Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  collapse section
   
   
སྐབས་གཉིས་པ། རང་ལུགས་ཀྱི་བསྟན་རྩིས་རྣམ་པར་དག་པ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   


 
previousསྐབས་གཉིས་པ། རང་ལུགས་ཀྱི་བསྟན་རྩིས་རྣམ་པར་དག་པ་བཤད་པ།next

སྐབས་གཉིས་པ། རང་ལུགས་ཀྱི་བསྟན་རྩིས་རྣམ་པར་དག་པ་བཤད་པ།

ཨ་ཐ། གྲུབ་པ་ཀུན་མཁྱེན་ཀུན་ལ་སྨན། །ཤཱཀྱ་ཏོག་ལ་ཕྱག་བྱས་ནས། །རང་གི་འདོད་བཞིན་བསྟན་པའི་རྩིས། །རྣམ་པར་དག་པ་བརྗོད་པར་སྤྲོ། །དོན་གཉིས་པ་རང་གི་འདོད་པའི་བསྟན་རྩིས་རྣམ་པར་བཞག་པར་བྱ་སྟེ། དེ་གང་ལ་སྟོན་ཏེ་ཞེས་ཞེ་ན་རྒྱ་བོད་དུ་རྒྱལ་བསྟན་གསལ་བྱེད་འཕགས་པའི་སྐྱེས་བུ་དམ་པའི་གསུང་བསྟན་རྩིས། ཇི་སྙེད་པ་ཡང་ངེས་པའི་སྒོ་ནས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་འདུལ་བའི་ལུང་དང་མདོ་སྡེ་རྣམས་སུ་དང་། དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་དང་། གཞན་ཡང་སྔགས་ཁྱད་པར་མཆོག་ཏུ་འཕགས་ཤིང་དྲི་མ་མེད་པ་རྣམས་ནས་ཟླ་བ་དང་ལོ་ཡི་ངེས་པ་གསལ་བར་བསྟན་པ་དང་། དེ་བཞིན་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་འོད་དཔག་མེད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོར་སྣང་བ་པདྨ་ཀ་ར་དང་། མ་ཧཱ་པཎྜི་ཏ་བྱེ་མ་ལ་མུ་ཏྲ་དང་། ལོ་ཙཱ་བ་བཻ་རོ་ཙ་ན་རྣམས་ཀྱི་གསུང་དྲི་མ་མེད་པ་ཐུན་མོང་མ་ཡིན་པ་རྣམས་ལ་བརྟོན་ཏེ། བྱས་པ་སྟེ་དེ་འཕགས་ཡུལ་གྱི་ལོ་རྒྱུས་ཁུངས་ལྡན་གཞན་དང་བསྟུན་པ་འཆད་དུ་རུང་བའི་གནས་ཀྱང་མཐོང་མོད། འོན་ཀྱང་དཀར་རྩིས་རི་མོ་རྣམ་པར་དག་པའི་ལམ་ནས་གཞལ་བ་ན། བོད་ཡུལ་གྱི་དུས་འཁོར་བ་སྤྱི་དང་ཁྱད་པར་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོར་གྱུར་པ་དག་གི་བཞེད་པ་དང་ཤིན་ཏུ་མཐུན་པར་གྱུར་པས་ན་གཞན་དག་ཐེ་ཚོམ་ཆུང་ཞིང་ཚུལ་དེ་ལེགས་པར་རྟོགས་པ་ཡི་སྐབས་འདི་ཉིད་དུ་དེ་བཞིན་བརྗོད་པར་བྱ་སྟེ། དེ་ཡང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ཉིད་དགའ་ལྡན་གྱི་གནས་ནས་མདོ་རྒྱ་ཆེར་རོལ་པ་ནས་ཇི་ལྟར་གསུང་བཞིན། ས་ག་ཟླ་བའི་ཚེས་བཅོ་ལྔ་ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་རྒྱུ་སྐར་རྒྱལ་ནུབ་པའི་དུས་སྦྱོར་ལ་ཞུགས་པ་ཡི་ལོ་ནི་སྣ་ཚོགས་དབྱིག་ཞེས་ཤིང་མོ་སྦྲུལ་ཡིན་ལ། དེ་ཡི་ས་གའི་དྷྲུ་བར་གཟའ་གནས་དབྱུག་ཉེར་དྲུག ཆུ་སྲུང་བཅོ་ལྔ། རོལ་པོ་བཅོ་བརྒྱད། ཆ་ཤས་བརྒྱ་དང་ལྔ། ཉི་སྐར་གཅིག ཆུ་ཚོད་དྲུག ཆུང་ཆུང་ཉེར་དགུ། ཚེས་བཅོ་ལྔའི་གཟའ་དག་པར་ཐིག་དང་། ཚེས་དབྱུག་དྲུག ཉི་མ་དག་པར་སྐར་གནས་གཉིས་དང་། ཆུ་ཚོད་ཞེ་གཉིས། རེས་འགྲོག་ཟླ་སྐར་བཅོ་ལྔ་དང་། ཆུ་ཚོད་ཞེ་དྲུག་འཆར་བ་ཡིན་ལ། དེ་ནས་ཟླ་བ་བཅུ་ལྷག་བཅས་ཡོངས་སུ་འདས་ཤིང་བཅུ་གཉིས་ལ་ཉེ་བ་ཟིལ་གནོན་ཞེས་མེ་ཕོ་རྟ་ཡི་ལོ་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་སྔ་དྲོ་རེས་འགྲོགས་ཟླ་བའི་སྐར་མ་རྒྱལ་དང་ལྡན་ཅིང་རྒྱལ་འཆར་བའི་དུས་སྦྱོར་རྐང་པ་དང་པོར་བབ་པའི་སྐབས་སུ་ལུམྦི་ཚལ་དུ་སྐུ་འཁྲུངས་ཏེ། དེ་ཡང་ས་གའི་དྷྲུ་བར། གཟའ་གཉིས་དབྱུག་གུ་བཞི་བཅུ་ཞེ་བདུན་ཆུ་སྲང་བཅུ་དྲུག་རིལ་པོ་བཅུ་བཞི་ཆ་ཤས་བརྒྱ་དང་བཅུ་བདུན། ཉི་མའི་སྐར་གནས་ཐིག་ཆུ་ཚོད་བཅོ་བརྒྱད་ཚེས་བརྒྱད་ཀྱི་རྩིས་རེས་གཟའ་དག་ས་ལ་གཟའ་གནས་གསུམ། ཚེས་ལོངས་ཞེ་དགུ། ཉི་མ་དག་པར་སྐར་གནས་གཅིག དབྱུག་གུར་བཞི་རེས་འགྲོགས་ཟླ་སྐར་བདུན། ཆུ་ཚོད་ཉེར་བདུན་ཡོད། རྒྱལ་བ་དགུང་ལོ་ཉེར་དགུའི་བར་དུ་བཞུགས་ཤིང་ཉེར་དགུ་པ་དངོས་པོ་ཞེས་ཤིང་ཕོ་ཁྱི་ཡི་ལོ། དེ་ཡི་སྨིན་དྲུག་གི་ཟླ་བའི་ཚེས་བརྒྱད་ཀྱི་ནམ་གྱི་ཆ་སྟོད་དུ་གྲགས་འཛིན་མར་སྲས་ཀྱི་ས་བོན་བསྐྲུན་ཞིང་ནམ་གུང་རྒྱུ་སྐར་རྒྱལ་འཆར་བ་གཟིགས་པའི་དུས་སུ་སངས་རྒྱས་རྣམས་ལ་ཕྱག་མཛད་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེ་ལྟར་རབ་ཏུ་བྱུང་ནས་ཟླ་བ་དྲུག་གི་བར་ལམ་ཚོལ་བར་དྲང་སྲོང་སྣ་ཚོགས་བསྟི་བའི་གནས་སུ་དེ་རྣམས་ཀྱི་ལམ་གྱི་དཀའ་ཐུབ་དང་མཐར་ཐུག་སྲིད་རྩེའི་ཏིང་འཛིན་མཐའ་དག་ཀྱང་ཡུད་རེས་མངོན་དུ་བྱས་ཏེ་ལྗོངས་དང་གྲོང་བརྡལ་དུ་རྒྱུ་ཞིང་གཤེགས་པའི་ཚུལ་ཡང་བསྟན་པར་མཛད་དོ། །དེ་ནས་དགུང་ལོ་སུམ་ཅུ་པ་ན་ཚོད་ལྡན་ཞེས་ཤིང་ཕག་གི་ལོ་ས་གའི་ཚེས་བརྒྱད་ལ་ཆུ་ཀླུང་ནེ་རཉྫ་རའི་འགྲམ་དུ་བཀའ་ཐུབ་ལ་ཞུགས་ཏེ་ལོ་དྲུག་གི་བར་གཅིག་པུ་དང་གཉིས་སུ་མེད་པར་མཉམ་པར་བཞག་གོ །དེ་ཡི་མཐར་དགུང་ལོ་སུམ་ཅུ་རྩ་ལྔ་བཞེས་པ་དཔའ་བོ་ཞེས་ལྕགས་འབྲུག་ས་གའི་ཉ་ལ་བྱང་ཆུབ་ཤིང་དྲུང་དུ་གཤེགས་ཏེ་སྲོད་ལ་བདུད་བཏུལ། ནམ་གྱི་གུང་དུ་རྡོ་རྗེ་ཟླ་བ་དང་རྡོ་རྗེ་སྒྲ་གཅན་སྙོམསཔར་ཞུགས་པའི་སྐབས་མཉམ་པར་བཞག ཟླ་བ་སྒྲ་གཅན་ལས་གྲོལ་ལ་ཁད་སྐད་ཅིག་མ་གཅིག་གི་ཐོགས་པ་ཐོ་རེངས་སྐྱ་རེངས་འཆར་བ་རྒྱལ་རྔ་བརྡུང་བའི་ཚོད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་མ་ཐག་ཏུ་གནས་གཙང་མའི་ལྷ་རྣམས་ཀྱི་ཆེད་དུ་བརྗོད་པ་དང་བཅས་མེ་ཏོག་གི་ཆར་སྤུས་ནུབ་ཙམ་ཕབས་སོ། །

དེ་ལྟར་ཟླ་བ་སྒྲ་གཅན་གྱིས་བཟུང་བའི་སྐབས་སུ་སྲས་སྒྲ་གཅན་འཛིན་ཡང་ཡུམ་གྱི་མངལ་དུ་ལོ་དྲུག་བཞུགས་ནས་དུས་དེར་བཙས་ཤིང་། དེ་ཡི་བཙས་སྟོན་གྱི་སྐྱེ་བོ་ཀུན་དགའ་བར་གྱུར་པས་ན་ཀུན་དགའ་བོ་བཙས་སོ། །དེ་ཡང་ས་ག་ཟླ་བ་འདི་ཡི་དྷྲུ་བར་གཟའ་གནས་གསུམ་ཆུ་ཚོད་སུམ་ཅུ། སྲང་ང་བཞི། རིལ་པོར་ཉི་ཤུ་ཆ་ཤས་སོ་བཞི། ཉི་དྷྲུར་སྐར་གནས་གཅིག ཆུ་ཚོད་བཅུ་དྲུག ཆུ་སྲང་སོ་གསུམ། དེ་ཡི་ཚེས་བཅོ་ལྔའི་གཟའ་དག་གཟའ་གནས་ལ་བཞི། ཆུ་ཚོད་ལྔ་བཅུ། ཉི་དག་སྐར་མར་གཉིས། དབྱུ་གུར་སོ་གཅིག ཚེས་འཁྱུད་སྐར་མར་བཅུ་དྲུག དབྱུ་གུར་གཅིག རེས་འགྲོགས་སྐར་མར་བཅོ་ལྔ། དབྱུ་གུར་བཅུ་གཅིག སྒྲ་གཅན་བུལ་བར་སྐར་གནས་ཉེར་གསུམ་ཆུ་ཚོད་བཅོ་བརྒྱད། གདོང་སྐར་གསུམ། ཆུ་ཚོད་ཞེ་གཅིག དུས་མེའི་སྐར་མར་བཅུ་བདུན། ཆུ་ཚོད་བཅུ་གཅིག་སྟེ་མན་ངག་བཞིན་སྦྱངས་དོར་གྱི་ལྷག་སྐར་གནས་ཐིག་དང་ཆུ་ཚོད་སོ་བརྒྱད་ཤར་བས་མྱོང་རྩིས་ལྟར་བཞི་ཆ་གཅིག་འཛིན་པ་ཡིན་ནོ། །གཞན་མདོ་སྡེ་མྱ་ངན་འདས་པ་ཆེན་པོ་དང་། བོད་སྔགས་རྙིང་པའི་བཀའ་བརྒྱད་རྫོང་འཕྲང་དང་རྒྱ་ནག་ཧཱ་ཤང་བསམ་གཏན་མཁན་རྣམས་མཐུན་པར་ས་ག་ཟླ་བའི་ཚེས་བརྒྱད་ལ་སངས་རྒྱས་པར་བཞེད་པ་དང་། རྒྱ་དཀར་གྱི་སློབ་དཔོན་དཱ་རི་ཀ་སོགས་མ་རྒྱུད་སྨྲ་བ་པོས་ནི་མར་ངོའི་ཚེས་བཅུར་སངས་རྒྱས་པར་འདོད་པ་དག་ཀྱང་ཤེས་པར་བྱ་དགོས་ལ། འདིར་བཤད་པ་ནི་དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་རྒྱུད་འགྲེལ་འཕགས་པ་སྤྱན་རས་གཟིགས་ཀྱི་མཛད་པའི་དགོངས་པ་སྟེ། དེ་ཡང་དྲི་མེད་འོད་ཀྱི་དབང་ལེའུ་ཡི་སྐབས་སུ། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར་ནག་པའོ་ཚེས་གཅིག་འཇུག་པ་ས་ག་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་དང་།

སྔགས་གཞུང་ཁྱད་པར་ཅན་གཞན་ནས་ཀྱང་འབྱུང་ལྟར་རོ། །དེ་ལྟར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་འདས་པ་ན་ཚངས་པ་ཆེན་པོས་གསོལ་བ་བཏབ་བཞིན་ཡུལ་ཝ་ར་ཎ་སིར་བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་དང་པོར་བསྐོར་ཞིང་། དེ་ནས་རིམ་པར་བྱ་རྒོད་ཕུང་པོའི་རིར་བཀའ་བར་མ་མཚན་ཉིད་མེད་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་དང་། གསུམ་པ་མ་ལ་ཡ་དང་གྱད་ཀྱི་ཡུལ་ལ་སོགས་པའི་གནས་སྣ་ཚོགས་པར་ཕྱིར་མི་ལྡོག་པ་ངེས་དོན་སྙིང་པོའི་ཐེག་པ་སྟེ་གདུལ་བྱའི་དབང་པོ་དང་འཚམས་པར་འཁོར་ལོ་རིམ་པ་གསུམ་དུ་བསྟན་པར་མཛད་པ་ཡིན་ལ། འཁོར་ལོ་གསུམ་གསུངས་པའི་ལོ་འདི་ཙམ་ཞེས་དམ་པ་འགའ་ཞིག་གིས་གྲངས་ནས་སྨོས་ཀྱང་རྣམ་པ་ཙམ་ལས་ཇི་བཞིན་དཔག་པར་དཀའ་ཞིང་། སྤྱིར་ཡང་ཐེག་པའི་གོ་རིམ་ལས་དུས་སྔ་ཕྱི་ཁོ་ནར་ཡང་འདོད་མི་ནུས་ཏེ་གཞན་དུ་བཤད་པར་བྱའོ། །དེ་ལྟར་ཐེག་པ་གསུམ་བསྟན་པར་མཛད་དེ། དེ་བཞིན་གཤེགས་པ་དགུང་ལོ་བདུན་ཅུ་རྩ་དགུ་བཞེས་ཤིང་། སངས་རྒྱས་ནས་ལོ་བཞི་བཅུ་རྩ་ལྔ་ལ་འཁོད་པ་དགའ་དབང་ཤིང་བྱིའི་ལོ་དཔྱིད་ཟླ་འབྲིང་པོ་ནག་པའི་ཚེས་བཅོ་ལྔར་ལྷོ་ཕྱོགས་ཤྲཱི་དྷཱ་ན་ཀ་ཊ་ཀར་དཔལ་མཆོག་དང་པོའི་སངས་རྒྱས་སོགས་སྔགས་བླ་མེད་ཀྱི་ཐེག་པ་མཐའ་ཡས་པ་གསུང་པ་སྟེ། དེ་ཡང་འཕགས་འགྲེལ་དྲི་མ་མེད་པའི་མདོ་གོང་གི་ལུང་གི་འཕྲོས་སུ། དེ་ནས་ཆོས་ཀྱི་ཐེག་པ་གསུམ་བསྟན་པར་མཛད་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ། ཤྲཱི་དྷཱ་ན་ཀ་ཊར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བའི་མཚན་ཉིད་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དྲུག་གི་རྣམ་པར་དབྱེ་བ་ཅན་དང་པོའི་སངས་རྒྱས་རྣམ་པར་སྤྲོས་སོ། །ཞེས་དང་། འཕགས་འགྲེལ་དེར་རྩ་བའི་རྒྱུད་ཀྱི་ལུང་དྲངས་པ་ཡང་། བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོ་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་པ་ལྟར་རོ། །

ཚེས་བཅོ་ལྔའི་ཉིན་ཞག་དེ་ལ་ཡང་བདུད་འཇོམས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུས་སྦྱོར་དང་ལྡན་པའི་སྐབས་སུ་སྟེ་ཚུལ་དེ་ནི་དཔལ་ནཱ་རོ་ཏཱ་པས་མཛད་པའི་དབང་མདོར་བསྟན་གྱི་འགྲེལ་པར་རྩ་རྒྱུད་ཀྱི་ལུང་དྲངས་པར་ཡང་། མདུན་གྱི་ཉ་བ་ཟླ་བ་སྟེ། །རྒྱབ་ཀྱི་ཉ་བ་ཉི་མ་ལའོ། །གཡོན་གྱི་མུན་ཅན་གདོང་པ་ལ། །གཡས་ཀྱི་མཇུག་མར་གནས་པ་ན། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །ཞེས་བྱ་བདུད་ནི་འཇོམས་པའི་དུས། །དེར་ནི་སྟོན་པ་ཤར་གྱི་ཞལ། །རིན་ཆེན་སེང་གེའི་ཁྲི་ལ་བཞུགས། །ཞེས་འབྱུང་བ་ཉིད་དོ། །དེས་ན་ཤིང་བྱིའི་ནག་པའི་དྷྲུ་བ་གཟའ་གནས་གཅིག ཚེས་དབྱུག་པོ་བདུན། སྲང་ཉེར་དྲུག རིལ་པོར་བཅོ་བརྒྱད། ཆ་ཤས་དོན་གསུམ། ཉི་སྐར་ཉེར་ལྔ། དབྱུ་གུ་སོ་ལྔ། དེ་ཡི་ཚེས་བཅོ་ལྔའི་རྩིས་ཡན་ལག་ལྔར། ཟླ་སྐར་བཅུ་གཉིས། དབྱུ་གི་ཉེར་ལྔ། ཉི་སྐར་ཉེར་དྲུག དབྱུ་གུ་ལྔ་བཅུ། སྒྲ་གཅན་གདོང་སྐར་ཉི་ཤུ། ཆུ་ཚོད་དང་བདུན། དུས་མེའི་སྐར་མ་བདུན། ཆུ་ཚོད་ཉེར་བདུན་མཆིས་སོ། །འདིར་བསྟན་པའི་རི་མོ་རྣམས་རྩིས་འཕྲོ་ལུགས་གཞན་གྱི་བགྱིར་ཡོད་ཀྱང་འཕྲལ་དུ་ཡིད་ཆེས་སླ་བའི་ཕྱིར་དེང་དུས་གྲགས་ཆེ་བའི་པད་དཀར་ཞལ་ལུང་གི་ལུགས་སུ་བྱས་པ་ཡིན་ནོ། །དེ་ཡི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་སེངྒེ་ཤར་དུ་ཞལ་ཕྱོགས་པའི་མདུན་ཅུང་ཟད་བྱང་ཤར་དུ་ཉེ་བར་ཟླ་བ་སྐུ་རྒྱབ་ནུབ་ལྷོ་ནུབ་ཉེ་བར་ཉི་མ་གཡས་ལྷོ་ཤར་ལྷོར་ཕྱོགས་པའི་དུས་མེ་གཡོན་བྱང་ནུབ་བྱང་ཉེ་བར་སྒྲ་གཅན་གནས་པ་ཉི་མ་ཕྱི་དྲོ་སེང་གེའི་དུས་སྦྱོར་ལ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོར་མངོན་པར་སྤྲུལ། འཁོར་སངས་རྒྱས་བྱང་སེམས་དཔལ་བོ་མཁའ་འགྲོ་དཔག་ཏུ་མེད་པ་དང་། ལྷ་ཆེན་བཅུ་གཉིས་སོགས་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་དང་། ཆུ་བོ་སི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་འདུས་པའི་དབུས་སུ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་ཞུས་པའི་ངོར་གསུངས་པ་ཡིན་ལ། དེར་རྒྱུད་འདི་མ་ཟད་རྒྱུད་མཐའ་དག་གསུང་ནས་ཕྱག་ན་རྡོ་རྗེ་ལ་གཏད་པ་ཡིན་ཅིང་མི་དང་མི་མ་ཡིན་པ་གྲངས་ལས་འདས་པ་འདོད་པའི་དངོས་གྲུབ་ཐོར་པར་གྱུར། ལོ་དེའི་ཕྱི་མ་དགོངས་ལོ་བརྒྱད་ཅུ་ཉེ་བར་བཞེས་པ་ཁྲོ་བོ་ཞེས་ཤིང་གླང་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནམ་གུང་ལ་གྱད་ཀྱི་ཡུལ་རྩྭ་ཅན་དུ་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ལྷག་མ་མེད་པར་གཤེགས་པར་གྱུར་ཏེ་དེ་ནི་མདོ་སྡེ་མྱང་འདས་ལས་གསལ་བར་གསུང་བཞིན་རང་ལུགས་བཞག་ལ།

རྒྱ་ནག་བསམ་གཏན་མཁན་རྣམས་ཀྱང་ཟླ་ཚེས་མདོ་མྱང་འདས་ཀྱི་འདི་དང་མཐུན་པར་སྣང་ཡང་དེ་བཞིན་གཤེགས་པ་དགུང་ལོའི་ཚད་གཞན་སྤྱི་དང་མི་མཐུན་པར་དོན་དགུ་ངོ་མཐོང་དུ་བྱས་སོ། །ཡང་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་ལ་འདས་པར་བྱས་ཀྱང་མི་འཐད་པ་མེད་ཅིང་ལེགས་པར་བཤད་པའི་ཆ་ཅན་དུ་སྣང་ངོ་། །གཞན་ནི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ནམ་གུང་ལ་ཆོས་ཀྱི་སྐུར་གཤེགས་ཞེས་རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་སྐྱོང་དང་པཎ་ཆེན་ཤཱཀྱ་ཤྲཱི་བཞེད་པ་ཡིན་ལ། བོད་ཀྱི་མཁས་མཆོག་བུ་སྟོན་སོགས་ཀྱིས་ཀྱང་འདི་ཉིད་ཁས་བླང་། ཡང་ཁ་ཅིག་ནས་དཔྱིད་འབྲིང་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདའ་བར་བཞེད་པ་དང་། ཁ་ཅིག་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ཡང་ཡིན་པར་འདོད་པ་འབྱུང་ངོ་། །གང་ལྟར་སྟོན་པའི་དགུང་ལོའི་ཚད་ནི་ཐུན་མོང་གདུལ་བྱའི་སྣང་ངོ་ཉིད་དུ་ནི་བརྒྱད་ཅུ་ཁོ་ནར་གསུང་སྟེ་ཐེག་པ་ཆུང་ངུའི་སྡེ་སྣོད་འདུལ་བ་ལུང་ཕྲན་ཚེགས་ལས་ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ན་ཚོད་བརྒྱད་ཅུ་ལོན་ཏེ་སྐུ་བགྲེས་འཁོགས་གཏུགས་པར་གྱུར་ཏེ་ཞེས་དང་། སངས་རྒྱས་མྱ་ངན་ལས་འདས་པའི་ནུབ་མོར་ཀུན་ཏུ་རྒྱུ་རབ་བཟང་ལ་བཀའ་སྩལ་པ། རབ་བཟང་ངས་ནི་ན་ཚོད་ཉི་ཤུ་དགུ་ལོན་ཏེ། །རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་ལྷག་གཅིག་ཏུ། །དགེ་བ་གང་ཡིན་ཅི་ཞེས་གསལ་བར་བྱས་གྱུར་ཅིག །ཞེས་གསུངས་པས་ཀྱང་མཚོན་ལ། དེ་བཞིན་ཉན་ཐོས་འཕགས་པ་གནས་བརྟན་ཆེན་པོ་རྣམས་ཀྱི་དབྱར་གནས་གནས་པའི་གོ་རིམ་རྣམ་པར་བཞག་པ་ན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལོ་བརྒྱད་ཅུ་གནས་པའོ། །ཞེས་དང་། བྱེ་བྲག་བཤད་མཛོད་ལས། རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་འབྱུང་བ་དང་། ཐེག་ཆེན་ནས་ཀྱང་དེ་རྣམས་དང་མཐུན་པར་འབྱུང་སྟེ། ཇི་སྐད་དུ་མདོ་སྡེའི་དབང་པོ་གསེར་འོད་དམ་པ་ལས། སྐུ་ཚེ་བརྒྱད་ཅུ་ཞིག་ཐུབ་སྟེ། །ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས་ཀྱང་། སྐུ་ཚེའི་ལྔ་ཆ་བཏང་བར་བཤད་པ་དང་། གཞན་ཡང་མདོ་སྡེ་མང་པོ་ནས་མཐུན་པར་སྐུ་ཚེའི་ཚད་བརྒྱད་ཅུར་བཤད་པ་སྟེ་དེ་ལྟར་རྒྱུ་ཡི་ཐེག་ཆེན་ནས་དང་། ཐེག་ཆེན་སྔགས་ནས་ཀྱང་། སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་ལས། གདུལ་བྱའི་འཇིག་རྟེན་ལ་བརྟེན་ནས། །རྐང་གཉིས་མཆོག་གི་བསྟུལ་ནས་ནི། །ལོ་ནི་བརྒྱད་ཅུར་བཞུགས་མཛད་དེ། །སངས་རྒྱས་རྒྱལ་བའི་གནས་སུ་གཤེགས། །ཞེས་འབྱུང་བས་ན།

རང་ལུགས་སུ་འཇིག་རྟེན་གྲགས་སྡེ་ལྟར་གྱི་དགུང་ལོ་བརྒྱད་ཅུ་ལས་མང་བ་དང་ཉུང་བ་དག་འདོད་པར་མི་བྱའོ། །གཞན་དུས་འཁོར་གསུང་བའི་དུས་ཀྱང་དམ་པ་འགའ་ཞིག་ནས། དྲི་མེད་འོད་ལས་ཟླ་བ་བཅུ་གཉིས་ཞེས་དུས་ཚིགས་ཀྱིས་བསྟན་པར་བརྟེན། སངས་རྒྱས་པའི་ཕྱི་ལོ་དེར་བཞེད་པ་ཡོད་ཀྱང་ལུང་ཚིག་དེ་ནི་རྒྱ་ནག་སོགས་སུ་ཊེའུ་ཡན་སྔོན་གྱི་རྒྱལ་པོ་རྣམས་རང་རང་གི་རྒྱལ་ཐབས་ཐོབ་པའི་ཟླ་བ་དེ་ཟླ་བ་དང་པོར་བཟུང་བ་བཞིན། རྒྱལ་བ་ཡང་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་མངོན་པར་སངས་རྒྱས་པའི་ཟླ་བ་ཟླ་བའི་དང་པོར་བྱས་བཅུ་གཉིས་པ་ནག་ཟླ་ཇི་སྙེད་པའི་མཐར་དགོངས་པ་ལས། ལོ་དེ་ཡི་ཕྱི་མ་ཁོ་ནར་བཞེད་མི་དགོས་པ་གོང་དུ་བཤད་ལྟར་རྒྱལ་བ་མྱ་ངན་ལས་འདའ་ཉེ་བའི་སྐབས་སུ་བཀའ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཉིད་དོ། །དུས་འཁོར་གྱི་འདས་ལོ་ཡང་རྒྱལ་བ་སངས་རྒྱས་པ་སོགས་ནས་མ་ཡིན་པར་སྤྲུལ་པའི་གཟུགས་སྐུ་མི་གནས་ཞི་བ་ཆེན་པོའི་ཚུལ་བསྟན་པ་ནས་བསྒྲང་བ་སྟེ། དེ་ཡང་གོང་དུ་དྲངས་པའི་ལུང་དང་། ཤམྦྷ་ལར་འཇམ་དཔལ་གྱི་ཆོས་བསྟན་པའི་དུས་ལུང་བསྟན་པས་ཀྱང་གསལ་བ་སྟེ། ཇི་སྐད་དུ་ཁམས་ལེའུ་ཡི་འགྲེལ་པར་རྩ་རྒྱུད་ཀྱི་ལུང་དྲངས་པར། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་དང་།བསྡུས་རྒྱུད་ཉིད་ལས་ཀྱང་། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡི་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་། ཞེས་པ་དང་། ཡེ་ལེའི་འགྲེལ་པར། འཇམ་དཔལ་དབྱངས་ཀྱང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ནས་འབྱུང་ཞེས་པ་སྟེ། རྒྱུད་དང་རྒྱུད་འགྲེལ་གྱི་ཚིག་ཚད་མས་གྲུབ་པ་ལས་སོ། །ཚུལ་འདི་ལ་རྗེ་རང་བྱུང་ཞབས་ཀྱིས། རྒྱལ་བས་བརྒྱད་ཅུའི་བར་དག་ཏུ། །སེམས་ཅན་རྣམས་ལ་ཆོས་བསྟན་ནས། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་གསུངས་པ་ལྟར་རོ། །འདི་ལ་བར་སྐབས་ཀྱི་བསྟན་རྩིས་མཁན་ཁ་ཅིག་མྱ་ངན་ལས་འདས་པའི་ལོ་ཕྱི་མ་ནས་བགྲངས་བ་ཡོད་ཀྱང་མཁས་པ་ཆེན་པོར་གྱུར་པ་རྣམས་མྱ་ངན་ལས་འདས་པའི་ལོ་ཉིད་ནས་བགྲང་བར་མཛད་པས། དེ་ལ་ཇི་སྐད་དུ། རྒྱལ་བ་མྱ་ངན་འདས་པའི་ལོ། །དེ་ནི་འདས་ལོའི་ཐོག་མ་ཡིན། །ཞེས་སྨྲ་བ་འཐད་པ་ཉིད་དེ། འདིར་ཡང་ཚུལ་དེས་རིག་པར་བྱའོ། །

དེ་ལྟར་རྒྱལ་བ་ལོ་བརྒྱད་ཅུ་ལ་མྱ་ངན་འདས་པའི་ཕྱི་ལོ་ཟད་བྱེད་ཞེས་མེ་སྟག་ལོར་འཕགས་ཡུལ་དབུས་འགྱུར་དུ་ཉན་ཐོས་རྣམས་ཀྱི་དབྱར་གནས་པའི་སྐབས་སུ་བཀའི་བསྡུ་བ་དང་པོ་བྱས་ཤིང་། ལྷོ་ཕྱོགས་རི་བོའི་བི་མ་ལ་སྭ་བྷ་ཝར་འཕགས་པ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། བྱམས་པ་སོགས་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུས་ཐེག་ཆེན་བསྡུས་པ་དང་། དེ་དང་དུས་མཚུངས་པར་བྱང་ཕྱོགས་ཤམྦྷ་ལར། དཔལ་གསང་བའི་བདག་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོས་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་ལྷ་དང་ཀླུ་ཡི་རྒྱལ་པོ་རྣམས་ཀྱི་དབུས་སུ་ཐུགས་ལས་ཕྱུང་སྟེ་རྒྱུད་བསྡུས་ཤིང་གླེགས་བམ་དུ་ཡུལ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་སོ་སོའི་སྐད་དུ་བཀོད་པར་མཛད་ཅིང་། རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་དུས་ཀྱི་འཁོར་ལོའི་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལྷ་ཡི་བཟོ་བོས་འདུ་བྱས་ཏེ་བཞེངས་ཤིང་སྐྱེ་བོ་མང་པོ་དངོས་གྲུབ་མཆོག་ལ་བཀོད། དེ་ཡི་ཕྱི་མ་རབ་བྱུང་མེ་ཡོས་ལ་འཕགས་ཡུལ་དགྲ་བཅོམ་པ་འོད་སྲུང་གི་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་ཡོངས་སུ་གཏད་དེ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ཤིང་། དེ་བཞིན་ཤམྦྷ་ལར་གསང་བའི་བདག་པོ་ཟླ་བ་བཟང་པོས་དཔལ་མཆོག་རྩ་བའི་རྒྱུད་ཀྱི་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་སོགས་དང་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྟོང་ཕྲག་དྲུག་པ་ཡང་ལོ་འདིར་མཛད་པ་སྟེ། བསྟོད་འགྲེལ་གཞུང་ཚིག་རང་གིས་ཀྱང་མཚོན་པར་ནུས་ལ། དེ་ཡང་སངས་རྒྱས་ཀྱི་རྒྱུད་བསྟན་ནས་ཉིན་ཞག་ཁ་ཤས་ཏེ། རྒྱུད་ལས། ཤམྦྷ་ལ་ཞེས་རབ་ཏུ་གྲགས་པའི་ཀཱ་ལཱ་པར་ནི་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་གིས། ལྷ་ཡི་དབང་པོ་རབ་མཆོག་མི་ཡི་བདག་པོར་བཞག་ནས་ཁྱོད་ནི་རང་གི་གནས་སུ་འགྲོ་བར་གྱིས། ཞེས་ཉིན་ཞག་ཁ་ཤས་ཀྱི་སྒྲ་ནི་ལོ་གསུམ་ཡིན་པར་གསུང་བ་དང་། འགྲེལ་ཆེན་དྲི་མེད་འོད་ཀྱི་དགོངས་པ་བཞིན་རྩ་རྒྱུད་བསྟན་ནས་ལོ་ཧྲིལ་པོ་གཉིས་ཀྱི་སྐབས་སུ་རྒྱུད་བསྡུས་ཤིང་སངས་རྒྱས་གཤེགས་ནས་ལོ་ཧྲིལ་པོ་གཉིས་རྒྱུད་བསྟན་ནས་ལོ་གསུམ་ལོན་པའི་དུས་རབ་བྱུང་མེ་ཡོས་ལོ་དེར་སྲས་ས་ཡི་སྙིང་པོའི་སྤྲུལ་པ་ལྷ་ཡི་དབང་པོ་ཁྲིར་བཀོད་དེ་གསང་བདག་ཟླ་བ་བཟང་པོ་རང་ཉིད་གང་ནས་འབྱོན་པའི་གནས་ལོངས་སྤྱོད་རྫོགས་པའི་ཞིང་དུ་གཤེགས་སོ། །ཆོས་ཀྱི་རྒྱལ་པོ་ལྷ་དབང་ནི་ས་ཡི་སྙིང་པོ་ཡིན་པར་གསུང་ན་སྲས་ས་ཡི་སྙིང་པོ་ནི་རྡོ་རྗེ་སྙིང་པོ་དང་གཅིག་པར་རྒྱ་བོད་དམ་པ་ཕལ་ཆེ་བས་བཞེད་ཅིང་། དེ་ཡང་ས་ཡི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་ལས། ས་ཡི་སྙིང་པོ་སྙིང་པོ་ཆེ། །རྡོ་རྗེ་སྙིང་པོ་རྣམ་པར་འདྲེན། །ཞེས་གསུངས་པ་ལྟར་སྟེ། དེས་ན་ཀྱཻ་རྡོ་རྗེའི་འགྲེལ་པ་ཡང་ཆོས་རྒྱལ་འདིས་མཛད་དམ་སྙམ་པ་ནི་བདག་གི་རྣལ་འབྱོར་རྟོག་པའོ། །བོད་སྔགས་རྙིང་པའི་གཞུང་རྣམས་སུ་ལག་ན་རྡོ་རྗེའི་མཚན་གྱི་རྣམ་གྲངས་སུ་རྡོ་རྗེ་སྙིང་པོར་ཡང་གསུང་མོད། དེ་ལྟར་ལྷ་དབང་ནས་རིམ་པར་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་པའི་སྐུ། གཟི་བརྗིད་ཅན་དང་ཟླ་བས་བྱིན་དང་།

ལྷ་ཡི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། ལྷ་ཡི་དབང་ལྡན་ཏེ་དེ་རྣམས་ཀྱི་ལོ་བརྒྱ་ཕྲག་རེ་རེར་ཟླ་བ་བཟང་པོ་བཞིན་རྩ་བཞིན་རྒྱུད་བསྟན་པར་མཛད་དོ། །དེ་ལྟར་ལོ་དྲུག་བརྒྱ་འདས་པ་ན་འཕགས་པ་སྨྲ་བའི་དབང་ཕྱུག་འཇམ་དབྱངས་འཇམ་དཔལ་གྲགས་པ་འཕྲོག་བྱེད་སེངྒེའི་ཁྲིར་འཁོད་དེ་ཆོས་བསྟན་དེ་ལོ་དུ་མས་ལྷག་པའི་བརྒྱ་ཕྲག་གི་བར་ཆོས་རྒྱལ་སྔ་མ་རྣམས་དང་མཐུན་པར་རྩ་བའི་རྒྱུད་གསུང་ཞིང་དེ་ཡི་རྗེས་སུ་ཉི་མའི་ཤིང་རྟ་ལ་སོགས་དྲང་སྲོང་བྱེ་བ་ཕྲག་བྱེད་དང་བཞི་ལ་སོགས་པ་འདུལ་བྱར་གྱུར་པའི་མི་དང་མི་མ་ཡིན་དཔག་ཏུ་མེད་པའི་ངོར་བསྡུས་པའི་རྒྱུད་བསྟན་པ་སྟེ། དེ་ཡང་དྲི་མ་མེད་པའི་མདོ་ལས། འཇམ་དཔལ་རྒྱལ་པོ་གྲགས་པར་གྱུར་ཏེ་བྱང་ཆུབ་སེམས་དཔའ་སེངྒེའི་ཁྲི་དེ་ལ་ཆོས་ལོ་བརྒྱའི་བར་དུ་བསྟན་པར་མཛད་དོ། །དེ་ནས་ལོ་བརྒྱ་རྫོགས་པའི་རྗེས་ལ་དེ་བཞིན་གཤེགས་པས་ལུང་བསྟན་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་དྲང་སྲོང་རྣམས་ཀྱི་ཡོངས་སུ་སྨིན་པའི་དུས་སུ་གཟིགས་ཏེ་ཞེས་སོགས་གསུང་བ་ལས་ཆོས་ལོ་བརྒྱའི་བར་དུ་བསྟན་པར་མཛད་ཞེས་དང་། དེ་ནས་ལོ་བརྒྱ་རྫོགས་པའི་རྗེས་ལ་ཞེས་པ་ནི་ད་ལྟར་སྣང་བའི་གླེགས་བམ་རྣམས་སུ་འགྱུར་ཁྱད་ཙམ་ཡང་མེད་པར་ཐམས་ཅད་མཐུན་ན་རྗེས་ཀྱི་ཚིག་སྒྲས་རྩ་རྒྱུད་བསྟན་ནས་ལོ་བརྒྱ་ཐམ་པའི་སྐབས་སུ་བསྡུས་རྒྱུད་བསྡུས་པ་མ་ཡིན་པ་དང་། དེ་ཡི་རྗེས་ཀྱི་ལོ་གྲངས་ཇི་ལྟར་འོས་པ་ཞིག་ཏུ་བསྡུས་པའི་རྒྱུད་བསྡུས་པ་ཤིན་ཏུ་གསལ་བ་དང་། དེ་བཞིན་རིགས་ལྡན་རྣམས་ཀྱི་ལོ་གྲངས་བརྒྱ་ལ་སོགས་པ་ཡང་སྐུ་ཚེའི་ཚད་མ་ཡིན་པར་ཆོས་བསྟན་པའི་ལོ་གྲངས་སུ་འཕགས་འགྲེལ་གྱི་ལུང་འདིས་གྲུབ་པར་སྣང་ངོ་། །

དོན་དེ་ཡི་རང་བྱུང་ཞབས་ཀྱི་བསྟན་རྩིས་སྐབས་འཇམ་དཔལ་གྱི་ལོ་བརྒྱ་ཕྱུང་ཞེས་དང་། དཔལ་ལྡན་བླ་མ་དམ་པས་རྩ་རྒྱུད་བསྟན་པར་ལོ་བརྒྱ་ལ། བསྡུས་རྒྱུད་བསྟན་པར་ཡང་ལོ་བརྒྱ་འཇུག་པས་འཇམ་དཔལ་གྱི་ཆོས་བསྟན་པ་ལོ་ཉིས་བརྒྱ་ཡིན་ནོ་ཞེས་གསུངས་ཤིང་མཚུར་ཕུ་འཇམ་དབྱངས་པས་ཀྱང་འཇམ་དཔལ་གྱི་དུས་ལོ་བརྒྱ་མཛད་པར་གྲགས་ཏེ་འབྱིན་འཇུག དེ་དག་མི་འཐད་པའི་ཕྱོགས་བཟུང་བ་མང་ཡང་ད་ལྟའི་རྩིས་མཁན་རྣམས་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའི་དགུང་ལོ་ལྷག་པར་རིང་བར་འདོད་པའི་ཕྱོགས་ལས་ནི་འདི་ངོས་ཆེས་འཐད་ཅིང་རིགས་པས་བདག་ཀྱང་དེ་ཡི་ཕྱོགས་དུ་འཇུག་མོད། འོན་ཀྱང་བསྡུས་རྒྱུད་གསུངས་པའི་ཡུན་ལོ་བརྒྱ་རང་སོ་ནི་དོན་གྱི་རྣམ་གྲངས་གཞན་གྱི་དང་འཕགས་འགྲེལ་དུ་ཡང་མ་གསལ་བས་མི་བྱེད་ལ། འདིར་ནི་རྒྱལ་པོ་འཇམ་དཔལ་གྲགས་པས་ཆོས་བསྟན་པའི་ལོ་གྲངས་སྤྱི་དང་མཐུན་པར་ལོ་བརྒྱ་དང་དེ་ནས་ཀྱང་གདུལ་བྱ་དྲང་སྲོང་རྣམས་འདུལ་ཞིང་སྨིན་པའི་དུས་ཀྱི་ཆེད་དུ་ལོ་སུམ་ཅུའི་བར་དུ་བཞུགས་ཏེ་དེ་སྲིད་དུ་རྩ་བའི་རྒྱུད་བསྟན་པར་མཛད་ནས་སོ་གཅིག་པ་དབང་ཕྱུག་མེ་གླང་གི་ལོར་དཔྱིད་སྦོ་ཟླའི་ཉ་ལ་དྲང་སྲོང་རྣམས་དྲག་པོའི་ཚིག་གི་འདུལ་བར་དགོངས་ནས་སྤྱོ་བར་མཛད་ཅིང་། ནག་པ་ཟླ་བར་རྫུ་འཕྲུལ་གྱི་མཐུས་རྗེས་སུ་བཟུང་ནས་ཀ་ལ་པཱ་ཡི་ལྷོ་ཕྱོགས་མ་ལའི་ཚལ་དབུས་སུ་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས་དཔལ་མཆོག་རྩ་བའི་རྒྱུད་ལས་ཕྱུང་བ་བསྡུས་པའི་རྒྱུད་ལེའུ་ལྔ་པ་བསྟན་པ་དང་།

སྡུད་པ་པོ་ཡང་འཇམ་དཔལ་རང་ཉིད་ཀྱིས་མཛད་ནས་དྲང་སྲོང་རྣམས་ཡུན་རིང་པོར་མ་ཐེགས་པར་ཕྱག་རྒྱ་ཆེན་པོ་གྲུབ་པ་ཡི་ཟླ་བ་དེའི་ཕྱི་མ་ས་གའི་ཉ་ལ་ཡེ་ཤེས་མཆོག་གི་སྐུ་བརྙེས་པར་གྱུར། དེ་ཡི་ཚེ་སྲས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ་པདྨ་དཀར་པོ་སེང་གེའི་ཁྲི་ལ་བཀོད་དེ་ཆོས་བསྟན་པར་དབང་བསྐུར་ནས་འཇམ་དཔལ་ཉིད་ཀྱི་ཞིང་ལོངས་སྤྱོད་རྫོགས་པའི་གནས་སུ་གཤེགས་སོ། །དེ་ལྟར་འཇམ་དཔལ་གྱི་ཆོས་བསྟན་པའི་དུས་ལོ་བརྒྱ་ནི་ཆོས་རྒྱལ་ཉིད་དང་། དེ་ཡི་རྗེས་སུ་ཕྱི་རོལ་གྱི་དྲང་སྲོང་རྣམས་འདུལ་བའི་དུས་གཙོ་བོར་གྱུར་ཞིང་ཡོངས་སུ་སྨིན་པའི་དུས་ཀྱི་ཆེད་དུ་སྐུ་ཚེ་ཚད་ཇི་ཙམ་བསྲིངས་པའི་ཡུན་བཅས་རགས་རྩིས་སུ་རིགས་ལྡན་གྱིས་མཛད་པའི་ཁོངས་སུ་བསྡུ་འོས་པར་སྙམ་མོ། །དེ་ནས་སྲས་རིགས་ལྡན་པདྨ་དཀར་པོས་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་ལ་སོགས་མཛད་ཅིང་ལོ་བརྒྱ་ཡི་བར་དུ་ཆོས་བསྟན་ནས་དེ་ཡི་རྗེས་སུ་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་སྐུའི་རིམ་པ་བཞིན་དུ་བཟང་པོ་དང་། རྣམ་རྒྱལ་དང་། བཤེས་གཉེན་བཟང་པོ་དང་། ཕྱག་ན་རིན་ཆེན་དང་། ཁྱབ་འཇུག་སྦས་པ་དང་། ཉི་མ་གྲགས་པ་དང་། ཤིན་ཏུ་བཟང་པོ་དང་། རྒྱ་མཚོ་དང་ནི་རྣམ་རྒྱལ་དང་། རྒྱལ་དཀའ་དང་། ཉི་མ་དང་། སྣ་ཚོགས་གཟུགས་དང་། ཟླ་འོད་དང་། མཐའ་ཡས་དང་། ས་སྐྱོང་དང་། དཔལ་སྐྱོང་དང་། སེང་གེ་དང་། རྣམ་པར་གནོན་པ་དང་། སྟོབས་པོ་ཆེ་དང་། མ་འགགས་པ་དང་། མིའི་སེང་གེ་དང་། དབང་ཕྱུག་ཆེན་པོ་དང་།

མཐའ་ཡས་རྣམ་རྒྱལ་དང་། འཁོར་ལོ་ཅན་ཏེ་གྲགས་པ་ནས་འདིའི་བར་ལ་ཉི་ཤུ་རྩ་ལྔའོ་ཞེས་འགྲོ་བའི་བླ་མ་རབ་དང་དམ་པ་འགའ་ཡི་བཞེད་པ་དང་གཞན་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་ཞིག་གི་རིགས་ལྡན་ཉེར་དྲུག་ཏུ་དགོངས་ཤིང་། དེ་ཡང་རྡོ་རྗེ་གདན་ས་བྷོ་ཊ་པཎྜི་ཏ་ཙ་མི་སངས་རྒྱས་གྲགས་ཀྱི་རྒྱ་མཚོ་དང་རྣམ་རྒྱལ་གཉིས་སུ་མཛད་དེ། ཨ་ཛ་རྩོད་པ་བཅུ་གཉིས་པ། ཞེས་རིགས་ལྡན་བཅུ་གཉིས་པ་རྒྱལ་དཀའ་ཡིན་པས་གསལ་ལ། ཚུལ་འདི་ལྔ་བརྒྱའི་གཙུག་རྒྱན་དམ་པ་སློབ་དཔོན་ཆེན་པོ་ཨ་བྷ་ཡ་དང་། རྡོ་རྗེ་གདན་པ་སྔ་མ་རྣམས་ཀྱི་བཞེད་པ་ཡང་ཡིན་པར་གྲུབ། འཕགས་ཡུལ་གྱི་པཎྜི་ཏ་བི་བྷུ་ཏི་ཙནྡས་ལྷ་ཡི་དབང་པོ་དང་དྲག་པོའི་འཁོར་ལོ་གཉིས་སུ་གསུང་ཞིང་། བོད་དུ་རྭ་བ་སོགས་སྐྱེས་བུ་ཆེན་པོ་མང་ཞིག་གིས་ནི་རིགས་ལྡན་མཐའ་ཡས་དང་རྣམ་རྒྱལ་གཉིས་སུ་མཛད་ལ། རྒྱལ་བ་རང་བྱུང་ཞབས་ཀྱིས་ནི། གནམ་སུ་དབྱེ་བ་གང་ཡིན་མི་གསལ་ཡང་རིགས་ལྡན་གྲངས་ཉེར་དྲུག་ཏུ་མཛད་དོ། །དེ་དག་ཀྱང་རྒྱུད་ལས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོ་འགྱུར། ཞེས་གསུངས་པ་འཁོར་ལོ་ཅན་སུམ་ཅུ་རྩ་གཉིས་པའི་ཁོངས་སུ་བསྡུས་པ་དང་མ་བསྡུས་པའིཁྱད་པར་དང་། གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་སུ་བགྲངས་པ་དེ་ཡི་ནང་ནས་དུས་ཀྱི་མཐར་ཞེས་པ་ཡང་གདན་ཉེར་ལྔ་པོར་འཇམ་དཔལ་གྲགས་པ་བགྲངས་པ་དང་མ་བགྲངས་པས་དེ་ལྟར་འབྱུང་བ་ཡིན་ལ་རིགས་ལྡན་གྱི་ཐ་མ་ལྷ་ཡི་དབང་པོ་དང་དྲག་པོའི་འཁོར་ལོ་གཉིས་ནི་འཇམ་གྲགས་པ་ལ་སྐུ་ཚེ་སྟོད་ཆོས་རྒྱལ་དང་སྐུ་ཚེ་སྨད་རིགས་ལྡན་དུ་གྲགས་པ་བཞིན་འདི་ལ་ཡང་སྐུ་ཚེའི་སྟོད་དུ་ལྷ་ཡི་དབང་པོ་དང་སྐུ་ཚེ་སྨད་ཀླ་ཀློ་བཅོམ་པ་ན་དྲག་པོའི་འཁོར་ལོ་མཚན་སྒྲོགས་པར་ངེས་སོ། །

གང་ལྟར་པདྨ་དཀར་པོ་ནས་འཁོར་ལོ་ཅན་གྱི་བར་རིགས་ལྡན་ཉི་ཤུ་རྩ་ལྔའམ་རྩ་དྲུག་པོ་དེ་རྣམས་ཐམས་ཅད་ཀྱང་ཕལ་ཆེ་རགས་པར་ལོ་བརྒྱ་བརྒྱ་ཆོས་བསྟན་པར་མཉམ་ཞེས་སྔོན་གྱི་དམ་པ་མཆོག་རྣམས་ཀྱིས་བཞེད་ཅིང་དེ་ལས་ད་ལྟར་རྩིས་མཁན་ཕལ་ཆེ་བས་མེ་མཁའ་རྒྱ་མཚོ་ནི་རྒྱ་མཚོ་རྣམས་རྒྱལ་དང་རྒྱལ་དཀའ་ཡབ་སྲས་ཀྱི་ཆོས་བསྟན་པའི་དུས་ཡིན་གྱི། དེ་ཡང་རིགས་ལྡན་འཇམ་དཔལ་གྲགས་པས་ཆོས་བསྟན་ཟིན་ནས་ལོ་བརྒྱད་བརྒྱ་འདས་པ་ན་མེ་མཁའ་རྒྱ་མཚོ་དབུ་ཚུགས་ཤིང་དེ་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་བསྟན་པའི་དུས་དང་། དེ་ནས་ཉིས་བརྒྱ་ཉེར་གཅིག་གི་བར་རིགས་ལྡན་རྒྱལ་དཀས་ཆོས་བསྟན་པ་ཡིན་ལ། དེ་དག་བསྡོམས་པས་གསུམ་གྱི་ལྷག་པའི་བཞི་བརྒྱའི་ལོ་ཚོགས་སུ་འགྱུར་པ་མེ་མཁའ་རྒྱ་མཚོར་བརྗོད་པའོ། །ཞེས་ཇོ་ནང་མཁན་ཆེན་ཕྱོགས་པའི་གསུང་གི་རྗེས་སུ་འབྲང་བ་དང་། ཡང་དུས་འཁོར་བ་བར་སྐབས་ཕལ་ཆེ་བ་དང་། ད་ལྟ་ཡང་ཁ་ཅིག་གི་ནི་འཇམ་དཔལ་གྱི་དུས་རྫོགས་པ་ནས་ལོ་བརྒྱད་བརྒྱ་འདས་པ་ཡན་མཐུན་ལ། དེ་ནས་ལོ་བརྒྱ་རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་བསྟན་པའི་དུས་དང་། དེ་ནས་བརྒྱད་ཅུ་རྩ་གཉིས་རིགས་ལྡན་རྒྱལ་དཀའ་ཡིས་ཆོས་བསྟན་ཅིང་། དུས་དེར་ཉུང་ངུ་བྱེད་པ་མཛད་པ་ཡིན་ལ། དེ་ནས་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་པོ་རྒྱལ་དཀའ་ཡིས་ཆོས་བསྟན་པའི་ལོ་ལྷག་བཅོ་བརྒྱད་དང་ཉི་མ་དང་། སྣ་ཚོགས་གཟུགས་ཀྱི་ལོ་གཉིས་ཟླ་འོད་ཀྱིས་ཆོས་བསྟན་ནས་ལོ་གསུམ་འདས་པ་སྟེ། དེ་ནས་རབ་བྱུང་དང་པོར་ཚུགས་པར་འདོད་ཅིང་དེ་ལ་རང་རང་གི་ཐུགས་བཞེད་བཞིན་འགྲེལ་ཆེན་གྱི་ཚིག་ཀྱང་དེ་ཡི་རྒྱབ་སྐྱོར་དུ་འདྲེན་ནོ། །ལུགས་དེ་གཉིས་ཀྱི་རབ་བྱུང་བཅུ་གཉིས་པའི་ནང་འདིར་སྔ་མས་མེ་ལུག་ལོར་རིགས་ལྡན་རྣམས་གནོན་ཁྲིར་ཕེབས་པར་འདོད་པ་ཡི་ད་ལྟ་ལོ་བཅོ་ལྔ་ལོན་པ་དང་ཕྱི་མས་ཤིང་འབྲུག་ལོ་རིགས་ལྡན་མ་འགགས་པ་ཁྲིར་འཁོད་པར་བྱས་པས་དེ་ནས་ལོ་བཅོ་བརྒྱད་ད་ལྟའི་ལྕགས་བྱ་ཡན་ལ་སོང་ངོ་། །

ཡང་མེ་མཁའ་རྒྱ་མཚོ་ལ་ལག་པ་གདེངས་ཅན་ཟླ་བས་སྦྱངས་པའི་དགོས་པ་ནི་མཁས་པར་གྱུར་པ་ཁ་ཅིག་གི་ལོ་མཚམས་དེར་སྤྱིར་འདས་ལོ་ཉུང་བའི་སླད་དང་ལོ་ཚོགས་སྔ་མའི་ཟླ་བཤོལ་གནས་དེར་སྟོང་པ་དང་གསལ་བཞག་ཚོལ་ཚེ་རི་མཁའ་རི་ཡི་ལྷག་དང་ཆུ་རོའི་ལྷག་མ་རྣམས་སྟོང་བས་དེ་ནས་བརྩམ་ན་སླ་བ་ལ་དགོངས་སོ་སྨྲ་ཡང་། དེ་ནི་བྱེད་པའི་རྩིས་འཕྲོ་ཉི་ཚེ་ཁོ་ནར་དཔྱད་དེ་བཞག་པར་སྣང་ལ། རང་ལུགས་ནི་རྩིས་འཕྲོ་དང་བཅས་པར་ཞིབ་ཏུ་དཔྱད་དེ་མཐའ་ཆོད་རྒྱས་པར་སླད་གཞན་དུ་འཆད་པར་འགྱུར་ལ། འདི་རུ་རང་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་དུས་ཀྱི་ངེས་པ་རེ་ཞིག་འདི་ལྟར་སྟེ། རིགས་ལྡན་ཆེན་པོ་འཇམ་དཔལ་གྲགས་པ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་གཤེགས་ནས་ལོ་བདུན་བརྒྱ་འདས་པ་བརྒྱད་བརྒྱ་པའི་དབུས་དམར་སེར་ཅན་མེ་མོ་སྦྲུལ་ལ་རིགས་ལྡན་ཤིན་ཏུ་བཟང་པོ་སེང་གེའི་ཁྲིར་འཁོད་ཅིང་། དེ་ནས་ལོ་ཉི་ཤུ་རྩ་བདུན་ལོན་པ་ཉི་སྒྲོལ་བྱེད་ཤིང་སྤྲེལ་ལོར་རྒྱ་དཀར་ནུབ་ཕྱོགས་སུ་ཀླ་ཀློ་ཞུགས་ཤིང་མེ་མཁའ་རྒྱ་མཚོའི་དབུ་ཚུགས། དེ་ནས་ལོ་བདུན་ཅུ་རྩ་གསུམ་འདས་པ་གསེར་འཕྱང་མེ་མོ་བྱ་ལ་རིགས་ལྡན་རྒྱ་མཚོ་འཕྲོག་བྱེད་ཁྲིར་འཁོད་ནས་ལོ་བརྒྱའི་བར་དུ་ཆོས་བསྟན་པར་མཛད། དེར་རྗེས་སུ་དབང་ཕྱུག་མེ་མོ་གླང་ལོར་རིགས་ལྡན་རྣམ་པར་རྒྱལ་བ་དང་དམར་སེར་མེ་སྦྲུལ་ལ་རྒྱལ་དཀའ་འམ་མ་ཕམ་པ་སྡེ་ཀུན་ནས་ལོ་བརྒྱ་རེ་ཆོས་བསྟན་པ་སྤྱི་ལྟར་ལས་མ་ཕམ་པས་ཆོས་བསྟན་ནས་ལོ་བདུན་ཅུ་འདས་པ་ད་ལྟ་སྐར་རྩིས་མཁན་ལ་གྲགས་ཆེ་བའི་རབ་བྱུང་དང་པོ་ཚུགས་པ་ཡིན་ལ། དེ་ནས་ལོ་སུམ་ཅུ་སོང་བ་མེ་གླང་ལ་མ་ཕམ་པའི་སྲས་རིགས་ལྡན་ཉི་མ་ཁྲིད་འཁོད་དེ་ཆོས་བསྟན་པའི་དབུ་ཚུགས་ཏེ། དེ་ནས་ད་ལྟ་ལ་ཐུག་གི་བར་རབ་བྱུང་བཅུ་གཅིག་འདས་བཅུ་གཉིས་པའི་སྟེང་ནས་བློ་ངན་ཞེས་ལྕགས་བྱ་ཡན་ལྔ་བཅུ་རྩ་ལྔ་སོང་ཞིང་། རྔ་ཆེན་ཆུ་ཁྱི་འདི་ཉིད་ལྔ་བཅུ་རྩ་དྲུག་པའི་སྟེང་དུ་གནས་པ་སྟེ་ཁྱོན་རབ་བྱུང་བཅུ་གཉིས་ལྕགས་བྱ་ཡན་གྱི་ལོ་ཚོགས་གཅིག་ཏུ་བསྡོམ་པས་ལོ་བདུན་བརྒྱ་དང་ཉག་མ་བཅོ་ལྔ་སོགས་ལ། དེ་སྟེང་ཆུ་ཁྱི་སོགས་ལོ་ལྔ་བསྣན་པས་རབ་བྱུང་བཅུ་གཉིས་རྫོགས་ནས་བཅུ་གསུམ་པ་སླེབ་པ་ཡིན་ནོ། །དེ་ལྟར་རབ་བྱུང་བཅུ་གཉིས་ཀྱི་ལོ་ཚོགས་གྲངས་ཀྱི་རིགས་པ་དང་། སྐྱེས་བུ་ཆེན་པོ་ལྷའི་མིག་བརྙེས་ཤིང་ཡེ་ཤེས་ཀྱི་གཟིགས་པ་ཅན་གྱི་གསུང་བསྒྲོས་ཀྱི་ཆ་ལས་བྱུང་བདེ་འབྱུང་གནས་ཆ་བསགས་ཀྱི་ཕོ་བྲང་སེང་གེའི་གདན་ལ་རིགས་ལྡན་ཉི་མ་ནས་སྣ་ཚོགས་གཟུགས་དང་།

ཟླ་བའི་འོད་དང་མཐའ་ཡས་དཔལ་སྐྱོངས་དང་དྲུག་གི་བརྒྱ་བརྒྱར་ཆོས་བསྟན་ཟིན་ནས། ད་ལྟ་རིགས་ལྡན་ཆེན་པོ་སེང་གེས་ཆོས་བསྟན་ནས་ལོ་བརྒྱད་ཅུ་རྩ་ལྔ་འདས་པའི་སྐབས་ཡིན་ཞེས་རང་ལུགས་སུ་རྣམ་པར་བཞག་པར་དེང་དུས་ཀྱི་བསྟན་རྩིས་མཁན་གྲགས་ཆེ་བ་དག་གི་འདོད་པ་དང་རིགས་ལྡན་ཉི་མ་ཕྱིན་གྱི་ཆོས་བསྟན་པའི་དུས་ལོ་སུམ་ཅུའི་སྔ་ཕྱི་ཙམ་ལས་ཧ་ཅང་གི་འགལ་བ་ཅན་ཡང་མ་ཡིན་མོད། འོན་ཀྱང་འདི་ལ་ཅུང་ཟད་ཞིབ་མོར་བགྱིད་དགོས་པ་ཡང་ཡོད་པས་སླད་ནས་སྤྲོ་བར་བྱའོ། །ཡང་བཅོམ་ལྡན་འདས་འཇམ་དཔལ་གྱིས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོར། ལྷ་མིན་གྱི་འཇུག་པ་ཀླ་ཀློའི་གནས་ཚད་དུབ་སྦྱོར་གྱི་དབུགས་ཀྱི་གྲངས་དང་མཉམ་པར་ལོ་སྟོང་དང་བརྒྱད་བརྒྱར་གསུང་ནས་ལོ་དེ་ཡི་སྟེང་ནས་སྔོན་ཆད་ལོ་སྟོང་དང་ཆིག་བརྒྱ་ཉག་བཅོ་བརྒྱད་འདས་ཤིང་། ད་དུང་ལོ་དྲུག་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཡོད་དོ། །དེ་ཡི་མཐར་སླར་ཡང་འཇམ་དཔལ་དབྱངས་ཀྱི་སྤྲུལ་པའི་སྐུ་རིགས་ལྡན་ཆེན་པོ་ལྷ་ཡི་དབང་པོའམ་དྲག་པོའི་འཁོར་ལོ་ཅན་གྱི་ལྷ་མིན་ཀླ་ཀློ་མཐའ་དག་འཇོམ་པར་བྱས་ཏེ་འཛམ་གླིང་ཆུང་ངུ་འདི་ཉིད་རྫོགས་ལྡན་ལ་བཀོད་པར་མཛད་པ་རྒྱུད་ལས་ཇི་ལྟར་གསུང་བཞིན་ཉིད་དོ། །དེ་ཡི་ཚུལ་ཞིབ་པར་ས་བོན་ཙམ་སྔར་གཞན་དུ་བཀོད་པ་ཟིན་པ་སླད་ནས་ཀྱང་འཆད་པར་འགྱུར་བ་ལས་ཤེས་སོ། །དེ་ལྟར་རང་ལུགས་ཀྱི་བསྟན་རྩིས་གནད་རྣམས་གསལ་བར་ཉུང་ངུའི་ངག་གི་བཤད་ཟིན་སྟེ་ཚུལ་འདི་ལ་རྣམ་པར་དག་པའི་ཡོན་ཏན་ཡན་ལག་བརྒྱད་དང་གསུམ་བཅས་ལྡན་པ་སྟེ། དེ་ཡང་ཟོར་ཡང་བའི་ཕྱིར་བསྡུས་དོན་ཚུལ་དུ་ཚིགས་སུ་བཅད་དེ་བརྗོད་པ་ནི། འདི་སྐད་ཅེས་བྱ་སྟེ། ཀུན་ཁྱབ་འགྲོ་བའི་ཉི་མ་དཔེ་མེད་པ། །ལྷ་ཆེན་ཀུན་གྱི་སྤྱི་བོའི་ནོར་བུ་ཡི། །ཉིན་རེ་བཞིན་དུ་ཞབས་ཀྱི་པདྨོ་ལ། །ཉེར་བསྙེན་ལྷ་ཡི་ལྷར་གྱུར་བཅོམ་ལྡན་འདས། །མ་འདྲིས་ཡོངས་ཀྱི་བཤེས་གྱུར་རྫོགས་སངས་རྒྱས། །ཤཱཀྱ་ཏོག་གྱུར་དོན་ཀུན་གྲུབ་པ་ཉིད། །དགའ་ལྡན་གནས་ནས་གཟིགས་པ་རྣམ་པ་ལྔས། །སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས་པའི་དུས། །རྒྱ་ཆེར་རོལ་པའི་དགོངས་པ་ཇི་བཞིན་པར། །ས་ག་ཟླ་བའི་རྒྱལ་ནུབ་དུས་སྦྱོར་དང་། །སླར་ཡང་བཅུ་གཉིས་ལ་ཉེ་ཟླ་བའི་མཐར། །སྐུ་བལྟམས་ལུགས་མཐུན་ཡན་ལག་དང་པོར་གྲུབ། །བལྟམས་པའི་ཟླ་བ་དཔྱིད་ཐ་དུས་ཚེས་བརྒྱད། །འདུལ་བའི་ལུང་དང་མྱ་ངན་འདས་མདོར་གསུངས། །འཁྲུངས་སྐར་རྒྱལ་དུ་རིན་ཆེན་ཏོག་ལས་བཤད། །མངོན་སུམ་འདིར་འཆར་ཡན་ལག་གཉིས་པར་ཡིན། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་བའི་དུས། །ནམ་གུང་རྒྱུ་སྐར་རྒྱལ་འཆར་དེ་ཡི་ཚེ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་མཛད་པ། །ཇི་བཞིན་གསལ་བྱེད་ཡན་ལག་གསུམ་པར་གྱུར། །རྫོགས་སངས་རྒྱས་དུས་ཟླ་བ་སྒྲ་གཅན་གྱི། །ནམ་གྱི་གུང་ཟིན་ཐོ་རངས་སྐབས་སུ་གྲོལ། །རྣམ་པར་དག་པ་རི་མོའི་ལམ་ཉིད་ནས། །འདི་རུ་གསལ་འཆར་ཡན་ལག་བཞི་པའོ། །དུས་འཁོར་གསུང་ཚེ་གཟའ་བཞི་གནས་པའི་ཚུལ། །ནཱ་རོ་པས་མཛད་མདོར་བསྟན་འགྲེལ་པ་རུ། །དུས་འཁོར་རྩ་རྒྱུད་ལུང་ཚིག་དོན་ཇི་བཞིན། །འཁྲུལ་མེད་འདིར་མཆིས་ཡན་ལག་ལྔ་པ་ཡིན། །ཉན་ཐོས་དབྱར་གནས་གྲངས་དང་ཐེག་ཆེན་མདོ། །དུ་མ་དགོངས་དོན་མཐུན་པར་ཐུན་མོང་ངོར། །ཐུབ་དབང་དགོངས་ལོ་བརྒྱད་ཅུར་གསུང་པ་ཉིད། །འཕྲི་བསྣན་མེད་འགྲིག་ཡན་ལག་དྲུག་པར་སེམས། །བསླད་མེད་རྫོགས་ཆེན་བབ་ལུགས་རྒྱུད་གཞུང་དང་། །བསྟན་བཅོས་ཀུན་མཐུན་སངས་རྒྱས་མྱང་འདས་སོ། །ཤིང་མོ་གླང་ཉིད་ངེས་པར་བརྟན་པོར་མཛད། །ཇི་བཞིན་འདིར་འབབ་ཡན་ལག་བདུན་པ་ཡིན། །འདས་ལོའི་གྲངས་ཀྱང་སྔོན་གྱི་དུས་འཁོར་མཁན། །ཕལ་ཆེ་ཉིད་དང་ཁྱད་པར་རྒྱལ་བ་ཡི། །རྣམ་འཕྲུལ་ཤིང་རྟའི་སྲོལ་འབྱེད་བཞེད་པ་སྟེ། །རང་བཟློག་མ་བསླད་ཡན་ལག་བརྒྱད་པར་ངེས། །དེ་ལྟར་བསྟན་རྩིས་རྣམ་པར་དག་པ་ཡི། །ཡོན་ཏན་ཡན་ལག་བརྒྱད་དང་ལྡན་གྱུར་པ། །འདི་ལྟ་གཟུར་གནས་བློ་ལྡན་འགའ་ཡོད་ན། །ཡིད་ཆེས་སྐྱེ་བའི་གནས་སུ་བདག་གིས་བརྗོད། །དེ་ཚེ་རྒྱལ་བའི་བསྟན་འདིར་ལོ་ཡི་གྲངས། །ཅི་ཙམ་སོང་ཞེས་རྟོག་ན་འདི་ལྟ་སྟེ། །སངས་རྒྱས་ལྷུམས་སུ་བཞུགས་ནས་ད་ལྟའི་བར། །མི་ལོ་ཉིས་སྟོང་དྲུག་བརྒྱ་ང་བདུན་སོང་། །བཀྲ་ཤིས་ལུམ་བིའི་ཚལ་དུ་སྐུ་བལྟམས་ནས། །གཉིས་སྟོང་དྲུག་བརྒྱ་ལྔ་བཅུ་རྩ་དྲུག་ལོན། །གང་གི་བདུད་རྩི་བརྙེས་ཤིང་ཆོས་འཁོར་ལོ། །བསྐོར་ནས་ཉིས་སྟོང་དྲུག་བརྒྱ་ཉེར་གཉིས་སོང་། །ལྷོ་ཕྱོགས་སོ་བ་བརྩེགས་པའི་མཆོད་རྟེན་དུ། །དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་སོང་། །གསང་བདག་ཟླ་བ་བཟང་པོའི་ངོར་གསུངས་ནས། །མི་ལོ་ཉིས་སྟོང་ལྔ་བརྒྱ་དོན་བརྒྱད་ཡིན། །རྩ་ཅན་གྱད་ཀྱི་ཡུལ་དུ་རྒྱལ་བ་ཡི། །གཟུགས་སྐུ་ཆོས་ཀྱི་དབྱིངས་བསྡུས་གདུལ་བྱའི་དོན། །ཡུང་འབྲུ་ལྟ་བུའི་སྐུ་གདུང་རྒྱས་གྱུར་པ། །དེ་ནས་ཉིས་སྟོང་ལྔ་བརྒྱ་དོན་བདུན་འདས། །རྒྱལ་བ་ཞིར་གཟིམས་རྗེས་སུ་སྲས་སློབ་འཕགས། །རྣམ་མང་བྱོན་ཚུལ་གཞན་དུ་ཡོངས་ཤེས་བྱ། །ཐུབ་ཆེན་ཞིར་གཤེགས་ལོ་བརྒྱད་ཆུ་སྤྲེལ་སྟེང་། །རྒྱལ་ཀུན་གསུང་གི་རྡོ་རྗེ་འོད་དཔག་མེད། །པདྨ་འབྱུང་གནས་ཨོ་རྒྱན་ཡུལ་བལྟམས་པར། །སྔགས་རྙིང་བསླད་མེད་གཞུང་ཀུན་མཐུན་པར་མཐོང་། །དེ་བཞིན་ཐུབ་པ་གཤེགས་ནས་ལོ་ཉེར་བརྒྱད། །ལོན་ཚེ་སྐལ་ལྡན་རྒྱལ་པོ་ཛཿཞེས་པར། །གསང་བདག་མཐུ་ཡི་རིག་པ་འཛིན་སྡེ་སྣོད། །ཏནྟྲ་གླེགས་བམ་ལེགས་པར་བབ་པ་ཡིན། །རྒྱལ་བ་ཞིར་གཟིམས་སུམ་བརྒྱ་དྲུག་ཅུའི་ལོ། །ཤིང་ལོ་གླང་ལ་དྷཱ་ན་ཀོ་ས་རུ། །ལྷ་བུ་སེམས་ལྷག་ཅན་ཞེས་མི་ཕམ་མགོན། །རྫོགས་ཆེན་སྟོན་པ་དགའ་རབ་རྡོ་རྗེ་ཉིད། །འཁྲུངས་པར་བསླད་མེད་སྙིང་ཐིག་བས་གཞུང་ཀུན། །མཐུན་པས་འཁྲུལ་པའི་དྲི་མ་ནམ་ཡང་མེད། །སངས་རྒྱས་གཤེགས་ནས་བཞི་བརྒྱ་ཐམ་པའི་ལོར། །སངས་རྒྱས་ཉིད་མཚུངས་དཔལ་མགོན་ཀླུ་སྒྲུབ་འཁྲུངས། །དེ་ནས་བརྩམས་ཏེ་ཐེག་ཆེན་སློབ་དཔོན་ནི། །འཛམ་གླིང་རྒྱན་དྲུག་གྲགས་རྣམས་རིམ་པར་བྱོན། །འདས་ལོ་ལྔ་བརྒྱའི་སྟེང་གནས་ཤིང་སྤྲེལ་ལོར། །འབྲས་བུ་སྔགས་ཀྱི་སྟོན་པ་རྡོ་རྗེ་འཆང་། །རྡོ་རྗེ་ཐོད་འཕྲེང་མཚོ་གླིང་པདྨའི་དབུས། །བྱོན་ཞེས་རིག་འཛིན་གདུང་བསྒྲུབ་རྒྱུད་ནས་གསུངས། །འདས་ལོ་བདུན་བརྒྱ་ལོན་རྗེས་ཤམྦྷར། །འཇམ་དཔལ་དབྱངས་ཀྱི་ཉི་མའི་ཤིང་རྟའི་ངོར། །དུས་འཁོར་རྩ་བའི་རྒྱུད་ལས་བསྡུས་རྒྱུད་བསྡུས། །ལོ་དེ་ཉིད་ལ་ལོངས་སྐུའི་ཞིང་དུ་གཤེགས། །འཇམ་དཔལ་གཤེགས་ནས་མི་ལོ་བདུན་བརྒྱ་དང་། །ཉེར་བདུན་འདས་པ་ཤིང་ཕོ་སྤྲེལ་གྱི་ལོར། །བྱེད་ལོ་མེ་མཁའ་རྒྱ་མཚོ་ཟུག་དེ་ནས། །ད་བར་ཆིག་སྟོང་ཆིག་བརྒྱ་བཅོ་བརྒྱད་སོང་། །དེ་ཡི་ནང་ཚན་རབ་བྱུང་དང་པོ་ནས། །ད་ལྟ་རབ་བྱུང་བཅུ་གཉིས་པ་ཡི་ནང་། །བློ་ངན་ལྕགས་བྱ་ཡན་ཆོད་འདས་པའི་ལོ། །བརྒྱ་ཕྲག་བདུན་དང་ཉག་མ་བཅོ་ལྔ་ལོན། །རྔ་ཆེན་ཆུ་ཁྱི་འཆར་བ་འདི་ལ་སོགས། །རིམ་པས་སྔ་མའི་ལོ་ལ་བསྣན་བྱས་ཏེ། །ཚུལ་དེས་རྒྱལ་བསྟན་ལྔ་སྟོང་གནས་ཞེས་ན། །གཉིས་སྟོང་བཞི་བརྒྱ་ཉི་ཤུ་རྩ་གསུམ་ལྷག །གལ་ཏེ་མདོ་སྡེ་ཟླ་སྙིང་ལུང་ལྟར་ན། །མ་འོངས་གནས་ཚད་བཞི་བརྒྱ་ཉེར་གསུམ་གྱུར། །འོན་ཀྱང་ཟླ་སྙིང་དགོངས་པ་སྒང་ལོ་དང་། །ལྔ་སྟོང་ཕྱེད་ལོར་བྱས་ན་ཕལ་ཆེར་མཚུངས། །དེང་སང་སྙིགས་མའི་ངང་ཚུལ་ཆེས་ངོམས་འདི། །ལྔ་སྟོང་ཕྱེད་ལོར་མཛད་པ་ཉིད་དུ་དགོས། །འོན་ཀྱང་སྐྱེ་རྒུའི་བདག་མོ་རབ་བྱུང་བས། །ཐུབ་བསྟན་ལྔ་བརྒྱ་ནུབ་སྔའི་རྒྱུར་གསུང་ཡང་། །བསྟན་འདིར་མངོན་པར་སྤྱོད་པ་གསང་སྔགས་ཀྱི། །རིག་འཛིན་ཚོམ་བུ་འབུམ་ཕྲག་ཆེས་མང་པོ། །བྱུང་བའི་མཐུ་ལས་རྒྱལ་བསྟན་རིན་ཆེན་ཡང་། །ལྔ་བརྒྱ་ཕྲག་གཅིག་རིང་དུ་བསྲིང་འགྱུར་ཞེས། །རྣམ་དག་ཚད་ཐུབ་ལུང་ལས་གསལ་འབྱུང་ན། །དེ་ཚེ་ལྔ་སྟོང་ལྔ་བརྒྱ་ཡོངས་སུ་རིགས། །དུས་འཁོར་བསྟན་པ་སྔ་མའི་གནས་ཚད་ལ། །ལྷག་མ་རགས་རྩིས་བདུན་བརྒྱ་ཙམ་དུ་མཐོང་། །དེ་མཐར་ལྷ་ཡི་དབང་ཞེས་འཁོར་ལོ་ཅན། །སེང་ཁྲིར་ཆོས་བསྟན་དགོངས་ལོ་ལྔ་བཅུ་པ། །ཟད་བྱེད་ལོ་མཐར་དྲག་པོའི་དཔུང་བཅས་ཀྱིས། །ངན་འགྲོ་ལྷ་མིན་ཀླ་ཀློ་བཅད་མཛད་ནས། །འཛམ་གླིང་སྐྱེ་དགུའི་འགྲོ་ལ་རྫོགས་ལྡན་གྱི། །དགའ་སྟོན་བཟང་པོ་འགྱེད་པའི་དབུ་བརྩམས་ཤིང་། །བླ་མེད་སྔགས་བསྟན་འགའ་ཡང་གསལ་བར་བྱེད། །ཀླ་ཀློ་བཅོམ་ནས་འཁོར་ལོ་ཅན་འཁོར་བཅས། །རང་གནས་ཀཻ་ལ་ཤ་རུ་གཤེགས་བྱས་ཏེ། །མི་ལོ་ལྔ་བཅུའི་མཐའ་རུ་རིགས་ལྡན་གྱི། །བྱིན་གྱིས་བརླབས་པས་འཁོར་ན་གནས་པ་ཡི། །མི་དང་མི་མ་ཡིན་པའི་ཚོགས་རྣམས་ཀུན། །ཚོམ་བུའི་ཚུལ་དུ་ཕྱག་ཆེན་མཆོག་གྲུབ་འགྱུར། །ཚུལ་འདི་ལ་ཡང་མེ་མཁའ་རྒྱ་མཚོའི་ཡུན། །རྒྱལ་དཀས་རྩིས་གཞི་མཛད་པའི་དུས་ཀྱི་སྒྲར། །འཁྲུལ་ནས་རིགས་ལྡན་གཉིས་ཀྱི་སྐུ་ཚེའི་ཚད། །ནོར་བ་དེ་སྤང་འདི་ནི་དག་ལྡན་ཡིན། །ཡང་ནི་མེ་མཁའ་རྒྱ་མཚོའི་ལོ་ཚོགས་ལ། །ལག་པ་གདེངས་ཅན་ཟླ་བས་སྦྱངས་པའི་དུས། །རྒྱལ་དཀའི་དགོངས་ལོ་གྱ་གཉིས་བཞེད་པ་ཡི། །ཀླ་ཀློའི་གནས་ཚད་སྟོང་དང་བརྒྱད་བརྒྱ་ལ། །རྒྱ་མཚོའི་རྣམ་རྒྱལ་ནས་བརྩོན་དྲག་པོའི་བར། །བརྒྱ་ཕྲག་བཅུ་དྲུག་རིགས་ལྡན་གྲངས་གྲུབ་དེས། །གཉིས་བརྒྱ་མ་ཚང་སྔོན་དུ་དྲག་པོ་བྱུང་། །འགལ་བ་དེ་སྤང་འདི་ནི་དག་ལྡན་ཡིན། །ཀླ་ཀློ་འཇོམས་དུས་ཟད་པ་མེ་སྟག་དང་། །དྲག་པོས་ཆོས་བསྟན་དགུང་ལོ་ལྔ་བཅུ་པར། །རྒྱུད་ནས་གསུང་བཞིན་རང་བཟོས་ཇི་བདེར་སྤྱོད། །དེ་སྤངས་པས་ན་འདི་ནི་དག་ལྡན་ཡིན། །དེ་སྐད་བྱེད་པ་དག་པའི་ལོ་ལས་བརྩམས། །འཁྲུལ་འགལ་རང་བཟོའི་སྐྱོན་སྤང་དག་པ་ཡི། །ཡོན་ཏན་གསུམ་དང་ལྡན་པའི་ལེགས་བཤད་ཀྱང་། །སྐབས་འདི་ཇི་ལྟར་ནུས་དེ་གསལ་བྱས་སོ། །འཁོར་ལོ་ཅན་སྲས་ཚངས་དང་ལྷ་དབང་གི །ས་ཡི་འཁོར་ལོ་རྒྱབ་དང་བདུན་སྐྱོངས་ནས། །ཚེ་ཡང་སྟོང་དང་བརྒྱད་བརྒྱར་གོང་དུ་འཕེལ། །བསྟན་པ་རིན་ཆེན་དེ་ལྷག་མ་ཡང་། །ཆིག་ཁྲི་དགུ་སྟོང་བརྒྱད་བརྒྱའི་བར་གནས་པ། །དཔལ་མཆོག་དང་པོའི་སངས་རྒྱས་རྒྱུད་ཆེན་དང་། །དོན་ཡོད་ལྕགས་ཀྱུས་ཆ་བསགས་འཇུག་པར་གསུངས། །དེ་ལྟར་རྒྱལ་བསྟན་གནས་གྱུར་དུས་ངེས་པ། །རྣམ་པར་དག་འདི་སྔོན་ནས་གྲུབ་པ་ཉིད། །དམ་པ་རྣམས་ནས་ལེགས་པར་མཁྱེན་བཞིན་དུ། །བདག་གི་ལས་ཀྱི་བགོ་སྐལ་འཇོག་པར་ཤེས། །དེ་ཡང་རྫོགས་སངས་རྒྱས་དངོས་ཆོས་ཀྱི་རྗེ། །དཔལ་མགོན་བླ་མའི་བྱིན་རླབས་ཁོ་ན་ལས། །བདག་བློའི་སྟོབས་ཀྱིས་གཞལ་བ་མ་ཡིན་ན། །འཁྲུལ་བའི་དྲི་མ་རབ་ཏུ་ཉུང་བར་ངེས། །འདི་བཞིན་གཞན་གྱི་གསལ་བྱས་མ་མཐོང་བས། །སྔོན་མེད་ལེགས་བཤད་བརྗོད་ལ་ཉེས་པ་མེད། །གལ་ཏེ་འཁྲུལ་པའི་ཆ་ཤས་མཆིས་སྲིད་ན། །བདག་བློའི་སྐྱོན་ཏེ་མཁྱེན་ལྡན་རྣམས་ལ་བཤགས། །རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཀྱང་། །གནས་དུས་འདིར་དགོངས་བསྟན་པའི་ཡུན་ཚད་གང་། །མ་འཁྲུལ་གསལ་བ་ནོར་བུའི་མེ་ལོང་ངོས། །སྲ་ཕབ་གཟུགས་བཞིན་རྒྱལ་བ་ཉིད་མཐུས་སྣང་། །ཅེས་སོ། །

དེ་ལྟར་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་བརྗོད་པ་ཉུང་གསལ་རིན་ཆེན་སྒྲོ་མེ་ལས། རང་ལུགས་ཀྱི་བསྟན་རྩིས་རྣམ་པར་དག་པ་བཤད་པའི་སྐབས་ཏེགཉིས་པའོ། །


previousསྐབས་གཉིས་པ། རང་ལུགས་ཀྱི་བསྟན་རྩིས་རྣམ་པར་དག་པ་བཤད་པ།next