Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  expand section
  collapse section
དཔལ་རིག་འཛིན་ཆེན་པོའི་གསུང་འབུམ་ལས། བཤེས་གཉེན་རིས་སུ་མ་ཆད་པ་ལ་རིང་འཚོའི་ཚིགས་བཅད་འབུལ་བ་ཇི་སྙེད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousདཔལ་རིག་འཛིན་ཆེན་པོའི་གསུང་འབུམ་ལས། བཤེས་གཉེན་རིས་སུ་མ་ཆད་པ་ལ་རིང་འཚོའི་ཚིགས་བཅད་འབུལ་བ་ཇི་སྙེད་པ།next

དཔལ་རིག་འཛིན་ཆེན་པོའི་གསུང་འབུམ་ལས། བཤེས་གཉེན་རིས་སུ་མ་ཆད་པ་ལ་རིང་འཚོའི་ཚིགས་བཅད་འབུལ་བ་ཇི་སྙེད་པ།

༈ ཞྭ་དམར་པའི་ཞབས་བརྟན་གསོལ་འདེབས།

༄༅། །དཔལ་རིག་འཛིན་ཆེན་པོའི་གསུང་འབུམ་ལས། བཤེས་གཉེན་རིས་སུ་མ་ཆད་པ་ལ་རིང་འཚོའི་ཚིགས་བཅད་འབུལ་བ་ཇི་སྙེད་པ་བཞུགས་སོ། །

༈ ན་མོ་ཤྲཱི་རི་མ་ཧཱ་བཛྲ་དྷ་ར་དྷརྨཱ་སིདྡྷཪྠ། རྒྱལ་ཀུན་སྤྱི་མེ་གདོད་ནས་བྱང་ཆུབ་ཆེ། །ངོ་བོ་ཆོས་སྐུ་ཀུན་བཟང་འོད་མི་འགྱུར། །ཁ་སྦྱོར་བདུན་ལྡན་བདེ་ཆེན་འཁོར་ལོའི་བསྒྱུར། །རང་བཞིན་ལོངས་སྐུ་གངས་ཅན་འོད་དཔག་མེད། །བྱེ་བ་ཕྲག་བརྒྱར་མཚན་དཔེ་མཆོག་སྤྲས་པ། །ཐུགས་རྗེས་སྤྲུལ་སྐུ་དཀོན་མཆོག་ཡན་ལག་ཆེ། །སྐུ་གསུམ་རྣམ་འགྱུར་རབ་འབྱམས་རོལ་པ་ཀུན། །དབྱེར་མེད་ངོ་བོ་ཉིད་སྐུ་རྡོ་རྗེ་འཆང་། །མི་མཇེད་གདུལ་བྱའི་དོན་དུ་ཨོ་རྒྱན་མཚོར། །རང་བྱུང་རྒྱལ་བ་པདྨ་འབྱུང་གནས་ཉིད། །དུས་འདིར་གངས་ཅན་མགོན་པོ་ཀརྨ་པའི། །ཕྲིན་ལས་གྲོགས་བྱོན་བསྐལ་བཟང་འདྲེན་པ་མཆོག །གར་གྱི་དབང་ཕྱུག་སྐུ་བཞིའི་འདུས་པའི་དངོས། །རིགས་བརྒྱའི་ཁྱབ་བདག་ཡོན་ཏན་བརྒྱད་བསྙེས་པ། །མཚན་ཐོས་ཙམ་གྱིས་ངན་འགྲོའི་འཁྲུལ་སྣང་ཀུན། །སྒྲོལ་མཛད་དཔའ་བོ་སྡུག་བསྔལ་ཡོངས་བྲལ་བདག །བདེ་ཆེན་ཞིང་གི་རྒྱལ་པོ་དཔལ་མཐའ་ཡས། །གསུང་གི་རྡོ་རྗེ་སྒྱུ་འཕྲུལ་ཆེན་པོའི་སྡེ། །འཇིག་རྟེན་གསུམ་མགོན་འོད་མཚན་ཅོད་པཎ་གྱིས། །རབ་སྒེག་མཚུངས་མེད་དཀོན་མཆོག་ཡོངས་ཀྱི་གཙོ། །ཆོས་རྣམས་མ་ལུས་མཁྱེན་གཟིགས་རྒྱལ་ཀུན་གྱིས། །དོན་དམ་ཡེ་ཤེས་ངོ་བོ་ཉིད་ལྷུན་གྲུབ། །གསང་གསུམ་རྒྱུད་སྡེ་རྒྱ་མཚོར་དབང་བསྒྱུར་ཞིང་། །སྐུ་གསུམ་བསྟན་པའི་ཉི་མ་འོད་པོ་ཆེ། །མཆོག་ཁྱེད་ཞིང་འདིའི་གདུལ་བྱ་བདག་སོགས་དོན། །བསྐལ་པ་གྲངས་ཡས་རྣམ་མང་རྒྱ་མཚོའི་བར། །མཚན་དཔེ་སྐུ་ཡི་རྡོ་རྗེ་འགྱུར་མེད་བརྟེན། །འཆི་མེད་ཚེ་ཡི་གཡུང་དྲུང་འཕོ་བྲལ་འཚོ། །མཛད་པ་བཟང་པོའི་གདུག་ཆེན་ས་གསུམ་ཁེབ། །འཕྲིན་ལས་མི་ནུས་རྒྱལ་མཚན་སྲིད་རྩེར་སྦྲེང་། །ལུང་རྟོགས་ཆོས་འཁོར་རྒྱུན་ཆད་མེད་བསྐོར་ཞིང་། །ཞབས་པད་བརྟན་པར་སྙིང་ནས་གསོལ་བ་འདེབས། །དེ་ལྟར་བསླུ་མེད་དགུ་ལྡན་བླ་མ་ཆེ། །ཐེག་རིམ་རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་གྱི་བདེན་སྟོབས་ནུས་པས་གཟི་བྱིན་མཐུས། །ངེས་པ་ཉིད་དུ་རྩ་བའི་བླ་མ་ཡི། །ཞབས་པད་བསྟན་པར་གསོལ་འདེབས་འགྲུབ་པར་ཤོག །བདག་སོགས་འགྲོ་ཀུན་མགོན་ཁྱེད་ཐུགས་རྗེ་ཡི། །ཐར་ལམ་མཆོག་བརྙེས་ཕྱིར་མི་ལྡོག་བྱིན་རླབས། །

ཞེས་རྒྱལ་བ་ཀུན་ལས་ཐུགས་བསྐྱེད་རྨད་བྱུང་བདེ་ཆེན་རྒྱལ་པོ་ཡི་ཐུགས་ཀྱི་ཡེ་ཤེས་རང་གཟུགས་ཞིང་འདིར་སྟོན་པ་འོད་མཚན་ཅོད་པཎ་འཛིན་གྱུར་སྐུ་བརྒྱད་པ་གངས་ཅན་བསྟན་པའི་ཉི་མ་འགྲན་བྲལ་ཐམས་ཅད་མཁྱེན་གཟིགས་པདྨ་གར་དབང་དཔལ་ཆེན་དཀོན་མཆོག་ཆོས་ཀྱི་དོན་འགྲུབ་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཆོག་གི་ཞབས་པད་ཡིད་བཞིན་ནོར་བུ་བརྟེན་པའི་ཆེད་དུ་ཀཿཐོག་སྟགས་ཕུའི་ནགས་ལྗོངས་སུ་སྐྱེས་པའི་ལྷ་བཙུན་ཚེ་དབང་ནོར་བུ་བསོད་ནམས་ཐེག་མཆོག་བསྟན་འཛིན་རྒྱ་མཚོས་མེ་སྟག་གཙུག་ལག་ཟླ་བ་དང་པོའི་ཡར་ཚེས་བཞི་ལ་ཁ་ཞེ་མེད་པར་གསོལ་བ་བཏབ་པ་ལགས། སརྦ་མངྒ་ལཾ།

༈ སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་བརྟན་གསོལ་འདེབས།

ན་མཿཀཱརྨ་ཏ་ཡི་སི་ཏུ་དྷཱརྨ་ཀ་ར་ཡེ། རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་ཆིག་ཟླུམ་འཕྲུལ། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་ཀརྨ་པའི། །འཕྲིན་ལས་སྤེལ་ཕྱིར་བྱམས་མགོན་མི་ཡི་ཟོལ། །མངོན་གྱུར་ཏ་ཡི་སི་ཏུ་རབ་གྲགས་ཉིད། །ཆོས་ཀྱི་དབྱིངས་ལས་གཟུགས་སྤྲུལ་བརྟན་པ་ཡིས། །འབྱུང་གནས་ལེགས་པར་བཀོད་པའི་གདུགས་དཀར་ཅན། །འཕྲིན་ལས་ཀུན་ཁྱབ་ཡེ་ཤེས་ཟེར་སྤྲོ་མཁས། །འགྲོ་བའི་དཔལ་མགོན་ལམ་བཟང་མཆོག་སྟོན་སོ། །ཁྱེད་ནི་བདག་སོགས་འགྲོ་དོན་བསྐལ་པ་རྒྱར། །མཆོག་གསུམ་རྩ་གསུམ་དྲངས་སྲོང་བདེན་པའི་མཐུས། །སྐུ་མཆོག་མཆོག་སྐུ་འཕོ་མེད་མཁའ་ལྟར་དུ། །མ་རིགས་གདོང་ལྔ་མི་ཤིག་རྡོ་རྗེའི་ཁྲིར། །ཚེ་ཡི་གཡུང་དྲུང་རྟག་བརྟན་བརྟེན་གྱུར་ནས། །མཛད་པ་ངོ་མཚར་རྨད་ཀྱི་ཆོས་མཆོག་རྒྱས། །འཕྲིན་ལས་རྒྱ་མཚོའི་གོས་བརྒྱན་ཡོངས་ཁྱབ་ཞིང་། །གཟུགས་སྐུའི་སྣང་བརྙན་འཕོ་མེད་མདའ་བྲལ་བར། །འཆི་བདག་ལས་རྒྱལ་འཆི་མེད་རྡོ་རྗེ་བརྙེས། །གཡོ་མེད་རྟག་པར་ཞབས་པར་བརྟན་གྱུར་ནས། །བདག་སོགས་སྨིན་གྲོལ་བྱིན་རླབས་གསོལ་བ་འདེབས། །

ཅེས་ཀརྨ་སི་ཏུ་བདུན་པ་ཆོས་ཀྱི་འབྱུང་གནས་ཉིད་ཞབས་པར་བརྟན་པའི་ཕྱིར་དུ་མདོ་ཁམས་ས་ཡི་ཐིག་ལེ་ཀཿཐོག་གི་ལྷ་སྟག་བུ་ཞེས་པའི་ནགས་སུ་སྐྱེས་པ་སྔགས་བན་ཕྱོགས་སུ་ནོར་སྐྱོང་ལྟར་དུ་ཞུལ་བ་ཚེ་དབང་ནོར་བུ་བསོད་ནམས་བསྟན་འཛིན་བཟང་པོས་དབེན་རྫོང་ཆོས་སྒར་ཟུར་མང་དུ་ཀུན་ལྡན་ལྕགས་བྱའི་སྤྲེལ་ཟླའི་ཉེར་གཅིག་ལ་ཕུལ་བ་བཀྲ་ཤིས་སོ། །

༈ ཀརྨ་པའི་ཞབས་བརྟན་གསོལ་འདེབས།

ན་མོ་ཛ་ཡ་ཨིནྡྲ་ཀཱརྨ་ཀ་བྷོ་དྷེ་བཛྲ། ཕྱོགས་དུས་རྒྱལ་དང་རྒྱལ་སྲས་མ་ལུས་ཀྱིས། །ཐུགས་བསྐྱེད་ཐུགས་རྗེས་འཕྲིན་ལས་གཅིག་བསྡུས་པའི། །དཔལ་ལྡན་དཔལ་མཆོག་སེང་གེ་ཀརྨ་པ། །འགྲོ་བའི་བླ་མ་བླ་མེད་རིགས་ཀུན་གཙོ། །མི་བསྐྱོད་རྡོ་རྗེར་མཐོན་མཐིང་ཅོད་པཎ་ཅན། །མཐོང་ཐོས་དྲན་པས་སྲིད་པའི་སྡུག་བསྔལ་ཀུན། །དྲུང་ནས་འབྱིན་མཛད་བདེ་ཆེན་ཀུན་ཏུ་འཆང་། །བྱང་ཆུབ་རྡོ་རྗེ་མཆོག་གི་བདག་ཉིད་ཅན། །ཁམས་གསུམ་འགྲོ་བ་མ་ལུས་འདྲེན་པའི་རྗེ། །དུས་གསུམ་རྒྱལ་བ་ཀུན་གྱིས་ཡབ་གཅིག་པུ། །སྲིད་གསུམ་འདི་ན་འདྲེན་བྲལ་ཡོན་ཏན་གཏེར། །ས་གསུམ་སྙན་པའི་རྔ་སྒྲས་ཁེངས་མཛད་པ། །མཚུངས་མེད་རྒྱལ་བ་ཡོངས་ཀྱི་དབང་པོ་ཆེ། །ཐར་པ་ཡང་དག་ས་མཁན་རྗེ་བཙུན་ཁྱེད། །ཅི་སྲིད་གདུལ་བྱའི་ཁམས་ཀུན་མ་ཟད་བར། །དེ་ཉིད་སྲིད་དུ་ཟབ་གསང་མཚན་དཔེ་ཡི། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རིན་པོ་ཆེ། །ངེས་པའི་དོན་ལ་གཡོ་འགྱུར་མི་མངའ་ཡང་། །ཚུར་རོལ་བྱི་པའི་སྣང་ངོར་སྐུ་ཚེ་ལ། །བར་ཆད་ཉེས་ཚོགས་གསང་གིའང་མི་ཚུགས་པར། །ཐུགས་མཆོག་བཞད་དོན་དགྱེས་དགུ་ལྷུན་གྱི་གྲུབ། །གསུང་མཆོག་ཆོས་འཁོར་རྒྱུན་མའི་འཆད་པར་སྒྲོགས། །སྐུ་མཆོག་འགྱུར་མེད་མི་ཤིག་རྡོ་རྗེར་བརྟན། །ཚེ་མཆོག་གཡུང་དྲུང་མ་འགྱུར་རྟག་འཚོ་ཞེས། །མཛད་བཟང་ཡར་ཟླ་ལྟ་བུར་གོང་དུ་འཕེལ། །འཕྲིན་ལས་ཉམས་མེད་དབྱིག་འཛིན་ཁྱོན་ཁྱབ་ཅིང་། །ཞབས་པད་བསྐལ་མང་རྡུལ་སྙེད་རྒྱ་མཚོའི་བར། །བརྟན་པར་སྙིང་ནས་གསོལ་བ་འདེབས་པའམ། །སྐུ་གསུམ་རྩ་གསུམ་མཆོག་གསུམ་རབ་འབྱམས་ཆེ། །བསྲུང་མར་བཅས་པའི་ནུས་མཐུ་བདེན་སྟོབས་ཀྱི། །བསླུ་བ་མེད་པ་ངེས་པར་གྲུབ་གྱུར་ཏེ། །བདག་སོགས་འགྲོ་ཀུན་སྨིན་གྲོལ་བྱིན་གྱིས་རློབས། །

དེ་ལྟར་དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་གངས་ཅན་མགོན་མཆོག་འགྲན་བྲལ་མཐོན་མཐིང་ཅོད་པཎ་འཛིན་གྱུར་ཀརྨ་པའི་སྐུ་བཅུ་གཉིས་པ་དཀྱིལ་འཁོར་ཡོངས་གཙོ་ཁྱབ་བདག་བྱང་ཆུབ་མཆོག་གི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཞབས་པད་ཡིད་བཞིན་ནོར་བུ་བརྟེན་པའི་ཆེད་དུ། མདོ་ཁམས་བོད་ཆེན་ས་ཡི་ཐིག་ལེ་ཀཿཐོག་ནས་མི་རིང་བར་གསང་སྔགས་ཀྱི་འབྱུང་གནས་མ་ལ་ཡ་དང་གཉིས་མེད་གནས། སྟག་ཕུ་རེ་ཁེའི་ནགས་ཁྲོད་དུ་ལྷ་རིགས་ཐ་ཤལ་དུ་སྐྱེས་པ་ཕྱོགས་ཀུན་རྒྱུ་རྣལ་འབྱོར་གཟུགས་ཙམ་འཛིན་གྱུར་ཚེ་དབང་ནོར་བུ་བསོད་ནམས་ཐེག་མཆོག་བསྟན་འཛིན་རྒྱ་མཚོས་མེ་སྟག་གཙུག་ལག་ཟླ་བ་དང་པོའི་ཡར་ཚེས་བཞི་ལ་ཁ་ཞེ་མེད་པར་གསོལ་བ་བཏབ་པ་ལགས། སརྦ་མངྒ་ལཾ།

༈ འབྲུག་པ་ཐམས་ཅད་མཁྱེན་པའི་ཞབས་བརྟན་གསོལ་འདེབས།

ན་མཿམ་ཧ་གུ་རུ་སརྦ་ཛྙ་པུཎྜ་རི་ཀ ཡེ་ཤེས་ཁྱབ་བརྡལ་མཉམ་ཉིད་འོད་དཔག་མེད། །ཐུགས་རྗེའི་རང་རྩལ་འཕགས་མཆོག་སྤྱན་རས་གཟིགས། །རྒྱལ་ཀུན་རིགས་འདུས་ངོ་བོ་པདྨ་འབྱུང་། །དབྱེར་མེད་རོལ་གར་ཀུན་མཁྱེན་པདྨ་དཀར། །སླར་ཡང་འགྲོ་བའི་དོན་དུ་འདྲེན་པ་ཆེ། །དཀྱིལ་འཁོར་རབ་འབྱམས་ཡོངས་གཙོ་རིགས་ཀྱི་བདག །མཚུངས་མེད་མི་ཕམ་མཆོག་གི་སྤྲུལ་པའི་སྐུ། །མི་ཤིག་རྡོ་རྗེ་ལྟ་བུར་བསྟན་བཞུགས་གསོལ། །ངོ་བོ་དྲི་མེད་ཇི་ལྟར་མཁྱེན་པའི་ཐུགས། །རང་བཞིན་འབད་མེད་བདེ་ཆེན་མཆོག་གི་གསུངས། །ཐུགས་རྗེའི་རྣམ་རོལ་བྱང་ཆུབ་མཆོག་གི་སྐུ། །མི་འགྱུར་གཡུང་དྲུང་ལྟ་བུར་བརྟན་བཞུགས་གསོལ། །སྐུ་ཚེ་རི་དབང་བཞིན་དུ་རབ་ཏུ་གནས། །མངོན་པར་མཐོ་བའི་བཀའ་བརྒྱུད་ས་རྙིང་ཁྲི། །ངེས་ལེགས་སྒྲུབ་རྒྱུད་ཤར་ར་བྷེའི་འདོག་ལྡིང་། །ཆོས་ཀྱི་འཁོར་ལོ་རབ་བསྒྱུར་དམ་པ་ཁྱེད། །མཛད་པ་བཅུ་གཉིས་ཁྱིམ་བདག་བཞིན་དུ་རྒྱས། །འཕྲིན་ལས་ལྷ་རྫིང་བཞིན་ཁྱབ་བསྟན་པའི་སྡེ། །མི་ནུབ་རྒྱལ་མཚན་ལྟ་བུར་བརྟན་བཞུགས་གསོལ། །ཞབས་པད་བསྐལ་བརྒྱར་འཚོ་བཞེས་རབ་བརྟན་ནས། །མཁྱེན་པའི་གོ་འབྱེད་ཆེ་ནས་རྩ་བ་ཡིན། །ནམ་མཁའི་གླང་པོ་རབ་འཕྲོ་སྨིན་གྲོལ་གྱིས། །སྤྲིན་གྱི་མུ་ཏིག་གསལ་བྱའི་ཞིང་ས་ལ། །རབ་འབེབས་བསྐལ་བཟང་དགའ་སྟོན་ཆེར་རྒྱས་ཤིང་། །ནམ་མཁའ་མཐའ་ཀླས་སྲིད་པའི་འགྲོ་བ་ཀུན། །འདྲེན་མཆོག་ཁྱེད་ཀྱི་ཐུགས་རྗེའི་རྫིང་བཟང་ལ། །བརྟེན་ནས་བྱང་ཆུབ་ཡང་དག་བདེ་ཆེན་ས། །མྱུར་བ་ཉིད་དུ་སྒྲོལ་བར་གསོལ་བ་འདེབས། །དེ་ལྟར་བདག་གི་རྣམ་དཀར་ལྷག་བསམ་ཆོས། །གསོལ་བ་འདེབས་པའི་བདེན་ཚིག་བསླུ་མེད་པས། །མཆོག་གི་སྤྲུལ་སྐུའི་སྐུ་ཚེ་ཉམས་མེད་པར། །འཕྲིན་ལས་ཡོངས་ཁྱབ་ཁྱབ་བརྡལ་རྟག་གནས་ཤོག །

ཅེས་རྒྱལ་བ་པད་འབྱུང་ཐུགས་ཀྱི་ཟློས་གར་ནཱ་རོ་ཏ་པ་དང་གཙང་པ་རྒྱ་རས་སོགས་སྤྲུལ་པའི་སྐྱེ་བ་བསམ་བཞིན་ལེན་པ་འབྲུག་པ་ཐམས་ཅད་མཁྱེན་པ་ཞབས་ཀྱི་སྤྲུལ་སྐུ་རིན་པོ་ཆེར་བརྟན་བཞུགས་སུ་མདོ་ཁམས་ཀཿཐོག་སྟག་ཕུའི་ཕྱོགས་སུ་སྐྱེས་པའི་སྔགས་འཆང་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཕུལ་བའི་ཡིག་རིག་བློ་གྲོས་དབང་པོའི་བགྱིས་པ་དགེའོ། །

༈ མཆོག་སྤྲུལ་ངག་དབང་ཀུན་དགའི་ཞབས་བརྟན་གསོལ་འདེབས།

མ་ནཿམ་ཧཱ་གུ་རུ་ཨ་ཡུ་སི་དྷེ་ཧྲཱི༔ ཕྱོགས་དུས་རྣམ་འདྲེན་རྒྱལ་དང་རྒྱལ་བ་སྲས། །བཀའ་བརྒྱུད་རིགས་གྲུབ་ཡི་དམ་རྒྱུད་སྡེའི་ལྷ། །ཌཱཀྐི་ཆོས་བསྲུང་བཅས་ཀྱི་བདེན་ནུས་གཟིས། །དེང་འདིར་བརྟེན་བཞུགས་འགྲུབ་པའི་བྱིན་རླབས་སྩོལ། །དུས་བཞི་རྒྱལ་བའི་ཐུགས་འཕྲིན་འདུས་པའི་དཔལ། །ཁྱབ་བདག་ཨོ་རྒྱན་གུ་རུའི་ཐུགས་ཀློང་ལས། །ལེགས་ཤར་མཚུངས་མེད་མཆོག་གི་སྤྲུལ་པའི་སྐུ། །མི་ཤིག་རྡོ་རྗེ་ཁྲི་ལ་བརྟན་བཞུགས་གསོལ། །མཐོང་ན་མི་མཐུན་མེད་སྐུའི་ཡིད་བཞིན་ནོར། །ངེས་དོན་མཚན་དཔེའི་འོད་ཟེར་དགོས་འདོད་དཔུང་། །འཛད་མེད་གདུལ་བྱའི་ཁོར་གཟུགས་ཚིམ་བྱེད་པའི། །སྐུ་མཆོག་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །ཐོས་པས་གདུང་སེལ་གསུང་གི་གསེར་འཛིན་ལས། །སྡེ་སྣོད་བཅུ་གཉིས་སྤྲིན་གྱི་མྱུ་གུའི་རྒྱུན། །རྒྱ་ཆེར་དབབ་ནས་གདུལ་བྱའི་ཚད་བསལ་བ། །གསུང་དབྱངས་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །དྲན་པས་བྱིན་རླབས་ཐུགས་ཀྱི་མཐིང་ཞུན་དངོས། །ཀུན་མཁྱེན་ཚད་མེད་ནམ་མཁའི་མདོག་ལྟར་མདངས། །རླིམས་པས་སྲིད་པའི་འཁྲུལ་མུན་སེལ་བྱེད་པ། །ཐུགས་གསང་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །སྐུ་གསུམ་རྒྱལ་བ་ཀུན་འདུས་རྒྱལ་བའི་དབང་། །གསང་གསུམ་ཐེག་པའི་མཛོད་ཀྱི་ཆོས་ཀུན་འཆང་། །བསླབ་གསུམ་པོ་ལ་གདུལ་བྱ་དཀྲིར་མཁས་པའི། །མཆོག་གསུམ་ཀུན་འདུས་མཆོག་གི་སྤྲུལ་པའི་སྐུ། །ངག་གི་དབང་ཕྱུག་སྐལ་ལྡན་རེ་བསྐང་མཁན། །རྣམ་ཀུན་དགའ་བདེར་འགྲོ་རྣམས་འདྲེན་པ་ཆེ། །མདོ་སྔགས་བསྟན་པ་ཡོངས་འཛིན་ཆོས་ཀྱི་རྗེ། །དཔལ་ལྡན་བཀའ་རྒྱུད་གཞུང་བཟང་སྙིང་པོའི་སྡེ། །རྒྱ་ཆེར་འགྲེམ་མཛད་འཆང་ཐུབ་མི་ཡི་སེང་། །འགྲོ་བའི་མགོན་ཁྱེད་རྙིངས་བྲལ་གདོང་ལྔའི་ཁྲིར། །བདག་སོགས་གདུལ་བྱའི་དོན་དུ་བསྐལ་པ་བརྒྱར། །གཡོ་མེད་རྟག་པར་ཞབས་པད་བརྟན་གྱུ་ནས། །ཐེག་མཆོག་བསྟན་པའི་མདངས་འབར་ཡོངས་བརྡལ་ཏེ། །ལོག་རྟོག་བདུད་སྡེའི་མཐུན་གསུམ་ཡོངས་བཅོམ་ཞིང་། །སྐལ་ལྡན་པད་ཚལ་ཡོངས་སུ་རྒྱས་གྱུར་ཏེ། །གདུལ་བྱའི་ཚོགས་ཀུན་ཡོངས་གྲོལ་སངས་རྒྱས་ཤོག །དེ་ལྟར་བདག་གི་ལྷག་བསམ་དགེ་བའི་ཚིག །དེ་ཉིད་བརྗོད་འདིའི་རྟེན་འབྲེལ་བསླུ་མེད་མཐུས། །དེ་ཡིས་ནུས་པས་མཆོག་སྤྲུལ་སྐུ་ཚེ་ན། །དེ་བཞིན་ཉིད་དུ་བརྟན་པར་གསོལ་བ་འདེབས། །

ཞེས་པའང་གསང་སྔགས་གསར་རྙིང་གི་བསྟན་པ་རིས་མེད་དུ་སྐྱོང་བའི་སྐྱེས་ཆེན་དམ་པ་མཆོག་གི་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་བསྟན་འཛིན་དཔལ་བཟང་པོའི་སྡེ་ཆེན་པོ་དེ་ཉིད་ཨོ་རྒྱན་གུ་རུའི་སྤྲུལ་པ་འཁྲུལ་མེད་དུ་མཐོང་སྟེ་མོས་པ་ཆེན་པོ་ཐོབ་ཚེ་མདོ་ཁམས་ཀཿཐོག་གི་ལྷོ་ཕྱོགས་སྟག་ཕུ་ཞེས་པའི་ཚུལ་དུ་སྐྱེས་ཤིང་། མཁས་གྲུབ་པདྨ་བློ་གྲོས་ཀྱི་རྟེན་ཁྲིར་གནས་ཤིང་ཅོད་པཎ་འཆང་རློམས་པའི་ཕྲན་བུ་ཕྱོགས་ཀུན་ཏུ་རྒྱས་པའི་རྣལ་འབྱོར་ཚེ་དབང་འཇིགས་མེད་གཞན་ཕན་ནོར་བུ་དཔལ་གྱི་རྒྱ་མཚོས་རང་ལོ་ཉེར་གཉིས་ལྕགས་བྱི་ཧོར་ཟླ་བརྒྱད་པའི་ཚེས་དགེ་བ་ལ་བརྟེན་འཆི་མེད་གུ་རུའི་སྐུ་ཡི་སྣང་བརྙན་དང་བཅས་ཏེ་དབོན་རྫོང་སྒར་ནས་ཕུལ་བ་མངྒ་ལཾ།

༈ གཉག་རིགས་ཚེ་དབང་རྣམ་རྒྱལ་གྱི་ཞབས་བརྟན་གསོལ་འདེབས།

ན་མཿམ་ཧ་བཛྲ་ཨཱ་ཙརྱཱ་པདྨ་བི་དྱཱ་དྷཱ་རེནྡྲ་ཛ་ཡ། རྣམ་ཀུན་འགྱུར་མེད་བདེ་གཤེགས་སྙིང་པོ་ཉིད། །དྲི་མ་ཡོངས་བྲལ་སྨིན་ཐོབ་མངོན་གྱུར་པ། །རྒྱལ་ཀུན་ཡེ་ཤེས་ངོ་བོ་ཆོས་ཀྱི་སྐུ། །སྤྲོས་དང་བྲལ་ལས་རང་མདངས་གཟུགས་ཀྱི་སྐུ། །ཟུང་འཇུག་མཐའ་བྲལ་རང་བཞིན་སྒྱུ་འཕྲུལ་ཆེ། །ཅིར་ཡང་སྟོན་མཛད་པདྨ་ཀ་ར་ཞེས། །སངས་རྒྱས་ཀུན་ཡབ་ཀུན་ཏུ་བཟང་དེ་ཡི། །རིགས་དང་ཡོན་ཏན་ཀུན་འཛིན་ཕྲིན་ལས་ཀྱི། །དབང་ཕྱུག་རྒྱལ་བ་ཡོངས་ཀྱི་གདུབ་འཚོབ་དཔལ། །བདག་ཉིད་རྡོ་རྗེ་ཐེག་པའི་ཤིང་རྟ་ནི། །དུས་འདིར་ནམ་མཁའ་ཚེ་དབང་རྣམ་རྒྱལ་ཞེས། །རྡོ་རྗེ་སེམས་དངོས་བླ་མར་གསོལ་གསོལ་བ་འདེབས། །ཐེག་ལྷུན་རྒྱུ་འབྲས་བང་རིམ་གྱིས་མཛེས་གཙེར། །མཆོག་གྱུར་ཨ་ཏི་འཆི་མེད་མདུན་ས་རུ། །ལུང་རྟོགས་ཡོངས་རྫོགས་སྟོབས་ལྡན་མགོ་མང་ཁྲིར། །མཁྱེན་བརྩེ་ཕུལ་བྱུང་གསལ་བྱེད་སྟོང་སྤྲས་ཤིང་། །བླ་མེད་འོད་གསལ་ཞོ་འཐུང་རུས་རྩེ་བརྒྱ། །འཁྱོར་འཇིན་ཟེར་གྱི་འཁོར་བའི་སྡུག་བསྔལ་དཔུང་། །ཀུན་བཅོམ་ལྟ་ངན་ཐགས་བཟང་ཀླད་པ་འགེམ། །སྐལ་བཟང་ཉིད་མེད་ལམ་མཆོག་གི་འཚོ་བ། །སྨིན་གྲོལ་བདུད་རྩིའི་དགའ་སྟོན་འགྱེད་བརྩོན་ཞིང་། །བྱང་ཆེན་ཡོངས་སྦྱིན་གྲུབ་པའི་སྡེ་དཔལ་ཆེ། །རྒྱལ་བསྟན་སྒྲོན་མེ་རྡོ་རྗེ་སློབ་དཔོན་གྱི། །དབང་པོ་མཆོག་དེར་གུས་པས་གསོལ་བ་འདེབས། །གང་ཁྱེད་ཡང་དག་དོན་ལ་སྐྱེ་ཕོ་ཡི། །ཀུན་བཏགས་ཟད་ཀྱང་བྱིས་སྦིས་གདུལ་སྣང་ངོར་། །སྐུ་ཡི་སྣང་བརྙན་བསྐལ་པ་རྒྱ་མཚོའི་བར། །དྲི་མེད་ཞབས་ཀྱི་པདྨོ་བརྟན་བཞུགས་གསོལ། །མི་ཤིག་དྭངས་མ་འགྱུར་མེད་རྡོ་རྗེའི་གུར། །ཟབ་གསལ་གཞོམ་མེད་ཨ་ཧམ་ཉི་ཟླའི་ཁྲིར། །འཕོ་མེད་གཟུང་འཇུག་རང་རིགས་དོན་གྱི་སྐུ། །འཆི་མེད་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །མཚན་དཔེ་སྐུ་ཡི་རྒྱལ་མཚན་ནུབ་མེད་བརྟས། །ཚེ་ཡི་གཡུང་རུང་ཉམས་མེད་སྲ་ཞིང་བརྟན། །མཛད་བཟང་ཡོན་ཏན་ཡར་ཟླ་བཞིན་དུ་འཕེལ། །འཕྲིན་ལས་གདུགས་དཀར་ཡོན་ཏན་དབྱིག་འཛིན་ཤོག །དེ་ལྟར་བདག་སོགས་རབ་དཀར་ལྷག་བསམ་གྱིས། །རྩེ་གཅིག་གསོལ་བ་བཏབ་པ་འདི་ཇི་བཞིན། །བསླུ་མེད་མཆོག་གསུམ་རྩ་གསུམ་རྒྱལ་རྒྱལ་སྲས། །ཀུན་གྱི་བདེན་སྟོབས་ནུས་པས་ཡོངས་གྲུབ་ཤོག །

ཅེས་གཉག་རིག་གསུམ་ལྡན་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་གང་དེར་གསང་བ་སྙིང་ཐིག་དབང་བཞི་ཡོངས་སུ་ས་བྱ་བྱང་ཆུབ་དུས་ཆེན་ལ་རྫོགས་པར་ནོས་པའི་དགའ་སྟོན་སྐབས་སུ་བསིལ་ལྗོངས་ཀྱི་ལ་སྟོད་དོན་གྲུབ་གླིང་དུ་ཕུལ་བའི་ཡིག་རིག་ནི་དམ་པའི་རིགས་འཁྲུངས་བློ་གྲོས་རབ་ཡངས་སྐུ་སྐྱེ་རིན་པོར་ཚེ་དབང་པདྨ་གསང་སྔགས་བསྟན་འཛིན་དཔལ་བཟང་པོས་བགྱིས་པ་དགེའོ། །དགེའོ། །དགེའོ། །

༈ ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་ཞབས་བརྟན་གསོལ་འདེབས།

ན་མོ་མུ་ལ་མ་ཧཱ་གུ་རུ་ཏིཥྛ་བཛྲ་ཧྲཱི༔ དག་པར་རབ་འབྱམས་མཐའ་ཀླས་ཕྱོགས་དུས་ཞིང་། །བཞུགས་པའི་རྒྱལ་དང་རྒྱལ་སྲས་བྱང་ཆུབ་སེམས། །དགུ་ལྡན་བླ་མ་རིག་འཛིན་གྲུབ་པའི་ཚོགས། །རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོ་ལྷ། །ལྡན་ཞིང་འདུ་སྔགས་ཉེར་འདུའི་དྷཀྐི་མ། །རྒྱལ་བསྟན་བསྲུང་མ་བཀའ་བཞིན་སྐྱོང་ཀུན་གྱི། །སླུ་མེད་དྲང་སྲོང་བདེན་ནུས་གཟི་བྱིན་མཐུས། །བརྟན་བཞུགས་འགྲུབ་པའི་མཐུན་འགྱུར་བྱིན་བརླབ་སྩོལ། །ཨེ་མ་ཧོ། ངོ་བོ་ཀ་དག་སྟོང་པ་ཀུན་བཟང་དབྱིངས། །རང་བཞིན་ལྷུན་གྲུབ་འོད་གསལ་རྡོ་རྗེ་སེམས། །ཐུགས་རྗེ་ཟུང་འཇུག་རིག་པ་པདྨ་འབྱུང་། །དབྱེར་མེད་ཟློས་བསྒྱུར་ནུས་ལྡན་རྡོ་རྗེ་ཡི། །འགྲོ་བའི་དོན་དུ་རྣམ་རོལ་སྒྱུ་མའི་གར། །མཚུངས་མེད་མཆོག་སྤྲུལ་འདྲེན་མཆོག་འཁོར་ལོའི་མགོན། །རིག་པ་འཛིན་པ་བསོད་ནམས་ལྡེའུ་བཙན་ཉིད། །འགྱུར་མེད་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །མཐོང་བས་བསྐུལ་ཞིང་ནུས་པ་རྨད་བྱུང་སྐུ། །ནོར་བུ་གཙུག་ཏོར་ནམ་མཁའ་འཁོར་ལོའི་མཐར། །བདེ་ཆེན་ཁམ་གྱི་དྭངས་མས་ཡོངས་གང་གི །ངོ་མཚར་རྡོ་རྗེའི་སྐུ་མཆོག་བརྟན་བཞུགས་གསོལ། །ཐོས་པས་སྨིན་གྲོལ་སར་སྦྱོར་རྨད་བྱུང་གསུང་། །མཆོག་ཕྲའི་མདུད་ཞིག་ལས་རླུང་དུས་སྦྱོར་འགག །ཡེ་ཤེས་དག་རླུང་གསུང་གསང་འཁོར་ལོས་བསྒྱུར། །ངོ་མཚར་རྡོ་རྗེའི་གསུང་མཆོག་བརྟན་བཞུགས་གསོལ། །དྲན་ཙམ་བྱིན་རླབས་མཆོག་བཙོལ་རྨད་བྱུང་ཐུགས། །ཆོས་ཉིད་ཀྱིས་གང་འབྲི་བ་ཡོངས་བྲལ་བ། །ཟང་གསང་ཏིང་གསལ་བརྗོད་འདས་ཐིག་ལེ་ཆེ། །གསང་གསུམ་མཛོད་ལ་མངའ་བརྙེས་ཆོས་ཀྱི་རྗེ། །དུས་གསུམ་མངོན་གཟིགས་མཁྱེན་གཉིས་སྤྱན་ཡངས་པ། །རྒྱལ་བ་ཡོངས་དབང་རྒྱལ་བའི་འཕྲིན་ལས་པ། །པད་འབྱུང་ཧཱུྃ་མཛད་རིག་པའི་ཁྱེའུ་ཆུང་འཕྲུལ། །དཀྱིལ་འཁོར་ཡོངས་གཙོ་གསང་བདག་ཧེ་རུ་ཀ །རྒྱལ་བའི་སྲས་གྱུར་རྒྱལ་ཀུན་གདུང་འཚོབ་དཔལ། །འགྲོ་འདུལ་ནུས་ལྡན་བསོད་ནམས་ལྡེའུ་བཙན། །རྡོ་རྗེ་འཛིན་ཁྱེད་བདག་སོགས་འགྲོ་བའི་དོན། །མི་ཤིག་རྡོ་རྗེའི་དཀྱིལ་འཁོར་དཀྲིག་པའི་དབུས། །དྭངས་མ་ལྔ་འདུས་མི་འགྱུར་གཡུང་དྲུང་ལྟེར། །མི་འཇིགས་འཆི་མེད་ཨཿཧཾཿན་དའི་དབྱིངས། །བདེ་ཆེན་འཕོ་མེད་འཆི་བདག་གཡུལ་ལས་རྒྱལ། །གསང་ཆེན་རིང་ལུགས་པ་ཡི་ཟླ་བའི་ཁྲིར། །མི་རྙིང་རྩལ་ལྡན་གདོང་ལྔས་བཏེགས་པའི་སྟེང་། །ཞབས་པད་བསྐལ་བརྒྱའི་བར་དུ་འཚོ་ཞེས་བརྟན། །མཛད་འཕྲིན་བཟང་པོའི་གདུགས་དཀར་ནོར་འཛིན་ཁྱབ། །ལོག་པའི་མདའ་ལྔ་ས་ཡི་དལ་བྱིན་བཅོམ། །བསྟན་པའི་སྒྲོན་མེ་ནུབ་མེད་རྟག་བརྟན་ཤོག །འདི་ལྟར་བདག་གི་ལྷག་བསམ་རབ་དཀར་བའི། །སྙིང་ནས་ཟོལ་མེད་གསོལ་འདེབས་བདེན་ཚིག་མཐུས། །རྩ་བའི་བླ་མའི་སྐུ་ཚེ་མཛད་ཕྲིན་ཀུན། །ཉམས་མེད་བསྐལ་པའི་བར་དུ་བརྟན་གྱུར་ནས། །བསྐལ་བཀའ་སྲིད་པའི་ཆུ་བོ་འཁྲུག་པ་ལས། །དམ་པ་ཁྱེད་ཀྱི་ཐུགས་རྗེས་གྲུར་བརྟེན་ནས། །གཏན་བདེ་བྱང་ཆུབ་འོད་གསལ་རྡོར་སྙིང་པར། །མཁའ་མཉམ་འགྲོ་ཀུན་ཡོངས་སུ་གྲོལ་བར་ཤོག །

ཅེས་པད་འབྱུང་བདུད་འདུལ་རྡོ་རྗེ་བསམ་བཞིན་དུ་སྐུ་བཞེངས་པ་མདོ་ཁམས་ས་ཡི་ཐིག་ལེ་ཀཿཐོག་རྡོ་རྗེ་གདན་གྱི་གསེར་ཁྲིར་ཆོས་ཀྱི་འཁོར་ལོས་སྒྱུར་བ་རིག་འཛིན་རྒྱལ་བའི་སྲས་བསོད་ནམས་ལྡེའུ་བཙན་རྡོ་རྗེ་འཆང་ཆེན་པོའི་དེ་ཉིད་སྐུ་ཚེ་དང་ཞབས་པད་བརྟན་པའི་ཕྱིར་དང་ཕྱོགས་ཀུན་ཏུ་རྒྱུ་བའི་སྔགས་སྨྱོན་ཚེ་དབང་ནོར་བུ་ཡིས་ཆུ་སྟག་ནོར་ཟླ་དང་པོའི་ཚེས་བཟང་གསུམ་ལ་འདྲེན་མཆོག་བླ་མའི་བསྟི་གནས་རོལ་ལམ་དུ་བྲིས་རྟེན་གདན་རྡོ་རྗེའི་དེ་ཝཱ་ཅན་གྱིས་མཚོན་དེ་ཕུལ་བ་བཀྲ་ཤིས། དགེའོ། །

༈ པདྨ་ཕྲིན་ལས་འགྲོ་འདུལ་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཚེ་དཔག་ཡབ་ཡུམ་འཆི་མེད་པདྨ་འབྱུང་། །རབ་འབྱམས་རྡུལ་སྙེད་རྒྱལ་དང་རྒྱལ་སྲས་ཆེ། །དེས་གསུང་བརྟེན་ལ་སྤྱོད་དང་བསྲུང་མའི་ཚོགས། །ཀུན་གྱི་བདག་སྨོན་འདི་འགྲུབ་ནུས་བྱིན་སྩོལ། །པད་འབྱུང་རྡོར་སེམས་ཐུགས་ཀྱི་ཡེ་ཀློང་ནས། །མ་འགག་ཧཱུྃ་དཀར་རིག་པའི་ཁྱེའུ་ཆུང་། །འཕྲིན་ལས་རྣམ་རོལ་སྤྲུལ་བསྒྱུར་རིག་པ་འཛིན། །འགྲོ་འདུལ་གཞན་ཕན་ནུས་ལྡན་རྡོ་རྗེ་སྩལ། །རབ་འཆང་རྡོ་རྗེ་འཛིན་གྱུར་དམ་པ་ཁྱེད། །བདག་སོགས་གདུལ་བྱའི་དོན་དུ་བསྐལ་པ་བརྒྱར། །མི་ཤིག་རྡོ་རྗེའི་གུར་ཆེན་གཏམས་པའི་དབུས། །འགྱུར་མེད་རྡོ་རྗེའི་དཀྲིགས་པའི་གདན་མཆོག་ལ། །སྐུ་ཡི་ཞབས་པད་གསེར་ལྷུན་ལྟར་དུ་བརྟན། །གསུང་ཆོས་བཅུ་གཉིས་ཁྱིམ་བདག་བཞིན་དུ་ཁྱབ། །ཐུགས་མཁྱེན་མཁའ་ལྟར་ཁེངས་བཞིན་འགྲོར་བརྩེ་བས། །གཟིགས་ནས་བརྟན་པར་བཞུགས་ལ་གསོལ་བ་འདེབས། །སྐུ་ཚེ་ལྷ་རྫིང་བཞིན་དུ་རབ་ཏུ་བརྟན། །མཛད་པ་ཡར་ཟླ་བཞིན་དུ་གོང་འཕེལ་རྒྱས། །འཕྲིན་ལས་ཆུ་གཏེར་བཞིན་དུ་ཡོངས་སུ་ཁྱབ། །སྙན་པ་དབྱར་རྔ་བཞིན་དུ་གྲགས་གྱུར་ནས། །ཟབ་གཏེར་ཆོས་ཀྱི་ཉི་འོད་རབ་བརྡལ་སྟེ། །ལུས་མེད་སྙིང་སྟོབས་ཅན་གྱིས་དལ་བྱིན་བཅོམ། །སྐལ་ལྡན་རེ་ཡིད་གཉིས་ཚིམས་ཡིད་དགའ་བྱེད། །དོན་གཉིས་མ་རྒྱུ་བཅུད་དུ་ལོངས་གྱུར་ཅིག །བརྒལ་དཀའ་འཁོར་བའི་རྒྱ་མཚོ་འཁྲུག་པ་ལས། །འགྲོ་རྣམས་དེད་དཔོན་མཆོག་ཁྱེད་ཐུགས་རྗེ་ཡི། །གྲུ་རྫིང་ཆེ་ལ་བརྟེན་ནས་གཏན་བདེ་བ། །རིན་ཆེན་གླིང་དུ་ཡོངས་སུ་ཕྱིན་པར་ཤོག །

ཅེས་པད་འབྱུང་བདུད་འདུལ་རྡོ་རྗེ་དང་རཀྴི་གཏེར་སྟོན་པདྨ་རིག་འཛིན་གཉིས་སུ་མེད་པའི་སྤྲུལ་གར་དུ་གྱུར་ཞིང་ཟབ་གཏེར་མཆོག་ལ་ལོངས་སྤྱོད་པའི་པདྨ་འཕྲིན་ལས་འགྲོ་འདུལ་སྩལ་ལམ། ཀརྨ་བཛྲ་དུ་གྲགས་པར་བརྟན་བཞུགས་སུ་གསོལ་བ་འདེབས་པར་ཕྱོགས་ཀུན་རྒྱུའི་སྔགས་འཆང་རིག་འཛིན་ཟོལ་འཆང་ཚེ་དབང་ནོར་བུ་པདྨ་གར་དབང་ཡོངས་འདུལ་རྡོ་རྗེ་དྲག་པོ་རྩལ་གྱིས་ཤིང་སྤྲེལ་ཟླ་བའི་ཚེས་བཟང་གསུམ་ལ་སྤུ་བོ་རྫོང་མགོར་བྲིས་ནས་ཕུལ་བ་དགེའོ། །སརྦ་མངྒ་ལཾ། གདན་སའི་དྲུང་སྐལ་བཟང་ཨུ་རྒྱན་བསྟན་འཛིན་ལགས།

༈ ཨོ་རྒྱན་ཆོས་དབང་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཆོས་ཉིད་མཁའ་ལས་ཐུགས་རྗེའི་རོལ་པ་ཡི། །རང་སྩལ་གཟུགས་སྐུ་མཚན་ལྡན་མི་ལ་རྗེ། །སྐལ་བ་བཟང་ལྡན་ཨོ་རྒྱན་ཆོས་དབང་ཁྱེད། །མི་འགྱུར་རྡོ་རྗེ་ཁྲི་ལ་བརྟན་བཞུགས་གསོལ། །སྐུ་མཆོག་མི་གཡོ་རྡོ་རྗེའི་རི་བ་ལྟར། །འཕོ་མེད་གདུགས་དཀར་ཡོངས་སུ་ཁྱབ་པ་བཞིན། །བསྟན་དང་བསྟན་འཛིན་ཆབ་སྲིད་རྒྱས་གྱུར་ཅིག །རབ་གནས་རྡོ་རྗེའི་སྐུ་གཟུགས་བརྟན་བཞུགས་གསོལ། །གསུང་མཆོག་འགག་མེད་ཡན་ལག་དྲུག་ཅུའི་སྒྲས། །དམ་ཆོས་ཆོས་ཆར་འབེབ་ལ་མཁས་གྱུར་ཏེ། །སྐལ་ལྡན་ཡོངས་སུ་ཚིམ་དེ་སྨིན་བྱེད་པའི། །གསུང་གི་རྡོ་རྗེ་མི་འགྱུར་བརྟན་བཞུགས་གསོལ། །ཐུགས་མཆོག་རང་འབྱུང་ཁྱབ་བརྡལ་དག་པའི་ཀློང་། །འགྲོ་ལ་བརྩེ་བ་གཟིགས་པའི་ཐུགས་རྗེ་བདག །ཡོངས་སུ་ཁྱབ་པ་འགྲོ་བའི་གཉེན་ཇི་བཞིན། །འཕོ་མེད་རྣམ་ཀུན་རྡོ་རྗེ་བརྟན་བཞུགས་གསོལ། །དེ་ལྟར་ཞིང་འདིར་སྐུ་གསུང་ཐུགས་མཆོག་ཉིད། །མི་འགྱུར་བསྟན་པར་བཞུགས་ནས་འགྲོ་བའི་དོན། །འབད་མེད་ལྷུན་གྲུབ་ཐེག་བསྟན་རབ་རྒྱས་ཤིང་། །འཕྲིན་ལས་མཐར་པྱིན་འགྲོ་རྣམས་སྨིན་གྲོལ་དུ། །གྱུར་ནས་བསྟན་པ་ནུས་མེད་རྟག་བརྟན་ཤོག །

ཅེས་འདི་ཉིད་གསེར་འཆང་མེ་བྱི་དབྱར་ཟླ་སྟོན་པ་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་པའི་དུས་ཆེན་ཚེས་བཅོ་ལྔ་དེར་སྤྲང་བན་ཚེ་དབང་ནོར་བུས་ཕུལ་བའོ། །

སྐུ་དྲུང་དུ། ཚོགས་བསགས་མཎྜལ་དངོས་པོའི་རྒྱུར་གྱུར་པ། །རབ་དཀར་གོས་ཆེན་སྔོན་པོ་བཟང་སྒྲོམ་གསུམ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ། །བདག་རྒྱུད་བྱིན་གྱིས་བརླབས་པར་མཛད་དུ་གསོལ། །རྣམ་དག་གྲིབ་བྲལ་ངོ་བོ་ཀ་དག་ཆོས་ལས་ནི། །རྣམ་ཀུན་མགོན་གྱུར་དཔལ་ལྡན་བླ་མ་གང་ཁྱེད་ཉིད། །བསྐལ་པ་རྒྱ་མཚོའི་མངོན་པར་ནས་སྲི་མོང་ཀུན། །རྣམ་གྲོལ་རྒྱ་མཚོའི་ས་ལ་བདག་སོགས་དཀྲིར་གསོལ་ཞེས། །

ཞེས་ས་མོ་ཕག་མོ་ཟླ་བ་དང་པོའི་ཚེས་རྣམ་པར་དགེ་བ་ལ་བཀའ་དྲིན་ཅན་ཨོ་རྒྱན་རྣམ་གྲོལ་ཞབས་སུ་ཚེ་དབང་ནོར་བུས་འཕུལ་བའོ། །སརྦ་མངྒ་ལཾ། བཀྲ་ཤིས།

༈ བླ་མ་ཨུ་རྒྱན་ལྷུན་གྲུབ་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། དཀོན་མཆོག་རྩ་གསུམ་རྒྱལ་དང་རྒྱལ་བ་སྲས། །ཀུན་དངོས་སྐྱབས་གཅིག་རིག་འཛིན་པདྨ་འབྱུང་། །ཡབ་ཡུམ་སྤྱན་སྔར་རྒྱལ་སྲས་སད་ན་ལེགས། །དམ་པའི་སྐྱེ་འཕྲེང་སྨོན་ལམ་བཟང་པོའི་མཐུས། །དོན་ཉིད་ལྷུན་གྲུབ་རིག་འཛིན་གདུང་འཚོབ་ཆེ། །གསང་ཆེན་སྙིང་པོའི་སྒྲོན་མེ་དམ་པ་ཁྱེད། །གདུལ་བྱའི་དོན་དུ་བསྐལ་པ་རྒྱ་མཚོའི་བར། །མི་འཇིགས་སེངྒེ་སྲ་བརྟན་རྡོ་རྗེའི་ཁྲིར། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། །ཞབས་པད་བརྟན་པའི་གསོལ་འདེབས་འགྲུབ་པར་ཤོག །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབས་ཏུ་བརྟན། །བསྟན་པ་འབྲི་མེད་ཡར་ཟླ་ལྟར་དུ་འཕེལ། །བསྟན་པའི་གདུལ་བྱ་སྐར་ཚོགས་བཞིན་དུ་བཀྲ། །བསྟན་སྙིང་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །

ཅེས་རིག་འཛིན་རོལ་པ་རྡོ་རྗེའི་རིགས་ཀྱི་གཅུང་ཆོས་ཀྱི་སྲས་དམ་པར་གྱུར་པ། བླ་མ་ཨུ་རྒྱན་ལྷུན་འགྲུབ་ལ་རྟེན་འབྲེལ་གྱི་ཆེད་དུ་རྣམ་པ་དཀར་བའི་ལྷ་རེག་དགོངས་པ་འདུས་པའི་གླེགས་བམ་ཚོགས་ཀྱི་འཁོར་ལོ་དང་བཅས་དེ་མདོ་ཁམས་ཀཿཐོག་གི་སྟག་ཕུ་རིག་འཛིན་གྱི་བར་དུ་སྤྱོད་འཆང་བ་ཚེ་དབང་ནོར་བུས་ཁྲོ་ལོ་ས་གའི་ཚེས་བཟང་ལ་ཕུལ། སརྦ་མངྒ་ལཾ།

༈ ནུབ་དགོན་པདྨ་རིག་འཛིན་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྣམ་ཀུན་མཆོག་ལྡན་གདོད་མའི་ཡེ་ཤེས་སར། །འཕོ་བ་ཆེ་བརྙེས་ལྔ་རིག་དྲི་མེད་ཤེས། །དུས་འདིར་ངུར་སྨྲིག་གིས་སྒེག་དགེ་བའི་བཤེས། །རིག་འཛིན་དབང་རྒྱལ་བསྐལ་བརྒྱར་ཞབས་བརྟན་ཤོག །རྒྱལ་གསུང་ཆུ་གཏེར་དབུས་ནས་སྔ་འགྱུར་གྱི། །རིང་ལུགས་འཛིན་པ་གདེངས་ཅན་དབང་པོ་རྩེར། །ཡིད་བཞིན་དབང་ལྟར་མངོན་མཐོ་བླ་མ་རྗེ། །སྐུ་ཚེ་སྙིང་ནས་བརྟན་པར་གསོལ་བ་འདེབས། །མཁྱེན་རྩེ་འཇམ་མགོན་སྡོམ་བརྩོན་ཞི་བ་འཚོ། །གྲུབ་པས་པདྨ་ཀ་རའི་རྗེ་འགྲོ་བ། །མཁས་བཙུན་བཟང་པོའི་ཡོན་ཏན་ཡོངས་རྫོགས་པའི། །རྡོ་རྗེ་འཛིན་དབང་ཁྱོད་ཞབས་རྟག་བརྟན་ཤོག །གཅམ་བུ་མ་ཡིན་སྙིང་ནས་གུས་པ་ཡིས། །དད་ལྡན་སློབ་མས་གསོལ་བ་བཏ་པའི་དོན། །ཇི་བཞིན་མགོན་ཁྱོད་སྐུ་ཚེ་བརྟན་པ་དང་། །སྙིང་པོའི་བསྟན་པ་དབྱར་མཚོ་ལྟར་རྒྱས་ཤོག །

ཅེས་རྩ་བའི་བླ་མ་རྡོ་རྗེ་འཆང་དང་རྣམ་དབྱེར་མེད་པའི་ནུབ་དགོན་པ་པདྨ་རིག་འཛིན་དབང་རྒྱལ་གང་གི་ཞབས་པད་བརྟན་པའི་གསོལ་འདེབས་འདི་ནི་བོད་ཆེན་དབུས་འགྱུར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྐྱེས་པའི་རིག་སྔགས་འཆང་བ་ཚེ་དབང་ནོར་བུས་ལྕགས་ཕག་ཟླ་བའི་ཚེས་བཟང་པོར་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་དུ་སྨྲས་པའི་ཡི་གེའི་གཟུགས་སུ་བསྒྱུར་བ་པོ་ནི་ལས་སྨོན་རྣམ་པར་དག་པའི་མཐུ་བསྐལ་བཟང་པོར་གྱུར་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོའི་བགྱིས་པ་དགེའོ། །དགེའོ། །དགེའོ། །

༈ འཇམ་དབྱངས་ཕྲིན་ལས་རབ་བརྟན་གྱི་ཞབས་བརྟན་གསོལ་འདེབས།

རྒྱལ་ཀུན་ཡེ་ཤེས་སྤྱི་གཟུགས་རྡོ་རྗེ་ཅན། །སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་རོལ་པ་ལས། །ཡོངས་ཤར་སྤྲུལ་པའི་ཟློས་གར་མི་ཡི་གཟུགས། །གྲུབ་པའི་ཤིང་རྟ་མཆོག་དེར་གསོལ་བ་འདེབས། །གང་འདུལ་གདུལ་བྱའི་དོན་དུ་སྣང་བའི་ཚེ། །བསམ་བཞིན་སྐྱེ་བའི་ཕྲེང་བ་ཡོངས་གཟུང་ནས། །གཞན་ཕན་རྒྱ་ཆེར་མཛད་པའི་བདག་ཉིད་ཆེ། །འདྲེན་མཆོག་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །བསམ་བཞིན་སྐྱེ་བ་གཙང་མའི་རྫིང་བུ་རུ། །ཐོས་པ་རྒྱ་མཚོའི་འོ་མཚོར་རབ་འཁྱིལ་བར། །བསམ་པའི་ལྦུ་ཕྲེང་བྱེ་བ་རབ་གཡོ་ཞིང་། །བསྒོམ་པའི་ཟླ་རིམ་ཅན་དེར༴ བླ་མའི་བྱིན་རླབས་མངའ་ནས་ལེགས་ཐོན་པའི། །སྒྲིབ་མེད་ཕྱག་རྒྱ་ཆེན་པོ་གྲུབ་པའི་སྐུ། །རྟེན་འབྲེལ་རལ་པའི་ཅོད་པན་འཁྲོལ་བཞིན་དུ། །རོ་སྙོམས་བརྒྱན་འཆང་དཔའ་འོར༴ གཙུག་ཏོར་རྩེ་མོར་རང་རིག་རྗེ་སྙེམས་ནས། །གཉུག་མའི་ལག་ལ་མི་ཕམ་མགོན་པོ་ཡི། །རིག་པ་དྲི་མེད་རྡོར་དྲིལ་ཅིར་ཡང་བསྒྱུར། །རྒྱལ་བའི་རྒྱལ་ཚབ་མཆོག་དེར༴ འཇིགས་མེད་དགའ་བའི་བཞེད་གཞུང་ཟླ་ཚེས་དང་། །གནས་ལུགས་ནོར་བུ་མཆོག་སྤྲས་དོ་གེར་ཅན། །དཔེ་མེད་སྤྲོས་བྲལ་དགའ་མ་ལ་འཁྱུད་པ། །ཧེ་རུ་ཀ་དཔལ་བླ་མར༴ དེ་ལྟར་འཇམ་དབྱངས་ཕྲིན་ལས་རབ་བརྟན་མཆོག །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཞིང་འདིར་ཞབས་པད་བསྐལ་བརྒྱར་བརྟན་ནས་ཀྱང་། །བདག་སོགས་གདུལ་བྱ་སྨིན་གྲོལ་མཆོག་ཐོབ་མཛོད། །

ཅེས་རྗེ་བླ་མ་དམ་པ་འཇམ་དབྱངས་ཕྲིན་ལས་རབ་བརྟན་ལ་གུས་པ་ཆེན་པོས་མདོ་ཁམས་དབུས་འགྱུར་འཆང་གི་སྔགས་འཆང་ཚེ་དབང་ནོར་བུས་ཕུར་བུ་དབྱུ་གུ་ཟླ་བའི་ཚེས་བཟང་བཅུ་ལ་ཕུལ་བ་སརྦ་མངྒ་ལཾ།

༈ གྲལ་མཚོ་སྤྲུལ་སྐུའི་ཞབས་བརྟན་གསོལ་འདེབས།

ཨོཾ་མཆོག་གསུམ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་རྗེས་བྱིན་རླབས་བདེན་ནུས་གཟི་བྱིན་གྱིས། །དཔལ་ལྡན་བླ་མ་མཆོག་གི་སྤྲུལ་སྐུ་ཁྱེད། །སྐུ་ཚེ་བར་ཆད་མཐའ་དག་ཡོངས་ཞི་ནས། །མཛད་པ་ཉམས་མེད་ཡོན་ཏན་གོང་དུ་འཕེལ། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་གྱུར་ཅིག །ཟབ་གསང་ཆོས་ཀྱི་ཉི་མ་ཕྱོགས་མཐར་བརྡལ། །ཀུན་ཏུ་ཀུན་ནས་འཕེལ་བའི་བཀྲ་ཤིས་ཤོག །

ཅེས་གྲལ་མཚོ་སྤྲུལ་སྐུར་རིག་སྔགས་འཛིན་པ་ཚེ་དབང་ནོར་བུས་ཕུལ་བ་མངྒ་ལཾ།

༈ ཕྲིན་ལས་རབ་བརྟན་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། དཔལ་ལྡན་གྲུབ་པའི་དབང་ཕྱུག་འཁོར་ལོའི་མགོན། །དོན་རྒྱུད་སྙིང་པོ་སྟོན་པ་རྡོ་རྗེ་འཆང་། །བྱིན་རླབས་ཆུ་བོ་འདྲེན་པའི་ཤིང་རྟ་ཆེ། །རྩ་བའི་བླ་མ་འཕྲིན་ལས་རབ་བརྟན་ཞབས། །གདུལ་བྱའི་དོན་དུ་བསྐལ་པ་རྒྱ་མཚོའི་བར། །ཞབས་པད་བརྟན་གནས་སྨིན་གྲོལ་ཆོས་ཀྱི་ཆར། །ལེགས་སྩལ་ཟུང་འཇུག་མྱུར་ཐོབ་བྱིན་གྱིས་རློབས། །

ཞེས་ཡོངས་འཛིན་དམ་པའི་ཞབས་པད་དུ་ཚེ་དབང་ནོར་བུས་ཕུལ་བ་དགེའོ། །

༈ མ་ཧཱ་པཎྜི་ཏ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི་སིདྷི་རསྟུ། གྲུབ་པ་མཆོག་ཏུ་གྱུར་པ་རྒྱལ་བའི་བསྟན། །སྙིང་པོ་རྟོག་པ་སྒྲུབ་བརྒྱུད་དོན་གྱིས་བདག །དཔལ་ལྡན་སྤྲིན་གྲ་ཅན་གྱི་བསྟན་པ་མཆོག །འཛིན་སྐྱོང་སྤེལ་ལ་གཡེལ་མེད་སྙིང་སྟོབས་ཅན། །སྔོན་བསགས་སྨོན་ལམ་དག་པའི་མཐུ་བྱིན་གྱིས། །དམ་པ་བསྟན་མཁས་ཐ་སྙད་གཙུག་ལག་ཀུན། །ཡོངས་སུ་འཛིན་མཁས་མ་ཧཱ་པཎྜི་ཏ། །ངག་དབང་བཀྲ་ཤིས་རྣམ་པར་རྒྱལ་བའི་ཞབས། །བསྟན་འགྲའི་དོན་དུ་ཞིང་འདིའི་གདུལ་བྱའི་དོན། །སྐུ་ཚེ་འཇིག་མེད་རྡོ་རྗེ་ལྟར་བརྙེས་ཤིང་། །མཛད་འཕྲིན་བཟང་པོ་ཡར་ངོའི་ཟླ་བ་ལྟར། །འཕེལ་རྒྱས་བསྐལ་པའི་བར་དུ་གནས་གྱུར་ཅིག །

ཅེས་རང་ཉིད་ཐ་སྙད་གཙུག་ལག་མ་ལུས་པའི་བློ་སྣང་རྒྱས་པར་བྱེད་པ་བཀའ་དྲིན་ཟླ་མེད་ཀྱི་རེ་པཎྜི་ཏ་འཇིག་རྟེན་མིག་གང་གི་ཞབས་བརྟན་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་བག་ཡོད་ཆུ་གླང་ལྷ་བབ་ཟླ་བའི་ཚེས་བཟང་པོར་ཕུལ་བ་མངྒ་ལཾ། བྷ་ཝནྟུ།

༈ དགའ་ལྡན་ངག་དབང་རིན་ཆེན་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ངག་གི་དབང་ཕྱུག་ཚད་མེད་ཐུགས་རྗེ་གཏེར། །ཡོངས་འཛིན་རིན་ཆེན་རྒྱལ་བསྟན་གསལ་བྱེད་ནི། །སྨྲ་བའི་སེངྒེ་ངག་དབང་རིན་པོ་ཆེ། །གདུལ་བྱའི་དོན་དུ་བསྐལ་བརྒྱར་ཞབས་བརྟན་གསོལ། །གངས་ཅན་མགོན་པོ་བློ་བཟང་གྲགས་པ་ཡིས། །ལྟ་གྲུབ་སྐྱོང་ལ་འཇིགས་མེད་སྙིང་སྟོབས་ཅན། །བསྟན་པ་ཡོངས་རྫོགས་བསླབ་གསུམ་འཛིན་པའི་དཔལ། །མཁས་པའི་ཁྱུ་མཆོག་ཁྱོད་ཞབས་བསྟན་གྱུར་ཅིག །

ཅེས་དགའ་ལྡན་ཕུན་ཚོགས་གླིང་གི་རིང་ལུགས་སྨྲ་བའི་ཁྱུ་མཆོག་དམ་པ་ངག་དབང་རིན་ཆེན་ཞབས་ཀྱི་བརྟན་བཞུགས་སུ་ཚེ་དབང་ནོར་བུས་སྙིང་ནས་གུས་པས་གསོལ་བ་འདེབས་པར་རྟེན་དོན་ལྡན་དུ་གྱུར་ཅིག །མངྒ་ལཾ། དགེའོ། །

༈ ཀརྨ་པ་ཡབ་སྲས་ཀྱི་ཞབས་བརྟན་གསོལ་འདེབས།

རྒྱལ་ཀུན་ཐུགས་ཕྲིན་གཅིག་བསྡུས་སངས་རྒྱས་པད་འབྱུང་གི །རྡོ་རྗེའི་གསུང་གི་རབ་བསྔགས་གངས་ཅན་འགྲོ་བའི་མགོན། །སྙིགས་དུས་ཉམ་ཐག་འགྲོ་རྣམས་སྐྱོང་བར་མཁྱེན་བརྩེ་ནུས། །གཞན་ལས་ལྷག་པའི་མཐུ་ཐོབ་དཔལ་ལྡན་བླ་མ་མཆོག །མགོན་པོ་ཚེ་འོད་དཔག་མེད་རྣམ་སྤྲུལ་ཆོས་དོན་འགྲུབ། །རྒྱལ་བའི་དབང་ཕྱུག་བསྐྱོད་མེད་བྱང་ཆུབ་རྡོ་རྗེ་སེམས། །ཐམས་ཅད་མཁྱེན་ལམ་མ་ནོར་ས་མཁན་གང་ཁྱེད་ལ། །རྩེ་གཅིག་གུས་པའི་སློབ་བུའི་སྙིང་ནས་གསོལ་འདེབས་ཀྱི། །ཞིང་འདིའི་འགྲོ་ཕྱིར་སྐུ་ཚེ་བསྐལ་པ་རྒྱ་མཚོའི་བར། །ཞབས་པད་མཚོ་བར་གྱུར་ཅིག་དཀོན་མཆོག་གསུམ་གྱིས་མཐུས། །ཐུགས་ཀྱི་བཞེད་དོན་ཡོངས་གྲུབ་མཛད་འཕྲིན་ཆུ་གཏེར་གོས་ཀུན་ཁྱབ། །གངས་ལྗོངས་བསྟན་འགྲོའི་ཕན་བདེའི་ཉིད་ཁྱོན་ཡུན་གནས་ཤོག །

ཅེས་ཡབ་སྲས་ཀྱི་ཞབས་བརྟན་གསོལ་འདེབས་འདི་ཉིད་མཚུར་ཕུ་བཞི་པ་གྲྭ་ཚང་གི་སློབ་དཔོན་སྙིང་པོ་དར་མ་དཔལ་འབྱོར་གྱིས་ནན་ཏུ་བསྐུལ་ངོར། གུ་རུ་པདྨའི་གཞུང་ལུགས་འཆང་ཞིང་ཀརྨ་ཀ་ལ་མི་ཚད་གུས་པའི་བློ་ལྡན་རིག་འཛིན་ཚེ་དབང་ནོར་བུས་འཛམ་གླིང་སའི་ཐིག་ལེ་ཆུ་བཞི་མགོ་གངས་རི་ཏི་སེའི་ངོགས་སུ་ལྕགས་ཀྱི་སྣྲོན་ཟླ་བའི་ཚེས་བཟང་པོར་སྨྲས་པའི་སིདྷི་རསྟུ།

༈ སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རབ་སངས་ཆེར་བརྒྱས་བདུད་རྩིའི་འབྱུང་གནས་མགོན། །རབ་ལེགས་རྟག་ཞི་བདུད་རྩི་དམ་པའི་ཆོས། །རབ་བསྐྲད་ཚོགས་མཆོག་བདུད་རྩི་སྤྱོད་པའི་དཔང་། །རབ་མཆོག་བླ་མེད་བདུད་རྩིའི་རྟག་བསྲུང་མཛོད། །ཕུང་པོའི་བདུད་བཅོམ་དཀྱིལ་འཁོར་འོད་གསལ་སྐུ། །འཆི་བདག་ཡོངས་ཡོངས་མི་ཤིག་སྙིང་པོའི་ཁམས། །ཉོན་མོངས་ཀུན་བྲལ་འགྱུར་མེད་བདེ་བ་ཆེ། །ལྷ་བུའི་བདུད་བཅོམ་འདོད་དགུའི་དབང་ཕྱུག་ཆེ། །བདག་གཙང་རྟག་བདེ་རྒྱལ་བ་ཚེ་དཔག་མེད། །གཅིག་དང་དུ་མའི་སྤྲོས་བྲལ་མཁའ་ཁྱབ་གཟུགས། །དྲི་མེད་རང་གི་ངོ་བོར་རོ་གཅིག་པ། །བདེན་གཉིས་ཟུང་འཇུག་ཚེ་དབང་མཆོག་གི་གཏེར། །བསླུ་མེད་མཆོག་ཏུ་བདེན་པ་དེ་ཡི་མཐུའི། །འཇིག་རྟེན་མིག་གྱུར་འགྲོ་འདྲེན་བླ་མ་མཆོག །ཆོས་ཀྱི་འབྱུང་གནས་གཟུགས་སྐུ་གདུལ་བྱའི་ངོར། །འཆི་མེད་སྐལ་ཆེན་ཡུན་དུ་བརྟན་གསོལ་འདེབས། །མ་གྲུབ་བཞིན་སྣང་རིས་མེད་འགྲོ་བ་ཀུན། །དམ་པ་མཆོག་དེའི་གདུལ་བྱ་གཅིག་ཏུ་ཟླུམ། །དད་མོས་གུས་ཐོབ་སྐལ་བཟང་ལམ་ལ་སྤྱོད། །ཚེ་གཅིག་འཆིམེད་མགོན་པོའི་གནས་ཐོབ་ཤོག །འཆི་མེད་ལམ་གྱི་འཇུག་ངོགས་བདེ་བ་ཆེ། །ཕྱིར་མི་ལྡོག་པ་ངེས་དོན་སྙིང་པོའི་གཏམ། །ཐུན་དྲུག་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །སྤྱོད་པ་ཁོ་ནས་ས་གསུམ་ཁེངས་པར་ཤོག །བདེ་ལེགས་ཀུན་གྱི་འབྱུང་གནས་བྱང་ཆུབ་སེམས། །བདེ་བ་ཉམ་མེད་རྒྱལ་བའི་རྒྱལ་སྲིད་ཆེ། །བདེ་ཆེན་བསམ་གྱིས་མི་ཁྱབ་གནས་ཐོབ་ནས། །བདེ་བའི་གནས་དེར་སེམས་ཅན་ཀུན་བཀོད་ཤོག །

ཅེས་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་མཆོག་གི་ཞབས་པད་ཡུན་རིང་དུ་འཚོ་ཞིང་བསྟན་པའི་སླད་དུ་དཀར་པོའི་ལོ་ཞལ་གསར་དུ་འཆར་བ་རྒྱལ་གྱི་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོ་ལ་མཉམ་བཞག་གི་ངང་དུ་གང་ཤར་ལྷུག་པར་སྐད་ཅིག་མར་རིག་འཛིན་ཚེ་དབང་ནོར་བུས་འཆི་མེད་བརྙེས་པ་རས་པ་ཡབ་སྲས་ཀྱི་བསྒྲུབ་གནས་མངའ་རི་གུང་ཐང་ཟ་འོག་ཕུག་ཏུ་བཀོད་ནས་ཕུལ་བ་ཀུན་ཏུ་དགེ་ལེགས་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། བྷ་ཝནྟུ།

ཀུན་མཁྱེན་བླ་མ་མཆོག་གི་ཞབས་པད་དུ་སྐུ་ཚེ་རྡོ་རྗེའི་རི་བོ་ལྟར་བརྟན་པའི་གསོལ་འདེབས་ཚིགས་སུ་བཅད་པ་ཕུལ་བའི་རྟེན་ཅིང་འབྲེལ་འབྱུང་རྟེན་གྱི་མཚོན་བྱེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་བརྙན། འཕགས་ཡུལ་མ་ཧཱ་སིདྷཱ་དགོང་མོ་ལྔ་བརྒྱ་དང་བརྒྱད་ཅུ་བཞུགས་པར་གྲགས་པ་མི་ཕམ་མགོན་པོའི་རྣམ་པར་ཐར་པ་རྒྱས་པའི་རྩིས་སུ་བྱས་པ་འཕྲོས་བཞི་བྱེད་ཀྱི་སྐོར་ཁ་ཤས་བཅས་པའི་གླེགས་བམ་སྒྲོས་རྩང་དང་། བྷོ་དྷེ་ཙིརྟའི་བགྲང་ཕྲེང་བརྒྱ་དང་རྩ་བརྒྱད་པ། ལྷ་གོས་རྣམ་དཀར་སྲིད་དུ་རིང་བ་གདན་དཀར་རྡོ་རྗེའི་རེ་ཁ་བཅས་དངོས་པོ་སྣལ་མ་ལྟར་ཉག་ཤིན་ཏུ་ནས་ཕྲ་ཡང་ལྷག་པའི་བསམ་པ་མ་སྨད་ཆེར་སྦོམ་པོས་སྤྲས་དེ་ཕུལ་བ་ཀུན་ཏུ་དགེ་ལེགས་ཀྱི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། བྷཱ་ཝནྟུ། བཀྲ་ཤིས།

༈ ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རབ་འབྱམས་རྒྱལ་བ་སྲས་སློབ་བཅས་རྣམས་ཀྱི། སྐུ་གསུང་ཐུགས་དང་བྱིན་རླབས་བདེན་པའི་མཐུ། །མ་ལུས་གཅིག་ཏུ་སྡོམ་ནས་དེངས་བདག་གི །གསོལ་བ་འདེབས་འདི་བསླུ་མེད་འགྲུབ་མཛོད་ཅིག །རྒྱལ་བ་ཡོངས་ཀྱི་འཕྲིན་ལས་རྒྱ་མཚོའི་གཏེར། །ཡོངས་སྡོམ་འཇིག་རྟེན་དབང་ཕྱུག་འགྲོ་བའི་མགོན། །གང་གི་ཐུགས་དང་གཉིས་སུ་མེད་པའི་དཔལ། །ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཞེས། །པད་འབྱུང་རྡོ་རྗེའི་ལྗགས་ཀྱི་ལན་དུ་མར། །ཆོས་ཀྱི་སྤྱན་ལྡན་བྱང་ཆུབ་སེམས་དཔའ་ཆེར། །ལུང་བསྟན་བསྟན་པའི་ཉིན་བྱེད་འགྲོ་བའི་མགོན། །རྒྱལ་སྲས་ཐུ་བོ་མཁྱེན་བརྩེ་ནུས་པའི་མཛད། །ཡོངས་འཛིན་མགོན་ཁྱོད་ཡང་དག་ངེས་དོན་དུ། །སྐྱེ་འཆིའི་སྤྲོས་པ་གདོད་ནས་ཡང་མོད་ཀྱང་། །གདུལ་བྱའི་བློ་ངོར་སྐུ་ཡི་སྣང་བརྙན་འཛིན། །འཆི་མེད་མགོན་པོ་འོད་དཔག་མེད་ཇི་བཞིན། །བསྐལ་པ་འབྱམས་ཀླས་བར་དུ་འཚོ་ཞིང་བཞེས། །མི་ཤིག་རྡོ་རྗེའི་ཚེ་ལ་གཡུང་དྲུང་སྐུ། །རྟག་བརྟན་འགྱུར་མེད་བདེ་བ་ཆེན་པོའི་ངང་། །བསྟན་འགྲོའི་དོན་དུ་ཞབས་པད་བསྟན་གསོལ་འདེབས། །གང་ཁྱེད་སྐུ་ཚེ་རྡོ་རྗེའི་རི་བོ་བཞིན། །གནས་ཤིང་མཛད་བཟང་ཡར་ངོའི་ཟླ་ལྟར་འཕེལ། །སྙན་པ་བརྗོད་ལ་ས་གསུམ་འགྲོ་ཀུན་གཡོ། །འཕྲིན་ལས་ནམ་མཁའི་ཕྱོགས་ཀུན་ཁེངས་གྱུར་ཅིག །འགྲོ་ཀུན་བླ་མ་ཆོས་ཀྱི་འབྱུང་གནས་ཀྱི། །སྐུ་ཚེ་བསྐལ་པ་རྒྱ་མཚོའི་བར་དུ་ནི། །མཚོ་ཞེས་བརྟན་པར་གདུལ་བྱར་གྱུར་རྣམས་ཀྱི། །བརྩེ་གཅིག་གུས་པས་གསོལ་བ་འདེབས་པ་འདི། །ཇི་བཞིན་མཆོག་གསུམ་རྩ་གསུམ་བདེན་མཐུ་ཆེས། །ངེས་པར་འགྲུབ་ནས་རྣམ་འདྲིན་མཆོག་ཁྱེད་ཀྱི། །ཞལ་བལྟ་གསུང་གི་བདུད་རྩི་རྟག་མྱོང་བས། །ཟུང་འཇུག་འགྱུར་མེད་ས་ལ་སྦྱོར་བར་ཤོག །

ཅེས་པའང་རྗེ་བཙུན་བླ་མའི་སྐུ་ཚེ་བརྟན་པའི་ཆེད་དུ་དམིགས་མཛེས་ཁྲིག་མ་ཡིན་པར་སྙིང་ནས་སྨོན་མདུན་དྲག་པོ་ཡི་བོད་ཀྱི་ཚེ་བྲག་དཔལ་ཆེན་ཆུ་བོ་རི་ནས་རིག་པ་འཛིན་པ་ཚེ་དབང་ནོར་བུས་མེ་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་བཞི་ལ་ཕུལ་བ་དེ་ཇི་བཞིན་དུ་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།

༈ ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱི་གསོལ་འདེབས།

ཨོཾ་སྭཱསྟི། མི་ཤིག་འགྱུར་མེད་གདོད་ནས་དག་པའི་ཁམས། །རང་བཞིན་འོད་གསལ་བདེ་བ་ཆེན་པོའི་གཤིས། །མཁའ་ཁྱབ་ཡོངས་ཀྱི་དྭངས་མ་མགོན་དང་བཅུད། །དཔལ་ལྡན་བླ་མ་འཚོ་བཞེས་ཞབས་བརྟན་གསོལ། །འཁོར་བའི་སྡུག་བསྔལ་ཡོངས་གཙང་ཞིང་བདེ། །འཕོ་བབས་དྲི་བཅོམ་འཕོ་མེད་བརྟགས་པའི་སྐུ། །གཟུང་འཛིན་བདག་སྤང་དོན་དམ་ཡོངས་གྲུབ་བདག །དཔལ་ལྡན་བླ་མ་འཚོ་བཞེས་ཞབས་བརྟན་གསོལ། །དག་པ་གཉིས་ལྡན་རྒྱལ་བ་ཀུན་གྱི་དངོས། །ལྔ་ལྡན་ངེས་པ་རྒྱན་གྱིས་འཁོར་ལོའི་བདག །མ་ངེས་འགྲོ་འདུལ་སྒྱུ་འཕྲུལ་རྒྱ་མཚོའི་གཏེར། །དཔལ་ལྡན་བླ་མ་འཚོ་བཞེས་ཞབས་བརྟན་གསོལ། །དྲི་མེད་སངས་རྒྱས་ཡོངས་ཀྱི་ངོ་བོ་ཉིད། །སྡེ་སྣོད་ལུང་རྟོགས་མ་ལུས་འབྱུང་བའི་གནས། །འཕགས་པའི་དགེ་འདུན་རྒྱ་མཚོ་འཕྲོ་མཛད་པ། །དཔལ་ལྡན་བླ་མ་འཚོ་བཞེས་ཞབས་བརྟན་གསོལ། །འགྲོ་བློ་རྨོངས་པའི་དྲྭ་བ་མཐའ་དག་པ། །མཁྱེན་རབ་རལ་གྲིས་སྐད་ཅིག་གཅོད་མཛད་མགོན། །ཕུལ་བྱུང་ཡོན་ཏན་དུ་མའི་ཟུར་ཕུད་ཅན། །བདུད་བཞི་དཔུང་བཅོམ་སྐྱེ་འཆི་བྲལ་མོད་ཀྱང་། །ཚུར་མཐོང་གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན། །དེས་ན་མགོན་ཁྱེད་བསྐལ་པ་རྒྱ་མཚོའི་བར། །གཞོམ་མེད་རྡོ་རྗེའི་གསུམ་ལྡན་དྭངས་པའི་སྐུར། །མི་འཇིག་སེངྒེ་རྟག་བརྟན་གཡུང་དྲུང་ཁྲིར། །ཚེ་འོད་དཔག་མེད་མགོན་དང་དབྱེར་མེད་པ། །རྒྱལ་བའི་འཕྲིན་ལས་བསྟན་པའི་ཉིན་བྱེད་དང་། །ཞབས་པད་བརྟན་པར་སྙིང་ནས་གསོལ་འདེབས་ན། །མཆོག་གསུམ་རྩ་གསུམ་རྒྱ་མཚོའི་བདེན་མཐུ་དང་། །ལྷ་དང་དྲང་སྲོང་རིག་འཛིན་ཚོགས་བཅས་ཀྱི། །བདག་གི་རེ་བ་ཇི་བཞིན་ཞབས་བརྟན་ཤོག །

ཅེས་ད་ལྟའི་དུས་ན་གངས་ཆེན་རི་བོའི་ཁོངས་འདིར་གཞུང་ལུགས་རྒྱ་མཚོའི་མངའ་བདག་རྒྱལ་བའི་འཕྲིན་ལས་པ་ཆེན་པོ་རྣམ་འདྲེན་རྡོ་རྗེ་འཛིན་དབང་ཀུན་མཁྱེན་བསྟན་པའི་ཉིན་བྱེད་གང་གི་ཞབས་པད་བསྐལ་པར་བརྟན་པའི་ཆེད་དུ་སྙིང་ནས་གསོལ་བ་འདེབས་པ་འདི་ནི་སྔ་འགྱུར་རིང་ལུགས་ཀཿཐོག་རིག་པ་འཛིན་པ་ཚེ་དབང་ནོར་བུས་ལྕགས་བྱ་ས་ག་ཟླ་བའི་མར་ཕྱོགས་ཚེས་བཟང་པོར་རྟག་བརྟན་རིན་ཆེན་སྤུངས་ཕུལ་བ་སརྦ་མངྒ་ལཾ།

༈ རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྣམ་ཀུན་མཆོག་ལྡན་གཉིས་མེད་བདེ་བ་ཆེ། །ཟུང་འཇུག་འགྱུར་མེད་གདོད་ནས་དག་པའི་ཁམས། །བདུད་བཞིའི་གཡུལ་ལས་རྒྱ་བ་བཅོམ་ལྡན་འདས། །འཆི་མེད་མགོན་པོ་དུས་འདིར་དགེ་ལེགས་སྩོལ། །རབ་འབྱམས་རྒྱལ་བ་སྲས་དང་དེ་གསུང་ཆོས། །དཀྱིལ་འཁོར་འཁོར་ལོས་བདག་པོ་བླ་མ་ལྷ། །མ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡི། །བདག་གི་གསོལ་འདེབས་འདི་འགྲུབ་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱི་ཚད་མེད་སྙིང་རྗེའི་གཏེར། །གཅིག་ཏུ་ཟླུམ་པའི་སྙིང་པོ་པད་དཀར་འཆང་། །འགྲོ་ལ་ཕན་བཞེད་སྡོམ་བརྩོན་རྒྱལ་པོའི་ཚུལ། །གངས་ཅན་མགོན་པོ་བསྐལ་བརྒྱར་ཞབས་བརྟན་གསོལ། །ཁམས་གསུམ་དྲི་མ་ཡོངས་སྤང་དྭངས་མ་གསུམ། །གངས་ཅན་མགོན་པོ་བསྐལ༴ རོལ་དང་བཅུད་ལེན་བསྒྲོད་པ་འཕོ་བཅས་ཁམས། །ཕོ་མེད་གཉིས་སྤངས་དབྱིངས་སུ་འབར་བའི་ཞུགས། །མི་སྐེམ་རྒྱུན་འདྲེན་བདེ་ཆེན་རྡོ་རྗེའི་སྐུར། །གངས་ཅན་མགོན་པོ༴ ཉི་ཁྲི་ཆིག་སྟོང་དྲུག་རྒྱ་དྲྭ་བའི་ཚོགས། །ཡོངས་གསལ་མི་འཆི་གཞོམ་མེད་གཞོན་ནུའི་འགྲོས། །འོད་གསལ་བདེ་བའི་ཀློང་དུ་རྟག་གནས་པ། །གངས་ཅན༴ ཆོས་ཉིད་ངོ་བོ་རྡོ་རྗེ་སྙིང་པོའི་ཁམས། །བདེན་གཉིས་ཟུང་འཇུག་ཨ་ཧམ་འཁོར་ལོའི་འགྲོས། །གཞིག་བྲལ་འཁྱམ་བརྡལ་རྡོ་རྗེའི་གུར་ཁང་དབུས། །གངས་ཅན༴ རྒྱལ་བའི་སྐུ་ནི་མཁའ་ཁྱབ་ཡེ་ཤེས་ཡིན། །དེ་ལ་འདུ་འབྲེལ་ཀུན་ཏུ་མ་དམིགས་མོད། །མོས་སྣང་མཁའ་ལས་སྔགས་ཀྱི་སྒྱུ་འཕྲུལ་བཞིན། །གངས་ཅན༴ རྩ་དག་མདུན་བྲལ་རྡོ་རྗེའི་གུར་ཁང་དབུས། །རླུང་དག་ལྔ་ལྡན་རྡོ་རྗེ་ས་གཞི་ལ། །དག་པའི་ཐིག་ལེ་འཆི་མེད་རྡོ་རྗེའི་དཔལ། །གངས་ཅན༴ མཐའ་ཡས་འགྲོ་བ་ཀུན་གྱིས་ཉེར་འཚོའི་དཔལ། །ཁྱད་པར་རྩོད་སྙིགས་ཀྱིས་མནར་འགྲོ་བ་རྣམས། །བདེ་བུའི་ས་བཀོད་དགེ་བའི་དབུགས་དབྱུང་མཛོད། །གངས་ཅན༴ དེ་ལྟར་བདག་མོས་ལྷག་བསམ་དག་པ་ཡི། །རྩེ་གཅིག་གསོལ་བ་བཏབ་པའི་འབྲས་བུ་གང་། །རྒྱལ་བའི་ཐུགས་རྗེས་དུས་ལས་ཡོལ་མིན་པར། །མགོན་ཁྱེད་ཞབས་པད་ས་སྐྱོང་བྱེ་བ་ཡིས། །སྤྱི་བོས་འདུད་བཞིན་མཐའ་བཞིའི་ཕུན་ཚོགས་དཔལ། །གངས་ཅན་འདིར་འདུ་སྙན་པ་ལྷ་ཡི་རྔ། །སྲིད་རྩེའི་བར་ཁྱབ་ཡོངས་རྫོགས་རྒྱལ་བའི་བསྟན། །ཡར་ཟླ་ལྟར་འཕེལ་རྒྱས་པར་བྱིན་གྱིས་རློབས། །

ཅེས་འགྲོ་བ་ཡོངས་ཀྱི་འདྲེན་པ་དམ་པ་ཡོངས་ཀྱི་སྤྱི་ཕུད་གངས་ཅན་ཕན་བདེའི་འབྱུང་གནས་ལགས་ན་པདྨོ་གངས་ཅན་མགོན་པོ་རྒྱལ་མཆོག་བདུན་པའི་ཞབས་ཀྱི་པདྨོ་ཡུན་རིང་དུ་བསྟེན་པའི་ཆེད་དུ་བརྗོད་པའི་གསོལ་འདེབས་འདི་ནི་བོད་ཆེན་དབུས་འགྱུར་དུ་སྐྱེས་ཤིང་རྒྱལ་ཁམས་ཀུན་ཏུ་རྒྱུ་བ་ཆོས་སྨྲ་བའི་ཟོལ་ཆེན་རིག་འཛིན་པ་ཚེ་དབང་ནོར་བུས་མི་ན་ཚོད་ལྡན་གྱི་ལོ་ཞལ་གསར་དུ་འཆར་ཉེ་བ་རྒྱལ་ཟླའི་ཡར་ཚེས་བཟང་པོ་བལ་ཡུལ་ཀཱི་ཌཱོའི་གཙུག་ལག་ཁང་ནས་གུས་པས་ཕུལ་པ་དེ་ཁོ་ན་བཞིན་རེ་འབྲས་དོན་དུ་སྩལ་དུ་གསོལ། །

༈ འབར་ར་བློ་གྲོས་ཆོས་འཕེལ་གྱི་ཞབས་བརྟན་གསོལ་འདེབས།

ཨོཾ། བླ་མེད་བླ་མ་མཆོག་གསུམ་བདེན་ནུས་ཀྱི། །བདག་གི་གསོལ་འདེབས་འདི་ཉིད་འགྲུབ་གྱུར་ཅིག །འཕགས་ཡུལ་གྲུབ་མཆོག་རྒྱལ་སྲས་ལྭ་ཝ་པས། །བྱིན་རླབས་སྤྲུལ་པ་དཔལ་ལྡན་བླ་མ་རྗེ། །རྣལ་འབྱོར་དབང་ཕྱུག་བློ་གྲོས་ཆོས་འཕེལ་ཞེས། །བཀའ་བརྒྱུད་རྒྱལ་པོ་འབའ་རའི་བསྟན་པའི་སྲོག །ལེགས་འཆང་ཟབ་གསང་ཚད་མེད་འདི་རྨི་ལམ་སྣང་བར་དྷཱ་ཀིའི་གསུང་སྙེད་པ་ལས་ངོ་ཇོའི་མུ་ཅོར་ནི་སྨྲ་གལ་མེད་པས་མ་ལགས་སོ། །སྩོལ་མཛད་པ། །མཆོག་ཁྱེད་ལྗོངས་འདིར་བསྐལ་པ་རྒྱ་མཚོའི་བར། །འཆི་མེད་རྡོ་རྗེ་ལྟར་དུ་སྐུ་ཚེ་ཉིད། །གདུལ་བྱའི་དོན་དུ་འཚོ་བཞེས་རྟག་བརྟན་ནས། །ཐར་མཆོག་གྲུབ་བོ་ནུབ་མེད་བསྙེན་པ་ཡི། །བ་དན་སྲིད་མཐར་ཐུག་པར་རྒྱས་གྱུར་ཅིག །

ཅེས་འབར་ཆོས་ཟབ་གསང་གི་རྒྱུན། སྐྱེ་གྲོང་འཇམ་གླིང་བླ་མ་བློ་གྲོས་ཆོས་འཕེལ་དྲུང་དུ་ལེགས་ནོས་གྲུབ་འཕྲལ། རྗེ་དེ་ཉིད་ཀྱི་སྐུ་ཚེ་བརྟན་པའི་ཆེད་དུ། མདོ་ཁམས་ཀཿཐོག་གི་ཆར་འོད་གསལ་ལྷ་རིས་སུ་སྐྱེས་ཤིང་། རང་བཞིན་རྫོགས་ཆེན་རྣལ་འབྱོར་པ་དངོས་སློབ་ཚེ་དབང་ནོར་བུའམ་ཀརྨ་རིན་ཆེན་མཆོག་ཏུ་དགའ་བས་ཀུན་ནས་དགེ་བའི་དཔལ་གྱི་ས་ག་ཟླ་བའི་དཀར་ཕྱོགས་དུས་ཚེས་༡༣ལ་རྣམ་པར་དགེ་བ་ལ་ཕུལ་བ་མངྒ་ལཾ།

༈ རིན་ཆེན་བཟང་པོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། འཆི་མེད་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བདག །གཞོམ་བྲལ་ཚེའི་དབང་ཕྱུག་བཅོམ་ལྡན་འདས། །འོད་སྣང་མཐའ་ཡས་དཔལ་དེའི་བདེན་པའི་མཐུའི། །དཔལ་ལྡན་བླ་མ་རྟག་པར་ཞབས་བརྟན་ཤོག །བཟང་པོའི་ཡོན་ཏན་གྱིས་ཕྱུག་རྡོ་རྗེ་འཛིན། །དཔལ་ལྡན་བླ་མ་འཆི་མེད་ཞབས་བརྟན་གསོལ། །སྙིགས་མའི་དུས་འདིར་ཆོས་སྣང་ཕལ་ཆེར་ནུབ། །དེ་ཚེ་མུན་གསལ་རིན་ཆེན་འོད་འཕྲོ་བཞིན། །ཡིད་ཀྱི་ངས་སེལ་རྡོ་རྗེ་འཛིན་བཟང་པོ། །དཔལ་ལྡན་བླ་མ་འཆི་མེད་ཞབས་བརྟན་གསོལ། །ཐོས་པའི་བང་མཛོད་བསམ་པས་ཡོངས་སུ་ཕྱུག །བསྒོམ་པའི་རིན་ཆེན་དུ་མས་ཉེར་བརྒྱན་པ། །བཟང་པོའི་དཔལ་འབར་རྡོ་རྗེ་འཛིན་དབང་ཆེ། །དཔལ་ལྡན་བླ་མ་འཆི་མེད་ཞབས་བརྟན་གསོལ། །མགོན་ཁྱོད་རྡོ་རྗེའི་ཐུགས་མཆོག་འོད་གསལ་བ། །སྐྱེ་འཆི་སྤྲོས་བྲལ་ནམ་མཁའ་རང་བཞིན་ཏེ། །ཚུར་མཐོང་གཟུགས་སྐུའི་སྤྲོས་པ་མི་སྟོང་བར། །གདུལ་བྱའི་ངོ་རུ་འཆི་མེད་ཞབས་བརྟན་གསོལ། །སྨིན་གྲོལ་སྟོན་པའི་རྡོ་རྗེ་སློབ་དཔོན་ནི། །དཀྱིལ་འཁོར་བདག་པོ་ཉིད་དང་དབྱེར་མེད་ཞེས། །རྒྱལ་བ་ཀུན་གྱི་མགྲིན་གཅིག་ཡོངས་སུ་བསྔགས། །དེ་དོན་ཤེས་བཞིན་ཁྱེད་ལ་འདུད་ཕྱག་འཚལ། །བདག་ནི་བྱིས་པའི་རང་བཞིན་ཉོན་མོངས་དབང་། །ང་རྒྱལ་གྱིས་ནོན་རྟོག་གེའི་དྲི་མས་སྦག །མཉམ་པར་མ་བཞག་པ་ན་བླ་མ་ཡིར། །མཐོང་བའི་ཉེས་བྱེད་མཆིས་སོགས་སྙིང་ནས་བཤགས། །མགོན་ཁྱེད་ཚེ་འོད་དཔག་མེད་བསྐུར་བཞེང་ནས། །སྙིང་པོའི་བསྟན་པ་སྤེལ་དང་བདག་སོགས་མགོན། །བསྐལ་པའི་ཡུལ་དུ་སྐུ་ཚེ་འཚོ་བཞེས་བརྟན། །སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །

ཅེས་ཐོག་མར་རང་ལ་རྫོགས་ཆེན་སྙིང་ཐིག་གསན་པའི་སློབ་མ་དང་། རྗེས་སུ་སྨིན་གྲོལ་ཆོས་ཀྱི་ཚུལ་མང་པོ་རང་གི་བཀའ་དྲིན་ཞུ་བའི་ཡུལ་རྡོ་རྗེ་དབང་རིན་ཆེན་བཟང་པོའམ་དཀོན་མཆོག་བཟང་པོའི་མཚན་ཅན་གང་གི་ཞབས་པད་ཡུན་རིང་དུ་བརྟན་པའི་གསོལ་འདེབས་གཅམ་བུ་དང་ཟོལ་སྦྱོར་ཙམ་མ་ཡིན་པ་སྙིང་ཐག་པ་ནས་བགྱིས་པ་ཚིགས་སུ་བཅད་པ་བཀྲ་ཤིས་རྟག་གི་གྲངས་ལྡན་འདི་ནི་བོད་ཆེན་དབུས་འགྱུར་དམ་པའི་ཆོས་སྨྲ་བའི་གོ་སར་སྐྱེས་ཤིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་རྒྱ་བ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཕུལ་བ་སྟེ་བཀྲ་ཤིས་དགེ་ལེགས་སུ་གྱུར་ཅིག །

༈ ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཚེ་རབས་ཀུན་ཏུ་བླ་མ་ཧེ་རུ་ཀ །དབང་བཞི་བསྐུར་ནས་རྒྱུན་བརླན་ཡེ་ཤེས་བརྙེས། །མ་ནོར་འཁྲུལ་མེད་ཐར་པའི་ལམ་མཆོག་སྟོན། །ནོར་བུ་ཇི་བཞིན་འདོད་དགུའི་ཆོས་འཆར་འབབས། །འཁོར་ལོའི་མགོན་པོ་ཚེ་དབང་ནོར་བུའི་ཞབས། །བསྐལ་བརྒྱའི་བར་དུ་སྐུ་ཚེ་འཚོ་བཞེས་ནས། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མཆོག །སྤེལ་ཞིང་ཉམས་མེད་ཕྱོགས་ཀུན་འཕེལ་རྒྱས་ཤོག །ཨོ་རྒྱན་སྤྱན་སྔར་སྨོན་ལམ་བཟང་པོ་བརྙེས། །ཤེས་བྱ་ངག་དབང་ཡེ་ཤེས་འཆར་བའི་གར། །དཔལ་ལྡན་བླ་མའི་ཆོས་ལས་སྐྱེས་པའི་སྲས། །བསྐལ་བཟང་འགྲོ་བའི་མགོན་པོ་རྡོ་རྗེ་འཛིན། །བཀའ་བརྒྱུད་གཏེར་བརྒྱུད་ཆུ་བོ་ཆིག་འདྲེས་སུ། །བཀའ་བབ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ། །སྐུ་ཚེ་བསྐལ་བརྒྱའི་བར་དུ་འཚོ་བཞེས་ནས། །བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །

ཅེས་མང་ཡུལ་སྐྱེ་གྲོང་འཇམ་གླིང་བླ་མ་པདྨ་ཕྱག་རྡོར་དབང་ཕྱུག་དང་ཤེས་རབ་འབྱུང་གནས་སྐུ་མཆེད་ཀྱིས་གསོལ་བ་བཏབ་པའི་ངོར་ཚེ་དབང་ནོར་བུའི་མ་བསམ་ཐོལ་འབྱུང་ཚིགས་བཅད་དུ་ཡིག་རིག་གཞུང་ལུགས་སྨྲ་བའི་མཁས་པ་འཕྲིན་ལས་བསྟན་འཛིན་ནོ། །

༈ འབའ་ར་བ་ངག་དབང་ཡེ་ཤེས་ཀྱི་ཞབས་བརྟན་གསོལ་འདེབས།

ཨོཾ། རྒྱལ་བ་རྒྱལ་སྲས་རབ་འབྱམས་རྒྱ་མཚོ་ཡི། །བདེན་པས་བདག་གི་གསོལ་འདེབས་འགྲུབ་གྱུར་ཅིག །དྲི་མེད་ཟླ་ཤར་ཐུགས་རྗེའི་རྒྱ་མཚོ་ལས། །སྨོན་ལམ་རྒྱ་མཚོ་ཡོངས་བསྐྲུན་གཞན་ཕན་གྱིས། །འོད་དཀར་གདུལ་བྱའི་དཔལ་དུ་ལྷམ་མེ་བ། །པད་འབྱུང་རྡོ་རྗེ་གསུང་གི་ལུང་བསྟན་ཅིང་། །རྗེ་བཙུན་བླ་མའི་ཐུགས་ལས་སྐྱེས་པའི་སྲས། །དཔལ་ལྡན་བླ་མ་ངག་དབང་ཡེ་ཤེས་ཏེ། །གང་ཁྱོད་གདུལ་བྱའི་དཔལ་དུ་བསྐལ་པ་བརྒྱར། །མི་ཤིག་རྡོ་རྗེ་རྟག་བརྟན་གཡུང་དྲུང་ཁྲིར། །ཚེ་དཔག་མེད་ལྟར་སྐུ་ཚེ་འཚོ་བཞེས་ཤིང་། །སྨིན་གྲོལ་ཆོས་ཀྱི་སྙན་གྲགས་རྒྱུན་མི་ཆད། །མཛད་འཕྲིན་ཡར་ངོའི་ཟླ་ལྟར་ཡོངས་སུ་སྣང་། །ཀུན་ཏུ་དགའ་བའི་དཔལ་གྱི་ནོར་འཛིན་ཁྱབ། །ཟུང་འཇུག་གོ་འཕང་བསྒྲུབ་པའི་བསྒྲུབ་རྒྱུད་རྒྱུས། །རྟག་བརྟན་དགེ་ལེགས་རབ་ཏུ་འཕེལ་གྱུར་ཅིག །

ཅེས་སྐྱེས་མཆོག་ཆེན་པོ་འབའ་ར་བ་གང་གི་མི་འཇིགས་སེང་གེའི་ཁྲིར་ཆོས་སྨྲ་བའི་རྡོ་རྗེ་འཛིན་པ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོར་ཆེད་དུ་བསྔགས་པའི་ཞབས་བརྟན་དུ་རིག་འཛིན་པ་ཚེ་དབང་ནོར་བུས་ཁྱབ་བདག་བླ་མའི་གདན་ས་དཀར་ཅོག་ཏུ་བརྗོད་པ་དགེའོ། །སརྦ་མངྒ་ལཾ།

༈ ཞྭ་དམར་བཅུ་པའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། མཁའ་ཁྱབ་དང་པོའི་རྒྱལ་བ་ཀུན་ཏུ་བཟང་། །ལྔ་ལྡན་ལོངས་སྐུའི་ཞིང་བདག་རྡོ་རྗེ་ཆོས། །མཆོག་གི་སྤྲུལ་སྐུ་དཀོན་མཆོག་ཡན་ལག་ཞབས། །སྐུ་གསུམ་རྒྱལ་བ་མཆོག་ལ་གསོལ་བ་འདེབས། །ཞིང་འདིར་འགྲོ་བ་འདྲེན་ཕྱིར་རྒྱལ་སྲས་ཚུལ། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་ཕྱུག །ཨ་ཀར་ལ་ཏི་སྲོང་བཙན་སྒམ་པོའི་དུས། །ལྷོ་ཕྱོགས་རྒྱལ་ཁམས་དམ་ཆོས་ལ་འཇུག་ཕྱིར། །རྒྱལ་པོ་ཨུད་ཏམ་ཀེ་སར་ཞེས་བྱར་གྲགས། །ཨ་དཀར་མ་ཏི་པདྨ་འབྱུང་གནས་སུ། །སྤྲུལ་ནས་བོད་ཀྱི་གདུལ་བྱ་འདུལ་བའི་ཚེ། །དེ་ཡིས་ཐུགས་སྲས་ཡེ་ཤེས་དབྱངས་ཞེས་པ། །ལུས་དེ་མངོན་སུམ་བདེ་བ་ཅན་དུ་གཤེགས། །སླར་ཡང་བསམ་བཞིན་སྤྲུལ་གར་དུ་མ་ལས། །མཆོག་ཏུ་ཞྭ་དམར་ཅོད་པཎ་འཛིན་པ་ཞེས། །སྐྱེ་བ་བརྒྱུད་མར་འཛིན་ལ་གསོལ་བ་འདེབས། །དུས་འདིར་ཅོད་པཎ་འཛིན་པ་བཅུ་པ་ནི། །མི་ཕམ་དཔལ་ལྡན་ཆོས་གྲུབ་རྒྱ་མཚོ་སྡེ། །རྒྱལ་བསྟན་ནུབ་པ་མེད་པའི་སྒྲོན་མེ་རུ། །ཡུན་ནས་ཡུན་བཞིན་བསྐལ་པར་ཞབས་བརྟན་གསོལ། །དམ་པ་མཆོག་རྣམས་ངེས་དོན་སྐྱེ་འཆི་སྤངས། །ཚུར་མཐོང་དུ་ཡང་དུས་འདིར་གདུལ་བྱའི་དོན། །བསྐལ་པའམ་ནི་བསྐལ་པ་ལས་ལྷག་པར། །འཆི་མེད་མགོན་པོ་ཇི་བཞིན་ཞབས་བརྟན་གསོལ། །གང་གི་མཛད་བཟང་ཉི་ཟླའི་བསྒྲོད་པ་བཞིན། །འཕྲིན་ལས་རྒྱ་མཚོའི་གོས་ཅན་ཡོངས་སུ་ཁྱབ། །མངའ་ཐང་དབྱར་གྱི་ཆུ་བོ་བཞིན་རྒྱས་པས། །ངེས་དོན་བསྟན་དང་བསྟན་འཛིན་འཕེལ་པར་ཤོག །

ཅེས་ཞྭ་དམར་སྤྲུལ་པའི་སྐུ་བཅུ་པའི་ཞབས་པད་བརྟན་པའི་གསོལ་འདེབས་སུ་སི་ཏུ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་བཀའི་བསྐུལ་བ་ལ་བརྟེན། འཆི་མེད་གྲུབ་པའི་སློབ་དཔོན་མང་པོས་བརྟེན་པའི་གནས་ཇོ་མོ་ཁ་རག་གི་འདབས་ནས་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་མེ་འབྲུག་རྒྱལ་ཟླའི་ཚེས་བཅོ་ལྔ་ལ་ཕུལ། སརྦ་མངྒ་ལཾ།

༈ སི་ཏུའི་ཞབས་བརྟན་བསྡུས་པ།

ཨོཾ་སྭཱསྟི། འགྱུར་མེད་བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་འཆར་བ་གཟུགས་ཀྱི་གར། །ཟུང་འཇུག་རྡོ་རྗེའི་རང་བཞིན་བླ་མའི་སྐུ། །ཡུན་ནས་ཡུན་བཞིན་འཆི་མེད་ཞབས་བརྟན་གསོལ། །གདོད་ནས་རྣམ་དག་རྒྱལ་བའི་ངོ་བོ་ལ། །འགྲོ་བའི་དོན་དུ་རྒྱལ་བའི་སྲས་ཀྱི་གཟུགས། །མི་བརྗོད་གཟུངས་ཐོབ་ས་ནས་སེམས་དཔའ་ཆེ། །ལྡན་མ་རྩེ་མོ་ཡང་དག་རྡོ་རྗེའི་ཐུགས། །དུས་འདིར་འགྲོ་བའི་འདྲེན་པ་མཚུངས་མེད་མགོན། །བསྟན་པའི་ཉི་མ་ཆོས་ཀྱི་འབྱུང་གནས་གང་། །འཆི་མེད་འཚོ་བཞེས་རྡོ་རྗེའི་རི་བོ་བཞིན། །བསྐལ་པ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག །གང་གི་འཕྲིན་ལས་དགེ་བའི་སྒོ་འཕར་བརྒྱ། །ཀུན་ཏུ་དབྱེ་བས་ཕུན་ཚོགས་འདོད་དགུའི་སྐྱིད། །མཐའ་ཡས་འགྲོ་བའི་ཉེར་འཚོར་ཡོངས་འཕེལ་ཞིང་། །ཀུན་ཀྱང་སྙིང་པོའི་བསྟན་ལ་སྤྱོད་པར་ཤོག །

ཅེས་སི་ཏུ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་གང་གི་ཞབས་པད་ཡུན་རིང་དུ་འཚོ་ཞིང་བཞེད་པའི་སླད་དུ་རིག་པ་འཛིན་པ་ཚེ་དབང་ནོར་བུས་ས་འབྲུག་རྒྱལ་ཟླའི་ཚེས་བཅོ་ལྔར་འཆི་མེད་གྲུབ་པའི་སློབ་དཔོན་མང་པོས་བསྙེན་པའི་གནས་ཇོ་མ་ཁ་རག་གི་འདབས་ནས་ཕུལ་བ་སརྦ་མངྒ་ལཾ།

༈ འབྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཀུན་ཁྱབ་རྙོག་མེད་གདོད་ནས་དག་པའི་ཁམས། །ཀུན་བཟང་གདོད་མའི་མགོན་པོ་རྒྱལ་ཀུན་ཡབ། །ཀུན་སྣང་དམ་པ་སྐུ་གཉིས་སྤྱོད་དཔལ་ཆེ། །ཀུན་ཏུ་རྟག་བརྟན་གཡུང་དྲུང་ངོ་བོ་ཉིད། །འཕོ་འགྱུར་མི་མངའ་འཆི་མེད་རྡོ་རྗེ་འཆང་། །མི་ཤིག་དང་མ་ཚེ་བདག་འཁོར་ལོའི་བསྒྱུར། །གང་གི་བདེན་གཉིས་ཟུང་འཇུག་ནུས་པའི་མཐུས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་མཛོད། །རྒྱལ་དང་དེ་སྲས་ཐུ་བོ་དམ་པ་རྣམས། །རྩ་བ་འཕོ་བཅས་རླུང་འགག་དེའི་རང་གཟུགས། །འཆི་བདག་བདུད་དཔུང་ཡོངས་སུ་བཅོམ་བྱེད་ན། །སྐྱེ་འཆིའི་སྤྲོས་པ་ནམ་དུའང་མི་མངའ་མོད། །འོན་ཀྱང་གདུལ་བྱ་འདྲེན་ཕྱིར་ཀུན་རྫོབ་ངོར། །འཇིག་རྟེན་མཐུན་འཇུག་མཛད་པ་ཅིར་ཡང་སྟོན། །དེས་ན་མགོན་ཁྱེད་རང་རིགས་རྡོ་རྗེ་སེམས། །ཡིད་བཞིན་ཞབས་པད་རྟག་ཏུ་བརྟན་གསོལ་འདེབས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་རྡོ་རྗེའི་གུར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གཞོམ་མེད་སྒྲ། །ཨ་ཧཾ་ཉི་ཟླ་ཁ་སྦྱོར་རྡོ་རྗེའི་ཚེ། །བདུད་བཞི་ལས་རྒྱལ་འཇིགས་མེད་སེངྒེའི་སྤོར། །སྣང་སྲིད་བདེ་ཆེན་རྡོ་རྗེའི་ཁྲིར། །སྲོག་ལྔ་དག་པ་ལྔ་ལྡན་རྡོ་རྗེའི་གདན། །འཕོ་སྤངས་ཞབས་ཟུང་རྡོ་རྗེའི་དཀྱིལ་མོ་ཀྲུང་། །འཕོ་ཆེན་ཟག་མེད་འོད་གསལ་རྡོ་རྗེའི་སྐུ། །དོན་དམ་གདོད་ནས་དག་པ་མཐོང་བརྙེས་པ། །ཀུན་རྫོབ་གདུལ་བྱའི་སྣང་ངོ་ཉིད་དུ་ཡང་། །བསྐལ་ཆེན་རབ་འབྱམས་རྒྱ་མཚོའི་ཡུན་དེ་སྲིད། །ཆོས་ཀྱི་འཁོར་ལོ་བསྐོར་བཞིན་ཞབས་བརྟན་གསོལ། །སྙིགས་མའི་དུས་འདིར་རིས་མེད་རྒྱལ་བའི་བསྟན། །ཁྱད་པར་ངེས་དོན་སྙིང་པོའི་རིང་ལུགས་གང་། །ཇི་བཞིན་འཛིན་མཛད་དཔལ་ལྡན་འགྲོ་བའི་མགོན། །མཆོག་ཁྱེད་ཞབས་པད་སྙིང་ནས་བརྟན་གསོལ་འདེབས། །

ཞེས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་ལག་ན་པདྨོ་མི་ཡི་ཟོལ་འགྲོ་བའི་མགོན་པོ་གང་གི་སྐྱེ་བའི་ཕྲེང་བ་སྤྲུལ་པར་མཛད་པ་ཀུན་གཟིགས་རྗེ་བཙུན་འབྲུག་པ་སྤྲུལ་པའི་སྐུ་མཆོག་དམ་པ་རྒྱལ་དབང་དཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ཞབས་པར་བརྟན་པར་གསོལ་འདེབས་པ་འདི་ཡང་འཛམ་གླིང་ཆུ་བཞིའི་མགོ་བོ་རི་རྒྱལ་ཀེར་ར་དང་ཉེ་བ་སྐར་མ་ཕུན་ཚོགས་རྩེ་ནས་དེ་ལ་དོང་ཆུ་བུ་གྲོ་ཞུན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཟང་པོར་རིག་འཛིན་རྒྱལ་ཁམས་པས་ཕུལ་བ་སརྦ་མངྒ་ལཾ།

༈ འབྲུག་པ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཟུང་འཇུག་མི་ཤིག་གདོད་ནས་རྣམ་དག་པ། །ཕུང་ཁམས་རྡོ་རྗེའི་རང་བཞིན་གཉིས་ཡང་དབྱིངས། །རྒུད་མེད་གནས་སུ་དཔལ་ལྡན་བླ་མའི་སྐུ། །ཡུན་ནས་ཡུན་བཞིན་རྟག་པར་ཞབས་བརྟན་གསོལ། །གཞོམ་མེད་ཡི་གེའི་རང་བཞིན་གཞོན་ནུ་ནཱ་དའི་དབྱངས། །རྡོ་རྗེའི་རང་སྒྲ་རྒྱུན་མི་ཆད་པའི་ཚིག །དམ་པ་ཆོས་ཀྱི་འཁོར་ལོ་བླ་མའི་གསུང་། །ཡུན་དུ་ཡུན་བཞིན་བརྟན་པར་ཞབས་བརྟན་གསོལ། །འཕོ་བཅས་དྲི་མ་ཡོངས་སྤངས་འཆོ་མེད་དངོས། །རྟག་བརྟན་གཡུང་དྲུང་བདེ་བ་ཆེན་པོའི་གཤིས། །སྤྲོས་བྲལ་འགྱུར་བ་མེད་པ་བླ་མའི་ཐུགས། །ཡུན་ནས་ཡུན་བཞིན་རྟག་པར་ཞབས་བརྟན་གསོལ། །མཁའ་ཁྱབ་སངས་རྒྱས་ཀུན་གྱི་གསང་བ་གསུམ། །སྤྲོ་དང་སྡུད་པོའི་བྱེད་པོ་རྡོ་རྗེ་སེམས། །དུས་འདིར་དཔལ་ལྡན་རྩ་བའི་བླ་མ་ཆེ། །རིགས་དང་དཀྱིལ་འཁོར་ཀུན་གྱིས་ཁྱབ་བདག་དཔལ། །རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་དབང་བསྒྱུར་ནས། །བཀའ་ལུང་མདོ་རྒྱུད་རིན་ཆེན་ནོར་བུའི་མཛོད། །སྤེལ་བའི་འཕྲིན་ལས་ནམ་ཡང་གཡེལ་མེད་མགོན། །ཐར་པའི་གྲུ་རྫིང་མཆོག་གི་ཤིང་རྟ་གང་། །གདུལ་བྱའི་དབུལ་སེལ་ཟླ་མེད་ཡིད་བཞིན་དབང་། །སྙིགས་དུས་འགྲོ་བའི་འདྲེན་པ་གཅིག་པུ་པ། །རྒྱལ་དབང་བཀའ་རྒྱུད་ཕྲིན་ལས་ཤིང་རྟའི་སྡེ། །ཞབས་པད་འཚོ་བཞེས་བརྟན་པར་གསོལ་བ་འདེབས། །ཕྱོགས་དུས་ཉན་རང་བྱང་སེམས་འཕགས་ཚོགས་ཀྱིས། །ཡོངས་བསྐོར་རྒྱལ་བའི་དཀྱིལ་འཁོར་འཇམ་ཀླས་པའི། །བདེན་པའི་མཐུ་བྱིན་ནུས་པ་བསླུ་མེད་ཀྱི། །དཔལ་མགོན་བླ་མ་ཞབས་པད་བརྟན་གྱུར་ནས། །འཛིན་པའི་ཁྱོན་ཀུན་ངེས་དོན་སྙིང་པོ་ཡིས། །བསྟན་པ་རབ་རྒྱས་བསྟན་འཛིན་མཆོག་ཀུན་ཐུན། །བདེན་མཐོང་གྲུབ་སློབ་འབུམ་ཕྲག་ཚོམ་བུར་ཚོགས། །རྒྱ་ཆེ་རྒྱུན་མི་ཆད་གནས་བཀྲ་ཤིས་ཤོག །

ཅེས་དཔལ་ལྡན་སྤྲིན་སྒྲ་ཅན་གྱི་སྒྲུབ་རྒྱུད་འཛིན་པ་ཐ་དག་གི་སྤྱི་ཕུད་འགྲོ་བའི་མགོན་པོ་མཚུངས་པ་མི་མངའ་བ་དུས་འདིར་ཡོངས་རྫོགས་བསྟན་པའི་རྩ་ལག་ཆེན་པོ་རྒྱལ་བའི་དབང་པོ་རྒྱལ་དབང་བཀའ་རྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཞབས་པད་ཡུན་རིང་དུ་བརྟན་པའི་རྟེན་འབྲེལ་དགེ་བའི་ཆེད་དུ་གསོལ་འདེབས་ཚིགས་སུ་བཅད་པ་འདི་ནི་ཕྱོགས་གྲོལ་རིས་མེད་རྣལ་འབྱོར་རྒྱལ་ཁམས་པ་དཔལ་རིག་པ་འཛིན་པ་རྡོ་རྗེ་ཚེ་དབང་ནོར་བུ་ཡིས་ན་ཚོད་ལྡན་སྦོ་ཟླའི་ཡར་ཚེས་བཟང་པོ་ལ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་བྱ་འདབ་ཀཱི་ཌཱོའི་གཙུག་ལག་ཁང་དུ་ཕུལ་བ་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།

༈ གྲམ་མཚོ་སྤྲུལ་སྐུའི་ཞབས་བརྟན་གསོལ་འདེབས།

ཨོཾ་མཆོག་གསུམ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱིས། །ཐུགས་རྗེའི་བྱིན་རླབས་བདེན་ནུས་གཟི་བྱིན་གྱིས། །དཔལ་ལྡན་བླ་མ་མཆོག་གི་སྤྲུལ་སྐུ་ཁྱེད། །སྐུ་ཚེའི་བར་ཆད་ཐམས་ཅད་ཡོངས་ཞི་ནས། །མཛད་འཕྲིན་མཉམ་མེད་ཡོན་ཏན་གོང་དུ་འཕེལ། །བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་གྱུར་ཅིག །ཟབ་གསང་ཆོས་ཀྱི་ཆོས་ཀྱི་ཉི་མ་མཆོག་མཐར་བརྡལ། །ཀུན་ཏུ་ཀུན་ནས་འཕེལ་བའི་བཀྲ་ཤིས་ཤོག །

གྲམ་ཚོ་སྤྲུལ་སྐུར་རིག་སྔགས་འཛིན་པ་ཚེ་དབང་ནོར་བུས་ཕུལ།

༈ ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཀུན་ཏུ་བཟང་པོའི་རང་བཞིན་བདེ་བ་ཆེ། །གསུང་གི་རྡོ་རྗེ་ཨོ་རྒྱན་གུ་རུ་ཡི། །རིང་ལུགས་དྲི་མེད་འཛིན་པའི་སྙིང་སྟོབས་ཅན། །རྒྱལ་བའི་རྒྱལ་མཚན་དཔལ་ལྡན་བླ་མ་མཆོག །ཞབས་ཟུང་མི་ཤིག་རྡོ་རྗེའི་རི་བོ་ལྟར། །འཆི་མེད་འཚོ་བཞེས་བརྟན་ནས་མཁའ་མཉམ་འགྲོ། །འོད་གསལ་རྡོ་རྗེའི་སྙིང་པོའི་གྲུབ་མཐའ་ལ། །ཞུགས་ནས་ཚེ་གཅིག་རྒྱལ་བའི་གནས་ཐོབ་ཤོག །

ཅེས་དོལ་པོ་བླ་མ་ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་ཆེད་དུ་བརྗོད་པའི་ཞབས་བརྟན་ཚིགས་སུ་བཅད་པ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་དཀར་པོའི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་བཟང་པོ་དང་པོ་ལ་སྨོན་ཐང་ནས་ཕུལ་བ་སརྦ་མངྒ་ལཾ།

༈ འཆི་མེད་རྡོ་རྗེའི་ཞབས་བརྟན་གསོལ་འདེབས།

པདྨ་ཐོད་འཕྲེང་བདེ་གླིང་རིགས་ཀྱི་སྲས། །དབང་བཞི་སྨིན་གྲོལ་བརྙེས་པའི་རྣལ་འབྱོར་པ། །རྒྱལ་བའི་སྲས་མཆོག་འཆི་མེད་རྡོ་རྗེ་འཛིན། །མགོན་ཁྱོད་བསྐལ་བརྒྱར་འཚོ་བཞེས་ཞབས་བརྟན་ཤོག །

ཅེས་པ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྨྲས་པ་དགེའོ། །

༈ ཤེལ་སྟོད་སྤྲུལ་སྐུའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རབ་འབྱམས་རྒྱལ་བ་ཡོངས་ཀྱི་ངོ་བོ་ཉིད། །འཆི་མེད་ལྟ་བའི་ལྷ་མཆོག་ཚེ་དཔག་མེད། །ཡོན་ཏན་བཀོད་པའི་རྒྱལ་པོ་གང་དེ་ཡི། །བདེན་པའི་མཐུ་ཡི་བདག་སྨོན་འདི་འགྲུབ་མཛོད། །བསོད་ནམས་ཆུ་གཏེར་ཆེ་ལས་ལེགས་མཐོན་པའི། །ཕྱོགས་བྲལ་ནམ་མཁའི་ཁྱོན་ཁེངས་ནམ་མཁའ་ཡི། །གདུལ་བྱའི་ཞིང་ས་སྨིན་མཛད་དཔལ་ལྡན་མགོན། །མཚུངས་མེད་བླ་མ་བསོད་ནམས་ཕྱོགས་གླང་གང་། །མི་ཤིག་ཨ་ཝ་དྷུ་ཏའི་གུར་ཁང་དབུས། །མི་འགྱུར་ཨ་ཧཾ་ཉི་ཟླའི་དཀྱིལ་འཁོར་ལ། །རང་རིག་འཆི་མེད་རྡོ་རྗེའི་སྲོག་ཏུ་སྨིན། །གཞོམ་པ་མི་མངའ་བསྐལ་པའི་ཡུན་ཉིད་དུ། །ཞབས་བཟུང་རྡོ་རྗེའི་རི་བོ་ལྟར་བརྟན་ཅིང་། །ཆོས་ཡོན་ལེགས་དགུའི་མཛད་པ་གོང་དུ་འཕེལ། །གངས་ཅན་འགྲོ་བས་དགའ་བདེའི་དཔལ་སྤྱོད་ཤོག །

ཅེས་ས་སྐྱོང་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡི་གཙུག་གི་རྒྱན་མཆོག་ཏུ་གྱུར་པ་ཤེལ་སྟོད་སྤྲུལ་པའི་སྐུ་རིན་པོ་ཆེ་བསོད་ནམས་ཕྱོགས་ཀྱི་གླང་པོ་གང་གི་ཞབས་སྟེགས་གསེར་གྱི་འཁོར་ལོ་གཡོ་མེད་བཞེས་པའི་སླད་དུ་བོད་ཆེན་པོའི་ཡུལ་དུ་སྐྱེ་ཞིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཆོས་སྨྲ་བའི་གོ་འཕང་ཅན་རིག་པ་འཛིན་པར་སྒྲོ་བཏགས་པ་དེས་ལྕགས་རྟ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་དགེ་བ་ལ་གཉལ་སྨད་དགེ་རི་ནས་ཕུལ་བ་དོན་ལྡན་དུ་གྱུར་ཅིག །སརྦ་མངྒ་ལཾ།

༈ འབྲི་གུང་དཀོན་མཆོག་ཆོས་ཀྱི་རྒྱལ་པོའི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། རྒྱལ་བ་རྒྱ་མཚོ་ཀུན་གྱི་སྤྱི་དཔལ་མཆོག །ཚེ་དང་ཡེ་ཤེས་གཟི་བརྗིད་འོད་དཔག་མེད། །འགྲོ་བའི་སྡུག་བསྔལ་ཡོངས་སེལ་བདུད་རྩི་མགོན། །ལྷག་པའི་ལྷ་དེས་འཆི་མེད་དགེ་ལེགས་སྩོལ། །གང་ཞིག་ཐུབ་བསྟན་མཐར་ཐུག་ངེས་པའི་དོན། །རྡོ་རྗེའི་གསུང་གི་ལེགས་པར་དཀྲོལ་མཛད་པ། །ཀླུ་སྒྲུབ་རྣམ་འཕྲུལ་འཇིག་རྟེན་གསུམ་གྱི་མགོན། །གང་གི་བསྟན་འཛིན་ཡོངས་ཀྱི་གཙུག་ནོར་ཆེ། །ལྷ་སྲས་སྤྲུལ་པ་སྙིགས་དུས་འགྲོ་བའི་སྐྱབས། །མཚུངས་མེད་བླ་མ་ཆོས་ཀྱི་རྒྱལ་པོའི་ཞབས། །ངེས་དོན་བསྟན་པ་སྤེལ་ཕྱིར་ཞིང་འདི་རུང་། །འཆི་མེད་མགོན་པོ་ཇི་བཞིན་ཞབས་བརྟན་གསོལ། །ད་ལྟ་ཐུབ་བསྟན་སྙིགས་མའི་མཐའ་ལ་ཐུག །ངེས་དོན་བསྟན་འཛིན་རེ་འགའ་ཙམ་དུ་གྱུར། །དེས་ན་སྙིང་པོའི་བསྟན་པ་རྒྱས་མཛད་ཕྱིར། །དཔལ་ལྡན་བླ་མ་ཆོས་ཀྱི་རྒྱལ་པོའི་ཞབས། །མི་ཤིག་ཨ་ཝ་དྷུ་ཏིའི་གུར་ཁང་དབུས། །གཞོམ་མེད་ཨ་ཝམ་ཉི་ཟླའི་གདན་སྟེང་དུ། །ཚེའི་རང་བཞིན་རྡོ་རྗེ་འཆང་ཆེན་སྐུར། །འཕོ་མེད་རྟག་ཏུ་བརྟན་པར་གསོལ་བ་འདེབས། །འཕགས་པ་མཆོག་རྣམས་ངེས་པའི་དོན་ཉིད་དུ། །སྐྱེ་འཆི་རང་རྒྱུད་མཚན་མ་སྤངས་མོད་ཀྱང་། །གདུལ་བྱའི་དོན་དུ་སྣ་ཚོགས་སྤྱིར་ཡང་སྟོན། །དེ་ཚེ་མགོན་ཁྱོད་རྫུ་འཕྲུལ་རྐང་པ་ལ། །ཉེར་བརྟན་བསྐལ་བའམ་ནི་བསྐལ་པ་ལས། །ལྷག་པར་ཡོན་ཏན་བཀོད་པའི་མགོན་པོ་བཞིན། །དུས་འདིར་གདུལ་བྱ་རྣམས་ཀྱི་འདྲེན་པ་རུ། །ཞབས་པད་རྡོ་རྗེའི་རི་ལྟར་བརྟན་གསོལ་འདེབས། །གང་གི་མཛད་པ་ཡར་ངོའི་ཟླ་ལྟར་འཕེལ། །འཕྲིན་ལས་དབྱིག་འཛིན་ཁྱོན་ཀུན་ཡོངས་སུ་ཁེངས། །སྙན་པ་ས་གསུམ་ཀུན་ཏུ་རབ་གྲགས་པས། །གདུལ་བྱར་གྱུར་ཀུན་ཕུན་ཚོགས་དཔལ་སྤྱོད་ཤོག །

ཅེས་རྣམ་འདྲེན་འབྲི་གུང་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ་གང་གི་ཞབས་པད་ཡུན་རིང་དུ་བརྟན་པའི་ཆེད་དུ་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྙིང་ཐག་པ་ནས་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདི་ཡང་སྐྱེ་བདག་གི་ལོ་གསར་དུ་འཆར་བ་ཚུར་ལུག་གི་ཟླ་བའི་ཚེས་བཅོ་ལྔ་ལ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་འདབ་ནས་ཐལ་མོ་སྦྱར་ཏེ་ཕུལ་བ་སརྦ་མངྒ་ལཾ།

༈ བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཞབས་བརྟན་གསོལ་འདེབས།

ཨོཾ་སྭཱསྟི། ཕུན་ཚོགས་ཡོངས་ཀྱི་འབྱུང་གནས་རྫོགས་སངས་རྒྱས། །ཚེ་དང་ཡེ་ཤེས་འོད་ཟེར་དཔག་མེད་གཙོ། །དེ་ལ་རྒྱལ་བ་སྲས་བཅས་མ་ལུས་པས། །སྐོར་བྱས་གསོལ་འདེབས་འདི་འགྲུབ་བྱིན་གྱིས་རློབས། །གང་ཞིག་འཇིག་རྟེན་འདི་ན་སྒྲོན་མེ་མཆོག །དམ་ཆོས་རིན་ཆེན་ངེས་དོན་སྙིང་པོ་ཡི། །བསྟན་པ་རྒྱ་ཆེར་སྤེལ་ཕྱིར་མིག་མི་འཛུམ། །དཔལ་ལྡན་རྩ་ཤད་ཅན་གྱི་བསམ་བཞིན་དུ། །སྤྲུལ་པའི་ཟློས་གར་བསྒྱུར་བ་འགྲོ་བའི་མགོན། །རྒྱལ་དབང་བཀའ་རྒྱུད་ཕྲིན་ལས་ཤིང་རྟ་ཆེ། །གང་ཁྱེད་གངས་ཅན་ལྗོངས་འདིར་གདུལ་བྱའི་ཆེད། །རྫུ་འཕྲུལ་རྐང་པ་ཉིད་ལ་མངའ་བརྙེས་པས། །བསྐལ་པའམ་ནི་བསྐལ་པ་ལས་ལྷག་པར། །འཆི་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི། །དགོངས་པ་གཏད་དེ་ཡོན་ཏན་མགོན་པོ་ཡི། །ཞིང་གི་བདག་པོ་ཇི་བཞིན་ཞབས་བརྟན་ཤོག །འཛིན་མའི་ཁྱོན་འདིར་ངེས་གསང་སྙིང་པོ་ཡི། །འོད་ཟེར་ཕྱོགས་བརྒྱར་འགྱེད་པའི་ཉིན་བྱེད་མགོན། །གང་དེ་དུས་ཀྱི་མེ་ལས་གྲོལ་བ་བཞིན། །བསྐལ་བཟང་པད་ཚལ་རྒྱས་ཕྱིར་ཞབས་བརྟན་གསོལ། །སྙིགས་དུས་སེམས་ཅན་ལས་ཀྱི་སྙོག་མ་ཡི། །ཕན་བདེ་བརྒྱད་ལྡན་ཆུ་བོ་སླད་ན་ཡང་། །འགྲོ་བའི་མགོན་ཁྱེད་ཀེ་ཏའི་དབང་པོ་བཞིན། །འགྲོ་ལ་དགེ་ལེགས་སྩོལ་ཕྱིར་ཞབས་བརྟན་གསོལ། །རྒྱལ་གསང་མ་དྲོས་རྒྱ་མཚོ་ལས་འོངས་པའི། །སྨིན་གྲོལ་ཁྱོད་ཐུགས་ཤིང་རྟའི་རྒྱུན་བཟང་པོ། །ཆད་མེད་བསྐལ་ལྡན་རེ་བ་བསྐང་བའི་ཕྱིར། །ཞབས་པད་གཡུང་དྲུང་ལྟ་བུར་བརྟན་གྱུར་ཅིག །

ཅེས་རྣམ་པར་འདྲེན་པ་རྒྱལ་དབང་བཀའ་རྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཞབས་པད་ཡུན་རིང་དུ་འཚོ་བཞེས་བརྟན་པའི་སླད་དུ་རྒྱལ་ཁམས་པ་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྐྱེ་བདག་གི་ལོ་ཞལ་གསར་དུ་འཆར་བ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཟང་པོ་ལ་ས་ལ་སྤྱོད་པའི་འོག་མིན་ཚུར་གྱི་གཙུག་ལག་ཁང་ནས་ཕུལ་བ་སརྦ་མངྒ་ལཾ།


previousདཔལ་རིག་འཛིན་ཆེན་པོའི་གསུང་འབུམ་ལས། བཤེས་གཉེན་རིས་སུ་མ་ཆད་པ་ལ་རིང་འཚོའི་ཚིགས་བཅད་འབུལ་བ་ཇི་སྙེད་པ།next