ་ཀུན་གསང་གསུམ་བདག་པོ་དུས་འདི་རུ། །འགྲོ་ལ་རྗེས་ཆགས་སྔགས་བསྟན་འཛིན་པའི་གཙོ། །རྡོ་རྗེ་སློབ་དཔོན་ཚུལ་བཟུང་གཏེར་བདག་གླིང་། །གང་དེས་བྱང་ཆུབ་བར་དུ་དགེ་ལེགས་སྩོལ། །ཞེས་དང་།

༈ ཨོཾ་སྭཱསྟི།

རྒྱལ་བའི་འཕྲིན་ལས་གདུལ་བྱའི་མོས་ངོ་དང་། །མཐུན་པར་འཇུག་པས་སྙིགས་དུས་གང་འདུལ་གཟུགས། །རང་བཞིན་གཉུག་མར་གནས་ཀྱང་རྣལ་འབྱོར་ཟོལ། །རྗེ་བཙུན་བླ་མས་ཡུན་རིང་བསྲུང་གྱུར་ཅིག །

ཞེས་པ་ཡང་རྒྱལ་ཁམས་པ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག སརྦ་མངྒ་ལཾ།

༈ ཡཱུ

བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ཡི། །ཐུགས་རྗེ་ནུས་པའི་མཐུ་དཔལ་རྨད་བྱུང་བས། །གང་གི་སྐུ་བརྙན་འདི་ཡི་དགེ་བའི་མཐུས། །དད་ལྡན་སྦྱིན་པའི་བདག་པོ་འཁོར་བཅས་ཀྱི། །ཚེ་བསོད་དཔལ་འབྱོར་སྙན་གྲགས་གཟི་བརྗིད་ཀུན། །ཉམས་མེད་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། །ཁྱད་པར་བླ་མེད་བྱང་ཆུབ་སེམས་མཆོག་གཉིས། །གོང་འཕེལ་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །

ཞེས་འཕགས་མའི་ཟང་ཀའི་རྒྱབ་བྱང་དུ་རིག་པ་འཛིན་པས་དགེའོ། །

༈ ཨོཾ་སྭཱསྟི།

རབ་འབྱམས་རྒྱལ་ཀུན་དཀྱིལ་འཁོར་མ་ལུས་འཆར་བ་དང་། །གཅིག་ཏུ་བསྡུ་བའི་བྱེད་པོ་ཀུན་ཏུ་བཟང་། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །གང་གི་བྱང་ཆུབ་སྙིང་པོའི་བར་དུ་བསྲུངས། །

ཞེས་པ་དད་པ་ཅན་གྱི་ངོར་དཔལ་རིག་པ་འཛིན་པས་སོ། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

མཁའ་ཁྱབ་ཡེ་ཤེས་རང་ཉིད་བདེ་བ་ཆེན་པོའི་རང་བཞིན་ཉིད། །འཕོ་འགྱུར་ཡོངས་བྲལ་རྟག་པ་མི་ཤིག་རྡོ་རྗེའི་ཁམས། །བྲི་གང་འགྲོ་འོང་ལས་འདས་རྣམ་ཀུན་མཆོག་ལྡན་སྐུ། །འགྲོ་ལ་རྟག་ཏུ་ཕན་བདེ་སྩོལ་མཛད་བཅོམ་ལྡན་འདས། །འཁོར་ལོ་བདེ་མཆོག་དྲྭ་བ་སྡོམ་པ་ཧེ་རུ་ཀ །ལྷན་སྐྱེས་རང་འོད་སངས་རྒྱས་ཀུན་གྱི་ཡུམ་གྱུར་མ། །ཤེས་རབ་ཕ་རོལ་ཕྱིན་མ་རྡོ་རྗེ་ཕག་མོ་དཔལ། །རྗེ་བཙུན་ཡབ་ཡུམ་དགྱེས་པའི་གར་མཛོད་བདག་བྱིན་རློབས། །བདག་གིས་དུས་འདི་ནས་བརྩམས་ཏེ་ཧེ་རུ་ཀ་དཔལ་ཁྱེད། །ཇི་བཞིན་གོ་འཕང་མ་ཐོབ་བར་དུ་སྐུ་ཀུན་ཏུ། །དགེ་བའི་བཤེས་མཆོག་རྡོ་རྗེ་སློབ་དཔོན་དམ་པ་ནི། །ཧེ་རུ་ཀ་དཔལ་ཞབས་ཀྱི་མཛད་ཅིང་རྟག་བསྲུང་མཛོད། །བྱང་ཆུབ་བསྒྲུབ་པའི་རྟེན་བཟང་དལ་འབྱོར་ཕུན་ཚོགས་ལུས། །དབང་ཕྱུག་མཆོག་ལྡན་གཟུགས་མཛེས་ཀུན་གྱི་ཡིད་དུ་འོང་། །མཐོ་རིས་ཡོན་ཏན་བདུན་དང་རྣམ་སྨིན་ཡོན་བརྒྱད། །འཕགས་པའི་ནོར་བདུན་རྣམས་ཀྱིས་རྟག་པར་རབ་ཕྱུག་ཤོག །རྡོ་རྗེ་སློབ་དཔོན་དགྱེས་པའི་ལས་ལ་ཁོར་མོ་ཡུག རབ་སྤྱོད་མི་དགྱེས་སྐད་ཅིག་དུས་མཐའི་ཡུན་དུའང་མིན། །སངས་རྒྱས་ཀུན་དངོས་སངས་རྒྱས་ལས་ལྷག་ཡིད། །བར་མཚམས་མེད་པས་རྒྱལ་བ་མཐའ་དག་དགྱེས་བྱེད་ཤོག །སྨིན་བྱེད་དབང་བསྐུར་རིམ་བཞིན་མ་ལུས་ལེགས་ནོད་ཅིང་། །དེ་ཡི་ཆེད་དུ་མཆོད་པའི་ཡོ་བྱད་ཚོགས་འཁོར་ལོ། །རྒྱུད་ནས་བཤད་བཞིན་སྲིད་གསུམ་དཔལ་འབྱོར་ཆེས་མཆོད་དེ། །རྡོ་རྗེ་མཁའ་འགྲོ་མཐའ་དག་རབ་འགྱེད་ཧ་ཧ་སྒྲོག་བྱེད་ཤོག །དབང་དོན་བསྐྱེད་དང་རྫོགས་རིམ་མཚན་བཅས་མཚན་མེད་ཀྱིས། །ས་ལམ་ཡོན་ཏན་མཐའ་དག་སྐད་ཅིག་ཉིད་ལ་རྫོགས། །ས་གསུམ་ཕོ་ཉའི་འདུ་བ་མ་ལུས་ཡོངས་སུ་ཐོབ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་འཁོར་ལོས་བསྒྱུར་བར་ཤོག །རྣམ་མིན་ཕུང་པོ་གནས་འགྱུར་འཆི་མེད་འོད་གསལ་ལུས། །ཐོབ་ནས་སངས་རྒྱས་ཞིང་ཁམས་རྒྱ་མཚོར་རབ་ཏུ་སྤྱོད་བྱས་ཤིང་། །སངས་རྒྱས་ཀུན་གྱི་ཕྲིན་ལས་མཐའ་དག་བྱེད་པ་སོགས། །ཐེག་ཆེན་སྨོན་ལམ་གང་བཏབ་བསླུ་མེད་ངེས་འགྲུབ་ཤོག །

ཅེས་དབུ་རུ་དྲང་སྲོང་སྲིན་པོ་རི་དཔལ་ཧེ་རུ་ཀ་བདེ་མཆོག་སྐུ་རྟེན་ལ་སྙན་དར་དུ་རིག་འཛིན་ཚེ་དབང་ནོར་བུས་མེ་ཡོས་དབྱུག་ཟླའི་ཚེས་བཅུར་ཕུལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

དོན་དམ་གདོད་ནས་འཆི་མེད་འོད་གསལ་རྡོ་རྗེ་ཚེ་ཡི་བདག །ཀུན་རྫོབ་གྲངས་མེད་བསྐལ་པའི་མངོན་ནས་རྒྱལ་གཞན་ལས། །ལྷག་པའི་ཐུགས་བསྐྱེད་མཐུ་ཡིས་མཚན་ཙམ་ཐོས་པས་ཀྱང་། །འཆི་བདག་དཔུང་འཇོམས་འཆི་མེད་མགོན་དེས་རྟག་སྲུང་མཛོད། །མགོན་ཁྱོད་ལྷག་པའི་ལྷ་རུ་དམ་བཅས་ཤིང་། །བྱང་ཆུབ་སྙིང་པོའི་བར་དུ་མི་གཏོང་ན། །བདག་གི་འདི་ཕྱི་ཀུན་ཏུ་ཕན་བདེའི་དཔྱིད། །མཐའ་དག་རྒྱས་པར་མཛོད་ཅིག་ཐུགས་རྗེ་ཅན། །སརྦ་མངྒ་ལཾ་བྷ་ཝནྟུ།

༈ ཨོཾ་སྭཱསྟི།

བཅོམ་ལྡན་དུས་དགྲའི་གཤེད་ཅིག་ལྷ་ཡི་ལྷ། །ཁྲོ་ཆེན་ཡོངས་ཀྱི་དབང་ཕྱུག་འཇམ་དཔལ་དཔལ། །རྟག་ཏུ་གཡེལ་མེད་ཐུགས་རྗེའི་སྤྱན་རས་ཀྱིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་བསྲུང་། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

རྒྱལ་བ་ཀུན་གྱི་གཙུག་ཏོར་དབྱིངས་ལས་སྤྲུལ། །དྲན་པ་ཙམ་གྱིས་མི་མཐུན་མཐའ་དག་འཇོམས། །རིག་སྔགས་ལྷ་མོ་ཡོངས་ཀྱི་འཁོར་ལོས་བསྒྱུར། །ཁྱེད་ཀྱིས་བདག་ཅག་འཁོར་དང་བཅས་ཏེ་བསྲུང་། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

འཕགས་མཆོག་འཇིག་རྟེན་མགོན་པོའི་རྣམ་འཕྲུལ་དཔལ་ལྡན་ཀརྨ་པ་དང་རྗེ་འབྲུག་པ། །གང་གི་ཕྱག་གི་པདྨོ་ཉེར་བཀོད་བྱིན་བརླབ་གཟི་བྱིན་འབར་བ་བླ་མའི་སྐུ། །འདི་ཡི་དགེ་མཐུས་མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་མངོན་མཐོ་ངེས་ལེགས་དཔལ། །ཕུན་སུམ་ཚོགས་གྱུར་རིང་མིན་བྱང་ཆུབ་ཆེ་ཐོབ་གཞན་ཕན་རྒྱ་མཚོ་རྒྱས་གྱུར་ཅིག །

ཅེས་གཞོན་ནུ་དད་པ་ཅན་ནོ་ནོ་དབང་རྒྱལ་གྱི་ཐང་ཀའི་རྒྱབ་བྱང་དུ་དཔལ་རིག་པ་འཛིན་པས་སྤེལ་བའོ། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

རྟག་ཏུ་ཞི་བའི་རང་བཞིན་ཉིད་ལ་དམིགས་མེད་ཐུགས་རྗེ་ཆེས། །མཐའ་ཡས་འགྲོ་ལ་ཕན་པའི་ཕྲིན་ལས་རྒྱུན་ཆད་མེད་མཛད་པ། །སྤྲོས་ཀུན་ཡོངས་འདས་ཕུན་ཚོགས་མ་ལུས་འབྱུང་བའི་གནས་གཅིག་པུ། །རྫོགས་སངས་རྒྱས་པ་མི་མཆོག་ཐུབ་པ་དེ་ལ་ཕྱག་འཚལ་འདུད། །ཁྱེད་ཀྱི་བ་སྤུ་གཅིག་གི་ཡོན་ཏན་ས་བཅུའི་མགོན་རྣམས་ཀྱིས། །བསྐལ་པ་བྱེ་བ་ཕྲག་བརྒྱར་བརྗོད་ཀྱང་ཅུང་ཟད་འཛད་ནུས་མིན། །དེས་ན་ཡོན་ཏན་གཏེར་གྱུར་མཁའ་ཁམས་ཀུན་ཁྱབ་ཆུ་གཏེར་འདྲ། །དཀོན་མཆོག་འབྱུང་གནས་ཐུབ་ཆེན་རྒྱལ་པོ་དེ་ལ་ཕྱག་འཚལ་འདུད། །མཁའ་ཁམས་གང་དུ་ཁྱབ་པའི་གནས་ན་ཡོངས་འཁོད་རྡུལ་ཕྲན་གྱིས། །གཡོ་བ་ཙམ་ཡང་མ་ལུས་གཅིག་ཆར་ཉིད་མཁྱེན་རྒྱུ་འབྲས་ཀུན། །དྲི་མེད་མངོན་སུམ་ས་ཡི་དབང་ཁམས་བག་ལ་ཉལ་བཅས་ཀྱི། །དོན་མཛད་དོན་གྲུབ་ཕྲིན་ལས་རྒྱུན་མི་ཆད་དེར་ཕྱག་འཚལ་འདུད། །དོན་ཀུན་ཡོངས་གྲུབ་ཡིད་བཞིན་བསམ་འཕེལ་དབང་གི་རྒྱལ་པོ་ནི། །བགྲང་ཡས་རྡུལ་བརྩེགས་གྱེན་འཕྱུར་ལྷུན་པོར་གྱུར་པ་ཇི་འདྲ་བ། །ཁྱོད་ཀྱི་ཞབས་ཀྱིས་ཅུང་ཟད་རེག་པའི་རྒྱལ་ཕྲན་ཡང་ནི་དེར། །བྱིན་གྱིས་རླབས་མཛད་མཚུངས་མེད་རྫོགས་སངས་རྒྱས་དེར་ཕྱག་འཚལ་འདུད། །ཐོག་མཐའ་མེད་པའི་དབྱིངས་སུ་རང་བྱུང་ཡང་དག་རྫོགས་སངས་རྒྱས། །ཀུན་ཏུ་བཟང་པོ་དུས་གསུམ་སངས་རྒྱས་ཡོངས་ཀྱི་འཁོར་ལོས་བསྒྱུར། །ཐུབ་ཁྱེད་ངོ་བོ་དེ་སྟེ་སྔོན་ཚེ་དབང་པོའི་ཏོག་ཀྱང་བྱ། །ཡང་ནས་ཡང་དུ་སངས་རྒྱས་ཚུལ་སྟོན་མཛད་དེར་ཕྱག་འཚལ་འདུད། །རྫོགས་སངས་རྒྱས་གང་ཡེ་སངས་རྒྱས་དང་ཡང་སངས་རྒྱས་པའི་ཚུལ། །གཅིག་དང་དུ་བྲལ་དབྱིངས་མཉམ་དམིགས་འཛིན་ཡུལ་འདས་ཆོས་ཀྱི་སྐུ། །གཞི་སྣང་སྒོ་ལས་བྱང་ཆུབ་སེམས་བསྐྱེད་བསྐལ་གྲངས་དུ་མར་ཚོགས། །བསགས་པར་ཡང་སྟོན་བསམ་མི་ཁྱབ་གྱུར་མགོན་དེར་ཕྱག་འཚལ་འདུད། །མ་འདྲིས་འགྲོ་བའི་བཤེས་གྱུར་གནོད་ལན་ཕན་གདགས་འགྲོ་བའི་མགོན། །ཀུན་ཏུ་དགེ་བའི་སྤྱོད་ལྡན་འགྲོ་ལ་ཕན་བདེ་འབའ་ཞིག་སུ་སྩོལ། །ཚོགས་གཉིས་དངོས་གཞི་ཕྱིན་དྲུག་མཛད་པ་ནམ་མཁའི་མཐའ་ཀླས་པ། །ཡོངས་སུ་བསྐྲུན་མཛད་རྒྱལ་བ་ཤཱཀྱའི་ཏོག་དེར་ཕྱག་འཚལ་འདུད། །ནམ་མཁའ་ལ་ནི་འབྱུང་བཞི་སྐྱེ་དགུ་མཐའ་དག་ཡོངས་བརྟེན་བཞིན། །སྲིད་ཞིའི་ཕུན་ཚོགས་མ་ལུས་མི་ལུས་ལུས་མེད་ཀུན་འབྱུང་གནས། །རྣམ་ཀུན་མཚུངས་པ་མི་མངའ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །དཔལ་ལྡན་བླ་མའི་ངོ་བོ་ཐུབ་དབང་ཉི་མར་ཕྱག་འཚལ་འདུད། །

རྫོགས་པའི་སངས་རྒྱས་རྗེས་སུ་དྲན་ནས་རབ་ཏུ་གྲུབ་པའི་ཕྱག་འཚལ་བ་ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་ཀྱི་གྲངས་དང་ལྡན་པ་འདི་ཡང་སྐྱེས་བདག་གི་ལོ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་དུས་ནག་ཟླའི་ཚེས་བཅོ་ལྔ་ལ་ས་ལ་སྤྱོད་པའི་འོག་མིན་མཚུངས་ཀྱི་གནྡོ་ལའི་རྟེན་གཙོ་ཐུབ་སྐུ་འཛམ་གླིང་རྒྱན་གྱི་སྙན་དར་ལ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུའི་བྲིས་ཏེ་ཕུལ་བ་སརྦ་མངྒ་ལཾ།

ན་མོ་གུ་རུ་ཏྲེ་ལོ་ཏྲ་དེ་ཝ་ག་ནི་མཎྜལ་བྷྱཿ ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་དབྱིངས་ཡེ་ཤེས་ཀློང་། །ཚད་མེད་ཐུགས་རྗེ་གཅིག་ཏུ་འདུས་པའི་བཅུད། །སྤྱན་རས་གཟིགས་དབང་འཇིག་རྟེན་མགོན་པོའི་སྐུ། །གདུལ་བྱའི་དོན་དུ་རྣམ་འགྱུར་ཅིར་ཡང་སྣང་། །རེས་འགའ་དཔལ་ཆེན་པདྨ་ཧེ་རུ་ཀ །རྟ་ཡི་རྒྱལ་པོས་སྲིད་གསུམ་གདུག་པ་འདུལ། །ཡེ་ཤེས་འབར་བའི་མེ་ཡིས་སྒྲིབ་ཀུན་བསྲེགས། །དབང་ཆེན་ཀུན་འདུས་དབང་གི་རྒྱལ་པོར་འདུད། །ཧཱུྃ། རྒྱལ་བ་ཀུན་གྱི་གསང་གསུམ་དབང་བསྒྱུར་མཛད། །རྡོ་རྗེ་སེམས་དཔའ་དཔལ་ཆེན་གསང་བའི་བདག །གདུག་པའི་གནོད་སྦྱིན་ཚོགས་རྣམས་འདུལ་བའི་ཕྱིར། །གནོད་སྦྱིན་སྐུར་སྤྲུལ་བདུད་བཞི་ཡོངས་ཀྱི་དགྲ། །ཁྲོམ། སངས་རྒྱས་ཀུན་གྱི་གདུག་པ་འདུལ་སླད་དུ། །ཐུགས་ཀྱི་སྤྲུལ་པ་ཁྱུང་ཆེན་ག་རུ་ཌ། །མྱུར་མགྱོགས་རྫུ་འཕྲུལ་གློག་ལྟར་སྐད་ཅིག་འཁྱུག །མི་བསྲུན་ཀླུ་རྣམས་ཡུད་ཀྱིས་ལྷག་མེད་བརླག །རྣལ་འབྱོར་སྒྲུབ་པ་པོ་ཡི་བར་ཆད་བསལ། །རྒྱལ་ཀུན་འཕྲིན་ལས་སྒྲུབ་ཕྱིར་ཕོ་ཉའི་ཚུལ། །ཐོགས་མེད་མཁའ་ལ་རྒྱུ་བའི་མཐུ་སྟོབས་ཅན། །ཁྲོ་བོ་རྡོ་རྗེའི་མཆུ་ཅན་དེ་ལ་འདུད། །ཨོཾ། ལྷག་པའི་ལྷ་མཆོག་དམར་ནག་འཇིགས་གསུམ་ལ། །རྩེ་གཅིག་གསོལ་བ་བཏབ་པའི་མཐུ་སྟོབས་ཀྱིས། །བདག་གི་མི་མཐུན་འགལ་རྐྱེན་བར་ཆད་ཀུན། །སྐད་ཅིག་ད་ལྟ་ཉིད་དུ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་བཟང་པོའི་ཡོན་ཏན་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་གོང་དུ་འཕེལ། །དབང་དྲག་འཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ། །ཕྱག་རྒྱ་ཆེ་མཆོག་དངོས་གྲུབ་དུས་འདིར་སྩོལ། །

ཞེས་པའི་དབང་ཕྱུག་གནུབ་ནམ་མཁའ་སྙིང་པོའི་ཐུགས་ཀྱི་སྤྲུལ་པ་རྩ་རི་རས་པ་ཡི་གདུང་དབོན་རོང་དཀར་ཆོས་པ་དྲག་པོ་ལྷ་གསུམ་གྱི་རྣལ་འབྱོར་པདྨ་ཚེ་དབང་གི་དད་པའི་རྟེན་ཡི་དམ་སྐུ་ཐང་གི་རྒྱབ་བྱང་སྨོན་ལམ་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུའི་ས་ག་ཟླ་བའི་དཀར་ཕྱོགས་དུས་བཟང་པོར་སྨྲས་པ་དགེའོ། །

༈ ཨོཾ་སྭཱསྟི།

དགེ་ལེགས་མ་ལུས་འབྱུང་བའི་གནས། །དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་མཆོག །རྫོགས་སངས་རྒྱས་ཀུན་འདུས་པའི་ཞལ། །རྒྱལ་བ་རྒྱ་མཚོས་རབ་བསྔགས་པ། །ཚེ་གཅིག་སངས་རྒྱས་སྟེར་བའི་མགོན། །དོན་དུ་རྒྱལ་ཀུན་གྱིས་འཇུག་པ། །དཔལ་ལྡན་རྡོ་རྗེ་སློབ་དཔོན་ལ། །རྣམ་པ་ཀུན་ཏུ་འདུད་ཕྱག་འཚལ། །གང་ཞིག་བླ་མའི་བ་སྤུ་གཅིག །མཆོད་དང་རྒྱལ་ཀུན་མཆོད་མཉམ་པར། །སྔགས་རྒྱུད་རྣམས་ནས་ཡང་ནས་ཡང་། །མི་རྫུན་པ་དེས་གསུང་པས་ན། །རང་ལ་བཀའ་དྲིན་གསུམ་ལྡན་པའི། །བླ་མའི་སྐུ་བརྙན་བྲི་བ་ཡང་། །རྒྱལ་ཀུན་འབྲི་བར་ཅིས་མི་འགྱུར། །ལེགས་བྱས་བསོད་ནམས་ཉམས་མེད་ཤོག །ཚེ་འདི་ལ་ཡང་དགའ་སྐྱིད་བདེ། །དམ་པའི་ཆོས་དང་མི་འབྲལ་ཞིང་། །ལེགས་པའི་ལམ་ཀུན་གོང་དུ་འཕེལ། །མཐའ་ཐང་འབྱོར་པ་རྒྱས་པར་ཤོག །ཚེ་རབས་ཀུན་ཏུ་འཕགས་ནོར་བདུན། །མཐོ་རིས་ཡོན་ཏན་བདུན་གྱིས་ཕྱུག །རྣམ་སྨིན་ཡོན་ཏན་བརྒྱད་ཐོབ་པས། །བདེ་ནས་བདེ་བར་བགྲོད་པར་ཤོག །ཁྱད་པར་ངེས་པར་ལེགས་པའི་ལམ། །མཚན་ཉིད་ལྡན་པའི་བླ་མ་ཡིས། །སྐྱེ་ཞིང་སྐྱེ་བར་རྗེས་སུ་བཟུངས། །དབང་ཐོབ་དམ་ཚིག་རྣམ་པར་དག །མོས་གུས་ཡར་ངོའི་ཟླ་ལྟར་འཕེལ། །ས་ལམ་ཡོན་ཏན་རྩལ་ཆེན་རྫོགས། །མཐའ་ཡས་སེམས་ཅན་འདྲེན་སླད་དུ། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །

ཅེས་འཕན་ཡུལ་ན་ལེནྡྲ་ཞབས་དྲུང་སྤྲུལ་པའི་སྐུ་རིན་པོ་ཆེ་དང་མི་ཡི་བདག་པོའི་སྲས་ཐུ་ཤེལ་ཐུ་གུང་གི་ཁབས་སུ་སྤྱོད་པ་ལྷ་ལྕམ་བསྟན་འཛིན་བུ་ཁྲིད་ཀྱི་ཐུགས་དམ་ཐང་ཀའི་རྒྱབ་བྱང་དུ་མ་བཅོས་བཟོད་པའི་རྣལ་འབྱོར་པ་རིག་འཛིན་ཚེ་དབང་ནོར་བུས་ཆུ་སྟོད་ཟླ་བའི་ཡར་ངོ་དུས་བཟང་ཚེས་བཅུ་ལ་སྨྲས་པ་དགེའོ། །

༈ ཨོཾ་སྭཱསྟི།

དགེ་ལེགས་རིན་ཆེན་མ་ལུས་པ། །སྟེར་མཛད་དཀོན་མཆོག་འདུས་པའི་གཙོ། །རྩ་གསུམ་སྤྲོ་བསྡུའི་བྱེད་པ་པོ། །རྡོ་རྗེ་སློབ་དཔོན་མཆོག་དེ་ལ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །རྟག་ཏུ་ཕྱག་འཚལ་སྐྱབས་སུ་མཆི། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་གྲུས། །བདག་ནི་ཁམས་གསུམ་འཁོར་བ་ལས། །ཡོངས་གྲོལ་གཏན་བདེ་བྱང་ཆུབ་མཆོག །ཡིད་བཞིན་ནོར་བུ་བདེ་བའི་གནས། །བདེ་ལྡན་མགོན་པོས་ཡོངས་གང་བ། །མཆོག་དེ་མྱུར་དུ་འགྲུབ་པར་ཤོག །

ཅེས་རོང་གྲགས་པ་ཡི་ཆོས་མཛད་ཀརྨ་ཆོས་འཛིན་དཔལ་མོ་ཡི་མོས་པའི་རྟེན་བླ་མའི་སྐུ་བརྙན་རྒྱབ་བྱང་དུ་རིག་པ་འཛིན་པས་བྲིས་པ་དགེའོ། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

མཆོག་གསུམ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་མཐུས། །སྨོན་ལམ་འདི་ཉིད་བསླུ་མེད་འགྲུབ་པར་མཛོད། །པདྨའི་རིག་སྔགས་འཆང་བའི་རིམ་གྲོ་པ། །རབ་ཏུ་དགེ་བ་རྒྱས་པར་བྱེད་པ་པོ། །བསྟན་ཐུབ་དད་པ་ཅན་དེས་ཚེ་རབས་ཀུན། །མཐོ་རིས་ཡོན་ཏན་འཕགས་ནོར་ཀུན་ཚང་ཞིང་། །པད་འབྱུང་ནམ་སྙིང་རྣམ་སྤྲུལ་བླ་མ་མཆོག །གུས་སྙན་དམ་ཚིག་སེལ་མེད་ཐུགས་ཡིད་འདྲེས། །བླ་མ་དཀྱིལ་འཁོར་གཙོ་བོར་ཡོངས་ཤར་ཞིང་། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །བླ་མ་རྫོགས་སངས་རྒྱས་ཚེ་འཁོར་ཐོག་མར། །བྱང་ཆུབ་མཆོག་འབྲས་ལུང་བསྟན་ཡོངས་བརྙེས་ཤོག །

ཅེས་རང་གི་རིམ་གྲོ་པདྨ་རབ་བརྟན་གྱི་དགེ་བསྒྲུབ་ཀྱི་དར་མཚུར་ཕུ་དུས་མཁྱེན་གསེར་གདུང་སྙན་ཤལ་ལ་ཕུལ་བའི་ངོས་སུ་རིག་པ་འཛིན་པས་བྲིས་པ་དགེའོ། །

༈ ཨོཾ་སྭཱསྟི།

གདོད་མ་ཉིད་ནས་སངས་རྒྱས་རྒྱལ་ཀུན་སྤྲོ་བསྡུའི་བདག་པོ་པདྨ་འབྱུང་། །བདེ་ལྡན་ཞིང་དུ་འོད་དཔག་མེད་དང་ཞིང་འདིར་ཐུབ་པའི་རྒྱལ་ཚབ་ཚུལ། །གདུལ་དཀའ་སྡུག་བསྔལ་ཅན་ལ་ལྷག་བརྩེ་ཁྱད་པར་སྙིགས་དུས་ཐ་མའི་མགོན། །དེ་ལ་ཕྱག་འཚལ་སྙིང་ནས་སྐྱབས་མཆི་བྱང་ཆུབ་བར་དུ་མགོན་མཛོད་ཅིག །

ཅེས་སྨར་ལམ་སྡེ་པ་དད་པ་ཅན་སྲི་གཅོད་ཚེ་བདག་གི་ཐུགས་དམ་ཐུང་སྐུའི་རྒྱབ་བྱང་དུ་དཔལ་རིག་པ་འཛིན་པས་བྲིས་པའོ། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

ཆེ་བའི་ཆེ་མཆོག་ཀུན་གྱི་དབང་ཕྱུག་གཙོ། །དམར་ནག་མེ་ཕྲེང་གཟའ་ཀླུ་རྒྱལ་བསེན་གཤེད། །ཁྲོ་རྒྱལ་དེ་ཡི་ཐུགས་རྗེའི་མཐུ་བྱིན་གྱིས། །བདག་ཅག་བྱང་ཆུབ་སྙིང་པོའི་བར་དུ་བསྲུང་། །

ཞེས་པ་ཡང་དཔལ་ཆེན་རིག་པ་འཛིན་པས་སོ། །

༈ ཨོཾ་སྭཱསྟི།

སྤྱན་རས་གཟིགས་དབང་ལྷག་པར་ཐུགས་བསྐྱེད་ནས། །དགྲ་འཚེ་དབུལ་ཕོངས་བར་དོའི་འཇིགས་སྐྱོབ་ཕྱིར། །རྡོ་རྗེ་ནག་པོ་ཆེན་པོ་ལྷ་ཡི་ལྷ། །ཁྱེད་ལ་འདུད་དོ་རྟག་པར་བྱིན་གྱིས་རློབས། །

ཞེས་པ་ཡང་དཔལ་ཆེན་རིག་པ་འཛིན་པས་སོ། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

དུས་གསུམ་རྒྱལ་བ་སྲས་བཅས་ཀུན་གྱི་དཔྱིད། །པདྨ་ཐོད་ཕྲེང་དཀྱིལ་འཁོར་ཡོངས་ཀྱི་གཙོ། །བདག་གི་ལྷག་བསམ་དག་པའི་ཀུན་བཟང་སྤྲིན། །འདི་འབུལ་དགྱེས་བཞེས་དངོས་གྲུབ་རྣམ་གཉིས་སྩོལ། །

ཞེས་པ་སྡེ་པ་བསོད་ནམས་རྡོ་རྗེའི་ངོར་དཔལ་རིག་པ་འཛིན་པས་སོ། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི་སིདྡྷི། ན་མཿ ཨཪྻ་ཨ་ཙ་ལཱ་ཡ།

སྲིད་པའི་འཁྲུལ་འཁོར་མཐའ་དག་ཤེས་རབ་རལ་གྲིས་གཅོད། །ཞི་བའི་མལ་ས་འཛིན་ཀུན་སྙིང་རྗེའི་ཞགས་པས་བཟུང་། །འཁོར་བར་གནས་མིན་ཆོས་སྐུའི་ངང་ནས་ཙོག་པའི་ཞབས། །ཞི་ལ་མི་གནས་སྙིང་རྗེའི་རང་བཞིན་པུས་བཙུག་ཞབས། །མཐའ་གཉིས་ཀྱིས་ནི་ནམ་ཡང་མི་གཡོ་བཅོམ་ལྡན་འདས། །རྗེ་བཙུན་མི་གཡོ་ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆིའོ། །གང་གི་ཐུགས་རྗེའི་དམིགས་ཡུལ་བཀྲ་ཤིས་དཔལ་རྒྱས་ཀྱི། །ཚོགས་གཉིས་ཡོངས་རྫོགས་མགོན་པོ་ཁྱེད་དང་མཚུངས་བྱིན་རློབས། །

ཞེས་སྐྱེ་བ་དུ་མར་ལས་སྨོན་བཟང་པོའི་འབྲེལ་པ་ཅན་ཧོར་ཇིང་གིར་གྱི་རིགས་གྱུར་དཔོན་བཀྲ་ཤིས་དཔལ་རྒྱས་ཀྱི་དགོངས་རྫོགས་ཐང་སྐུའི་རྒྱབ་ཡིག་ཏུ་དཔལ་རིག་པ་འཛིན་པས་ཆེད་དུ་བརྗོད་པའོ། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

དགེ་ལེགས་རྒྱ་མཚོ་མ་ལུས་འབྱུང་བའི་གནས། །དཀོན་མཆོག་ཀུན་འདུས་པད་འབྱུང་གསེར་གྱི་སྤྲིན། །གང་གི་ཐུགས་རྗེའི་མཐུས་བསྐྲུན་དུས་འདི་རུ། །སྐྱེ་དགུའི་འཛིན་མར་ལྷག་བསམ་དགེ་བའི་འབྲས། །རྒྱས་སླད་ཚེས་བཅུའི་མཆོད་པ་འདི་བགྱིས་མཐུས། །འགྲོ་བའི་ཡིད་ཀྱི་དབུལ་བ་ཡོངས་སེལ་སྟེ། །ཚོགས་གསུམ་བང་མཛོད་ཕྱུར་བུར་ཁེངས་ནས་ཀྱང་། །ཐར་པ་མཆོག་གི་ལང་ཚོ་རྒྱས་པར་ཤོག །

ཅེས་པ་ཡང་དཔལ་རིག་པ་འཛིན་པས་སྐྱེས་བདག་ཟླ་ཚེས་ལ་སྨྲས་པའོ། །སརྦ་མངྒ་ལཾ།

༈ ཧཱུྃ་བྷྱོ།

རྒྱལ་བ་ཀུན་ཡུམ་མི་ཕམ་སྲིད་གསུམ་བདག །དཔལ་ལྡན་ལྷ་མོ་ནག་མོ་རལ་གཅིག་མ། །ཞི་བ་བརྙེས་ཀྱང་སྙིང་རྗེས་འགྲོ་དོན་མཛད། །སྲིད་པར་གནས་ཀྱང་འཁོར་བའི་རྒྱ་མཚོ་སྐེམས། །གདོད་ནས་རྣམ་དག་ཀུན་ཏུ་བཟང་པོར་ཉིད། །སྐལ་པ་དུ་མར་རང་རྒྱུད་སྦྱང་ཚུལ་བསྟེན། །བསྟན་པ་བསྲུང་ཕྱིར་རེ་ཏི་ནམ་གྲུ་ཞེས། །དམག་གི་རྒྱལ་མོ་ཟོར་རྣམས་ཀུན་གྱི་བདག །སྐལ་ལྡན་ལྷ་མོ་ཁྱེད་ལ་གསོལ་བ་འདེབས། །བདག་གི་འདོད་དོན་ཡིད་བཞིན་ཕུན་ཚོགས་མཛོད། །སརྦ་མངྒ་ལཾ།

ཨོཾ་སྭཱསྟི། རྒྱལ་བ་རབ་འབྱམས་མ་ལུས་འདུས་པའི་དཔྱིད། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལྷ་ཡི་ལྷ། །སྙིགས་དུས་འགྲོ་འདུལ་གསུམ་ལྡན་རྡོ་རྗེ་འཛིན། །རྩ་བའི་བླ་མ་རྒྱལ་བ་ཐམས་ཅད་ལས། །ལྷག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་བསྔགས། །དེས་ན་གང་གི་སྐུ་བརྙན་འབྲི་བ་ཡི། །རྒྱལ་བ་སྲས་བཅས་མཐའ་དག་བཀོད་པ་དང་། །རི་མོར་བྱས་པ་འདི་ཡི་དགེ་བ་ཡིས། །ཚེ་རབས་དང་ནི་ཚེ་རྒྱུད་ཐམས་ཅད་དུ། །དམ་པའི་མགོན་གྱིས་རྗེས་བཟུང་བསླབ་གསུམ་གྱི། །ཡོན་ཏན་ཉམས་མེད་གོང་ནས་གོང་དུ་འཕེལ། །རྡོ་རྗེ་འཆང་འབྲས་རིང་མིན་མྱུར་འགྲུབ་ཤོག །

ཅེས་དད་པ་ལྡན་པ་གང་གི་མོས་གུས་ཀྱི་གསོས་སུ་ཐང་སྐུའི་རྒྱབ་བྱང་ལ་རིག་པ་འཛིན་པས་སྤེལ་བ། སརྦ་མངྒ་ལཾ།

༈ ན་མོ་བུདྡྷ་ཡ། ན་མོ་ཨཪྻ་བཛྲ་པཱ་ཏི་ཡ།

ལྷག་པའི་ལྷ་མཆོག་གསང་བའི་བདག །རྡོ་རྗེ་ཅན་ལ་ཕྱག་འཚལ་འདུད། །བདག་ནི་བྱིས་པའི་སྐབས་ཉིད་ནས། །ཁྱེད་ཀྱི་རིག་སྔགས་མཆོག་ལ་གུས། །རིག་པར་མོས་པ་ཁོ་ནས་ཀྱང་། །བར་ཆད་ཡོངས་སུ་གྲོལ་བར་བྱེད། །ཅུང་ཟད་ཙམ་ཞིག་བཟླས་པ་ན། །ཡོན་ཏན་མཚུངས་པ་མེད་པར་མཐོང་། །ཤེས་བཞིན་དད་ཅིང་ཡིད་ཆེས་པས། །ལྷ་མཆོག་ཁྱེད་ལ་བདག་འདུད་ཀྱིས། །འདི་ནས་བྱང་ཆེན་སྙིང་པོའི་བར། །སྐྱེ་ཀུན་གསང་བའི་བདག་པོ་ཡི། །རིག་སྔགས་ལན་རེ་ཟུང་རེ་ཙམ། །བཟླས་པས་ཐོགས་མེད་སྔགས་གྲུབ་ཤོག །གྲུབ་མཚན་ལྟ་སྟངས་བཅུ་གཉིས་དང་། །ལས་བཞི་གྲུབ་བརྒྱད་ཁྱད་པར་མཆོག །ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་པ། །མྱུར་བ་ཉིད་དུ་ཐོབ་བྱིན་རློབས། །མཆོག་གསུམ་གསང་བདག་རྩ་བ་གསུམ། །བདེན་པས་དེ་བཞིན་ཉིད་འགྲུབ་ཤོག །

ཞེས་གཙང་གཡས་སུ་འཇད་དཔལ་ལྡན་ལྡིང་དུ་གྲུ་སྟོན་ཆེན་པོའི་ཐུགས་དམ་ཕྱག་ན་རྡོ་རྗེའི་སྐུ་བརྙན་ལ་སྙན་དར་དང་འཕགས་ཡུལ་དྭ་ཧ་རའིཁྱད་བཟང་པོ་སྤྱན་གཟིགས་སུ་ཕུལ་ནས་རིག་འཛིན་ཚེ་དབང་ནོར་བུའི་སྨོན་ལམ་བཏབ་པའོ། །དགེའོ། །དགེའོ། །

༈ ན་མོ་ལོ་ཀི་ཤྭ་ར་ཡ།

བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཚེ་དང་ཡེ་ཤེས་གཟི་བརྗིད་འོད་དཔག་མེད། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་མཐུ་བྱིན་ཀུན། །གཅིག་ཏུ་བསྡུས་ནས་སྲིད་ཞི་གཉིས་སྤོང་མགོན། །མཁའ་ཁྱབ་སེམས་ཅན་ཇི་སྲིད་དོན་མཛད་མགོན། །བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཉམ་ཐག་འགྲོ་ལ་བརྩེ་བཞེས་ན། །འཁོར་བའི་ནགས་ཚལ་མཐུག་པོར་ཡོངས་བཞུགས་ཤིང་། །མི་མང་ཚེར་མ་རྣོན་པོས་རབ་ཏུ་གཙེར། །ཉམ་ཐག་བདག་ལ་བརྩེ་བས་ཅིས་མི་གཟིགས། །ཁྱོད་ནི་མགོན་མེད་རྣམས་ཀྱི་མགོན་ཞེས་པ། །འཇིགས་རུང་སྲིད་པའི་འབྲོག་དགོན་ཆེན་པོ་རུ། །སྐྱབས་གྱུར་དགེ་བའི་བཤེས་དང་མཇལ་དཀའ་བ། །མགོན་མེད་བདག་ལ་བརྩེ་བས་ཅིས་མི་གཟིགས། །ཁྱོད་ནི་དཔུང་གཉེན་མེད་པའི་དཔུང་ཞེས་ན། །ཐར་ལམ་བགྲོད་པའི་དགེ་བའི་དཔུང་ཚོགས་ཆུང་། །དུག་ལྔའི་ཨར་ཇག་ཆོམ་པོས་འཇོམས་པ་ན། །བདག་གི་དཔུང་གཉེན་བརྩེ་བས་ཅིས་མི་མཛད། །ཁྱོད་ནི་རྒྱལ་བ་གཞན་ལས་མཐུ་མྱུར་ན། །སྭོ་དཀར་བཙས་ནས་ད་ལྟ་སྐྲ་དཀར་བ། །ཁྱོད་སྒོམ་ཁྱོད་བཟླས་རྟག་ཏུ་རེ་ལྟོས་ན། །བདག་ལ་ནམ་འདོད་ཞལ་བཟང་ཅིས་མི་བསྟན། །ཁྱོད་ནི་རྨད་བྱུང་ཕྲིན་ལས་ཅན་ཞེས་ན། །ཅི་ལྟར་ནུས་པའི་མཆོད་པའི་ཡོ་བྱད་དང་། །རྩེ་གཅིག་སྨོན་ལམ་དྲག་པོ་བཏབ་པ་ལ། །བདག་གི་རེ་བཞིན་དབུགས་དབྱུང་ཅིས་མི་མཛད། །ལས་ངན་སོ་སྐྱེའི་འདྲེན་པ་མི་མཛད་ན། །འཕགས་པ་རྣམས་ལ་དེ་ཙམ་ཅི་ཞིག་བྱ། །དེས་ན་བདག་གི་རེ་བའི་དོན་ཡིད་བཞིན། །ཐོགས་མེད་འགྲུབ་པར་མཛོད་ཅིག་འཇིག་རྟེན་མགོན། །བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོ་ལ། །ཕུ་དུད་བཀུར་སྟི་རིམ་གྲོ་བསྒྲུབ་བཞེད་པར། །གེགས་དང་བར་ཆད་མཐའ་དག་ཉེར་ཞི་ཞིང་། །འདོད་དོན་ཕུན་ཚོགས་ཡིད་བཞིན་འགྲུབ་པར་མཛོད། །

ཞེས་སྐྱིད་གྲོང་འཕགས་པ་ཝ་ཏི་ལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་གདུང་ཤུགས་ཀྱི་གསོལ་བ་འདེབས་པ་འདི་ནི་ཨངྐི་ར་ཞེས་ཆུ་སྤྲེལ་ལོ་ཞལ་གསར་དུ་འཆར་བ་རྒྱལ་གྱི་ཟླ་བའི་ཚེས་ཉི་ཤུ་ལ་སྙན་དར་གྱི་ངོས་སུ་བྲིས་ནས་ཕུལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

ལྷ་རྣམས་ཀུན་གྱི་གཙུག་གི་ནོར་བུའི་རྩེས། །གང་གི་ཞབས་མཐིལ་རྩིབས་སྟོང་འཁོར་ལོ་ཡིས། །རྣམ་པར་བཀྲ་ལ་ཉེར་རེག་འཇིག་རྟེན་མགོན། །ཐུབ་དབང་ཉི་མས་རྟག་ཏུ་དགེ་ལེགས་མཛོད། །འཛིན་མའི་ཁྱོན་ཀུན་རྒྱལ་མཚན་གོས་ཅན་གྱིས། །ཉེར་བཟང་ལུང་རྟོགས་ཆོས་ཀུན་རྒྱས་མཛད་པ། །ཐུབ་པའི་བསྟན་ལ་སྟོན་པ་གཉིས་པ་བཞིན། །བློ་བཟང་གྲགས་པའི་དཔལ་དེས་བཀྲ་ཤིས་མཛོད། །རྒྱལ་བའི་བསྟན་འཛིན་ཐུ་བོ་རྒྱལ་བའི་སྲས། །དཔལ་ལྡན་བླ་མ་ཡེ་ཤེས་གྲགས་པའི་སྡེ། །གང་ཁྱེད་ཞི་བའི་དབྱིངས་སུ་རྣལ་མིན་པར། །ཞིང་འདིར་གདུལ་བྱའི་དོན་དུ་སྤྲུལ་པའི་སྐུ། །བསམ་བཞིན་འཇུག་པའི་ཡང་སྲིད་མྱུར་བྱོན་ནས། །བསྟན་དང་འགྲོ་ལ་ཕན་དང་བདེ་བ་ཡིས། །དགའ་སྟོན་རྒྱ་ཆེར་འགྱེད་ཕྱིར་རིན་ཆེན་ཁྲིར། །གེགས་མེད་མྱུར་བ་ཉིད་དུ་འཁོད་པར་ཤོག །རྣམ་འདྲེན་མཆོག་གི་ཡང་སྲིད་སྤྲུལ་པའི་སྐུ། །སྐུ་ཚེ་བརྟན་ཅིང་ཆབ་སྲིད་མངའ་ཐང་འཕེལ། །སྙན་ཞིང་གྲགས་པས་ས་གསུམ་མ་ལུས་ཁྱབ། །ལེགས་བྱས་སྲིད་རྩེའི་བར་དུ་རྒྱས་གྱུར་ཅིག །

ཅེས་འགྲོ་བའི་འདྲེན་མཆོག་རྒྱལ་སྲས་སྤྲུལ་པའི་སྐུ་རིན་པོ་ཆེ་གང་གི་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ཆོས་སྐུའི་རྟེན་མཆོད་སྡོང་རིན་པོ་ཆེར་སྙན་ཤལ་ལྷ་གོས་རྣམ་པར་དཀར་བ་དང་ལྷན་ཅིག་ཏུ་སྤེལ་བའི་སྨོན་ལམ་དུ་མདོ་ཁམས་ཀཿཐོག་གི་ལྷོ་ཕྱོགས་སུ་སྐྱེས་ཤིང་ཡངས་པའི་རྒྱལ་ཁམས་སུ་ཆོས་སྨྲ་བའི་གཟུགས་བརྙན་འཛིན་པ་རྣལ་འབྱོར་ཨཱ་ཡུརྱཱིནྟྲ་མ་ཎིའི་ཟླ་ཚེས་དགེ་བ་ལ་ཕུལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི། ན་མོ་གུ་རུ་ཝེ།

རྒྱལ་བས་གསུང་པའི་ཆོས་ཚུལ་ཐམས་ཅད་ཀྱི། །གསང་བ་སྙིང་པོར་རྒྱུད་རྣམས་ཀུན་གྱི་གཙོ། །བདག་གི་རྒྱུད་ལ་འདོམས་མཛད་མགོན་པོ་མཆོག །སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ་གང་། །ཞི་བར་གཤེགས་པའི་ཐུགས་དགོངས་རྫོགས་ཆེད་དུ། །གང་གི་ཆོས་ལས་སྐྱེས་པའི་སྲས་ཀྱི་མཆོག །ཚེ་དབང་ནོར་བུའི་རྒྱལ་བའི་སྐུ་བརྙན་འདི། །འབད་པས་བཞེངས་བར་བྱས་པའི་དགེ་རྩ་དེས། །སྒྱུ་འཕྲུལ་གསང་བ་སྙིང་པོའི་སྨིན་གྲོལ་རྒྱུན། །ནམ་ཡང་ཆད་མེད་ཕྱོགས་དུས་གནས་སྐབས་ཀུན། །དར་རྒྱས་ཉམས་མེད་ཡུན་རིང་གོང་དུ་འཕེལ། །སྐྱེ་དགུ་ཀུན་ཀྱང་ལམ་བཟང་འདིར་ཞུགས་ཤིང་། །བླ་མ་ལ་མོས་དམ་ཚིག་རྣམ་པར་དག །ཤེས་རབ་མཆོག་གི་རྒྱུད་དོན་གསལ་བར་རྟོགས། །འབད་མེད་སྔགས་ཀྱི་ས་ལམ་ཡོན་ཏན་རྫོགས། །ཕ་མའི་རང་བཞིན་འགྲོ་ཀུན་དེར་འགོད་ཤོག །

ཅེས་པ་ཡང་རྗེ་བཙུན་བླ་མ་སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ་སྐུ་གཤེགས་པའི་དགོངས་རྫོགས་ཞལ་ཐང་རྒྱབ་བྱང་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུའི་ཆུ་སྤྲེལ་སྣྲོན་ཟླའི་ཚེས་བཟང་བརྒྱད་ལ་སྣང་གསལ་མར་མེའི་མདངས་སུ་བཀོད་པ་དགེའོ། །དགེའོ། །

༈ ཨོཾ།

ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྫོགས་སངས་རྒྱས་ཀྱིས་བསྔགས་བཞིན་བླ་མའི་སྐུ། །འདི་བྲིས་དགེ་བས་ཚེ་རབས་ཚེ་རྒྱུད་དུ། །དཔལ་མགོན་བླ་མ་མཆོག་གི་རྗེས་བཟུང་ནས། །རིང་མིན་རྡོ་རྗེ་སེམས་དཔའ་ཉིད་འགྲུབ་ཤོག །

ཅེས་དད་པ་ཅན་དཔོན་ཚེ་དབང་རིག་འཛིན་ངོར་དཔལ་རིག་པ་འཛིན་པས་སོ། །

༈ ན་མོ་བུདྡྷ་ཡ།

རྣམ་སྣང་ཕྱག་གི་ལྷུང་བཟེད་སྤོས་ཀྱི་ཆུར། །ལེགས་སྐྱེས་པད་སྡོང་གེ་སར་ཟེ་ཕོལ་གྱི། །དབུས་མ་ཉེར་ལྔ་བརྩེགས་དཀྱིལ་མི་མཇེད་ཞིང་། །དེས་ན་འདྲེན་པ་སྟོན་མཆོག་རྒྱལ་བ་ཀུན། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཤཱཀྱ་ཐུབ་པ་ཤཱཀྱ་སེང་གེ་ལ། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་རབ་བསྐོར་ཞིང་། །འཇམ་དཔལ་གཞོན་ནུ་སེར་མོའི་ཕྲེང་བ་སོགས། །སྤྲུལ་སྐུ་བྱང་སེམས་ཉན་ཐོས་ཆེ་རྣམས་ལ། །ཕྱག་འཚལ་མཆོད་བསྟོད་སྐྱབས་མཆི་གསོལ་བ་འདེབས། །ངེས་དོན་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཕགས་པ་སོར་ཕྲེང་ངོ་བོ་ཞིང་འདིའི་ལྷོ། །གངྒཱའི་བྱེ་སྙེད་རེ་གཉིས་འདས་པར་ཞིང་། །ཐམས་ཅད་རིན་ཆེན་རྒྱན་ཞེས་འཇིག་རྟེན་དུ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ། །མངོན་འཕགས་བརྩོན་པ་ཆེན་པོ་འཁོར་བཅས་ལ། །ཕྱག་འཚལ་༝ ངེས་དོན་༝ འཕགས་པ་འཇམ་དཔལ་ངོ་བོ་ཞིང་འདིའི་བྱང་། །གངྒཱའི་བྱེ་སྙེད་ཞེ་གཉིས་འདས་པ་ན། །འཇིག་རྟེན་རྟག་རབ་དགའ་ཐུག་ཞིང་མོས་པར། །རྫོགས་པའི་སངས་རྒྱས་མོས་པ་རབ་དགའ་བའི། །སྙིང་པོ་ནོར་བུ་རིན་ཆེན་བརྩེགས་པ་ཡི། །རྒྱལ་བ་ཞེས་བྱ་འཁོར་དང་བཅས་པ་ལ། །ཕྱག་འཚལ་༝ ངེས་དོན་༝ ཧེ་ཧེ་རྒྱལ་བ་ཡོངས་ཀྱི་ཡུམ་གྱུར་ཤེར་ཕྱིན་མ། །ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་གྱུར་མ། །རབ་འབྱམས་དཀྱིལ་འཁོར་གཙོ་མཆོག་བཅོམ་ལྡན་མ། །ཁྱོད་ཞབས་དྲན་པས་འཇིགས་སེལ་རྣལ་འབྱོར་མ། །ཡང་དག་དོན་དུ་རང་རིག་གདོད་མའི་གཤིས། །རྡོ་རྗེ་ཅན་མ་ཉིད་ཡིན་འདུ་འབྲལ་མེད། །འོན་ཀྱང་དེ་ཉིད་མངོན་དུ་མ་གྱུར་བར། །དམ་ཡེའི་ཚུལ་གྱིས་ཡིད་ལ་བསྙེན་བྱེད་བཞིན། །བདག་གིས་ཡུན་ནས་ལྷ་ཡི་ལྷ་མཆོག་མ། །ཁྱེད་བསྙེན་རྟག་ཏུ་གུས་པས་གསོལ་འདེབས་ན། །འདིར་ལྟ་གནས་སྐབས་བླང་དོར་གནས་ཙམ་ཡང་། །མི་སྟོན་གཡེལ་བར་བོར་བ་ཅི་ཞིག་བྱུང་། །འཇིག་རྟེན་འདྲེ་ངན་ཡི་དྭགས་ཕྲ་མོ་ཡང་། །གུས་པས་བསྙེན་ན་བླང་དོར་གནས་སྟོན་ན། །རྩེ་གཅིག་གསོལ་བ་འདེབས་ལ་བཅོམ་ལྡན་མས། །བཏང་སྙོམས་མཛད་ན་ཐུགས་རྗེ་ཆེ་ཞེས་ཅི། །བེམས་པོའི་རང་བཞིན་ནོར་བུ་འབར་བ་ཡང་། །སེམས་ཅན་རེ་བ་ཡིད་བཞིན་བསྐང་མཛད་ན། །ཁྱོད་ནི་ལྷ་ཡི་ལྷ་ཞེས་འཁོར་འདས་མགོན། །གྲུབ་བཞིན་བདག་གི་རེ་བ་ཅིས་མི་བསྐང་། །སྒྲིབ་པ་ཆེ་ཞེས་གཡེལ་བར་བོར་མཛད་ན། །སྒྲིབ་པ་མེད་ཚེ་ཁྱོད་ཀྱི་ཐུགས་རྗེ་ཅི། །བདག་གི་སྒྲིབ་ལྡན་སྐྱབས་དང་མགོན་མེད་ན། །ཐུགས་རྗེ་ཆེན་མོའི་སྤྱན་གྱིས་ད་གཟིགས་ཤིག །ལས་ལ་ཡིད་ཆེས་བཞིན་དུ་བདེན་འབྲས་གང་། །བཏང་སྙོམས་བཞག་ན་ཁྱོད་ཀྱིས་དམ་བཅས་ཅི། །མི་བཟོད་དུཿཁས་གཟིར་བའི་སྐྱེ་བོ་རྣམས། །ལས་ཀྱི་མཐུ་ཞེས་ཁྱེད་ཀྱི་སྤངས་མཛད་ན། །བཅོམ་ལྡན་འདས་མ་ཚད་མེད་ཐུགས་རྗེ་ཅན། །མིང་ཙམ་ཁོ་ནས་འགྲོ་ལ་ཅི་ལྟར་ཕན། །འཇིག་རྟེན་ལྷ་ཆེན་མཐུས་ཀྱང་ལས་འགལ་ཞིག །རིང་དུ་སྤང་བར་ནུས་ན་ལྷ་ཡི་ལྷ། །ཁྱོད་ཀྱི་ནུས་མཐུའི་འགྲོ་བའི་ལས་ངན་ཡང་། །རིང་སྤང་གཞིལ་བའི་ཕྲིན་ལས་ཅིས་མི་མཛད། །བྷཽ་བྷཽ། ཨོ་རྒྱན་ཡུལ་གྱི་དབང་ཕྱུག་དཀྱིལ་འཁོར་གཙོ། །ལྷན་སྐྱེས་ཡེ་ཤེས་མཁའ་འགྲོས་འཁོར་ལོ་བསྒྱུར། །བཅོམ་ལྡན་ཐུགས་རྗེའི་སྤྱན་རས་མ་བཏུལ་ཞིག །དག་པ་ཡེ་ཤེས་སྙན་གྱིས་མི་གསན་ནམ། །མཁའ་ཁྱབ་མཁྱེན་པའི་ཐུགས་ཀྱིས་མི་དགོངས་སམ། །སྐད་ཅིག་རྫུ་འཕྲུལ་ཞབས་ཀྱིས་མི་བསྒྲོད་དམ། །འདིར་གཤེགས་བདག་གི་འགྲོ་ལ་ཕན་དོན་དུ། །རྒྱལ་བའི་བསྟན་ལ་ལྷག་པར་བསམ་པའི་དོན། །འབད་པ་ཆེན་པོས་གསོལ་བ་བཏབ་པ་འདི། །ཇི་བཞིན་རེ་བའི་འབྲས་བུ་བསླུ་མེད་པར། །དུས་འདི་ཉིད་དུ་གསལ་བར་སྟོན་མཛོད་ཀྱཻ། །

༈ ན་མོ་ཨ་མི་ཏ་བྷཱ་ཡ།

མཁའ་ལྟར་ཀུན་ཏུ་བརྡལ་བའི་ཡེ་ཤེས་འོད་ཀྱི་སྣང་བ་ཆེ། །མཐའ་ཡས་སྲིད་ཞི་ཀུན་གྱི་སྤྱི་དཔལ་ཀུན་གྱི་མགོན་དང་བཅུད། །ཡང་དག་རྫོགས་པའི་སངས་རྒྱས་ཚད་མེད་ཐུགས་རྗེ་རྒྱ་མཚོའི་བདག །མཚུངས་པ་མི་མངའ་བདེ་ལྡན་ཞིང་གི་བདག་པོར་ཡོངས་བསྟན་པ། །ཀུན་ཏུ་བཟང་པོ་འོད་མི་འགྱུར་བ་འོད་དཔག་མེད་པ་ཞེས། །དོན་དམ་ཡང་དག་མཚན་ཉིད་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །མཁའ་ཁྱབ་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་དམིགས་བསམ་ཡོངས་བྲལ་མོད། །དམིགས་བསམ་བྲལ་ཞེས་བེམ་སྟོང་མ་ཡིན་རྣམ་པར་ཐམས་ཅད་པ། །རྣམ་ཀུན་མཆོག་ལྡན་ཆོ་འཕྲུལ་རོལ་པ་དཔག་ཡས་འབྱམས་ཀླས་གྱུར། །བསམ་གྱིས་མི་ཁྱབ་ཀུན་རྫོབ་བདེན་པ་ཡོངས་སུ་འཆར་བའི་གཞི། །དོན་དམ་བདེན་པ་རྟག་པའི་རང་བཞིན་འོད་གསལ་འདུས་མ་བྱས། །གདོད་ནས་དག་པའི་བདག་པོ་ཡོད་དགེ་འདུས་མ་བྱས་པ་གང་། །མཐའ་གཉིས་ཡོངས་སྤང་འདུས་བྱས་སེམས་ཀྱིས་སྦགས་ལ་དེ་མཐུན་པར། །ཆུའི་གཉེར་ཆུ་བཞིན་རང་གཟུགས་ཐབས་ཀྱི་འགྲོ་བ་འདུལ་བ་ལ། །ཆེས་མཁས་སྣ་ཚོགས་ལས་དང་སྣ་ཚོགས་གཟུགས་ཀྱི་དེ་འབྲེལ་བའི། །འགྲོ་ཀུན་ཐར་པ་གསུམ་ལ་ཉེར་སྦྱོར་རྒྱལ་བའི་ཕྲིན་ལས་མཛད། །མ་གྷ་དྷ་ཡི་བྱང་ཆུབ་ཤིང་དབང་དྲུང་ནས་བྱང་གི་ཚོགས། །དཔག་ཚད་ལྔ་བརྒྱ་ཕྲག་གཅིག་འདས་པར་རི་དབང་ཀེ་ཏ་ར། །ལྷ་ལས་བབས་པའི་རྡུལ་གྱིས་ཉེར་གཡོགས་རྡོ་རྗེའི་སྤོ་མཐོན་པོར། །ཟག་ཟད་འཕགས་དང་ལྷ་ཡི་དྲང་སྲོང་ལྷ་ཆེན་མང་པོ་ཡི། །ཉེར་བརྟེན་མཆོག་གི་གནས་དེའི་བྱ་འདབ་ཉིད་དུ་སྤྲུལ་པའི་སྐུ། །འཛམ་བུ་ཆུ་བོའི་གསེར་བཞིན་དྭངས་གསལ་སྙོག་པ་མེད་པའི་སྐུ། །བེམས་པོ་སྤང་ཡང་བེམས་པོའི་ཚུལ་བརྟན་བདེན་གཉིས་ཟུང་འཇུག་སྐུ། །ཆོས་ཉིད་སྣང་བ་ཆེན་པོ་གསུམ་བརྩེགས་འདུ་འབྲལ་ཡེ་མེད་སྐུ། །པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཕྱག་རྒྱ་མཛེས། །འཛུམ་པའི་ཞལ་མངའ་གཙུག་ཏོར་མངོན་འཕགས་ལྟ་ན་སྡུག་པའི་སྐུ། །འབྲེལ་འགྱུར་མཆོག་གི་ས་ལ་རབ་སྦྱོར་རྒྱལ་བའི་སྐུ་བརྙན་མཆོག །གང་དེར་སྙིང་ནས་གུས་པས་ཕྱག་འཚལ་མཆོད་འབུལ་གསོལ་བ་འདེབས། །དེ་མཐུས་བདག་དང་འབྲེལ་གྱུར་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྡིག་ཟད་སྒྲིབ་སྤང་འཕགས་པ་མཆོག་གི་ས་ལ་མྱུར་འཁོད་ཅིང་། །དེ་སྲིད་རྒྱལ་བའི་ཞིང་ཁམས་ཡོངས་སྦྱངས་བདེ་ལྡན་བཀོད་པ་རུ། །འོད་དཔག་མེད་མགོན་མཉེས་པའི་སྤྱོད་པ་རབ་བརྩོན་ཤོག །

ཅེས་འཛམ་གླིང་ཆུ་བཞིའི་མགོ་བོ་རིའི་རྒྱལ་པོ་ཀེ་ཏ་ར་ཡི་ནུབ་ཕྱོགས་ཀྱི་རི་ངོགས་གཉན་པོར་རི་རྫོང་དུ་གྲགས་པའི་རྟེན་གཙོ་སངས་རྒྱས་འོད་དཔག་མེད་པའི་སྐུ་བརྙན་ལ་གུས་པས་བསྟོད་གསོལ་འདེབས་པའི་ཚིག་སྙན་དར་གྱི་ངོས་སུ། དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཆུ་བྱ་རྒྱུད་རྩིས་ཀྱི་དབྱུག་ཟླའི་དཀར་ཚེས་ལྔ་ལ་བྲིས་ཏེ་ཕུལ་བ་སརྦ་མངྒ་ལཾ།

༈ ན་མཿ ཤྲཱི་བུདྡྷ་ཨ་མི་ཏ་བྷ་ཡ།

མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཁམས། །གཅིག་དང་དུ་མའི་སྤྲོས་པ་ཡོངས་བྲལ་བ། །གདོད་མའི་མགོན་པོ་ཀུན་བཟང་འོད་དཔག་མེད། །ཆོས་སྐུ་དམིགས་བསམ་བློ་ཡུལ་ལས་འདས་ཡང་། །བེམ་སྟོང་མ་ཡིན་བདག་མེད་ཆོས་དབྱིངས་བདག །རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་པ། །ཆུ་ཞུགས་ཆུས་འགུག་པ་བཞིན་འདུས་བྱས་འགྲོ། །འདུལ་ལ་འདུས་བྱས་རྣམ་པར་སྤྲུལ་གྱུར་པ། །གཟུགས་སྐུ་བེམ་པོའི་རྣམ་པར་སྣང་བ་ལ། །ཆོས་ཉིད་སྣང་བ་ཆེན་པོ་གསུམ་བརྩེགས་པ། །གདོད་ནས་སྐུ་ཞིང་འདུ་འབྲལ་མེད་པའི་ཁམས། །ཡེ་ཤེས་སེམས་མཆོག་བདེན་གཉིས་ཟུང་འཇུག་གཟུགས། །འབྲེལ་བཅས་འགྲོ་ཀུན་ཐར་གསུམ་ལ་འགོད་བྱེད། །སྐུ་བརྙན་ཚུལ་ཤར་འགྲོ་བ་འདུལ་མཛད་མགོན། །དབུས་འགྱུར་བྱང་ཕྱོགས་དཔག་ཚད་ལྔ་བརྒྱའི་མཚམས། །རི་རྒྱལ་ཀེ་ཏ་ར་འགྲམ་ཞང་ཞུང་འགོར། །སྔོན་ཚེ་རྒྱལ་བས་བྱིན་རླབས་རང་བྱུང་སྐུ། །ཡན་ལག་བརྒྱད་ལྡན་ཆུ་དང་ལྷན་ཅིག་ཏུ། །ཞིང་སྐྱེས་མཁའ་འགྲོས་ས་འོག་ནས་ཕྱུང་བ། །འགྲོ་ཀུན་སེལ་བའི་ནོར་བུ་འོད་པོ་ཆེ། །རྫོགས་སངས་རྒྱས་གྱུར་འོད་དཔག་མེད་སྐུ་བརྙན། །ཨསྨ་ལས་འདས་ཨསྨ་ལས་གྲུབ་ཚུལ། །ཛམྦུ་ཆུ་གསེར་ཇི་བཞིན་སེར་དཀར་དང་། །པད་ཟླ་རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཕྱག །ཞལ་འཛུམ་དབུ་ཡི་གཙུག་ཏོར་མངོན་པར་འཕགས། །མཐོས་ཐོས་དྲན་པས་མཆོག་གི་སར་འགོད་མཛད། །དེ་ལ་ཀུན་ཏུ་དྭངས་གུས་ཡང་དག་པས། །ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས་པའི་མཐུས། །གངས་ཅན་མགོན་པོ་བསྐལ་བཟང་རྒྱ་མཚོ་ཡི། །སྐུ་ཚེ་འཚོ་བཞེས་བརྟན་ཅིང་མངའ་ཐང་འཕེལ། །གངས་ཅན་འགྲོ་ཀུན་དགའ་བདེའི་དཔལ་ལ་སྤྱོད། །བདག་གཞན་འབྲེལ་ཀུན་འོད་དཔག་མེད་འགྲུབ་ཤོག །

ཅེས་བོད་ཡུལ་མངའ་རི་ཞང་ཞུང་ས་ཡི་ཐིག་ལེ་ཁྱུང་ལུང་ཞེས་སྲིད་པའི་མ་མོ་ཆེན་མོའི་ཕོ་བྲང་འདབ་རོལ་ཞིང་སྐྱེས་མཁའ་འགྲོ་ལ་ས་འོག་བདུད་རྩིའི་ཆུ་རྒྱུན་འབེབས་པའི་བུ་ག་ནས་སྤྱན་དྲངས་པ་བོན་རྣམས་ཀྱིས་སྟོན་པ་གཤེན་རབ་ཏུ་འདོད་ཀྱང་དོན་དུ་སངས་རྒྱས་འོད་དཔག་མེད་པའི་སྐུ་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་རླབས་པ་ཉིད་དུ་ངེས་པས་དེས་ན། དེ་ལ་སྙན་དར་གངས་ཅན་མགོན་པོ་རྒྱལ་བ་མཆོག་གི་ཕྱག་ནས་སྩལ་བའི་ལྷ་ཡི་རེག་བྱ་རྣམ་པར་དཀར་བའི་ངོགས་སུ་བསྟོད་གསོལ་སྨོན་ལམ་འདི་ཡང་ཆུ་བྱ་རྒྱུད་རྩིས་ཀྱི་དབྱུག་ཟླའི་དཀར་ཚེས་ལྔ་ལ་བྲིས་ཏེ་ཕུལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

གདོད་ནས་རྣམ་པར་དག་པ་ཆོས་ཀྱི་དབྱིངས། །བྲི་གང་སྤྲོས་པ་ཀུན་ལས་རབ་འདས་མོད། །རྒྱལ་ཀུན་ཡེ་ཤེས་ཆོས་སྐུའི་ཁམས་དེ་ཉིད། །རྣམ་ཐར་བཞི་ལྡན་ཤེས་རབ་ཕ་རོལ་ཕྱིན། །གཟུགས་དང་གཟུགས་མེད་ཉིད་དུ་བལྟ་བ་གང་། །རྟག་ཆད་མཐའ་སྟེ་རྒྱལ་བ་ཐབས་མཁས་དེས། །མཐའ་གཉིས་སྤང་ཕྱིར་ཆོས་སྐུའི་བརྡའ་ཐབས་སུ། །རྣམ་པར་བཞག་པ་མཆོད་རྟེན་ཞེས་སུ་གྲགས། །དོན་དུ་དོན་དམ་ཆོས་དབྱིངས་སྟོང་པ་ཉིད། །རྣམ་པ་ཐམས་ཅད་པ་སྟེ་བསམ་མི་ཁྱབ། །དེས་ན་བདེན་གཉིས་ཟུང་འཇུག་རང་བཞིན་ཉིད། །ཐུགས་རྟེན་མཆོད་རྟེན་ཉིད་ལ་ཅིས་མི་བསྔགས། །གང་ཞིག་སངས་རྒྱས་འོད་བསྲུང་བསྟན་པ་ལ། །འཕགས་པ་ཆེ་རྣམས་སྤྲུལ་པའི་ཟློས་གར་ཉིད། །ཅིར་ཡང་སྟོན་ལས་རིགས་ངན་སྐྱེས་བུའི་ཚུལ། །རིགས་མཐུན་གདུལ་བྱ་མང་པོ་འདྲེན་སླད་དུ། །འཕགས་ཡུལ་བྱང་ཕྱོགས་ནེམྤྷལ་ཡི་ལྗོངས། །མ་གུ་ཏ་ཡི་གྲོང་འདིར་མངོན་སྣང་ནས། །སངས་རྒྱས་ཀྱིས་ཀྱང་གདུལ་དཀའི་འགྲོ་བ་ལ། །སངས་རྒྱས་ལས་ལྷག་ཕྲིན་ལས་བསྒྲུབ་པའི་ཕྱིར། །བྱ་རྫི་མ་དང་སྲས་བཅས་ཀྱིས་འབད་པའི། །མཆོད་རྟེན་བྱ་རི་ཀཾ་ཤོ་མ་ཞེས་བྱ། །རྒྱ་བལ་སྤྱི་དང་ཁྱད་པར་བོད་ཡུལ་གྱི། །རྟེན་འབྲེལ་དགེ་བའི་རྩ་ལག་མཆོག་གྱུར་པ། །མཆོད་རྟེན་དེ་ལ་བདག་གི་སྒོ་གསུམ་གྱིས། །འབད་པས་དགེ་བའི་རྩ་བ་སྐྲུན་པ་དང་། །ཁྱད་པར་དུས་འདིར་སངས་རྒྱས་རྗེས་དྲན་བཞིན། །རྒྱལ་བའི་དུས་ཆེན་ཉིད་ལ་ཅི་ནུས་ཀྱིས། །མཆོད་སྤྲིན་སྤེལ་ནས་ལྷན་ཅིག་ལྷ་ཡི་དར། །རབ་དཀར་ཚངས་པའི་ཁྱེའུའི་ལྡིང་གོས་བཞིན། །རེག་འཇམ་མཐོང་ན་དགའ་བའི་རང་བཞིན་ཅན། །ཙི་ཏི་སི་ཡི་མེ་ཏོག་ལ་འཁུ་བའི། །ངོས་སུ་འདོད་དོན་སེམས་ཀྱི་རྡོ་རྗེ་ཡིས། །ཡོངས་བཀོད་ངེས་པར་གནས་པའི་ཨ་ཀྵར། །འདིའོ་བདེན་གཉིས་ཟུང་འཇུག་ནུས་པ་ཡི། །བསླུ་མེད་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །ག་བུར་ཐིག་པ་ཇི་འདྲ་བསིལ་བའི་རི། །ཁ་བས་བསྐོར་གྱུར་བྱང་ཕྱོགས་བོད་ཀྱི་ཡུལ། །སྲིད་ཞི་ཕུན་ཚོགས་འབྱུང་གནས་རྒྱལ་བའི་བསྟན། །མཐའ་དག་དང་ནི་དེ་འཛིན་སྐྱེས་བུ་མཆོག །རྒྱུ་སྐར་ཕྲེང་བ་ཇི་འདྲ་བཀོད་པའི་དབུས། །སྤྱི་དཔལ་ས་གའི་གཉེན་གྱུར་འོད་དཀར་ཅན། །ཇི་འདྲ་འགྲོ་བའི་ཚད་གདུང་སྐྱོབས་པའི་སྨན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱུར་བླ་མ་ཆེ། །ངག་གི་དབང་ཕྱུག་བསྐལ་བཟང་རྒྱ་མཚོའི་སྡེ། །གང་སྐུའི་ཉེར་ཚེ་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྒུ་ཕུན་སུམ་ཚོགས་པའི་དཔལ་ཀུན་རྒྱས། །སྐུ་ཚེ་རྡོ་རྗེ་ལྟ་བུར་འཚོ་བཞེས་ཤོག །མཐའ་བཞིར་གནས་པའི་དབང་ཕྱུག་ཆེ་རྣམས་ཀྱིས། །གངས་ཅན་མགོན་པོ་མཆོག་ལ་གུས་མཆོད་ཅིང་། །མཐའ་དམག་གདུག་ཞི་ཕན་བདེའི་རྩ་ལག་རྒྱས། །ཀུན་ཀྱང་གཉེན་གཤིམ་ལས་ལ་རྟག་སྤྱོད་ཤོག །བློ་བུར་མི་ངེས་ནད་རིམས་རྒྱུན་ཆད་ཅིང་། །ཆར་ཆུ་དུས་འབབ་ལོ་ཕྱུག་རྟག་ཏུ་ལེགས། །བོད་ཡུལ་འགྲོ་ཀུན་བཟང་པོ་མཆོག་ལ་སྤྱོད། །དགེ་ཞིང་དགེ་བའི་འཁོར་ལོ་འཁོར་བར་ཤོག །རྫོགས་སངས་རྒྱས་ཀྱི་བསྟན་ལ་གནས་པ་ཡི། །དགེ་འདུན་ཀུན་ཀྱང་ཕན་ཚུན་དག་སྣང་རྒྱས། །བསྟན་འཛིན་སྐྱེས་ཀུན་ཐུགས་ཡིད་མཛའ་ཞིང་གཤིམ། །འདུས་པ་དང་པོ་ཇི་བཞིན་མཛེས་པར་ཤོག །གངས་རིའི་ཁྲོད་དུ་འཁོད་པའི་སྐྱེ་བོ་ཀུན། །མཁའ་སློབ་དགེ་སྦྱོང་ཕ་མ་ལ་གུས་ཤིང་། །ཁྲིམས་ཀྱི་བདག་པོའི་ངག་ལ་གུས་བྱེད་པ། །དྲ་མ་མཐོ་རིས་ལས་ལ་རྟག་སྤྱོད་ཤོག །རྒྱལ་ཁྲིམས་ལས་ལ་སྤྱོད་པའི་གཙོ་རྣམས་ཡང་། །ནོར་ལ་མི་སྲེད་བདག་དོན་གཙོར་མི་འཛིན། །ངོ་ལྐོག་མེད་པར་དྲང་པོའི་ལས་ལ་སྤྱོད། །ཆོས་དང་མཐུན་ཁྲིམས་ཁོ་ནར་སྤྱོད་པར་ཤོག །མདོར་ན་བདག་གི་སྐྱེ་བ་སྔོན་རབས་དང་། །ཁྱད་པར་ཚེ་འདིར་བྱང་ཆུབ་མཆོག་སེམས་ཀྱིས། །ཡོངས་བཟུང་བཟང་པོ་སྤྱོད་པའི་སྨོན་ལམ་ཀུན། །བསླུ་མེད་ཇི་བཞིན་དུས་འདི་ནས་འགྲུབ་ཤོག །

ཅེས་རབ་བྱུང་བཅུ་གསུམ་ནང་གི་དངོས་པོའི་ལོ་གཟའ་སྐར་དགེ་བ་ལ་བལ་ཡུལ་ཤིང་ཀུན་གྱི་བྱ་འདབ་ཀཱི་ངོར་གངས་ཅན་མགོན་པོ་མཆོག་གི་ཕྱག་ནས་སྩལ་བའི་ལྷའི་དར་མཆོད་རྟེན་ཆེན་པོ་བྱ་རི་ཀཾ་ཤོ་མ་ལ་ཕུལ་བའི་ངོས་སུ་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནམ་ཨུཏྟ་ར་ཛྭ་ཀི་ཧ་རི་ནཱ་ཐའི་མིང་ཅན་གྱི་ལྷག་པའི་བསམ་པས། རྒྱལ་བ་མཆོག་གི་ཞབས་བརྟན་གཙོ་བོར་སྨོས་པ་འདོད་དོན་གྱི་སྨོན་ལམ་ས་བོན་ཙམ་ཤུགས་འབྱུང་ལྷུག་པར་བརྗོད་པའི་ཡི་གེ་པ་ནི་དགེ་སློང་ཤེས་རབ་བསྟན་འཛིན་གྱིས་བགྱིས་པའོ། །དགེའོ། །དགེའོ། །

༈ ཨོཾ་སྭཱསྟི།

རྒྱལ་བའི་ཡེ་ཤེས་མཁའ་ཁྱབ་ཆོས་ཀྱི་སྐུ། །མཐོང་ཐོས་རེག་པའི་ཡུལ་ལས་ཡོངས་འདས་མོད། །བེམས་སྟོང་མ་ཡིན་རྣམ་པ་ཐམས་ཅད་པ། །སྐུ་གཟུགས་བཀོད་པ་བརྡའ་ཐབས་ཅིར་ཡང་སྣང་། །རིང་བསྲེལ་ལྡན་པའི་མཆོད་རྟེན་ཆོས་སྐུའི་བརྡར། །རྒྱལ་བས་གསུང་བཞིན་འཛམ་གླིང་མཛེས་པའི་རྒྱན། །ས་བདག་མྱ་ངན་མེད་པས་འབུམ་ཕྲག་བརྒྱད། །བཞེངས་ལས་ནེམྤྷལ་ཡམ་བུ་མཛེས་པའི་གྲོང་། །དབུས་སུ་གནས་པའི་མཆོད་སྡོང་དེ་ལ་ཡང་། །བདག་བློ་རབ་གུས་དྭངས་བས་ཕྱག་འཚལ་ཞིང་། །རབ་བཟང་གོས་མཆོག་འདི་ཕུལ་དགེ་བས་ཀྱང་། །དཔལ་ལྡན་བླ་མའི་ཞབས་པད་མཆོག་ཏུ་བརྟན། །རྡོ་རྗེ་སྤུན་རྣམས་མཛའ་གཤིམ་དགྱེས་རྒུར་སྤྱོད། །སོ་ཐར་བྱང་སེམས་སྔགས་སྡོམ་རྣམ་པར་དག །དད་ལྡན་སྦྱིན་བདག་མངའ་ཐང་འབྱོར་པ་འཕེལ། །རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་སྐལ་ཞི། །མདོར་ན་རྣལ་འབྱོར་ཚེ་དབང་ནོར་བུ་ཡིས། །རྒྱལ་བ་སྲས་སློབ་འཕགས་རྣམས་དགྱེས་སླད་དུ། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཀུན། །བསླུ་མེད་ཡང་དག་ཉིད་དུ་འགྲུབ་གྱུར་ཤོག །

ཞེས་དངོས་པོའི་ལོ་ས་ག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་མདོ་ཁམས་རེ་ཁེ་ལྗོངས་ཀྱི་བླ་མ་ཚེ་དབང་ནོར་བུས་བྲིས་ཏེ་ཕུལ་བ་དགེའོ། །

༈ ཨོཾ་སྭཱསྟི།

ཧེ་རུ་ཀ་དཔལ་ལ། སྙིང་ནས་ཕྱག་འཚལ་འདུད། །སྒྲིབ་གསུམ་ཀུན་བཅོམ་ཞིང་། །ཚོགས་གསུམ་མཐར་ཐུག་པ། །ཁྱེད་རང་ཇི་འདྲ་པར། །མྱུར་དུ་བྱིན་གྱིས་རློབས། །མཆོག་གསུམ་རྩ་གསུམ་གྱི། །བདེན་པས་དེ་འགྲུབ་མཛོད། །ཚེ་རབས་ཐམས་ཅད་དུ། །གཙུག་ལག་བསྟན་བཅོས་ལ། །མཁས་ཤིང་དོན་ལ་དགའ། །མཆོག་འབྲས་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།

ཤིང་ཕག་ཟླ་ ༧ ཚེས་ ༢༤ ལ་དངོས་གྲུབ་ཕུག་ནས་རྗེ་དཔའ་བོའི་སྐྱིད་གྲོང་བྱམས་སྤྲིན་དང་འཕགས་པའི་སྙན་དར་ལ་གནང་བའོ། །

༈ ཨོཾ་སྭཱསྟི།

རབ་འབྱམས་རྒྱལ་བའི་འཕྲིན་ལས་ཡོངས་བསྡུས་པ། །སངས་རྒྱས་ཐུབ་པ་འགྲོ་བ་ཡོངས་ཀྱི་མགོན། །འགྲོ་བའི་སྙིང་གི་མུན་པ་སེལ་མཛད་པ། །ཉིན་བྱེད་སྣང་བ་དེ་ལ་གུས་ཕྱག་འཚལ། །མགོན་པོ་ཁྱོད་ཀྱི་སྐུ་ཡི་སྣང་བརྙན་ཚུལ། །བོད་ཡུལ་འགྲོ་བའི་མཆོད་སྡོང་ཡིད་བཞིན་དབང་། །ཁྱེད་ལ་ལྷ་གོས་བཟང་པོ་འདི་འབུལ་མཐུས།།དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་།།ཡོངས་རྫོགས་བསྟན་པའི་སྒྲོན་མེ་རིན་ཆེན་གྲུབ། །གང་གི་རིང་ལུགས་ཇི་བཞིན་འཛིན་པ་ཡི། །སྡེ་ཆེན་ཉམས་མེད་གོང་ནས་གོང་དུ་འཕེལ། །ཕྲིན་ལས་དར་རྒྱས་བསྟན་འཛིན་མཛའ་གཤིམ་ཤོག །

ཅེས་ཞ་ལུ་བ་དགེ་སློང་རིན་ཆེན་འཇམ་དཔལ་དོན་གྲུབ་ཀྱིས་བསྐུལ་བའི་ངོར་ཚེ་དབང་ནོར་བུས་སྤེལ་བ་མངྒ་ལཾ།

༈ ཨོཾ་སྭཱསྟི།

རྒྱལ་བ་རབ་གསལ་ངོ་བོ་རྒྱལ་སྲས་ཚུལ། །རིན་ཆེན་དམ་ཆོས་སྒྲོན་མེ་རིན་ཆེན་གྲུབ། །མཁས་པའི་ཁྱུ་མཆོག་མཁས་པ་ཡོངས་ཀྱི་གཙོ། །དཔལ་མཆོག་ཁྱེད་ལ་འདུད་དོ་དཔལ་བྱིན་རློབས། །བདག་གི་ཚེ་རབས་ཚེ་རྒྱུད་ཇི་སྲིད་དུ། །མཁས་པར་དབང་འབྱོར་དབང་ཕྱུག་ཡོན་ཏན་རྫོགས། །འཕགས་ནོར་བདུན་ལྡན་མ་ནོར་བླ་མས་བཟུང་། །བདག་འབྲེལ་ཚོམ་བུ་ཁྱེད་ལྟ་བུ་འགྲུབ་ཤོག །

ཅེས་ཞ་ལུ་མཆོད་རྟེན་སྙན་ཤལ་དུ་ཚེ་དབང་ནོར་བུས་བྲིས། མངྒ་ལཾ།

༈ ཨོཾ་སྭཱསྟི།

རྡོ་རྗེ་རབ་བརྟན་མ། །གཡར་དམ་མ་གཡེལ་གཅིག །འདི་ནས་བྱང་ཆེན་བར། །བདག་དང་འབྲལ་མེད་འགྲོགས། །ཐབས་ཤེས་ཟུང་དུ་འཇུག །ཐབས་ལམ་གྲོགས་བཟང་གྱུར། །བྱང་ཆུབ་སྤྱད་པ་སྤྱོད། །བྱང་ཆེན་མྱུར་འགྲུབ་ཤོག །མངྒ་ལཾ།

ན་མོ་མ་ཧཱ་མུ་ཏྲ་ཡ། ཆོས་རྣམས་ཀུན་གྱི་གདོད་མའི་གནས་ལུགས་ཉིད། །རང་བཞིན་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས། །ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་པ། །ཀུན་ཏུ་དེ་ལ་འདུད་དོ་དགེ་ལེགས་སྩོལ། །རྒྱལ་ཀུན་བགྲོད་པ་གཅིག་ལམ་ཡང་དག་ཆོས། །ལྷན་ཅིག་སྐྱེས་སྦྱོར་གདོད་མའི་ཡེ་ཤེས་དེ། །གདུལ་བྱའི་རྒྱུད་ལ་གདམས་མཛད་མཁས་པའི་མཆོག །གཅིག་ཤེས་ཀུན་གྲོལ་ཟླ་འོད་གཞོན་ནུར་འདུད། །རྒྱུ་འབྲས་ཐེག་པའི་ཚུལ་ཁྲིམས་ཀུན་གྱི་མདོ། །ཅི་བཞིན་ལེགས་པར་གཟིགས་ནས་གདུལ་བྱ་རྣམས། །ཉེས་བྱས་དྲི་མས་དབེན་པར་བྱིན་རླབས་མཛད། །བཙུན་པ་ཆེན་པོ་ཟླ་འོད་གཞོན་ནུར་འདུད། །རྒྱལ་བ་དུ་མའི་སྔོན་དུ་བྱང་ཆུབ་ཀྱང་། །འགྲོ་རྣམས་བརྩེ་ཆེན་ཐུགས་སུ་ཆུད་པ་ཡི། །རྒྱལ་སྲས་ཚུལ་གྱིས་མཐའ་ཡས་འགྲོ་བའི་མགོན། །སྟོན་མཛད་རྒྱལ་བ་ཟླ་འོད་གཞོན་ནུར་འདུད། །དེ་ལྟར་མཉམ་མེད་ཁྱོད་ཀྱི་ཡོན་ཏན་ནི། །མཁའ་མཁས་དང་མཚུངས་ཚད་གཞལ་མ་མཆིས་ཀྱང་། །ཆ་ཙམ་བདག་བློ་མོས་པས་བསྟོད་གསོལ་ན། །བདག་སོགས་རྫོགས་ཆེན་མགོན་ཁྱེད་དགྱེས་སུ་གསོལ། །དེ་སོགས་དགེ་བས་བདག་གི་ཚེ་རབས་རྟག །འཁོར་ལོ་གསུམ་པ་ཕྱིར་མི་ལྡོག་པའི་གཏམ། །ལྷུར་ལེན་དེ་ཡི་བལྟ་བ་ཇི་ལྟ་བར། །མཁའ་མཉམ་འགྲོ་ཀུན་དཀྲི་བའི་བྱེད་པར་ཤོག །དེ་བཞིན་བསྒོམ་པ་ཕྱག་ཆེན་མགོན་ཁྱེད་ཀྱི། །དགོངས་པ་ཇི་བཞིན་བདག་གི་རྒྱུད་ལ་འཕོས། །རྣལ་འབྱོར་བཞི་ཡི་ལམ་རྩལ་ཅིག་ཆར་རྫོགས། །སྐུ་གཉིས་འབྲས་བུ་དུས་འདིར་སྨིན་པར་མཛོད། །

ཞེས་གངས་ཅན་བོད་ཀྱི་བཀའ་བརྒྱུད་མཐའ་དག་པའི་ཆུ་མགོ་སྒམ་པོ་ཟང་ལུང་གི་མཉམ་མེད་ལྷ་རྗེའི་སྐུ་ཡི་སྙན་ཤལ་དར་དུ་དཔལ་ཚེ་དབང་ནོར་བུས་མེ་སྦྲུལ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་ཕུལ་བའི་ཡི་གེ་སྨོན་ལམ་བགྱིས་པའི་རིས་བྱེད་དགེ་སློང་བཟང་གཞན་ཕན་ནོ། །

༈ ཨོཾ་སྭཱསྟི།

རབ་ཞི་བདེ་བ་ཆེན་པོ་འོད་གསལ་བ། །རབ་མཆོག་རྒྱལ་བ་ཀུན་གྱི་ཡེ་ཤེས་ཁམས། །རབ་གྱུར་ཕྱག་རྒྱ་ཆེན་པོ་དོན་དམ་ཆོས། །རབ་ཏུ་དགེ་ལེགས་འབར་དེས་ངེས་པར་མཛོད། །སྲིད་པ་འདི་ནས་དཔེ་ཟླ་ཡོངས་བྲལ་བ། །ཐུབ་དབང་འགྲོ་བའི་ཉིན་བྱེད་འོད་ཆེན་དེའི། །རྒྱལ་ཚབ་པདྨ་ཀ་ར་གཞོན་ནུའི་ཚུལ། །གཉལ་སྨད་ལྷ་རྗེ་དེ་ལ་ཕྱག་འཚལ་འདུད། །བསྒྲངས་ཡས་བསྐལ་པར་བསོད་ནམས་ཡེ་ཤེས་མཐུ། །ཡོངས་སུ་སྨིན་བྱེད་རྩོད་ལྡན་སྙིགས་མའི་འགྲོར། །རྨད་བྱུང་ཐུགས་བསྐྱེད་རིན་ཆེན་ལས་བསྐྲུན་པའི། །རྒྱལ་མཆོག་དྭགས་པོ་ལྷ་རྗེར་སྙིང་ནས་འདུད། །གདུལ་བྱ་ཀུན་ལ་དགའ་བའི་དཔལ་སྟེར་མཁན། །ཡང་དག་ཐར་པའི་ལམ་གྱི་བཤེས་གཅིག་པུ། །ངེས་ངོན་སྙིང་པོའི་སྒྲོན་མེ་ཟླ་འོད་མགོན། །སྙི་བསྒོམ་འགྲོ་བའི་བླ་མར་ཕྱག་འཚལ་ལོ། །སེམས་ཉིད་གཉུག་མ་ལྷན་སྐྱེས་རང་ངོ་མཆོག །ལེགས་གཟིགས་འཛམ་གླིང་གྲགས་པའི་བསམ་གཏན་ཅན། །བཀའ་བརྒྱུད་གཙུག་རྒྱན་ས་བཅུའི་བྱང་ཆུབ་སེམས། །མགོན་པོ་ཟླ་འོད་གཞོན་ནུར་ཕྱག་འཚལ་ལོ། །དེ་ལྟར་སྙིང་ནས་ཁྱད་བསྔགས་ཚིགས་བཅད་འདི། །རབ་འབྱམས་ལྷ་གོས་ངོས་སུ་སྤེལ་མཐུ་དང་། །གཞན་ཡང་རྣམ་དཀར་དགེ་ཚོགས་ཡོངས་སྡོམ་ནས། །བདག་གི་བྱང་སེམས་ཀྱིས་ཟིན་དུས་གསུམ་དུ། །ཐེག་ཆེན་སྨོན་ལམ་བཟང་པོ་གང་བཏབ་ཀུན། །བསླུ་མེད་ཕུན་ཚོགས་ཉིད་དུ་འགྲུབ་པའི་རྒྱུར། །ཡོངས་སུ་བསྔོ་ན་དེ་བཞིན་འགྲུབ་པ་རུ། །དཔང་གྱུར་ཁྱེད་རྣམས་ཀུན་གྱིས་བདེན་པར་མཛོད། །

ཞེས་དྭགས་ལྷ་སྒམ་པོའི་གཙུག་ལག་ཁང་ཆེན་གྱི་རྟེན་གཙོ་ལ་ཡག་པས་བཞེངས་པའི་སྐུ་ཚབ་ཡིད་བཞིན་ནོར་བུའི་སྙན་དར་ལ་སྨོན་ལམ་དུ་རི་ཁ་བ་ཅན་ཀུན་ཏུ་ཀཿཐོག་རིག་པ་འཛིན་པར་གྲགས་པས་ཕུལ་བའི་ཡི་གེ་པ་དགེ་སློང་ཀུན་བཟང་གཞན་ཕན་ནོ། །མངྒ་ལཾ།

༈ སྭཱསྟི།

རྣམ་ཀུན་རྒྱལ་བའི་ཡེ་ཤེས་བིམྦི་ཚུལ། །ཁ་ཆེ་རང་བྱུང་མཆོད་རྟེན་ཀ་ནི་ཀ །ཁྱེད་ལ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་བཤགས་བདག་གཞན་དགེ་བ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བསྐུལ་རྟག་པར་བཞུགས་གསོལ་ཞིང་། །བདག་གཞན་དགེ་ཚོགས་བྱང་ཆེན་རྒྱུར་བསྔོ་ན། །བྱང་ཆུབ་མཆོག་གི་བར་དུ་དགེ་འདིའི་རྒྱུན། །བསོད་ནམས་འཛད་མེད་གོང་ནས་གོང་འཕེལ་ཤོག །མདོར་ན་རིག་འཛིན་ཚེ་དབང་ནོར་བུ་ཡི། །ཐེག་ཆེན་སྨོན་ལམ་བཟང་པོ་བཏབ་པ་ཀུན། །བསླུ་མེད་འགྲུབ་ཅིང་འབྲེལ་བཅས་འགྲོ་ཀུན་གྲོལ། །གངས་ཅན་རྗེ་འབངས་བདེ་ཞིང་སྐྱིད་པར་ཤོག །

ཅེས་ཁ་ཆེའི་ཡུལ་གྱི་མཆོད་རྟེན་ཀ་ནི་ཀ་ཡི་སྙན་དར་དུ་རིག་པ་འཛིན་པས་ཕུལ་བ་མངྒ་ལཾ།

༈ ཨོཾ་སྭཱསྟི།

དགེ་ལེགས་ཕུན་ཚོགས་ཡོངས་ཀྱི་འབྱུང་བའི་གཞི། །དུས་གསུམ་རྒྱལ་བ་ཀུན་གྱིས་མགྲིན་གཅིག་ཏུ། །ངེས་པའི་དོན་སྟོན་རྡོ་རྗེ་སློབ་དཔོན་གང་། །རྒྱལ་ཀུན་ལས་ལྷག་ཐུགས་རྗེའི་མཐུ་ཆེན་དུ། །བསྔགས་བཞིན་དྭངས་པའི་ཡིད་ཀྱི་གུ་རུའི་སྐུ། །རིས་སུ་བྲིས་པ་འདི་ཡི་དགེ་བའི་མཐུས། །རྡོ་རྗེ་སློབ་མ་རྗེ་དབོན་བཟང་ལྡན་གང་། །ཚེ་རབས་ཀུན་ཏུ་དཔལ་མགོན་བླ་མ་ཡི། །ཐུགས་རྗེས་ཉེར་བཟུང་མཐོ་རིས་ཡོན་ཏན་དང་། །འཕགས་ནོར་གྱིས་བརྒྱན་ཁྱད་པར་རྫོགས་ཆེན་གྱི། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་རྫོགས་སངས་རྒྱས། །ཀུན་ཏུ་བཟང་པོ་ཇི་འདྲ་དེ་ཐོབ་ཤོག །

ཅེས་དེ་མོ་དབོན་རིན་པོ་ཆེའི་ཐུགས་དམ་ཐང་ཀའི་རྒྱབ་བྱང་དུ་དཔལ་རིག་པ་འཛིན་པས་བྲིས་པ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

རབ་འབྱམས་རྒྱལ་བ་མ་ལུས་ཐམས་ཅད་ཀྱི། །མཁའ་ཁྱབ་གསང་གསུམ་རྒྱ་མཚོར་དབང་བསྒྱུར་ཞིང་། །མ་རུང་གདུག་པ་འདུལ་མཛད་འགྲོ་བའི་མགོན། །བཅོམ་ལྡན་ལག་ན་རྡོ་རྗེས་བྱིན་གྱིས་རློབས། །གང་གི་སྐུ་གཟུགས་ལས་བཟང་དད་པ་ཅན། །ལྷ་དབང་དོན་གྲུབ་ཀྱིས་བསྐྲུན་དགེ་བའི་མཐུས། །སྐྱེ་ཀུན་ཚེ་རིང་དཔལ་འབྱོར་མངའ་ཐང་འཕེལ། །མཐོ་རིས་མངོན་མཐོ་འཕགས་ནོར་དག་གིས་ཕྱུག །ངེས་ལེགས་ལམ་སྟོན་མཚན་ལྡན་བླ་མས་ཟིན། །ལྷག་པའི་ལྷ་ཁྱོད་ཞལ་མཇལ་གསུང་ཐོས་ཤིང་། །ཡང་དག་ཆོས་ཉིད་བདེན་པ་མངོན་དུ་མཐོང་། །རིང་པོར་མ་ཐོགས་རྫོགས་སངས་རྒྱས་འགྲུབ་ཤོག །

ཅེས་རིག་པ་འཛིན་པ་ཚེ་དབང་ནོར་བུའི་བརྗོད་པ་སརྦ་མངྒ་ལཾ།

༈ ཨོཾ་སྭསྟི།

རྒྱལ་ཀུན་ཡེ་ཤེས་འབར་བའི་ཐིག་ལེ་ཉིད། །བདེ་ཆེན་དཔྱིད་ཀྱི་ཟློས་གར་རྡོ་རྗེ་ཆོས། །གཞོམ་མེད་གསུང་གི་སྒྲ་དབྱངས་ཡོངས་འདུས་གཟུགས། །གཟི་བརྗིད་འོད་དཔག་མེད་མགོན་རྒྱལ་ཀུན་གཙོ། །ཞི་ཁྲོ་རྣམ་འགྱུར་གར་བརྒྱ་རོལ་པའི་སྐུ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ། །མ་ལུས་བྱེད་པོ་ཁྱབ་བདག་ཧེ་རུ་ཀ །པདྨ་བཛྲ་རྩལ་གྱི་བཀྲ་ཤིས་གང་། །མཁའ་ཁྱབ་གདུལ་བྱ་ཡོངས་ཀྱི་འདོད་འཇོ་ཞིང་། །ཁྱད་པར་དགོངས་འདུས་གསེར་ཆོས་ཉམས་ལེན་མཁན། །སུ་ཞིག་དུས་འདི་ནས་ཙམ་བྱང་ཆུབ་བར། །ལས་བཞི་གྲུབ་བརྒྱད་འབད་མེད་ལྷུན་གྲུབ་ཅིང་། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །མ་ནོར་འཁྲུལ་མེད་སྟོན་མཛད་བླ་མ་མཆོག །ལེགས་མཇལ་སྨིན་གྲོལ་གདམས་པའི་བུམ་བཟང་ཐོབ། །རྣམ་དག་དམ་ཚིག་ཉམས་མེད་མཆོག་ཏུ་སྤྱོད། །བརྩོན་པས་བརྩམས་པ་ལྟོས་མིན་བླ་མ་ལྷས། །བྱིན་རླབས་མཐུ་རྟེན་གདམས་ངག་ཐོས་པའི་མདོ། །འབད་མེད་ཉིད་དུ་རྒྱལ་བ་ཀུན་གྱི་གསང་། །འོད་གསལ་རྡོ་རྗེ་སྙིང་པོའི་ཁོ་ན་ཉིད། །འུབ་ཆུབ་བློ་འདས་རིས་མེད་རང་ཤར་གྱི། །དགོངས་པའི་མཐར་ཐུག་རྩོད་མེད་ལྟ་བའི་མཆོག །བསམ་བརྗོད་དཔེ་བྲལ་ནམ་མཁའ་ལྟ་བུའི་དོན། །ཀ་དག་གདོད་མའི་གཤིས་ལུགས་མངོན་གྱུར་རྟོགས། །རང་གདངས་འགགས་མེད་འོད་གསལ་འདུས་མ་བྱས། །སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་དབྱིངས། །ཡེ་ཡིན་རང་བཞིན་རྫོགས་པ་ཆེན་པོའི་རྩེ། །སྐུ་ཉིད་སྤྱི་དཔལ་ཀུན་བཟང་ཡོངས་འགྲུབ་ཤོག །

ཅེས་ཀོང་ཡུལ་མཆིམས་ཀྱི་ས་སྤྱོད་མི་ཡི་དཔལ་ལྡན་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་གྱུར་སྔགས་འཆང་བ་བསོད་ནམས་རབ་བརྟན་གང་གི་ཐུགས་དམ་བླ་མ་དགོངས་འདུས་ཀྱི་ཞལ་ཐང་རྒྱབ་བྱང་དུ་རྒྱལ་དབང་པདྨ་ཀ་རའི་ཕོ་ཉར་རློམ་པ་ཟབ་གཏེར་ཁ་བྱང་འཛིན་པ་ཐམས་ཅད་ཀྱི་ཡང་ཐ་ཀཿཐོག་སྤྲུལ་སྐུ་གྲགས་པ་རིག་འཛིན་ཚེ་དབང་ནོར་བུས་སྨིན་དྲུག་ཟླ་བ་ལ་བརྗོད་པ་དགེ་བར་གྱུར་ཅིག

༈ ཨོཾ་སྭསྟི།

ཆོས་དབྱིངས་ཡེ་ཤེས་སངས་རྒྱས་ཀུན་གྱི་ཁམས། །སྒྱུ་འཕྲུལ་རྡོ་རྗེའི་སྐུ་མཆོག་ཐོད་ཕྲེང་རྩལ། །གང་གི་བཀྲ་ཤིས་འགྲོ་ཀུན་ལུས་ལ་སྩོལ། །ཚེ་རབས་རྟག་ཏུ་མཚན་དཔེས་རྒྱན་པར་ཤོག །

༈ ཨོཾ་སྭསྟི།

མཐའ་གཉིས་མི་སྐྱོད་མཉམ་ཉིད་ཡེ་ཤེས་ཆེ། །རྒྱལ་ཀུན་ཡོན་ཏན་རྡོ་རྗེ་ཡིད་བཞིན་ནོར། །གང་གི་བཀྲ་ཤིས་འགྲོ་བའི་དབང་པོར་སྩོལ། །སྐྱེ་ཀུན་འབད་མེད་ཕུན་ཚོགས་ཡོངས་འགྲུབ་ཤོག །

༈ ཨོཾ་སྭཱསྟི།

མ་ཆགས་པདྨ་སོར་རྟོགས་ཡེ་ཤེས་ཁམས། །སྲིད་ཞིའི་དབང་བསྒྱུར་རྒྱལ་ཀུན་གསུང་དབྱངས་ཁམས། །གང་གི་བཀྲ་ཤིས་འགྲོ་ཀུན་ངག་ལ་སྩོལ། །སྐྱེ་ཀུན་ཚངས་དབྱངས་ཡན་ལག་བརྒྱད་ཐོབ་ཤོག །

༈ ཨོཾ་སྭཱསྟི།

བྱ་བ་ཡོངས་གྲུབ་རྩལ་འཆང་སྔགས་ཀྱི་བདག །རྒྱལ་ཀུན་ཕྲིན་ལས་རིག་འཛིན་ཀུན་འདུས་གཙོ། །གང་གི་བཀྲ་ཤིས་འགྲོ་ཀུན་རླུང་ལ་སྩོལ། །སྐྱེ་ཀུན་ལས་ཆེན་རབ་འབྱམས་ལྷུན་གྲུབ་ཤོག །མཐའ་གྲོལ་རང་ཤར་ཡེ་ཤེས་སྒྱུ་འཕྲུལ་ཆེ། །རྒྱལ་ཀུན་མཐུ་བསྡུས་གཏུམ་པོ་མེ་འཕྲེང་ཅན། །གང་གི་བཀྲ་ཤིས་འགྲོ་བའི་སྒོ་ལྔར་འགྲོ། །སྐྱེ་ཀུན་གཉིས་སྣང་ལས་བགེགས་རྒྱལ་བར་ཤོག །

༈ ཨོཾ་སྭཱསྟི།

ཀློང་རྫོགས་བདེ་ཆེན་ཡེ་ཤེས་སྙིང་པོའི་དཔྱིད། །རྒྱལ་ཀུན་ནུས་པ་གཅིག་བསྡུས་ཐོད་པ་ཅན། །གང་གི་བཀྲ་ཤིས་ཀུན་རྟོགས་རྒྱུད་ལ་སྩོལ། །མི་འགྱུར་བདེ་ཆེན་གོ་འཕང་མྱུར་ཐོབ་ཤོག །

༈ ཨོཾ་སྭཱསྟི།

ཀློང་གསལ་ལྷུན་རྫོགས་ཡེ་ཤེས་རོལ་པའི་གར། །རྒྱལ་ཀུན་གཟི་བརྗིད་འདུས་པ་རྟ་མཆོག་དཔལ། །གང་གི་བཀྲ་ཤིས་འགྲོ་བའི་ཡིད་ལ་སྩོལ། །དོན་དམ་རྡོ་རྗེའི་གོ་འཕང་མྱུར་ཐོབ་ཤོག །

༈ ཨོཾ་སྭཱསྟི།

ལྷུན་གྲུབ་རྡུལ་བྲལ་ཡེ་ཤེས་འཁོར་ལོས་བསྒྱུར། །རྒྱལ་བ་ཀུན་གྱི་སྟོབས་འདུས་རྡོ་རྗེ་ཅན། །གང་གི་བཀྲ་ཤིས་ཀུན་གཞིའི་རྒྱུད་ལ་སྩོལ། །བདེ་གཤེགས་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །

༈ ཨོཾ་སྭཱསྟི།

གསུང་གི་རྡོ་རྗེ་གཟི་བརྗིད་རྟ་མཆོག་དཔལ། །སྙིང་རྗེ་ཆེར་ཁྲོས་ཧེ་རུ་ཀ་ནག་པོ། །ཡབ་ཡུམ་སྲས་འཁོར་བཅས་པའི་བཀྲ་ཤིས་གང་། །སྦྱིན་བདག་རྣམས་ལ་རྟག་ཏུ་བདེ་ལེགས་མཛོད། །

༈ ཨོཾ་སྭཱསྟི།

པདྨ་དབང་གི་ཕོ་ཉ་དྲག་པོ་བཙན། །སྤྲུལ་འཁོར་བཅས་པ་རྣམས་ཀྱི་བཀྲ་ཤིས་གང་། །སྦྱིན་བདག་འདི་ཡི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ཡིད་བཞིན་ཕུན་སུམ་ཚོགས་པར་མཛོད། །མངྒ་ལཾ།

༈ ན་མོ་སྟཱ་ར་ཡ།

རབ་འབྱམས་རྒྱལ་བ་མ་ལུས་ཐམས་ཅད་ཀྱི། །འཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་མཆོག །ཁམས་གསུམ་འཁོར་བའི་དུཿཁ་སྒྲོལ་མཛད་མ། །འཕགས་མ་སྒྲོལ་མས་བདག་ཤེས་བཅས་བསྲུང་མཛོད། །ལྷ་མོ་ཁྱོད་ལ་གུས་པའི་གསོལ་འདེབས་ཤིང་། །གང་གི་སྐུ་བརྙན་བྲིས་པའི་བསོད་ནམས་མཐུས། །དད་ལྡན་སྦྱིན་པའི་བདག་མོ་ཚེ་རབས་རྟག །མི་མཐུན་འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་གྲུབ། །ཚེ་དང་བསོད་ནམས་དཔལ་འབྱོར་མཐའ་ཐང་རྒྱས། །མངོན་མཐོ་ངེས་ལེགས་དཔལ་ཀུན་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

ན་མཿ ཨཱརྱ་པྲ་ཏི་སྭ་ར་ཡ། རྒྱལ་བ་ཀུན་གྱི་བླ་མ་འཇམ་དཔལ་དཔའ། །བསྐྱེད་མཛད་ཡུམ་མཆོག་བཅོམ་ལྡན་འདས་མ་ཆེ། །སོ་སོ་འབྲང་མ་ཤེས་རབ་ཕ་རོལ་ཕྱིན། །དེ་ལ་ཕྱག་འཚལ་དགེ་ལེགས་དཔལ་ཀུན་སྩོལ། །དད་པའི་དཔལ་ལྡན་སྦྱིན་པའི་བདག་མོ་ཡི། །ལྷག་བསམ་དག་པའི་ཆུ་གཏེར་ལས་འཁྲུངས་པའི། །སྟོན་ཟླ་སོ་སོར་འབྲང་མ་མཚན་དཔེའི་སྐུ། །གེགས་མེད་བསོད་ནམས་མཁའ་ལ་འཆར་འདིའི་མཐུས། །སྒོ་གསུམ་མི་མཐུན་འཚེ་བའི་སྨག་རུམ་ཀུན། །དགེ་བའི་འོད་ཀྱིས་ཚེགས་མེད་ཉེར་བཅོམ་ནས། །དཔལ་འབྱོར་ཕུན་ཚོགས་ཀུ་མུད་འདབ་མ་རྒྱས། །དྲི་མེད་དགེ་བའི་རིགས་རྒྱུད་ཟེའུ་འབྲུར་མང་། །གྲགས་སྙན་དྲི་བསུང་བཟང་པོ་ཕྱོགས་བཅུར་གཡོ། །ལེགས་སྤྱད་རང་གྲུབ་དཀོན་མཆོག་དགྱེས་པའི་རྒྱུར། །ལྷུན་གྱི་གྲུབ་པས་སྲིད་ཀུན་མཛེས་པའི་རྒྱན། །མངོན་མཐོ་ངེས་ལེགས་དཔལ་ཀུན་རྒྱས་གྱུར་ཅིག །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་བསྐྱེད་ཀྱིས། །རྩོད་ལྡན་སྙིགས་མའི་འདྲེན་པར་ཞལ་བཞེས་པ། །ཤཱཀྱ་སིངྷ་ལྷ་རྣམས་ཀུན་གྱི་ལྷས། །དེ་ཡི་རྟག་ཏུ་དགེ་ལེགས་སྩལ་དུ་གསོལ། །

ཞེས་རིག་པ་འཛིན་པས་སོ། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

རྒྱལ་བ་ཡོངས་ཀྱི་ཕྲིན་ལས་གཅིག་བསྡུས་པ། །ལྷག་པའི་ལྷ་མཆོག་བཛྲ་ཀཱི་ལ་ཡ། །གང་གི་ཚད་མེད་ཐུགས་རྗེའི་མཐུ་སྟོབས་ཀྱིས། །སྦྱིན་པའི་བདག་པོ་རྣམས་ལ་བཀྲ་ཤིས་མཛོད། །

ཞེས་རིག་པ་འཛིན་པས་སོ། །སརྦ་མངྒ་ལཾ།

༈ རྣལ་འབྱོར་འཇིགས་མེད་གོ་ཆའི་ཐུགས་དམ་རྗེ་བཙུན་སྐུ་བརྙན་གྱི་རྒྱབ་ཡིག་ཞར་བྱུང་དང་བཅས་པ་ནི།

ཨོཾ་ཨཱཿ གུ་རུ་ཡོ་ག་སིནྡྷི་བཛྲ་ཧ་སྱ་ཧཱུྃ། སྭཱསྟི། འཇམ་དཔལ་དཔའ་བོ་འཇམ་དཔལ་བཤེས་གཉེན་གང་། །སྐྱེ་ལ་དབང་ཐོབ་སྤྲུལ་པའི་ཟློས་གར་མཆོག །བཞད་པ་རྡོ་རྗེ་གངས་ཅན་གྲུབ་ཀུན་གཙོ། །གང་གི་སྐུ་བརྙན་འདི་བྲིས་དགེ་བ་ཡིས། །མཐའ་ཡས་འགྲོ་བའི་དཔལ་དང་མགོན་སླད་དུ། །རྗེ་བཙུན་མཆོག་གི་གོ་འཕང་ལ་རེག་ཤིང་། །སེམས་ཅན་ཇི་སྲིད་བར་དུ་ཕན་བདེ་མཆོག །རྒྱུན་མི་ཆད་པའི་བྱེད་པོའི་རྒྱུ་གྱུར་ཅིག །སརྦ་མངྒ་ལཾ།

༈ སྭཱསྟི།

ཀུན་ཁྱབ་མཁའ་མཉམ་བདེ་བ་ཆེན་པོའི་ཁམས། །ཡོངས་གྲུབ་གཟུགས་སྐུ་མཁའ་ལ་འཇའ་ཚོན་བཞིན། །སྤྲོས་པ་བྲལ་ཡང་རྣམ་པ་ཐམས་ཅད་པ། །གང་དེ་བཞད་པ་རྡོ་རྗེའི་རྣམ་ཐར་ངེས། །མགོན་པོ་དེ་ཡི་གཟུགས་སྐུའི་སྣང་བརྙན་ཚུལ། །ཕྱིས་བྱུང་རྟོགས་བརྗོད་ཟློས་གར་མང་བསྒྱུར་ཡང་། །ཁུངས་ལྡན་གཏམ་དང་སྔོན་རབས་སྐུ་བརྙན་འགའ། །མཐུན་པས་འདིར་བཀོད་ཚད་མར་གྱུར་སྙམ་ཡོད། །ཡང་དག་དོན་ལ་ཡེ་ཤེས་གྲུབ་པའི་ལུས། །འདི་ལྟ་བུ་ཞེས་བློ་ཡིས་གཞལ་ནུས་མིན། །མོས་པའི་སྣང་ངོར་ཇི་བཞིན་འཆར་བས་ན། །གང་མོས་བཞིན་དུ་གསལ་བཏབ་གསོལ་བ་ཐོབ། །རྒྱལ་གསུང་ཆོས་སྐུན་སྙིང་པོ་གསང་སྔགས་ཡིན། །དེ་ཡི་མཐར་ཐུག་བླ་མའི་མོས་གུས་ཏེ། །ཉིན་མཚན་ངོས་ལྐོག་ལྟེམ་རྐྱང་མེད་པ་རུ། །རྗེ་བཙུན་ཡིད་དང་མ་བྲལ་གསོལ་བ་ཐོབ། །གསོལ་བ་འདེབས་བྱ་འདེབས་མཁན་འདེབ་ཚིག་ཀྱང་། །རང་རིག་འོད་གསལ་གཅིག་གི་ཆོ་འཕྲུལ་ལས། །གཅིག་དང་དུ་མའི་དཔྱད་གཞི་ཁོ་ཡང་ལྟར། །བླ་མ་རང་སེམས་དབྱེར་མེད་མཉམ་པར་གཞོག །རྗེ་བཙུན་མཆོག་གི་རྣམ་ཐར་སློབ་འདོད་ན། །ནམ་འཆི་མ་ཆེད་ཉིན་མཚན་སྐྱོ་ཤས་དང་། །འདི་སྣང་བྱས་པ་དོན་མེད་སྒྱུ་མ་འདྲ། །འཁོར་བའི་ཆོས་ལ་ཞེན་རིན་མི་ཆོག་པས། །གཏན་བདེ་བྱང་ཆུབ་སྒྲུབ་ལ་བློ་ཕྱོགས་ཏེ། །རྩེ་གཅིག་བསམ་གཏན་བཀའ་སྤྱོད་བརྩོན་འགྲུས་ཀྱིས། །ལས་ཀྱི་སྐྱེ་སྲིད་དུས་འདིར་ཟད་བྱས་ནས། །དོན་གཉིས་ལྷུན་གྲུབ་རྣམ་པར་སྐྱོང་ཡང་འཚལ། །ཡང་གཅིག་དམ་ཆོས་ཐོས་ཤིང་ལེགས་བསམ་ནས། །དེ་དོན་ཉིན་མཚན་རྟག་ཏུ་བསྒོམ་འདྲིས་ཤིང་། །བསྡུ་བ་བཞི་ཡིས་འགྲོལ་ཕན་གདགས་པ། །འདི་ཡང་རྒྱལ་སྲས་ཀུན་གྱི་རྣམ་ཐར་ཡིན། །གང་ལྟར་དལ་འབྱོར་ཕུན་ཚོགས་རིན་ཆེན་ལུས། །རྙེད་དཀའ་ཐོབ་འདི་ཆུད་ཟོས་མེད་པ་རུ། །སྙིང་པོ་ཐར་པ་མཆོག་གི་གསོས་ཐེབ་པ། །དམ་པའི་རྣམ་ཐར་སྐྱོང་ན་མཁས་པ་ཡིན། །དེ་སྐད་རྗེ་བཙུན་སྐུ་བརྙན་བྲིས་པའི་ཕྲོར། །ཤུགས་འབྱུང་ལྷུག་པའི་གཏམ་གྱི་སྦྱོར་བ་རུ། །རིག་འཛིན་ཚེ་དབང་ནོར་བུར་གྲགས་པ་ཡི། །རྣལ་འབྱོར་གུ་ཡང་བློ་བདེ་དེ་ཡིས་སྨྲས། །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

ཀུན་ནས་བཟང་པོའི་རང་བཞིན་བདེ་གཤེགས་སྙིང་། །གུ་རུའི་ཐུགས་རྗེ་ཆབ་ཀྱི་གློ་བུར་དྲི། །ཕྱོགས་ཆ་སྦྱངས་པའི་མཐུ་ལས་རྣལ་འབྱོར་ཞེས། །གཟོད་ནས་སྣང་བ་དོན་དམ་རྡོ་རྗེ་སེམས། །དཔལ་ལྡན་བཀའ་དྲིན་གསུམ་རྙེད་རྡོ་རྗེ་འཛིན། །གང་གིས་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྗེས་བཟུང་དམ་ཚིག་སེལ་མེད་དགྱེས་དགུ་འགྲུབ། །འགྲོ་ཕན་སངས་རྒྱས་བདག་གིས་མྱུར་འགྲུབ་ཤོག །

ཅེས་ལོང་པ་གྱིང་གི་སྡེ་པ་ཚེ་དབང་བསྟན་འཛིན་རྣམ་རྒྱལ་གྱི་ཐུགས་དམ་ཐང་སྐུའི་རྒྱབ་བྱང་དུ་རིག་པ་འཛིན་པས་སྤེལ་བ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

ན་མཿ ཤཱཀྱ་མུ་ན་ཡེ། སྒྲིབ་པ་ཀུན་སྤངས་ཡོན་ཏན་ཡོངས་སུ་རྒྱས། །འཇིག་རྟེན་ཀུན་ཏུ་མཚུངས་མེད་སྐྱོབས་པ་མགོན། །ལྷ་ཡི་དབང་པོ་ཀུན་གྱི་གཙུག་ནོར་གྱིས། །ཞབས་ཀྱི་པདྨོ་ལ་བརྟེན་ལྷ་ཡི་ལྷ། །མཚན་ཐོས་ཙམ་གྱི་ངན་འགྲོའི་འགྲོ་བ་ལས། །རབ་བཟློག་ཕུན་ཚོགས་དཔལ་གྱུར་ཅིར་ཡང་བྱིན། །ཐར་པ་གསུམ་གྱི་ལམ་སྟོན་ཅིག་པུ་པ། །བཅོམ་ལྡན་འདས་མཆོག་སངས་རྒྱས་དེ་བཞིན་གཤེགས། །བདག་ཅག་སྟོན་པ་རིགས་མཆོག་ཤཱཀྱའི་སྲས། །དོན་ཀུན་འགྲུབ་པ་འགྲོ་བའི་ཉི་མ་ཆེར། །ཕྱག་འཚལ་འདུད་དོ་སྦྱིན་པའི་བདག་པོ་འདིའི། །ཕུན་ཚོགས་ཚོགས་གཉིས་དཔལ་ཀུན་རྒྱས་གྱུར་ཅིག །

ཅེས་པ་ཡང་དཔའ་བོ་མཐའ་དག་གི་སྡེ་དཔོན་ཆེན་པོ་ཡབ་སྲས་ཀྱི་ཐུགས་དམ་ཐང་ཀའི་རྒྱབ་བྱང་དུ་རྒྱལ་ཁམས་པ་འཇམ་དབྱངས་རྒྱ་མཚོས་བྲིས་པ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

ཕྱོགས་བཅུའི་ཞིང་དུ་སངས་རྒྱས་སྐུར་བསྒྲུབ་ཀྱང་། །མི་མཇེད་འགྲོ་བའི་དོན་དུ་ཐུབ་དབང་གི །ཉན་ཐོས་ཆེན་པོའི་ཚུལ་བཟུང་བསྟན་པའི་བཙས། །འཕགས་པའི་གནས་བརྟན་རྣམས་ཀྱིས་བཀྲ་ཤིས་སྩོལ། །

༈ ཨོཾ་སྭཱསྟི།

ཐོས་སྒྲོགས་འཕགས་པའི་གོ་འཕང་ཉེར་བརྙེས་ཚུལ། །འཛིན་མཛད་ལྷ་མོ་ཡོངས་ཀྱིས་མཆོད་པའི་ཞིང་། །སྟོན་ན་རྒྱལ་བསྟན་རིག་འཛིན་སྒྲོན་མེ་མཆོག །འཕགས་པའི་གནས་བརྟན་རྣམས་ཀྱིས་བཀྲ་ཤིས་མཛོད། །

༈ ཨོཾ་སྭཱསྟི།

གྲངས་མེད་བསྐལ་པའི་ཕ་མཐར་བྱང་ཆུབ་སེམས། །ཉེར་སྐྱེས་རྒྱལ་སྲས་མཆོག་གི་སར་བཞུགས་ཀྱང་། །གང་འདུལ་ཉན་ཐོས་འགྲོ་ངོར་དགྲོ་བཅོམ་སྐུར། །སྟོན་གྱུར་གནས་བརྟན་རྣམས་ཀྱི་བཀྲ་ཤིས་མཛོད། །

༈ ཨོཾ་སྭཱསྟི།

སྐྱེ་རྒུ་རྣམས་ཀྱི་བསོད་ནམས་ཞིང་གྱུར་ཅིང་། །ཐུབ་དབང་བསྟན་པ་ཡུན་རིང་གནས་པའི་ཕྱིར། །རྫུ་འཕྲུལ་རྐང་པ་ལ་བརྟེན་འཚོ་བཞེས་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ནི། །གསུང་གི་རྡོ་རྗེ་སངས་རྒྱས་འོད་དཔག་མེད། །ཞིང་འདིར་ཐུབ་དབང་རྒྱལ་ཚབ་རྡོ་རྗེ་ཆོས། །ཨོ་རྒྱན་མཚོ་སྐྱེས་པདྨ་ཐོད་ཕྲེང་རྩལ། །གང་གི་གདུལ་བྱའི་གཙོ་བོ་བདེན་བྲལ་གླིང་། །རྔ་ཡབ་ཟངས་མདོག་དཔལ་རི་པདྨ་འོད། །གདུལ་བྱ་མོས་པའི་སྣང་ངོར་འཆར་བའི་གཟུགས། །ཕྱོགས་འདིར་སྔགས་ཤེས་དག་གི་བློར་སྣང་བཞིན། །རིགས་ལྡན་ཀུན་བཟང་སྒྲོལ་མའི་དགོངས་རྫོགས་སུ། །བཞེངས་པ་འདི་ཡི་དགེ་བའི་མཐུ་ལ་བརྟེན། །དམིགས་ཡུལ་འགྲོ་བ་འབྲེལ་བཅས་ཐམས་ཅད་ཀྱི། །ཚོགས་གཉིས་ཡོངས་རྫོགས་སྒྲིབ་གཉིས་མཐའ་དག་བྱང་། །ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་། །ཀུན་བཟང་པདྨ་ཐོད་ཕྲེང་ཇི་བཞིན་པའི། །གོ་འཕང་རིང་པོར་མ་ཡིན་དུས་མྱུར་དུ། །ཐོབ་ནས་མཁའ་མཉམ་འགྲོ་དོན་སྤྱོད་པར་ཤོག །

ཅེས་པ་ཡང་རིག་པ་འཛིན་པ་རྒྱལ་ཁམས་པས་སྤྲེའུ་ཟླ་བའི་ཚེས་བཅུར་སྨྲས་པ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི།

ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས། །པདྨ་དྲག་པོ་ཐོད་འཕྲེང་རྩལ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །མགོན་དུ་བརྟེན་ནོ་ཐུགས་རྗེས་བཟུང་། །སྐྱེ་ཚེ་ཇི་སྲིད་དུས་ཀུན་ཏུ། །ཧེ་རུ་ཀ་ཡི་ལས་དངོས་གྲུབ། །ཐམས་ཅད་མ་འབད་ལྷུན་གྱིས་གྲུབ། །འོད་དཔག་མེད་འབྲས་མྱུར་ཐོབ་ཤོག །

ཅེས་པའང་རིག་འཛིན་ཚེ་དབང་ནོར་བུས་བླ་མ་མངའ་བདག་དགེ་སློང་དྲུང་གི་ཐུགས་དམ་ཐང་ཀའི་རྒྱབ་བྱང་དུ་སྲིན་པོ་རིར་བྲིས་པ་སརྦ་མངྒ་ལཾ།

༈ ཨོཾ་སྭཱསྟི་པྲ་ཛཿ བྷྱཿ ན་མཿ ཤྲཱི་སིངྷ་ནཱ་ད་ཡ། ཨོཾ་ཨཱ་ཧྲཱི་སིངྷ་ནཱ་ད་ཧཱུྃ་ཕཊཿ

རྒྱལ་བ་ཀུན་གྱི་བསྐྱེད་བྱེད་ཡབ་གྱུར་ཀུན་འབྱུང་ཡུམ། །ཀུན་གྱི་སྲས་མཆོག་སངས་རྒྱས་ཀུན་འབངས་སངས་རྒྱས་གཙོ། །རྒྱལ་བའི་འཁོར་ལོས་བསྒྱུར་མཛད་ནམ་མཁའ་རྒྱལ་པོ་ཆེ། །སྙིང་རྗེའི་གཏེར་གྱུར་འཕགས་མཆོག་སྤྱན་རས་གཟིགས་དབང་ནི། ། ༡ གང་འདུལ་སྤྲུལ་སྐུ་རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །དགེ་སློང་དགེ་བསྙེན་རྒྱལ་པོ་བུད་མེད་བྲམ་ཟེ་དང་། །ལྷ་དང་ལྷ་མིན་གནོད་སྦྱིན་སྲིན་པོ་ཀླུ་ལ་སོགས། །སྣ་ཚོགས་གཟུགས་སུ་སྣང་ནས་འགྲོ་བའི་དོན་རབ་མཛད། ། ༢ དེ་ལྟའི་རྣམ་ཐར་རྫོགས་སངས་རྒྱས་ཀྱི་སྤྱོད་ཡུལ་ལས། །གཞན་གྱིས་མ་ཡིན་ཚངས་དང་བརྒྱ་བྱིན་སོགས་ཀྱིས་ཅི། །དེ་ལྟར་བྱེད་པོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་གང་། །སེངྒེ་སྒྲར་གྱུར་ས་བདག་ཀླུ་གཉན་ཡོངས་ཀྱི་མགོན། ། ༣ གང་གི་མཚན་ཙམ་རྣ་བར་ལྷུང་ནས་གུས་གྱུར་པའི། །དགེ་བ་ཡིས་ཀྱང་གྲངས་མེད་བསྐལ་བསགས་སྡིག་སྦྱང་ན། །སྐུ་བསྒོམ་རིག་སྔགས་བཟླས་བརྩོན་དེ་བཞིན་བྲིས་སམ་འབུར། །སྐུ་གཟུགས་རིག་སྔགས་བཞེངས་ཤིང་དད་པས་གསོལ་འདེབས་ན། ། ༤ བཞི་བརྒྱ་རྩ་བཞིའི་ནད་ལས་གྲོལ་ནས་བདེ་བ་དང་། །མི་མཐུན་བློ་བུར་ཉི་ཁྲི་ཆིག་སྟོང་ལས་ཐར་ཞིང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་འཚེ་བ་ཞི་བར་བྱེད། །ཁྱད་པར་ས་བདག་ཀླུ་གཉན་གནོད་པ་ཀུན་སེལ་བྱེད། ། ༥ དེ་བཞིན་སྟེང་གདོན་བར་གདོན་བྱད་ཁ་རྦོད་གཏོང་ཀུན། །འདི་ཡི་མཐུ་ལས་རང་སར་བཟློག་འགྱུར་ཐེ་ཚོམ་མེད། །དེས་ན་རྒྱལ་བའི་གསུང་ལ་ཡིད་ཆེས་དད་པ་ཅན། །ཀུན་གྱི་འཕགས་པ་འདི་ཡི་སྐུ་གཟུགས་བྲི་མཆོད་འོས། ། ༦ གནས་སྐབས་སུ་ཡང་དེ་ལྟའི་ཕན་ཡོན་ཐོབ་འདོད་ཀྱི། །མཐར་ཐུག་ཚེ་རབས་འདི་ནས་བྱང་ཆེན་གོ་འཕང་མཆོག །ནམ་ཐོབ་བར་དུ་དགེ་བའི་འབྲས་བུ་ཟད་མིན་ཏེ། །སྐྱེ་ཀུན་ས་བདག་ཀླུ་གཉན་གནོད་པ་མི་འབྱུང་བདེ། ། ༧ རིགས་བཟང་རྒྱུད་དུ་སྐྱེས་པའི་རྟེན་ཐོབ་གཟུགས་མཛེས་ཤིང་། །རྣམ་དཔྱོད་ཤེས་རབ་མཆོག་རྒྱས་རིན་ཆེན་དམ་ཆོས་འཕྲད། །ངན་འགྲོ་མེད་ཅིང་རྟག་ཏུ་མཐོ་རིས་དཔལ་ལ་སྤྱོད། །རིང་པོར་མི་ཐོགས་དེ་བཞིན་གཤེགས་པའི་འབྲས་བུ་ཐོབ། ། ༨ གནས་སྐབས་མཐར་ཐུག་ཕན་ཡོན་དེ་འདྲར་བསམ་བྱས་ནས། །སྤྱན་རས་གཟིགས་དབང་སེངྒེ་སྒྲ་ཡི་སྐུ་བརྙན་གང་། །བྲིས་འབུར་བཞེངས་ཤིང་བསྒོམ་བཟླས་མཆོད་བསྟོད་གསོལ་གདབ་ལ། །བློ་ལྡན་རྣམས་ཀྱིས་ཕྱིན་ཆད་འབད་པར་བྱ་འོས་ཡིན། ། ༩ འདིར་ནི་གསེར་གླིང་པ་དང་ཇོ་བོ་ནཱ་རོ་པའི། །བརྒྱུད་པ་འདུས་གྱུར་ས་ཆེན་ཀུན་དགའ་སྙིང་པོ་ཡི། །བཞེད་པ་ལྟར་ཏེ་ཉེ་བརྒྱུད་མདོ་ཁམས་ཀཿཐོག་གི །རྗེ་བཙུན་ཀློང་གསལ་སྙིང་པོར་འཕགས་པ་ངེས་སྒྲ་ཡི། ། ༡༠ ཡང་ཡང་ཞལ་བསྟན་བསྒྲུབ་ཐབས་བཤད་པས་བྱིན་རླབས་ཆེ། །བཀའ་གཏེར་ཆུ་བོ་གཉིས་འདུས་ཁོ་བོས་ཁུམ་པས་ན། །མངོན་རྟོགས་མ་ནོར་ལུགས་སྲོལ་ཚུལ་བཞིན་བཀོད་བྱས་པའི། །སྟེང་དུ་སངས་རྒྱས་འོད་དཔག་མེད་དང་གཡས་གཡོན་དུ། ། ༡༡ འཇམ་དཔལ་གསང་བདག་དེ་འོག་གཡས་དང་གཡོན་དུ་ནི། །མགོན་པོ་ཀླུ་སྒྲུབ་པདྨ་ཀ་ར་ཀླུའི་མཆོད་ཚུལ། །འོག་ཏུ་ཆུ་གཏེར་དབུས་ན་རྣལ་འབྱོར་རྒྱུད་དོན་བཞིན། །ཀླུ་རྒྱལ་རང་རང་ཆུང་མ་ཕོ་བྲང་བཅས་བཀོད་པ། ། ༡༢ འདི་ནི་རང་གཞན་འགྲོ་བའི་སྒྲིབ་སྦྱང་སྦྱིན་བདག་པོ། །འདི་ཕྱི་དགེ་བདེ་ཐོབ་ཕྱིར་ཤཱཀྱའི་དགེ་བསྙེན་ནི། །ཐོས་བསམ་ལང་ཚོ་རྒྱས་ཤིང་ཕྱག་རྫོགས་དོན་བསྒོམ་པའི། །རྣལ་འབྱོར་སྤྱོད་པ་ཚེ་དབང་ནོར་བུའི་བློ་གྲོས་མཐུ། ། ༡༣ རྒྱ་མཚོའི་འཇིངས་ལས་ཤར་བཞིན་རིས་སུ་སྣང་བྱེད་པོ། །དགེ་སློང་བློ་ལྡན་གཡུང་དྲུང་ཞེས་པས་བགྱིས་བྱས་དགེ་གྱུར་ཅིག །འདི་མཐོང་འདིར་གུས་འདི་མཆོད་འདི་བྲི་བྱེད་པ་ཀུན། །ཚེ་འདིར་ཕྱི་མ་བདེ་ཞིང་བདེ་ཆེན་ཞིང་སྐྱེས་ངེས། ། ༡༤

ཞེས་དད་གུས་དམ་ཚིག་གི་དཔལ་དང་ལྡན་པ་སེ་དཀར་རིགས་ཀྱི་ཐིག་ལེ་བདར་མི་རྗེ་བཙད་པོ་ནོར་བུ་དཔལ་འབྱོར་གྱི་ཆེད་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་འཕགས་པའི་སྐུ་བརྙན། བཀོད་པར་བྱས་ཤིང་རྒྱབ་ཡིག་ཏུ་སྨྲས་པ་སྟེ་ཡི་གེ་པ་ནི་བློ་དབང་ངོ་། །སརྦ་མངྒ་ལཾ།

ཞལ་ཐང་འདི་བྲི་བའི་ཚེ་ཀླུ་རྣམས་དགའ་བའི་ཆར་བཤིམས་པོ་འབབ་པ་བཅས་དགེ་བའི་མཚན་མ་འབའ་ཞིག་མཐོང་ཞིང་ས་བདག་ཀླུ་གཉན་གྱིས་བརྩེ་བ་ཀུན་འདི་མང་དུ་བྲིས་ན་ཕན་ཡོན་ཤིན་ཏུ་ཆེ་བས་བྲིས་ཤིག རྒྱབ་ཡིག་འདི་ཡང་དགོས་དོན་ཆེ་བས་ཀུན་ལ་བྲི་བ་གལ་ཆེའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ་བྷ་ཝནྟུ།

དཔག་ཡས་བསྐལ་པའི་སྔོན་ནས་དགེ་བའི་འབྲས། །ཡོངས་བསྡུས་ཚད་མེད་སྤངས་རྟོགས་ཡོན་ཏན་ཀུན། །སྨིན་གྱུར་ཟས་གཙང་སྲས་པོ་ལྷ་མིའི་མགོན། །ཐུབ་དབང་ཉི་མ་དེ་ཡིས་དགེ་ལེགས་མཛོད། །གང་གི་ངོ་མཚར་རྣམ་པར་ཐར་པ་མཆོག །དད་པས་བྲིས་ཀློག་ཡིད་ལ་བསམ་པས་ནི། །རླབས་ཆེན་སྒྲིབ་བྱང་ཚོགས་གཉིས་བསམ་མི་ཁྱབ། །དེས་ན་དགེ་སློང་བློ་གསལ་རྣམ་རྒྱལ་གྱིས། །མི་ཕྱེད་དད་པས་ཡོངས་བསྐྲུན་རྒྱལ་བ་ཡི། །སྐུ་བརྙན་འདི་བྲིས་དགེ་བ་བྱང་ཆུབ་བསྒྱུར། །ཡོངས་བསྔོ་བྱང་ཆེན་འབྲས་བུ་དུས་མྱུར་དུ། །ཐོབ་ནས་འགྲོ་ཀུན་འཁོར་བ་ལས་སྒྲོལ་ཤོག །

ཅེས་པ་ཡང་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་སོ། །མངྒ་ལཾ།

བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ཡི། །ཐུགས་རྗེ་ནུས་པའི་མཐུ་དཔལ་རྨད་བྱུང་བས། །གང་གི་སྐུ་བརྙན་འདི་ཡི་དགེ་བའི་མཐུས། །དད་ལྡན་སྦྱིན་པའི་བདག་པོ་འཁོར་བཅས་ཀྱི། །ཚེ་བསོད་དཔལ་འབྱོར་སྙན་གྲགས་གཟི་བརྗིད་ཀུན། །ཉམས་མེད་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། །ཁྱད་པར་བླ་མེད་བྱང་ཆུབ་སེམས་མཆོག་གཉིས། །གོང་འཕེལ་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །

ཅེས་ཞ་ལུ་དགེ་སློང་འཇམ་དཔལ་གྱི་སློབ་མ་སྐྱིད་དགུ་ཞེས་པའི་དད་རྟེན་འཕགས་མའི་ཐང་ཀའི་རྒྱབ་བྱང་དུ་རིག་པ་འཛིན་པས་དགེའོ། །དགེའོ། །

༈ ཨོཾ་སྭཱསྟི།

རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་མཚོ་སྐྱེས་མགོན། །དེ་ཡི་ཐུགས་ལས་ལེགས་སྤྲུལ་ནམ་མཁའི་སྙིང་། །གང་གིས་སྒྲུབ་པའི་ངང་ཚུལ་ཆ་ཤས་ཙམ། །གུས་པས་འདི་རུ་བཀོད་པར་བྱས་སོ་སྐྱེ། ། ༡ རོ་རྐྱང་དབུར་འགགས་རྡོར་དྲིལ་བར་སྣང་བཞག །སྣང་སེམས་རོ་གཅིག་ཕུར་བུ་བྲག་ལ་བསྣུན། །ཁྱབ་བྱེད་དབང་འདུས་ཆོས་གོས་ཉི་ཟེར་བཀལ། །ཕྲ་ཡང་མཆོག་བརྙེས་ནམ་མཁའི་ཁམས་སུ་འཕྱོ། ། ༢ ཐུགས་དམ་དཀྱིལ་འཁོར་ཡང་དག་མར་མེ་དགུ། །སྟེང་དུ་དཔལ་ཆེན་རྒྱུ་མ་ལྟར་ཞལ་གཟིགས། །ནམ་གྲུ་ནག་མོ་ལས་ཀྱི་ཕྱག་རྒྱ་མཛད། །རྡོ་རྗེ་མཚོ་སྒྲོན་ཟག་མེད་བདེ་ཆེན་བསྐྱེད། ། ༣ ཁྱོད་ནི་ཕྱག་ཆེན་རིག་འཛིན་ཉིད་བརྙེས་པས། །སྐྱེ་འཆི་མི་མངའ་མཁའ་ལྟར་ཁྱབ་པའི་ཐུགས། །མ་གཡོས་ཆོས་སྐུའི་ངང་དུ་རྟག་བཞུགས་མོད། །འོན་ཀྱང་གདུལ་བྱར་བརྩེ་བས་ཅིར་ཡང་སྤྲུལ། ། ༤ དེས་ན་ཁྱོད་ཀྱི་སྤྲུལ་དང་ཡང་སྤྲུལ་དང་། །བྱིན་གྱིས་བརླབ་པ་བྱེ་བ་བསྒྲང་ཡས་ཀྱང་། །བདག་ནི་མི་མཁས་མ་བསྡམ་མཉམ་བཞག་དབེན། །དེ་ཕྱིར་ཁྱོད་སྤྲུལ་རྗེས་སུ་ཇི་ཞིག་འགྲོ། ། ༥ འོན་ཀྱང་ཨོ་རྒྱན་པདྨས་ལུང་བསྟན་པས། །དཔང་པོ་དེ་ཡི་རྗེས་དཔག་ཙམ་གྱུར་སྲིད། །དེས་ན་ཚེ་དབང་ནོར་བུ་རིག་པ་འཛིན། །གཟུགས་བརྙན་ཕྱི་ལྟར་དཔལ་ཆེན་བསྒྲུབ་པའི་ཚུལ། ། ༦ ནང་ལྟར་ཐེག་ཆེན་ཆོས་ཀྱི་སྒྲ་སྒྲོགས་ཤིང་། །གསང་བ་རྫོགས་ཆེན་རང་སྐད་རྔ་སྒྲ་སྒྲོགས། །དོན་དམ་གཞོམ་མེད་ནཱ་དའི་མཚོན་བྱེད་དུ། །རྔེའུ་བརྡུང་བར་བྱེད་པ་འདི་ན་ཀོ ། ༧ དེ་ཡི་མདུན་དུ་ལས་དང་སྨོན་ལམ་གྱི། །བལ་ཡུལ་ཚ་ཤོད་བལ་མོ་མི་ཟན་མ། །གསང་མཚན་རྡོ་རྗེ་དེས་བྱིན་ཞེས་པ་ནི། །རིན་ཆེན་རྒྱན་སྤྲས་པདྨོའི་ཚུལ་དུ་ནི།།བཀོད་འདི་དམ་ཅན་ཁྱོད་ཉིད་དགྱེས་འཚལ་གྱིས།།ཉེས་ན་བཟོད་ཞེས་བདག་ཅག་འཚོ་མཛོད་ཅིག །གང་ལྟར་དད་པས་ཀུན་ནས་བླངས་བ་ཡི། །རྩ་བའི་བླ་མའི་སྐུ་བརྙན་འདི་བཞེངས་དགེས། ། ༩ བདག་དང་འབྲེལ་བཅས་འགྲོ་བ་མ་ལུས་པ། །སྒྲིབ་སྦྱང་ཚོགས་རྫོགས་བྱང་ཆུབ་ལམ་ལ་ཞུགས། །གནས་སྐབས་ལས་བཞི་མཐར་ཐུག་ཕྱག་རྒྱ་ཆེ། །ནམ་མཁའི་སྙིང་པོ་ཇི་འདྲ་བདག་འགྱུར་ཤོག །

ཅེས་རང་གི་སློབ་མའི་མཐུ་བོ་དམ་པ་སེ་སྟོན་གྱི་རིགས་སུ་འཁྲུངས་པའི་རིག་སྔགས་འཆང་བ་ཆེན་པོ་དད་དམ་ཤེས་རབ་ཀྱི་ཡོན་ཏན་རྒྱས་པ་ཀུན་བཟང་ཡེ་ཤེས་ཕྲིན་ལས་རྣམ་རྒྱལ་དཔལ་བཟང་པོའི་ཐུགས་དམ་ཞལ་ཐང་གི་རྒྱབ་བྱང་དུ་ཚེ་དབང་ནོར་བུས་སྨྲས་པ་དགེའོ། །མངྒ་ལཾ། ཡི་གེ་པ་ནི་བཀྲ་ཤིས་རབ་བརྟན་ནོ། །

༈ ཨོཾ་སྭཱསྟི།

གང་ཞིག་ཕྱག་རྒྱ་ཆེ་དང་རྫོགས་པ་ཆེ། །ཚུལ་བཞིན་སྟོན་པར་ནུས་པའི་བླ་མ་དེ། །དུས་གསུམ་སངས་རྒྱས་རྣམས་ཀྱི་གདུང་འཚོབ་ཡིན། །རང་ལ་བཀའ་དྲིན་ཆེ་བས་སངས་རྒྱས་གཙོ། ། ༡ གང་ཞིག་དེ་ཡི་སྐུ་བརྙན་བྲིས་པ་ན། །སྡིག་ཟད་བསོད་ནམས་འཕེལ་ཞིང་ཡེ་ཤེས་རྟོགས། །ཚུལ་དེ་ཁོང་དུ་ཆུད་ནས་དད་པ་ཅན། །བསྒྲུབ་པོ་ཀུན་བཟང་ཡེ་ཤེས་རྡོ་རྗེ་ཡི། ། ༢ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཡང་ཞུན་ནི། །འགྲན་བྲལ་ཕྱག་རྒྱ་ཆེ་དང་རྫོགས་པ་ཆེ། །ལེགས་པར་ནོས་པའི་ཡུལ་གྱུར་བླ་མ་ནི། །སྤྱོད་འཆང་ནག་པོའི་ཞབས་དང་ནམ་མཁའ་སྙིང་། ། ༣ དབྱེར་མེད་ཚན་གྱི་བྱིན་རླབས་ཁོ་ན་པ། །ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོ་སྡེ། །གང་གི་གཟུགས་བརྙན་དཀྱིལ་འཁོར་གཙོ་བོའི་ཚུལ། །རིགས་བདག་རྡོར་འཆང་རྡོར་སེམས་པདྨ་དཀར། ། ༤ གཡས་སུ་གྲུབ་མཆོག་ནམ་མཁའ་སྙིང་པོ་དང་། །གཡོན་དུ་ཨོ་རྒྱན་གུ་རུའི་ལུང་བསྟན་ལས། །དྲན་པ་ནམ་མཁའི་རྣམ་འཕྲུལ་རིག་པ་འཛིན། །བཀྲ་བཟང་བླ་མ་ཀུན་བཟང་ཡེ་ཤེས་དང་། ། ༥ མདུན་གཡས་ཀུན་སྤངས་དགེ་སློང་གཞན་ཕན་པ། །གཡོན་དུ་ཕྱག་རྫོགས་རྣལ་འབྱོར་སྒྲུབ་པ་པོ། །ཡེ་ཤེས་རྡོ་རྗེ་རང་ཉིད་སྦྱིན་བདག་ཚུལ། །བཀོད་འདིའི་དགེ་བས་བྱང་ཆུབ་ཆེན་པའི་ས། ། ༦ ནམ་ཐོབ་བར་དུ་ཚེ་རབས་ཚེ་རྒྱུད་ཀུན། །མཚན་ལྡན་བླ་མས་རྗེས་བཟུང་བྱིན་བརླབས་ཞུགས། །ཡང་དག་ཕྱག་རྫོགས་རྟོགས་པའི་གདེང་ཐོབ་ནས། །འབྲེལ་ཚད་དོན་ལྡན་རྡོ་རྗེ་སེམས་ཐོབ་ཤོག ། ༧

ཅེས་པ་ཡང་གངས་རིའི་ཁྲོད་ན་མིང་ཡོངས་སུ་གྲགས་པའི་རིག་འཛིན་ཚེ་དབང་ནོར་བུས་བྲིས།


previousསྨོན་ཚིག་སྣ་ཚོགས་ཕྱོགས་བསྡུས།no next