Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  collapse section
དཔལ་རིག་འཛིན་ཆེན་པོའི་གསུང་རྩོམ་ལས་བདེ་ཆེན་གླིང་པའི་འཁྲུངས་རབས་སོགས་གསོལ་འདེབས་ཀྱི་སྐོར་འགའ་ཞིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousདཔལ་རིག་འཛིན་ཆེན་པོའི་གསུང་རྩོམ་ལས་བདེ་ཆེན་གླིང་པའི་འཁྲུངས་རབས་སོགས་གསོལ་འདེབས་ཀྱི་སྐོར་འགའ་ཞིགnext

དཔལ་རིག་འཛིན་ཆེན་པོའི་གསུང་རྩོམ་ལས་བདེ་ཆེན་གླིང་པའི་འཁྲུངས་རབས་སོགས་གསོལ་འདེབས་ཀྱི་སྐོར་འགའ་ཞིག

དཔལ་ལྡན་རྩ་བའི་བླ་མ་སྤྲུལ་པའི་སྐྱེ་འཕྲེང་ལ་གསོལ་བ་འདེབས་པ་ཡིད་བཞིན་ནོར་བུ་བརྩེགས་པ།

༄༅། །དཔལ་རིག་འཛིན་ཆེན་པོའི་གསུང་རྩོམ་ལས་བདེ་ཆེན་གླིང་པའི་འཁྲུངས་རབས་སོགས་གསོལ་འདེབས་ཀྱི་སྐོར་འགའ་ཞིག་བཞུགས་སོ། །

༈ དཔལ་ལྡན་རྩ་བའི་བླ་མ་སྤྲུལ་པའི་སྐྱེ་འཕྲེང་ལ་གསོལ་བ་འདེབས་པ་ཡིད་བཞིན་ནོར་བུ་བརྩེགས་པ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །

རྒྱལ་ཀུན་འབྱུང་གནས་ཆོས་ཀུན་གདོད་མ་ཡི། །གནས་ལུགས་སྒྲིབམེད་རང་བྱུང་རྫོགས་སངས་རྒྱས། །རྣམ་ཀུན་མཆོག་ལྡན་ཀུན་ཁྱབ་བདེ་བ་ཆེ། །ཀུན་བཟང་གདོད་མའི་མགོན་པོར་ཕྱག་འཚལ་ལོ། །གཞི་དབྱིངས་སྙིང་པོ་མེ་ཏོག་རྒྱས་པ་རུ། །མཆོག་གི་སྤྲུལ་སྐུའི་ཞིང་ཁམས་རབ་འབྱམས་ཀུན། །མཚན་དཔེ་གསལ་བར་སྐུ་ལས་ཉེར་སྤྲུལ་མཛད། །སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ། །མི་མཇེད་སྐལ་བ་བཟང་པོའི་ཞིང་ཁམས་འདིར། །སངས་རྒྱས་སྟོང་གི་བཀའ་ཡི་བསྡུ་བ་པོ། །གསང་གསུམ་དབྱེར་མེད་ངོ་བོ་ལྷུན་གྲུབ་པ། །བཅོམ་ལྡན་ལག་ན་རྡོ་རྗེར་ཕྱག་འཚལ་ལོ། །རྨད་བྱུང་རྫོགས་པའི་སངས་རྒྱས་ཐུབ་དབང་གི །ཉེ་གནས་མཆོག་གྱུར་སྤྲུལ་པའི་དགྲ་བཅོམ་པ། །སྡེ་སྣོད་རྣམ་གསུམ་བཀའ་ཡི་བསྡུ་བ་པོ། །འཕགས་པ་ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་ལ་སྨྲ་བའི་ཉི་མ་ཆེ། །རིགས་པའི་པད་ཚལ་ཀུན་ཏུ་རྒྱས་མཛད་མགོན། །སྨྲ་བའི་སེང་གེ་མུ་སྟེགས་རི་དྭགས་དགྲ། །སློབ་དཔོན་ཕྱོགས་ཀྱི་གླང་པོར་ཕྱག་འཚལ་ལོ། །བདག་ཉིད་ལྟ་བའི་བྲག་རི་མཁྲེགས་པོ་ཀུན། །བདག་མེད་སྨྲ་བ་རྡོ་རྗེ་དགྲ་བརྒྱ་པས། །འཇོམས་མཛད་སྤྲོས་བྲལ་སྨྲ་བའི་ཁྱུ་མཆོག་ཆེ། །དཔལ་ལྡན་ཟླ་བ་གྲགས་པར་ཕྱག་འཚལ་ལོ། །གངས་ཅན་མགོན་པོའི་མི་རྗེ་སྤྱན་རས་གཟིགས། །སྲོང་བཙན་སྒམ་པོའི་བཀའ་བཞིན་དམ་ཆོས་བརྡའ། །བོད་དུ་སྔར་མེད་གསར་འདྲེན་ངག་དབང་ཕྱུག །དྲིན་ཆེན་ཐོན་མིའི་ཞབས་ལ་ཕྱག་འཚལ་ལོ། །མཁས་ཤིང་གྲུབ་མྱུར་དུར་ཁྲོད་ཕུང་ལུང་དུ། །དཔལ་ཆེན་སྟོབས་ལྡན་ནག་པོའི་བདག་ཉིད་དང་། །མཚུངས་པར་དབང་བསྐུར་དྲག་སྔགས་ཀུན་གྱི་བདག །རིག་འཛིན་ཞི་བ་སྙིང་པོར་ཕྱག་འཚལ་ལོ། །དེ་དང་དུས་མཚུངས་བོད་ཡུལ་འཇིག་རྟེན་མིག །ཀུན་གྱི་འཁོར་ལོར་བསྒྱུར་བ་ཐེག་དགུའི་བདག །འཇམ་དཔལ་ཐུགས་དང་དབྱེར་མེད་འོད་སྐུ་གཤེགས། །ལོ་ཆེན་བཻ་རོ་ཙ་ནར་ཕྱག་འཚལ་ལོ། །སླར་ཡང་བསམ་བཞིན་མདོ་སྨད་གློ་ཐང་དུ། །སྨོན་ལམ་དབང་གི་སྐྱེ་བ་སྤྲུལ་པའི་སྐུ། །རྫོགས་ཆེན་སེམས་ཕྱོགས་ཉིན་ལྟར་བརྡལ་མཛད་མགོན། །ཡེ་ཤེས་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །མི་ཉག་ཡུལ་འཁྲུངས་འཕགས་པའི་ཡུལ་དུ་གཤེགས། །གནས་ལྔ་རིག་པའི་རྩེར་སོན་གྲུབ་པ་བརྙེས། །རྡོ་རྗེ་གདན་པའི་མཚན་ཅན་བཞི་པར་གྱུར། །ཙ་མི་སངས་རྒྱས་གྲགས་པ་ཕྱག་འཚལ་ལོ། །ཡེ་ཤེས་མཁའ་འགྲོ་གཉིས་དང་སྐྱེས་མཆོག་བཞིའི། །གདམས་ངག་བཅུད་ལེན་ཁྱུང་པོ་རྣལ་འབྱོར་དང་། །དེའི་ཐུགས་སྲས་ཞང་སྒོམ་ཆོས་སེང་སྟེ། །ཡབ་སྲས་ཐུགས་བརྒྱུད་གཅིག་ལ་ཕྱག་འཚལ་ལོ། །དེ་དང་དུས་མཚུངས་ཉིད་དུ་ལ་སྟོད་བྱང་། །འབྲོག་མའི་ལོ་ཙྪའི་ཐུགས་སྲས་ཀུན་གྱི་མཆོག །གྷ་ཡ་དྷ་རའི་གསེར་ཆོས་གཅིག་ཆར་གསོལ། །སེ་སྟོན་ཀུན་རིགས་ཞབས་ལ་ཕྱག་འཚལ་ལོ། །ཆུ་སྟོད་ཟླ་གཟུགས་ཇི་བཞིན་སྤྲུལ་པའི་སྐུ། །འུག་པ་ལུང་དུ་སྔ་འགྱུར་བླ་མེད་ཆོས། །རྒྱུད་ལུང་མན་ངག་ཉི་བཞིན་བརྡལ་བ་པོ། །ཟུར་ཆེན་ཤཱཀ་འབྱུང་ཞབས་ལ་ཕྱག་འཚལ་ལོ། །བསྟན་པའི་འབྱུང་ཁུངས་དབུ་རུ་ལྷ་ལྡན་འདབ། །སྐུ་འཁྲུངས་ཡིན་ངེས་བཞི་ཡི་རྗེས་སུ་བཟུང་། །ཕག་མོས་སྲས་གྱུར་གསང་བའི་མཚན་བརྒྱད་བརྙེས། །སྐྱེ་མེད་བརྩོན་འགྲུས་གྲགས་པར་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱར་སྡེ་སྣོད་གསུམ་གྱི་བདག །འཇམ་དཔལ་དཔའ་བོས་བྱིན་རླབས་འཛམ་གླིང་འདིར། །ཟླ་མེད་ཉིད་ལྟར་གསལ་བའི་པཎྜི་ཏ། །ཀུན་དགའ་རྒྱལ་བའི་མཚན་ལ་ཕྱག་འཚལ་ལོ། །མདོ་ཁམས་ཀཿཐོག་དམ་པ་བདེ་གཤེགས་ཀྱི། །ཐུགས་དང་གཉིས་སུ་མེད་པ་སློབ་མའི་ཚུལ། །སྒྱུ་འཕྲུལ་འདུས་མདོ་རྫོགས་ཆེན་སྒྲོན་མེ་སྦར། །གཙང་སྟོན་རྡོར་རྒྱལ་མཚན་ལ་ཕྱག་འཚལ་ལོ། །རྒྱལ་གྱི་ཙིབ་རིའི་ཉེ་འདབ་ལྷ་གདོང་དུ། །སྙིང་པོའི་བསྟན་པ་རྒྱས་མཛད་འགྲོ་བའི་མགོན། །ཡེ་ཤེས་དཔའ་བོ་མཁའ་འགྲོའི་ཚོགས་དཔོན་ཆེ། །ཡང་མགོན་ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་ལོ། །ཇོ་ནང་གནས་སུ་རིགས་ལྡན་སྤྲུལ་པའི་སྐུ། །གངས་རིའི་ཁྲོད་འདིར་རྡོ་རྗེ་རྣལ་འབྱོར་གཙོ། །མི་ཞིག་དང་མ་གསུམ་གྱི་སྐུ་བརྙེས་པ། །ཐུགས་རྗེས་བརྩོན་འགྲུས་ཆེ་ལ་ཕྱག་འཚལ་ལོ། །རིན་ཆེན་གླིང་སོགས་རྩོད་མེད་གཏེར་ཆེན་བདུན། །སློབ་མར་འདུས་ཤིང་སྨོན་གྲོལ་དགའ་སྟོན་རྒྱས། །ཐར་པའི་དེད་དཔོན་ཀོང་ཡུལ་བུ་ཆུར་འཁྲུངས། །འཁྲུལ་ཞིག་བདེ་བ་ཡངས་པར་ཕྱག་འཚལ་ལོ། །ཕྱི་ནང་གཙུག་ལག་ཀུན་ལ་དབང་བསྒྱུར་ཞིང་། །རྡོར་སེམས་ཕག་མོས་བྱིན་རླབས་འཇིགས་མེད་ངག །དེ་གཉིས་འདུས་པའི་རྒྱ་མཚོ་ཆེར་རྒྱས་པ། །བོ་དོང་དབྱངས་ཅན་དགའ་བར་ཕྱག་འཚལ་ལོ། །སྤྲུལ་སྐུ་སྐྱེ་འཕྲལ་གུ་རུའི་ཞལ་གཟིགས་ནས། །ཡེ་ཤེས་མངོན་ཤེས་རྫུ་འཕྲུལ་བསམ་མི་ཁྱབ། །ཟབ་མོའི་གཏེར་ཁ་དང་རྩ་བརྒྱད་བཞེས། །ཨོ་རྒྱན་རྡོ་རྗེ་གླིང་པར་ཕྱག་འཚལ་ལོ། །ཐུགས་རྗེའི་འཇུག་པས་ཤངས་ཀྱི་ལྷ་བུར་འཁྲུངས། །ཟབ་ཕུ་ལ་སོགས་གཏེར་སྒོ་དཔག་མེད་ཕྱེས། །དྲེགས་པའི་སྐྱེ་བོ་རྫུ་འཕྲུལ་མཐུ་ཡིས་བཏུལ། །པདྨ་ཀུན་སྐྱོང་གླིང་པར་ཕྱག་འཚལ་ལོ། །གང་འདུལ་སྐུར་སྟོན་མདོ་ཁམས་ཉག་རོང་དུ། །བཤན་རིགས་སྐུ་བལྟམས་གཡུང་དྲུང་བོན་གཏེར་སྟོན། །མཐུ་སྟོབས་ནུས་པས་གདུག་པ་ཚར་གཅོད་མཛད། །བློ་གྲོས་ཐོགས་མེད་གྲགས་ལ་ཕྱག་འཚལ་ལོ། །འབྲོང་རི་སྨུག་པོར་བསྲུངས་མའི་ཟབ་གཏེར་སྒོ། །འབྱེད་མཛད་ཆུ་ཕོ་རྟོགས་ལྡན་ཞེས་ཀྱང་གྲགས། །དེ་ཡི་རིང་ལུགས་རྒྱས་མཛད་ལ་སྟོན་པ། །ནམ་མཁའ་རིན་ཆེན་ལ་ཡང་ཕྱག་འཚལ་ལོ། །ཚེ་རབས་མང་པོར་དཔལ་ལྡན་ཀ་རྨཀཱ་ཀཱས། །རྗེས་བཟུང་སྒྱུ་ལུས་རྨི་ལམ་འོད་གསལ་འབྱོངས། །འཕགས་ཡུལ་མི་ཏྲ་ཛོ་ཀིའི་བསྟོད་བསྔགས་ཡུལ། །མི་ཉག་གྲགས་རིན་པ་ལ་ཕྱག་འཚལ་ལོ། །དེ་དག་དུས་མཚུངས་བོད་ཡུལ་དབུ་རུའི་ཆར། །ཀུན་བཟང་གྲུབ་པའི་དཔའ་བོ་དབུས་སྨྱོན་པ། །གཙང་གི་བྱ་གཤོང་རིང་ལུགས་སྨྲ་བའི་དབང་། །འབུམ་ཕྲག་གསུམ་པར་གྲགས་པའང་ཕྱག་འཚལ་ལོ། །ལུང་དང་རྟོགས་པའི་ཡོན་ཏན་ཀུན་གྱིས་བརྒྱན། །གུ་རུ་པདྨའི་ཟབ་གཏེར་རྩོད་ལེན་བསྟོན། །སྐལ་ལྡན་སྨིན་གྲོལ་སར་བཀོད་འཕྲང་ཕུ་བ། །ཤེས་རབ་འོད་ཟེར་ཞབས་ལ་ཕྱག་འཚལ་ལོ། །ཨོ་རྒྱན་མཁའ་སྤྱོད་ཞིང་དུ་ཧེ་རུ་ཀ །དཔའ་བོ་མཁའ་འགྲོ་ཚོགས་རྗེ་ཚོགས་ཀྱི་བདག །སྔགས་ཀྱི་ཐེག་པ་སྟོན་མཛད་བཅོམ་ལྡན་འདས། །དཔའ་བོ་ཐོད་པའི་དུམ་བུར་ཕྱག་འཚལ་ལོ། །གདུལ་བྱའི་དོན་དུ་སྐྱེ་བའི་འཕྲེང་བ་ཉིད། །ཡང་ཡང་བལྟམས་ནས་སྨིན་གྲོལ་ཆོས་འཁོར་བསྐོར། །མཐའ་ཡས་འགྲོ་བ་འདྲེན་པའི་གཉེན་གཅིག་པུ། །སྣང་མཛད་རྣམ་སྤྲུལ་ཀུན་ལ་ཕྱག་འཚལ་ལོ། །རྩོད་ལྡན་སྙིགས་མའི་མཐའ་ལ་ཐུག་དུས་འདིར། །གསུང་གི་རྡོ་རྗེར་པདྨ་འབྱུང་གནས་ཀྱི། །ཐུགས་ཀྱི་འོད་ཟེར་རྣམ་སྣང་མཛད་དབྱེར་མེད། །གུ་རུ་བདེ་ཆེན་གླིང་པར་ཕྱག་འཚལ་ལོ། །གདུལ་དཀའི་འདྲེ་སྲིན་བདུག་པ་དམ་ལ་བཏགས། །དམུ་རྒོད་སེམས་ཅན་མང་པོ་མཐར་ལམ་བཀོད། །འབྲེལ་ཚད་འགྲོ་ཀུན་བདེ་ཆེན་མཆོག་ལ་སྦྱོར། །པདྨ་བདེ་ཆེན་གླིང་པར་ཕྱག་འཚལ་ལོ། །གུ་རུའི་ཐུགས་བཅུད་མཁའ་འགྲོའི་གསང་གཏེར་སྟོན། །རང་དོན་གདེང་བཞིའི་དྲོད་ཚད་མངོན་དུ་གྱུར། །གཞན་དོན་ངེས་གསང་བརྟན་རྒྱུན་ཆད་མེད་སྤེལ། །ཀུན་བཟང་བདེ་ཆེན་གླིང་པར་ཕྱག་འཚལ་ལོ། །མ་འོངས་དུས་ན་སླར་ཡང་སྤྲུལ་པ་ཡིས། །མི་ཉག་དུར་ཁྲོད་ཕག་གདོང་རི་བོ་ནས། །མཁའ་འགྲོ་དགོངས་འདུས་ཟབ་གཏེར་སྟོན་ནས་ཀྱང་། །སྨིན་གྲོལ་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། །བསྐལ་བཟང་ཞིང་འདིའི་སངས་རྒྱས་སྟོང་མཐའ་མ། །སངས་རྒྱས་དགུ་བརྒྱ་དགུ་བརྒྱ་རྩ་དགུ་ཡི། །མཛད་འཕྲིན་གཅིག་ཅར་སྐྱོང་བའི་འདྲེན་པ་ཆེ། །བཅོམ་ལྡན་མོས་པའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་བདག་བློ་མོས་པ་ཁོ་ན་ཡི། །རྒྱལ་བའི་སྤྲུལ་སྐུར་བསྔགས་པ་མ་ལགས་མོད། །གཤིས་ལུགས་ཉིད་དུ་རྒྱལ་བའི་དབང་པོ་རུ། །ཡེ་གྲུབ་བླ་མ་མཆོག་དེར་ཕྱག་འཚལ་ལོ། །ངེས་དོན་མཁའ་ཁྱབ་རྒྱལ་བ་ཡིན་མོད་ཀྱང་། །གདུལ་བྱའི་དོན་དུ་འཛམ་གླིང་ལས་ཀྱི་སར། །མི་ཡི་སྐྱེས་བུ་ལམ་ནས་སེམས་པའི་ཚུལ། །སྟོན་མཁས་རྒྱལ་བ་གཉིས་པར་ཕྱག་འཚལ་ལོ། །གང་ཞིག་ཁྱེད་ནི་འགྲོ་འོང་གནས་པ་མེད། །རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་པ། །འགྲོ་བའི་དོན་དུ་སྐྱེ་འཕོའི་ཚུལ་སྟོན་མཛད། །སྤྲུལ་པའི་སྐྱེ་འཕྲེང་འཛིན་དེར་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ཀྱི་རྣམ་རོལ་ཆུ་གཏེར་ཉིད། །གཞལ་བར་སུ་ནུས་བདག་བློས་ཁོ་ན་ཡིས། །སོར་རྩེའི་ཆུ་ཐིགས་ཙམ་བརྗོད་དགེ་འདིའི་ཡང་། །མགོན་པོ་ཁྱེད་འགྲུབ་ཁྱེད་ཞལ་རྟག་མཐོང་ཤོག །བདག་གི་ཐོག་མེད་དུས་ནས་ད་ལྟའི་བར། །དུས་གསུམ་བསགས་ཡོད་དགེ་བའི་ཚོགས་ཐ་དག །ཚེ་སྲོག་ལུས་དང་ལོངས་སྤྱོད་དབང་ཐང་བཅས། །མགོན་ཁྱེད་ལ་འབུལ་བརྩེ་བས་བཞེས་སུ་གསོལ། །བདག་ནི་མི་ཤེས་བྱིས་པ་རང་བཞིན་གྱིས། །སྒོ་གསུམ་ཉེས་པའི་སྤྱོད་པ་འབའ་ཞིག་པས། །རྡོ་རྗེ་ཐེག་པ་དམ་ཚིག་ཉེས་པའི་ཆ། །མཆིས་ཀུན་མཐོལ་བཤགས་སྒྲིབ་མེད་དག་ཚངས་སྩོལ། །མགོན་ཁྱོད་ལ་སོགས་རྒྱལ་དང་རྒྱལ་བ་སྲས། །སློབ་མའི་ཚོགས་དང་སོ་སོའི་སྐྱེ་ཀུན་གྱི། །ཚོགས་གསུམ་དགེ་བའི་བྱ་བ་བགྱིས་ཀུན་ལ། །སྙིང་ནས་གུས་པ་ཆེན་པོས་ཡི་རང་ངོ་། །མཚུངས་མེད་མགོན་ཁྱེད་གང་དུ་སྐུ་བལྟམས་ནས། །དམ་ཆོས་བདུད་རྩི་འགྱེད་པའི་དུས་བབས་ཚེ། །དེ་ཡི་སྒོ་འཕར་དབྱེ་བའི་གསལ་འདེབས་པོ། །བདག་སྐྱེ་ཇི་སྲིད་བར་དུ་བྱེད་པར་ཤོག །མ་དག་གདུལ་བྱ་སྐྱོ་བ་བསྐྱེད་པའི་ཕྱིར། །མགོན་ཁྱེད་ཞིར་གཤེགས་བཞེད་ཚེ་སངས་རྒྱས་ལ། །བཙུན་ད་ཇི་བཞིན་ཁྱེད་སྐུ་བསྐལ་པ་ཆེར། །འཚོ་བཞེས་གསོལ་འདེབས་བདག་གི་བྱེད་པར་ཤོག །བདག་གི་བླ་མ་མཆོག་ལ་ཆེས་གུས་པས། །ཕྱག་འཚལ་མཆོད་འབུལ་གཤགས་དང་ཡི་རང་བ། །བསྐུལ་ཞིང་གསོལ་འདེབས་ལ་སོགས་དགེ་ཚོགས་ཀུན། །དཔལ་མགོན་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ལས། །རང་ལ་བཀའ་དྲིན་ཆེ་བའི་སྒོ་ནས་ལྷག །དེས་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་གནས་ཀུན་འདུས་བླ་མར་སྐྱབས་སུ་མཆི། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་པ། །བདག་གི་དྲིན་ཆེན་ཕ་མ་འབའ་ཞིག་སྟེ། །ཀུན་ཀྱང་བླ་མེད་བླ་མའི་གོ་འཕང་ལ། །བཀོད་ཕྱིར་བདག་གི་བྱང་ཆུབ་སེམས་བསྐྱེད་དོ། །མི་ཀློག་སྙིང་པོ་ལྟ་བ་རྣམས་དག་དང་། །ཕྱག་རྒྱ་ཆེན་པོའི་གནས་ལུགས་ཟབ་མོའི་དོན། །འོད་གསལ་རྡོ་རྗེ་སྙིང་པོར་མཉམ་སྦྱོར་བའི། །ཁྱེད་གཤེགས་ལམ་དེ་བདག་གིས་བརྟེན་བགྱིའོ། །དུས་འདི་ནས་རྩོམ་བྱང་ཆུབ་སྙིང་པོའི་བར། །བདག་གི་སྐྱེ་བ་ཚེ་རབས་ཇི་སྲིད་དུ། །ལུས་དང་སྲོག་ལ་ནམ་ཡང་ལྟོས་མེད་པར། །རྣམ་ཀུན་མགོན་པོ་ཁྱེད་དགྱེས་བསྒྲུབ་པར་ཤོག །བླ་མའི་སྐུ་གསུང་ཐུགས་ལ་མི་དད་པའི། །འགྲོ་རྣམས་བདག་གི་མཐུ་ཡི་ཉེར་བཏུལ་ཏེ། །མགོན་པོ་ཁྱེད་ལ་མི་ཕྱེད་དད་གུས་ཀྱིས། །ས་མཆོག་ཉིད་ལ་མྱུར་དུ་བཀོད་པར་ཤོག །ཁྱེད་ལ་དད་དང་གུས་གྱུར་མི་མི་མིན། །ཀུན་ཀྱང་ཚེ་རིང་མངའ་ཐང་དཔལ་འབྱོར་འཕེལ། །དབང་ཐང་མཐུ་སྟོབས་ཆེ་ཆེར་རྒྱས་གྱུར་ཏེ། །མགོན་ཁྱོད་བསྟན་ལ་བྱ་བ་བྱེད་པར་ཤོག །སངས་རྒྱས་ཐ་དད་དགྱེས་པའི་ལས་གཅིག་ཆོག །དཔལ་ལྡན་བླ་མ་མཆོག་ལས་གཞན་ཡོད་མིན། །དེ་ཕྱིར་བདག་གི་ལུས་སྲོག་ལོངས་སྤྱོད་ཀྱི། །ཚེ་རབས་རྟག་ཏུ་བླ་མ་མཆོད་པར་ཤོག །བླ་མ་དགྱེས་བྱེད་ལས་ལ་བདག་སྒོ་གསུམ། །ངལ་སྤངས་ཆོག་ཤེས་མེད་པར་དུས་རྟག་ཏུ། །སྲིད་ཞུ་བསྙེན་བཀུར་གུས་པའི་ཞབས་ཏོག་དང་། །བླ་མའི་སྙན་པ་བར་མེད་བརྗོད་པར་ཤོག །མདོར་ན་བླ་མའི་ཅི་མཛད་ལེགས་པར་མཐོང་། །ཅི་གསུང་དང་ལེན་ལེ་ལོ་སྙོམ་ལས་དབང་། །ཅུང་ཟད་ཙམ་ཡང་མ་སོང་དར་དྲག་པས། །ཐུགས་སུ་འཇུག་པའི་ལས་ལ་རྟག་བརྩོན་ཤོག །དམ་ཚིག་ཚུལ་བཞིན་བསྲུང་བའི་དམ་ཅན། །བདག་གི་སྤྱོད་ལམ་དམ་ཚིག་གཅིག་ཏུ་འདྲེས། །བླ་མའི་སྐུ་ལ་སྡང་བའི་དགྲ་བོ་རྣམས། །བདག་གི་སྐད་ཅིག་ཉིད་ལ་ཚར་གཅོད་ཤོག །བླ་མའི་ཐུགས་སུ་བྱོན་པའི་སྲས་ཉེའི་འཁོར། །ཀུན་ལ་བླ་མ་ཇི་བཞིན་བལྟ་བྱས་ནས། །དེ་དག་ལ་ཡང་སྨན་པའི་བྱ་བ་གང་། །རྟག་ཏུ་ལྷུར་རུ་བླང་ནས་བསྒྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་ཤེས་རབ་རྣམ་དག་དང་། །དམ་ཆོས་བསྒྲུབ་བརྩོན་སྒོ་གསུམ་བྲན་དུ་འབུལ། །རིན་ཆེན་འབྲུ་སྨན་དར་ཟབ་ལ་སོགས་པ། །མངོན་མཐོའི་འབྱོར་པས་བླ་མ་རབ་མཆོད་ཤོག །ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་གཅིག་ཅར་སྒྲུབ་ཐབས་བླ་མ་ཡི། །འཕྲིན་ལས་སྤེལ་ལས་ཡོད་མིན་དེ་ཕྱིར་བདག །བླ་མའི་འཕྲིན་ལས་མཆོག་རྒྱར་རྟག་སྤེལ་ཤོག །བླ་མ་དགྱེས་ན་མནར་མེད་དམྱལ་མེ་ཡི། །བསྐལ་པ་རྒྱ་མཚོར་བསྲེགས་ཀྱང་མི་སུན་ཅིང་། །བླ་མ་མ་དགྱེས་སྲིད་ཞིའི་དཔལ་འབྱོར་ཀུན། །མི་གཙང་རྫས་བཞིན་རིང་དུ་སྤོང་བར་ཤོག །མདོར་ན་རྩ་བའི་བླ་མ་རྫོགས་སངས་རྒྱས། །དགྱེས་པའི་ལས་ལ་འཁོར་མ་ཡུན་གཅོད་ཅིང་། །མི་དགྱེས་སྐད་ཅིག་དུས་མཐའི་ཡུན་ཙམ་ཡང་། །ཡོངས་སྤང་སྙིང་ནས་གུས་པས་བརྟན་པར་ཤོག །བདག་ནི་སངས་རྒྱས་གོ་འཕང་ཡང་མི་སྨོན། །བྱང་སེམས་འཕགས་པ་དག་པའི་ས་ཆེན་པོ། །བླ་མའི་ཐུགས་རྗེས་མྱུར་ཐོབ་ཚུལ་དེ་ཡི། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་བྱེད་ཤོག །དག་སར་གནས་པའི་བྱང་སེམས་སྨོས་ཅི་འཚལ། །གལ་ཏེ་བདག་ཉིད་རྫོགས་སངས་རྒྱས་སྲིད་ན། །མགོན་ཁྱོད་སྐུ་ཡི་བཀོད་པ་བདག་གི་གཙུག །རིགས་ཀྱི་བདག་པོའི་ཚུལ་དུ་བརྒྱན་པར་ཤོག །དེ་ལྟར་བླ་མ་མཆོག་ལ་རབ་གུས་པས། །དུས་གསུམ་ཀུན་ཏུ་སྨོན་ལམ་བཏབ་པ་རྣམས། །མི་བསླུ་ཇི་བཞིན་བདེན་པ་ཉིད་འགྲུབ་པར། །དཀོན་མཆོག་རྩ་གསུམ་རྒྱ་མཚོས་མཛད་དུ་གསོལ། །

ཞེས་དུས་གསུམ་སངས་རྒྱས་མ་ལུས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་འདུས་པའི་བདག་ཉིད་ཀྱི་དཔལ་ཆེན་པོ་མཚོ་སྐྱེས་རྡོ་རྗེ་དང་དབྱེར་མ་མཆིས་པ། རྒྱན་མཆོག་སྲོག་གི་དང་མ་ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པ་ཡི་སྤྲུལ་པའི་སྐྱེ་འཕྲེང་ཇི་སྙེད་རྣམས་ལ་ཕྱག་འཚལ་གསོལ་འདེབས་སྨོན་ལམ་བཅས་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གསུམ་འདི་ནི་སྟོད་མངའ་རིས་གངས་རི་ཆེན་པོ་རིའི་སེའི་ནུབ་ཕྱོགས་ཀླུང་སེངྒེ་ཁ་འབབ་ཀྱི་ལྗོངས་སྐོར་གསུམ་ལས་གཡའ་ཡི་བསྐོར་བ་མར་ཡུལ་གྱི་སྟོད་ཝམ་ལེ་བདེ་ཆེན་རྣམ་རྒྱལ་དུ་རབ་བྱུང་བཅུ་གསུམ་པའི་དཔལ་གདོང་ཆུ་བྱ་གསར་དུ་འཆར་བ་རྒྱལ་ཟླའི་ཚེས་བཅུ་ལོ་དུས་ཀྱི་མཆོད་པའི་སྐབས་སུ། རྗེ་བཙུན་བླ་མའི་བཀའ་འབངས་ཐམས་ཅད་ཀྱི་མཐའ་ནས་རིག་པ་འཛིན་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་སྡེ་དཔལ་ཀུན་ཏུ་རྒྱས་པ་མི་ཕྱེད་སྙིང་ནས་གུས་པའི་སྤུ་ལོང་གཡོ་བཞིན་དུ་བཀོད་པའི་འཕྲོ་ཅུང་ཟད་པ་ནི་ཟླ་བ་དེའི་དཀར་ཕྱོགས་རྒྱལ་བ་གསུམ་པ་རྒྱལ་ཕུར་གྱི་འགྲུབ་སྦྱོར་ལ་གྲུབ་པར་བྱས་པ་སྟེ། དགེ་བས་སྐྱེ་བ་ཀུན་ཏུ་མགོན་པོ་དེའི་རྗེས་སུ་བཟུང་བའི་རྒྱུར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།

ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པའི་ཞབས་ཀྱི་འཁྲུངས་རབས་ཀྱི་འཕྲེང་བར་གསོལ་བ་འདེབས་པ།

ཨོཾ་སྭཱསྟི། ན་མོ་མ་ཧཱ་གུ་རུ་པདྨ་སིདྡྷི་བ་ར་ཡ། རྒྱལ་བ་ཀུན་གྱི་ཆོས་ཉིད་ཀུན་ཏུ་བཟང་། །རང་གཟུགས་སྟུག་པོ་བཀོད་བདག་རྣམ་སྣང་མཛད། །རིགས་དང་གདུང་རྒྱུད་ཀུན་བདག་པོ་རྡོ་རྗེ་ཅན། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །ཐུབ་དབང་བཀའ་ཡི་སྡུད་པོ་ཀུན་དགའ་བོ། །འཛམ་གླིང་རྒྱལ་བསྟན་མཛེས་རྒྱན་ཕྱོགས་གླང་ཆེ། །བདག་མེད་སྨྲ་བའི་སེང་གེ་ཟླ་བ་གྲགས། །དཔལ་ལྡན་ཨོཪྻན་པ་ཡི་དབང་ཕྱུག་དེ་ཝ་ཀ །གངས་ཅན་མིག་གཅིག་ཐུ་མི་སམྦྷོ་ཊ། །ཙཱི་ནར་བསླབ་གསུམ་འཛིན་མཆོག་གང་བའི་མཚན། །དཔལ་ལྡན་འཕགས་ཡུལ་གྲགས་སྔགས་རིག་འཛིན་ཞི་བ་སྙིང་། །བོད་ཡུལ་མཁས་གྲུབ་ཡོངས་གཙོ་བཻ་རོའི་ཞབས། །ཐ་དད་སྐུར་སྟོན་དོན་དུ་ངོ་བོ་གཅིག །དཔལ་ལྡན་བྱང་ཆུབ་སེམས་ཉིད་གསལ་མཛད་ཨ་རོ་རྗེ། །སྔ་འགྱུར་བསྟན་པའི་སྒྲོན་མེ་ཟུར་ཆེན་པ། །ཐུབ་པའི་རྒྱལ་ཚབ་རྡོར་སྡེན་ཙ་མི་རྗེ། །དཔལ་ལྡན་མཁའ་འགྲོ་ནེ་གུའི་ཐུགས་སྲས་ཁྱུང་པོའི་ཞབས། །དེའི་ཐུགས་དང་དབྱེར་མེད་ཞང་ཆོས་སེང་། །འབྲོག་མའི་ཐུགས་བཅུད་འཇོ་མཛད་ས་ཀུན་རིག །དཔལ་ལྡན་རྒྱ་གར་དམ་པའི་སློབ་མ་དྲག་པོ་ཡི། །བཀའ་བབ་བཛྲ་ཀྲོ་དྷ་ཞེས་ཀྱང་བྱ། །སྐྱེ་མེད་སྙིང་རྗེའི་གར་བསྒྱུར་རྒྱལ་བ་ཞང་། །དཔལ་ལྡན་བླ་མ་གནས་ལྔ་རིག་པ་ཀུན་དགའ་རྒྱལ་བའི་མཚན། །གང་གི་ཐུགས་དང་དབྱེར་མེད་སློབ་མའི་ཚུལ། །ཡེ་ཤེས་མཁའ་འགྲོའི་ཚོགས་དཔོན་ཡང་དགོན་པ། །དཔལ་ལྡན་ཀཿཐོག་དམ་པའི་རྒྱལ་ཚབ་གཙང་སྟོན་པ། །ཇོ་སྣང་རིགས་ལྡན་ཐུགས་རྗེས་བརྩོན་འགྲུས་ཆེ། །བོ་དོང་འཇིགས་མེད་གྲགས་གྱུར་གསང་བ་སྦྱིན། །དཔལ་ལྡན་ཟབ་གཏེར་བརྒྱ་རྩ་སྟོན་མཛད་རྡོ་རྗེ་གླིང་། །གང་གི་རྣམ་འཕྲུལ་རྩོད་མེད་ཀུན་སྐྱོང་གླིང་། །མདོ་ཁམས་བོན་གཏེར་བློ་གྲོས་ཐོགས་མེད་པ། །དཔལ་ལྡན་འབྲོང་རིའི་གཏེར་སྟོན་ཆུ་ཕོ་རྟོགས་ལྡན་ཆེ། །གང་གི་རིགས་ལུགས་རྒྱས་མཛད་ནམ་རིན་པ། །སྒྱུ་ལུས་རྩལ་འབྱོངས་གྲགས་པ་རིན་ཆེན། །དཔལ་ལྡན་ཀུན་བཟང་གྲུབ་པའི་དཔའ་བོ་དབུས་སྨྱོན་པ། །དུས་མཚུངས་བྱ་གཤོངས་འབུམ་ཕྲག་གསུམ་པའི་མཚན། །བསམ་བཞིན་སྤྲུལ་སྐུ་འཕྲེང་བུ་གཏེར་སྟོན་རྗེ། །དཔལ་ལྡན་མཁའ་སྤྱོད་ཚོགས་རྗེ་བཅོན་ལྡན་འདས་ཐོད་དུམ། །དེ་སོགས་རིམ་པ་གཉིས་དང་དུས་གཅིག་ཏུ། །ཆུ་སྣོད་ཟླ་ལྟར་འགོག་མེད་སྤྲུལ་གར་ཅན། །དཔལ་ལྡན་དུས་འདིར་གུ་རུ་པདྨའི་རྒྱལ་ཚབ་མཆོག །གདུལ་དཀའི་འགྲོ་འདུལ་ངེས་སྟོན་བསྟན་སྲོག་འཛིན། །རྒྱལ་ཀུན་ངོ་བོ་པདྨ་བདེ་ཆེན་གླིང་། །དཔལ་ལྡན་བླ་མར་གང་གི་སྐུ་འཕྲེང་ངོ་མཚར་རྒྱ་མཚོ་ལས། །བདག་བློ་དད་པའི་སྙོམ་པས་ཅུང་ཟད་ཅིག །བླངས་ནས་བརྩེ་གཅིག་གུས་པས་གསོལ་འདེབས་ན། །ཐུགས་རྗེས་གཟིགས་ཤིག་དྲན་མཆོག་དངས་མའི་མགོན། །བདག་ནི་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །ཁྱོད་ཀྱི་དངོས་རྒྱུད་སྤྲུལ་པའི་རྣམ་རོལ་ཀུན། །མི་འབྲལ་སྤྱི་བོའི་བརྒྱན་དུ་རྟག་བཟུང་ནས། །དགྱེས་པའི་ལས་འཁོར་མ་ཡུག་སྤྱོད་པར་ཤོག །མདོར་ན་སྔགས་ཀྱི་དམ་ཚིག་རྣམ་པར་དག །དེ་ཡི་ས་ལམ་ཡོན་ཏན་གོང་འཕེལ་རྒྱས། །འབྲལ་བྱེད་ཁྱབ་བདག་བླ་མ་རྡོར་སེམས་ཀྱི། །གོ་འཕང་མཆོག་ལ་བདག་གི་བཀོད་པར་ཤོག །

ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་བཀའ་དྲིན་བཞི་ལྡན་དྲན་མཆོག་དངས་མའི་མགོན་པོ་ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པའི་ཞབས་ཀྱི་འཁྲུངས་རབས་ཀྱི་འཕྲེང་བར་གསོལ་བ་འདེབས་པ་འདི་ཡང་གང་གི་བཀའ་འབངས་ཐམས་ཅད་ཀྱི་ཐ་ཤལ་རིག་འཛིན་རྒྱལ་ཁམས་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་བོད་ཡུལ་སྟོད་མངའ་རིས་དང་ཁ་ཆེའི་ཡུལ་མཚམས་མར་ཡུལ་ཝམ་ལེར་དཔལ་གདོང་ཆུ་བྱ་ཆོ་འཕྲུལ་ཟླ་བའི་ཡར་ངོ་ཚེས་བཅུའི་ཐུན་བར་ཅིག་ཏུ་བྲིས་པའོ། །དགེའོ། །སརྦ་མངྒ་ལཾ།

ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པ་ཡི་སྤྲུལ་པའི་རྣམ་རོལ་ལ་གསོལ་བ་འདེབས་པ།

ཨོཾ་སྭཱསྟི། ན་མོ་གུ་རུ་ཝེ། ཀུན་བཟང་རྣམ་པར་སྣང་མཛད་མོས་པ་ཆེ། །ཀུན་གསུམ་རྫོགས་སངས་རྒྱས་གསོལ་བ་འདེབས། །གསང་བདག་རྡོ་རྗེ་ཅན་དང་ཀུན་དགའ་བོ། །རྒྱལ་བཀའ་སྡུད་པ་པོ་ལ༴ རྒྱལ་པོ་ཟླ་གསུངས་མ་ཏི་ཙི་ཏྲ་ཆུང་། །ཐེག་ཆེན་གསལ་བར་བྱེད་ལ༴ ཕྱོགས་གླང་ཟླ་གྲགས་ཤིནྟ་གརྦྷ་ཏེ། །འཛམ་གླིང་མཛེས་བྱེད་གསུམ་ལ་ཕྱག་འཚལ་ལོ། །དྲིན་ཆེན་ཐུ་མི་ལོ་ཆེན་བཻ་རོའི་ཞབས། །ཟླ་མེད་གངས་ཅན་མིག་ལ༴ ཨ་རོ་ཡེ་འབྱུང་ཟུར་ཆེན་ཤེས་རབ་འབྱུང་། །སྔ་འགྱུར་བསྟན་སྲོག་འཛིན་ལ༴ ཁྱུང་པོ་རྣལ་འབྱོར་ཙ་མི་སངས་རྒྱས་གྲགས། །བོད་ཀྱི་རྒྱན་གྱུར་མཆོག་ལ༴ རྔོག་ལོ་ས་པཎ་བོ་དོང་གསང་བ་སྦྱིན། །རྒྱལ་བསྟན་མི་མཆོག་ལ༴ སེ་སྟོན་ཀུན་རིགས་ཇོ་ནང་ཀུན་ཡང་ཆེ། །ལམ་ཟབ་རྒྱས་མཛད་ཉིད་ལ༴ ཀཿཐོག་གཙང་སྟོན་རོག་བན་ཤེས་རབ་འོད། །སྐྱེས་མཆོག་དམ་པ་གཉིས་ལ༴ སྐྱེ་མེད་ཞང་དང་ལྷ་གདོང་ཡང་དགོན་པ། །མཁའ་འགྲོའི་ཚོགས་རྗེ་ཉིད་ལ༴ གཏེར་ཆེན་རྡོ་རྗེ་གླིང་དང་ཀུན་ཀྱོང་གླིང་། །རྩོད་མེད་སྤྲུལ་སྐུ་ཆེ་ལ༴ འཁྲུལ་ཞིག་བདེ་ཡན་དབུས་སྨྱོན་ཀུན་དགའ་བཟང་། །རྣལ་འབྱོར་དབང་ཕྱུག་གཉིས་ལ༴ གཡག་སྡེ་པཎ་ཆེན་བྱ་གཤོང་འབུམ་ཕྲག་གསུམ། །སྨྲ་བའི་ཁྱུ་མཆོག་གཉིས་ལ༴ ཆུ་ཕོ་རྟོགས་ལྡན་བློ་གྲོས་ཐོགས་མེད་བོན། །གང་འདུལ་གཞན་དོན་སྐྱོང་ལ༴ མི་ཉག་གྲགས་རིན་ལ་སྟོན་ནམ་རིན་པ། །གདམས་ཟབ་རྒྱས་པར་མཛད་ལ༴ རྩོད་མེད་གཏེར་སྟོན་ཤེས་རབ་འོད་ཟེར་དཔལ། །ལུང་རྟོགས་རྒྱལ་མཚན་འཛིན་དེར༴ བཅོམ་ལྡན་ཐོད་དུམ་གནས་གསུམ་དཔའ་བོ་དང་། །མཁའ་འགྲོའི་དབང་ཕྱུག་གྱུར་ལ༴ སྙིགས་དུས་འགྲོ་འདུལ་ངེས་དོན་བསྟན་པའི་སྲོག །པད་འབྱུང་བདེ་ཆེན་གླིང་པར་གསོལ་བ་འདེབས། །མ་འོངས་ཕག་རིའི་གཏེར་སྒོ་འབྱེད་མགོན། །སྤྲུལ་སྐུ་འབྱོན་གྱུར་ལ་ཡང༴ ཁྱོད་ནི་རྒྱལ་བའི་གོ་འཕང་བརྙེས་བཞིན་དུ། །འགྲོ་ལ་ཕན་ཞེས་སྤྲུལ་པའི་རྣམ་རོལ་གར། །གཅིག་དང་དུ་མ་ཆུ་སྣོད་ཟླ་གཟུགས་བཞིན། །ངོ་མཚར་ཅི་ཡང་སྟོན་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་གུས་པས་གང་གིས་སྐྱེས་པའི་ཕྲེང་། །མདོ་ཙམ་ཉིད་ལ་རྩེ་གཅིག་གསོལ་འདེབས་ན། །དེས་ཀྱང་དཔལ་ལྡན་བླ་མེད་རྗེས་འཛིན་ཤོག །བདག་ནི་འདི་ནས་བྱང་ཆུབ་སྙིང་པོའི་བར། །རྒྱལ་བས་བཅས་པའི་བླ་མའི་དམ་ཚིག་ཀུན། །ཅུང་ཟད་ཙམ་ཡང་ཉམས་པ་མེད་པར་སྤྱོད། །འགྲོ་བ་ཀུན་ཀྱང་ལམ་མཆོག་དེར་བཀོད་ཤོག །རྡོ་རྗེར་ཐེག་པའི་ས་ལམ་ཡོན་ཏན་ཀུན། །རིང་མིན་མྱུར་དུ་གདན་ཐོག་འདིར་ཐོབ་ནས། །རྒྱལ་བའི་ཞིང་ཁམས་ཀུན་ཏུ་རྒྱལ་བ་བཞིན། །འགྲོ་ཀུན་བདེ་ལ་འགོད་པའི་བྱེད་པོར་ཤོག །

ཅེས་བཀའ་དྲིན་མཚུངས་པ་མེད་པ་དྲན་མཆོག་དྭངས་མའི་མགོན་པོ་ཀུན་བཟང་པད་འབྱུང་བདེ་ཆེན་གླིང་པ་ཡི་སྤྲུལ་པའི་རྣམ་རོལ་ལ་གསོལ་བ་འདེབས་པ་འདི་ཡང་གང་གི་སློབ་མ་རྣམས་ཀྱི་ཡང་ཐ་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་རབ་བྱུང་བཅུ་གསུམ་པའི་དཔལ་གདོང་ཆུ་བྱ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཉིས་ཐུན་བར་དུ་མར་ཡུལ་སྟོད་ཝམ་ལེ་བདེ་ཆེན་རྣམ་རྒྱལ་དུ་བྲིས་པའོ། །དགེའོ། །སརྦ་མངྒ་ལཾ།

སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དཔལ་བདེ་བ་ཆེན་པོའི་ཞབས་ལ་གསོལ་བ་འདེབས་པ།

ཨོཾ་སྭསྟི། ན་མོ་གུ་རུ་ཝེ། ཀུན་བཟང་ཆོས་སྐུ་མཁའ་ལྟར་བརྡལ་བ་ལས། །རྣམ་པར་སྣང་མཛད་ཉི་མའི་དཀྱིལ་འཁོར་བཞིན། །གང་འདུལ་སྤྲུལ་སྐུའི་འོད་ཟེར་འབྱམས་ཀླས་འཕྲོ། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །རྒྱལ་བཀའ་ཡོངས་འདུས་གསང་བདག་ཀུན་དགའོ། །རྒྱལ་པོ་ཟླ་སྲུང་མ་ཏི་ཙི་ཏྲ་ཕྱི། །ཕྱོགས་གླང་ཟླ་གྲགས་ཤིནྟཾ་གརྦྷ་སོགས། །དཔལ་ལྡན་བླ་མའི་ངོ་བོར་གསོལ་བ་འདེབས། །དྲིན་ཆེན་ཐུ་མི་ལོ་ཆེན་བཻ་རོའི་ཞབས། །ཨ་རོ་ཡེ་འབྱུང་ཟུར་ཆེན་ཤཱཀྱ་འབྱུང་། །ཙ་མི་ཞང་དང་གཙང་སྟོན་ཡང་དགོན་པ། །དཔལ་ལྡན་བླ་མའི༴ པཎ་ཆེན་ཀུན་དགའ་རྒྱལ་མཚན་འཇིགས་མེད་གྲགས། །གཏེར་སྟོན་རྡོ་རྗེ་གླིང་དང་ཀུན་གླིང་། །བདེ་ཡན་ཆུ་ཕོ་རྟོགས་ལྡན་དབུས་སྨྱོན་པ། །དཔལ་ལྡན་བླ་མའི༴ བོན་གཏེར་བློ་གྲོས་ཐོགས་མེད་ལ་ནམ་རིན། །འབུམ་ཕྲག་གསུམ་པ་ཕྲང་བུ་གཏེར་སྟོན་ཆེ། །ཧེ་རུ་ཀ་དཔལ་དཔའ་བོ་ཐོད་དུམ་ཅན། །དཔལ་ལྡན་བླ་མའི༴ སྙིགས་ལྔ་བདོ་བའི་དུས་འདིར་རྒྱལ་གཞན་ལས། །ཕྲིན་ལས་རྨད་བྱུང་ངེས་དོན་བསྟན་པའི་སྲོག །སངས་རྒྱས་ཀུན་འདུས་པད་འབྱུང་བདེ་ཆེན་གླིང་། །དཔལ་ལྡན་རྩ་བའི་བླ་མར༴ གང་ཁྱེད་ཐུགས་ནི་མཁའ་ཁྱབ་ཡེ་ཤེས་ཏེ། །གཟུགས་སྐུའི་བཀོད་པ་བདེ་བ་ཅན་ཞིང་དུ། །སངས་རྒྱས་འོད་དཔག་མེད་དྲུང་བྱང་ཆུབ་སེམས། །སྤྲུལ་པར་ཞལ་བཞེས་དེ་ལ༴ ཁྱེད་མཚན་བརྗོད་པར་དཀའ་ཡང་དད་གདུང་གི །མཚན་ནས་གསོལ་འདེབས་བདོག་དགུའི་ཡོངས་མཆོད་ན། །ཀུ་བཟང་རྣམ་སྣང་པད་འབྱུང་བཻ་རོ་དངོས། །མགོན་ཁྱོད་གོ་འཕང་བདག་གི་མྱུར་ཐོབ་ཤོག །

ཅེས་སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དཔལ་བདེ་བ་ཆེན་པོའི་ཞབས་ལ་གསོལ་བ་འདེབས་པ་འདི་ཡང་གང་གི་གསུང་ལས་སྐྱེས་པའི་སྲས་རིག་པ་འཛིན་པ་ཡོངས་ཀྱི་ཐ་ཤལ་དཔལ་ཚེ་དབང་ནོར་བུའི་དཔལ་གདོང་ཆུ་བྱ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པར་མངའ་རིས་ཀྱི་སྟོད་ཁ་ཆེ་དང་ཉེ་བ་མར་ཡུལ་ཝམ་ལེར་སྨྲས་པའོ། །དགེའོ། །སརྦ་མངྒ་ལཾ།

ཨོཾ་སྭསྟི། སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཀུན་བཟང་གདོད་མའི་མགོན་པོ་རྒྱལ་ཀུན་ཡབ། །ངེས་པ་ལྔ་ལྡན་བཅོམ་ལྡན་རྣམ་སྣང་མཛད། །མཆོག་གི་སྤྲུལ་སྐུ་ཡོངས་བསྲུང་སྡུད་བ་པོ། །གསང་བདག་ལག་ན་རྡོ་རྗེར་ཕྱག་འཚལ་ལོ། །རྒྱལ་བ་མཆོག་གི་སྤྲུལ་སྐུ་འདོད་གར་ཉིད། །ཅིར་ཡང་བསྒྱུར་ལས་གངས་ཅན་ཀུན་གྱི་མིག །བསྟན་པའི་སྒྲོན་མེ་མཚུངས་མེད་མགོན་པོ་ཆེ། །བཻ་རོ་ཙ་ནའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་སྤྲུལ་པའི་རྣམ་རོལ་དུ་མ་ལས། །གཙོ་གྱུར་ཕྲག་ལྔའི་ནང་ནས་ཐུགས་ལས་སྤྲུལ། །པདྨ་འབྱུང་གནས་ཐུགས་ཀྱི་འོད་ཟེར་དང་། །ལྷན་གཅིག་ཧྲཱིཿབམ་གིས་མཚན་པདྨ་དམར། །མདོ་ཁམས་ཤར་ཕྱོགས་གསེར་རོང་དམུ་རྡོའི་འདབས། །པདྨ་དཔའ་བོ་ཉིད་དང་སྒྲོལ་མ་ཡིས། །བྱིན་རླབས་ཡབ་ཡུམ་ལྷུམས་སུ་ཉེར་ཞུགས་ནས། །ཡོས་ལོ་སྟོན་ཟླ་ར་བའི་ཚེས་བཅུ་ལ། །སྤྲུལ་སྐུའི་བཀོད་པ་འཆར་ལ་ཕྱག་འཚལ་ལོ། །ཟླ་བ་དགུ་ནས་བཟང་འགྲོ་གཏན་ཀུན་མཛད། །རཀྵ་ཐོད་ཕྲེང་རྩལ་དང་མཐོང་འོད་འབར། །སྲས་སུ་ཞལ་བཞེས་སྔོན་གནས་རྗེས་དྲན་ཚུལ། །དམ་པ་ཆོས་ཀྱི་སྤྱོད་པ་ཁོ་ན་མཛད། །རྩ་གསུམ་དཀྱིལ་འཁོར་ལྷ་དང་དམ་ཅན་ཚོགས། །མ་འདྲེས་ཆུ་ཟླའི་རོལ་བ་བཞིན་གཟིགས་ཤིང་། །འཇིག་རྟེན་ལྷ་འདྲེ་བར་དོའི་སེམས་ཅན་ཡང་། །གཟིགས་ནས་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །ནར་སོན་གཞོན་ནུའི་སྐབས་སུ་ཕྱུགས་རྫིའི་ཚུལ། །གཤེགས་ཚེ་ཆོས་ཀུན་རོ་མཉམ་རྟོགས་པ་ཡི། །གཡང་ས་ཆེན་པའི་བྲག་ལ་བྱ་ལྟར་གཤེགས། །རྦ་ཀློང་ཆེན་པོའི་ཆུ་ལ་ཉ་ལྟར་འཕྱོ། །མི་མིན་གདུག་པ་ཅན་གྱི་གནས་རྣམས་སུ། །རྩེ་འཇོའི་ཚུལ་མཛད་དེ་རྣམས་ཞི་ལ་བཀོད། །མཐོང་བས་སྐྱེ་རྒུ་གཞན་གྱི་ཡིད་འཕྲོག་པའི། །གཞོན་ནུའི་རོལ་པ་སྟོན་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་འཕྲིན་ལས་མཚན་ཅན་ལ། །ཐུགས་རྗེ་ཆེན་པོའི་དབང་བསྐུར་གསན་པའི་ཚེ། །འཕགས་པའི་དཀྱིལ་འཁོར་ནམ་མཁའ་ཁེངས་པ་གཟིགས། །གྲོགས་སྟོབས་ནུས་པས་དེར་འདུས་ཀུན་གྱི་ཡང་། །པདྨ་དམར་པོ་མཁའ་ལ་འཕུར་ལྡིང་མཐོང་། །ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་འབད་པས། །སྙིང་པོའི་ཡི་གེ་དྲུག་མ་དུང་ཕྱུར་ལྷག །རྩེ་གཅིག་བཟླས་པར་མཛད་ལ་ཕྱག་འཚལ་ལོ། །དགུང་ལོ་བཅོ་བརྒྱད་མཐའ་རུ་ངེས་འབྱུང་གི །ཡོངས་སྐུལ་དད་པའི་གྲོགས་དང་ལྷན་ཅིག་ཏུ། །དབུས་གཙང་དག་པའི་གནས་ཀུན་མཇལ་བར་ཕེབས། །དེ་ཚེ་དབུ་རྡོའི་གནས་སུ་དྷཱ་ཀི་ལྔ། །ཀྲེ་ཤོད་གནས་སུ་བྱུ་མ་གྷ་ཡེ་དང་། །རྐོང་ཡུལ་བུ་ཆུར་སྤྱན་རས་གཟིགས་མཇལ་ཞིང་། །ཙ་རིར་པདྨ་འབྱུང་གནས་དངོས་བྱོན་ནས། །གསུང་གི་བླང་དོར་གསལ་དེར་ཕྱག་འཚལ་ལོ། །ཁྲ་འབྲུག་ཟན་ཡང་མཇལ་ཚེ་དག་པ་ཡི། །གཟིགས་སྣང་སྒྱ་འཕྲུལ་རོལ་པ་བསམ་ཡས་ཤིང་། །ཁྱད་པར་འཁྲུལ་སྣང་བོད་ཀྱི་རྟེན་གཙོ་མཆོག །ཤཱཀྱ་མུ་ནེའི་སྤྱན་སྔར་བྱོན་པའི་ཚེ། །གཟུགས་སྐུའི་སེམས་དཔའ་སུམ་བརྩེགས་རང་བཞིན་གྱིས། །གསུང་གི་སྣང་བ་དངོས་སུ་སྩལ་བའི་ཚེ། །ལྷན་ཅིག་འཁོད་པའི་གྲོགས་ཀྱིའང་ཐོས་གྱུར་པ། །རྨད་བྱུང་མཛད་པ་བསྟན་པ་ཕྱག་འཚལ་ལོ། །

སྟོན་པ་ཟླ་མེད་ཤཱཀྱ་མུ་ནེའི་བཀའ་དྲིན་དྲན་ཞིང་གསོལ་བ་འདེབས་པ་དད་པའི་ཆུ་གཏེར།

༈ སྟོན་པ་ཟླ་མེད་ཤཱཀྱ་མུ་ནེའི་བཀའ་དྲིན་དྲན་ཞིང་གསོལ་བ་འདེབས་པ་དད་པའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།

ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། ཚངས་དང་བརྒྱ་བྱིན་ཀླུ་ཡི་དབང་པོ་དང༌། །ཕྱོགས་སྐྱོང་ཀུན་ཀྱིས་མངོན་པར་བསྟོད་པ་ཡི། །བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །མཉམ་མེད་བླ་མ་ཤཱཀྱ་ཐུབ་པར་འདུད། །ཚོགས་གཉིས་མཐར་ཕྱིན་སྐུ་དང་གསུང་དང་ཐུགས། །ཤེས་བྱ་ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བ་ཆེ། །ཕལ་བའི་ཚིག་གིས་མི་མཚོན་དཔེ་ལས་འདས། །འདིར་ནི་ངོ་མཚར་ལས་གཞན་བརྗོད་མི་ཤེས། །ལེགས་ཉེས་བླང་དོར་རྣ་བས་ཐོས་པ་དང༌། །དེ་ཡི་བསླབ་བྱ་་ལམ་གྱི་བསྒྲོད་ཚུལ་དང༌། །སངས་རྒྱས་བྱང་སེམས་མདོ་རྒྱུད་རྒྱ་མཚོ་ཡི། །མཚན་ཙམ་ཤེས་པའང་སྟོན་པ་ཁྱོད་ཀྱིས་དྲིན། །རྒྱུ་འབྲས་ཤེས་པས་སྡིག་པ་སྤང་བ་དང༌། །གཏན་བདེར་འཇུག་ཕྱིར་དགེ་བ་ཕུན་ཚོགས་སྤྱད། །རང་སེམས་འདུལ་བའི་བསླབ་བྱ་ཉམས་ལེན་བཅས། །རིམ་བཞིན་མདོ་སྔགས་སྡོམ་དུ་གསུངས་པ་དྲན། །ལོ་གཅིག་འཚོ་ཡང་ཁྱོད་ཀྱི་བསྟན་པ་སྤེལ། །ཟླ་གཅིག་བསྡད་ཀྱང་གཞན་ཕན་ལས་ལ་འཇུག །ཞག་གཅིག་ལྷག་ཀྱང་ཁྱོད་ཀྱི་བཀའ་དྲིན་གསོ། །ན་འཆི་སྡུག་བསྔལ་བྱུང་རེས་ཁྱོད་ལ་རེ། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །བསྟན་པའི་ནང་མཛོད་སྡོམ་དང་དམ་ཚིག་སྲུང༌། །འཆད་རྩོད་རྩོམ་པས་མདོ་སྔགས་དམ་ཆོས་སྤེལ། །ཐོས་བསམ་སྒོམ་པས་བསྟན་པའི་རྒྱལ་མཚན་འཛུག །མཁའ་ཁྱབ་འགྲོ་བ་སྡུག་བསྔལ་རྒྱ་མཚོ་ལས། །སྣ་ཚོགས་ཐབས་ཀྱིས་སྒྲོལ་བའི་ཁུར་བཟུང་སྟེ། །མགོན་པོ་ཁྱོད་ཀྱི་ཐུགས་བསྐྱེད་ཡོངས་སྒྲུབ་པའི། །སྨོན་ལམ་འགྲུབ་པར་བདེན་པས་བྱིན་རླབས་སྩོལ། །

ཅེས་གངས་རའི་ལྗོངས་ཀྱི་རིགས་ལྡན་རྒྱལ་པོའི་ཕོ་བྲང་ཇོ་ནང་རི་ཁྲོད་ཀྱི་གཟེར་ཟངས་ཀྱི་སྟོན་པ་གཙོ་འཁོར་བཞེངས་གྲུབ་པར་སྨོན་ཚིག་ཏུ་ཤིང་སྟག་ནག་ཟླའི་དམར་ཕྱོགས་མཁའ་འགྲོའི་ཚེས་བཅུ་ལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བྲིས་པ་དགེའོ། །

བླ་མེད་སྔགས་ཀྱི་སྟོན་མཆོག་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་དད་པའི་པད་ཚལ་རྒྱས་པའི་ལས་ཅན་ཉིན་མོ་བྱེད་པའི་ཤིང་རྟ།

༄༅། །ཤྲདྡྷཱཡཿཔདྨཱཔུཥྐརོཏྤུལླཀམྨིཀཾདིཝཱཀརསྱཤཀཊནམོཏྟརམནྟྲསྱཤཱསྟེཏྟམཧཱགུརུཔདྨཱཀརབིམོཀྵདྷྱཥཎབིཛཧར། །

༄༅། །བླ་མེད་སྔགས་ཀྱི་སྟོན་མཆོག་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་དད་པའི་པད་ཚལ་རྒྱས་པའི་ལས་ཅན་ཉིན་མོ་བྱེད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱ་སྟི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་མཆོག་དམ་པ་དང་པོའི་སངས་རྒྱས། །ཀུན་ཏུ་བཟང་པོ་ཀུན་ཁྱབ་རྒྱལ་བ། །སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས་གྱུར། །འོད་དཔག་མེད་པ་འཇིག་རྟེན་དབང་ཕྱུག །སངས་རྒྱས་ཀུན་གྱི་འཕྲིན་ལས་བྱེད་པོ། །རྒྱལ་བ་ཡོངས་ཀྱི་སྙིང་རྗེའི་རང་གཟུགས། །གདུལ་དཀའ་འདུལ་བའི་དེད་དཔོན་ཟླ་མེད། །ཧེ་རུ་ཀ་ཤྲཱི་པདྨ་བཛྲ། །བདེ་ཆེན་ཞིང་གི་འཁོར་ལོས་བསྒྱུར་རྒྱལ། །ཞིང་འདིར་ཐུབ་པའི་རྒྱལ་ཚབ་ཚུལ་སྤྲུལ། །ཁྱེད་ལ་སྙིང་ནས་གུས་པས་གསོལ་འདེབས། །ད་ལྟ་དུས་འདིར་བྱིན་རློབས་སྩོལ་ཅིག །རྒྱལ་བ་ཀུན་གྱི་ཡེ་ཤེས་རྒྱ་མཚོར། །བརྩེ་ཆེན་པདྨའི་སྦུབས་སུ་སྐུ་འཁྲུངས། །རང་བྱུང་མཚོ་སྐྱེས་རྡོ་རྗེ་སེམས་དཔའ། །ཨོ་རྒྱན་རྒྱལ་པོ་ཐོར་ཅོག་ཅན་ཞེས། །མི་ལ་ཡ་མཚན་རྨད་བྱུང་སྤྲུལ་སྐུ། །ཆོ་འཕྲུལ་གསུམ་གྱིས་འགྲོ་ཀུན་འདྲེན་མཛད། །ཐུབ་བསྟན་མཛེས་རྒྱན་གཅིག་པུ་པ་གྱུར། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །མི་མཇེད་བསྐལ་བཟང་སྒྲོན་མ་བཞི་པ། །ཐུབ་ཆེན་རྒྱལ་པོས་ཆོས་འཁོར་བསྐོར་ཚེ། །གང་གི་ཐུགས་དང་གཉིས་སུ་མེད་པ། །ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷོ་དྷི། །ཐེག་ཆེན་ཐུན་མིན་ཀུན་གྱི་གླེང་བསླང་། །སྔགས་རྣམས་ཀུན་གྱི་སྡུད་པ་བྱེད་པོ། །རྒྱུད་ཀྱི་བདག་པོ་རྡོ་རྗེ་འཆང་དབང་། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཐུབ་དབང་གཟུགས་སྤྲུལ་ཞི་བར་བརྟུལ་ནས། །བརྒྱད་གཉིས་ལོ་ལོན་ཀ་པའི་མཚོ་དབུས། །མི་མཇེད་འགྲོ་བའི་མུན་པ་སེལ་ཕྱིར། །ཨུ་དུམ་ཝ་རའི་གེ་སར་ཟེའུ་འབྲུར། །རང་བྱུང་ཁྱེའུ་པདྨ་འབྱུང་གནས། །མཁའ་འགྲོ་མཁའ་འགྲོ་མ་ཚོགས་ཀྱིས་བསྐོར། །མི་མིན་འགྲོ་བའི་སྟོན་པར་སྣང་གྱུར། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཨོ་རྒྱན་རྒྱལ་པོ་དབང་འབྱོར་རིམ་དགུའི། །ལྔ་གསུམ་བར་པ་ཨིནྡྲ་བྷུ་ཏིའི། །སྲས་བསྐལ་བཟུང་ནས་ཕོ་བྲང་སྤྱན་དྲངས། །འཇིག་རྟེན་མཐུན་འཇུག་སྒྱུ་རྩལ་དུ་མས། །དྲེགས་ལྡན་བརྟུལ་ཞིང་བཙུན་མོའི་འཁོར་རོལ། །སྲིད་གསུམ་ཀུན་ཏུ་དགེ་མཚན་ཁྱབ་མཛད། །ཆོས་ཀྱི་འཁོར་བསྒྱུར་པདྨ་རྒྱལ་པོ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དུས་དེ་ཉིད་དུ་མ་ལ་ཡ་རྩེར། །རིགས་ཅན་པཉྩས་རྫོགས་སངས་རྒྱས་ལ། །གསོལ་བཏབ་མཐུ་ཡི་འོག་མིན་གནས་ནས། །ཐུབ་པས་རྒྱལ་ཚབ་གསང་བདག་མངགས་ནས། །རྒྱུད་ལུང་བཤད་ཚེ་པདྨ་འབྱུང་གནས། །ཀུན་ཛ་ར་སྤྲུལ་བསྡུ་བ་པོ་མཛད། །རྒྱལ་པོ་ཛཿལ་པུས་སྟིའི་དབང་བསྐུར། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྲིད་པའི་དཔལ་ལ་ཞེན་མེད་སྟོན་ཕྱིར། །བརྟུལ་ཞུགས་སྤྱོད་པས་རྒྱལ་པོའི་སྲིད་སྤངས། །རྫུ་འཕྲུལ་མཐུ་ཡིས་མཁའ་ལ་གཤེགས་ཏེ། །ཤིང་ལེན་གོང་དུ་རྡོ་རྗེ་དབྱིངས་བསྒྲུབ། །ཐུན་མོང་དངོས་གྲུབ་ཆེན་རྣམས་ཀུན་ཐོབ། །བསིལ་བ་ཚལ་སོགས་དུར་ཁྲོད་གནས་སུ། །མི་མིན་རྣམས་དང་ལྷན་ཅིག་སྤྱོད་སྐྱོངས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གདུལ་བྱ་འདུལ་ཕྱིར་ཐབས་ལ་མཁས་པས། །རྡོ་རྗེ་གདན་དུ་ཆོ་འཕྲུལ་བསྟན་ཅིང་། །ཨ་སུ་ར་ཡི་བྲག་ཕུག་ཆེན་པོར། །འཕགས་པའི་དགྲ་བཅོམ་ཀུན་དགའ་བོ་ལ། །རབ་བྱུང་བཅུ་གཉིས་ལོ་བར་ཐུབ་གསུངས་། །ཀུན་གསན་ཆུ་བོ་གངྒཱའི་དབུས་སུ། །ཉི་མའི་གུང་དང་ལྷན་ཅིག་བསྙེན་རྫོགས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གསང་སྔགས་ཐེག་པར་འཇུག་པའི་ཚུལ་གྱིས། །མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ། །སྨིན་བྱེད་དབང་བསྐུར་རྫོགས་པར་ཞུས་ཤིང་། །པྲ་བྷ་ཧ་སྟིར་རིམ་དགུའི་ཐེག་པ། །འཇམ་དཔལ་བཤེས་སོགས་རིག་འཛིན་བརྒྱད་དང་། །ལཱུ་ཧི་པ་སོགས་གྲུབ་ཐོབ་ཀུན་གྱི། །ཐུགས་ཀྱི་དགོངས་པ་རྫོགས་པར་བླངས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གསང་འདུས་སློབ་དཔོན་ཡེ་ཤེས་ཞབས་ཀྱི། །སློབ་མའི་གཙོ་མཆོག་འོད་དཔག་མེད་དངོས། །བདེ་བ་ཆེ་ཞབས་ཁྱེད་མཚན་ཡིན་ཞེས། །ཞབས་ལུགས་རྒྱུད་འཛིན་ཀུན་གྱིས་ཆེས་བསྔགས། །སྤྱན་རས་གཟིགས་སྤྲུལ་མི་ཏྲའི་སློབ་མའི། །ཚུལ་ཡང་མཛད་ཅེས་ཁ་ཅིག་ཏུ་གྲགས། །དཔག་དཀའ་ཆུ་སྣོད་ཟླ་གཟུགས་བཞིན་སྤྲུལ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཁྱེད་སྐུ་སྐབས་འགར་འཇིག་རྟེན་གཞན་དང་།།ཞིང་འདིར་ཤེས་ཆེར་མི་མིན་གནས་གྱུར།།ལྷ་ཀླུ་ལྷ་མིན་སྲིན་པོའི་ཡུལ་དང་།།མཁའ་སྤྱོད་རང་བྱུང་གནས་ཡུལ་དུར་ཁྲོད།།ཀུན་ཏུ་མི་མིན་འགྲོ་བའི་དོན་མཛད།།སྐབས་སུ་མི་ཡི་གནས་སུ་སྣང་ནས།།རླབས་ཆེན་སྤྱོད་པས་སྔགས་ཀྱི་བསྟན་སྤེལ།།ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཨཱརྱ་དེ་ཝས་སྤྱོད་བསྡུས་སྒྲོན་མེར། །ཁུངས་སུ་མཛད་པའི་པདྨ་བཛྲ། །པདྨ་ལས་བྱོན་ཁྱོད་ཉིད་མཚན་ཡིན། །གཞན་ཡང་ས་ར་ཧ་དང་བི་རུ། །ཌོམྦྷི་སྤྱོད་འཆང་ཀཧྣ་པ། །ཨོ་རྒྱན་པདྨ་བཛྲ་རྣམ་གསུམ། །ཀུན་ཀྱང་ཆོས་སྐུའི་ཆོ་འཕྲུལ་ཉིད་ཡིན། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དེ་ལྟར་འཛམ་གླིང་མི་ཡི་གནས་འདིར། །སྔ་ཕྱིར་ཡང་ཡང་དངོས་སུ་བྱོན་ཞིང་། །དུས་གཅིག་ཉིད་དུའང་སྐུ་ཡི་བཀོད་པ། །དུ་མ་སྟོན་ནས་གདུལ་དཀའི་འགྲོ་འདུལ། །ཁྱེད་བྱོན་དུས་དང་སྐུ་ཚེ་མཛད་ཕྲིན། །མོས་སྤྱོད་ཀྱིས་གཞལ་སྨོས་ཀྱང་ཅི་འཚལ། །སངས་རྒྱས་ཉིད་ལས་འཕགས་གཞན་གྱིས་མིན། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྐུ་ཡི་བཀོད་པ་རྣམ་འགྱུར་དུ་མས། །གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས། །རེས་འགའ་ཟ་ཧོར་རྒྱལ་པོའི་རིགས་མཛད། །རེས་འགའ་ཨོ་རྒྱན་བྲམ་ཟེའི་རིགས་འཁྲུངས། །སྣ་ཚོགས་རིགས་དང་སྣ་ཚོགས་གཟུགས་སྟོན། །སྣ་ཚོགས་སྤྱོད་པས་སྲིད་ཞི་མཐའ་དག །སྒྲོལ་དང་བསླང་མཛད་བདེ་བ་ཆེན་པོ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སངས་རྒྱས་ཀུན་ལས་སྔར་སངས་རྒྱས་ཀྱང་། །ཐུབ་པའི་བསྟན་ལ་རྒྱལ་སྲས་ཚུལ་བཟུང་། །ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཕག་མོས། །དབང་བསྐུར་རྣམ་སྨིན་རིག་འཛིན་བརྙེས་ཤིང་། །ཨ་མར་ཏི་ལར་ཚེ་དཔག་མེད་པས། །དབང་བསྐུར་ཚེ་དབང་རིག་འཛིན་གྲུབ་ནས། །སངས་རྒྱས་བརྒྱ་སྟོང་དུ་མའི་ཞལ་གཟིགས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཡང་ལེ་ཤོད་དུ་དཔལ་ཆེན་བསྒྲུབ་པས། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཚོགས་ཀྱིས། །དངོས་སུ་བྱིན་རླབས་དབང་བསྐུར་བ་ཡི། །ཕྱག་རྒྱ་ཆེན་པོའི་རིག་འཛིན་མཆོག་བརྙེས། །བསིལ་བ་ཚལ་དུ་བདུད་བཞི་ཀུན་བཅོམ། །རྡོ་རྗེ་གདན་དུ་རྒྱུན་མཐའ་བརྙེས་གྱུར། །ལྷུན་གྲུབ་རིག་འཛིན་ཡོངས་ཀྱི་དབང་ཕྱུག །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཟ་ཧོར་ཁྱད་པར་ཨོ་རྒྱན་ཡུལ་དུ། །ཚ་བའི་མེ་དབུས་བསིལ་བའི་རྫིང་བུ། །པདྨ་གེ་སར་སྡོང་པོའི་རྩེ་རུ། །འོད་ལུས་བཞུགས་བཞིན་ཐུགས་ཀྱི་རྡོ་རྗེ། །འོད་དཔག་མེད་པའི་ཐུགས་ཀར་ཐིམ་ནས། །ཡ་མཚན་མཆོག་བརྙེས་རྒྱུད་ཀྱི་སྟོན་པ། །དཔལ་ཆེན་པདྨ་བཛྲ་ཞེས་གྲགས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དུར་ཁྲོད་བརྒྱད་དུ་སྐུ་ཡི་བཀོད་པ། །རྣམ་པ་བརྒྱད་བསྟན་གུ་རུ་མཚན་བརྒྱད། །གཞན་ཡང་གང་འདུལ་མཚན་མཆོག་ཉི་ཤུ། །དེ་བཞིན་བརྒྱ་དང་སྟོང་དང་ཁྲི་ཕྲག །བྱེ་བ་ཕྲག་བརྒྱ་ཡང་ནི་སྟོན་སྟེ། །གང་ལ་གང་འདུལ་ཕྲིན་ལས་དཔག་མེད། །འགྲོ་བའི་དཔལ་མགོན་བླ་མེད་བླ་མ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །རྣམ་བཅུ་དབང་དང་ལྡན་པའི་བདག་ཉིད། །ཚེ་དབང་ཁྱད་པར་ཕྱག་ཆེན་རིག་འཛིན། །གྲུབ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས། །ཀུན་དང་ཆོས་ཀྱི་བགྲོ་བ་མཛད་ནས། །སངས་རྒྱས་ཀུན་གྱི་རྨད་བྱུང་འཕྲིན་ལས། །རྒྱུན་མི་ཆད་དུ་ཆོས་ཀྱི་འཁོར་ལོ། །བསྐོར་ནས་འགྲོ་ཀུན་འཁོར་བ་ཡོངས་སྒྲོལ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཡང་ལེ་ཤོད་དང་རྡོ་རྗེ་གདན་དུ། །ཁྱེད་ཐུགས་ནས་སྤྲོས་སྟེང་འོག་ཕྱོགས་མཚམས། །ཉེར་ལྔ་བརྩེགས་ཤིང་མཆོད་རྟེན་ཁང་བཟང་། །རྡོ་རྗེའི་ཀེའུ་ཚང་ལ་སོགས་སྐུ་ཡི། །རྣམ་འགྱུར་དུ་མར་སྐལ་ལྡན་འཁོར་བཅས། །ཟབ་མོ་གཏེར་གྱི་གླེང་གཞི་གླེང་བསླང་། །འགྲོ་ཕན་བཅས་སུ་སྟོང་གསུམ་འགེང་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །གདུལ་བྱ་དུས་བབས་བོད་ཡུལ་ཞབས་བཀོད། །གནོད་སྦྱིན་གདུག་པའི་འདྲེ་སྲིན་ཀླུ་ཀུན། །དམ་བཞག་སངས་རྒྱས་བསྟན་བསྲུང་བཀའ་བགོས། །གཙུག་ལག་ས་བརྟུལ་མཐའ་འདུལ་ཡང་འདུལ། །བསམ་ཡས་མ་བཞེངས་རང་གྲུབ་ཚུལ་གྱུར། །དུས་དེར་སྐུ་ཡི་བཀོད་པ་གཅིག་ནི། །འགྲོ་ལྡིང་ཡུལ་བྱོན་སྔགས་བསྟན་རྒྱས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཇམ་དབྱངས་སྤྲུལ་པ་མངའ་བདག་རྒྱལ་པོའི། །ཆོས་བཞིན་རེ་བ་མཐའ་དག་སྐོང་མཛད། །ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གཙོ་མཆོག །སངས་རྒྱས་ཀུན་གྱི་རྡོ་རྗེ་བཙུན་མོ། །བོད་ཡུལ་དབུས་འཁྲུངས་ཡེ་ཤེས་མཚོ་རྒྱལ། །ཐུགས་སུ་བཟུང་ནས་མཁའ་འགྲོའི་གསང་མཛོད། །མ་ལུས་གངས་ཅན་བོད་དུ་རྒྱས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཆིམས་ཕུར་ལས་ཅན་ཐུགས་ཀྱི་བུ་དགུར། །བཀའ་བརྒྱད་དཀྱིལ་འཁོར་བདུན་བརྒྱ་ཉེར་ལྔའི། །ལྷ་ཚོགས་མངོན་པར་བསྟན་ནས་དབང་བསྐུར། །མངའ་བདག་རྒྱལ་པོར་བླ་མ་དགོངས་འདུས། །མུ་ཁྲི་བཙན་པོར་རྟ་མཆོག་རོལ་པ། །ཀུན་ཀྱང་ལྷ་ཚོགས་དངོས་བརྟན་དབང་བསྐུར། །གྲུབ་པས་གངས་ཅན་བོད་ཡུལ་འགེངས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཕགས་ཡུལ་གནས་དང་དེ་བཞིན་བོད་ཡུལ། །འཆིམས་ཕུ་ཏི་སྒྲོ་ཙ་རི་མཁར་ཆུ། །ཟབ་ཕུ་ལ་སོགས་གར་བཞུགས་གནས་དེ། །ལས་ཅན་འཁོར་ལ་སངས་རྒྱས་ཞིང་དུ། །མངོན་སུམ་བསྟན་ནས་རྒྱུད་ལུང་མན་ངག །སྟོན་མཛད་དཀྱིལ་འཁོར་གཙོ་མཆོག་ཉིད་སྤྲུལ། །རྡོ་རྗེ་སྲིན་པོ་འཆལ་བཀོད་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འགྲོ་ཕན་ཐུན་མོང་གཙུག་ལག་ཀུན་སྤྲུལ། །ཙཱི་ནར་འཇམ་དཔལ་ཉིད་དང་དབྱེར་མེད། །ཚངས་པའི་དྲང་སྲོང་བརྫུས་ནས་འབྱུང་རྩིས། །ཟན་ཡང་མངའ་བདག་རྒྱལ་པོས་བསྐུལ་ངོར། །སྨན་གྱི་གྲོང་ཁྱེར་སངས་རྒྱས་སྨན་བླ། །དྲང་སྲོང་གཉིས་བཅས་གླེང་གཞི་ལྟར་སྤྲུལ། །སྨན་དཔྱད་རྒྱུད་བཞི་ལེགས་པར་གསུང་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྟག་ཚང་གནས་ཉིད་ཆེ་འབར་དུར་ཁྲོད། །མངོན་སྤྲུལ་རྡོ་རྗེ་གཞོན་ནུ་ཉིད་དང་། །རྡོ་རྗེ་སྲིན་པོ་འཆོལ་པའི་ཁྲོ་བོའི། །སྐུར་བསྟན་བདུད་དང་དམ་སྲི་ཀུན་བཏུལ། །གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་ཕྲག །ཕྲ་མོ་ཁྲི་དང་འབུམ་ཕྲག་དུ་མ། །སྦེད་དང་སྟོན་པའི་སྤྲུལ་པ་འགྱེད་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །བོད་ཀྱི་ཕྱོགས་བཞིའི་བྲག་མཚོར་ཕྱག་ཞབས། །རྗེས་བཀོད་བྲག་ཕུག་གངས་ཆེན་གངས་ར། །གནས་ཆེན་བཞི་དང་ལུང་ལྔ་ལྗོངས་སོགས། །སྦས་ཡུལ་ཆེ་ཕྲ་དུ་མ་བྱིན་རླབས། །མདོར་ན་བོད་ཡུལ་ཀུན་ཏུ་ཞབས་བཅགས། །མ་འོང་སངས་རྒྱས་བསྟན་པ་དར་ཞིང་། །སྐྱེས་མཆོག་མང་བྱོན་སྨོན་ལམ་རྒྱས་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཕྱེད་ལྷག་ང་ལྔའི་ལོ་བར་བོད་འདིར། །གདུལ་བྱ་མང་པོའི་མཐུན་སྣང་ཉིད་བཞུགས། །བོད་སྤྱིར་སྐུ་དངོས་གདུལ་བྱ་དེ་ཙམ། །དགོངས་ནས་ཟངས་གླིང་སྲིན་པོ་འདུལ་གཤེགས། །ལྷ་སྲས་མུ་ཁྲིའི་གུང་ཐང་བར་བསྐྱལ། །ཆོ་འཕྲུལ་མང་བརྟན་བྷ་ལ་ཧ་ཞེས། །རྟ་མཆོག་ཁྲིར་བཞུགས་ལྷོ་ནུབ་མཁར་གཤེགས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །མཚོ་རྒྱལ་ལ་སོགས་སྐལ་ལྡན་མཆོག་འགར། །བལ་ཡུལ་ལམ་ཞུགས་ཚ་ཤོད་བར་ཕེབས། །དེ་རུ་ཇོ་མོར་གདམས་ངག་རྩལ་སྤྲུགས། །བགེགས་འདུལ་ཕུར་པ་ཡང་ནི་གསུང་སྟེ། །ཆོས་ཉིད་ཟད་ཚུལ་འཇའ་འོད་ཟེར་བཅས། །གདོད་མའི་མགོན་པོ་ཀུན་བཟང་ཐུགས་དབྱིངས། །གཤེགས་ཚུལ་ཇོ་མོར་འདས་རྗེས་གསུམ་བབས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཐུགས་ཀྱི་རོལ་པ་ཨོ་རྒྱན་ཞིང་དུ། །དཀྱིལ་འཁོར་གཙོ་མཆོག་པདྨ་བཛྲ། །ཡེ་ཤེས་དཔའ་བོ་མཁའ་འགྲོས་ཡོངས་སྐོར། །དེ་བཞིན་རྔ་ཡབ་སྲིན་པོའི་གླིང་དུ། །སྐུ་ཡི་བཀོད་པ་རཀྴ་ཐོད་ཕྲེང་། །ལྷ་མིན་སྲིན་ཚོགས་ཐར་པ་ལ་འདྲེན། །འཛམ་གླིང་སྐྱེ་དགུ་བདེ་ལ་བཀོད་མཛོད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཞིང་འདིའི་སྟེང་ཕྱོགས་འོག་མིན་དུར་ཁྲོད། །འཁོར་བ་ཡོངས་སྒྲོལ་གནས་སུ་ཁྲག་འཐུང་། །བཅོམ་ལྡན་དབང་ཆེན་རྔམས་པའི་སྐུར་སྣང་། །ཟངས་མདོག་དཔལ་རིའི་བྱང་ཕྱོགས་མཁའ་ལ། །གཏུམ་དྲག་མེ་འཕྲེང་ཅན་བསྟན་ཡང་སྤྲུལ། །འཆོལ་པའི་ཁྲོ་ཆུང་འཛམ་གླིང་ཀུན་ཏུ། །དུས་གཉན་སྐབས་ཉུལ་གདུག་པ་འདུལ་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །རྔ་ཡབ་གླིང་དུ་གཤེགས་ཚུལ་བསྟན་ནས། །སླར་ཡང་བོད་རྗེ་ཁྲི་རལ་ཡན་དུ། །རི་སུལ་གངས་བྲག་གཙུག་ལག་ཁང་དུ། །སྐལ་ལྡན་ཚོགས་པ་མང་པོའི་དབུས་སུ། །དངོས་སུ་ཡང་ཡང་ཞལ་བསྟན་ཆོས་གསུངས། །དེ་སྐབས་ཡང་ནི་ཟབ་གཏེར་མང་སྦས། །གངས་ཅན་མགོན་པོ་པདྨ་འབྱུང་གནས། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ད་ལྟ་ལ་སོགས་ཕྱི་མའི་མཐའ་མར། །སྐལ་ལྡན་རྣམས་ལ་དངོས་སུ་ཞལ་བསྟན། །བྱིན་རླབས་དབང་བསྐུར་གདམས་ངག་འབོག་མཛད། །མདོར་ན་མ་འོངས་རྫོགས་སངས་རྒྱས་པ། །བྱམས་པ་འཇིག་རྟེན་མ་བྱོན་བར་དུ། །ཁོལ་བུར་སྣོད་རུང་འཁོར་ལ་གསང་སྔགས། །སྨིན་གྲོལ་མཆོག་བསྟན་སངས་རྒྱས་སར་བཀོད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །བསྟན་འདིར་ཇི་སྲིད་གདུལ་བྱར་དགོངས་པ། །ཉི་ཟེར་འཆར་བསྡུད་མདངས་ལ་འབྱོན་ཞིང་། །ཡར་མར་ཚེས་བཅུའི་དུས་དང་ཁྱད་པར། །དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་དུས་སུ། །གནས་ཡུལ་ཀུན་ཏུ་མངོན་སུམ་བྱོན་ནས། །སྒྲུབ་པོ་རྣམས་ཀྱི་བར་ཆད་སེལ་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་ཡོངས་སྟེར། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །ཁྱེད་ཀྱི་སྐུ་གསུང་ཐུགས་ཡོན་འཕྲིན་ལས། །ལྔ་ཚན་ལྔ་ལས་རྗེ་འབངས་ཉེར་ལྔ། །དེ་བཞིན་མྱང་དང་ཆོས་དང་དབང་རྒོད་ལྡེམ། །དྲི་མེད་གླིང་སོགས་སངས་རྒྱས་གླིང་སོགས། །གཏེར་སྟོན་ཉིད་དང་ཆོས་བདག་ཚུལ་གྱིས། །དམུ་རྒོད་སེམས་ཅན་ཁ་ལོ་གྱེན་བསྒྱུར། །སྨིན་གྲོལ་གདམས་པས་སྐྱེ་དགུ་འདྲེན་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྙིགས་ལྔ་བདོ་དུས་དེང་ནས་མཐའ་བར། །བདུད་འདུལ་བཞི་དང་སྙིང་པོ་རྣམ་ལྔ། །ནུས་ལྡན་རྡོ་རྗེ་ཉི་ཤུ་རྩ་གཅིག །ཀུན་འདུས་པདྨ་བདེ་ཆེན་གླིང་སོགས། །ངེས་དོན་སྙིང་པོའི་བརྟན་པ་ཆད་མེད། །ཡང་ནས་ཡང་དུ་སྤེལ་བར་བྱེད་པ། །འདི་ཡང་མགོན་པོ་ཁྱེད་ཀྱི་མཐུ་སྟེ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྔོན་གྱི་བསྐལ་པ་མུ་མེད་གོང་དུ། །འཁོར་ལོ་བསྒྱུར་རྒྱལ་རྩིབས་ཀྱི་མུ་ཁྱུད། །ཁྱེད་དེ་དེ་སྲས་གཞོན་ནུ་སྟོང་ཡང་། །རྫོགས་པའི་སངས་རྒྱས་སྟོང་དུ་གྱུར་ཅིང་། །དེ་ཡི་མདུན་ན་འདོན་ནི་ཐུབ་དབང་། །ཀུན་ཀྱང་སངས་རྒྱས་རིན་ཆེན་སྙིང་པོར། །ཐུགས་བསྐྱེད་ལུང་བསྟན་བརྙེས་ཚུལ་ཡང་སྟོན། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །འཁོར་ལོ་བསྒྱུར་རྒྱལ་ཡུལ་འཁོར་སྐྱོང་སྲས། །གཞོན་ནུ་སྟོང་དང་རྫུས་སྐྱེས་གཉིས་བཅས། །ཀུན་ལ་དབང་བསྐུར་བཟང་པོའི་བསྐལ་པར། །སངས་རྒྱས་སྟོང་དང་སེམས་དཔའ་མཆོག་གཉིས། །ལུང་དུ་སྟོན་མཛད་མགོན་པོ་ཁྱེད་སྟེ། །སངས་རྒྱས་ནུས་ལྡན་རྡོ་རྗེ་ཞེས་གྲགས། །རྒྱལ་བ་རྣམས་ཀྱི་འདྲེན་པར་གྱུར་པ། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སྔོན་དུས་སངས་རྒྱས་འོད་སྲུང་དུས་ཀྱང་། །ས་བཅུའི་མགོན་པོ་པདྨ་འབྱུང་སྤྲུལ། །མ་འོངས་སངས་རྒྱས་བྱམས་པའི་དུས་སུ། །པདྨ་འགྲོ་འདུལ་ཞེས་ཀྱང་སྟོན་སྟེ། །སངས་རྒྱས་སྟོང་གི་རྒྱལ་ཚབ་ཀུན་ཏུ། །ཁྱེད་སྟེ་བྱ་སྤྱོད་རྣལ་འབྱོར་ཆེ་སོགས། །སྔགས་ཀྱི་བསྟན་པ་ལྷག་པར་སྤེལ་མཛད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས། །ཁྱད་འཕགས་བསྟན་པ་གསུམ་གྱི་སྟོན་པ། །གྲངས་མེད་སྔོན་དུ་མངོན་རྫོགས་རྒྱལ་པོ། །ད་ལྟ་ཐུབ་དབང་པདྨ་འབྱུང་གནས། །མ་འོངས་དུས་སུ་འཇམ་དཔལ་གཞོན་ནུ། །རྡོ་རྗེ་ཐེག་པའི་ཡོངས་རྫོགས་ཆོས་ཀྱི། །འགྲོ་རྣམས་ཚེ་གཅིག་སངས་རྒྱས་སར་བཀོད། །ཁྱེད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །དེ་ལྟར་ཁྱེད་ཀྱི་རྣམ་ཐར་མཁའ་འདྲ། །གཞལ་དཀའ་ཇི་བཞིན་རྫོགས་སངས་རྒྱས་དང་། །དག་པ་ས་གསུམ་ལ་བཞུགས་འཕགས་ལས། །གཞན་གྱི་རྣམ་ཀུན་རྟོགས་པའི་ཡུལ་མིན། །དེས་ན་བདག་ལྟ་སོ་སྐྱེ་བྱིས་བློའི། །ཁབ་མིག་དབུས་སུ་ཕྱོགས་བྲལ་ནམ་མཁའ། །ཆུད་པའི་གོ་སྐབས་མེད་མོད་འོན་ཀྱང་། །མ་ཧཱ་གུ་རུར་སྙིང་ནས་གུས་པས། །རྣམ་ཐར་ཆུ་གཏེར་དབུས་ནས་སྐྲ་རྩེའི། །ཁྱོན་ཙམ་ལས་ཀྱང་ཆ་ཤས་ཕྲ་མོ། །ཅུང་ཟད་འདིར་བརྗོད་དགེ་བས་ཡང་ནི། །བདག་སོགས་འབྲེལ་བཅས་འགྲོ་བ་མ་ལུས། །དུས་འདི་ནས་བརྩམས་བྱང་ཆུབ་མཆོག་བར། །སྐྱེ་བ་ཚེ་རབས་ཀུན་ནས་ཀུན་ཏུ། །པད་འབྱུང་དངོས་བརྒྱུད་སྤྲུལ་པས་རྗེས་བཟུང་། །ཕར་ཕྱིན་ཁྱད་པར་སྔགས་ཀྱི་ས་ལམ། །ཡོན་ཏན་མ་ལུས་མྱུར་དུ་རྩལ་རྫོགས། །ཀུན་བཟང་འོད་དཔག་མེད་མགོན་ཐུབ་ཆེན། །པད་འབྱུང་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ། །ཇི་འདྲ་དེ་བཞིན་ཐོབ་པར་མཛོད་ཅིག །སྐད་ཅིག་མ་འདིར་ཐུགས་རྗེས་གཟིགས་ལ། །དགྱེས་པའི་ཞལ་རས་དུས་འདིར་བསྟན་ཅིང་། །བྱིན་རླབས་དབང་བསྐུར་དངོས་པོ་མཐའ་དག །གདན་ཐོག་གཅིག་འདིར་ཐོབ་པར་མཛོད་ཅིག །

ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་ཞིང་འདིའི་རྣམ་ཐར་གཅིག་པུ་ཡང་ཆུ་གཏེར་ལྟ་བུ་ལས་སྐྲ་རྩེའི་ཟིལ་བ་ཙམ་རང་གི་མོས་པ་ཁོ་ནས་བསྟོད་པ་ཚིགས་སུ་བཅད་པ་བརྒྱད་ཅུ་རྩ་བདུན་སྟེ་དད་པའི་པད་ཚལ་རྒྱས་པའི་ལས་ཅན་ཉིན་མོར་བྱེད་པའི་ཤིང་རྟ་འདི་ནི་རང་དང་སྐལ་བ་མཚུངས་པ་རྣམས་ཀྱི་དད་པའི་གསོས་སུ་བསམ་སྟེ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་རྫོགས་ཉེ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཅུ་ལ་ཤོ་ལོ་ལྔ་བཅུ་དང་། དེའི་འཕྲོ་རྨི་ལམ་དགེ་མཚན་གྱིས་བསྐུལ་ནས་དཔལ་གདོང་ཆུ་བྱ་ཡི་ལོ་ཞལ་གསར་དུ་འཆར་བ་རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ་ལ་ཤོ་ལོ་ཀ་སུམ་ཅུ་རྩ་བདུན་བཅས་མངའ་རིས་སྟོད་མང་ཡུལ་ཝཾ་ལེའི་གཙུག་ལག་ཁང་དུ་དཔལ་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་ཀྱིས་བཀོད་པའོ། །འདི་ནི་སྔར་མ་གྲགས་པ་གསར་བརྗོད་མེད། །དེས་ན་ཡིད་ཆེས་ཚད་མའི་གནས་སུ་འོས། །བྲག་ཆ་བཞིན་དུ་སྐྱར་བཟློས་ཡང་མ་ཡིན། །སྔོན་མེད་ལང་ཚོ་གསར་པའི་གཏམ་དུའང་རུང་། །ལེགས་པར་བཤད་ཀུན་བླ་མའི་ཐུགས་རྗེའི་མཐུ། །ཉེས་པར་གྱུར་ཀུན་བདག་བློ་ངན་པའི་སྐྱོན། །ལྷག་བསམ་དག་པས་བཀོད་པའི་དགེ་ཚོགས་རྣམས། །འགྲོ་ཀུན་གུ་རུའི་གོ་འཕང་ཐོབ་ཕྱིར་བསྔོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

༈ ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསོལ་འདེབས་ཁ་སྐོང་།

གངས་ཅན་མཁས་གྲུབ་ཀྱི་དབང་པོ། །ཀུན་མཁྱེན་དྲི་མེད་ཀྱི་འོད་ཟེར། །འོད་གསལ་རྡོ་རྗེ་ཡི་སྙིང་པོའི། །རྩོད་མེད་ཐེག་མཆོག་གི་བདག་པོར། །གསོལ་འདེབས་བུ་མཆོག་ལ་དགོངས་དང་། །ཀ་དག་སྤྲོས་བྲལ་གྱི་ལྟ་བ། །གཞི་ཐོག་རིགས་སྟོང་གི་ངང་དུ། །གང་ཤར་གསོལ་སྟོང་དུ་ཤར་གྲོལ། །ལྷུན་གྲུབ་འོད་གསལ་གྱི་གཟིགས་མོ། །སྒྲོན་མ་བཞི་ལྡན་གྱི་གྲུ་བོར། །སྣང་མཐོང་གོང་འཕེལ་དང་ཚད་ཕེབས། །སྐུ་དང་ཞིང་ཁམས་ཀྱི་སྣང་བ། །ཡེ་ནས་འདུ་འབྲེལ་དུ་མེད་པ། །ཨ་ལ་ལ་ཧོ་ཧཱུྃ་སིདྡྷཱི། །དོན་དམ་རང་རིག་གི་རྩལ་དབང་། །སྐད་གཅིག་དུས་འདི་རུ་རྩོལ་གཅིག །

ཅེས་རྩོད་མེད་གཏེར་སྟོན་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པ་ཡི་ཀུན་མཁྱེན་རྒྱལ་བ་དྲི་མེད་འོད་ཟེར་ལ་གསོལ་བ་འདེབས་པ་ཨ་རི་རྫོགས་ཆེན་གྱི་རང་སྐད་ཇི་ལྟ་ཐོལ་བྱུང་རྡོ་རྗེའི་གསུང་བྱིན་རླབས་ཀྱི་མཚན་ཁ་རྨད་དུ་བྱུང་བ་སྟེ་ཤོ་ལོ་ཀ་ཡི་ཁ་སྐོང་ཚིག་རྐང་ཕྱེད་གསུམ་ཀཿཐོག་སྤྲུལ་སྐུ་རིག་འཛིན་པས་སོ། །སརྦ་མངྒ་ལཾ།

༈ གནུབས་ཆེན་ནམ་མཁའི་སྙིང་པོའི་གསོལ་འདེབས་ཚན་པ་གཉིས།

ཨོཾ་སྭཱསྟི། རྒྱལ་བ་རྒྱ་མཚོ་ཀུན་གྱི་ངོ་བོ། །གསང་བ་རྒྱ་མཚོ་འབྱུང་བའི་གཏེར་མཛོད། །ཡེ་ཤེས་རྒྱ་མཚོའི་མངའ་བདག་ཆེན་པོ། །བྱིན་རླབས་རྒྱ་མཚོའི་སྤྱི་དཔལ་བླ་མ། །འཁོར་ལོའི་མགོན་པོ་མཚོ་སྐྱེས་རྡོ་རྗེ། །གཉིས་མེད་འོད་གསལ་ཕྱག་བརྒྱ་རྒྱ་ཆེན། །འདྲེན་མཆོག་ནམ་སྙིང་བདེ་བ་ཆེན་པོར། །སྙིང་ནས་གསོལ་འདེབས་བྱིན་གྱིས་རློབས་ཤིག །

ཅེས་དྲན་མཆོག་རྩ་བའི་བླ་མ་སྙིང་ནས་དྲན་པའི་གདུང་ཤུགས་ཀྱི་གསོལ་བ་བཏབ་པ་ཤར་ཉང་པོ་རྒྱ་མདའ་ཡི་ཡུལ་འདབས་བཱ་ན་ཛ་ལ་ཙཱཀྲར་མེ་འབྲུག་མགོ་ཟླ་ཡི་དམར་ཉར་ཚེ་དབང་ནོར་བུས་སྨྲས་པའོ། །མངྒ་ལཾ།

ཨོཾ་སྭསྟི། རྒྱལ་བ་རྒྱ་མཚོ་ཀུན་འདུས་ངོ་བོ། །གསང་བ་རྒྱ་མཚོ་ཀུན་གྱི་འབྱུང་གནས། །ཡེ་ཤེས་རྒྱ་མཚོའི་དབང་བསྒྱུར་མངའ་བདག །མཚོ་སྐྱེས་རྡོ་རྗེ་བདེ་བ་ཆེན་པོ། །ཕྱག་བརྒྱ་རྒྱ་ཆེན་གྲུབ་པའི་དབང་ཕྱུག །ནམ་མཁའི་སྙིང་པོར་སྙིང་ནས་འདུད་དོ། །བྱིན་གྱིས་རློབས་ཤིག་ད་ལྟ་དུས་འདིར། །ཧེ་རུ་ཀ་དཔལ་ཁྱེད་མཚུངས་མཛོད་ཅིག །

ཅེས་དྲག་པོ་ལྕགས་སྤྲེལ་མོ་ཟླ་ཡི་ཤེས་རབ་ཀྱི་ཆ་ཤས་གང་བར་དྲན་མཆོག་པདྨ་བདེ་ཆེན་གླིང་པའི་དུས་མཆོད་སྐབས་སུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བརྗོད་པ་དགེའོ། །དགེའོ། །

༈ རྩ་གསུམ་གསོལ་འདེབས།

ཨོཾ་ཨཱ༔ཧཱུྃ༔ རྒྱལ་བ་ཀུན་འདུས་ཨོ་རྒྱན་ཡབ་ཡུམ་མཆོག །རྒྱུད་སྡེ་བཞི་འདུས་གསང་བདག་ཧེ་རུ་ཀ །ལྷན་ཞིང་སྔགས་འདུས་གསང་ཡེ་ཕག་ཁྲོས་མ། །ལས་ཡེ་དམ་འདུས་མ་མགོན་ཞིང་སྐྱོང་ཆེ། །ཁྱེད་ལ་མོས་གུས་སྙིང་ཁོང་རུས་གཏིང་ནས། །རྩེ་གཅིག་ཕུར་བཙུགས་དྲག་པོས་གསོལ་བ་འདེབས། །གཟིགས་ཤིག་ཐུགས་རྗེའི་མ་ཆུང་ལྷག་པའི་ལྷ། །མཆོག་ཐུན་དངོས་གྲུབ་བྱིན་ཆེན་དུས་འདིར་སྩོལ། །ཕྱི་ཡི་བར་ཆད་མི་དང་མི་མིན་གྱི། །གནོད་འགལ་གདུག་པ་ཟློག་མཛད་ནུས་ལྡན་ལྷ། །ནང་གི་བར་ཆད་འབྱུང་བཞི་འདུ་འཁྲུག་གནད། །གདོན་བགེགས་འཚེ་བ་ཐུལ་མཛོལ་ཐུགས་རྗེ་ཅན། །གསང་བའི་བར་ཆད་ལས་ཉོན་འཁྲུལ་པ་ཡིས། །རྣམ་རྟོག་དུག་ལྔ་ཞི་མཛོད་བྱིན་རླབས་ཚན། །ཆོས་མིན་ཟང་ཟིང་རྣམ་གཡེང་ཕྱི་ཡི་བདུད། །གཉིས་འཛིན་རྟོག་ཚོགས་རགས་རྩུབ་ནང་གི་བདུད། །མ་རིག་གཟུགས་འཛིན་དངོས་ཞེན་རང་འབྱུང་བདུད། །བག་ཆགས་ཕུང་པོ་འདོད་ཡོན་ལྷ་བུའི་བདུད། །འཁྲུལ་སྣང་ཉོན་མོངས་ལས་དབང་འཆི་བདག་བདུད། །ཐམས་ཅད་ལྷག་པའི་ལྷ་མཆོག་རྩ་གསུམ་གྱིས། །ཐུགས་རྗེས་བདེན་མཐུས་གཟི་བྱིན་རྨད་བྱུང་གི །ལོག་རྟོགས་བདུད་དཔུང་འཇོམས་མཛོད་མཐུ་མ་ཆུང་། །ལས་ངན་སྲ་བ་གཅོད་མཛོད་ཨོ་རྒྱན་རྗེ། །བདག་སེམས་ཡེ་ནས་འཁྲུལ་པའི་སྨག་རུམ་ལས། །མགོན་ཁྱོད་ཐུགས་རྗེའི་ཉི་མ་ད་སྟོན་འཚལ། །བར་ཆད་ཚང་ཚིང་མ་ལུས་འདུལ་མཛད་ལ། །འཆི་མེད་བདེ་ཆེན་དབང་བྱིན་དངོས་གྲུབ་སྩོལ། །

ཅེས་རང་ཉིད་ཕྱོགས་བསྒྲོད་ཤུལ་དུ་ཞུགས་པར་ཕྱི་འབྱུང་བཞི་བྱེད་པ་ཚ་གྲང་དང་ནང་ཉོན་མོངས་རྣམ་རྟོག་གི་ལྷོང་ཚད་རྩུབ་མོ་རྐྱེན་གྲྭ་འཁོར་ཆོས་མེད་དམ་དྲེད་ཀྱི་སྤྱོད་པས་རྒྱུད་རབ་ཏུ་འཁྲུག་པར་གྱུར་ཚེ་དེ་ཉིད་རང་ཞི་རང་གྲོལ་ཆེད་དུ་རྩ་བ་གསུམ་ལ་གསོལ་འདེབས་སུ་རྣལ་འབྱོར་ཚེ་དབང་ནོར་བུས་མདོ་ཁམས་རི་བོ་ཆེ་ཡི་དགོན་དུ་ཁྲོ་མོ་ཧོར་ཟླ་ལྔ་པའི་ཚེས་ལྔ་ལ་སྨྲས་པ་སརྦ་མངྒ་ལཾ།

༈ སྟག་ཤམ་རྡོ་རྗེའི་གསོལ་འདེབས་ཚན་པ་གཉིས།

ཨོཾ་ཨཱཿཧཱུྃ་ཧྲཱི༔ དཀྱིལ་འཁོར་ཡོངས་གཙོ་ཧེ་རུ་ཀ །དཔའ་བོ་ཆེན་པོ་སྟག་ཤམ་ཅན། །པདྨ་རྡོ་རྗེ་ཐོད་འཕྲེང་འཕྲུལ། །བླ་མར་གསོལ་འདེབས་བདག་བྱིན་རློབས། །གསང་བ་ཀུན་གྱི་མངའ་བདག་ཆེ། །གཞན་དོན་ནུས་པའི་མཆོད་དཔལ་ལྡན། །གསུང་གི་རྡོ་རྗེ་རྟ་མཆོག་འཕྲུལ། །བླ་མར་གསོལ་འདེབས་བདག་བྱིན་རློབས། །རྒྱལ་ཀུན་ཡེ་ཤེས་བཟླུམ་པའི་དངོས། །བསམ་གཏན་མཆོག་ལ་མངའ་བརྙེས་པ། །ཀུན་བཟང་རྡོ་རྗེ་འཆང་གི་འཕྲུལ། །བླ་མར་གསོལ་འདེབས་བདག་བྱིན་རློབས། །བླ་མེད་བླ་མ་འདུས་པའི་བདག །ཡི་དམ་ཀུན་གྱི་རིགས་བདག་གསལ། །མཁའ་འགྲོའི་ཡབ་གཅིག་དཔའ་བོ་དབང་། །རྩ་བའི་བླ་མར་གསོལ་འདེབས་ཀྱི། །བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས། །སྒྲིབ་སྦྱངས་ཚོགས་རྫོགས་བདེ་འབྲས་ཐོས། །བྱང་ཆུབ་མཆོག་ལ་རབ་ཏུ་འཁོད། །སྐུ་གཉིས་འབྲས་བུ་མྱུར་སྨིན་ཤོག །

ཅེས་ལྷོ་གནས་གླང་མ་ལུང་གི་ལྟེ་བ་སྲོག་མཁར་ཆོས་ཀྱི་ཕོ་བྲང་དུ་བཙུན་པ་ཨོ་རྒྱན་དོན་བཟང་གི་བསྐུལ་ངོར་པད་འབྱུང་སྟག་ཤམ་རྡོར་མི་ཕྱེད་དད་པ་མཆོག་ཏུ་ཐོབ་པའི་རྣལ་འབྱོར་ཚེ་དབང་ནོར་བུ་པདྨ་གར་དབང་རྡོ་རྗེས་ཤིང་འབྲུག་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔར་སྨྲས་པ་དགེའོ། །

ཨོཾ་ཨཱཿཧཱུྃ་ཧྲཱི། རྒྱལ་ཀུན་འདུས་པའི་ངོ་བོ་པདྨ་འབྱུང་། །དྲེགས་པ་ཚར་གཅོད་རྡོ་རྗེ་དྲག་པོ་རྩལ། །ཞི་ཁྲོའི་ཉམས་འབར་བླ་མ་ཧེ་རུ་ཀ །ཞི་དྲག་གསང་བར་གསོལ་འདེབས་བདག་བྱིན་རློབས། །འོད་དཔག་མེད་མགོན་རྡོ་རྗེ་མཁའ་འགྲོ་ལུང་། །པདྨ་གར་དབང་ཆེན་པོ་རྟ་མཆོག་དཔལ། །ཐུགས་རྗེའི་འགྲོ་བ་དབང་བསྡུས་གསང་ཡེ་མ། །རྩ་གསུམ་དོན་སྦྱོར་གསོལ་འདེབས་བདག་བྱིན་རློབས། །དཀོན་མཆོག་སྤྱི་འདུས་བླ་མ་ཡིད་བཞིན་ནོར། །སྒྲུབས་ཆེན་ཡོངས་འདུས་ཡི་དམ་རྟ་མཆོག་དཔལ། །མཁའ་འགྲོ་ཀུན་འདུས་སྡེ་ལྔ་ཁྲོས་སེང་མ། །དགོངས་འདུས་གསུམ་ལ་གསོལ་འདེབས་བདག་བྱིན་རློབས། །ཀུན་གྱི་སྤྱི་གཟུགས་དཔའ་བོ་སྟག་ཤམ་ཅན། །གསང་བའི་བདག་པོ་ནུས་ལྡན་རྡོ་རྗེ་འཛིན། །བསམ་གཏན་རྡོ་རྗེ་དྲི་མེད་ཡེ་ཤེས་རྩལ། །རྩ་བའི་བླ་མར་གསོལ་འདེབས་བདག་བྱིན་རློབས། །ཚེ་རབས་སྒྲིབས་སྦྱངས་བསོད་ནམས་ཡེ་ཤེས་རྒྱས། །བཀྲ་ཤིས་བདེ་སྐྱིད་ཉམས་རྟོགས་གོང་དུ་འཕེལ། །ལྟ་བ་ཀློང་གྱུར་བདག་གཞན་དོན་གཉིས་གྲུབ། །རྡོ་རྗེ་འཆང་གི་གོ་འཕང་ལ་སྦྱོར་ཤོག །

ཅེས་པར་གཏམ་རི་ཁྲོད་དུ་ཚེ་དབང་དབང་ཕྱུག་གིས་བསྐུལ་ངོར་ཕྱོགས་མེད་མྱུལ་བའི་སྤྲང་བན་ཚེ་དབང་ནོར་ལྡན་འཇིགས་མེད་དགྱེས་པ་རྩལ་གྱིས་ཤིང་འབྲུག་ཧོར་ཟླ་ལྔ་པའི་ཚེས་བཅུ་བདུན་ལ་བྲིས་པ་དགེའོ། །སརྦ་མངྒ་ལཾ།

༈ བརྒྱུད་འདེབས་བསྡུས་པ།

ཨོཾ་ཨཱ༔ཧཱུྃ༔ ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །རིགས་ཀུན་འདུས་པའི་གསང་ཆེན་རྡོ་རྗེ་སེམས། །རྒྱལ་བའི་སྤྱི་གཟུགས་པདྨཱ་ཀ་རའི་ཞབས། །གསོལ་བ་འདེབས་སོ་བདག་སྨིན་མཆོག་ཐོབ་མཛོད། །གསང་བ་འདྲ་ཀིའི་ཡེ་ཤེས་མཚོ་རྒྱལ་མ། །སྙིགས་དུས་འདྲེན་པ་ནུས་ལྡན་གཏེར་བཞད་སྙིང་། །སྒྲུབ་པའི་དབང་ཕྱུག་རིན་འཛིན་བདེ་ཆེན་གླིང་། །གསོལ་བ་འདེབས་སོ་བདག་སྨིན་མཆོག་ཐོབ་མཛོད། །ཐུགས་རྗེ་རྨད་བྱུང་གཏེར་སྟོན་རོལ་རྡོ་རྗེ། །གསུང་རབ་རྒྱ་མཚོ་དབང་བསྒྱུར་ཆེ་ཚང་ཞབས། །རྒྱུད་འཛིན་རྣལ་འབྱོར་ཚེ་དབང་ནོར་བུའི་ཞབས། །གསོལ་བ་འདེབས་སོ་བདག་སྨིན་མཆོག་ཐོབ་མཛོད། །དེ་ལྟར་བརྒྱུད་པའི་བླ་མར་གསོལ་འདེབས་མཐུས། །དབང་བཞིའི་བདག་སྨིན་བསྐྱེད་རྫོགས་ཟུང་གི་གྲོལ། །ཉམས་རྟོགས་མཐར་ཕྱིན་འབྲས་བུ་སྔོན་དུ་གྱུར། །དོན་གཉིས་ལྷུན་གྲུབ་འགྲོ་བའི་དཔལ་དུ་ཤོག །

ཅེས་ལོང་པོ་གྲུབ་ཆེན་སངས་རྒྱས་རྡོ་རྗེའི་སློབ་མ་སངས་རྒྱས་ལྷུན་གྲུབ་ཀྱིས་བསྐུལ་ངོར་རིག་འཛིན་ཚེ་དབང་ནོར་བུས་བྲག་གད་པདྨ་ཤེས་ཕུག་མདུན་དུ་སྨྲས་པ་སརྦ་མངྒ་ལཾ།

ཨོཾ་འཁོར་འདས་སྤྱི་དཔལ་ཀུན་བཟང་རྡོ་རྗེ་སེམས། །འགྲོ་འདུལ་འོད་སྐུ་དགའ་རབ་པདྨ་འབྱུང་། །ཐུགས་རྗེས་འདོད་གར་བདུད་འདུལ་བདེ་ཆེན་གླིང་། །ཀུན་འདུས་ངོ་བོ་རྩ་བའི་བླ་མའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཞེས་ཡེ་གོང་དུ་སྨན་ཆུའི་དཀོར་གཉེར་ལ་ཕན་གྱི་བསྐུར་ངོར་ཚེ་དབང་ནོར་བུས་བྲིས།

ཨོཾ་ཨཱ༔་ཧཱུྃ༔ ཀུན་བཟང་པདྨ་འབྱུང་གནས་སྒྱུ་འཕྲུལ་གར། །པདྨ་བདེ་གླིང་ཀརྨ་རིག་པ་འཛིན། །གཉིས་མེད་ཐུགས་སྲས་ཚེ་དབང་ནོར་བུའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད། །

ཅེས་རང་གི་སློབ་མ་ཐུབ་བརྟན་གྱིས་བསྐུལ་ངོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་ཀུན་ལུང་གནས་སྒོ་སྨན་ཆུ་གཡུ་རྩེའི་རི་ཁྲོད་དུ་སྨྲས་པ།

༈ དུས་འཁོར་བརྒྱུད་འདེབས་བསྡུས་པ།

ཨོཾ་ཨཱ༔ཧཱུྃ༔ རྒྱལ་བའི་སྤྱི་མེས་ཀུན་ཏུ་བཟང་། །དང་པོའི་སངས་རྒྱས་དུས་འཁོར་ལོ། །འདྲེན་པ་རིགས་མཆོག་ཕོད་པའི་རྟོགས། །གསོལ་བ་འདབས་སོ་མཆོག་བྱིན་རློབས། །གསང་བའི་བདག་པོ་ཟླ་བ་བཟང་། །ཆོས་རྒྱལ་བདུན་དང་རིགས་ལྡན་ལྷ། །ཉི་ཤུ་ལྔ་འགྱུར་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཆོག་བྱིན་རློབས། །ཤམྦྷ་ལ་དང་རྒྱ་བོད་དུ། །རྡོ་རྗེ་གནས་ཀུན་མཁྱེན་པའི་དབང་། །མི་མཆོག་རིག་གྲུབ་ལོ་པཎ་ལ། །གསོལ་བ་འདེབས་སོ་མཆོག་བྱིན་རློབས། །དང་པོའི་སངས་རྒྱས་རྒྱུད་སྡེ་ཡི། །རིག་པའི་གནས་ཀུན་སྨྲ་བ་ཡི། །དབང་ཕྱུག་མ་ཧཱ་པཎྜི་ཏ། །འཇམ་དབྱངས་གསུང་རབ་རྒྱ་མཚོའི་སྡེ། །རྒྱུད་འཛིན་སློབ་མར་བཅས་པ་ལ། །གསོལ་བ་འདེབས་སོ་ཕྱི་ནང་གསང་། །བདེན་གཉིས་ཡོངས་རྟོགས་མཁྱེན་པ་རྒྱས། །

གྲུབ་ཆེན་འོད་གསལ་དབང་པོའི་སློབ་མ་རྐང་བན་བསྟན་པས་བསྐུལ་ངོར་ཚེ་དབང་ནོར་བུས་གོང་འབྲས་ཡུལ་དུ་སྨྲས་སོ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་ཨཱ༔ཧཱུྃ༔ རིགས་བསྡུས་སྒྱུ་འཕྲུལ་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་ས་བཅུའི་དབང་ཕྱུག་བྱམས་པ་མགོན། །

འོད་གསལ་སྒྱུ་མའི་སྐུ་བརྙེས་ཤ་བ་རི། །ཟློས་གར་ཀརྨ་རིག་པ་འཛིན་པ་ཆེ། །བརྒྱུད་འཛིན་ཐུགས་སྲས་སློབ་མར་བཅས་པ་ལ། །གསོལ་འདེབས་བྱིན་རློབས་སྨིན་གྲོལ་མཆོག་མཐུན་སྩོལ། །

ཞེས་ཡེ་གང་འབྲས་ཚལ་གྱི་དད་ལྡན་གཞོན་ནུ་ཚེ་རིང་བུ་ཁྲིད་ཀྱིས་བསྐུལ་ངོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས།

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །ཆོས་ཀྱི་རྡོ་རྗེ་མགོན་པོ་འོད་དཔག་མེད། །སྙིང་རྗེའི་རང་མདངས་གདུལ་བྱའི་དཔལ་མགོན་དུ། །ཡོངས་ཤར་སྤྱན་རས་གཟིགས་དབང་གངས་ཅན་མཚོ། །དེ་ཡི་ངོ་བོར་གྱུར་ཅིང་སངས་རྒྱས་ཀྱི། །སྤྲིན་ཕུང་སྤྲོ་བསྡུ་བྱེད་པོ་པདྨ་འབྱུང་། །ངེས་དོན་བསྟན་པ་སྤེལ་ཕྱིར་སྤྲུལ་པའི་སྐུ། །ཤིང་རྟ་ཟླ་མེད་ཤེས་རབ་རྒྱལ་བའི་མཚན། །སླར་ཡང་སྙིགས་དུས་འགྲོ་བ་འདྲེན་སླད་དུ། །བརྟུལ་ཞུགས་མཛད་པ་རྨད་བྱུང་བརྩོན་འགྲུས་བཟང་། །གྲུབ་པ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེ། །མཚུངས་མེད་བླ་མ་མཆོག་དེར་གསོལ་བ་འདེབས། །གཞན་ཡང་པདྨཱ་ཀ་རའི་སྒྱུ་འཕྲུལ་རྩལ། །འཇམ་མགོན་གྲུབ་པ་ཀུན་དགའ་གྲོལ་བའི་མཆོག །བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ་དཔལ། །ལེགས་བཤད་གཏམ་གྱི་འབྱུང་ཁུངས་ཀུན་དགའ་སྙིང་། །དེ་དག་རྣམས་ཀྱི་བསྟན་པའི་སྙིང་པོ་གང་། །མ་ནོར་ཤེས་བཞིན་འཛིན་པའི་སྙིང་སྟོབས་ཅན། །ནམ་སྙིང་སྤྲུལ་གར་ཚེ་དབང་ནོར་བུའི་སྡེ། །དྲིན་ཆེན་རྩ་བའི་བླ་མར་གསོལ་བ་འདེབས། །དེ་ལྟར་དཔལ་ལྡན་བླ་མའི་ཚོགས་རྣམས་ལ། །རྩེ་གཅིག་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས། །བདག་ནི་དུས་འདི་ནས་བཟུང་བྱང་ཆེན་གྱིས། །འབྲས་བུ་མ་ཐོབ་བར་དུ་ཚེ་རབས་རྟག །མཚན་ལྡན་བླ་མ་མཆོག་གི་རྗེས་སུ་གཟུང་། །དམ་ཚིག་སེལ་མེད་ཐུགས་ཀྱི་དགྱེས་དགུ་བསྒྲུབ། །གཞན་ཕན་འཕྲིན་ལས་སྤེལ་ལ་མི་གཡེལ་ཞིང་། །བླ་མེད་ཐུགས་ཀྱི་སྲས་མཆོག་གྱུར་ནས་ཀྱང་། །ཐེག་ཆེན་ས་ལམ་ཡོན་ཏན་མ་ལུས་རྫོགས། །དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་གྱི། །གོ་འཕང་མཆོག་ལ་མྱུར་དུ་འཁོད་གྱུར་ནས། །ནམ་མཁའི་མཐའ་མཉམ་འགྲོ་དོན་བྱེད་པར་ཤོག །

ཞེས་པ་འདི་ཡང་དབུས་ཆུ་བོ་རི་ལྕགས་ཟམ་སྤྲུལ་པའི་སྐུའི་ཕྱག་མཛོད་ངག་དབང་དགེ་ལེགས་ཀྱི་གསོལ་བ་བཏབ་པའི་ངོར་རིག་འཛིན་ཚེ་དབང་ནོར་བུས་སྨྲས་པ་རྣམ་ཀུན་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།

༈ ཀུ་ཀུ་རི་པའི་གསོལ་འདེབས།

ན་མོ་གུ་རུ་ཀུ་ཀུ་རི་པ་ཡ། ཧེ་རུ་ཀ་དཔལ་གྱིས་ཐུགས་རྗེས་རོལ་རྩལ་ལས། །འཕགས་ཡུལ་དབུས་འགྱུར་དུ་རྒྱལ་བའི་རིགས་ལས་འཁྲུངས། །གཙུག་ལག་ན་ལེནྡྲར་དགེ་སློང་དངོས་པོར་གྱུར། །རྒྱ་གར་ཤར་ཕྱོགས་དུ་ཕག་མོས་བྱིན་གྱིས་རླབས། །ཀངྐུའི་བྲག་ཕུག་ནས་རྩ་གསུམ་ལྷ་ཡུལ་གཤེགས། །སྙིང་རྗེའི་དབང་གིས་ནི་སླར་ཡང་མི་ཡུལ་བྱོན། །རྡོ་རྗེ་མཁའ་འགྲོ་མ་ཀུ་ཀུའི་ཚུལ་དང་རོལ། ཨོ་རྒྱན་མཁའ་སྤྱོད་ནས་སྒྱུ་འཕྲུལ་རྒྱུད་ཆེན་བླང་། །སྤྱོད་པ་རྣམ་གསུམ་གྱིས་སྐལ་ལྡན་ཚོམ་བུ་བཅས། །གྲོང་ཁྱེར་སྐྱ་ནར་ནས་སངས་རྒྱས་ས་ལ་གཤེགས། །རྒྱ་གར་གྲུབ་ཐོབ་མཆོག་ཀུ་ཀུ་རི་པ་ཡི། །རྨད་བྱུང་རྣམ་ཐར་གང་ཐོས་ཤིང་དྲན་བྱས་ཏེ། །དད་དང་གུས་པ་ཡིས་ལྷང་ལྷང་གསོལ་འདེབས་ན། །མཁའ་སྤྱོད་དག་པ་ནས་ཐུགས་རྗེས་སྤྱན་གྱིས་གཟིགས། །བདག་སོགས་དད་ལྡན་ལ་བྱིན་བརླབ་འཕོ་བའི་དབང་། །གདན་ཐོག་འདི་ཉིད་དུ་བསྐུར་བར་མཛད་ནས་ཀྱང་། །དོན་དམ་ལྷན་སྐྱེས་ཀྱིས་ཡེ་ཤེས་ཟབ་གསལ་བདེ། །ཕྱག་རྒྱ་ཆེན་པོའི་དོན་ཁོངས་སུ་ཆུད་ནས་ཀྱང་། །རབ་འབྱམས་ལས་ཚོགས་དང་གྲུབ་པ་ཐོགས་མེད་བརྙེས། །མགོན་མཆོག་ཁྱེད་རང་དང་མཚུངས་པར་བྱིན་གྱིས་རློབས། །

ཞེས་པ་ཡང་ཤར་ཕྱོགས་ཀོང་ཡུལ་ཤིང་མོའི་ཚལ་ལྷ་རི་སེང་ངེའི་མདུན་ཀླུ་ངའི་ཕོ་བྲང་དུ་གྲུབ་པའི་སློབ་དཔོན་ཀུ་ཀུ་རི་པ་དང་རྡོ་རྗེ་མཁའ་འགྲོའི་སྒྱུ་འཕྲུལ་ཀུ་ཀུའི་གཟུགས་ཅན་སྔོན་དུས་ཕྱོགས་དེར་ཕེབས་ཤིང་ཞབས་ཀྱི་དཀྱིལ་འཁོར་གྱི་རྗེས་སྲ་མཁྲེགས་རྡོ་ལ་ལེགས་པར་བཀོད་པར་བྱེད་པ་ཡང་ཡིད་ཀྱི་ཡུལ་དུ་གསལ་སྣང་འཆར་བའི་མདོ་ལ་ཚིགས་སུ་བཅད་པ་འདི་རྣམས་བྲིས་ཤིང་དེ་ཕྲལ་ཉིད་དུ་ཞབས་རྗེས་ཀྱང་མངོན་སུམ་མིག་གིས་མཐོང་བས་གཏན་ལ་ཕབ་ཏེ་ཆུ་ཕག་དབྱུ་གུ་ཟླ་བའི་ཡར་ཚེས་བརྒྱད་ལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སོ། ། འདིས་ཀྱང་འགྲོ་ཀུན་ཧེ་རུ་ཀ་ཀུ་ཀུ་རི་པའི་གོ་འཕང་ལ་འཁོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ་བྷ་ཝནྟུ་སྭཱཧཱ།

༈ ཇོ་ནང་བླ་བརྒྱུད་གསོལ་འདེབས།

ཨོཾ་སྭསྟི། རྒྱལ་གཞན་ལས་ལྷག་ཐུགས་བསྐྱེད་དཔའ་བོ་ཆེ། །བསྐལ་བཟང་འདྲེན་པ་ཡོངས་གཙོ་ཤཱཀྱའི་སྲས། །བདུད་དཔུང་མཐར་བྱེད་ཐུབ་ཆེན་ལྷ་ཡི་ལྷ། །རྒྱལ་ཀུན་ཡེ་ཤེས་ངོ་བོ་དེར་ཕྱག་འཚལ། །གསང་གསུམ་མི་འཛད་མཁའ་ཁམས་མཐའ་ཐུག་པའི། །རྣམ་པ་ཐམས་ཅད་བསམ་གྱིས་མི་ཁྱབ་སྐུ། །ཉིད་ལས་དེང་འདིར་བདག་ཅག་གདུལ་བྱའི་ངོར། །མཚན་དཔེ་ཡོངས་རྫོགས་འགྲོ་བའི་བླ་མར་འདུད། །གསེར་རི་བྱེ་འབུམ་མདངས་འཕྲོག་ཁྱོད་ཀྱི་སྐུ། །མིག་སྨན་བུང་བ་ལྟར་ནག་དཔལ་འཁྱིལ་སྐྲ། །རབ་འཚེར་ཆེས་དཀར་མཛོད་བུ་འོད་འབུམ་འཁྱིལ། །གཙུག་ཏོར་ནམ་མཁའི་ཕ་མཐར་ཁྱབ་ལ་འདུད། །ཞལ་སྒོ་མཛེས་འཛུམ་སྙན་གྱི་ཤས་རིང་ཞིང་། །ཤངས་ལེགས་ཡིད་འཕྲོག་སྤྱན་རས་རབ་ཏུ་དྭངས། །ཞལ་ཁྱིམ་ཕུལ་དུ་བྱུང་ཞིང་སྐུ་སྟོད་རྒྱས། །སྐལ་པར་ལྟས་ཀྱང་ངོམ་མེད་མཛེས་དེར་འདུད། །ཕྱག་གཡས་པད་གདན་སྙིང་པོས་ས་གནོན་མཛད། །གཡོན་པ་མཉམ་བཞག་ཕྱག་རྒྱ་ལྟེ་འོག་འཆང་། །ཚངས་སྤྱོད་ཆ་ལུགས་ངུར་སྨྲིག་ཆོས་གོས་གསོལ། །རྡོ་རྗེ་དཀྱིལ་ཀྲུང་པད་ཟླར་བཞུགས་ལ་འདུད། །སྐུ་རྒྱབ་འོད་ཀྱི་དཀྱིལ་འཁོར་རབ་ཏུ་རྒྱས། །མེ་ཏོག་ཆར་དང་རིན་ཆེན་གདུགས་མཛེས་ཕུབ། །མདངས་གསལ་ནམ་མཁའི་དབུས་སུ་ལྷམ་མེ་བ། །བཅོམ་ལྡན་རྫོགས་སངས་རྒྱས་ལ་གུས་པས་འདུད། །རྒྱལ་བའི་སྐུ་ཡི་གཡས་གཡོན་བར་སྣང་ལ། །ཆོས་རྒྱལ་ཟླ་བཟང་རིགས་ལྡན་འཇམ་དཔལ་གྲགས། །སྤྲུལ་བཞི་ཆོས་ཀྱི་སྤྲིན་གྱི་དབང་ཕྱུག་ཆེ། །རྒྱལ་སྲས་ཐུ་བོ་ཟུང་ལ་ཕྱག་འཚལ་ལོ། །གསང་བདག་སྔོ་བསང་སྐྱབས་དང་སྦྱིན་པའི་རྒྱ། །ཐུགས་ཀ་པུས་སྟེང་པདྨ་སྔོ་དམར་བཅས། །རྡོ་རྗེ་དྲིལ་འཛིན་སེམས་དཔའ་རིན་ཆེན་ཆས། །སེམས་དཀྱིལ་དར་གྱིས་སྨད་གཡོགས་ཅན་ལ་འདུད། །འཇམ་དཔལ་དམར་སེར་ཆོས་འཁོར་ཕྱག་རྒྱ་ཡི། །ཨུཏྤལ་སྟེང་ན་རལ་གྲི་གླེགས་བམ་འཛིན། །སེམས་དཔའི་དཀྱིལ་ཀྲུང་འཇའ་ཚོན་སྨད་གཡོགས་ཅན། །རིན་ཆེན་བརྒྱན་གྱིས་ཡོངས་མཛེས་དེ་ལ་འདུད། །རྒྱལ་བའི་མདུན་གཡས་ས་བཞིར་སྤྱན་རས་གཟིགས། །སྤྲུལ་པ་ཀུན་མཁྱེན་དོལ་པོ་སྐུ་ཤ་རྒྱས། །ས་ཞུ་ཆོས་གོས་གསུམ་གསོལ་གཡས་ས་གནོན། །གཡོན་པ་ཆོས་གོས་གྲ་ནས་འཛིན་ལ་འདུད། །རྒྱལ་བའི་མདུན་དངོས་ས་བཞིར་པདྨ་འབྱུང་གི །རྣམ་འཕྲུལ་ཏཱ་ར་ནཱ་ཐ་ཆོས་གོས་གསོལ། །ངུར་སྨྲིག་པཎ་ཞྭ་སྐྱབས་རྒྱ་གཡས་ཐུགས་ཀར། །གཡོན་པ་མཉམ་བཞག་གླེགས་བམ་འཛིན་ལ་འདུད། །དེ་ལྟར་རྒྱལ་བ་མཆོག་དང་རྒྱལ་སྲས་བཞིའི། །གཟུགས་བརྙན་གདུལ་བྱའི་ཚོགས་ཀྱི་ཞིང་དམ་པ། །རྟེན་བརྟེན་ཚུལ་གྱུར་སེམས་དཔའ་གསམ་གྱི་དངོས། །མོས་པའི་ངོ་རུ་སྣང་བ་མཆོག་དེ་ལ། །མི་ཕྱེད་དད་པའི་ཡིད་ཀྱི་བསྟོད་པའི་མཐུས། །བདག་ནི་སྐྱེ་བ་འདི་ནས་བྱང་ཆེན་བར། །རྒྱལ་དང་རྒྱལ་སྲས་ཞལ་བཟང་རྟག་མཐོང་ཞིང་། །རྒྱལ་བའི་བསྟན་ལ་ལྷག་བསམ་བྱ་བ་བྱེད། །མདོ་སྔགས་དགོངས་དོན་ཇི་བཞིན་མ་ནོར་བ། །གཞན་ལ་རྒྱ་ཆེར་སྟོན་པའི་འགྲོ་བ་ལ། །ཕན་པ་མཆོག་འགྲུབ་རྒྱལ་བ་སྲས་སློབ་བཅས། །དགྱེས་པའི་ལས་ཀུན་བདག་གི་འགྲུབ་པར་ཤོག །རྟག་བརྟན་འགྱུར་བ་མེད་པ་ཆོས་ཀྱི་དབྱིངས། །མི་ཞིག་བདེ་བ་ཆེན་པོ་ཡོངས་གྲུབ་པ། །ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་ཉིད། །མྱུར་བ་ཉིད་ཐོབ་དོན་ཉིད་ལྷུན་འགྲུབ་ཤོག །

ཅེས་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་སྟོན་པའི་ཟབ་སྐུ་ཞལ་འབྱེད་ཚེ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས་པ་སྟེ་ཤིང་སྟག་ནག་ཟླའི་ཉེར་བརྒྱད་རྗེ་བཙུན་དམ་པའི་དུས་ཆེན་སྐབས་སུའོ། །མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

རྒྱལ་བའི་མདུན་ན་རྒྱལ་སྲས་ལི་ཙི་ཝི། །ཀ་ལ་པུ་རུ་རིགས་ལྡན་པདྨ་དཀར། །དཔལ་གྱི་རི་ལ་ཀླུ་སྒྲུབ་ཆེན་པོར་གྲགས། །འགྲོ་མགོན་ཇོ་ནང་པ་ལ་གསོལ་བ་འདེབས། །སྤོས་ངད་ལྡན་ན་ཆོས་འཕགས་སེམས་དཔའ་ཆེ། །ལྷ་ལྡན་གྲོང་དུ་སྲོང་བཙན་སྒམ་པོ་སྟེ། །རྔ་ཡབ་གླིང་ན་པདྨ་འབྱུང་གནས་པ། །ཤེས་རབ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས། །དེ་བཟློས་གསུང་རབ་ངེས་དོན་རྫོགས་པར་དགོངས། །དམ་ཆོས་དོན་དུ་སྲོག་ཀྱང་འདོར་ནུས་པའི། །དོལ་པ་པོར་གྲགས་བླ་མའི་ཞབས་ལ་འདུད། །མངྒ་ལཾ་བྷ་ཝནྟུ་སྭཱཧཱ།

༈ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསོལ་འདེབས།

ཨོཾ་ཨཱ༔་ཧཱུྃ། ཀུན་ཁྱབ་སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་ཁམས། །ཀློང་ཆེན་རབ་འབྱམས་ཆོས་སྐུར་གསོལ་བ་འདེབས། །གཡོ་མེད་དག་བསལ་རང་བཞིན་ཡེ་ཤེས་ལྔ། །དྲི་མེད་འོད་ཟེར་ལོངས་སྐུར་གསོལ་བ་འདེབས། །འབད་མེད་ལྷུན་གྲུབ་གང་འདུལ་འགྲོ་དོན་མཛད། །སྣ་ཚོགས་རང་གྲོལ་སྤྲུལ་སྐུར་གསོལ་བ་འདེབས། །མཉམ་ཉིད་ཁྱབ་བརྡལ་མ་འདྲེས་ཟུང་འཇུག་སྐུ། །བསམ་ཡས་ངོ་བོ་ཉིད་བསྐུར་གསོལ་བ་འདེབས། །ཚུལ་ཁྲིམས་ཨུཏྤལ་བློ་གྲོས་གླེགས་བམ་སྤུད། །ངག་གི་དབང་ཕྱུག་མཁྱེན་རབ་རལ་གྲི་ཡི། །མི་ཤེས་དྲ་བ་མཐའ་དག་གཅོད་མཛད་པ། །གཟི་བརྗིད་རྡོ་རྗེ་རྣོན་པོ་གསོལ་བ་འདེབས། །བྱར་མེད་ཀློང་ཡངས་ནམ་མཁའ་དྭངས་པ་ལ། །བློ་གྲོས་མཆོག་གི་ལང་ཚོ་སྟོང་འབར་བས། །འགྲོ་བའི་བློ་མུན་མཐའ་དག་སེལ་མཛད་མགོན། །ཀུན་བཟང་ཐུགས་ཀྱི་རྡོ་རྗེར་གསོལ་བ་འདེབས། །ཐུབ་བསྟན་རྩོད་ལྡན་སྙིགས་དུས་མཐའ་ཐུག་འདིར། །ཐེག་མཆོག་རྫོགས་ལྡན་རྡོ་རྗེ་སྙིང་པོའི་ཆོས། །མ་ནོར་སྟོན་མཛད་པད་འབྱུང་བི་མ་ལ། །དངོས་གྱུར་ཀུན་བཟང་དྲི་མེད་འོད་ཟེར་ལ། །རབ་དད་སྙིང་ནས་སྔར་ཐུགས་གསོལ་འདེབས་ཀྱི། །བརྩེ་ཆེན་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །འགྲོ་ཕན་རྒྱལ་བསྟན་སྒྲོན་མེ་ངག་དབང་ཕྱུག །ཁྱེད་འདྲ་དུ་མ་རྟག་ཏུ་འབྱུང་བ་དང་། །དེ་བརྟེན་འཛིན་པ་རྒྱུ་དཀར་བཀྲམ་པ་བཞིན། །དེ་ལ་ཆེ་བཙན་སྐྱེ་རྒུ་དྲེགས་པས་བཏུད། །འོད་གསལ་སྙིང་པོའི་ཚིགས་དོན་ལ་དགའ་བས། །ས་གསུམ་མཐའ་དག་ཁྱབ་པར་བྱིན་གྱིས་རློབས། །བདག་ཀྱང་སྐྱེ་ཀུན་ཁྱོད་ཀྱི་ཕྲིན་ལས་པ། །པད་འབྱུང་བི་མའི་དགོངས་བཞེད་རྫོགས་པ་ཆེ། །མ་ནོར་སྟོན་བྱེད་འགྲོ་བའི་དེད་དཔོན་མཆོག །གྱུར་ནས་ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །

ཅེས་པ་འདི་ཡང་དཀར་པོའི་ལོ་ཞལ་གསར་དུ་འཆར་བ་རྒྱལ་གྱི་ཟླ་བའི་དམར་ཕྱོགས་རྒྱལ་བ་དང་པོ་ཀུན་མཁྱེན་ཆོས་རྗེའི་དུས་ཆེན་སྐབས་སུ་སྙིང་ཐག་པ་ནས་མོས་གུས་ཀྱི་སྤུ་ལོང་གཡོ་བའི་རང་གདངས་ཚིགས་སུ་བཅད་པའི་གསོལ་འདེབས་མངའ་རིས་གུང་ཐང་ཟ་འོག་ཕུག་ཏུ་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུས་སྨྲས་པའོ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭཱསྟི། མཁྱེན་རབས་འོད་སྟོང་འབར་བའི་རལ་གྲི་ཡིས། །མི་ཤེས་མུན་པའི་དྲ་བ་མཐར་བྱེད་པ། །བརྩེ་བའི་ཨུཏྤལ་ཤེས་རབ་པུ་སྟིས་བརྒྱན། །འཇམ་དབྱངས་གཞོན་ནུར་སྙིང་ནས་གསོལ་བ་འདེབས། །གང་ཁྱེད་སངས་རྒྱས་ཀུན་གྱི་ཡབ་གྱུར་མོད། །སངས་རྒྱས་སྲས་ཀྱི་ཐུ་བོར་ཡང་ནི་རྫུ། །སྙིགས་དུས་འགྲོ་ལ་གཤིན་རྗེ་ཚུལ་ཡང་སྟོན། །རིན་ཆེན་གྲུབ་པའི་རྒྱ་མཚོར་གསོལ་བ་འདེབས། །དུས་འདིར་བཀའ་དྲིན་གསུམ་ལྡན་བླ་མ་གང་། །ཁྱེད་ལས་གཞན་མེད་ཁྱོད་དུ་ཤེས་བཞིན་པར། །གསོལ་བ་འདེབས་སོ་བྱིན་རླབས་ནུས་པའི་མཐུས། །ཁྱེད་རང་ཇི་བཞིན་འབྲས་བུ་མྱུར་ཐོབ་མཛོད། །

ཅེས་རང་གི་སློབ་མ་ཞ་ལུ་བ་ཆེན་པོ་སྡོམ་བརྩོམ་རྡོ་རྗེ་འཛིན་པ་བྱམས་པ་ཆོས་ཀྱི་རྒྱལ་པོས་བསྐུལ་བའི་ངོར་ཕྱོགས་མེད་རྒྱལ་ཁམས་པ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཆོས་འཁོར་དཔལ་གྱི་ལྷ་སར་གྲོ་ཞུན་ཟླ་བའི་ཡར་ཚེས་ཐོབ་པ་དང་པོ་ལ་བྲིས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭཱསྟི། བསྐལ་བཟང་རྫོགས་པའི་སངས་རྒྱས་རབ་གསལ་ཞབས། །སྔོན་ནས་བྱང་ཆུབ་རིན་ཆེན་ཏོགས་ཞེས་བྱ། །ད་ལྟའང་མངོན་དགའི་ཞིང་ན་མི་འཁྲུགས་མགོན། །ཞིང་འདིར་རྒྱལ་སྲས་བུ་སྟོན་སྤྲུལ་པའི་འདུད། །རིས་མེད་འགྲོ་ལ་བུ་ལྟར་བརྩེ་ཆེན་གཏེར། །སྟོན་པའི་རྒྱལ་ཚབ་རིན་ཆེན་བསྟན་པའི་བདག །མཁས་གྲུབ་ཡོངས་ཀྱི་སྤྱི་དཔལ་ཐམས་ཅད་མཁྱེན། །བུ་སྟོན་རིན་ཆེན་གྲུབ་ལ་གསོལ་བ་འདེབས། །མདོ་རྒྱུད་བསྟན་པ་ཀུན་གྱི་མིག་གཅིག་པུ། །རྒྱལ་དགོངས་འདྲེན་པའི་ཤིང་རྟ་མཆོག་ཁྱེད་ལ། །གསོལ་བ་བཏབ་མཐུས་ཁྱོད་བསྟན་དར་རྒྱས་ཤིང་། །བདག་ཀྱང་འགྲོ་ཕན་སངས་རྒྱས་མྱུར་འགྲུབ་ཤོག །

ཞེས་ཕྱོགས་མེད་རིས་མེད་ཀྱི་རྣལ་འབྱོར་པ་འཇམ་དབྱངས་རྒྱ་མཚོས་གུས་པ་ཆེན་པོ་གཙང་རུ་ལག་བརྒྱན་བྱང་ཆུབ་དགོན་གནས་སུ་སྲིན་པོ་སྣྲོན་ཟླའི་ཤེར་ཕྱོགས་ཚེ་ལྔ་ལ་བྲིས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ་མཆོག་གི་ཟབ་གསལ་ཡེ་ཤེས་མཁའ་མཉམ་བརྙེས། །སྲིད་གསུམ་བདུད་སྡེའི་དཔུང་ཚོགས་ཕྱེ་མར་འཇོམས། །མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་བི་རུ་པ་ལ་གསོལ་བ་འདེབས། །

ཞེས་ཟླུམ་གཙུག་ལག་ཁང་དུ་དཔལ་བི་རུ་པའི་གསོལ་འདེབས་འདི་བོ་དོང་འཇིགས་བྲལ་ཞབས་ཀྱི་བི་རུ་པར་དངོས་སུ་གཟིགས་པའི་སྐུ་བརྙན་མཇལ་མ་ཐག་ཐོལ་བྱུང་ཉིད་དུ་རིག་འཛིན་ཚེ་དབང་ནོར་བུས་སྨྲས་པ་དགེའོ། །

༈ བོ་དོང་པའི་གསོལ་འདེབས།

ཨོཾ་སྭསྟི། རྒྱལ་བ་ཀུན་གྱི་མཁྱེན་རབ་གསེར་གྱིས་འབྲས་ལྡན་ལྗོན་ཤིང་ནས་བལྟམས་པ། །ཚད་མེད་ཐུགས་རྗེའི་བློ་གྲོས་ནམ་མཁའི་མཐའ་ཀླས་ཡངས་པ་འཇམ་པའི་དབྱངས། །གངས་རིའི་ཁྲོད་འདིར་དཔལ་གྱི་རི་འདབ་ཉེར་འཁྲུངས་རྒྱལ་བའི་སྲས་མཆོག་གྱུར། །བོ་དོང་པ་ཞེས་ལུང་རིག་འཇིགས་མེད་འཕྲོག་བྱེད་དབང་པོའི་སྤོ་ཆེན་པོར། །མཛེས་པའི་རྒྱན་གཅིག་འཇིག་རྟེན་གསུམ་མགོན་རྗེས་འགྲོ་དེ་མཐུན་མཛེས་པའི་སྤྲུན། །དབྱངས་ཅན་མགྲིན་ཞུགས་ཨུཏྤལ་རྒྱས་པའི་གེ་སར་འཇམ་དཔལ་གྱིས་གླེགས་བམ་ནི། །དེ་གཉིས་འདུས་པས་ཉེར་མཚོན་ཆོས་ཀྱི་རྒྱལ་མཚན་ས་གསུམ་ཁྱོན་ཀུན་ཏུ། །རྒྱས་མཛད་དཔའ་བོ་དབྱངས་ཅན་དགའ་བ་ཞེས་བྱ་མཚུངས་མེད་བླ་མ་ཆེ། །ཐུབ་དབང་བསྟན་ལ་གཉིས་མེད་སྨྲ་བའི་ཁྱུ་མཆོག་ཟླ་བ་གྲགས་པ་དང་། །གངས་ཅན་མིག་གཅིག་ཐུ་མིར་གྲགས་དང་བཻ་རོ་ཙ་ནའང་ཁྱོད་ཉིད་ཡིན། །རྒྱུན་མི་ཆད་པར་འགྲོ་བའི་དཔལ་མགོན་ཀུན་མཁྱེན་བོ་དོང་རྒྱལ་བ་ལ། །སྙིང་ནས་ཕྱག་འཚལ་གུས་པས་བསྟོད་དོ་བདག་ལ་ཐུགས་རྗེས་བྱིན་གྱི་རློབས། །

ཞེས་དཔལ་མ་དཔལ་ཁུད་ཆོས་ལྡིང་དགེ་སློང་ལྷུན་གྲུབ་བཟང་པོའི་ཆེད་དུ་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོར་འཇིགས་པ་མེད་པར་ཞུགས་པ་བློ་གྲོས་ཀྱི་གྲུ་རྫིང་ཆ་ཤས་ཐོབ་པ་བོ་དོང་པའི་ལྟ་གྲུབ་ཇི་བཞིན་ཤེས་གྱུར་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བལ་ཡུལ་ཀཱི་ཌོའི་གཙུག་ལག་ཁང་ཆེན་མོར་ན་ཚོད་ལྡན་གྱི་ལོ་ཞལ་གསར་དུ་འཆར་བ་རྒྱལ་ཟླའི་བཟང་པོ་གསུམ་པ་ལ་བྲིས་པ་དགེའོ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། འགྱུར་མེད་གདོད་ནས་རྣམ་པར་དག་པའི་ཁམས། །ཆོས་ཀུན་མཉམ་ཉིད་སྤྲོས་དང་བྲལ་བའི་གཤིས། །སྣ་ཚོགས་འགག་མེད་རྣམ་པར་ཐམས་ཅད་པ། །གནས་ལུགས་ཆོས་སྐུ་ཧཱུྃ་ནག་བདེ་གཤེགས་སྙིང་། །ཆགས་མེད་རང་བྱུང་པདྨ་རག་དབང་ཕྱུག །ཟག་མེད་བདེ་བ་ཆེན་པོའི་ངོ་བོ་ཉིད། །འདོད་དགུ་ལོངས་སྤྱོད་རྫོགས་པ་རྡོ་རྗེ་ཆོས། །བླ་མེད་བླ་མ་པདྨ་བདེ་ཆེན་གླིང་། །ཐོག་མེད་ནུས་པས་བདུད་བཞིའི་དཔུང་འཇོམས་ཤིང་། །སྒྲིབ་བྲལ་མཁྱེན་པས་རྡོ་རྗེའི་ཏིང་འཛིན་བརྙེས། །རྒྱལ་བའི་སྤྱོད་པས་སངས་རྒྱས་ཞིང་ཀུན་ཁྱབ། །ཧེ་རུ་ཀ་དཔལ་བདུད་འཇོམས་རྡོ་རྗེ་རྩལ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། རྒྱལ་ཀུན་ཐུགས་རྗེའི་མཚོར་སྐྱེས་འོད་དཔག་མེད། །པདྨ་འབྱུང་གནས་རེས་འགའ་ཀཧྣ་ཀ །དབྱེར་མེད་རྒྱལ་དབང་བཀའ་བརྒྱུད་འཕྲིན་ལས་སྡེ། །གང་གི་ཐུགས་དང་གཉིས་སུ་མེད་གྱུར་པ། །ཚེ་དབང་ནོར་བུ་དོན་དམ་རྡོ་རྗེ་སེམས། །དེ་ཡི་བྱིན་རླབས་བདེན་པའི་ནུས་མཐུ་ཡིས། །དུས་འདི་ནས་རྩོམ་བྱང་ཆུབ་སྙིང་པོའི་བར། །མགོན་དེས་རྗེས་བཟུང་སངས་རྒྱས་མྱུར་འགྲུབ་ཤོག །

ཅེས་པ་ཡང་རིག་འཛིན་རྒྱལ་ཁམས་པས་སྨྲས་པ་སརྦ་མངྒ་ལཾ།

༈ པདྨ་དབང་རྒྱལ་གྱི་གསོལ་འདེབས།

རིགས་དང་དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་མགོན། །འདྲེན་མཆོག་དྭངས་མ་བདེ་ཆེན་གླིང་པ་ཡི། །སྐུ་ཡི་སྲས་གྱུར་ཐུགས་ཀྱི་གདུང་འཚོབ་པ། །པདྨ་དབང་རྒྱལ་ཞབས་ལ་གསོལ་བ་འདེབས། །བསམ་བཞིན་སྐྱེ་བཟུང་མངལ་གྱི་དྲིས་མ་གོས། །ཆུང་ངུ་ཉིད་ནས་དམ་པའི་རྣམ་ཐར་སྤྱོད། །ནར་སོན་ཚེ་ན་གཏེར་བདག་གླིང་པ་སོགས། །མཁས་དང་གྲུབ་མང་བརྟེན་དེར་གསོལ་བ་འདེབས། །དཀྱིལ་འཁོར་རྒྱ་མཚོའི་དབང་དང་སྒྲུབ་ཐབས་ཀུན། །ལེགས་ཉོས་སྨིན་གྲོལ་ལག་ལེན་ལྔ་རབ་བརྙེས། །ཕྱི་ནང་རྣམ་བཅུ་མཆོག་གི་ས་ལ་བསྙེགས། །རྡོ་རྗེ་སློབ་དཔོན་མཆོག་དེར་གསོལ༴ ཡེ་ཤེས་མཁའ་འགྲོས་རྟག་པར་བྱིན་རླབས་ཤིང་། །རྟོགས་པའི་ཟིལ་གྱིས་ལྷ་འདྲེ་མི་ཀུན་འདུ། །སྐལ་བ་ལྡན་ཀུན་བྱང་ཆེན་ས་ལ་སྦྱོར། །རྡོ་རྗེ་འཛིན་མཆོག་དེ་ལ་གསོལ༴ རང་དོན་སྔོན་སོང་གཞན་དོན་འཕྲིན་ལས་བདག །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན། །སྐྱེས་མཆོག་དམ་པ་ཁྱེད་ལ་གསོལ་བ་འདེབས། །བདག་སོགས་འགྲོ་བའི་དོན་དུ་ཞབས་བརྟན་གསོལ། །རྟག་ཏུ་ཁྱེད་དང་འབྲེལ་མེད་འགྲོགས་གྱུར་ཅིག །དམ་ཚིག་སེལ་མེད་ཆོས་ཀྱི་བདུད་རྩི་མྱང་། །ཐུགས་ཡིད་གཅིག་འདྲེས་དགའ་སྤྲོ་རྒྱུན་མི་ཆད། །བྱང་ཆུབ་ཆེ་བར་རྟག་ཏུ་བདེ་སྐྱིད་ཤོག །

ཅེས་བདེ་ཆེན་གླིང་པའི་སྲས་ཀྱི་དམ་པ་པདྨ་དབང་རྒྱལ་ལ་སྙིང་ནས་མོས་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུས་བལ་བོད་མཚམས་མང་ཡུལ་གྱི་རི་བོ་དཔལ་འབར་དུ་མེ་ལུག་ནག་ཟླའི་དམར་ཕྱོགས་ཌཱ་ཀི་འདུའི་ཚེས་ལ་སྦྱར་བ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །སྙིགས་དུས་འགྲོ་འདུས་རྡོ་རྗེ་སློབ་དཔོན་ཆེ། །གྲུབ་རིགས་དབང་པོའི་སྐུར་སྟོན་འཁོར་ལོའི་མགོན། །རྗེ་བཙུན་ཀུན་བཟང་དབང་པོར་གསོལ་བ་འདེབས། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། ཀུན་བཟང་རྡོར་འཆང་ཤཱཀྱ་སེང་གེ་ཡི། །མདོ་རྒྱུད་ཀུན་ཏུ་བླ་མ་སངས་རྒྱས་ལས། །ལྷག་པར་བསྔགས་བཞིན་རྩ་བའི་བླ་མ་ལ། །ཤེས་བཞིན་མི་ཕྱེད་དད་པས་གསོལ་བ་འདེབས། །གངས་ཅན་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །སྙིགས་དུས་གདུལ་བྱར་ལྷགས་པར་བརྩེ་བ་ཡི། །ཚད་མེད་སྙིང་རྗེའི་རང་གཟུགས་བླ་མའི་སྐུ། །དཔལ་ལྡན་འབྲུག་པ་མཆོག་ལ་གསོལ་བ་འདེབས། །

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭསྟི། ཀུན་མཁྱེན་རྒྱལ་བའི་དབང་ཕྱུག་ཀུན་ཏུ་བཟང་། །རིགས་དྲུག་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །གསང་ཆེན་རིགས་གཅིག་བཅོམ་ལྡན་རྡོ་རྗེ་སེམས། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །

ཨོཾ་སྭསྟི། འགྱུར་བཅས་དྲི་ཀན་མི་འགྱུར་བདེ་བ་ཆེ། །རབ་གཞོམ་གཉིས་མེད་སྤྲོས་མེད་ཆོས་ཀྱི་དབྱིངས། །དོན་དམ་རྡོ་རྗེ་ཐུགས་ཀྱི་རྡོ་རྗེ་སེམས། །བླ་མ་མཆོག་དེས་བདག་ལ་མཆོག་དགྱེས་མཛོད། །

ཅེས་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུའི་ཤིང་ཁྱི་ས་ག་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་༢༧སྐབས་བལ་ཡུལ་ཀཱི་ཌོར་ཆེད་དུ་བརྗོད་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཀུན་ནས་ཀུན་ཏུ་བཟང་པོའི་རོལ་པ་ཉིད། །དགའ་བཞི་དགའ་ཆེན་ཧེ་རུ་ཀ་དཔལ་ལ། །རྣམ་མང་འགྲོ་སྦྱོར་རྣམ་ཀུན་མཆོག་ལྡན་བདག །རྒྱལ་གྱུར་རྒྱལ་སྲས་དེ་ལ་གསོལ་བ་འདེབས། །

ཞེས་མཐུ་སྟོབས་འཇིགས་མེད་དཔའ་བོ་ཀུན་དགའ་རྣམ་རྒྱལ་ལ་གསོལ་བ་འདེབས་པ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུའི་ཤིང་ཁྱི་ས་ག་ཟླ་བའི་ཤར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ཉེར་དགུ་ལ་ཀཱི་ཌོར་བྲིས་པ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཐུགས་རྗེའི་དཔྱིད། །བདེ་ཆེན་ཐིག་ལེ་ཟུང་འཇུག་རྡོ་རྗེའི་ཁམས། །སྒྱུ་འཕྲུལ་དྲྭ་བ་སྡོམ་མཛད་ཧེ་རུ་ཀ །བློ་བཟང་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །

ཅེས་དད་ལྡན་ཀརྨ་རྡོ་རྗེའི་གསོལ་བ་བཏབ་པའི་ངོ་ག་རུ་དཔལ་རིག་པ་འཛིན་པས་དངོས་གྲུབ་ཕུག་བསམ་བརྟེན་སྤྱིལ་བོ་སྤེལ་བ་ཤུབྷཾ། སརྦ་མངྒ་ལཾ།

༈ བཀའ་དྲིན་མཚུངས་མེད་རྡོ་རྗེ་སློབ་དཔོན་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་རྒྱ་མཚོའི་སྤྲིན་ཕུང་།

ཨེ་མ་ཧོ། ན་མོ་བཛྲ་ཨ་ཙརྱ་པ་ར་མརྨ་སརྦ་པཱ་ཏཱ་ཡ། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་ཞལ། །སྙིགས་དུས་གདུལ་བྱར་བསྟེན་མཛད་རྡོ་རྗེ་སེམས། །སྒྱུ་འཕྲུལ་གར་བསྒྱུར་པདྨ་ཐོད་འཕྲེང་རྩལ། །བདེ་བ་ཆེན་པོས་རྟག་ཏུ་བདག་སྐྱོངས་མཛོད། །ངེས་པའི་དོན་ལ་གྲངས་མེད་མངོན་རོལ་ཏུ། །རྫོགས་སངས་རྒྱས་ཀྱང་སླར་ཡང་གདུལ་བྱ་ལ། །སྙིང་རྗེས་གཟུགས་སྐུར་བཞེང་པ་བདེ་གཤེགས་སྙིང་། །དྲེན་མཆོག་དྭངས་མའི་མགོན་པོ་ལ་ཕྱག་འཚལ་ལོ། །ཚེ་རབས་འཕྲེང་བར་ཁྱོད་ཀྱི་རྗེས་སུ་གཟུང་། །སྨིན་གྲོལ་ཟུང་འཇུག་རྡོ་རྗེའི་ས་ལ་བཞག །དྲན་པ་ཙམ་གྱི་སྲིད་ཞིའི་གདུང་སེལ་བ། །པདྨ་བདེ་ཆེན་གླིང་པར་གསོལ་བ་འདེབས། །མཁའ་ཁྱབ་སྤྲོས་བྲལ་ཡེ་ཤེས་མཆོག་བརྙེས་ཤིང་། །སྒྱུ་འཕྲུལ་ཅིར་ཡང་སྟོན་མཛད་ཤ་བ་རི། །ཕྱོགས་འདིར་རྩོད་མེད་མཆོག་གི་སྤྲུལ་པའི་སྐུ། །བླ་མེད་བླ་མ་ཆེ་ཚང་ལ་གུས་འདུད། །ལུང་རིགས་སྤོབས་པ་དྲི་མེད་མཁའ་ལྟར་བརྡལ། །འོད་གསལ་ཐུན་མི་ཆད་པའི་ཡེ་ཤེས་གཟིགས། །སངས་རྒྱས་ཀུན་གྱི་ཐུགས་དང་གཉིས་མེད་དང་། །ཀརྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་སྲས་གྱུར་གུ་རུའི་ལུང་གི་ཟིན། །རིག་སྔགས་འཆང་བ་ཡོངས་ཀྱི་འཁོར་ལོས་བསྒྱུར། །བསྟན་པའི་མངའ་བདག་དཔལ་ལྡན་ཀཿཐོག་པ། །བསོད་ནམས་ལྡེའུ་བཙན་ཞབས་གསོལ་བ་འདེབས། །དམ་པའི་རིགས་འཁྲུངས་རྩེ་གཅིག་བསྒྲུབ་ལ་བརྩོན། །ཡི་དམ་ལས་རུང་ལས་བཞི་ཐོག་མེད་གྲུབ། །ཧེ་རུ་ཀ་དཔལ་དཔའ་བོ་སྟག་རས་ཅན། །བསྐལ་བཟང་བླ་མ་མཆོག་དེར་གསོལ་བ་འདེབས། །སྦས་པའི་ཚུལ་གྱིས་སྤངས་རྟོགས་ཡོན་ཏན་རྒྱས། །དྲང་སྲོང་གཟུགས་ལ་རས་དཀར་གཤོག་པས་མཛེས། །ཕྱོགས་འདིར་རྣལ་འབྱོར་བརྟུལ་སྤྱོད་པའི་གཙོ། །ཀུན་བཟང་རིན་པོ་ཆེ་ལ་གསོལ༴ སྐྱེས་མཆོག་དམ་པས་རྒྱལ་ཚབ་ཅོད་པཎ་བཅིང་། །བླ་མེད་བསྟན་པ་རིས་མེད་ཕྱོགས་མཐར་འགྱེད། །ངེས་གསར་བསྟན་པའི་རྒྱལ་མཚན་འཛིན་མཛད་པ། །ཨུ་རྒྱན་བི་མུཀྟི་ལ་གསོལ༴ བླ་མེད་བྱིན་རླབས་ཟབ་གཏེར་ཁ་བྱང་འཛིན། །ཡེ་ཤེས་འཇིགས་མེད་གྲགས་དང་དབང་ཆེན་གྱིས། །བཀའ་བབ་གང་འདུལ་འགྲོ་སྐྱོང་ཆོས་རྗེ་གླིང་། །སྤྲུལ་པའི་གཏེར་སྟོན་གཉིས་ལ༴ བླ་མའི་སྲས་གྱུར་ལས་སྨོན་མཆོག་དང་ལྡན། །བློ་གྲོས་རབ་ཡངས་པདྨ་དབང་རྒྱལ་ཞབས། །ཆོས་བརྒྱད་ཞེན་ལོག་ནམ་མཁའ་རྒྱ་མཚོའི་སྡེ། །འབྲེལ་ཚད་དོན་ལྡན་གཉིས་ལ༴ གུ་རུའི་བསྙེན་པ་དྲངས་ཚད་མཐར་ཐུག་འཁྱོལ། །མོས་གུས་གཅིག་པུའི་ལམ་རྫོགས་དགེ་འདུན་བློ། །མཐར་ལམ་ལེགས་པའི་གྲོས་སྟོན་ཆོས་རྒྱན་སྐྱབས། །སྦས་པའི་བླ་མ་གཉིས་ལ༴ ཟབ་ཞི་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་པ། །གཉོས་རིགས་འཛིན་སྲས་རིན་ཆེན་རྣམ་པར་རྒྱལ། །ཟླ་བའི་འོད་ཟེར་འཕྲོ་བ་ཉེ་བའི་མགོན། །གྲུབ་པའི་གདུང་འཛིན་གཉིས་ལ༴ པདྨའི་བསྟན་པ་སྤེལ་ཕྱིར་སད་ན་ལེགས། །བསམ་ཞིང་གདུལ་བྱའི་དོན་དུ་སྐུ་སྤྲུལ་ཞིང་། །རྣམ་དཔྱོད་མཆོག་ལྡན་སྨིན་གྲོལ་གདམས་པ་འཛིན། །ཨུ་རྒྱུན་ལྷུན་གྲུབ་ཞབས་ལ༴ སྤྲུལ་པའི་སྐྱེ་བ་རྒྱུན་མི་ཆད་བཞེས་ནས། །སྙན་རྒྱུད་བསྟན་པ་ཀུན་ཏུ་སྤེལ་མཛད་པ། །བསྟན་འཛིན་མཆོག་དང་གར་དབང་གྲགས་པའི། །ཟུར་མང་སྤྲུལ་སྐུ་ཟུང་ལ༴ ཨོ་རྒྱན་གུ་རུའི་ཕྲིན་ལས་ཁ་ལོ་པ། །གྲགས་པ་མཐའ་ཡས་ཀུན་དགའ་བསྟན་འཛིན་དཔལ། །ལུང་རྟོགས་མངའ་བདག་སི་ཏུ་ཆོས་འབྱུང་ཞབས། །སྐྱེས་ཆེན་བླ་མ་ཉིད་ལ༴ སྟག་ལུང་ག་ཟིའི་གདུང་གི་ཐ་མ་པ། །རིགས་སྔགས་འཆང་བ་བཀྲ་ཤིས་རྣམ་པར་རྒྱལ། །བཟང་པོ་རྡོ་རྗེའི་རྗེས་གཟུང་འོད་གསལ་དབང་། །ཆོས་ཀྱི་དྲིན་ལྡན་ཉིད་ལ༴ ནུས་ལྡན་རྡོ་རྗེའི་རིགས་དབོན་གྲུབ་པའི་དབང་། །རྣམ་དག་ཚུལ་ཁྲིམས་བརྩེ་ཆེན་སྙིང་རྗེའི་གཏེར། །ཡོངས་འཆང་མཆོག་སྤྲུལ་རིག་འཛིན་རྣམ་པར་རྒྱལ། །བཀའ་དྲིན་མཚུངས་པ་མེད་དེར༴ བདུད་འདུལ་དཔའ་བོ་མཆོག་གི་སྐུ་ཡི་སྲས། །ཡི་དམ་ལྷ་དང་གཉིས་སུ་མེད་པ་ཡི། །སྔགས་ཀྱི་བརྟུལ་ཞུགས་གྲུབ་པའི་རིག་པ་འཛིན། །ཚེ་དབང་རྡོ་རྗེའི་ཞབས་ལ༴ འོད་དཔག་མེད་མགོན་ཐུགས་ཀྱི་རྣམ་སྤྲུལ་ནི། །པདྨའི་ཅོད་པཎ་གྱིས་སྒེག་བརྒྱད་པའི་སྐུ། །རྒྱུད་སྡེའི་ཉི་མ་ཆོས་ཀྱི་དོན་ཀུན་གྲུབ། །འདྲེན་པ་མཚུངས་མེད་མཆོག་དེར༴ ཨུ་རྒྱན་གུ་རུའི་ཐུགས་སྤྲུལ་འགྲོ་འདུལ་གྱིས། །མཛད་པ་ཉེར་སྐྱོང་རྒྱལ་ཀུན་འཕྲིན་ལས་པ། །བྱང་ཆུབ་རྡོ་རྗེ་སེམས་པའི་ཅོད་པན་ཅན། །རྒྱལ་བའི་དབང་པོའི་ཞབས་ལ༴ གྲངས་མེད་བསྐལ་པའི་སྔོན་ནས་རྒྱལ་ཀུན་གྱི། །ཡབ་གྱུར་སངས་རྒྱས་ཀུན་ལས་ལྷག་པའི་མཐུ། །མ་ལུས་ཐོབ་ཀྱང་སླར་ཡང་ཞིང་རྣམས་སུ། །སྤྲུལ་པས་སྐྱོངས་མཛད་ཏྲེ་བོར་མགོ་བོས་འདུད། །དུས་འདིར་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེ། །མཁས་བཙུན་བཟང་པོའི་མཐའ་ཐུག་འགྲོ་བའི་མགོན། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྙིང་པོ་ཞེས། །དཔལ་ལྡན་བླ་མའི་ཞབས་ལ༴ གྲུབ་པའི་ཡང་སྲིད་རྡོ་རྗེ་སྙིང་པོ་ཡི། །ལུང་རྟོགས་རྒྱས་མཛད་པདྨ་གར་གྱི་དབང་། །ལང་གྲོ་ལོ་ཙཱའི་རིགས་འཁྲུངས་སྒྲོལ་མ་བ། །སྔ་འགྱུར་གསལ་བྱེད་གཉིས་ལ༴ ཡེ་ཤེས་མཁའ་འགྲོ་ནེ་གུའི་གསེར་ཆོས་བཅུད། །ཆད་མེད་བྱིན་རླབས་བརྒྱུད་པ་ཡོངས་འཛིན་པ། །སྦས་ཚུལ་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཆང་། །ཝགྟེབཛྲ་ཞབས་ལ༴ ལུང་རིགས་སྨྲ་མཁས་ངག་དབང་རིན་པོ་ཆེ། །བསླབ་གསུམ་རྒྱན་མཛེས་བཀའ་བཅུ་སུ་མ་དྷཱི། །ངེས་དོན་གྲུབ་བརྩོན་སྒོམ་ཆེན་ལྷ་སྐྱབས་ཞབས། །བཀའ་དྲིན་ཅན་གྱུར་གསུམ་ལ༴ ཡི་དམ་ཞལ་གཟིགས་ངེས་དོན་བསྟན་སྲོག་འཆང་། །མཆོག་གི་བདག་ཉིད་བློ་གྲོས་ཆོས་འཕེལ་ཞབས། །དེ་སྲས་སྡོམ་བཙན་རྣལ་འབྱོར་ངག་གི་དབང་། །འཛམ་གླིང་ཡབ་སྲས་གཉིས་ལ༴ འཁྲུལ་པ་ཀུན་ཞི་ནམ་མཁའ་བསྟན་འཛིན་དཔལ། །རྩ་ཐིག་ལས་རུང་ཟབ་གསལ་ཆོས་འཕེལ་མཚན། །ཞི་དུལ་དགེ་སྦྱོང་གུ་ན་ཤི་བྷ་དྲ། །ཆོས་ཀྱི་སྐྱོང་མཛད་གསུམ་ལ༴ ཟབ་གསང་བདེ་མཆོག་མཁའ་འགྲོ་སྙན་རྒྱུད་སྐོར། །ལེགས་འཛིན་སྤྲོས་བྲལ་ལྟ་བའི་གནས་ལུགས་རྟོགས། །རྣལ་འབྱོར་དབང་ཕྱུག་ཤཱཀྱ་སེང་གེ་ཞེས། །བཀའ་དྲིན་མཉམ་མེད་ཞབས་ལ༴ ཉང་རིགས་སྔགས་ཀྱི་རྣལ་འབྱོར་རྡོ་རྗེ་འཛིན། །མཚུངས་མེད་བླ་མ་པདྨ་དབང་གྲགས་ཞབས། །འཚོ་མཛད་བྱང་ཆུབ་སེམས་དཔའ་ཆོས་བཟང་པོ། །བཀའ་དྲིན་མཆོག་གྱུར་གསུམ་ལ༴ རང་རིག་དཔའ་བོས་རྗེས་གཟུང་རྣལ་འབྱོར་པ། །མཆོག་གཟིགས་རྗེ་བཙུན་འཕྲིན་ལས་རབ་བརྟེན་ཞབས། །ཚེ་གཅིག་སྒྲུབ་བརྩོན་བསོད་ནམས་ཆོས་ཀྱི་དབང་། །རྣལ་འབྱོར་དབང་ཕྱུག་གཉིས་ལ༴ ཆོས་སྣང་རྒྱས་པ་བཛྲ་ན་ཐ་པ། །རིགས་སྔགས་འཆང་བ་ཟ་ལུང་པ་རྡོ་རྗེ། །གང་ཤར་གདོང་འདེད་སྐྱོང་བ་གཞོན་ནུ་བློ། །ཆོས་འབྲེལ་ཐོབ་པ་གསུམ་ལ༴ རིགས་དང་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེ། །དང་པོའི་སངས་རྒྱས་མི་ཡི་སྐུར་བཞེངས་པ། །རྡོ་རྗེ་སེམས་དངོས་ཀུན་བཟང་དབང་པོའི་སྡེ། །སྙིང་གི་ཐིག་ལེ་དབུས་སུ་རྣམ་ཀུན་འདུས། །དུས་འདིར་གདུལ་བྱ་རྣམས་ལ་ཁྱོད་སྣང་སྐུ། །ཐོས་དང་བསམ་པའི་ཡོན་ཏན་རབ་རྒྱས་ཤིང་། །མངོན་ཤེས་ལྔ་ལྡན་གདུལ་བྱའི་གཉེན་གཅིག་པུ། །ཆོས་རྗེ་བླ་མའི་ཞབས་ལ༴ རིགས་བརྒྱའི་ངོ་བོ་ཀུན་བཟང་གདོད་མའི་མགོན། །བདེ་ཆེན་སྒྱུ་མའི་སྐུར་བཞེང་བི་མ་ལ། །དེ་དང་གཉིས་མེད་གཉག་རིགས་གྲུབ་པའི་དབང་། །རིག་འཛིན་རྣམ་རྒྱལ་ཞེས་ལ༴

ཞེས་རང་ལོ་སུམ་ཅུ་སྣེ་ཟིན་ཡན་ཆད་ཀྱི་རྡོ་རྗེ་སློབ་དཔོན་རྣམས་ལ་གསོལ་བ་བཏབ་པ་འདི་ནི་རྒྱལ་བ་ཀུན་ལས་བླ་མ་ལྷག་པ་ངེས་ཤེས་གཏིང་ནས་ཐོབ་པའི་མོས་གུས་ཅན་ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པའི་དགེ་བསྙེན་རིག་པ་འཛིན་པ་ཚེ་དབང་ནོར་བུས་གློ་བོ་ཅོང་བཞིའི་ཕུག་ཏུ་ཧོར་ཟླ་དགུ་པའི་ཚེས་བཅུ་ལ་སྨྲས་པའི་ཡིག་རིག་ནི་རིག་ལུང་རྒྱུད་སྡེ་སྨྲ་བའི་ཁྱུ་མཆོག་དམ་པ་ཨོ་རྒྱན་ཀརྨ་ཤྭ་པ་ན་དྷ་ར་ཤྲཱི་རི་མ་བྷ་དྲ་སེ་ནས་བགྱིས་པ་དགེའོ། །

༈ འཇམ་དབྱངས་ཕྲིན་ལས་རབ་བརྟན་གསོལ་འདེབས།

ཨོཾ་རྒྱན་ཀུན་ཡེ་ཤེས་སྤྱི་གཟུགས་རྡོ་རྗེ་ཅན། །སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་རོལ་པ་ལས། །ཡོངས་ཤར་སྤྲུལ་པའི་ཟློས་གར་མི་ཡི་གཟུགས། །གྲུབ་པའི་ཤིང་རྟ་མཆོག་དེར་གསོལ་བ་འདེབས། །གང་འདུལ་གདུལ་བྱའི་དོན་དུ་སྣང་བའི་ཚེ། །བསམ་བཞིན་སྐྱེ་བའི་ཕྲེང་བ་ཡོངས་གཟུང་ནས། །གཞན་ཕན་རྒྱ་ཆེན་མཛད་པའི་བདག་ཉིད་ཆེ། །འདྲེན་མཆོག་སྤྲུལ་པའི་སྐུལ་ལ་གསོལ་བ་འདེབས། །བསམ་བཞིན་སྐྱེ་བ་གཙང་གི་རྫིང་བུ་རུ། །ཐོས་པ་རྒྱ་མཚོའི་འོ་མཚོར་རབ་འཁྱིལ་བར། །བསམ་པའི་ལྦུ་ཕྲེང་བྱེ་བ་རབ་གཡོ་ཞིང་། །བསྒོམ་པའི་ཟླ་རིགས་ཅན་དེར་གསོལ་བ་འདེབས། །བླ་མའི་བྱིན་རླབས་མངལ་ནས་ལེགས་ཐོན་པའི། །སྒྲིབ་མེད་ཕྱག་རྒྱ་ཆེན་པོ་གྲུབ་པའི་སྐུ། །རྟེན་འབྲེལ་རལ་པའི་ཅོད་པཎ་འཁྲོལ་བཞིན་དུ། །རོ་མཉམ་རྒྱན་འཆང་དཔའ་བོར་གསོལ་བ་འདེབས། །གཙུག་ཏོར་རྩེ་མོར་རང་རིགས་རྗེ་སྙེམ་ནས། །གཉུག་མའི་ལག་ལ་མི་ཕམ་མགོན་པོ་ཡི། །རིག་པ་དྲི་མེད་རྡོར་དྲིལ་ཅིར་ཡང་བསྒྱུར། །རྒྱལ་བའི་རྒྱལ་ཚབ་མཆོག་དེར་གསོལ་བ་འདེབས། །འཇིགས་མེད་སྤྲོས་བྲལ་དགའ་མ་ལ་འཁྱུད་པ། །ཧེ་རུ་ཀ་དཔལ་བླ་མར་གསོལ་བ་འདེབས། །དེ་ལྟར་འཇམ་དབྱངས་ཕྲིན་ལས་རབ་བརྟན་མཆོག །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཞིང་འདིར་ཞབས་པད་བསྐལ་བརྒྱར་བརྟན་ནས་ཀྱང་། །བདག་སོགས་གདུལ་བྱ་སྨིན་གྲོལ་མཆོག་ཐོབ་ཤོག །

ཅེས་རྗེ་བླ་མ་དམ་པ་འཕྲིན་ལས་རབ་བརྟན་ལ་གུས་པ་ཆེན་པོས་མདོ་ཁམས་དབུས་འགྱུར་གྱི་སྔགས་འཆང་ཚེ་དབང་ནོར་བུས་ཕུར་བུ་དབྱུ་གུ་ཟླ་བའི་ཚེས་བཟང་བཅུ་ལ་ཕུལ་བ་སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ། སྲིད་ཞི་སྤྱི་དཔལ་མགོན་མཆོག་པདྨ་འབྱུང་། །དེ་སྲས་མཆོག་ཕུར་བཀའ་བབས་ཀུ་མཱ་ར། །འགྲོ་ལ་རྗེས་ཆགས་སྤྲུལ་པའི་ཟློས་གར་གཟུགས། །ཅིར་ཡང་སྟོན་པར་གྱུར་ལ་གསོལ་བ་འདེབས། །རྟ་ནག་མཆོག་འཁྲུང་སྦས་ཚུལ་རྣལ་འབྱོར་པ། །ཀར་སྟོན་ཤཱཀ་གྲག་རིན་ཆེན་དཔལ་བཟང་པོ། །ཆོས་ཀྱི་རྒྱལ་མཚན་ཐུགས་རྗེས་བསམ་འགྲུབ་དང་། །ནམ་མཁའ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བོད་ཆེན་ཡུལ་འཁྲུངས་བསླབ་གསུམ་འཛིན་པའི་ཞེས། །དམ་པའི་སྐྱེས་མཐར་མང་ཡུལ་ཕྱོགས་སུ་བལྟམས། །བླ་མའི་ཐུགས་སྲས་ཀུན་བཟང་རང་རིགས་པ། །ངག་དབང་ཡེ་ཤེས་གང་དེར་གསོལ་བ་འདེབས། །གསོལ་བ་བཏབ་མཐུས་མགོན་ཁྱེད་སྐུ་ཚེ་བརྟན། །བརྟན་ནས་ངེས་དོན་བརྟན་པ་གོང་དུ་འཕེལ། །འཕེལ་པ་ཉམས་མེད་རྒྱ་མཚོའི་གོས་ཅན་ཁེངས། །ཁེངས་ནས་འགྲོ་ཀུན་རྫོགས་སངས་རྒྱས་ཐོབ་ཤོག །

དེ་སྐད་དད་ལྡན་སློབ་མ་ཤེར་འབྱུང་གི །ཡང་ཡང་གསོལ་བ་བཏབ་དང་ཉེ་བའི་ལམ། །གང་གི་ཞབས་རིང་དགེ་འདུན་གྲགས་པས་ཀྱང་། །ནན་ཏུ་བསྐུལ་ངོར་རིག་པ་འཛིན་པས་སྨྲས། །སློབ་མའི་གསོལ་འདེབས་བླ་མེད་བརྩམས་འོས་མིན། །འོན་ཀྱང་བླ་མས་བསྐུལ་བས་དམ་པ་འདིར། །དབང་འབྲེལ་ཞུས་པས་བླ་མའི་གྲངས་གཏོགས་ཕྱིར། །གུས་ཤིང་དྭངས་བའི་སེམས་ཀྱི་བྲིས་པ་ཡིན། །

༈ དཔལ་ལྡན་འབྲུག་པའི་གསོལ་འདེབས།

ཨོཾ་སྭསྟི། འགྱུར་མེད་གདོད་ནས་རྣམ་པར་དག་པའི་ཁམས། །བྲལ་སྨིན་རང་འབྱུང་རྩལ་རྫོགས་ཀུན་ཏུ་བཟང་། །མཁའ་ཁྱབ་འགྲོ་བའི་དཔལ་མགོན་རྫོགས་སངས་རྒྱས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ལྔ་ལྡན་རྒྱལ་བའི་ཞིང་ན་ཨ་རོང་མིག །གངས་ཅན་མགོན་པོ་ལག་ན་པད་དཀར་འཆང་། །དབྱེར་མེད་ཐུགས་རྗེའི་རང་གཟུགས་གདུལ་བྱའི་དཔལ། །མཚུངས་མེད་དཔལ་ལྡན་འབྲུག་པར་གསོལ་བ་འདེབས། །རྒྱལ་གཞན་ལས་ལྷག་ཐུགས་བསྐྱེད་དབང་གི་ནི། །བཀའ་རྒྱུད་སྙིང་པོའི་བསྟན་པ་སྤེལ་སླད་དུ། །ཕྲིན་ལས་རབ་འབྱམས་འདྲེན་པའི་ཤིང་རྟ་ཆེ། །རྣམ་འདྲེན་སྤྲུལ་སྐུ་མཆོག་དེ་གསོལ་བ་འདེབས། །གང་ཁྱེད་ངེས་དོན་སྐྱེ་འཆི་སྤྲོས་བྲལ་ཡང་། །གང་འདུལ་གདུལ་བྱའི་སྣང་ངོར་ཅིར་བསྟོན་ན། །ཞིང་འདིར་འགྲོ་བའི་མགོན་དུ་བསྐལ་པ་བརྒྱར། །ཁྱེད་ཞབས་རྡོ་རྗེ་ཁྲི་བལྟར་བསྟན་གསོལ་འདེབས། །གང་གི་ཚད་མེད་ཐུགས་རྗེའི་མཐུ་ལ་བརྟེན། །མཐའ་ཡས་འགྲོ་བའི་སྡུག་བསྔལ་ཡོངས་སེལ་ཞིང་། །ངེས་དོན་སྙིང་པོའི་བསྟན་པ་གོང་དུ་འཕེལ། །བསྟན་འཛིན་སྐྱེས་བུ་ས་སྟེང་ཁྱབ་པར་ཤོག །

ཅེས་དཔལ་འགྲོ་བའི་མགོན་པོ་རྣམ་འདྲེན་འབྲུག་པ་མཆོག་གི་སྤྲུལ་པའི་སྐུ་གང་གི་ཞབས་པད་ཡུན་རིང་དུ་བརྟན་པའི་ཆེད་དུ་རིག་འཛིན་ཚེ་དབང་ནོར་བུས་མང་ཡུལ་གུང་ཐང་འཆི་མེད་གྲུབ་པ་རས་པ་ཡབ་སྲས་ཀྱི་སྒྲུབ་གནས་ཟ་འོག་ཕུག་ནས་ཕུལ་བ་སརྦ་མངྒ་ལཾ། །

དཔལ་ལྡན་དཔའ་བོ་མཆོག་གི་སྤྲུལ་པའི་ཕྲེང་བར་གསོལ་བ་འདེབས་པ་ཀརྐེ་ཏ་ཡི་མ་ལ།

༈ དཔལ་ལྡན་དཔའ་བོ་མཆོག་གི་སྤྲུལ་པའི་ཕྲེང་བར་གསོལ་བ་འདེབས་པ་ཀརྐེ་ཏ་ཡི་མ་ལ་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭཱསྟི། ན་མོ་གུ་རུ་ཤྲཱི་ཝ་ཏི་ཝི་ར་ཡ། དཔལ་ལྡན་དཔའ་བོ་མཆོག་གི་སྤྲུལ་པའི་འཕྲེང་བར་གསོལ་བ་འདེབས་པ་ཀརྐེ་ཏ་ཡི་མ་ལཱ་ཞེས་བྱ་བ། འོད་དཔག་ཏུ་མེད་པའི་ངོ་བོ་པདྨ་འབྱུང་གནས་དང་གཉིས་སུ་མེད་པ་དཔལ་ཀརྨ་ཀ་ཡི་སྲས་མཆོག་དཔལ་ལྡན་དཔའ་བོ་ལ་ཕྱག་འཚལ། བཟོད་ནས་རྣམ་དག་ཡེ་ཤེས་དྲི་མ་ལས། །ཡོངས་སུ་གྲོལ་ཞིང་སླར་ཡང་རྒྱལ་སྲས་ཚུལ། །གདུལ་བྱ་འདྲེན་ཕྱིར་རྣམ་འགྱུར་ཅིར་ཡང་སྟོན། །མཚུངས་མེད་དཔལ་ལྡན་བླ་མ་གསོལ་བ་འདེབས། །རྒྱལ་བའི་ཞིང་ཁམས་པདྨ་བཀོད་པ་རུ། །རྫོགས་པའི་སངས་རྒྱས་ཨུ་དུམ་ཝ་ར་དམར་པོ་མཆོག་གི །སྤྱན་སྔགས་བྱང་ཆུབ་སྤྱོད་པ་ཉེར་སྤྱོད་པ། །རྒྱལ་སྲས་དམ་པར་གྱུར་ལ་གསོལ་བ་འདེབས། །མི་མཇེད་བཟང་པོའི་བསྐལ་པར་རྫོགས་སངས་རྒྱས། །ཀུན་གྱིས་ཕྲིན་ལས་བྱེད་པོ་པད་འབྱུང་དང་། །ཡིད་འཛིན་གྲུབ་པའི་རྒྱལ་མོས་རྗེས་གཟུང་བ། །ཤེས་རབ་འབྱུང་གནས་ཞབས་ལ་གསོལ༴ མཁས་མཆོག་རིན་འབྱུང་མར་མེ་མཛད་དཔལ་ཞབས། །ཉེར་བསྙེན་རྡོ་རྗེ་རྣལ་འབྱོར་མ་ཉིད་དང་། །དབྱེར་མེད་གྲུབ་གཙོ་དགེ་སློང་མ་ཡི་ཚུལ། །བདེ་སྐྱོང་བཟང་མོའི་ཞབས་ལ་གསོལ་བ་འདེབས། །དམ་པ་མི་ཕམ་མགོན་དང་མིའི་སེང་གེའི། །སྲས་ཀྱི་ཐུ་བོ་སྲིད་ཞི་ཡོངས་གྲོལ་སྐུ། །འཇམ་དཔལ་མགོན་དང་དབྱེར་མེད་གྲུབ་པ་ཆེ། །རོལ་པ་ཡེ་ཤེས་ཞབས་ལ་གསོལ་བ༴ སྟེན་ལོ་ཉང་རལ་ཞང་དང་སྟག་ལུང་པའི། །ཐུགས་ཀྱི་སྲས་གྱུར་རྡོ་བོད་གདུལ་བྱའི་མགོན། །རླབས་ཆེན་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་པོ། །སངས་རྒྱས་རོང་སྟོན་ཆེན་པོར་གསོལ་བ་འདེབས། །གསེར་སྒོ་ཀླུ་ཕུག་ལས་འབྲལ་ཙལ་རྣམས་ཀྱི། །དོན་བརྒྱུད་ཆུ་བོ་འདུས་པའི་སྐྱེས་གཅིག་པུ། །པདྨའི་ཟབ་གཏེར་མཛོད་འཆང་རིག་འཛིན་ཆེ། །ཨུ་རྒྱན་རིན་ཆེན་གླིང་པར་གསོལ་བ་འདེབས། །སྔོན་འབྲེལ་རྩ་བ་གསུམ་གྱི་བྱིན་རླབས་ཞུགས། །སད་བྱེད་བླ་མེད་དོན་དམ་ཡེ་ཤེས་མཚོན། །ཟབ་གཏེར་སྒོ་འབྱེད་འགྲོ་འདུལ་བསམ་འགྲུབ་མགོན། །རྒྱལ་མཚན་དཔལ་བཟང་བཅས་ལ་གསོལ་བ་འདེབས། །གང་ཆེན་མགོན་པོ་མཚོ་སྐྱེ་རྡོ་རྗེ་དང་། །གྲུབ་མཆོག་དཔལ་ལྡན་བཟང་པོའི་ཐུགས་སྐྱེས་སྲས། །བརྟུལ་ཞུགས་ཐོགས་མེད་རོལ་པའི་གར་མཁན་ཆེ། །ཆོས་དབང་ལྷུན་གྲུབ་དཔའ་བོར་གསོལ་བ་འདེབས། །མི་འཁྲུགས་རྒྱལ་བས་ཨུ་རྒྱན་ཕུལ་བྱུང་གི །ཤེས་རབ་རལ་གྲི་འབར་དང་ལྷན་ཅིག་ཏུ། །འཆད་རྩོད་རྩོམ་པའི་ཨུཏྤལ་རྒྱས་གྱུར་ཅིག །ཡོངས་རྫོགས་གཙུག་ལ་འཕྲེང་དེར་གསོལ་བ་འདེབས། །སྤྱོད་པའི་རྡོ་རྗེ་དབང་ཕྱུག་ཀརྨ་ཀའི། །འཕྲིན་ལས་མཐའ་དག་བྱེད་པོར་དབང་བསྐུར་ཞིང་། །གསུམ་ལྡན་འཁོར་ལོས་བསྒྱུར་བའི་བདག་ཉིད་ཆེ། །གཙུག་ལག་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །གདུལ་བྱ་ཀུན་བཟང་སྤྱོད་པས་དབུགས་དབྱུང་ཞིང་། །དོན་དམ་ཆོས་དབྱིངས་རྡོ་རྗེ་འདུལ་འབྲེལ་མེད། །འགྲོ་ལ་ཕན་བདེ་སྟེར་བ་མཛད་པ་པོ། །གཙུག་ལག་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །སྲིད་ཞི་ཡོངས་གྲོལ་འཇིག་རྟེན་མགོན་པོ་ཡི། །ཐུགས་ཀྱི་ཆུ་གཏེར་ལས་ཐོན་ཐོས་སྒོམ་གྱི། །བདུད་རྩིའི་ཉེར་གཏམ་འགྲོ་ལ་བདེ་སྟེར་མགོན། །གཙུག་ལག་འཕྲིན་ལས་རྒྱ་མཚོར་གསོལ་བ་འདེབས། །རྒྱལ་ཀུན་ཡེ་ཤེས་ཆོས་ཉིད་རྡོ་རྗེ་སེམས། །གང་གི་ཐུགས་དང་གཉིས་མེད་མཉམ་ཡངས་པ། །གདུལ་བྱར་ཐར་མཆོག་བྱིན་པའི་དེད་དཔོན་ཆེ། །གཙུག་ལག་དོན་འགྲུབ་མཆོག་དེར་གསོལ་བ་འདེབས། །བྱང་ཆུབ་རྡོ་རྗེ་དགྱེས་པའི་ཐུགས་ཉིད་ཀྱི། །རྒྱལ་ཚབ་དམ་པ་དབང་བསྐུར་སྙིང་པོ་ཡི། །བསྟན་པའི་སྒྲོན་མེ་དོན་རྒྱུད་ཆུ་བོའི་བདག །གཙུག་ལག་དགའ་བའི་དབང་པོར་གསོལ་བ་འདེབས། །རྡོ་རྗེ་སེམས་དཔའ་སྙིགས་དུས་འགྲོ་བའི་དོན། །རྡོ་རྗེ་སློབ་དཔོན་མཆོག་གི་སྐུར་སྣང་བས། །གདུལ་བྱ་ཐར་ལ་བཟུད་པའི་དེད་དཔོན་ཆེ། །སྐྱེས་མཆོག་སྐྱེ་བའི་འཕྲེང་བར་གསོལ་བཏབ་མཐུས། །བདག་སོགས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཡང་དག་ལམ་མཁན་དཔལ་ལྡན་དཔའ་བོ་ཡི། །དངོས་རྒྱུད་ཡུལ་གྱུར་མཚན་ཉིད་ཀུན་ལྡན་པའི། །བླ་མ་དམ་པས་རྟག་ཏུ་རྗེས་བཟུང་ཤོག །ཚུལ་ཁྲིམས་བསླབ་པ་སོ་ཐར་བྱང་ཆུབ་སེམས། །སྔགས་ཀྱི་དབང་བསྐུར་ཐོབ་ནས་དེའི་བཅས་པ། །དམ་ཚིག་སྲོག་གི་ཕྱིར་ཡང་མི་གཏོང་བར། །དཔལ་ལྡན་བླ་མའི་དགྱེས་པ་ཀུན་བསྒྲུབ་ཤོག །ཏིང་འཛིན་བསླབ་པ་འཇིག་རྟེན་འཇིག་རྟེན་ལས། །འདས་པའི་ཞི་གནས་སྐྱོན་མེད་རྣམ་དག་གྲུབ། །སྤྱན་དང་མངོན་པར་ཤེས་པའི་མཐུ་ཐོབ་ཅིང་། །ཏིང་འཛིན་གསུམ་གྱི་ཡོན་ཏན་གོང་འཕེལ་ཤོག །ཤེས་རབ་བསླབ་པ་ཐོས་པས་ཆོས་ཀུན་འཛིན། །ཚིག་རྗེས་དོན་སེམས་བསམ་པ་རྣམ་པར་དག །སྒོམ་པ་ལྷག་མཐོང་ཡེ་ཤེས་མངོན་དུ་གྱུར། །ཤེས་རབ་གསུམ་ལའང་རང་བྱན་ཆུད་པར་ཤོག །བདག་ནི་སྐྱེ་ཀུན་མཐོ་རིས་ཡོན་ཏན་དང་། །འཕགས་ནོར་རྣམ་སྨིན་ཡོན་ཏན་གྱིས་མངོན་མཐོ། །ངེས་ལེགས་བསླབ་གསུམ་དག་པས་རྒྱལ་དང་སྲས། །སློབ་བཅས་འཕགས་ཀུན་དགྱེས་ལ་རྟག་སྤྱོད་ཤོག །རྣམ་ཀུན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ་བས་འཁྱུད། །མ་གྲུབ་བཞིན་སྣང་སྒྱུ་འདྲའི་འགྲོ་བ་ཀུན། །རྡོ་རྗེ་སེམས་པའི་ས་ལ་བཞག་པར་ཤོག །

ཅེས་དཔལ་ལྡན་དཔའ་བོ་ཡི་སྤྲུལ་པའི་སྐྱེ་འཕྲེང་ལ་གསོལ་བ་འདེབས་ཏེ། སྐྱེ་འཕྲེང་དེ་རྣམས་ལས་ཤས་ཆེར་རིན་ཆེན་གླིང་པའི་རང་གཏེར་གྱི་རྒྱུད་དང་གུ་རུའི་ལུང་གིས་གསལ་བས་ངོ་མཚར་གྱི་གནས་སུ་མཐོང་བཞིན། རང་གི་མོས་པའི་གསོས་སུ་འབྲི་བར་རིང་ནས་སེམས་བཞིན་ལ། ཉེ་བར་དཔལ་ལྡན་དཔའ་བོ་བདུན་པ་གཙུག་ལག་དགའ་བའི་ཞབས་གང་གི་རིགས་ཀྱི་གཅུང་འཕྲིན་ལས་བྱེད་པོ་ཀརྨ་དོ་པ་སུ་ཥྲ་ཞེས་པས་གསུང་གིས་བསྐུལ་བ་དང་། རིམ་གྲོ་པ་ཀརྨ་ཚུལ་ཁྲིམས་ཀྱིས་ཀྱང་ཡང་ཡང་གསོལ་བ་བཏབ་པའི་ངོར། རྣལ་འབྱོར་རྒྱལ་ཁམས་སྤྱོད་པ་དཔལ་ཚེ་དབང་ནོར་བུས་ས་ག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ། མཚུར་གྱི་གམྦྷ་ལ་ཡང་བརྩེ་བཀྲ་ཤིས་ཀུན་གསལ་གཡུང་དྲུང་འཁྱིལ་བར་བྲིས་པའོ། །སརྦ་མངྒ་ལཾ། དགེའོ། །

༈ ཛྭ་ཀི་གོ་རཀྵ་ཡི་གསོལ་འདེབས།

ཨོཾ་སྭཱསྟི་ར་སུ། བསྐལ་བཟང་ཞིང་འདིར་རྫོགས་པའི་སངས་རྒྱས་སྟོང་། །ཀུན་གྱི་འཕྲིན་ལས་གཅིག་བསྡུས་པདྨ་འབྱུང་། །ཞིང་གནས་རྫོགས་པའི་སངས་རྒྱས་འོད་དཔག་མེད། །མགོན་ཁྱོད་དཔེ་ཟླར་ཟས་གཙང་སྲས་ལས་སུ། །དེས་ན་འཕགས་ཡུལ་རྒྱན་དྲུག་རིག་འཛིན་བརྒྱད། །གྲུབ་ཐོབ་བརྒྱད་ཅུ་ལ་སོགས་ངོ་མཚར་བའི། །གནས་སུ་གྱུར་ཀྱང་ཁྱོད་དང་མཚུངས་ལྡན་མིན། །མགོན་ཁྱོད་སྙིང་ནས་འདུད་དོ་ཐུགས་རྗེས་གཟིགས། །གང་གི་སྒྱུ་འཕྲུལ་འཕགས་ཡུལ་ལྷོ་ཕྱོགས་སུ། །སྐུ་འཁྲུངས་ལྷོ་ཕྱོགས་གདུལ་བྱ་སྐྱོང་མཛད་པ། །སྡེ་མཚན་བཅུ་གཉིས་ཛྭ་ཀོ་བླ་མ་ནི། །གོ་རཀྵ་ཞེས་པ་སྲིད་རྩེར་སྒྲོགས། །གང་ཁྱེད་མཛད་པ་དཔའ་དཀའ་ངོ་མཚར་འདི། །བདག་གི་གཙུག་ན་བདེ་ཆེན་གླིང་པ་དེ། །མ་བཞུགས་རྒྱ་གར་ཡུལ་ན་འཕོས་ཀྱི་དོག །བརྟགས་ཚེ་སྐུ་ཡི་རྣམ་པ་ཐ་དད་འགག །དེས་ན་ཐུགས་ཀྱི་ཡེ་ཤེས་གཅིག་གཉིས་བར། །མཐོང་བཞིན་དད་པའི་རྦ་རླབས་ལྷག་པར་གསོ། །མགོན་ཁྱེད་ཚལ་བཟང་མྱུར་དུ་ལྟ་བ་ལ་རིང་། །མོས་པའི་གསོས་སུ་གཟུགས་སྐུ་འདི་ཉིད་བྲིས། །རིང་མིན་བོད་ཀྱི་རྣལ་འབྱོར་ཀུན་ཏུ་རྒྱུ། །ཚེ་དབང་ནོར་བུ་དེ་ཡང་བ་བསྲུང་མགོན། །དྲུང་དུ་ཚོགས་ཀྱི་འཁོར་ལོར་ཡོངས་སྤྱོད་ནས། །ཞིང་སྐྱེས་ཕྱག་རྒྱ་ལ་བརྟེན་ལྷན་སྐྱེས་ཀྱི། །ཡེ་ཤེས་དོན་དམ་སྒྲིབ་མེད་འོད་གསལ་ཏེ། །མངོན་བྱས་འཆི་མེད་སུས་བཟང་ཡོངས་གྲུབ་སྟེ། །ནམ་མཁའི་མཐའ་ཀླས་འགྲོ་ཀུན་རྡོ་རྗེ་སེམས། །ཅི་བཞིན་ས་ལ་བདག་གི་བཀོད་པར་ཤོག །

ཅེས་པ་ཡང་བོད་ཀྱི་རྣལ་འབྱོར་ཚེ་དབང་ནོར་བུའམ་རྒྱ་གར་གྱི་ཛཱ་ཀི་སྐབས་སུ་སླད་མང་མིང་དུ་གྲགས་གྱུར་ནི་ཙིནྡ་མ་ནི་ན་ཐ་ཞེས་པས་གྲོ་ཞུན་ཟླ་བའི་ཡར་ཚེས་གཅིག་ལ་སྨྲས་པ་དགེའོ། །

ལུས་འདིའི་སྟེང་དུ་ཆོས་གདམ་ཐོབ་བླ་མར་གསོལ་གདབ་པ།

༈ ལུས་འདིའི་སྟེང་དུ་ཆོས་གདམ་ཐོབ་བླ་མར་གསོལ་གདབ་པ་བཞུགས་སོ། །

ཨོཾ་ཨཱ༔་ཧཱུྃ་ཧྲཱི༔ སྟོང་གསལ་འཛིན་བྲལ་དག་སྣང་གསང་བའི་བདག །གསལ་བའི་སྤྱི་བོར་རང་༼པདྨ་གར་དབང་བདེ་བ་ཆེན་པོ་༽རིག་བདེ་ཆེན་གླིང་། །རིགས་རྩལ་༼ཀརྨའི་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་༽མཚན་དང་དབྱེར་མེད་པར། །སྤྲོས་བྲལ་གདོད་མའི་གདངས་སུ་ལྷ་གེར་ཆར། །ཨ་ཧོ། ཀུན་བཟང་རང་ལ་གནས་པའི་རང་ཞལ། །བདེ་གཤེགས་སྙིང་པོའི་དོན་ཆེན་སྟོན་མཛད། །ཆོས་སྐུའི་ཀློང་ལས་མི་གཡོ་ཁྱབ་པ། །ཀུན་བཟང་བདེ་ཆེན་གླིང་པ་མཁྱེན་ནོ། །རིག་འཛིན་ངོ་བོ་འཛིན་བྲལ་དབྱིངས་སུ། །རྒྱལ་གསུང་རབ་འབྱམས་དོན་ཀུན་རྫོགས་པར། །རང་ངོ་འཕྲོད་ཚེ་ཡེ་ཤེས་རྒྱ་མཚོར། །ལོངས་སྤྱོད་གསུང་རབ་རྒྱ་མཚོ་༼འདི་གཉིས་རྩ་བའི་བླ་མ་ཡིན་༽མཁྱེན་ནོ། །ཨ་ཧོ། མཉམ་མེད་རང་རིག་བླ་མའི་རོལ་སྩལ། །ཀློང་གསལ་ངེས་སྟོན་བསོད་ནམས་ལྡེའུ་༼སྐྲ་ཕུད་ཕུལ་བ་ཡང་ཡིན་༽བཙན། །སྨིན་དབང་སྒོ་འབྱེད་ཨཽ་ཊིའི་བི་༼རྡོར་སྙིང་སྣོད། མདོ་དབང་དང་འདུས་༽ནོད་མུག །ཐབས་ལམ་བསྲང་བཅུར་༼རླུང་ཁྲིད་དང་རབ་འབར་སྙིང་གཟེར་བ་ནོས་༽ཀུན་བཟང་རིན་ཆེན། །དཀྱིལ་འཁོར་མངའ་བདག་༼ཀ་ལ་གསང་བདག་སོགས་ནོད་༽བྷ་ཊ། བསྒྲུབ་ཐབས་སྟེར་མཛད་ཨཽ་ཊི་༼སེང་གདོང་སོགས་ནོས་༽ནི་རྦེ་༼འདི་ལྔ་དྲིན་ཆེན་བླ་མ་ཡིན༽། །འདུ་འཕྲོ་སྒྱུ་འཕྲུལ་ཨ་དེའི་༼ག་གདོད་མའི་ཁ་ལ་༽གར། །རྟག་ཏུ་དྲན་ནོ་དྲིན་ཆེན་མཁྱེན་ནོ། །ཨ་ཧོ། རྒྱལ་བའི་༼བཀའ་བརྒྱས་དབང་། ཚང་མ་༽གདུང་འཚོབ་༼འདི་རྣམས་དབང་ལུང་གི་འབྲེལ་པ་སྐྱོང་ས་རྣམས་ཡིན།༽ རནྟ་བི་ཛ། །ཐུགས་རྗེས་རྣམ་རོལ་པདྨ་བྷ་༼ཁྲོ་རོལ་ལྗགས་ལུང་༽དྲ། །པདྨ་དབང་གྲུབ་༼རྗེས་སྣང་མང་པོ་ནོས། ༽རྒྱལ་སྲས་དབང་རྒྱལ། །ཆོས་རྒྱལ་༼ཚེ་དབང་འཆི་མེད་ལྔ་སྒྲ༽་ཞེས་ལོག་ནམ་མཁའ་རྒྱ་མཚོ། །ཐར་ལམ་ལེགས་སློབ་ཆོས་ཀྱི་བླ་མ། །མཻ་ཏྲི་མཱ་ཡ་དྷརྨ་ཀ་༼ཕྱག་ཆེན་༽རྩ་ཚིག་ར། །མཆོག་དབྱངས་༼གཉིས་གཏེར་ཡོངས་རྫོགས་༽གར་བརྒྱད་དྷརྨ་༼སྭཱ་ཆོས་རྗེ་གླིང་པ་༽མི། །གནུབ་ཆེན་ཆོ་འཕྲུལ་༼དཀོན་མཆོག་སྤྱི་འདུས་༽ཛྙཱ་ན་༼ཡེ་ཤེས་འཇིགས་མེད་༽ཨ་བྷཱ། །གཡུང་པོ་ཧེ་རུ་ནི་ཏི་མཆོག་ཞི་དྲག་༼ཆ་མ་ཚང་། ༽སྤྲུལ། །གུས་རྟ་ཛོ་ཀི་སངྒ་མ་ཏི། །འབྲེལ་མེད་འཆར་གྱི་རྟག་ཏུ་མཁྱེན་ནོ། །

ཞེས་པ་འདི་ཉིད་རང་ལོ་ཉེར་གསུམ་མན་གྱི་ཆོས་འབྲེལ་ཐོབ་ཚད་ལ་གསོལ་བ་བཏབ་པ་སྟེ། སྤྱིར་རྩ་བའི་བླ་མ་གཉིས་དྲིན་ཆེན་བླ་མ་ལྔ། ཆོས་འབྲེལ་ཐོབ་པ་བཅུ་སྟེ། ཕྱིར་བསྡོམ་བཅུ་བདུན་མཆིས་པ་ལགས། ཅེས་འཕར་བ་ནག་ཟླའི་ཚེས་གཅིག་ལ་ཚེ་དབང་ནོར་བུ་ཨ་ཡུ། རྻནྡྲ་མ་ཎི་སམ་པུཎྱིཡཱ་ན་ས་ར་མ་དྷི་མ་དྷ་རས་བསོད་ནམས་ཐེག་མཆོག་བསྟན་འཛིན་གང་ཤར་ལྷུག་པར་བྲིས། དགེའོ། །

༈ གསོལ་འདེབས་བསྡུས་པ།

ཟབ་གཏེར་སྟོན་པ་ཡོངས་ཀྱི་གཙོ་བོ་མཆོག ཉང་དང་སྤངས་ཀྱི་རིགས་སུ་སྐུ་འཁྲུངས་པ། །ཉི་མ་འོད་ཟེར་ཡེ་ཤེས་མཁའ་དང་མཉམ། །གུ་རུ་ཆོས་དབང་ཆོས་དབྱིངས་དྲི་བྲལ་གང་། །གསང་ཆེན་སྙིང་པོ་བསྟན་པའི་སྲོག་རྩ་འཛིན། །རིགས་སྔགས་འཛིན་གྲུབ་འཁོར་ལོའི་བསྒྱུར་མཛད་པ། །གང་ཁྱེད་སྙན་པའི་རྔ་སྒྲས་སྲིད་གསུམ་གཡོ། །གཏེར་ཁ་གོང་འོག་གྲགས་ལ་གསོལ་བ་འདེབས། །བདུད་འདུལ་རྡོ་རྗེ་བརྟུལ་ཞུགས་བླ་ན་མེད། །པདྨ་ནོར་བུ་ཕྲིན་ལས་འགྲོ་འདུལ་རྩལ། །པདྨ་བདེ་ཆེན་བཻ་རོའི་ཐུགས་ཀྱི་སྤྲུལ། །གང་གི་བདག་ཅག་རྣམས་ལ་དགེ་ལེགས་མཛོད། །ནམ་སྙིང་ཐུགས་སྤྲུལ་མདོ་ཁམས་ཤར་དུ་འཁྲུངས། །འབྲེལ་ཚད་དོན་ལྡན་ཡེ་ཤེས་སྤྱོད་པ་ཅན། །སྔགས་ཀྱི་རིགས་འཛིན་ཚེ་དབང་ནོར་བུའི་སྡེ། །ཁྱེད་ལ་གསོལ་འདེབས་སྨིན་གྲོལ་དངོས་གྲུབ་སྩོལ། །བརྩེ་ཆེན་ཁྱེད་རྣམས་ཐུགས་རྗེའི་གཟི་བྱིན་གྱིས། །བདག་ཅག་སྐལ་ལྡན་སྨིན་ཅིང་གྲོལ་བ་བརྙེས། །ས་ལམ་གོང་འཕེལ་ཡོན་ཏན་མྱུར་དུ་རྫོགས། །རྡོ་རྗེ་སེམས་དཔའི་གོ་འཕང་ཡོངས་ཐོབ་ཤོག །

ཅེས་བཀའ་དྲིན་གསུམ་ལྡན་རྡོ་རྗེ་སློབ་དཔོན་རིག་སྔགས་འཆང་བ་ནམ་མཁའ་ཆོས་རྗེའི་ཞབས་ཀྱི་བཀའ་ཡི་བསྐུལ་ངོར་རྫོགས་ཆེན་པ་ཚེ་དབང་ནོར་བུས་ཁྲུམས་ཟླའི་ཡར་ཚེས་གསུམ་གྱི་སྔ་ཆར་དཔལ་ཞུད་ཆོས་ལྡིང་གྲུབ་པའི་བསྟི་གནས་སུ་སྦྱར་བའོ། །མངྒ་ལཾ། ཡིག་རིགས་སྒྲུབ་པོ་པདྨ་བྱང་ཆུབ་རྒྱལ་མཚན་ནོ། །

དཔལ་འཇིགས་མེད་དབྱངས་ཅན་དགའ་བའི་ཞབས་ཀྱི་གསོལ་འདེབས་བསམ་འཕེལ་དབང་གི་ཚོམ་བུ།

༈ དཔལ་འཇིགས་མེད་དབྱངས་ཅན་དགའ་བའི་ཞབས་ཀྱི་གསོལ་འདེབས་བསམ་འཕེལ་དབང་གི་ཚོམ་བུ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱཿཧཱུྃ་ཧྲཱི། རྣམ་དག་ཆོས་དབྱིངས་འབྱམས་ཀླས་ཀུན་ཏུ་བཟང་། །ལྔ་ལྡན་ལོངས་སྐུ་རྣམ་སྣང་གངས་ཅན་མཚོ། །མ་ངེས་གང་འདུལ་སྤྲུལ་སྐུ་ཅིར་ཡང་སྟོན། །ཁྱབ་བདག་གསང་བ་སྦྱིན་ལ་གསོལ་བ་འདེབས། །གང་ཁྱེད་རྒྱལ་ཀུན་ཡེ་ཤེས་ངོ་བོ་རུ། །ཡོངས་གྲུབ་བསམ་གྱིས་མི་ཁྱབ་རང་བཞིན་ལ། །སྐྱེ་བའི་འཕྲེང་བ་ནམ་ཡང་མ་གྲུབ་སྟེ། །ཚུར་མཐོང་བློ་མིག་དམན་ངོར་སྤྲུལ་པའི་གཟུགས། །སྐྱེ་འཕོའི་ཚུལ་གཟུང་དུ་མས་མཐར་འདོད་ཀུན། །ཡང་དག་ལམ་ལ་བཀྲི་བའི་མཛད་འཕྲིན་ཅན། །ཁྱེད་ལ་ཡིད་ཆེས་དད་པའི་ཤུགས་དྲག་པོས། །རྩེ་གཅིག་གསོལ་བ་འདེབས་སོ་འཇིགས་མེད་གྲགས། །གང་ཁྱེད་རྒྱལ་བར་གྱུར་ཀྱང་རྒྱལ་སྲས་ཚུལ། །རྒྱ་ཆེན་གསང་གསུམ་དབང་བསྒྱུར་རྡོ་རྗེ་སེམས། །སྡེ་སྣོད་ཆོས་ཀྱི་སྡུད་པོ་ཀུན་དགའ་བོ། །ཡེ་ཤེས་སྤྱན་ལྡན་ཨིཎྜ་བྷུ་ཏི་ཛ། །མཐའ་བྲལ་སྨྲ་སེང་ཟླ་གྲགས་རིན་པོ་ཆེ། །ཕྱོགས་འདིར་རྒྱལ་བསྟན་འབྱུང་གནས་སམྦྷོ་ཊ། །མཁས་ལས་ཆེར་མཁས་ལོཙྪ་རོའི་ཞབས། །སྤྲུལ་པའི་སྐྱེ་སྟོན་ཀུན་མཁྱེན་བླ་མར་འདུད། །རྣམ་མཁྱེན་རྡོར་སེམས་སྐུར་གྱུར་ཟུར་པོ་ཆེ། །གྲུབ་པར་ཡོངས་གྲགས་མཁས་པ་རོང་ཟོམ་པ། །འཕགས་ཡུལ་རྒྱལ་བའི་བསྟན་འཛིན་ཙ་མིའི་ཞབས། །ལྔ་རིས་བློ་རྒྱས་ཀུན་དགའ་རྒྱལ་མཚན་འཛིན། །ཡིད་འཕྲོག་མཁས་དབང་དྲི་མེད་འོད་ཟེར་སྡེ། །རབ་གསལ་གཏེར་སྒོ་བརྒྱ་འབྱེད་རྡོ་རྗེ་གླིང་། །དོན་དམ་འོད་གསལ་ཐུགས་མཛེས་ཀུན་སྐྱོང་དཔལ། །སྤྲུལ་མཛད་པཎ་ཆེན་འབུམ་ཕྲག་བརྒྱ་པར་འདུད། །དབྱངས་ཅན་དགའ་བ་འཇམ་དཔལ་རྡོ་རྗེ་སེམས། །གྲུབ་པའི་དཔལ་ལྡན་ཡོངས་ཀྱིས་འཁོར་ལོས་བསྒྱུར། །མདོ་སྔགས་ཚིག་དོན་མ་ལུས་སྟོན་པ་ལ། །ཕྱོགས་དུས་རྒྱལ་བ་རྣམས་ཀྱི་དབང་བསྐུར་བས། །འཇིགས་མེད་གྲགས་པ་འོག་མིན་བར་དུ་ཁྱབ། །གངས་རིའི་ཁྲོད་འཁྲུངས་སྟོན་པ་གཉིས་པར་གྱུར། །ཕྱོགས་ལས་རྣམ་རྒྱལ་མ་ཧཱ་པཎྜི་ཏ། །ཆོས་ཀྱི་རྒྱལ་མཚན་ཞབས་ལ་ཕྱག་འཚལ་བསྟོད། །ཁྱེད་ཀྱི་ཐུགས་ནི་དོན་དམ་འོད་གསལ་མཆོག །པད་བརྒྱན་ཞིང་ན་རྣམ་གྲོལ་མཐའ་ཡས་མགོན། །བྱང་ཆུབ་ཆེན་པོར་གྱུར་ཀྱང་སྙིང་རྗེའི་ལྡང་། །ཞིང་འདིར་སྤྲུལ་པའི་རོལ་གར་ཅིར་ཡང་སྟོན། །འཆི་མེད་གོ་ཆ་ཆོས་ཀྱི་ཉི་མ་དཔལ། །དབུས་སྨྱོན་ཀུན་བཟང་ཤེས་རབ་འོད་ཟེར་སྡེ། །ཀུན་མཁྱེན་ཡེ་ཤེས་ལུས་ཅན་སྒྲོལ་མགོན་ཞབས། །རྣམ་འདྲེན་པདྨ་བདེ་བ་ཆེ་ཡང་གྲགས། །མ་འོངས་དུས་ན་སྐལ་བཟང་སངས་རྒྱས་ཀུན། །འཕྲིན་ལས་གཅིག་བསྡུས་རྒྱལ་བ་མོས་པར་སྣང་། །སྡུག་བསྔལ་གནས་ཀུན་སྟོང་མཛད་དཔའ་བོ་ཆེ། །ཁྱེད་ལ་བདག་གི་སྒོ་གསུམ་གུས་མཆོད་འབུལ། །མཆོད་བསྟོད་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས། །གང་གསུང་དེ་ཉིད་འདུས་ཆེན་བསྟན་པ་རྒྱས། །མདོ་སྔགས་ལུང་རྟོགས་བཤད་སྒྲུབ་ཉམས་མེད་འཕེལ། །བསླབ་གསུམ་འཛིན་པས་ས་འདི་ཁེངས་གྱུར་ཅིག །སངས་རྒྱས་གྲུབ་མཐའི་རྩེ་མོ་དབུ་མ་ཆེ། །མཐའ་བྲལ་བདེ་གཤེགས་སྙིང་པོའི་གནས་ལུགས་དེ། །སྔགས་ལམ་ལ་བརྟེན་དྲི་བྲལ་མི་ཤིག་འབྲས། །གདུལ་བྱར་གྱུར་པས་མྱུར་ཐོབ་བྱིན་གྱི་བརློབ། །མདོར་ན་ཚེ་འདིར་འདོད་དགུ་བསམ་དོན་འགྲུབ། །ཕྱིར་མི་ལྡོག་པའི་ས་བརྙེས་དབང་བཅུ་ཐོབ། །ཡིད་བཞིན་ནོར་བུ་རྡོར་སེམས་གསང་བ་སྦྱིན། །ཅི་འདྲའི་གོ་འཕང་བདག་སོགས་ཀྱིས་ཐོབ་མཛོད། །

ཅེས་མ་ཧཱ་པཎྜི་ཏ་འཇིགས་མེད་དབྱངས་ཅན་དགའ་བའི་ཞབས་ཀྱི་གསལ་འདེབས་འདི་ནི་གཅམ་བུ་ཙམ་དུ་མ་ཡིན་པར་གང་དེར་ཡིད་ཆེས་ཀྱི་དད་པ་ཐོབ་པའི་བློ་ཅན་མདོ་ཁམས་ཀཿཐོག་ལྷོར་སྐྱེས་པ་རིག་པ་འཛིན་པ་ཚེ་དབང་ནོར་བུ་པདྨ་ཐེག་མཆོག་བསྟན་པའི་གསལ་བྱེད་ངེས་གསང་གྲུབ་པའི་ཤིང་རྟར་གྲགས་དེས་གྲོ་ཞུན་ཟླ་བའི་དམར་མཆོག་ཚེས་བཅུར་དཔལ་ཁུད་གནས་མཆོག་ཆོས་ལྡིང་དུ་རང་གི་མོས་པ་དང་། མི་རྗེ་བློ་ལྡན་གསང་སྔགས་འཆང་བས་ཡང་བསྐུལ་བའི་རྐྱེན་ལ་བརྟེན་ཏེ་བྲིས་པ་དགེའོ། །སརྦ་མངྒ་ལཾ།

༈ ཏྲེ་བོ་རྗེ་བཙུན་ཆོས་ཀྱི་དབང་པོའི་གསོལ་འདེབས།

ན་མོ་མ་ཧཱ་གུ་རུ་མཱུ་ལ་དྷརྨཱ་ཨཎྜི་ཡེ། དགུ་ལྡན་རྒྱལ་བ་རྒྱལ་སྲས་མ་ལུས་ཀྱི། །ཆོས་དབྱིངས་རྣམ་དག་མཁྱེན་བརྩེ་ཡེ་ཤེས་ཀྱི། །དབང་ཕྱུག་ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོ། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་ཁྱེད་ཡང་དག་ངེས་པའི་དོན་དུ་ནི། །ཐོག་མེད་ཉིད་ནས་རང་བྱུང་བྱང་ཆུབ་སྟེ། །བདག་ཉིད་ཁྱབ་བརྡལ་རྒྱལ་མཆོག་ཀུན་ཏུ་བཟང་། །ངེས་པ་ལྔ་ལྡན་མགོན་མཆོག་ཚེ་དཔག་མེད། །མ་ངེས་འགྲོ་འདུལ་འཕགས་ཆེན་སྤྱན་རས་གཟིགས། །རྫོགས་པའི་སངས་རྒྱས་མ་ཆགས་པདྨ་སོགས། །སྐུ་གསུམ་སྒྱུ་འཕྲུལ་རོལ་པ་འབྱམས་ཀླས་པའི། །མངའ་བདག་བླ་མ་དམ་པར་ཕྱག་འཚལ་ལོ། །དེ་ལྟར་གདོད་ནས་རྒྱལ་བ་ཉིད་གྲུབ་ཀྱང་། །ཐུགས་རྗེའི་ཞིང་འདིའི་གདུལ་བྱ་དྲངས་པའི་དོན། །ཤཱཀྱའི་ཏོག་དྲུང་གསང་བདག་ཨིནྡྲ་ཛ། །ཐེག་མཆོག་ཤིང་རྟ་ཀླུ་སྒྲུབ་ཏེ་ལོ་པ། །བྱང་ཆུབ་སེམས་མཆོག་ཞི་མཚོ་ཕྱོགས་གླང་པོ། །སྙན་བརྒྱུད་མཛོད་འཛིན་ཌོམྦི་ཏི་བུ་པ། །དེ་སོགས་རིག་འཛིན་གྲུབ་བརྙེས་པཎྜི་ཏ། །སྟོན་མཛད་བླ་མ་དམ་པར་ཕྱག་འཚལ་ལོ། །གཞན་ཡང་སྤྲུལ་པའི་ཟློས་གར་རབ་བསྒྱུར་ནས། །སངས་རྒྱས་བསྟན་འཛིན་འགྲོ་འདུལ་སྐྱེ་བའི་འཕྲེང་། །སྐྱོབ་པ་འཇིག་རྟེན་མགོན་དང་སོམ་བྲག་པ། །རྩལ་སྡེ་གྲུབ་ཆེན་མཚུར་བུ་འཇམ་དབྱངས་སོགས། །མཚུངས་མེད་མི་སེང་འགྲོ་བའི་མགོན་དུ་མ། །སྣང་མཛད་བླ་མ་དམ་པར་ཕྱག་འཚལ་ལོ། །དེ་ལ་སོགས་ཏེ་མི་མཇེད་འཛམ་བུའི་གླིང་། །ཀུན་ཏུ་གདུལ་བྱའི་དོན་དུ་རབ་བརྩེ་བའི། །རང་མདངས་སྤྲུལ་པ་ཡང་སྤྲུལ་ཡེ་ཤེས་གར། །བསམ་གྱིས་མི་ཁྱབ་བདེ་ཆེན་བཀོད་པའི་བདག །མཆོག་ཁྱོད་སྐྱེ་སྤྲུལ་ཚུར་རོལ་བྱིས་པ་ཡི། །བློ་ཡིས་གཞལ་བྱའི་ཡུལ་དུ་མ་གྱུར་ཀྱང་། །གདུལ་བྱ་འདི་རུ་གྲགས་སམ་ཅུང་ཟད་མཚན། །བརྗོད་བཞིན་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཁྱད་པར་རྩུབ་འགྱུར་རྩོད་ལྡན་ཐ་མའི་དུས། །གངས་ཅན་འདུལ་དཀའ་འགྲོ་རྣམས་བདེར་འདྲེན་པའི། །ཐུགས་བསྐྱེད་རྨད་བྱུང་རླབས་ཆེན་ལས་སྐྱེས་པའི། །མཆོག་སྤྲུལ་མངའ་སྤངས་གཉིས་པ་ཆོས་རྒྱ་མཚོ། །གདུལ་བྱ་སྨིན་གྲོལ་ཡིད་བཞིན་དཔག་བསམ་དབང་། །རྒྱལ་བསྟན་འཛིན་མཛད་ཉ་མ་དར་རྒྱས་སྡེ། །མཚུངས་མེད་འགྲོ་མགོན་བསམ་བཞིན་སྲིད་པ་རུ། །སྐྱེ་བཞེས་བླ་མ་དམ་པར་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ཡི་ངང་ཉིད་ལས། །གཟུགས་སྐུ་སྤྲུལ་པའི་དབང་པོ་དམ་པ་ཆེ། །དོན་གཉིས་ལྷུན་གྲུབ་མདོ་སྔགས་ཆོས་རབ་འབྱམས། །རྒྱ་མཚོའི་མངའ་གསུམ་དཔལ་ལྡན་ཆོས་ཀྱི་རྗེ། །དྲི་མེད་བྱང་ཆུབ་རྒྱལ་བ་ཡོངས་ཀྱི་གཙོ། །བདེ་ཆེན་སྙིང་པོ་མཆོག་ལ་མངའ་བརྙེས་པ། །བླ་མེད་དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀ །འགྲོ་མགོན་བླ་མ་དམ་པར་ཕྱག་འཚལ་ལོ། །སྐྱོན་བྲལ་ཡོན་ཏན་དཔག་མེད་གཏེར་འཆང་ཞིང་། །སྙིང་རྗེའི་མཛོད་འཛིན་མཆོག་དམན་གདུལ་བྱ་ཀུན། །ཐར་གླིང་འདྲེན་མཛད་བླ་མ་དམ་པ་ཆེ། །ཆོས་ཀྱི་དབང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་སྐུ་གསུམ་མཆོག་གསུམ་རྩ་བ་གསུམ། །ཀུན་གྱི་ངོ་བོ་རྗེ་བཙུན་བླ་མའི་ཞབས། །བདག་གི་སྐུ་གསུམ་དད་མོས་གུས་པ་ཡིས། །རབ་ཏུ་དང་བ་ཆེན་པོས་ཕྱག་འཚལ་ཞིང་། །དངོས་དང་ཡིད་ལས་སྐྱེས་གྱུར་ཆོད་པའི་སྤྲིན། །ཕྱི་ནང་གསང་བ་བླ་ན་མེད་པའི་རྫས། །དཔག་མེད་ནམ་མཁའི་ཁམས་གང་འདོད་ཡོན་ཚོགས། །བློས་བླང་བདག་ཚོགས་རྫོགས་ཕྱིར་འབུལ་གྱིས་བཞེས། །བདག་སོགས་འགྲོ་རྣམས་ཐོག་མེད་ནས་འཁྲུལ་དབང་། །མི་དགེ་ལོག་ལྕི་མཚམས་མེད་སྡིག་བསགས་དང་། །བསླབ་སྡོམ་གསུམ་ལ་ཉེས་པར་གྱུར་པ་ཀུན། །རབ་ཏུ་འགྱོད་པས་བཤགས་ཀྱིས་དག་གྱུར་ཅིག །ཕྱོགས་དུས་སོ་སྐྱེས་ཉན་རང་བྱང་ཆུབ་སེམས། །རྒྱལ་གྱུར་ཡང་དག་ལམ་བཟང་བསྒྲུབ་པའི་ལས། །བསྐྱེད་བྱེད་ཕྱེ་ཕྲ་མཆོག་གྱུར་མ་ལུས་པར། །དགའ་མགུ་ཡི་རང་བདག་གིས་བསྐྱེད་ཀྱིས་འོ། །སྤངས་རྟོགས་མཐར་ཕྱིན་བྲི་གང་བྲལ་བའི་ལམ། །མངའ་བདག་རྡོ་རྗེ་སེམས་དཔའ་མི་ཡི་གཟུགས། །སྟོན་གྱུར་རྡོ་རྗེ་སློབ་དཔོན་སྤྲུལ་བྱེད་གང་། །གསང་གསུམ་ཆོས་འཁོར་རྟག་ཏུ་འཁོར་བར་བསྐུལ། །རྒྱལ་བར་ངེས་དོན་སྐྱེ་འཆི་མི་མངའ་ཡང་། །ཚུར་རོལ་བློ་དམན་སྣང་ངོར་གཤེགས་བཞུད་ཚུལ། །མི་སྟོན་བདག་སོགས་ཞིང་འདིའི་གདུལ་བྱའི་དོན། །བསྐལ་བརྒྱར་ཞབས་པད་བརྟན་པར་གསོལ་བ་འདེབས། །མཐོང་ན་མི་མཐུན་མེད་པ་ཞི་དུལ་སྐུ། །རིས་མེད་ཆོས་ཀྱི་སྒྲ་སྒྲོགས་ཟབ་ཡང་གསུང་། །སྟོང་ཉིད་སྙིང་རྗེས་ཡོངས་གང་བྱང་ཆུབ་ཐུགས། །མཉམ་མེད་མཆོག་སྤྲུལ་བླ་མ་ཆེན་པོ་ཉིད། །ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་ནི། །བརྟན་པར་སྙིང་ཁོང་གཏིང་ནས་གསོལ་འདེབས་ཀྱི། །བསླུ་བ་མེད་པར་མཆོག་གསུམ་བདེན་ནུས་མཐུའི། །ངེས་པ་ཉིད་དུ་འགྲུབ་པར་གསོལ་བ་འདེབས། །དེ་ལྟར་ལྷག་བསམ་རྣམ་པར་དཀར་པ་ཡི། །གསོལ་བ་བཏབ་པ་དེ་ཉིད་ལེགས་འགྲུབ་ཅིང་། །བདག་གི་དགེ་བའི་རྩ་བ་ཅི་བསགས་ཀུན། །རིས་མེད་མཁའ་ཁྱབ་སེམས་ཅན་ལ་བསྔོས་མཐུས། །བརྒལ་དཀའ་སྲིད་པའི་ཆུ་ཀླུང་ཆེན་པོ་ལས། །འགྲོ་ཀུན་དམ་པ་ཁྱེད་ཀྱི་ཐུགས་རྗེའི་གྲུར། །རབ་བཅུག་གཏན་བདེའི་ཡང་དག་བླ་མའི་སར། །བདག་དེ་རིང་ཉིད་ནས་འགོད་པར་ཤོག །རྒྱལ་གྱུར་བླ་མའི་སྐུ་ཚེ་འཚོ་བཞེས་བརྟན། །བསྟན་པ་ཕྱོགས་དུས་ཀུན་ཏུ་ཉམས་མེད་རྒྱས། །བསྟན་འཛིན་སྐྱེས་བུའི་ཐུགས་ཡིད་རབ་ཏུ་མཐུན། །རྒྱལ་བའི་ལམ་མཆོག་འགྲོ་ཀུན་གྱིས་ཐོབ་ཤོག །

ཅེས་མཁན་ཆེན་ཞི་བ་འཚོ་ཡི་སྤྲུལ་པའི་སྐྱེ་བར་གྱུར་ཅིང་། ངེས་པའི་དོན་དུ་རྒྱལ་མཆོག་ཚེ་དཔག་མེད་ཀྱི་ཐུགས་རྗེའི་ཟློས་གར་ལས་སྣང་བ་རྗེ་བཙུན་ཆོས་ཀྱི་དབང་པོ་ཞེས་སྙན་པའི་རྔ་སྒྲ་ས་གསུམ་ཁྱབ་ཅིང་གངས་ཅན་སྐྱེས་མཆོག་རྣམས་ཀྱི་གཙུག་གི་རྒྱན་དུ་མཛེས་ཤིང་། གསར་རྙིང་གི་ཆོས་ཚུལ་རིས་མེད་རྒྱལ་བསྟན་མཐའ་དག་གི་སྒྲོན་མེ་གཅིག་པུ་པ་དེ་ཉིད་ཀྱི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ། མེ་རྟ་ཆོས་འཕྲུལ་ཟླ་བ་ཌཱཀྐི་འདུལ་བའི་དུས་ཆེན་ཚེས་བཅུར་རྒྱལ་བ་གོང་མི་བསྟི་གནས་ཆེན་པོ་རུ་མདོ་ཁམས་ཀཿཐོག་ཉེ་བའི་རེ་ཁེར་ལྷ་རིགས་སུ་སྐྱེས་པའི་སྔགས་འཆང་རིག་འཛིན་ཚེ་དབང་ནོར་བུ་བསོད་ནམས་ཐེག་མཆོག་བསྟན་འཛིན་གྱི་གསོལ་འདེབས་ཡན་ལག་བདུན་པ་འདི་ཉིད་ཕུལ་བའི་ཡི་གེའི་རིག་བྱེད་ཨོ་རྒྱན་བློ་གྲོས་སོ། །དགེའོ། །བཀྲིས།

༈ གསོལ་འདེབས་བསྡུས་པ།

གུ་རུ་པདྨའི་སློབ་མ་རིག་པ་འཛིན། །ནམ་མཁའི་སྙིང་པོའི་ཐུགས་སྤྲུལ་འགྲོ་བའི་མགོན། །ཧེ་རུ་ཀ་དཔལ་ཚེ་དབང་རྡོ་རྗེ་སེམས། །སྙིང་ནས་གསོལ་འདེབས་མཆོག་གི་དངོས་གྲུབ་སྩོལ། །

ཞེས་ཅོང་བཞི་ཕུག་གི་བླ་མ་ནམ་མཁའ་ཆོས་རྗེའི་བསྐུལ་ངོར་ཚེ་དབང་ནོར་བུས་སྤེལ། སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

རྒྱལ་བའི་ཡེ་ཤེས་དཔག་མེད་འོད་ཀློང་ནས། །ཡོན་ཏན་བཀོད་པའི་སྟོན་པ་འོད་དཔག་མེད། །ཞིང་འདིར་རྒྱལ་སྲས་ཚུལ་བཟུང་ཏྲེ་བོ་ཞེས། །མཚན་གསོལ་ཆོས་ཀྱི་དབང་པོར་གསོལ་བ་འདེབས། ། ༡ འབྱོར་དབང་ཕྱོགས་གླང་ཀཧྣ་པ་དང་། །ཤནྟ་རཀྵི་བླ་ཆེན་དགོངས་རབ་གསལ། །གསང་བདག་སྒྲོབ་ཕུག་སྤོབ་བྲག་ཨོ་རྒྱན་པ། །དམ་པ་ཅིར་ཡང་སྟོན་པ་ཕྱག་འཚལ་ལོ། ། ༢ འཇམ་དབྱངས་དོན་འགྲུབ་འོད་ཟེར་ཆོས་རྒྱ་མཚོ། །དཔག་བསམ་དབང་པོ་བསྟན་པ་དར་རྒྱས་ཞབས། །མཆོག་གི་སྐྱེ་སྲིད་བསམ་བཞིན་འགྲོ་བའི་དོན། །སྐུར་བཞེངས་མངའ་སྤངས་བླ་མའི་ཞབས་ལ་འདུད། ། ༣ དུས་འདིར་བསྟན་དང་འགྲོ་བའི་དོན་མཛད་པ། །རྨད་བྱུང་བླ་མ་བློ་བཟང་ཆོས་ཀྱི་དབང་། །མཐོང་ཐོས་རེག་ཀུན་དོན་ལྡན་མཁས་བཙུན་བཟང་། །ཡོན་ཏན་རྫོགས་སྤྲུལ་དེ་ལ་མཆོད་པ་འབུལ། ། ༤ གང་ཁྱེད་ངེས་དོན་སྐྱེ་འཕོ་མི་དམིགས་ཀྱང་། །གདུལ་ངོར་ཅིར་ཡང་སྟོན་ལས་ད་དུས་འདིར། །ཞི་བར་གཟིམ་ཚུལ་སྟོན་ཚེ་དད་གུས་ཅན། །བདག་བློ་གདུང་བས་ཁྱོད་མཚན་གུས་མཆོད་ན། ། ༥ ཐུགས་རྗེ་མཆོག་གི་གཟུགས་བརྙན་སྤྲུལ་པའི་སྐུ། །མྱུར་བཞེང་ཐུགས་དམ་ཐུགས་བསྐྱེད་དུས་ལ་བབ། །བདག་ནི་སྐྱེ་ཀུན་མགོན་པོ་མཆོག་ཁྱོད་ཀྱི། །འཕྲིན་ལས་རབ་སྤེལ་དོན་གཉིས་ཡོངས་གྲུབ་ཤོག ། ༦

ཅེས་བཀའ་དྲིན་མཉམ་མེད་ཏྲེའོ་བཞི་པ་ཞི་བར་གཟིམ་པའི་དུས་ཆེན་དེ་ཉིད་ཀྱི་སྐབས་སྤྲུལ་པའི་སྐུ་འཕྲིན་ལས་བསྟན་འཛིན་གྱི་གསུང་གིས་བསྐུལ་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་གློ་བོ་སྨོན་ཐང་རྒྱལ་ཁབ་ཏུ་སྨྲས་པ་སྐྱེ་ཀུན་བླ་མེད་རྗེས་སུ་བཟུང་བར་གྱུར་ཅིག །

༈ གསོལ་འདེབས་བསྡུས་པ།

རྒྱལ་ཀུན་ཐུགས་རྗེ་འཕྲིན་ལས་འདུས་པའི་དངོས། །རང་བྱུང་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་། །གཉིས་མེད་གྲུབ་དབང་པདྨ་བདེ་ཆེན་གླིང་། །མགོན་མཆོག་གསུང་རབ་རྒྱ་མཚོ་རྡོ་རྗེ་འཆང་། །མཆོག་གི་སྤྲུལ་སྐུ་ཆོས་ཀྱི་དབང་པོ་དང་། །གདུལ་དཀའ་འདུལ་མཁས་ཚེ་དབང་རྡོ་རྗེ་སེམས། །ཁྱེད་ལ་བདག་ཅག་གུས་པས་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཞེས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་འཆང་བ་མདོ་བོ་ཆེའི་གདུང་རིག་འཁྲུལ་མེད་ལས་སྐྱེས་པའི་སྔགས་འཆང་ཆེན་པོ་རྒྱལ་སྲས་སེངྒེ་ཡིས་བསྐུལ་ངོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས་པའོ། །

༈ གསོལ་འདེབས་བསྡུས་པ།

རྒྱལ་བའི་ཡབ་གྱུར་རྒྱལ་སྲས་ཚུལ། །མཆོག་སྤྲུལ་ཆོས་ཀྱི་དབང་པོའི་སྡེ། །གང་ཁྱེད་ངེས་དོན་གཤེགས་བཞུད་ཀྱི། །སྤྲོས་པ་བྲལ་ཡང་ཚུར་མཐོང་འགྲོ། ། ༡ བྱིས་སྦིས་སྣང་ངོར་གཟུགས་ཀྱི་སྐུ། །ཆོས་ཀྱི་དབྱིངས་སུ་བཏུལ་བ་ན། །བདག་སོགས་གདུལ་བྱར་གྱུར་པ་རྣམས། །སྙིང་ནས་ཁྱོད་དྲན་མྱ་ངན་མེད། ། ༢ ཆེས་གདུང་མགོན་ཁྱོད་ཐུག་རྗེ་ཡི། །བཟོད་དམ་ཉམས་མེད་ཡེ་ཤེས་ལས། །སྤྲུལ་པའི་གཟུགས་བརྙན་དུས་འདི་རུ། །འབྱོན་པར་གསོལ་འདེབས་འགྲུབ་བྱིན་རློབས། ། ༣

ཞེས་རྗེ་བཙུན་རྡོ་རྗེ་འཆང་ཆོས་ཀྱི་དབང་པོའི་སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་སུ་མར་བུའི་སློབ་དཔོན་ཀརྨ་དཔལ་འབྱོར་གྱི་གསུང་གི་ནན་དུ་བསྐུལ་ངོར་སྔགས་འཆང་རིག་པ་འཛིན་པ་ཚེ་དབང་ནོར་བུས་འཛམ་གླིང་ཆུ་བཞིའི་མགོ་བོ་ཏི་སེའི་མདུན་དུ་སྨྲས་པའོ། །

༈ གསོལ་འདེབས་བསྡུས་པ།

ཨོཾ་ཨཱ་ཧཱུྃ༔ ཆོས་སྐུ་བྱ་རྩོལ་ལས་འདས་ཞིང་གི་དབྱིངས། །ལོངས་སྐུ་ལྷུན་གྲུབ་ཞིང་དབྱིངས་མེ་ཏོག་རྒྱན། །སྤྲུལ་སྐུ་རབ་འབྱམས་མི་མཇེད་འཇིག་རྟེན་ཁམས། །དེ་རུ་སྣང་བའི་སྐུ་གསུམ་སྒྱུ་འཕྲུལ་ཆེ། །དཔག་ཏུ་མེད་དངོས་རིག་འདུས་པདྨ་འབྱུང་། །གར་བརྒྱའི་རོལ་པ་གདུལ་བྱའི་དཔྱིད་འཆར་བ། །གྲངས་མེད་སྟོན་ལས་ཁྱད་པར་སྙིགས་དུས་སྐྱབས། །གཡུ་སྒྲ་སྙིང་སྤྲུལ་རིག་འཛིན་རྣམ་པར་རྒྱལ། །བསམ་བཞིན་སྤྲུལ་པའི་སྐྱེ་བའི་རྒྱལ་བའི་སྲས། །རིག་པ་འཛིན་མཆོག་ཨཱ་ཡུ་ཏིཥྛ་ཁྱེད། །སྙིང་པོར་སྐྱེ་འཆི་འཇིགས་བྲལ་རྡོ་རྗེའི་སར། །གཡོ་མེད་གནས་ཀྱང་བདག་སོགས་གདུལ་སྣང་ངོར། །གཟུགས་ཀྱི་ཆུ་ཤེལ་ཆོས་སྐུའི་སྟོང་ལ་ནུབ། །བདག་ཅག་གཅོང་རོང་ཐུན་གསུམ་སར་གནས་རྣམས། །གདུང་བའི་འཆི་འཁྲུག་དད་པའི་སྤུ་གཡོ་བས། །བདེ་ཆེན་དག་པས་ཞིང་འདིར་གཟིགས་ནས། །བདག་ལུས་གུས་པའི་ཐལ་མོ་གཙུག་སྦྱར་ནས། །མོས་བློས་དངོས་སྤྲུལ་ཀུན་བཟང་རྒྱན་བཀོད་པའི། །མཆོད་པའི་སྤྲིན་དཔུང་དཔག་མེད་འདི་འབུལ་གྱི། །བདག་སོགས་ཚོགས་གཉིས་རྫོགས་ཕྱིར་དགྱེས་བཞེས་ནས། །བདག་གི་འགལ་འཁྲུལ་གྱིས་སྦག་ཐམས་ཅད་ཀུན། །བཟོད་པར་གཞེས་ནས་ཚངས་པའི་བྱིན་རླབས་སྩོལ། །སླར་ཡང་བདག་སོགས་འགྲོ་དོན་ཆེད་དུ་ནི། །ཆོས་ཉིད་སྤྲོས་མཚན་བྲལ་བའི་སྒོ་འབྱེད་ནས། །གཟུགས་སྤྲུལ་མཆོག་སྐུའི་མཚན་དཔེའི་འོད་བྱེད་པ། །མྱུར་དུ་འཆར་ནས་གདུལ་བྱའི་དོན་བརྟེན་རྒྱལ། །ཡུལ་ནས་གསོལ་འདེབས་བསླུ་མེད་འགྲུབ་པར་ཤོག །

ཅེས་མཆོད་ཕྲེང་དང་སྤྲུལ་སྐུ་འབྱུང་གྱུར་གྱི་གསོལ་བ་འདེབས་པ་ཞིག་མཛོད་ཅེས་མདོ་ཁམས་ཀཿཐོག་གི་གསེར་ཁྲིར་བརྗིད་པ་རྒྱལ་སྲས་བསོད་ནམས་ལྡེའུས་བསྐུལ་ཚིག་སྩལ་བ་བརྟེན་ནས་རྣལ་འབྱོར་ཚེ་དབང་ནོར་བུས་ལྕགས་བྱི་ཟླ་བ་དང་པོའི་ཚེས་༣ལ་འཛར་ཁ་གསང་སྔགས་གླིང་དུ་བྲིས་པའི་ཡི་གེའི་རིག་བྱེད་བུ་སློབ་ཐ་ཤལ་བ་འཕྲིན་ལས་བསྟན་འཛིན་གྱིས་བྲིས།

༈ གསོལ་འདེབས་བསྡུས་པ།

ཨོཾ་སྭཱསྟི། རྒྱལ་བའི་གསུང་རབ་ཡོངས་ཀྱི་བཅུད་མཆོག་ནི། །བླ་མེད་བླ་མ་རྫོགས་པ་ཆེན་པོ་ཡི། །དཀྱིལ་འཁོར་སྟོན་མཛད་བླ་མ་མཆོག་དེ་ནི། །རྡོ་རྗེ་སེམས་དཔའ་ཉིད་དང་དབྱེར་ཡོད་མིན། །དེས་ན་བཀའ་དྲིན་འདྲེན་པའི་བླ་མེད་པ། །སྙིང་ཐིག་སྨིན་བྱེད་སྟོན་མཛད་རྡོ་རྗེ་འཆང་། །པདྨ་རིག་འཛིན་དབང་རྒྱལ་རྣམ་འདྲེན་རྒྱལ། །གང་ཁྱེད་ཡེ་ཤེས་སྤྱན་གྱིས་དུས་འདིར་གཟིགས། །བདག་གི་སེམས་ཀྱི་གཏིང་ནས་གཡོ་སྒྱུ་དང་། །མི་གུས་བསམ་པ་ཡེ་ནས་མེད་མོད་ཀྱང་། །འོན་ཏེ་དུས་ངན་སྙིགས་དུས་སྐྱེས་པའི་དབང་། །རང་ཤུགས་ལས་ངན་ཉོན་མོངས་ཧྲགས་པ་ཡི། །ཀུན་བཟང་རྡོ་རྗེ་སེམས་པའི་བཀའ་ལུང་དུ། །བཤད་པའི་དམ་ཚིག་རྩ་བ་ཡན་ལག་ཀུན། །ཚུལ་བཞིན་བསྲུང་བའི་ཞེ་གདེངས་ཡོད་ན་ཡང་། །དབང་མེད་ཚོར་དང་མ་ཚོར་དམ་ཚིག་ལ། །འགལ་ཉམས་རལ་པའི་སྐྱོན་གྱུར་ཕྲ་རགས་སྦོམ། །མཆིས་ཀུན་སྙིང་ནས་འགྱོད་པས་མཐོལ་ཞིང་བཤགས། །མགོན་ཁྱེད་དགོངས་པའི་དབྱིངས་སུ་དག་ཚང་བར། །སྒྲིབ་མེད་བཟོད་བཞེས་མཆོག་གི་དངོས་གྲུབ་སྩོལ། །བདག་ལ་འདི་ཕྱིའི་བར་དོ་སྒྲིབ་མེད་པར། །སྐྱེ་ཀུན་མཚན་ལྡན་བླ་མ་ཉིད་ལྟ་བུའི། །རྗེས་གཟུང་གསང་སྔགས་དམ་ཚིག་རང་སྲོག་ལས། །ལྷག་ལྟས་བླ་མ་དགྱེས་བྱེད་ལ་བརྩོན་ཤོག །མདོར་ན་བདག་གི་ཉེས་ཚོགས་ཡོངས་བཤགས་ཤིང་། །དགེ་གྱུར་འདུས་དང་འདུས་མ་བྱས་པ་ཀུན། །བྱང་ཆུབ་ཆེན་པོའི་རྒྱུ་རུ་ཡོངས་སུ་བསྔོ། །དེ་འབྲས་ད་ལྟ་ཉིད་ནས་སྨིན་གྱུར་ཅིག །ན་མོ་རཪྣ་ཏྲ་ཡཱ་ཡ། ཏདྱ་ཐཱ་པཉྩ་པྲི་ཡ་ཨ་ཝ་བྷོ་དྷེ་ན་ཡེ་སྭཱ་ཧཱ།

ཞེས་པ་རང་ལ་བཀའ་དྲིན་ཆེ་བ་གསུམ་ལྡན་རྡོ་རྗེ་འཆང་རིག་འཛིན་པདྨ་དབང་རྒྱལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་གདུང་རྟེན་བཞེངས་བའི་མཆོད་སྤྲིན་མཚོན་ཙམ་དང་བྱང་རི་རྒྱལ་བཀྲ་བཟང་གི་སྒྲུབ་སྡེར་ཞག་བདུན་གྱི་དགེ་རྒྱུན་དམ་པ་དེ་ཉིད་དགོངས་རྫོགས་སུ་དམིགས་ནས་བགྱིས་པར་རང་གཞན་གྱི་སྡིག་སྦྱངས་ཁ་ཏོན་ཏུ་ཀཿཐོག་རིག་འཛིན་སྤྲུལ་སྐུར་གྲགས་པ་ཚེ་དབང་ནོར་བུས་ཡོངས་འཛིན་ཆུ་སྟོད་ཟླ་བའི་ཚེས་བཞིར་སྤེལ་བའི་ཡི་གེ་པ་ནི་ཤཱཀྱ་དགེ་སློང་གཡུང་རུང་ངོ་། །སརྦ་མངྒ་ལཾ།

༈ གསོལ་འདེབས་བསྡུས་པ།

ཨོཾ་ཨཱ༔ཧཱུྃ༔ ཕྱོགས་དུས་རབ་འབྱམས་རྒྱལ་བའི་ཞིང་གི་ཁམས། །དཔག་མེད་དག་ཏུ་བཞུགས་པའི་སྐུ་གསུམ་ཚོགས། །ཞི་དང་ཁྲོ་གར་ཡི་དམ་རིག་འཛིན་དང་། །དྷཱཀྐི་ཆོས་བསྲུང་རྡུལ་རྙེད་བཅས་རྣམས་ཀུན། །རྣམ་དག་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར། །དཔག་མེད་མཛད་འཕྲིན་ངོ་མཚར་རྒྱ་མཚོ་ཆེར། །བཀོད་ནས་སྐད་ཅིག་ཡུད་ཙམ་གཅིག་གི་ནི། །འགྲོ་བའི་དོན་དུ་གནས་འདིར་གཤེགས་སུ་གསོལ། །དེ་ལྟར་མཆོག་གསུམ་རྩ་གསུམ་ཚོགས་རྣམས་ཀུན། །རྣམ་མང་འགྲོ་བའི་དོན་དུ་སྐུར་སྤྲུལ་རྣམས། །དྲི་མེད་ཐབས་ཤེས་ཉི་ཟླ་པདྨའི་སྟེང་། །རབ་དགྱེས་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །བདག་དད་སྒོ་གསུམ་གྲངས་མེད་རྡུལ་རྙེད་ཆེར། །རབ་ཏུ་སྤྲུལ་ནས་རྒྱལ་བ་སྲས་བཅས་ལ། །ཡན་ལག་ལྔ་བཏགས་རྣལ་འབྱོར་ཆེན་པོ་ཡི། །རབ་ཏུ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཕྱོགས་བཅུའི་ཞིང་དང་ལྷ་མའི་ལོངས་སྤྱོད་སོགས། །དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་མཆོད་པའི་སྤྲིན། །ཕྱི་ནང་གསང་བ་བླ་མེད་མཆོད་པ་རྣམས། །རྒྱལ་དང་རྒྱལ་སྲས་ཚོགས་ལ་འབུལ་བར་གྱིས། །བདག་གི་ཐོག་མེད་ནས་བསགས་ད་ལྟའི་བར། །འཁྲུལ་བའི་དབང་གྱུར་ལས་དང་ཉོན་མོངས་པས། །མི་དགེའི་དབང་གྱུར་སྡོམ་པ་གསུམ་དག་གི །འགལ་ཉམས་གྱུར་རྣམས་མཐོལ་ཞིང་བཤགས་པར་བགྱི། །ཀུན་ཏུ་སོ་སོ་སྐྱེ་བཅས་ཉན་ཐོས་དང་། །དགྲ་བཅོམ་རང་རྒྱལ་བྱང་སེམས་རྒྱལ་སྲས་ཚོགས། །འགྲོ་བའི་དོན་མཛད་དགེ་ཚོགས་བགྱིས་པ་ལ། །བདག་སོགས་རབ་ཏུ་དྭངས་བས་རྗེས་ཡི་རང་། །རྒྱལ་བའི་ཞིང་རབ་རྒྱ་མཚོའི་རྡུལ་ཀུན་ལ། །རྫོགས་སངས་རྒྱས་ནས་བདུད་རྩིས་ཆོས་མཆོག་ནི། །གསུང་བར་མི་བཞེད་སྙོབས་པར་གང་བཞུགས་པ། །འཁོར་ལོ་དཔག་མེད་བསྐོར་བར་བདག་གི་བསྐུལ། །རྒྱལ་བ་གང་དག་གདུལ་བྱ་རྫོགས་དགོངས་དང་། །ཞིང་གཞན་གཤེགས་དགོངས་མྱ་ངན་འདའ་བཞེད་ལ། །དེ་དག་ནམ་ཡང་མྱ་ངན་མི་འདའ་བར། །བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །དེ་ལྟར་དགེ་རྩ་ལྷག་བསམ་དེས་ཐོག་དྲངས། །བདག་གི་དགེ་བ་བགྱིས་དང་བགྱིས་སྩལ་ཀུན། །མཁའ་མཉམ་སེམས་ཅན་ཡོངས་ལ་བསྔོ་བྱས་ཏེ། །ཀུན་ཀྱང་བྱང་ཆུབ་སྙིང་མྱུར་ཐོབ་པར་ཤོག །

ཅེས་ཡན་ལག་བདུན་པ་འདི་ནི་ཉེར་གཅིག་ལོན་པའི་དབྱར་མེ་ཏོག་རྒྱས་པའི་ཟླ་བ་ལ་ཤར་ཕྱོགས་མདོ་ཁམས་རྡོ་རྗེ་གདན་ཀཿཐོག་གི་དགེ་འདུན་རྒྱ་མཚོ་དང་ཕྱོགས་ཐ་དག་གི་དགེ་འདུན་ཐམས་ཅད་ལ་མཆོད་པ་འབུལ་ཞིང་སྐུ་གསུང་ཐུགས་རྟེན་རྨད་བྱུང་མཇལ་ཚེ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བྲིས་པ་དགེའོ། །


previousདཔལ་རིག་འཛིན་ཆེན་པོའི་གསུང་རྩོམ་ལས་བདེ་ཆེན་གླིང་པའི་འཁྲུངས་རབས་སོགས་གསོལ་འདེབས་ཀྱི་སྐོར་འགའ་ཞིགnext