Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  collapse section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སངས་རྒྱས་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པ་རིན་པོ་ཆེའི་གཏེར།
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པ་རིན་པོ་ཆེའི་གཏེར།next

སངས་རྒྱས་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པ་རིན་པོ་ཆེའི་གཏེར།

༄༅། །སངས་རྒྱས་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བ་བཞུགས་སོ། །

༈ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ རྒྱལ་བ་རྒྱ་མཚོ་ཀུན་གྱི་ངོ་བོ། །གསུང་གི་རྡོ་རྗེ་འོད་དཔག་མེད་མགོན། །དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་གཙོ་བོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གདོད་མ་ཉིད་ནས་ཡོངས་གྲུབ་ཆོས་དབྱིངས། །སྐྱེ་འགག་གནས་བྲལ་བདེ་གཤེགས་སྙིང་པོ། །ཀུན་ཁྱབ་ཀུན་བཟང་ངོ་བོ་ཉིད་སྐུ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །ཕྲ་རབ་རྡུལ་འདས་རིག་པའི་ངོ་བོ། །ཡེ་ཤེས་སྐུ་ནི་མེ་ལོང་ལྟ་བུ། །སོར་རྟོག་བྱ་གྲུབ་མ་འདྲེས་རྩལ་རྫོགས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །ཆོས་ཀུན་མཉམ་ཉིད་ཡེ་ཤེས་ཡངས་པ། །ཐ་དད་མ་ཡིན་གཅིག་པུ་དང་བྲལ། །བློ་འདས་སྤྲོས་བྲལ་གཉིས་མེད་ཐིག་ལེ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །སྲིད་པར་རྟག་ཏུ་ཁྱོད་ཉིད་སྣང་ཞིང་། །ཞི་དབྱིངས་རྟག་ཏུ་ཁྱོད་ནི་སྙོམས་བཞུགས། །སྲིད་ཞི་ཀུན་ལ་ཁྱབ་པའི་བདག་ཉིད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ་ལོ། །འཁོར་བར་གནས་ཀྱང་འཁོར་འི་སྐྱོན་མེད། །མྱ་ངན་འདས་ཀྱང་ཞི་བར་གཟིམ་མིན། །དྲི་མེད་རྒྱལ་བ་ཀུན་གྱི་ངོ་བོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱོད་ནི་རྟག་མཐར་ནམ་ཡང་མ་ལྷུང་། །སྟོང་ཞིང་བདག་མེད་ཁས་ལེན་དང་བྲལ། །རྟོག་མེད་ངང་ལ་རྟག་ཏུ་མཉམ་བཞག །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱོད་ནི་མཐའ་གཉིས་གང་དུ་མི་གནས། །དབུ་མར་ཡང་ནི་དམིགས་པ་མ་ཡིན། །སྨྲ་བསམ་བརྗོད་མེད་སྐྱེ་འགག་ལས་འདས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱོད་ནི་ཉག་ཅིག་ཉིད་དུ་གནས་ཤིང་། །རྣམ་པ་ཐམས་ཅད་དུ་མར་སྣང་བ། །བསམ་གྱིས་མི་ཁྱབ་རིག་པའི་ངོ་བོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱོད་ནི་སངས་རྒྱས་ཀུན་གྱི་ངོ་བོ། །སངས་རྒྱས་ཀུན་གྱི་སྲས་ཀྱི་མཐུ་བོ། །སངས་རྒྱས་ཡོངས་ཀྱི་བསྐྱེད་པའི་ཡབ་ཡིན། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཁྱེད་ནི་རྒྱལ་བ་མཐའ་དག་སྤྲུལ་པ། །རྒྱལ་བ་ཡོངས་ཀྱི་སྤྲུལ་གཞི་གྱུར་པ། །རྒྱལ་བ་ཀུན་ལ་དབང་བསྐུར་མཛད་དོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འཁོར་འདས་ཀུན་གྱི་སྔ་རོལ་ཉིད་ནས། །ཡོངས་སུ་གྲུབ་ཅིང་འཁོར་འདས་དབུས་གནས། །འཁོར་འདས་མཐར་བཞུགས་དུས་གསུམ་དུས་མེད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འཁོར་འདས་མེད་པའི་ངོ་བོ་ལ་བཞུགས། །གྲོལ་འཁྲུལ་མིང་རྟགས་ལས་འདས་གཤིས་ལུགས། །ཀུན་ལ་སྣང་ཞིང་ཀུན་གྱི་གཞིར་གྱུར། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །རྣམ་ཤེས་ཚོགས་བརྒྱད་པདྨའི་དབུས་ན། །རིག་པ་རང་བྱུང་སྤྲོས་བྲལ་ངང་གནས། །འཁོར་འདས་ཀུན་གྱི་དྭངས་མ་ཉིད་གྱུར། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །མཐའ་དག་སྣང་བ་གདོད་ནས་མ་གྲུབ། །མ་གྲུབ་བཞིན་སྣང་གྲུབ་དང་མ་གྲུབ། །སྣང་ཞེས་བརྗོད་གཞི་གཞི་མེད་རྩལ་བྲལ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །སྣང་བ་སེམས་ཞེས་ཚུར་མང་མི་བསྡུད། །སེམས་མིན་གཞན་དུ་ནམ་ཡང་མ་གྲུབ། །རོ་མཉམ་ཞེས་སུ་བསྲེ་བའི་ཡུལ་སྟོང་། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གདོད་ནས་གཞི་མེད་རྩ་བྲལ་སྟོང་པ། །སྟོང་ཉིད་རིག་པ་གཞོམ་ཞིང་ལས་འདས། །སྣང་སེམས་གློ་བུར་རྟག་པ་ཀུན་སྟོང་། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གཤིས་ལུགས་འདི་ནི་ཤིན་ཏུ་རྟོགས་དཀའ། །ཡེ་ཤེས་འདི་ནི་ཆེས་ཆེར་ཕྲ་བ། །བསམ་གྱིས་མི་ཁྱབ་ཆོས་ཉིད་གནས་ལུགས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །སྒམ་པོས་བཅོས་དང་བསྒྲིམ་པོས་མ་སླད། །ཀུན་གྱི་སྙིང་པོ་ཤིན་ཏུ་བཟང་པོ། །བཟང་ངན་བླང་དོར་སྤྲོས་པ་བྲལ་བ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཀུན་ཁྱབ་སྐུ་དང་ཡེ་ཤེས་ལུས་གཅིག །དྲི་མའི་དབུས་བཞུགས་དྲི་མས་མ་གོས། །རབ་ཏུ་རྒྱ་ཆེ་ཤིན་ཏུ་ཕྲ་བ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །རྣམ་པར་ཤེས་པའི་ཆ་ཀུན་ཡོངས་སྤངས། །ཡེ་ཤེས་མ་ལུས་རྩལ་ཁ་རྫོགས་པ། །སྤངས་རྟོགས་འབྲས་བུ་མངོན་དུ་གྱུར་པའི། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཀུན་ནས་བརྟག་པ་རང་ངོས་སྟོང་ཞིང་། །གཞན་དབང་དོན་དམ་ངོ་ངོས་སྟོང་སྟེ། །སྟོང་ཉིད་རིག་པ་ཡོངས་གྲུབ་རྟག་བརྟན། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཀུན་རྫོབ་ཆོས་ནི་ནམ་ཡང་མི་བརྟན། །དོན་དམ་བདེན་པ་ཤིན་ཏུ་བརྟག་སྟེ། །མི་ཤིགས་འགྱུར་མེད་རྡོ་རྗེའི་རང་བཞིན། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །བརྟན་པའི་འཛིན་རྟོག་དམིགས་བཅས་ཞེན་པ། །བརྟན་དང་མི་བརྟན་གཞི་རྩ་སྟོང་པའི། །ཆོས་དབྱིངས་ཡེ་ཤེས་འཕོ་འགྱུར་མེད་དོ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གང་ཟག་བདག་དང་ཆོས་ཀྱི་བདག་བྲལ། །བདག་མེད་ངོ་བོ་ཤེས་རབ་ཕར་ཕྱིན། །སྟོང་པ་ཉིད་དེ་མཚན་མ་སྨོན་མེད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འབྲས་བུ་སྡུག་བསྔལ་རྒྱུར་གྱུར་ཀུན་འབྱུང་། །སྤང་བྱེད་ལམ་གྱི་ཐོབ་བྱ་འགོག་པ། །བདེན་བཞིའི་རང་བཞིན་གཉུག་མའི་འོད་གསལ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འཁོར་བའི་གཞི་རྩ་མ་རིག་ངོ་བོ། །བདག་གཅེས་འཁྲུལ་པའི་དུཿཁ་གཟིར་ལ། །བདག་མེད་སྟོང་པའི་སེང་གེའི་སྒྲ་ཆེན། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །བདག་གི་གཉེན་པོར་བསྔགས་པའི་སྟོང་པ། །དེར་དམིགས་སྟོང་པ་བཅོམ་ཕྱིར་བདག་མེད། །ངོ་བོ་ཆོས་དབྱིངས་དོན་དམ་བདག་མཆོག །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཕྱི་དོན་ཞེན་སྤངས་སྣང་བ་སེམས་བརྟན། །སེམས་འཛིན་བཅོམ་ཕྱིར་སྟོང་པར་ཡོངས་གསུངས། །གཉིས་ཀ་འགོག་ཕྱིར་ཟུང་འཇུག་སྟོང་ཉིད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །འགོག་བདེན་རང་བཞིན་ཞི་བར་གནས་པ། །རང་རིག་རང་གསལ་ལྷག་མཐོང་ངོ་བོ། །ཞི་ལྷག་ཟུང་འཇུག་གདོད་མའི་ཡེ་ཤེས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གནས་ཞེས་ངོ་བོ་གཞི་རྟེན་མ་གྲུབ། །འགྱུ་ཞེས་རྣམ་པར་རྟོག་པས་མ་སྐྱོད། །གནས་དང་འགྱུ་ཞེས་གང་དུ་མ་དམིགས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །རིག་པ་ཞེས་བརྗོད་མིང་ལ་དོན་ཞེན། །དོན་ལ་མིང་ཞེས་རྣམ་པ་ཡོངས་སྤངས། །མི་ཤིག་ངོ་བོར་ཁས་ལེན་བྲལ་ངོས། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །ཕུང་ཁམས་དབང་ཡུལ་སྤང་གཞི་དེ་གཞན། །གཤེགས་པ་ཡབ་ཡུམ་སེམས་དཔའ་སེམས་མ། །དཀྱིལ་འཁོར་འཁོར་ལོ་རབ་འབྱམས་སྤྲོ་མཛད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །གཟུགས་མེད་གཟུགས་གསལ་མཚན་དཔེ་འོད་གསལ། །བདག་མེད་སྟོང་པ་རྣམ་རྟོག་སྤྲོས་བྲལ། །ཤེས་བྱ་ཀུན་ཁྱབ་ཟབ་གསལ་དབྱེར་མེད། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །དྲི་མ་འགྱུར་བཅས་བདུད་ཀུན་བཅོམ་ནས། །དྲི་མེད་མི་འགྱུར་བཅོམ་ལྡན་བདེ་ཆེན། །ཆ་མེད་ཀུན་འགྲོ་ཉག་གཅིག་རྒྱལ་བ། །སངས་རྒྱས་པདྨ་འབྱུང་ལ་ཕྱག་འཚལ། །དེ་ལྟར་འཁོར་འདས་ཡོངས་ཀྱི་སྤྱི་དཔལ། །བརྟན་དང་གཡོ་བ་ཀུན་གྱི་རང་བཞིན། །སྲོག་ལྡན་ཀུན་གྱི་མགོན་དང་བཅུད་གྱུར། །སྐུ་གསུམ་རྒྱལ་བ་ཡོངས་ཀྱི་འབྱུང་ཁུངས། །འཁོར་འདས་ཐོག་མཐའ་མེད་པའི་མཚོ་ཀློང་། །རྣམ་ཤེས་པདྨ་རྒྱས་པའི་དབུས་སུ། །ཡོན་ཏན་ཀུན་འབྱུང་སྙིང་པོ་རིག་པ། །མི་འགྱུར་བདེ་ཆེན་ངོ་བོར་རྟག་གནས། །སངས་རྒྱས་ཀུན་དངོས་ཀུན་གྱི་རྒྱལ་པོ། །ཐུགས་རྗེ་ནུས་མཐུ་རྨད་དུ་བྱུང་གྱུར། །མ་ཧཱ་གུ་རུ་པདྨ་འབྱུང་གནས། །ལྷ་མི་ཡོངས་ཀྱི་བླ་མ་མཆོག་དེར། །བདག་གི་སྒོ་གསུམ་གུས་པ་ཆེན་པོས། །ཐལ་མོ་སྤྱི་བོར་སྦྱར་ནས་བློ་ཡི། །རྡུལ་སྙེད་ལུས་གོས་རང་བཞིན་མཉམ་ཉིད། །རབ་ཏུ་ཕྱག་འཚལ་ཕྱག་འཚལ་འདུད་ཀྱི། །མཐའ་ཡས་འགྲོ་བའི་སྒྲིབ་ཀུན་བཅོམ་ནས། །དྲི་མེད་ཟླ་བ་རྒྱས་བཞིན་བྱིན་རློབས། །བདག་ལུས་ལོངས་སྤྱོད་དཔལ་འབྱོར་དབང་ཕྱུག །ཚེ་སྲོག་རྣམས་དང་ཚོགས་གཉིས་དགེ་ཚོགས། །རྣམ་པ་ཀུན་ཏུ་བླ་མ་མཆོག་ལ། །བདག་མེད་ངང་དུ་འབུལ་གྱི་བཞེས་གསོལ། །སྒྲིབ་པའི་ངོ་བོ་གདོད་ནས་མ་གྲུབ། །གློ་བུར་རྣམ་རྟོག་དབང་གིས་བསགས་པའི། །སྡིག་པ་མི་དགེ་ཅི་མཆིས་པ་རྣམས། །མཐོལ་བཤགས་རོ་མཉམ་ངང་དག་གྱུར་ཅིང་། །ཡེ་ནས་རང་བྱུང་འདུས་མ་བྱས་དགེ །རྣམ་ཤེས་ཀྱིས་བསླུ་འདུ་བྱས་དགེ་བ། །འདུས་དང་འདུས་མ་བྱས་པས་སྐུ་གཉིས། །ཡེ་ཤེས་བསྒྲུབ་ལ་རྗེས་སུ་ཡི་རང་། །རྒྱལ་བའི་གསུང་གི་རྒྱུན་ཆད་མི་མངའ། །གསུང་དང་མི་གསུང་སྤྲོས་པས་དབེན་མོད། །ཡལ་ཡོལ་བཏང་སྙོམས་ནམ་ཡང་མི་གནས། །ཚུར་མཐོང་གདུལ་བྱར་ཆོས་ཀྱི་འཁོར་ལོ། །བསམ་གྱིས་མི་ཁྱབ་མོས་ངོ་དང་མཐུན། །རྟག་ཏུ་བསྐོར་བར་གསོལ་བ་འདེབས་སོ། །རྒྱལ་བ་གཤེགས་བཞུགས་ནམ་ཡང་མེད་ཅིང་། །མི་རྟག་འདུས་བྱས་ཆོས་ལས་འདས་མོད། །རྟག་བརྟན་ཉིད་ཡིན་བྱིས་པའི་ངོར་བསྟུན། །མྱ་ངན་མི་འདའ་གསོལ་བ་འདེབས་སོ། །ཡང་དག་དོན་ལ་འཁོར་གསུམ་དམིགས་མེད། །རྣམ་རྟོག་འབྱུང་བ་ཡོད་པ་དེ་སྲིད། །དགེ་བ་བསགས་དང་འཕགས་པའི་ས་ལམ། །རྒྱ་ཆེན་སྤྱོད་པའི་ཚོགས་གཉིས་འབྲས་བུ། །བྱང་སེམས་རྒྱ་མཚོ་དཔག་ཀླས་ཉིད་ཀྱི། །ཐེག་ཆེན་རྒྱ་མཚོ་སྨོན་ལམ་གང་བཏབ། །དགེ་ལེགས་རྒྱ་མཚོ་ཇི་བཞིན་འགྲུབ་གྱུར། །རྒྱལ་བ་རྒྱ་མཚོའི་འཕྲིན་ལས་མཐའ་དག །ཚེ་འདི་ཉིད་ནས་འགྲུབ་པའི་རྒྱུར་བསྔོ། །དབང་བཅུའི་མཐར་ཐུག་མྱུར་དུ་ཐོབ་ནས། །སེམས་ཅན་ཀུན་གྱི་རེ་བསྐང་ནོར་གྱུར། །ཡིད་བཞིན་བདེ་ལ་ཚོམ་བུ་གཅིག་སྤྱོད། །འཇམ་དཔལ་ལ་སོགས་བྱང་སེམས་མཐུ་ཆེན། །དབྱངས་ཅན་མ་སོགས་སེམས་མ་རབ་འབྱམས། །རྒྱ་ཆེན་སྨོན་ལམ་མཐུ་བརྙེས་མཛད་པ། །མཚོ་ལྟར་རྒྱས་ཀུན་མྱུར་འགྲུབ་བདག་སྨོན། །དེ་ལྟར་སངས་རྒྱས་པདྨ་འབྱུང་ལ། །བསྟོད་བསྔགས་ཡན་ལག་བདུན་གྱི་དགེ་བས། །བདག་སྐྱེ་ཀུན་ཏུ་པདྨ་ཀ་རས། །རྗེས་སུ་བཟུང་ཞིང་ཐེག་པ་མཆོག་གྱུར། །ངེས་དོན་ཆོས་འཁོར་ཡོངས་ཀྱི་མཐུན་འཇུག །བསྟན་པའི་སྙིང་པོ་ཤིན་ཏུ་རྣལ་འབྱོར། །ཆེས་ཆེར་གསལ་བའི་བྱེད་པོར་གྱུར་ཅིང་། །ངེས་གསང་རྡོ་རྗེའི་སྙིང་ལས་འགྲོ་ཀུན། །རབ་སྦྱོར་གྲུབ་པའི་གཙོ་མཆོག་པ་ལ། །རབ་བཞག་བྱང་ཆེན་བགྲོད་པའི་ཤིང་རྟ། །མུ་བཞི་བདུད་བཞིའི་ཕྱོགས་ལས་རྣམ་རྒྱལ། །ལྷུན་གྲུབ་རིག་འཛིན་དབང་པོའི་སྡེ་འགྲུབ། །རྒྱལ་བ་གཞན་གྱི་མཛད་འཕྲིན་རབ་འབྱམས། །རྒྱ་མཚོ་ཀུན་ཀྱང་བདག་གི་ཡོངས་གྲུབ། །རྒྱལ་ཀུན་མཁྱེན་བརྩེ་ནུས་འདུས་པདལ། །པད་འབྱུང་ཇི་ལྟར་བདག་འགྲུབ་རྒྱུར་བསྔོ། །

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མགོན་པོ་གཟི་བརྗིད་འོད་དཔག་ཏུ་མེད་པ་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པའི་རིན་ཆེན་གཏེར་ཞེས་བྱ་བ་འདི་ཡང་སྐྱེ་བ་དུ་མའི་རིགས་བདག་བླ་མ་པདྨ་ཀ་ར་གང་གི་སྒྱུ་འཕྲུལ་ཤིང་རྟ་ཆེན་པོ་དག་དང་། རྩ་བའི་བླ་མ་རྣམས་ཀྱི་བྱིན་རླབས་སྙིང་ལ་ཅུང་ཟད་ཞུགས་པའི་ནུས་པས། གྲུབ་མཐའ་ལ་ངེས་པ་ཇི་ཙམ་རྙེད་པ་དེའི་རྟོགས་བརྗོད་ཀྱི་ཚུལ་དུ། རིག་པ་འཛིན་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོ་ཡིས་རང་ལོ་སུམ་ཅུའི་གུང་དུ་སླེབས་པ་ཀུན་དགའ་ཤིང་སྟག་ཆུ་སྟོད་ཟླ་བའི་ཡར་ཚེས་རྒྱལ་བའི་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཐུན་སྐབས་ཤིག་ལ་ཕྱག་འཚལ་ཡོངས་སུ་རྫོགས་པ་དང་། ཚེས་ལྔའི་སྔ་ཁའི་ཐུན་གཅིག་ཏུ་ཡན་ལག་བདུན་གྱི་ལྷག་མ་རྣམས་གྲུབ་པར་བྱས་པ་སྟེ། རྒྱལ་མཆོག་གུ་རུ་པདྨའི་སྒྲུབ་གནས་སུ་ལག་གྲོལ་པ་རྒྱང་དུའོ། །

འདིར་སྨྲས་པ། ཐ་སྙད་ཀློག་པའི་གྲར་མ་ཞུགས། །བསླབ་སྦྱང་དཔེ་འཛིན་ཤིན་ཏུ་ཉུང་། །མཁས་པར་ཞེན་པའི་ཡོན་ཏན་སྐོར། །ཐོས་བསམ་མོས་ཀྱང་བརྩོན་པས་དཀོན། །འོན་ཀྱང་རྒྱལ་གསུང་ལ་ཡིད་ཆེས། །བསྟན་འདི་ལ་ནི་སྲོག་ལྟར་བརྩེ། །ཚུལ་འདིའི་ཆོས་ལ་དད་པས་བལྟས། །སྦྱང་པ་དུས་སུ་སད་པའི་རྐྱེན། །བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཉམས་མྱོང་རྟོགས་པ་ཅུང་ཟད་སྐྱེས། །དེས་ན་མཁས་པ་མགུ་ནུས་ཤིང་། །རྨོངས་པ་དཀྲི་བའི་ལམ་ལ་མཁས། །གཞན་ལ་འགྲམ་ཆུ་མི་ལྡང་ཞིང་། །ཧ་ཅང་བདག་མཐོང་ང་རྒྱལ་མེད། །ངེས་དོན་མཐར་ཐུག་ལྟ་གྲུབ་ལ། །ཤེས་བཞིན་མི་བྱེད་དད་རྐང་ཚུགས། །དེས་ན་རང་གི་རྟོགས་བརྗོད་ཚུལ། །ཡི་གེར་བརྗོད་པ་འདི་དག་རྣམས། །ལག་དལ་འབྲི་བསྲུབ་སྐྱེན་པོ་དང་། །གཞན་གསུང་ནས་བཏུས་བཅོས་བསྒྱུར་སོགས། །བྱས་པ་ཡིན་ཏེ་རང་བློ་རུ། །རྒྱལ་བཀའ་བླ་མའི་མན་ངག་དང་། །ཚད་མའི་བསྟན་བཅོས་བསྒོམ་པའི་དོན། །ཇི་ཙམ་བདག་བློར་འཁྱིལ་བ་དེ། །མཁས་འདོད་རྩབ་རྩུབ་ཀྱིས་ལ་སྦགས། །རང་དང་བསྐལ་བ་མཉམ་པ་དང་། །ཚད་མར་བྱེད་པའང་ཡོད་སྲིད་ན། །དེ་ཕན་སླད་དུ་འདི་དག་བྲིས། །ཁ་ཅིག་རྣམ་རྟོག་འཕྲོ་རྒོད་པའི། །གང་དྲན་ཁ་ནས་ཅི་ཐོན་དུ། །ཁུངས་མེད་སྨྲ་བའི་ལེགས་བཤད་ཉིད། །རློམ་ཡང་རྒྱལ་བསྟན་གསལ་བྱེད་མིན། །མུ་ཏོ་གྲོ་ཞེས་མཁར་འགའ་ཞིག །ཚིག་སྙན་སྦྱོར་བའི་བློ་གསལ་ཡང་། །རྒྱལ་བསྟན་གསལ་བྱེད་ག་ལ་འགྱུར། །ལེགས་ཀྱང་སྲིན་བུའི་ཤིང་རྗེས་འདྲ། །དེ་བས་ཚད་མའི་ཁུངས་ལ་སྡོག །རང་བློས་བཅད་པར་མི་ནུས་ཚེ། །སྔོན་རབས་མཁས་གསུངས་རྗེས་འབྲང་གཅེས། །དེ་ནི་བསྟན་པའི་གསལ་བྱེད་ཉིད། །བདག་ནི་ས་སྐྱེ་བློ་དམན་ཡང་། །ཚིག་འདི་རྒྱལ་བའི་རྗེས་སུ་འབྲང་། །དེས་ན་འདམ་གྱི་པདྨ་བཞིན། །སྐལ་ལྡན་བུང་བའི་གསོ་བླང་འཚལ། །

ཞེས་པའང་གྲུབ་མཐའ་ལ་ངེས་ཤེས་ཆ་ཙམ་ཞིག་རྙེད་པའི་རྟོགས་བརྗོད་གུ་རུ་པདྨའི་བསྟོད་དབྱངས་སུ་སྨྲས་པས་འཕྲོས་པའོ། །དགེའོ། །དགེའོ། །དགེའོ། །


previousསངས་རྒྱས་པདྨ་འབྱུང་གནས་ལ་ངེས་པ་དོན་གྱི་སྒོ་ནས་བསྟོད་དབྱངས་ཡན་ལག་བདུན་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པ་རིན་པོ་ཆེའི་གཏེར།next