Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  collapse section
   
   
   
  collapse section
   
   
   
སྐབས་གསུམ་པ། མེ་མཁའ་རྒྱ་མཚོའི་ངེས་པ་དུ་མ་འཕྲོ་བཅས་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   


 
previousསྐབས་གསུམ་པ། མེ་མཁའ་རྒྱ་མཚོའི་ངེས་པ་དུ་མ་འཕྲོ་བཅས་བཤད་པ།next

སྐབས་གསུམ་པ། མེ་མཁའ་རྒྱ་མཚོའི་ངེས་པ་དུ་མ་འཕྲོ་བཅས་བཤད་པ།

ད་ནི་རྣམ་གྲངས་ཤེས་སླད་དང་། །ལེགས་པར་བཤད་པ་ཡང་མཐོང་བས། །བྱེད་ལོ་མེ་མཁའ་རྒྱ་མཚོ་ཡི། །ངེས་པ་འགའ་ཡང་འདིར་བཤད་བྱ། །དེ་ཡང་མཁས་ཤིང་དམ་པ་མཆོག་ཏུ་གྱུར་པ་འགའ་ཞིག་གིས་བྱེད་པའི་ལོ་མེ་མཁའ་རྒྱ་མཚོའི་ངེས་པ་རྣམ་པར་བཞག་པ་དུ་མ་མཐོང་བ་དེ་དག་གི་དོན་ས་བོན་ཙམ་འདིར་བརྗོད་ན། ཆག་ལོ་གསུམ་པས་རིགས་ལྡན་ཁྱབ་འཇུག་སྦས་པའི་དགོངས་ལོ་ང་གཅིག་སྐབས་ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་བྱུང་བས་མེ་མཁའ་རྒྱ་མཚོའི་དབུ་དུས་དེར་ཚུགས་པར་གསུངས་བ་དང་། རྗེ་བཙུན་ཆེན་པོ་སྒྲོལ་བའི་མགོན་པོས་རིགས་ལྡན་ཉི་མ་གྲགས་སེང་གེའི་ཁྲིར་འཁོད་པ་ཙམ་མ་ཁའི་ཡུལ་དུ་ཀླ་ཀློ་ལྷག་པར་དར་ཞིང་འཕགས་ཡུལ་ནུབ་ཕྱོགས་སུ་གསར་དུ་འཕེལ་བས་སྦྲང་རྩིའི་བློ་གྲོས་ཀྱང་དུས་འདི་ཙམ་དུ་བྱུང་བར་མངོན་ཞེས་གསུང་སྟེ་ཚུལ་འདི་འགོས་ལོ་གཞོན་ནུ་དཔལ་པཎྜི་ཏ་ཆེན་པོ་ཞིག་གིས་མཛད་པའི་རྩིས་ཀྱི་བསྟན་བཅོས་རྒྱ་དཔེ་ལས། ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་འཇམ་དཔལ་གྲགས་པའི་རྗེས་བརྒྱད་བརྒྱའི་ལོ་སྟེང་ནས་སྦྱང་བར་བྱས་པ་གཟིགས་གསུང་བ་ཡང་འདི་དང་གནད་གཅིག་ཏུ་བབ་པར་རྟོགས་ལ། གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་ནི་འཇམ་དཔལ་གྲགས་པའི་རྗེས་ལོ་བརྒྱད་བརྒྱ་ལོན་པ་ན་མེ་མཁའ་རྒྱ་མཚོ་དབུ་ཚུགས་རིགས་ལྡན་ཉི་མས་ཆོས་བསྟན་ནས་ལོ་ཉེར་གསུམ་པའི་སྐབས་ཞག་གཉིས་ཀྱིས་ལྷག་པའི་འདས་ལོ་ཉིས་བརྒྱ་ཉེར་གཅིག་རྫོགས། དེ་ལ་བསྲེ་བྱ་རབ་བྱུང་མེ་ཡོས་ཤར། མེ་ཡོས་དེ་ནས་དྲུག་ཅུ་སྐོར་གསུམ་ལོ་བརྒྱ་དང་བརྒྱད་ཅུ་གོང་གི་ལོ་དག་དག་བསྲེས་པས་མེ་མཁའ་རྒྱ་མཚོ་ཤར་བ་བསྲེ་བྱ་རབ་བྱུང་དང་པོ་ཚུགས་པར་བཞེད་སྟེ། དེ་ད་ལྟའི་རྩིས་མཁན་གཞན་རྣམས་ཀྱིས་ནི་རབ་བྱུང་བཞི་པ་ཡིན་ལ་གང་ལྟར་དུས་དེར་མ་ག་དྷ་ཏུ་རུ་ཀས་བཅོམ་ནས་པཎྜི་ཏ་ཤཱཀྱ་ཤྲཱི་བོད་དུ་བྱོན་པ་ཡིན་ཞེས་གསུངས་ཏེ་རབ་བྱུང་དེ་ནས་ད་ལྟའི་བར་དྲུག་ཅུ་སྐོར་བརྒྱད་འདས་དགུ་པ་རྫོགས་ཉེ་བའི་སྐབས་ཏེ་གཞན་གྱི་རབ་བྱུང་བཅུ་གཉིས་པར་བཟུང་བ་འདི་ཉིད་རྟོགས་དགོས་སོ། །རྒྱལ་བ་རང་བྱུང་ཞབས་ཀྱི་འཇམ་དཔལ་གྲགས་པས་ཆོས་བསྟན་པའི་ལོ་བརྒྱ་དང་བཅས་པའི་བརྒྱད་བརྒྱ་ན་རིགས་ལྡན་ཤིན་ཏུ་བཟང་གི་ཆོས་བསྟན་པའི་ཅུང་ཟད་ཀྱི་སྔོན་ཙམ་ནས་མེ་མཁའ་རྒྱ་མཚོའི་དབུ་ཚུགས། དེ་ནས་ལོ་ཉིས་བརྒྱ་རྫོགས་སྐབས་རིགས་ལྡན་རྒྱལ་དཀའ་ཁྲིར་འཁོད་དེ་ཡི་ལོ་ཉི་ཤུ་ལོནཔ་ན་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་བཞག་སྟེ་རྩིས་གཞི་མཛད་པ་དང་རབ་བྱུང་ཤར་བ་དུས་མཚུངས། དེ་ལ་བསྣན་རྒྱུ་དྲུག་བཅུ་སྐོར་གསུམ་ལོ་བརྒྱ་དང་བརྒྱད་ཅུ་སྦྱང་བྱའི་མིང་ཅན་དུ་མཛད་པ་ནི་ཀླ་ཀློ་རྡོ་རྗེ་གདན་དུ་ཞུགས་ཏེ་ཡུལ་དབུས་ཀྱི་བསྟན་པ་ནུབ་པ་ནུབ་པའི་དུས་སུ་རྒྱལ་བའི་ལུང་བསྟན་པར་བཞེད་པ་སོགས་ལྷག་མ་གྲུབ་ཐོབ་ཨོ་རྒྱན་པའི་དགོངས་པ་དང་མཐུན་པར་གནས་སོ། །ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ནི་འཇམ་དཔལ་གྲགས་པའི་དུས་ལོ་ཉིས་བརྒྱ་ཡིན་ལ་དེ་དང་བཅས་པའི་ལོ་བརྒྱད་བརྒྱའི་ཁོངས་སུ་མེ་མཁའ་རྒྱ་མཚོ་ཡང་རྫོགས་པར་འདོད་ལ་དེ་ལ་བསྲེ་བྱའི་རབ་བྱུང་དང་པོ་ནི། ད་ལྟ་སྤྱི་ལ་གྲགས་པའི་རབ་བྱུང་དང་པོ་ཉིད་དང་མཐུན་ཞིང་། དེ་ཚེ་རིགས་ལྡན་མཐའ་ཡས་ཀྱིས་ཆོས་བསྟན་པའི་དུས་ཡིན་པར་དགོངས་ཤིང་འཇམ་དཔལ་གྲགས་པའི་རྗེས་ཀྱི་རིགས་ལྡན་རྣམས་ཀྱིས་ཆོས་བསྟན་པའི་དུས་ལོ་དྲུག་ཅུ་རེ་མཚུངས་པར་བཞེད་པའོ། །དཔལ་མཁའ་སྤྱོད་དབང་པོའི་ཞལ་སྔ་ནས་ནི་འཇམ་དཔལ་གྱི་དུས་ནས་ལོ་བརྒྱད་བརྒྱ་ལོན་པ་ན་ད་ལྟ་སྤྱིའི་རབ་བྱུང་དང་པོ་འདི་ཤར་བ་ཡིན་ལ་འདས་ལོ་ཉིས་བརྒྱ་ཉེར་གཅིག་བརྒྱད་བརྒྱའི་ཁོངས་སུ་བསྒྲངས་བར་མཛད་པ་སྣང་ངོ་། །དེ་ལྟར་མེ་མཁའ་རྒྱ་མཚོའི་འདོད་ཚུལ་གྲགས་ཆེ་བ་གཉིས་ནི་གོང་དུ་རང་ལུགས་བསྟན་རྩིས་ཀྱི་སྐབས་སུ་དྲང་བ་དང་། སྐབས་འདིར་སྨོས་པ་དྲུག་དང་། གཞན་དུ་འཁྲུལ་སེལ་དང་། གདན་དུས་ཀྱི་ལུགས་དང་བཅས་པས་ཁྱོན་དུས་རྣམ་གྲངས་བཅུར་མཐོང་ལ། འདིར་སྨོས་པ་དྲུག་ལས་རྒྱལ་བ་རང་བྱུང་ཞབས་དང་རྗེ་བཙུན་ཆེན་པོ་སྒྲོལ་བའི་མགོན་པོའི་དགོངས་པ་དག་རགས་རྩིས་སུ་མཐུན་ལ་དེ་ནི་གོང་དུ་ཞིབ་མོར་བྱེད་ཟིན་པའི་བསྟན་རྩིས་ལས་ལོ་དྲུག་ཅུ་སྐོར་དག་གི་དམན་པ་ཙམ་སྟེ་འདི་ཡང་འཕགས་ཡུལ་གྱི་གཏན་ཚིགས་མང་པོ་ཞིག་དང་འགྲིག་པས་ཁུངས་ལྡན་དུ་རྟོགས་མོད། དེ་ལྟ་ན་ཡང་རང་བྱུང་ཞབས་ཀྱི་དགོངས་པ་འཆད་པར་འདོད་པ་མཁས་པ་ཆེན་པོ་ཁ་ཅིག་རང་བྱུང་ཞབས་ཀྱི་བཞེད་ཚུལ། དེང་གི་ལག་རྩིས་པ་སྤྱི་དང་གཟའ་སྐར་ལུང་སྟོན་ཚུལ་ཆེས་མི་མཚུངས་པ་ཞིག་འབྱུང་བར་སྣང་བས་དེ་ལ་སྐྱེ་བོའི་ཡ་ཁ་སྤང་བ་སྐད་མཛད་ནས་འདས་ལོ་གྲངས་གཞན་དུ་ཀྱོག་དགོས་བྱུང་འདུག་ཀྱང་རང་བྱུང་ཞབས་ཀྱི་ལོ་བདག་མེ་མཁའ་རྒྱ་མཚོ་སྦྱངས་བཞག་གི་མཚམས་མ་ནོར་བར་རྒྱུད་ཀྱི་རྩིས་འཕྲོ་སྦྱིན་པས་གཟའ་སྐར་ལུང་སྟོན་ཚུལ་སོགས་མི་མཐུན་པ་གཏན་ནས་མི་འབྱུང་ཡང་སྟོན་པའི་འཁྲུངས་ལོ་དང་མེ་མཁའ་རྒྱ་མཚོའི་བར་ལོ་ཡི་ངེས་པ་སྔ་ཕྱི་ཅུང་ཟད་སྤྱི་བཏང་ཙམ་དང་རང་བཞེད་ཁྱད་པར་དབྱེ་བ་མ་ངེས་པ་དང་ལོ་དག་ནས་སྦྱངས་བྱར་དགོངས་ཏེ་གསུངས་པ་སྒྲ་ཇི་བཞིན་སེམས་པ་བྱུང་ན་འཁྲུལ་པ་དང་། མེ་ཡོས་ལ་རྩིས་འཕྲོ་བསྲེ་རྒྱུ་ཤིང་བྱི་ལ་བསྲེ་བར་དམིགས་པ་སོགས་ནི་མཁས་པའི་ཐུགས་དབྱིངས་ནས་རྨོངས་པའི་རྣམ་འགྱུར་བསྟན་པ་ཡིན་ལ། པཎྜི་ཏ་ཤཱཀྱ་ཤྲཱི་ཁྲོ་ལོས་གསུང་བཞིན་ཤིང་བྱི་ལོར་བོད་ཡུལ་གཙང་དུ་ཕེབས་པར་སྣང་ཡང་། གྲུབ་ཐོབ་ཨོ་རྒྱན་པ་དང་རྗེ་རང་བྱུང་བས་མེ་ཡོས་ལོར་བོད་ཡུལ་མཐིལ་དབུ་རུ་ཕེབས་པ་ལ་མཛད་པས་རགས་ཞིབ་ཙམ་དུ་གྱུར་ཅིང་། ལར་ལག་རྩིས་རི་མོ་ལ་སྐྱོན་མེད་ཕྱིན་གཏམ་རྒྱུན་ཐ་དད་དམ་རགས་རྩིས་སམ་དགོས་པའི་དབང་གི་ལོ་ཚིགས་སུ་སྔ་ཕྱི་ཅུང་ཟད་ནུར་བར་དེ་ཙམ་གྱི་སྐྱོན་དུ་བཟུང་མ་དགོས་པར་ཉིད་ནས་ཀྱང་རྩིས་འཕྲོ་འགྲིག་པར་དགོངས་གཏན་ཚིགས་སྤོས་པས་ཀྱང་གསལ་མོད། འོན་ཏེ་འདིར་མང་དུ་མི་སྨྲ་ཡི་ལོགས་སུ་དཔལ་རང་བྱུང་ཞབས་ཀྱི་དགོངས་བཞེད་ཡང་ཅི་ནུས་ཞིག་མོས་པའི་སྟོབས་ཀྱི་འཆད་པར་འདོད་ལ། ལར་གྱི་ལོ་ཡི་སྐོར་གྲངས་སྔ་ཕྱི་ཙམ་ལས་རྣམ་གྲངས་མང་ཞིག་ཞིབ་མོས་བྱས་པ་འདི་ཉིད་དུ་འཇུག་པས་རྒྱལ་བ་དེ་ཡི་དགོངས་པར་གྱུར་པ་ཡང་བློ་གྲོས་ཟབ་མོ་ཐོབ་པ་རྣམས་ཀྱིས་གཟིགས་པས་གསལ་བའོ། །མེ་མཁའ་རྒྱ་མཚོའི་ངེས་པ་གཞན་རྣམས་ཀྱང་མཛད་པ་པོ་འཕགས་པའི་སར་བཞུགས་པ་དང་། ཚད་མའི་གཏམ་དང་ཇི་རིགས་འབྲལ་ཞིང་འཕགས་ཡུལ་གྱི་དམ་པའི་ངག་སྒྲོས་ཅན་རྣམས་ནི་དག་སྣང་སྦྱང་བའི་ཡུལ་དུ་བྱ་ཞིང་ཀུན་ཏུ་གཤེ་བར་ཡང་མི་བྱའོ། །

ད་ནི་འཕྲོས་སུ་དེང་གི་རྩིས་མཁན་སྤྱི་ལ་གྲགས་པའི་རབ་བྱུང་སྐོར་ཇི་སྙེད་སོང་བའི་སོ་སོའི་དུས་ཀྱི་ངེས་པ་སངས་རྒྱས་པར་གཞན་དུ་སྤྲོས་བཞིན་དང་འདིར་ས་བོན་ཙམ་དུ་གྲགས་ཆེ་བའི་སྐྱེས་བུ་ཁ་ཅིག་གི་དགོངས་ལོའི་ཚད་དང་། སྦྱར་ཏེ་གོ་བདེར་བཤད་པར་བྱ་སྟེ། དེ་ཡང་རབ་བྱུང་དང་པོ་ཤར་བ་ན་ལོ་ཆེན་རིན་ཆེན་བཟང་པོ་དགུང་ལོ་བདུན་ཅུ་ཐམ་པ། ཇོ་བོ་རྗེ་ང་དྲུག་པ། ཁྱུང་པོ་རྣལ་འབྱོར་སོ་བརྒྱད། མར་པ་ཆུ་སྟག་ལོ་པའི་ཉེར་དྲུག རྒྱལ་བ་འབྲོམ་ཉེར་གསུམ་ཡིན་ལ། དེ་བཞིན་རབ་བྱུང་གཉིས་པ་ཤར་པ་ན་མྱི་ལ་ས་འབྲུག་ལ་འཁྲུངས་པའི་དྲུག་ཅུ་ཐམ་པ། པུ་ཏོ་པ་ང་བདུན། རྗེ་སྒམ་པོ་པ་དགུང་ལོ་དགུ་པའོ། །རབ་བྱུང་གསུམ་པ་ཤར་བ་ན། ས་སྐྱའི་རྗེ་བཙུན་གྲགས་རྒྱལ་དང་། ཞང་གི་གདན་ས་བ་མཉམ་མེད་ཤཱཀྱ་ཡེ་ཤེས་རྣམས་འཁྲུངས། ས་ཆེན་གྱི་ང་དྲུག ཕག་མོ་གྲུབ་པ་དང་ཀརྨ་པ་དུས་གསུམ་མཁྱེན་པ་དགུང་ལོ་སོ་བརྒྱད། ཀཿཐོག་དམ་པ་བདེ་གཤེགས་ཀྱི་ལོ་བཅུ་བཞི །ས་སྐྱའི་རྗེ་བཙུན་བསོད་ནམས་རྩོ་མོ་དང་དཔལ་སྟག་ལུང་ཐང་པའི་ལོ་དྲུག་པ། འཇིག་རྟེན་གསུམ་མགོན་གྱི་ལོ་ལྔ་ལོན་པ་ཡིན་ནོ། །རབ་བྱུང་བཞི་པ་ལ་རྒྱལ་བ་ལོ་རས་ཀྱི་དབོན་ཙཱ་རི་རས་པ་བྱང་ཆུབ་འབུམ་སྐུ་འཁྲུངས། དཔལ་འབྲུག་པ་གཙང་པ་རྒྱ་རས་དགུང་ལོ་ཞེ་བདུན་པ། ས་པཎ་ཉེར་དྲུག གཏེར་སྟོན་གུ་རུ་ཆོས་དབང་ལོ་བརྒྱད་པ། ཀརྨ་པ་དགུང་ལོ་བཞི་པའོ། །རབ་བྱུང་ལྔ་པ་ཤར་བ་ན་ཚལ་པ་བཀའ་རྒྱུད་ལྷ་རི་བ་བཛྲ་ནཱ་ཐ་འཁྲུངས། གྲུབ་ཆེན་ཨོ་རྒྱན་པའི་སོ་བརྒྱད། ས་སྐྱ་ཆོས་རྒྱལ་འཕགས་པ་སོ་གསུམ། རིག་འཛིན་ཀུ་མ་རཱ་ཛའི་དགུང་ལོ་གཉིས་པའི་སྐབས་ཡིན་ནོ། །རབ་བྱུང་དྲུག་པ་ཤར་བ་ན། ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་ཞེ་བཞི། བུ་སྟོན་སོ་བརྒྱད། ཇོ་ནང་ཀུན་མཁྱེན་སོ་དྲུག ཀུན་མཁྱེན་དྲི་མེད་འོད་ཟེར་ཉི་ཤུ་ཐམ་པའོ། །རབ་བྱུང་བདུན་པ་ཤར་བ་ན། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་དང་། ལྷ་རི་གྲགས་པ་བསོད་ནམས་རྒྱལ་མཚན་འཁྲུངས། གཏེར་སྟོན་སངས་རྒྱས་གླིང་པ་བཞི་བཅུ་ཞེ་བརྒྱད་དང་། ཞྭ་དམར་བ་མཁའ་སྤྱོད་དབང་པོ་གཏེར་སྟོན་དྲི་མེད་ལྷུན་པོ་སུམ་ཅུ་སོ་བརྒྱད། ཤར་ཙོང་ཁ་པ་རྗེ་བློ་བཟང་གྲགས་པ་སོ་གཅིག བོ་དོང་ཀུན་མཁྱེན་འཇིགས་བྲལ་བཅུ་གསུམ། ངོར་ཆེན་ཀུན་དགའ་བཟང་པོ་དང་རྫོང་པ་ཀུན་དགའ་རྒྱལ་མཚན་དྲུག་པ། ཀརྨ་པ་དེ་བཞིན་གཤེགས་པ་དགུང་ལོ་བཞི་པའོ། །རབ་བྱུང་བརྒྱད་པ་ཤར་བ་ན། ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་གི་འདས་ལོ་ཐོག་མར་བྱས། ཆག་ལོ་གསུམ་པ་རིན་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་འཁྲུངས། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་ང་བདུན་པ། འགོས་ལོ་གཞོན་ནུ་དཔལ་བ་ང་དྲུག གཏེར་སྟོན་རཏྣ་གླིང་པ་ཞེ་ལྔ། ཀུན་མཁྱེན་སངས་རྒྱས་འཕེལ་པོ་བདུན། ཀརྨ་མཐོང་བ་དོན་ལྡན་གྱི་སུམ་ཅུ་རྩ་གཉིས། པཎ་ཆེན་ཤཱཀ་མཆོག་ཉི་ཤུ་ཐམ་པ། ཆོས་རྗེ་གོ་རམས་པ་བཅུ་དགུ་པ། གཡོ་རུ་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་བཅུ་དྲུག་པའོ། །རབ་བྱུང་དགུ་པ་ཤར་བ་ན། ཀརྨ་ཅོད་པཎ་འཛིན་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ་དང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་སྐུ་འཁྲུངས། གཏེར་སྟོན་པདྨ་གླིང་པའི་ང་བརྒྱད། གཙང་སྨྱོན་སངས་རྒྱས་རྒྱལ་མཚན་ང་དྲུག དབུས་སྨྱོན་ཀུན་དགའ་བཟང་པོ་ལྔ་བཅུ་ཐམ་པ་ཡིན་ནོ། །རབ་བྱུང་བཅུ་པ་ཤར་པ་ན། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་ལྔ་བཅུ་རྩ་ལྔ་པ། ཟུར་མཁར་མཚོ་བྱེད་བློ་གྲོས་རྒྱལ་པོ་ལྔ་བཅུ་ང་དགུ་པ། འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་ལྔ་བཅུ་ཐམ་པ། མི་ཕམ་པ་པདྨ་དཀར་པོ་བཞི་བཅུ་ཞེ་གཅིག་པ། རིག་འཛིན་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུ་དྲུག་པ། ཀརྨ་དབང་ཕྱུག་རྡོ་རྗེ་བཅུ་བཞི་པའོ། །རབ་བྱུང་བཅུ་གཅིག་པ་ཤར་པ་ན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ལྔ་བཅུ་རྩ་གསུམ་པ་རིག་འཛིན་འཇའ་ཚོན་སྙིང་པོ་བཞི་བཅུ་ཞེ་གསུམ། སྒམ་པོ་ནོར་བུ་རྒྱན་པའི་སོ་དགུ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཉེར་གསུམ། རྒྱལ་དབང་བློ་བཟང་རྒྱ་མཚོ་དགུང་ལོ་བཅུ་ཐམ་པའོ། །རབ་བྱུང་བཅུ་གཉིས་པ་ཤར་བ་ན། སྒམ་པོ་སྤྲུལ་སྐུ་བཟང་པོ་རྡོ་རྗེ་ང་གཉིས་པ། ཡོང་དགེ་གཏེར་སྟོན་མི་འགྱུར་རྡོ་རྗེ་དང་བྱང་བདག་པདྨ་འཕྲིན་ལས་ཀྱི་ཞེ་བདུན། ཏྲེ་བོ་ཆོས་ཀྱི་དབང་པོ་སོ་ལྔ། ཀརྨ་པ་བཅུ་གཅིག་ཡེ་ཤེས་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་ཡིན་ནོ། །ད་ལྟའི་ཆ་ཁྱི་འདི་ནས་ལོ་ལྔ་འདས་པ། རབ་བྱུང་བཅུ་གསུམ་པ་ཤར་བ་ན། ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དགུང་ལོ་ཞེ་བརྒྱད་པ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཞབས་དགུང་ལོ་བཞི་བཅུ། འབྲུག་པ་སྤྲུལ་པའི་སྐུ་རིན་པོ་ཆེ་རྒྱལ་དབང་འཕྲིན་ལས་ཤིང་རྟ་དང་དཔའ་བོ་གཙུག་ལག་དགའ་བ་ཡི་དགུང་ལོ་སུམ་ཅུ་ཐམ་པ། ཀརྨ་ཅོད་པཎ་འཛིན་བཅུ་གསུམ་འབྱོན་པར་གསུངས་པའི་མཐའ་མ་བདུད་འདུལ་རྡོ་རྗེ་དགུང་ལོ་བཅོ་ལྔའི་སྟེང་དུ་སླེབ་པར་འགྱུར་བ་སྟེ་སྐྱེས་བུ་ཆེན་པོ་དེ་རྣམས་སྐུ་ཚེ་བརྟན་པར་གྱུར་ཅིག །

འདིར་སྨྲས་པ། དེ་ལྟར་དཔལ་ལྡན་དང་པོའི་སངས་རྒྱས་མཆོག །དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཆེན་ལས། །ཕྱི་ཡི་དུས་འཁོར་སྐར་རྩིས་གསུངས་པའི་སྐབས། །རྣམ་པར་སྦྱངས་དང་ངེས་པར་བཞག་པ་ཡི། །བྱེད་པའི་ལོ་དག་མེ་མཁའ་རྒྱ་མཚོ་ཞེས། །དགོངས་པ་དོན་དང་ལྡན་པས་གསུང་བ་དང་། །སྤྱན་རས་གཟིགས་ཀྱི་འགྲེལ་པར་ལེགས་བཀྲལ་ཡང་། །ཟབ་བརླིང་རྡོ་རྗེའི་ཚིགས་སུ་གྱུར་པས་ནི། །བོད་ཡུལ་འདིར་བྱོན་མཁས་པའི་དབང་ཕྱུག་ཆེ། །སྐྱེས་མཆོག་མང་པོས་འདོད་ཚུལ་དུ་མ་དང་། །འཕགས་ཡུལ་དུ་ཡང་བདག་ཉིད་ཆེན་པོ་མཆོག །འགའ་ཡང་བཞེད་པ་ཐ་དད་གནས་པར་མངོན། །འཕགས་ཆེན་གོ་འཕང་ངེས་བརྙེས་དགོངས་པ་ནི། །འདོད་ཚུལ་སྤྱི་དང་ལྟར་སྣང་མ་མཐུན་ཡང་། །དགོངས་པ་ཅན་རྣམས་གདུལ་བྱ་འགའ་ཞིག་ངོར། །བདེན་པར་འགྱུར་བས་དག་སྣང་བསྐྱེད་པར་བྱ། །གཞན་གྱུར་སོ་སྐྱེས་རྟོག་གེའི་རྟོག་དཔྱོད་ཀྱི། །རིགས་གྲས་ཕོ་ཚོད་དག་གི་བཞག་པ་དང་། །གཏམ་རྒྱུད་མ་དག་པའམ་མ་ངེས་པ། །གྲགས་པའི་རྗེས་འབྲང་སྐྱོ་མ་སྔ་བཙོན་དང་། །ཁུངས་མེད་བརྡོལ་ཐབས་སྨྲ་བ་ཡང་མཐོང་ན། །དོན་གྱི་སྙིང་པོས་དབྱེན་པས་དོར་བྱར་ངེས། །དེ་ཕྱིར་དག་དང་མ་དག་མཐའ་གཉིས་ནི། །བློ་ལྡན་དམ་པ་རྣམས་ཀྱིས་རབ་དཔྱད་འོས། །འདིར་ནི་ས་ཕྱོགས་ཡངས་པའི་ཡུལ་རིས་ཀུན། །དྭངས་པའི་མེ་ལོང་ངོས་སུ་ཞུགས་པ་བཞིན། །མཁས་བཞེད་རྣམ་མང་གླེགས་བམ་དུ་མ་ཡང་། །བདག་བློ་གསལ་བའི་ཚིག་ཉུང་དོན་མང་བསྡུས། །གཟུར་གནས་བློ་ལྡན་མགུ་བའི་དགའ་སྟོན་དུ། །ཚེ་དབང་ནོར་བུ་དཔལ་དེས་རོལ་རྩེད་ཡིན། །དེ་བཞིན་རབ་བྱུང་དུས་ཀྱི་ངེས་པ་ཡང་། །དོན་གཉེར་བློ་གསལ་དང་བས་བླང་བར་མཛོད། །ཞེས་ཚིགས་སུ་བཅད་པའོ། །

དེ་ལྟར་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་བརྗོད་པ་ཉུང་གསལ་རིན་ཆེན་སྒྲོན་མེ་ལས། མེ་མཁའ་རྒྱ་མཚོའི་ངེས་པ་དུ་མ་འཕྲོ་བཅས་བཤད་པའི་སྐབས་ཏེ་གསུམ་པའོ། །

དེ་སྐད་རྣམ་དག་རྒྱལ་བསྟན་གནས་པའི་ཚུལ། །རྒྱལ་བཀའ་བླ་མའི་གསུང་རྟེན་འདི་བགྱིས་པར། །ལེགས་མཆིས་འགྲོ་བསྔོ་ཀུན་མཁྱེན་མྱུར་ཐོབ་ཤོག །ཉེས་བཤགས་དགེ་བར་དབུགས་དབྱུང་རྒྱལ་བས་སྩོལ། །

སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་གྱུར་དུས་ཀྱི་ངེས་པ་རྗེས་སུ་དྲན་པ་བསྐྱེད་པ་ལེགས་བཤད་ས་བོན་ཙམ་སྨོས་པ་ཉུང་ངུ་དོན་གསལ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་འདི་ནི་རྒྱལ་བསྟན་ལྔ་བརྒྱ་ཕྲག་དྲུག་པ་ལ་འཇུག་ཞིང་རྩིས་ལོ་རབ་བྱུང་བཅུ་གཉིས་པའི་བློ་ངན་ལྕགས་བྱ་མཛད་པར་ཉེ་ཞིང་རྔ་ཆེན་ཆུ་ཁྱི་འཆར་བར་ཕྱོགས་པ་དབྱུ་གུ་ཟླ་བའི་ཤར་ཕྱོགས་རྒྱལ་བ་སུམ་ཅུ་རྩ་གསུམ་ནས་འཛམ་བུའི་གླིང་དུ་གཤེགས་པའི་དུས་ཆེན་ལ་ཐང་འབྲོག་འདོལ་རྩེ་མོར་དབུ་བཙུགས་ཏེ་ཅུང་ཟད་རེ་བྲིས་པའི་མཐར་སྨིན་དྲུག་གི་ཉ་བའི་དམར་ཕྱོགས་ཆེས་བཅུ་རྒྱུད་རྩིས་ཀྱི་ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོ་ལ་ཀོང་ཡུལ་སྨད་གུ་རུའི་གནས་ཆེན་ལྐོག་འཕྲང་གི་མདུན་ཆུ་ཀླུང་ཆེན་པོ་རོ་ཧི་ཏ་ཡི་འགྲམ་སྔོན་ལྷ་བཙད་པོས་བཟུང་པའི་ཡུལ་གཏམ་སྙན་གླང་མཁར་རྡོ་རིང་གི་ངོགས་སུ་གྲུབ་པར་བོད་ཆེན་མདོ་ཁམས་དབུས་འགྱུར་དུ་ཆོས་སྨྲ་བའི་གོ་སར་སྐྱེས་ཤིང་གདོད་མ་ནས་རྣལ་འབྱོར་པར་གྱུར་པ་ཚེ་དབང་ནོར་བུས་ལེགས་པར་སྦྱར་བ་སྟེ་སླར་ཡང་རྔ་ཆེན་གྱི་ལོ་དེ་ཉིད་དུ་ཞུས་དག་ལེགས་པར་བགྱིས་པའི་རི་མོ་ནན་ཏུར་གྱི་གྲོགས་ལྡན་འགའ་ཞིག་རང་གི་སློབ་མ་མ་དྷེ་པྲ་བློ་གྲོས་རབ་རྒྱས་པུ་ཥྱཿཞེས་པས་ཀྱང་བྱས་པ་སྟེ་ཚུལ་འདི་ལ་འབད་པའི་དགེ་བས་འགྲོ་བ་ཀུན་རྒྱལ་བའི་བསྟན་པ་རིན་པོ་ཆེ་མཆོག་ཏུ་གུས་པས་ཞུགས་ཤིང་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །


previousསྐབས་གསུམ་པ། མེ་མཁའ་རྒྱ་མཚོའི་ངེས་པ་དུ་མ་འཕྲོ་བཅས་བཤད་པ།next