Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  collapse section
   
   
   
  collapse section
   
སྐབས་དང་པོ། བསྟན་རྩིས་ཀྱི་རྣམ་གྲངས་ཇི་སྙེད་པ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   


 
previousསྐབས་དང་པོ། བསྟན་རྩིས་ཀྱི་རྣམ་གྲངས་ཇི་སྙེད་པ་བཀོད་པ།next

སྐབས་དང་པོ། བསྟན་རྩིས་ཀྱི་རྣམ་གྲངས་ཇི་སྙེད་པ་བཀོད་པ།

༄༅། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་གྱུར་དུས་ཀྱི་ངེས་པ་རྗེས་སུ་དྲན་པ་བསྐྱེད་པ་ལེགས་བཤད་ས་བོན་ཙམ་སྨོས་པ་ཉུང་ངུ་དོན་གསལ་རིམ་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱ་སྟི་སིདྡྷི་ཛྙིཾ་རཱ་ཛ་ཀུ་རུ་བྷྲུཾ། སངས་རྒྱས་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་གྱུར་དུས་ཀྱི་ངེས་པ་རྗེས་སུ་དྲན་པ་བསྐྱེད་པ་ལེགས་བཤད་ས་བོན་ཙམ་སྨོས་པ་ཉུང་ངུ་དོན་གསལ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ། བླ་མ་རིན་པོ་ཆེ་དང་པོའི་སངས་རྒྱས་དཔལ་ཀུན་བཟང་དུས་ཀྱི་འཁོར་ལོར་ཕྱག་འཚལ་ལོ། །ཇོ་བོ་འཕགས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་རྗེས་བཟུང་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྒྱལ་ཀུན་ངོ་བོ་རྩ་བའི་བླ་མ་ཆེ། །ཀུན་བཟང་དང་པོའི་མགོན་དེར་ཕྱག་བྱས་ནས། །རྒྱལ་བསྟན་རིན་ཆེན་གནས་གྱུར་དུས་ངེས་པ། །དད་པས་རྗེས་དྲན་ཆེད་དུ་འདིར་བརྗོད་བྱ། །དེ་ཡང་བདག་ཅག་གི་སྟོན་པ་མཚུངས་པ་མི་མངའ་བ། མཚུངས་པའི་ཟླས་དབེན་པ་འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་གཅིག་པུར་གྱུར་པ་ཤཱཀྱ་ཏོག་ཤཱཀྱ་ཐུབ་པ་ཆེན་པོ་གང་མི་མཇེད་འཛམ་བུའི་གླིང་གི་འགྲོ་རྣམས་རྩོད་ལྡན་གྱི་དུས་ལ་སྤྱོད་ཅིང་ཚེ་ལོ་བརྒྱ་པར་ཐུབ་པ་ན་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས་ཤིང་སྐུ་བལྟམས་པ་དང་། ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བའི་སྤྱོད་པ་དང་། བདུད་བཅོམ་ཞིང་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་ཚུལ་སོགས་མཛད་པ་བཅུ་གཉིས་སུ་སྟོན་པར་མཛད་པ་ནི། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་དགྱེས་རོལ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་ཡོངས་སུ་གྲགས་པར་གྱུར་པ་དེ་ལྟ་ལས། སྐུ་བལྟམས་པ་དང་། མངོན་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་རྣམས་ཀྱི་ལོ་ཡི་ངེས་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཉིད་ཀྱི་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་གཞུང་མི་མཐུན་པ་མང་ཞིང་མྱ་ངན་ལས་འདས་ནས་ཅི་ཙམ་སོང་གི་དུས་ཀྱང་ཚུལ་དེ་དང་འདྲ་བར་སྣང་ཞིང་། དེ་བཞིན་རྒྱལ་བའི་བསྟན་པ་ཇི་ཙམ་གནས་པའི་ཡུན་ཚད་ཀྱང་དགོངས་པའི་དབང་གིས་རྣམ་གྲངས་དུ་མ་ཅན་དུ་འབྱུང་སྟེ། འདུལ་བ་ལུང་ཕྲན་ཚེགས་དང་། གསེར་འཕྲེང་ཅན་གྱི་རྟོགས་བརྗོད། མདོ་སྡེ་བསྐལ་པ་བཟང་པོ། སྤྲིན་ཆེན་པོའི་མདོ། བློ་གྲོས་མི་ཟད་པས་བསྟན་པའི་མདོ་འགྲེལ། མཛོད་འགྲེལ་རྣམས་མཐུན་པར་བསྟན་པ་དངོས་དང་བཏགས་པ་ལྔ་བརྒྱ་རེ་བྱས་པ་ལོ་སྟོང་དུ་གནས་པར་གསུང་བ་དང་སྙིང་རྗེ་པད་དཀར་ནས། དངོས་སྟོང་བཏགས་པ་ལྔ་བརྒྱ་དང་། ཆོས་ཉིད་རང་མི་གཡོ་ཐ་དད་སྣང་བའི་མདོར་སྟོང་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་ཟླ་བ་སྙིང་པོས་ཞུས་པའི་མདོ་དང་ད་ལྟའི་དཔེར་ལོ་ཉིས་སྟོང་བྱས་པ་མང་ཡང་སུམ་སྟོང་བྱས་པ་མདོ་ཞེས་དམ་པ་མཆོག་དག་གི་གསུངས་པས་ངེས་པ་ཉིད་དང་། བྱམས་པ་ལུང་བསྟན་གྱི་མདོ་ཐར་ལོའི་འགྱུར་དང་། དབྱིག་གཉེན་གྱི་གནོད་འཇོམས་དང་། མཆེ་སྡེའི་འབུམ་ཊིཀ་སོགས་སུ་ལྔ་སྟོང་བཤད་པ་སོགས་མི་ཡི་གདུལ་བྱ་སྤྱིར་བཏང་གཙོ་བོ་དང་། མི་མ་ཡིན་ཕལ་པ་དང་བཅས་པའི་སྣང་ངོ་ལ་དགོངས་ཤིང་། གཞན་དུ་མི་མ་ཡིན་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་དང་། སུམ་ཅུ་རྩ་གསུམ་དང་། དགའ་ལྡན་གྱི་གནས་རྣམས་སུ་ནི་སངས་རྒྱས་སྟོང་གི་བསྟན་པ་བསྐལ་པ་ཆེན་པོ་འདི་མ་རྫོགས་བར་ཆོས་ཀྱང་ནུབ་པར་མི་འགྱུར་བར་ཀླུ་ཡི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོར་གསུངས་པ་སོགས་ཀྱིས་མཚོན་པ་དང་། ཐེག་ཆེན་ངེས་དོན་འཁོར་ལོ་གསུམ་པའི་ནང་ཚན་གསེར་འོད་དམ་པ་མདོ་སྡེའི་དབང་པོ་དང་། སྔགས་བླ་མེད་སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་གསུངས་པ་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་ཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཞེས་སངས་རྒྱས་མྱ་ངན་ལས་མི་འདའ་ཞིང་དམ་པའི་ཆོས་ཀྱང་ནུབ་པ་མེད་པར་གསུང་བ་དང་། གཞན་ཡང་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་བསྟན་པའི་གནས་ཚད་ངེས་པ་ཅན་དང་། ངེས་པ་མེད་པ་དང་། ནུབ་པ་མེད་པར་གསུང་བ་སོགས་མང་དུ་བྱུང་བའི་ལུང་ཚིག་རྒྱས་པར་འདིར་མ་སྤྲོས་ལ། དེ་ལྟར་བསྟན་པའི་གནས་ཚད་དེ་དག་གི་སྟེང་ནས་སྔོན་ཆད་དུས་ཇི་ཙམ་ཞིག་སོང་སྙམ་ན། དེ་ཡང་འདོད་པ་མང་དུ་བྱུང་བ་ཀུན། མདོར་བསྡུས་ཏེ་བསྟན་ན། རྣམ་གྲངས་གཞན་བཀོད་པ་དང་། རང་གི་འདོད་པ་བརྗོད་པ་དེ་གཉིས་སོ། །དེའི་དང་པོ་ལ་སྤྱིར་ནི་བོད་ཡུལ་ཁ་བའི་ལྗོངས་འདིར་གྲགས་པའི་བསྟན་རྩིས་རྣམས། དུས་ཀྱི་འཁོར་ལོའི་ཕྱོགས་ལ་བརྟེན་པ་དང་། མ་བརྟེན་པ་གཉིས་སུ་འདུ་ཞིང་། དེ་ཡང་མ་བརྟེན་པའི་ཕྱོགས་ལ་ཨོ་རྒྱན་གྱི་སློབ་དཔོན་མ་ཧཱ་གུ་རུའི་རྣམ་ཐར་རྣམས་སུ་གདུལ་བྱའི་མོས་ངོ་དང་མཐུན་པའི་འདས་ལོ་མང་ཉུང་སྣ་ཚོགས་པ་དག་སྣང་བ་ཕྱོགས་གཅིག་ཏུ་བསྒྲིགས་པར་དཀའ་ཡང་ད་ལྟའི་གྲགས་ཆེ་བའི་ཐང་ཡིག་དག་ཏུ་མང་ཉུང་གཉིས་ཀྱི་མང་བ་ནི། དེ་བཞིན་གཤེགས་པ་ཞི་བར་གཤེགས་ཏེ། གུ་རུ་རིན་པོ་ཆེ་བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་ཕྱིར་ཕེབས་ཀྱི་བར་ལོ། སུམ་སྟོང་བདུན་བརྒྱ་དང་ཉི་ཤུ་ཙམ་འགྲོ་བ་ཐང་ཡིག་ཁ་ཅིག་གི་དགོངས་པ་དང་། ཉུང་བ་ལ་ལོ་སུམ་སྟོང་ཆིག་བརྒྱ་དང་དྲུག་ལ་རེག་ཉེར་སོང་བ་ཐང་ཡིག་ཕལ་ཆེའི་བཞེད་པ་སྟེ། དེ་གཉིས་ཕྱིན་ཆད་ཀྱི་ལོ་ད་ལྟའི་བསྟན་རྩིས་གྲགས་ཆེ་བ་དག་དང་བསྟུན་ཏེ་བསྣན་པས་རགས་རྩིས་སུ་བཞི་སྟོང་དང་དྲུག་བརྒྱ་ལྷག་ཙམ་འགྲོ་བའམ། ཡང་ན་བཞི་སྟོང་དང་ཉིས་བརྒྱའི་ཁོངས་སུ་གནས་པར་སྣང་བས་དེ་ལྟར་ཐང་ཡིག་ལས་བྱུང་བ་བསྟན་རྩིས་ལུགས་གཉིས་དང་། དེ་བཞིན་བཞི་སྟོང་ཆིག་བརྒྱ་རེ་གཅིག་(༤༡༦༡)འདས་པ་འཕགས་མཆོག་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀྱི་ལུགས་དང་། ལོ་བཞི་སྟོང་དང་ཉག་མ་རེ་དགུ་(༤༠༦༩)འདས་པ་རྫོགས་ཆེན་སེམས་ཕྱོགས་ལ་ཤིན་ཏུ་མཁས་པ་རྟ་སྟོན་གཟི་བརྗིད་དཔལ་གྱི་བཞེད་པ་དང་། སུམ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་བདུན་(༣༨༨༧)ནི་ནེལ་པ་པཎྜི་ཏ་ཡི་ལུགས་དང་། སུམ་སྟོང་བརྒྱད་བརྒྱ་བདུན་ཅུ་རྩ་བརྒྱད་(༣༨༧༨)འདས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡི་ལུགས་སུ་གྲགས་ཤིང་གངས་ཅན་གྱི་དགེ་བཤེས་སྟོད་ལུང་པ་ཇོ་བོ་ཚུལ་ཁྲིམས། གསང་ཕུ་ཞང་ཚེ་སྤང་ཆོས་ཀྱི་བླ་མ་སྣར་ཐང་པ་རིག་པའི་རལ་གྲི་སོགས་མཁས་པ་མང་པོའི་བཞེད་པ་སྟེ། བོད་སྔ་རབས་ཀྱི་རྒྱ་ནག་གི་གབ་རྩེ་མཁན་རྣམས་ཀྱིས་ཀྱང་འདོད་པ་འདི་དང་མཚུངས་པར་གནས་ཞེས་ཁ་ཅིག་ནས་གསུང་པ་དེ་དང་། སུམ་སྟོང་བརྒྱད་བརྒྱ་བདུན་ཅུ་རྩ་ལྔ་(༣༨༧༥)འདས་པ་ནི་རྒྱལ་པོའི་གཏམ་གྱི་ལུགས་ཀྱི་བསྟན་རྩིས་གང་བདག་ཉིད་ཆེན་པོ་དཔལ་ས་སྐྱ་པཎྜི་ཏའི་ཞལ་བཞེས་ཏེ་གྲགས་ཆེ་བ་དང་། སུམ་སྟོང་བདུན་བརྒྱ་ཉི་ཤུ་རྩ་གསུམ་པ་(༣༧༢༣)རས་ཆུང་རྡོ་རྗེ་གྲགས་པའི་ལུགས། སུམ་སྟོང་དང་བཞི་བཅུ་(༣༠༤༠)ལྷག་ངེས་འགྲོ་བ་དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ལུང་བསྟན་པའི་ལི་ཡུལ་ལུགས་ཀྱི་བསྟན་རྩིས་དང་། རྒྱ་ནག་ཐང་ཐ་ཛུང་རྒྱལ་པོའི་ཡིག་ཚང་དང་བསྟུན་པའི་ལུགས་ལ་ཉིས་སྟོང་བདུན་བརྒྱ་བཞི་བཅུ་ཞེ་དགུ་(༢༧༤༩)སྟེ་མང་བ་དང་། ཉིས་སྟོང་དྲུག་བརྒྱ་གྱ་དགུ་(༢༦༨༩)འདས་པ་ཉུང་བ་སྟེ་གཉིས་དང་། རྒྱ་ནག་གི་ཡིག་ཚང་ཙནྡན་ཇོ་བོའི་ལོ་རྒྱུས་ལས་བྱུང་བའི་བསྟན་རྩིས་ལ་ཡང་མང་བ་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ་རེ་བརྒྱད་(༢༥༦༨)ལོན་པ་དང་། ཉུང་བ་ནི་ཉིས་སྟོང་བཞི་བརྒྱ་དགུ་བཅུ་གོ་གཅིག་པ་(༢༤༩༡)སྟེ་ལུགས་གཉིས་དང་། ཉིས་སྟོང་བཞི་བརྒྱ་ལྔ་བཅུ་(༢༤༥༠)ཙམ་འགྲོ་བ་རྒྱ་ནག་ཆོས་འབྱུང་ད་ལྟ་གསར་བྱུང་ལ་བརྟེན་རགས་རྩིས་སུ་དཔྱད་པ་དང་། ཉིས་སྟོང་ཉིས་བརྒྱ་བརྒྱད་ཅུ་རྩ་ལྔ་(༢༢༨༥)འདའ་པ་འདོད་པ་ནི་བལ་པོའི་ལམ་རྩིས་དང་། སིངྒ་ལ་ཡི་ཉན་ཐོས་ཚོགས་ནས་ཤིང་བུ་བསྐྱུར་བའི་ལོ་རྩིས་དང་བལ་པོ་པཎྜི་ཏ་བུདྡྷ་ཤྲཱི་དང་ཁ་ཆེ་བསོད་སྙོམས་པ་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་རྣམས་ཀྱི་བཞེད་པ་མཐུན་པའི་བསྟན་རྩིས་དང་། ཉིས་སྟོང་ཉིས་བརྒྱ་ང་གཉིས་(༢༢༥༢)ནི་རྫོགས་ཆེན་སྙིང་ཐིག་མཁན་པོ་རྒྱལ་བ་ཞང་སྟོན་གྱིས་བཞེད་པའི་བསྟན་རྩིས་དེ་དག་གི་སྔར་ཕན་ཆད་མཐོང་བ་རགས་པ་ནི་དེ་ལྟར་ཐང་ཡིག་གི་གཉིས་ཏེ་གཅིག་ཏུ་སྡོམ་པས་འདིར་རྣམ་གྲངས་བཅུའོ། །

དུས་ཀྱི་འཁོར་ལོའི་ཕྱོགས་ལ་བརྟེན་པའི་བསྟན་རྩིས་ནི། དེ་ལ་ཡང་རྒྱལ་བས་བདུད་རྩི་བརྙེས་ནས་དེ་ཡི་ལོ་ཕྱི་མར་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུང་ཞིང་ལོ་དེ་ནས་འདས་ལོ་བཟུང་བ་དང་། མྱ་ངན་འདས་པའི་ལོ་དེའམ་དེ་ཡི་སྔ་མར་རྒྱུད་གསུངས་ཤིང་མྱ་ངན་འདས་པའི་ལོ་དང་མཐུན་པའི་འདས་ལོ་སྟེ་ལུགས་སྲོལ་གཉིས་བྱུང་བའི། སྔ་མའི་ཕྱོགས་ལ་སུམ་སྟོང་དང་བཞི་བཅུ་ཞེ་དགུ་(༣༠༤༩)འདས་པ་ནི་འགོས་ལོ་གཞོན་ནུ་དཔལ་བའི་རྩིས་ཀྱི་འཁྲུལ་སེལ་དུ་གྲགས་པའི་ལུགས་དང་། ཉིས་སྟོང་ལྔ་བརྒྱ་བདུན་ཅུ་རྩ་ལྔ་(༢༥༧༥)ནི་རྭ་འབྲོའི་རྗེས་འབྲང་བར་སྐབས་ཀྱི་དུས་འཁོར་མཁན་ཕལ་ཆེ་བ་དང་། བྱེ་བྲག་ནི་འདི་སྐད་ཅེས་བྱ་སྟེ། ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། མཁྱེན་རབ་དབང་ཕྱུག་བུ་སྟོན་རིན་ཆེན་གྲུབ། བོ་དོང་འཇིགས་བྲལ་དབྱངས་ཅན་དགའ་བའི་ཞབས། དེ་ལྟར་རྒྱལ་བསྟན་ཡོངས་རྫོགས་ཤིང་རྟ་དང་། གཞན་ཡང་རྒྱལ་བསྟན་གསལ་བྱེད་ཇི་སྙེད་པ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་དང་རྟོགས་ལྡན། སྒྲ་པ་ནི་བཟང་འཇམ་དབྱངས་ཆོས་མགོན་པོ། ཉག་ཕུ་བསོད་བཟང་ཚུར་ཕུ་འཇམ་དབྱངས་ཆེ། ཐིལ་པ་ཀུན་རྒྱལ་པཎ་ཆེན་བྱམས་པ་གླིང་། བྱང་བདག་གྲགས་བཟང་རྒྱ་ཕྲུག་དཀོན་རིན་པ། །མཁས་གྱུར་རི་བོ་དགའ་ལྡན་པ། དགེ་ལེགས་དཔལ་དང་ཆོས་སྐྱོང་བཟང་། །རིག་འཛིན་བློ་གྲོས་རྒྱལ་མཚན་ལ་སོགས་ཏེ། །དེ་ལྟར་ཕྱི་ནང་རིག་པའི་གནས་རྣམས་ལ། །མཁས་གྱུར་སྤྱོད་ལྡན་དམ་པ་མང་པོ་དང་། །རྗེ་བཙུན་ཆེན་པོ་སྒྲོལབའི་མགོན་པོས་ཀྱང་། །རྣམ་གྲངས་ཚུལ་དུ་འདི་ཉིད་བཞེད་ཀྱང་སྣང་། །ཞེས་སོ། །དེ་རྣམས་ནང་ཁུལ་དུ་ལོ་ཁྱད་གཅིག་ཙམ་རེ་ལས་གཞན་ཁས་ལེན་མཐུན་པ་ཉིད་དང་། དེ་བཞིན་གཉིས་སྟོང་སུམ་བརྒྱ་དགུ་བཅུ་གོ་གཉིས་(༢༣༩༢)འདས་པ་རྡོ་རྗེ་གདན་དུ་ཉན་ཐོས་རྣམས་ཀྱི་ཤིང་བུ་བསྐྱུར་བའི་གྲངས་དང་། ཀམ་པོ་ཆེའི་གླིང་ནས་མགོན་པོའི་རྒྱུད་བཞུགས་པའི་ལུང་བསྟན་ལས་བྱུང་བའི་ལོ་ཚིགས་རམ་ཤིང་གི་རྒྱལ་རབས་དང་བསྟུན་ནས་གྲུབ་ཐོབ་ཨོ་རྒྱན་པས་རྩིས་པ་དང་། ཉིས་སྟོང་སུམ་བརྒྱ་བདུན་ཅུ་རྩ་བཞི་(༢༣༧༤)ཙམ་ལོན་པ་ནི་རྒྱ་དཀར་གྱི་རྒྱལ་རབས་ལོ་རྒྱུས་དག་དང་མཐུན་ཇོ་ནང་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱིས་བཞེད་པ་སྟེ། དེ་རྣམས་ཀྱི་ལོ་དག་ཡང་། འདིར་ནི་བརྟག་སླ་བའི་ཆེད་དུ་རྒྱུད་གསུངས་པ་ནས་བརྩམ་པའི་ལོ་སོགས་མ་ཡིན་པར་སྤྱིར་བཏང་བཞིན་སངས་རྒྱས་མྱ་ངན་ལས་འདས་པས་པའི་ལོ་ནས་བགྲངས་བར་བྱས་པ་སྟེ། གལ་ཏེ་རྒྱུད་གསུང་པའི་ལོ་དག་བསྣན་པར་བྱས་ན་བཞི་བཅུ་རྩ་ལྔའམ་རྩ་བཞི་གང་རིག་བསྣན་པས་རྟོགས་པར་ནུས་པའོ། །ལུགས་ཕྱི་མའི་ཕྱོགས་ལ་ཉིས་སྟོང་བདུན་བརྒྱ་དགུ་བཅུ་རྩ་དགུ་(༢༧༩༩)འདས་ལོར་གྱུར་པ་གདན་དུས་ཀྱི་རྩིས་གཞི་མཁན་པོ་འབྲུག་པ་པུ་རེ་ཤ་མ་ཏིའི་བསྟན་རྩིས་དང་། ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་གཉིས་སོང་བ་པད་དཀར་ཞལ་ལུང་དུ་གྲགས་པ་ཕུགས་ལུགས་ཀྱི་བསྟན་རྩིས་སྟེང་ཀོང་པོ་འབུམ་རམས་པ་ཡང་འདིའི་རྗེས་སུ་འབྲང་ནས་ཁོང་རྒྱ་གར་ཕྱིན་པས་བལ་པོ་པཎྜི་ཏ་ཀུ་སུ་མ་རཱ་ཛ་དང་། དབུས་འགྱུར་བྲམ་ཟེའི་པཎྜི་ཏ་ཆེན་པོ་བི་སྣུད་པ་ཞེས་དང་འཕྲད་ཅིང་དེ་དག་གིས་ཀྱང་ཚུལ་འདི་འདོད་ཀྱི་ཡོད་སྐད་པའི་སྒྲུབ་བྱེད་བཅས་སྨྲ་བ་དང་། ཉིས་སྟོང་དྲུག་བརྒྱ་བཅུ་དགུ་པ་(༢༦༡༩)ནི་མཁས་གྲུབ་གཡུང་སྟན་བཛྲ་ཤྲཱི་ལུགས་སུ་གྲགས་པ་མཁས་པ་ཁ་ཅིག་ནས་བུ་སྟོན་ཆེན་པོའི་བསྟན་རྩིས་ཐུན་མོང་མིན་པ་འདི་ཡིན་ཞེས་ཀྱང་སྒྲོགས་ཤིང་། གང་ལྟར་ཕྱི་མའི་སྐབས་སུ་འབྱོན་པའི་ཀམ་འབྲུག་གི་མཁས་པའི་དབང་པོ་དག་དང་དམ་པ་མང་པོས་ཀྱང་བཞེད་པར་མཛད་པ་དང་། ཉིས་སྟོང་དྲུག་བརྒྱ་བཅུ་བདུན་(༢༦༡༧)འདས་པ་དྭགས་པོ་པཎྜི་ཏར་གྲགས་པའི་བསྟན་རྩིས་དང་། ཉིས་བརྒྱ་བཞི་བརྒྱ་སུམ་ཅུ་རྩ་ལྔ་(༢༤༣༥)ལོན་པ་སེམས་དཔའ་ཆེན་པོ་རང་བྱུང་ཞབས་ཀྱི་བཞེད་པ་དང་། ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རེ་བརྒྱད་(༢༣༦༧)ཙམ་སོང་བ་ནི་ཆགས་ལོ་གསུམ་པར་རིན་ཆེན་ཆོས་རྒྱལ་དང་། འདས་ལོ་ཉིས་སྟིང་སུམ་བརྒྱ་བཅོ་ལྔ་(༢༣༡༥)སྟེ་ས་སྐྱའི་བླ་མ་དམ་པའི་དགོངས་པ་དང་། ཉིས་སྟོང་ཉིས་བརྒྱ་དང་ཉག་མ་བཅུ་དྲུག་འགྲོ་བ་རོང་བ་ངག་དབང་གྲགས་པ་དང་། ཉིས་སྟོང་ཆིག་བརྒྱ་བཅོ་ལྔ་འདས་པ་ནི་རྗེ་བཙུན་མཁའ་སྤྱོད་དབང་པོའི་བཞེད་པ་སྟེ་དུས་འཁོར་གྱི་ཕྱོགས་སུ་བསླན་པ་ད་ལྟ་ཡན་མཐོང་ལམ་དུ་སྤྱོད་པ་ལ་ནང་གསེས་ཕྲ་མོ་རྣམས། བཞག་ནས་རགས་པ་ནི་རྣམ་གྲངས་བཅུ་གསུམ་སྟེ་དེ་ཙམ་མོ། །དེ་ལྟར་བསྟན་རྩིས་འདིར་མདོ་ཙམ་རེ་སྨོས་པའི་རྣམ་གྲངས་ཉི་ཤུ་རྩ་བདུན་པོ་དེ་དག་རྣམས་མཛད་པ་པོའི་གང་ཟག་དུས་སྔ་ཕྱི་དང་མཆོག་དམན་ལ་དབྱེ་བ་མ་བྱས་པར་འདས་ལོ་མང་རིམ་བཞིན་སྔོན་དུ་བྱས་ཏེ་བཀོད་པ་ཡིན་ལ། འདས་ལོའི་རྣམ་གྲངས་སུ་གྱུར་པ་དེ་རྣམས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ལོ་དེ་ཉིད་ནས་བརྩམ་སྟེ་ད་ལྟ་རབ་བྱུང་བཅུ་གཉིས་པའི་བློ་ངན་ལྕགས་བྱ་ཡན་ཆད་འདས་ལོར་བྱས་པ་སྟེ། སླད་ནས་རྔ་ཆེན་ཆུ་ཁྱི་མན་རིམ་པས་བསྣན་འོས་སུ་ཤེས་པར་བྱའོ། །གཞན་ཕྲ་མོ་ནས་གཞལ་ན་བསྟན་རྩིས་འདིར་སྨོས་པ་དང་བཅས་པའི་སུམ་ཅུ་ལྷག་ངེས་ཤེས་པ་ཉིད་ཁོ་བོས་མཐོང་མོད། དེ་དག་ལས་སྔོན་གྱི་སྐབས་སུ་དུས་འཁོར་གྱི་ཕྱོགས་ལ་མ་བརྟེན་པ་ནི། ཇོ་བོ་རྗེ་དང་ས་སྐྱ་པའི་ཞལ་བཞེས་ཀྱི་སྲོལ་འཛིན་ཆེས་མང་ཞིང་། བར་སྐབས་སུ་དུས་འཁོར་མཁན་སྤྱིར་བཏང་གི་འདོད་པ་དང་གཡུང་སྟན་བཛྲ་ཤྲཱི་བཞེད་པ་ཡང་ཅི་རིགས་པ་དང་། ད་ལྟ་ཕྱི་མའི་སྐབས་འདིར་ནི་པད་དཀར་ཞལ་ལུང་ཞེས་ཕུག་ལུགས་སུ་འབོད་པ་འདི་ཡི་རྗེས་སུ་འབྲང་བ་ཁོ་ན་ཤས་ཆེའོ། །དེས་ན་བསྟན་རྩིས་གཞན་དག་ནི་རྣམ་གྲངས་སུ་སྨོས་པ་དང་། རང་རང་ཉི་ཚེར་སྤྱོད་པ་ཙམ་ལས་ཡོངས་གྲགས་སུ་འདོད་ཅིང་བཞག་པ་ནི་མང་དུ་མི་སྣང་ངོ་། །དེ་རྣམས་ཀྱི་ཚུལ་རྣམ་པར་བཞག་པ་རྒྱས་པ་ནི་ཕལ་ཆེ་བ་ཞིག་སྔར་མཁས་པ་རྣམས་ཀྱིས་ཡང་ཡང་སྒྲགས་པས་ཡི་གེ་མཐོང་སླ་བ་ཉིད་དང་། གཞན་ནི་འདིར་ཉུང་ངུའི་ངག་གིས་བརྗོད་པའི་སྐབས་སུ་ཞིབ་མོར་བྲིར་མ་ལོངས་པས་སླད་ནས་གཞན་དུ་ཅི་རིགས་པ་སྤྲོ་བར་འདོད་དོ། །

འདིར་སྨྲས་པ། རྒྱལ་བའི་མཛད་པ་ནམ་མཁའི་མཐའ་ཀླས་བཞིན། །རྒྱལ་བསྟན་གནས་ཚུལ་འདི་ཞེས་སུ་ཡིས་གཞལ། །ཐུན་མིན་སྣང་ངོར་དོན་དམ་རྒྱལ་བ་རྣམས། །མྱ་ངན་མི་འདའ་དམ་ཆོས་འཆར་ནུབ་ཡང་། །དེ་ལྟར་བསམ་གྱིས་མི་ཁྱབ་ངོ་བོ་ཉིད། །མདོ་རྒྱུད་ནས་བཤད་དམ་པས་ཡང་ཡང་གསུངས། །འོན་ཀྱང་མ་ངེས་ལྔ་ལྡན་སྤྲུལ་སྐུའི་ཚུལ། །མཆོག་གི་མཛད་པ་བཅུ་གཉིས་སྟོན་པ་དང་། །སྨོན་ལམ་དབང་གིས་བསྟན་པའི་གནས་ཚད་ཀྱང་། །ངེས་བཟུང་མཛད་ཚེ་དེ་ཡང་སུ་ཡིས་འགོག །བསྐལ་པའི་གྲངས་ཚད་དུས་ཀྱི་གོ་རིམ་དང་། །སངས་རྒྱས་འབྱོན་དཀའ་དམ་ཆོས་གནས་དཀའ་ཞེས། །མུན་བསྐལ་སྒྲོན་མེའི་བསྐལ་པར་ཡོངས་བཞག་ཅིང་། །རྒྱལ་བ་ཐ་དད་གདུལ་བྱ་མངོན་སུམ་པ། །རྣམ་དག་ལུང་དང་རིག་པས་ཐུན་མོང་ངོར། །རྒྱལ་བསྟན་འཆར་ནུབ་གནས་ཚུལ་ཚད་མར་གྲུབ། །དེས་ན་བདག་ཅག་འདྲེན་པ་ཐུབ་དབང་གི །བསྟན་པའི་གནས་ཚད་འདས་ལོ་ཇི་ཙམ་ཞིག །ཇི་བཞིན་གཏན་ལ་དབབ་པར་བྱ་བ་ན། །མཁས་གྱུར་དམ་པ་མང་པོའི་བཞེད་པའི་གཞུང་། །མི་མཐུན་དུ་མ་ཉིད་དུ་གནས་གྱུར་གང་། །གདུལ་བྱའི་བསམ་པ་སྐྱོ་བསྐྱེད་སྤྲོ་བསྲིངས་སླད། །དེ་དང་དེ་ལྟའི་གདུལ་བྱ་རང་རང་གི །ཤེས་ངོ་ཉིད་དུ་བདེན་པར་གྲུབ་སོ་ཞེས། །དམ་པའི་དམ་པ་འགའ་ཞིག་གིས་གསུངས་ན། །དེ་ཡང་ལེགས་བཤད་མཆོག་ཏུ་ངེས་པར་ཁུམས། །འོན་ཀྱང་འཁྲུལ་མེད་གཏན་ཚིགས་བརྟན་པོ་དང་། །དཔལ་མགོན་དམ་པའི་གསུང་གི་རྗེས་འབྲངས་ནས། །རང་འདོད་ཇི་བཞིན་བསྟན་རྩིས་བརྗོད་པ་ཡང་། །འགལ་བའི་སྐྱོན་དུ་གྱུར་པར་མི་སེམས་མོད། །དེ་ལྟར་གྲངས་མེད་གཏན་ཚིགས་པདྨའི་འཕྲེང་། །བདག་བློལའི་སྐྱེད་ཚལ་མཛེས་པའི་རྒྱན་དུ་སྣང་། །

ཞེས་ཚིགས་སུ་བཅད་པའོ། །དེ་ལྟར་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་བརྗོད་པ་ཉུང་གསལ་རིན་ཆེན་སྒྲོན་མེ་ལས་བསྟན་རྩིས་ཀྱི་རྣམ་གྲངས་ཇི་སྙེད་པ་བཀོད་པའི་སྐབས་དེ་དང་པོའོ། །


previousསྐབས་དང་པོ། བསྟན་རྩིས་ཀྱི་རྣམ་གྲངས་ཇི་སྙེད་པ་བཀོད་པ།next