Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  expand section
   
དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་འཕྲོ་ངེས་པར་དག་པ་རྟག་པའི་ལོངས་སྤྱོད་མན་ངག་གྲུབ་པའི་གོ་འབྱེད།
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   


 
previousདཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་འཕྲོ་ངེས་པར་དག་པ་རྟག་པའི་ལོངས་སྤྱོད་མན་ངག་གྲུབ་པའི་གོ་འབྱེད།next

དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་འཕྲོ་ངེས་པར་དག་པ་རྟག་པའི་ལོངས་སྤྱོད་མན་ངག་གྲུབ་པའི་གོ་འབྱེད།

༄༅། །དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་འཕྲོ་ངེས་པར་དག་པ་རྟག་པའི་ལོངས་སྤྱོད་མན་ངག་གྲུབ་པའི་གོ་འབྱེད་ཅེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱ་སྟི། ན་མོ་གུ་རུ་ཝ། ན་མཿཤྲཱི་ཀ་ལ་ཙཀྲཱ་ཡ། མི་ཤིག་བདེ་བ་ཆེན་པོའི་ངོ་བོ་རུ། །གཟུང་འཛིན་འཁྲུལ་རྟོག་མ་ལུས་སྟོང་གྱུར་ཏེ། །མཐའ་ཡས་འགྲོ་བ་ཡོངས་ཀྱི་ཉེར་འཚོའི་དཔལ། །ཀུན་བཟང་གདོད་མའི་མགོན་ལ་ཕྱག་འཚལ་འདུད། །ཀུན་རྫོབ་གཟའ་ཚོགས་འཕོ་བ་བཅུ་གཉིས་རླུང་། །དོན་དམ་དབུ་མའི་ཐིག་ལེར་ཡོངས་ཐིམ་ནས། །འཕོ་མེད་བདེ་ཆེན་རྟག་རྩེན་སྟོང་འཇུག་མཁན། །ཇོ་ནང་ཀུན་མཁྱེན་རྒྱལ་དེས་དགེ་ལེགས་སྩོལ། །རྒྱལ་བསྟན་ཡོངས་རྫོགས་གཟིགས་པ་ཆོས་ཀྱི་སྤྱན། །ནམ་ཡང་མ་སྨད་བློ་ཆེན་རྒྱལ་བའི་སྲས། །སྐར་རྩིས་རྟག་སྤྱོད་ཤུགས་ཀྱི་སྟོང་འཇུག་ཉིད། །གསལ་མཛད་བུ་སྟོན་ཞབས་ལ་སྙིང་ནས་འདུད། །དོན་དམ་ཉིད་བྱེད་བྱིན་གྱིས་རིག་པའི་གནས། །པད་དཀར་རྒྱས་རྒྱུར་དེ་ཡི་དྲི་བསུང་གི །ཉེར་འཚོ་ར་ཡིག་གཉིས་པ་ཀྱེ་རི་བ། །གང་གི་བཀའ་དྲིན་དྲན་བཞིན་འདི་ན་ཀོ །དཔལ་མཆོག་དང་པོའི་སངས་རྒྱས་དུས་འཁོར་གྱི། །རྒྱུད་དོན་རྣམ་པར་དག་པ་གྲུབ་པའི་མཐའ། །ཇི་བཞིན་རྟོགས་པར་འདོད་ལ་རྩིས་འཕྲོ་གང་། །སྟོང་དང་སྐྱེ་བའི་ངང་ཚུལ་ཤེས་བྱ་མཆོག །དེ་ཡང་དཀྱིལ་འཁོར་བདག་པོ་བླ་མའི་མཐུས། །ཚུལ་དེ་རང་སྟོབས་ཉིད་ཀྱི་ལེགས་རྟོགས་མཐར། །མཁས་པ་གཞན་གྱི་ལེགས་བཤད་གླེགས་བམ་ཡང་། །མཐོང་བས་སྒྲོ་འདོགས་ཆོད་ནས་སྟོང་འཇུག་ཚུལ། །རང་གི་དྲན་པའི་གསོས་དང་གཞན་དག་ལ། །ཕན་སླད་རྣམ་གྲངས་ཚིག་ཚོགས་སྤྲོས་བསྐྱུངས་ནས། །སྙིང་པོའི་དོན་གང་རྣམ་པར་གསལ་བ་ཉིད། །ཉུང་ངུའི་ངག་གིས་འདི་རུ་བཀོད་པར་བྱ། །དེ་ཡང་ལོ་ཡི་དང་པོ་རབ་བྱུང་གི །ངོས་འཛིན་མི་མཐུན་རྣམ་པ་གསུམ་མཐོང་ཡང་། །བོད་དང་འཕགས་ཡུལ་སྔོན་རབས་མཁས་པ་རྣམས། །བཞེད་པ་གཅིག་ཕྱིར་མེ་ཡོས་ཉིད་དུ་བཟུང་། །དེ་ཡི་ཐོག་མ་ཟད་པ་སྦོ་ཟླའི་མཐར། །གཟའ་དགུ་རྒྱུ་སྐར་རྫོགས་མཐར་ལོངས་སྤྱོད་པས། །དེ་ཚེ་རྩིས་འཕྲོ་མེད་པ་སྟོང་པར་དག །དེ་ལ་སྟོང་འཇུག་ཆེ་ཞེས་མཁས་པས་བཞག །སྟོང་འཇུག་ཉིད་ལ་ངེས་པ་སྐྱེ་བའི་ཚུལ། །མེ་ཡོས་ལོ་རྫོགས་སྦོ་ཟླའི་གནམ་སྟོང་གི །གཟའ་ཉི་བར་ས་ཚེས་ཀྱི་རྐང་པ་ཉིད། །ས་འབྲུག་ནག་པའི་དྷྲུ་གསུམ་ཉིད་དུ་ངེས། །དེ་ལྟར་ལོ་གྲངས་དབང་ཡུལ་བརྩེགས་པའི་མཐར། །བཤོལ་བཅས་ཉི་མའི་དྷྲུ་བ་རྩིས་འཕྲོ་སྟོང་། །བཤོལ་བཅས་ཉི་མ་དག་པའི་ལོ་དེ་ཉིད། །བརྩི་བྱ་ཀུན་གྱི་རྩ་བར་བཟུང་བར་བྱ། །ལོ་དེ་ཉི་མས་བསྒྱུར་བས་དྲུག་ཅུ་སྐོར། །མཐུན་གྱུར་རབ་ཡུང་ནག་དྷྲུ་སླར་ཡང་སྟོང་། །དབང་ཡུལ་ལོ་གང་རི་མཁའ་རིས་བསྒྱུར་བས། །སྤྱི་ཞག་རི་མཁའ་རི་ཡི་ཆ་སྟོང་ཞིང་། །རིག་བྱེད་སྡེབ་སྦྱོར་གནས་སུ་སོ་གཉིས་འཆར། །དེ་ཚེ་གཟའ་དྷྲུར་ལོངས་སྤྱོད་གཞན་ཀུན་སྟོང་། །དབྱུ་གུར་མཁའ་མེ་གཟའ་གནས་དབང་པོས་བཟུང་། །ཚོགས་སུ་རྩེ་མོ་ཆ་རུ་ཞེ་གཉིས་ཡོད། །ཚོགས་ཆ་ལིང་རྩེ་བཞིན་བཅུ་རྩ་གཉིས་ཀྱི། །རྩ་བ་འདི་ལས་གཞན་དུ་འཛིན་མ་དགོས། །དབང་ཡུལ་རི་མཁའ་རིས་བསྒྱུར་གཉིས་ཀྱི་མཐར། །གཟའ་གནས་བཞི་ལས་དབྱུག་བཅས་ཚེས་ལོངས་སྟོང་། །སྤྱི་ཞག་རེ་བཞིའི་གནས་ཀྱང་ཐིག་ལེར་དག །དབང་ཡུལ་རི་མཁའ་རི་ཡི་ལན་བཅུ་བཞི། །བསྒྱུར་བའི་ལོ་མཐར་ཟླ་དྷྲུ་ཁོ་ན་ལས། །གཟའ་ཚེས་ཉི་མ་གཅིག་ཏུ་སྟོང་པ་ཡིན། །བཅུ་བཞི་བསྒྱུར་ལོ་གསུམ་གྱི་ཡོངས་བསྒྱུར་བས། །ལྔ་བསྡུས་སྟོང་པ་ཉིད་དུ་དག་པར་འགྱུར། །གོང་དུ་སྨོས་པའི་ཚོགས་ཆ་ཞེ་གཉིས་ཀྱིས། །ལིང་རྩེ་ཉིད་ཀྱང་དེ་རུ་ཐིམ་པ་ཡིན། །བསྒྱུར་ཟིན་ལོ་དེ་གཉིས་ཀྱི་སྤེལ་བ་ན། །དྲུག་ཅུ་སྐོར་དང་ཐུན་པར་ལྔ་བསྡུས་སྟོང་། །ཕུག་པའི་ཉི་མའི་རྗེས་སུ་ཚོགས་ཆ་བཙལ། །དེ་ཕྱིར་རེ་མིག་ཞེ་དགུ་ཉིད་དུ་གྲུབ། །ལྔ་བསྡུས་སྟོང་པའི་ལོ་དེ་སྒྲ་གཅན་གྱི། །ལིང་རྩེ་དང་པོར་བྱས་ནས་རིམ་བསྒྲངས་བས། །ཚེས་དང་ཟླ་བའི་མཐའ་རུ་ལྔ་བསྡུས་དང་། །ལྷན་ཅིག་སྒྲ་གཅན་ཉིད་ཀྱང་སྟོང་པར་འཇུག །ཞིབ་མོར་བཤད་པའི་ཚུལ་དེ་ཡིད་བཟུང་ནས། །འཕྲུལ་ལྡན་རིག་པས་ལྷག་རྣམས་བདེ་བླག་གོ །བཀྲ་ཤིས་དམ་པ་སྲིན་མིག་ལག་པས་(༨༥༡)བྱབ། །ལྷ་ཡི་བླ་མས་ལག་མིག་ཐུབ་པར་(༧༢༢)འདུད། །དལ་འགྲོའི་གཏེར་མཛོད་གཞོན་ནུ་ཐུབ་པས་བསྲུངས(༧༦༩)། །ཟླ་བའི་སྲས་མོ་རི་བྲག་ཕྱོགས་སུ་(༡༠༧)བཞུགས། །སྔོ་སང་ཡོན་ཏན་སྡེབ་སྦྱོར་རིག་བྱེད་མཁས(༤༦༣)། །གཟའ་ཚོགས་དག་པའི་འཁོར་ལོ་དེ་རུ་བསྐོར། །དེ་ལ་ལོ་གནས་ཉི་ཤུ་རྩ་གསུམ་སྟེ། །ཟླ་བ་དག་པའི་གནས་ནི་ཉེར་གསུམ་ཡོད། །གཟའ་ཚོགས་མཐའ་དག་སྟོང་པར་འཇུག་པའི་ལོ། །འདི་ལས་དམན་གྱུར་གཞན་དུ་ནམ་ཡང་མིན། །རྣམ་པར་དག་པ་ངེས་དག་འཁོར་ལོའི་རྩིབས། །རྣམ་གསལ་ལིང་ཚེ་དང་པོར་འཆར་བའི་གཟུགས། །སྟོབས་མཆོག་རྐང་པ་གདེངས་ཅན་ཟླ་བས་བརྒྱན། །བཀྲ་ཤིས་དད་པས་འདྲེན་བྱེད་ཐུབ་པར་བལྟས། །སྒྲ་མཁན་སྡེབ་སྦྱོར་ལག་གདེང་མིག་ནི་མཛེས། །དལ་འགྲོ་མཁའ་ཁམས་འདོད་ཡོན་ལོངས་སུ་སྤྱོད། །ཁུ་བ་འཁྲིག་པ་དབང་པོ་བསྒྲོད་པ་གང་། །ཟླ་བུ་མདའ་གདེང་སྲིན་པོའི་འདོད་ཡོན་རོལ། །དེ་ལྟའི་ཡིད་འགྱོགས་རྫུ་པ་རྐང་ནི། །རྩ་བ་སྟོང་ཞག་འཕྲུལ་འཁོར་ཤེས་པས་འགྲུབ། །འདི་ལ་རྨད་བྱུང་སྐྱེས་མཆོག་མང་ཞིག་གི །རྒྱུད་འགྲེལ་ཉིད་ལས་གཞན་གྱུར་བཏང་སྙོམས་མཛད། །སྐབས་འགར་བློ་ལྡན་འགའ་ཡིས་དཔྱད་བྱས་ཀྱང་། །སྟོང་འཇུག་ཆུ་གཏེར་ཆེ་ལས་བརྒལ་མ་ནུས། །ཕྱི་མའི་དུས་སུ་བློ་ཆེན་གཞོན་དཔལ་བས། །གཞན་རྗེས་འཇུག་མིན་རྩི་འཕྲོ་གསར་པ་ཕྱུང་། །ལྔ་སྒྲ་དྲག་གསུམ་སྟོང་འཇུག་ལོ་ཡི་གནས། །བཅུ་བདུན་བྱས་པ་ཡི་གེར་གཏན་ལ་ཕབས། །དེ་ཡང་ཀེ་རུ་ལྷག་སངས་དྷྲུ་བ་ཀ །ཉི་དྷྲུར་ཅིག་ཕྱིར་དེ་སྟོང་ངེས་པར་མཛད། །ཚུལ་དེས་སྤོབས་སྐྱེས་སྲིད་བསྒྲུབ་ལྟར་གྲགས་དེས། །ལྷག་སངས་མྱུར་འཕྲོ་བཙལ་བའི་གསེར་འཁོར་ངོམས། །དེ་ཚེ་ལྷ་ཡི་དབང་པོས་གདན་དུས་ཞེས། །ཞོ་འཐུང་རུས་པའི་རྩེ་བརྒྱ་མངོན་པར་འཕྱར། །བདག་ནི་རྩིས་རིག་རབ་བྱེད་གདན་དུས་བཅས། །ཀྱེ་རི་བར་ཐོས་དེ་ཡི་སློབ་རྒྱུན་ཡིན། །སྟོང་འཇུག་རང་བློ་ཉི་རྗེས་སྤྱི་ཞག་འཕྲོ། །གཟའ་དྷྲུ་ལྷན་ཅིག་བཙལ་བྱས་ཚོགས་ཆ་རིལ། །སྒྲ་དྲག་ཞི་གྱུར་དག་པའི་ལམ་བཟང་དེ། །སྲིད་བསྒྲུབ་སྙེམས་དང་བདག་གི་ཐུན་མོང་ཐོབ། །དེ་ནི་དཔལ་མཆོག་རྩ་བའི་བླ་མ་དང་། །རིག་གནས་བླ་རབས་བྱིན་རླབས་མཐུ་ལས་ཡིན། །མི་ཆོས་མངོན་རློམ་གྱིས་མི་དྲང་པོའི་ངག །དེ་ལ་མཁས་རྣམས་ལོགས་སོ་བརྗོད་པར་ངེས། །འབད་འདི་རྒྱུད་དོན་ཉིད་ལ་འཇུག་འདོད་ཅིང་། །དེས་ཀྱང་དཔལ་མགོན་བླ་མ་དགྱེས་ཕྱིར་ཡིན། །འདི་ནི་རང་གི་འབད་བྱས་དག་པའི་ཚུལ། །ཆ་ཤས་ཉིད་ལས་སྟོང་འཇུག་ཞིབ་མོ་གང་། །མཁས་གཞན་བཀོད་ཟིན་མཐོང་བས་བདག་ངལ་གྱི། །ཡི་གེས་ཅི་བྱ་འདོད་རྣམས་དེར་ཤེས་ཀྱི། །རང་དང་སྐར་རྩིས་སློབ་མ་ཡིད་གཞུང་པས། །རྒྱུད་རྩིས་ཆེད་དུ་ངེས་དག་འབད་བགྱིས་ཀུན། །དོན་ལྡན་རྒྱལ་བ་མཉེས་པའི་རྒྱུ་རུ་བསྔོ། །དེས་ཀྱང་འགྲོ་ཀུན་འཇམ་དཔལ་དབྱངས་འགྲུབ་ཤོག །

ཞེས་རབ་བྱུང་བཅུ་གཉིས་པའི་མིག་དམར་ཤིང་བྱི་སྦོ་ཟླའི་དམར་ཕྱོགས་རྒྱལ་བ་དང་པོར་ཤར་ཕྱོགས་ཤིང་ལོའི་ཚལ་བྱང་ཀོང་ཉང་ཁ་ལྗོན་པ་ཀླུང་བསམ་གཏན་སྤྱིལ་པོར་རྣལ་འབྱོར་རྒྱལ་ཁམས་པ་ཚེ་དབང་ནོར་བུས་རང་གི་རྟོག་པ་ཇི་བཞིན་བཀོད་པའོ། །དགེའོ། །དགེའོ། །དགེའོ། །

ཨ་ཐ། རྔ་ཆེན་ལོ་ལ་རང་འདོད་ཀྱི། །ངེས་དག་ཕུག་བཞེད་མཐུན་མཐོང་ནས། །རེ་མིག་སྣ་འགའ་བྲིས་ན་ཡང་། །འདིར་ནི་ཁྱེར་བདེ་ཉིད་བཀོད་བྱ། །དང་པོ་ངེས་དག་ལོ་ཡི་གནས། །སྐར་རྩིས་ཀུན་གྱི་རྩ་བ་ཉིད། །ཉི་དྷྲུ་དང་ནི་བཤོལ་དང་བཅས། །ཐིག་ལེ་ཆེན་པོའི་ལོ་ནས་བརྩམས། །དབང་པོ་དུས་ཀྱི་དོར་བྱེད་མཐར། །སླར་ཡང་ངེས་དག་ཐིག་ལེར་ཆེ། །དེ་ལ་ཁྱིམ་གྱི་བསྣུན་པའི་སར། །ནམ་མཁའ་རླུང་རི་ཡོངས་བསྒྲངས་བར། །ཐོག་མ་དང་ནི་མཐར་སྟོང་སྟེ། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། །རིམ་པ་དེ་ཡི་འགྲོས་ཉིད་ཀྱི། །ལྷག་མ་གཞན་རྣམས་ཤེས་བྱ་སྟེ། །དེ་ཡང་སྟོང་འཇུག་རི་མིག་ལོ། །ཟླ་དག་ལ་སོགས་དཀྱུས་བཞིན་པར། །ལྔ་སྒྲ་སྤྱི་ཞག་གཟའ་ལྔ་རྣམས། །རང་རང་ཆོ་ག་གང་ཡིན་གྱི། །བསྒྲུབ་པས་རྩིས་འཕྲོ་སྟོང་པ་ལ། །སྟོང་འཇུག་ཞེས་བྱ་བཏགས་པ་ཡིན། །གང་ཞིག་སྟོང་འཇུག་གཅིག་བྱུང་ནས། །སླར་ཡང་ལོ་གྲངས་དེར་སྟོང་འཇུག །དེ་ཚུལ་ཤེས་ནས་སྟོང་ཆེན་བར། །གོ་རིམ་མ་ནོར་ལེགས་པར་བཟུང་། །གང་ཞིག་སྟོང་འཇུག་རི་མོའི་ཚུལ། །ཇི་བཞིན་མ་རྟོགས་རྩིས་འཕྲོའི་གནད། །ནམ་ཡང་ཤེས་པར་ནུས་མིན་པས། །ཚུལ་འདི་ངེས་པར་འབད་བྱ་ཡིན། །དེ་ལྟར་ངེས་དག་ཚུལ་འདི་ལ། །བདག་དང་སློབ་མར་བཅས་པ་ཡིས། །འབད་པའི་དགེ་བ་མཆིས་ཀུན་ཀྱང་། །འཇམ་དཔལ་པད་དཀར་མ་ཕམ་པ། །ཀུན་ཏུ་དགྱེས་པའི་ཕྱིར་དུ་བསྔོ། །དེས་ཀྱང་མགོན་ཁྱོད་མྱུར་འགྲུབ་ཤོག །

ཞེས་པ་ཡང་རིག་འཛིན་རྒྱལ་ཁམས་པ་ཚེ་དབང་ནོར་བུས་རབ་བྱུང་བཅུ་གསུམ་ལ་ཞུགས་པ་མེ་ཡོས་ཀྱི་དཀྱིལ་གསུམ་ཤིང་ཁ་འབུས་སྐབས་བོད་ཡུལ་དབུས་འགྱུར་ལྷ་ལྡན་འཕྲུལ་སྣང་གཙུག་ལག་ཁང་འདབས་བསམ་གྲུབ་ཕོ་བྲང་དུ་སྔར་བྲིས་པ་ལས་ཟོར་ཡང་བར་གཏན་ལ་ཕབ་པར་བྱས་པ་དགེའོ། །དགེའོ། །དགེའོ། །

ཨོཾ་སྭཱསྟི། དུས་གསུམ་དུས་མེད་སྟོན་པ་པོ། །དང་པོའི་སངས་རྒྱས་དུས་འཁོར་ལོ། །དབྱེར་མེད་དཔལ་ལྡན་བླ་མ་ལ། །ཡན་ལག་ལྔ་ཡིས་ཕྱག་བྱས་ནས། །བློ་གསལ་རིག་པ་འདིར་འཇུག་ལ། །ཁྱེར་བདེ་རྩིས་འཕྲོ་གསར་སྤོས་བྱ། །རབ་བྱུང་བཅུ་གསུམ་འཆར་བའི་ལོར། །སྤོས་པ་དེ་ནི་འདི་ལྟ་སྟེ། །བྱེད་པའི་རྩིས་ཀྱི་ལྔ་བསྡུས་ལ། །རབ་བྱུང་ལ་སོགས་འདས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་པ་གནས་གཉིས་བཞག །འོག་མ་མིག་བུག་མིག་བརྒྱན། །དབང་རོས་བགོད་ནོར་སྟེང་དུ་སྦྱིན། །ཚེས་ཟླ་རྣམ་པར་དག་པའོ། །ལྷག་མས་ཟླ་བཤོལ་ནམ་བྱུང་རྟོགས། །ཟླ་དག་གནས་གསུམ་སྟེང་རིམ་བཞིན། །བཟུང་དང་གཟུང་མེ་མཁའ་དབང་གི །བསྒྱུར་ལ་སྟེང་ནས་རིམ་བཞིན་དུ། །ཟླ་བ་ནོར་རྩེ་ཕྱོགས་རྒྱན་ལ། །མཁའ་རོ་མཁའ་རོ་ཐུབ་པས་སྒྲིལ། །དེ་ནི་གཟའ་ཡི་དྷྲུ་ཝ་དག །ཟླ་དག་གནས་གཉིས་སྟེང་མ་མིག །འོག་གཟུགས་བསྒྱུར་ལ་མེ་རྩེས་རྒྱན། །དུས་གཉིས་བགོས་ལྷག་ཆ་ཤས་གནས། །ཐོབ་ནོར་སྟེང་སྦྱིན་རྒྱལ་བ་བསྲེས། །ཀླུ་ལག་གིས་བགོས་ལྷག་རིལ་པོ། །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་ཕྱོགས་ཀླུ་དབང་ལག་ཕྱོགས་བསྒྱུར། །སྟེང་ནས་ཉེར་དྲུག་དང་ཞེ་བརྒྱད། །སོ་གསུམ་ལྔ་དང་གཅིག་གི་བརྒྱན། །འོག་ནས་འདོད་རོ་མཁའ་རོ་དང་། །མཁའ་རོ་འཁོར་ལོས་སྒྲིལ་བ་ཡིས། །ཉི་དྷྲུ་རྣམ་པར་དག་པ་འཆར། །ཕྱི་དྷྲུ་སྒྲུབ་ཕྱིར་སྔ་དྷྲུ་ལ། །བསྒྱུར་བྱེད་བྱིན་སོགས་སྤྱི་ལྟར་རོ། །དེ་ནས་ཉིན་རེའི་རྩིས་འཇུག་ཕྱིར། །གཟའ་དྷྲུ་ཆུ་ཚོད་བུག་མདའ་དང་། །ཆུ་སྲང་ཡོན་ཏན་དབུགས་གནས་མཚོ། །ཉི་དྷྲུ་དབྱུག་མཚོ་སྲང་ཟླ་མིག །དབུགས་མདའ་འདོད་པའི་ཆ་ཤས་དགུ། །གང་རྩི་ཆེས་བསྒྱུར་གཟའ་ཉིར་སྦྱིན། །གཉིས་ཀའི་བར་པ་འགྲུབ་པར་འགྱུར། །རིལ་པོར་ཚེས་བསྲེས་ཡིད་ཀྱི་བགོ །བསྙེད་ནོར་བཟུང་ནི་མི་མཉམ་ཞིང་། །ཐིག་མིག་མཚོ་རྣམས་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །ཟླ་རྐང་རི་མོ་རྩེགས་བྱས་པས། །དབང་འབྱུང་མདའ་ཆུ་གཡོན་འཁྲིག་གཟུགས། །དེ་ལྟར་བགྲངས་བ་སྔ་རྐང་དང་། །དེ་ལྡོག་བགྲངས་བ་ཕྱི་རྐང་ཡིན། །གཉིས་ཀ་སྡོམ་པ་ཡིད་ཀྱི་གནས། །སྔ་རྐང་གནས་བདུན་ཟོས་ཟིན་སྡོམས། །ཕྱི་རྐང་གནས་བདུན་གཟའ་རྒྱ་སྡོམ། །སྡོམ་ཞེས་རྐང་གནས་བསྲེ་བ་ཡིན། །དེ་ཡང་ཐོག་མ་གོ་བདེའི་ཕྱིར། །མ་ནུས་བགོས་པའི་ལྷག་མ་ལ། །བསྲེ་རྒྱུ་འདོད་པ་བདག་འཆར་མདའ། །ཟུང་དང་ཁྱིམ་ཤར་ཕྱོགས་སྡོམ་ཞིང་། །མེ་དང་དྲག་པོར་ཚེས་སྡོམ་ལ། །རྒྱ་མཚོ་ཕྱོགས་ལ་བུ་ག་བཟུང་། །མདའ་དང་བུ་གར་ལག་མིག་སྟེ། །རོ་དང་ནོར་ལ་རྒྱལ་བ་ཡིན། །དྲང་སྲོང་དེ་ཉིད་སྟོང་པ་ཐིག །རྐང་བཟུང་གང་ལ་བབ་པ་དེའི། །གདོང་མས་ཆ་ཤས་བསྒྱུར་བ་ཡིན། །མ་ཟིན་རྐང་བ་དང་པོས་བསྒྱུར། །བསྒྱུར་བྱེད་རྐང་བ་གར་བབས་དུས། །གཙོ་བོ་ཡིན་པས་འཕྲོ་བསྣན་སྐབས། །དེ་དོན་ཡིད་ལ་དྲན་དེ་བྱ། །དེ་ལ་དུས་ཁྱིམ་གྱི་ཐོབ་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ཐོབ་སྲང་། །ཡང་ལྷག་རོས་བསྒྱུར་དབུགས་ཡིན་ནོ། །ཡང་དག་རྒྱུ་བའི་ཆུ་ཚོད་དེ། །སྔ་རྐང་བསྣན་ལ་ཕྱི་རྐང་འཕྲི། །དེ་ནས་གཟའ་བར་ལོངས་སྤྱོད་ལ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་མཚམས་ཆུ་ཚོད་འབྱུང་ཆུས་སྦྱངས། །མ་ལྡང་འཁོར་ལོ་བསྣན་ལ་སྦྱངས། །སྦྱང་ཤུལ་འཁོར་ཕྱེད་ལྷག་ན་དོར། །དོར་ན་བྱང་བསྒྲོད་མ་དོར་ལྷོ། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་འབྱུང་མེ་ཟླས། །ཐོབ་པས་ཉི་རྐང་བཟུང་བར་བྱ། །རོ་མཚོ་བསེ་རུ་སྔ་རྐང་སྟེ། །དེ་ལྡོག་རྩེགས་པ་དུས་ཀྱི་གནས། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །ཡས་གྲངས་གཟུགས་མདའ་དུག་མ་དུས། །མིག་ཆུ་ཕྱོགས་ལ་མེ་དྲག་སྡོམ། །སྟོང་ལ་སྟོང་པ་རྣམ་པར་དག །རྐང་བཟུང་གདོང་མས་ལྷག་རྣམས་བསྒྱུར། །མ་ཟིན་ཚེ་ན་དང་པོས་བསྒྱུར། །འབྱུང་མེ་ཟླ་བས་ཐོབ་པའི་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ཐོབ་སྲང་། །དུས་བསྒྱུར་དབུས་སུ་ཤེས་པ་སྟེ། །འདོད་པས་བསྒྱུར་ཐོབ་ཆ་ཤས་ཡིན། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །གཟའ་དང་ཉི་མའི་ལོངས་སྤྱོད་དུ། །བྱང་བགྲོད་བསྣན་ལ་ལྷོ་བསྒྲོད་ཕྲི། །གཟའ་དང་ཉི་མ་དག་པ་ཡིན། །ཟླ་སྐར་ཕྱེད་ལ་ཉི་དག་གཅིག །ཆུ་ཚོད་གནས་སུ་རྟག་ལོངས་སྤྱོད། །མཚོ་དབང་དག་ནི་ཚེས་ཀྱི་གྲངས། །གང་ལ་བབ་དེས་བསྒྱུར་ལ་བྱིན། །ཚེས་འཁྱུད་ཟླ་བའི་སྐར་མ་ཡིན། །དེ་ལ་གཟའ་ལོངས་མན་གྱི་སྦྱངས། །རེས་འགྲོགས་ཟླ་སྐར་དག་པ་འགྲུབ། །ཉི་ཟླ་བསྲེས་པས་སྦྱོར་བ་དག །བྱེད་པ་ཚེས་གྲངས་འཁྲིག་པས་བསྒྱུར། །གཟུགས་དམན་རིའི་བགོས་པའི་ལྷག །ཕྱི་མ་བྱེད་པ་ཡིན་པ་སྟེ། །གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ། །ཡན་ལག་ལྔ་རུ་བཞེད་པ་ཡིན། །དེས་ན་ལྔ་བསྡུས་ཞེས་སུ་བྱ། །དེ་ལྟར་བློ་གསལ་གསར་བུ་ལོ་ཚོགས་ཀྱི། །རི་མོའི་ངལ་བ་སྤང་ཕྱིར་རྩིས་ཀྱི་འཕྲོ། །གསར་དུ་སྤེལ་བ་འདི་ཀོ་རྣལ་འབྱོར་པ། །གང་གི་ཀུན་རྟོག་བློ་ཡི་ཟེར་མ་ཡིན། །དགེ་བས་མི་ཤེས་དྲི་མ་ཡོངས་གསལ་ནས། །ཀུན་མཁྱེན་ཡེ་ཤེས་རྒྱས་པའི་གནས་ཐོབ་ཤོག །སརྦ་མངྒ་ལཾ།

ཨོཾ་སྭཱསྟི། རྒྱལ་བ་ཡོངས་ཀྱིས་རབ་བསྔགས་ཐུབ་དབང་རྒྱ་མཚོའི་གཏེར། །དབང་བསྒྱུར་ཨུཏྤལ་རྡོ་རྗེའི་མཚོན་ཆ་འཆང་བ་པོ། །སྙིང་རྗེའི་ཆུ་གཏེར་ལས་འཁྲུངས་པད་དཀར་ཕྱག་རྒྱ་ཅན། །རྒྱལ་བའི་བདག་པོ་རྒྱལ་དང་སྲས་དེར་ཕྱག་བྱས་ནས། །དཔལ་མཆོག་དུས་འཁོར་ཕྱི་ནང་གཞན་གསུམ་གྱི། །ཕྱི་ཡི་དུས་འཁོར་སྐར་རྩིས་གངས་ཅན་འདིར། །མཁས་མང་བཞེད་སྲོལ་མང་ཡང་འདིར་རྣམ་དག །རྒྱུད་དོན་རྒྱལ་བའི་བཀའ་ལ་ཡིད་ཆེས་ཀྱི། །མོས་ཐོབ་དམ་པའི་ཞལ་ལུང་ནོད་པ་ཡི། །དེས་ན་རྣམ་དག་རྒྱུད་དགོངས་རྩིས་ཀྱི་འཕྲོ། །ལེགས་པར་གསར་སྤོས་རབ་བྱུང་འདོད་པའི་མགོ། །མེ་ཡོས་རང་བྱུང་ནས་བརྩམ་གྲངས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པའི་ཟླ་བ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་འོག་མ་དེ། །ལག་པས་བསྒྱུར་དེ་བུག་ལག་རྒྱན་བྱས་ནས། །དབང་དུས་ཐོབ་པ་སྟེང་སྲེས་ཟླ་བ་དག །ལྷག་མར་མཁའ་གཟུགས་ཤར་ཚེ་རིམ་པ་ལྟར། །སྔ་མ་དང་ནི་ངོ་ཐོག་བཤོལ་ཐོན་ཤེས། །གཟའ་དྷྲུར་བསྒྲུབ་ཕྱིར་ཟླ་དག་གནས་གསུམ་བཞག །སྟེང་རིམ་ཟླ་བ་གཟུགས་མེ་མཁའ་མདས་བསྒྱུར། །གཟུགས་དང་ཀླུ་མེ་ཕྱོགས་ཀྱི་མཛེས་བྱས་ནས། །འོག་ནས་མཁའ་རོ་མཁའ་རོ་རིས་དྲིལ་དོར། །ལྷག་མ་གཟའ་དྷྲུ་རྣམ་པར་དག་པའོ། །ཟླ་དག་གནས་གཉིས་སྟེང་མ་མིག་གིས་བསྒྱུར། །སྟེང་མ་རྒྱལ་བའི་འོག་མ་མེ་རྩེས་རྒྱན། །འོག་མ་དུས་གཉིས་བགོས་ཐོབ་སྟེང་མ་བསྲེ། །སྟེང་མ་ཀླུ་ལག་བགོས་དོར་ལྷག་གནས་གཉིས། །གཟའ་རྐང་རིལ་ཆའི་དྷྲུ་ཝ་དག་པའོ། །ཟླ་དག་གནས་ལྔ་སྟེང་མ་མིག་དང་ཕྱོགས། །ཀླུ་དབང་དང་ནི་ལག་པ་ཕྱོགས་ཀྱིས་བསྒྱུར། །སྟེང་རིམ་དུས་(༢༦)མིག་དང་ཀླུ་མཚོ་(༤༨)མ་རྩེ(༣༣)། །དབང་(༥)པོ་དག་དང་གཟུགས་(༡)རྒྱན་འོག་ནས་ཡར། །འདོད་པ་དུས་དང་མཁའ་མཚམས་མཁའ་མཚམས་སྐར། །དྲིལ་དོར་ལྷག་མ་ཉི་མའི་དྷྲུ་ཝ་དག །སྔ་དྷྲུར་རང་རང་བསྒྱུར་བྱེད་མ་ནོར་སྦྱིན། །ཟླ་བ་ཕྱི་མའི་དྷྲུ་ཝ་རིམ་ཆར་འགྱུར། །ཡང་ནི་རྒྱུད་འགྲེལ་གྲུབ་པའི་རྩིས། །གདན་དུས་ཐུན་མོང་ལུགས་བཞེད་པ། །བཤོལ་འཕྲོ་བསྒྱུར་བགོད་འདྲ་མིན་ཀྱང་། །དོན་ལ་གནད་གཅིག་ཟླ་འཕྲོ་མཐུན། །དེས་ན་གོང་གི་ཟླ་དག་དེ། །གནས་གཞི་སྟེང་རིམ་གཟུགས(༡)། གཟུགས་(༣༡)མེ། །མཁའ་དབང་(༥༠)མཁའ་(༨༠)ཀླུའི་བསྒྱུར་བྱས་ལ། །ཟླ་བ་(༡)མཚོ་དབང་(༥༤)མདའ་མཚོ་(༤༥)དང་། །མཁའ་(༡༢༠)གཉིས་བརྒྱན་ལ་མས་ནས་ཡར། །རི་མཁའ་(༧༠༧)རི་དང་མཚམས་(༦)མཁའ་(༦༠)མཚམས། །མཁའ་(༦༠)མཚམས་རི་བོས་(༧)དྲིལ་དོར་ལྷག །གཟའ་དྷྲུ་རྣམ་པར་དག་པའོ། །གནས་གཉིས་སྟེང་མ་མིག་(༢)གིས་བསྒྱུར། །སྟེང་འོག་རྒྱལ་(༢༤)བ་བུག་དུས་(༦༩)རྒྱན། །འོག་མ་དུས་(༡༢༦)ཉིས་ཐོབ་པའི་ནོར། །སྟེང་སྦྱིན་ཀླུ་ལག་(༢༨)གིས་དོར་བ། །རིལ་ཆའི་དྷྲུ་ཝ་དག་པའོ། །གནས་བཞི་སྟེང་རིམ་མིག་(༢)ཕྱོགས་(༡༠)དང་། །ཀླུ་དབང་(༥༨)མ་ནུའི་(༡༤)བསྒྱུར་བྱས་ལ། །དུས་(༢༦)མིག་བུག་(༢༩)ལག་དུས་(༦༦)མཚོ་དང་། །ཀླུ་རྩེས་(༣༨)བརྒྱན་ལ་མས་ནས་ཡར། །རི་རོ་(༦༧)མཁའ་(༦༠)རོ་མཁའ་(༦༠)རོ་དང་། །འཁོར་(༢༧)ལོས་དྲིལ་དོར་ཉི་དྷྲུ་དག །སྔ་དྷྲུར་རང་རང་བསྒྱུར་བྱེད་སྦྱིན། །ཕྱི་མ་རིམ་ཆར་མྱུར་འགྲུབ་བོ། །ཡུད་གཅིག་སྐབས་སུ་ཤཱུ་བྷཾ་བྷ་ཝནྟུ།

གསེར་གཙུག་མྱུར་རྩིབ་བདེ་ལེགས་རྟོགས་འདོད་ན། །སྤྱི་ཞག་གཞུང་བཞིན་སྒྲུབ་བྱས་ནས། །གནས་གསུམ་སོ་སོར་མཁའ་མེ་སྦྱིན། །འོག་ནས་རི་མཁའ་རི་དང་ནི། །ཆུ་རོས་དྲིལ་སྙེད་སྟེང་མར་སྦྱངས། །སྦྱང་ཚེ་མི་ནོར་མཚན་མ་བཀོད། །དེ་ནས་ཉི་འབྱུང་སྨེ་སྤར་གཟའ། །མཚན་མེད་ཀུན་ལ་མཁའ་མེ་དང་། །མཚན་ཅན་སྐབས་སུ་བུག་ལག་སྟེར། །རང་འཁོར་དྲིལ་དོར་རྣམ་པར་དག །དེ་ཡང་རྨེ་བ་ལུགས་ལྡོག་པས། །མཚན་མེད་རྣམས་ལ་གསུམ་འཕྲི་དང་། །མཚན་ཅན་སྐབས་སུ་གཉིས་སྦྱངས་བས། །ལྷག་མ་ཉི་མའི་རྨེ་བར་འགྱུར། །སརྦ་མངྒ་ལཾ། ཤཱུ་བྷཾ།


previousདཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་འཕྲོ་ངེས་པར་དག་པ་རྟག་པའི་ལོངས་སྤྱོད་མན་ངག་གྲུབ་པའི་གོ་འབྱེད།next