Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  expand section
   
   
   
   
དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ།
   
   
   
   
   
   
   
   
   
   
   
  expand section
   
   
   


 
previousདཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ།next

དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ།

༄༅། །དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ་ཞེས་བྱ་བ།

དཔལ་ལྡན་བླ་མའི་ངོ་བོ་ལྷག་པའི་ལྷ་འཇམ་དཔལ་དཔའ་བོ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཀུན་ཏུ་འཇམ་པར་གྱུར་ཡང་སྲིད་པའི་འཁྲུལ་འཁོར་བཅོམ་ལ་ཆེས་ཆེར་རྩུབ། །ཀུན་ནས་སྙན་པའི་དབྱངས་ཀྱིས་ཞི་བར་གནས་པར་མ་ལུས་གཉིད་ལས་བསླངས། །ཀུན་ཁྱབ་སྤྲོས་བྲལ་ཡེ་ཤེས་རྒན་ཡང་འགྱུར་མེད་གཞོན་ནུ་རྟག་བརྟན་སྐུ། །ཀུན་བཟང་དཔའ་བོ་སྲིད་ཞི་ཡོངས་དཔལ་དུས་ཀྱི་འཁོར་ལོར་ཕྱག་འཚལ་འདུད། །འཇིག་རྟེན་གཞན་དུ་རྒྱལ་བའི་གོ་འཕང་མཆོག་ཉིད་བརྙེས་གྱུར་ཀྱང་། །ཞིང་འདིར་ཐུབ་དབང་བསྟན་པའི་སྙིང་པོ་འཁོར་ལོ་གསུམ་པའི་དོན། །གསལ་ཕྱིར་རྒྱལ་སྲས་ཚུལ་སྟོན་འཇིགས་མེད་ཤིང་རྟ་སྨྲ་བའི་བདག །འཇིག་རྟེན་མགོན་པོ་དེ་ལའང་ཕྱག་འཚལ་རྟག་ཏུ་བྱིན་གྱིས་རློབས། །དུས་འཁོར་རྒྱུད་ནས་ཕྱི་ནང་འཇིག་རྟེན་ཁམས། །སྦྱར་གསུང་དགོངས་དོན་མཁས་བཞེད་དུ་མ་ལས། །འདིར་འདི་དཔལ་མགོན་བླ་མ་པའི་མཐུས། །བདག་གི་བློ་ལ་སྣང་བའི་རང་འདོད་ཉིད། །རྒྱལ་ཀུན་འཕྲིན་ལས་བདག་པོ་ཡི། །འཆར་པར་འོད་ཞེས་བཀའ་གནང་བཞིན། །ཆ་ཤས་འདི་རུ་བརྗོད་པ་ལ། །རྒྱལ་བའི་བདག་པོས་དབུགས་དབྱུང་སྩོལ། །དེ་ཡང་གདོད་ནས་རང་བཞིན་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཆོས་ཀྱི་ཁམས་ཡེ་ཤེས་ཀྱི་ཕུང་པོ་ལྷུན་གྲུབ་འདུས་མ་བྱས་སྙིང་པོ་གསལ་གཡོ་བ་མེད་བཞིན་ཡེ་ཤེས་རྩལ་གྱི་རླུང་ཕྲ་བ་ཆེས་ཕྲ་བ་ཤིན་ཏུ་ཕྲ་བ་གཡོས་པ་ལས་གཞོམ་དུ་མེད་པ་རང་བྱུང་གི་སྒྲ་ཡིག་སྔགས་ཀྱི་སྐྱེ་གནས་སུ་ཤར་བ་ལས་གོ་འབྱེད་པ་ནམ་མཁའི་དབྱིངས་དང་རིག་པ་ཡེ་ཤེས་ཀྱི་རླུང་གི་རང་བཞིན་རྟེན་དང་བརྟེན་པར་བྱེད་པ་ཐམས་ཅད་ཀྱི་བདག་ཉིད་ལྗང་བ་དང་། སྔོ་བའི་འོད་ཟེར་སྟེང་དང་འོག་གི་ཆ་ཤས་ཅན་སྣང་ཞིང་། དེ་ལས་མཆེད་པའི་འོད་ཟེར་མདུན་དུ་ནག་པོ་དང་གཡས་སུ་དམར་པོ་གཡོན་དུ་དཀར་པོ་དང་། རྒྱབ་ཏུ་སེར་པོ་སྟེ། དེ་ཡང་ཕྱོགས་དང་ཁ་དོག་གོ་རིམ་མི་སྣང་བཞིན་སྣང་བའི་ཆ་གཞོམ་པ་དང་། གཞིག་པར་མི་འགྱུར་བ་རང་བཞིན་གྱི་འོད་གསལ་བའི་གདངས་ལས་དེ་ལྟར་དུ་གྲུབ་ཅིང་། འོད་ཟེར་དེ་རྣམས་མཐུ་བརྟས་པའི་དབུས་ཀྱི་ལྗང་བ་དང་སྔོ་བ་ཉིད་ལུས་ཅན་ཀུན་གྱི་སྲོག་དང་ཐུར་སེལ་གྱི་ངོ་བོར་སྨིན་པ་དེ་ཡི་ཕྲིན་ལས་ཅན་ཅུ་སྣང་ཞིང་། དེ་དང་ལྷན་ཅིག་མདུན་གྱི་འོད་ཟེར་གྱི་མཉམ་གནས་སོགས་རླུང་བདུན་དང་། མ་ནིང་གི་རླུང་ནོར་ལས་རྒྱལ་དང་བརྒྱད་སྟེ་སྔ་མ་དང་བཅས་པས་རྩ་བ་དང་ཡན་ལག་བཅུ་ཡི་བདག་ཉིད་ཅན་ནོ། །ཡེ་ཤེས་དང་འདུ་འབྲལ་མེད་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་བརྟན་གཡོ་ཐམས་ཅད་ཀྱི་བཅུད་དང་སྲོག་ཏུ་གྲུབ་ཅིང་ཕྲིན་ལས་ཀྱི་བྱེད་པ་པོར་རང་བྱུང་ལྷུན་གྱིས་གྲུབ་པར་སྣང་ངོ་། །དེ་ཡང་རྒྱུད་དང་ས་བཅུ་པའི་འགྲེལ་བར་མདུན་གྱི་འོད་ཟེར་གྱི་རླུང་བསྐྱེད་པར་ཤས་ཆེ་བས་དེ་ལྟར་ལས་དོན་དུ་ནི་ཐམས་ཅད་དུ་ཆ་ཤས་ཀྱིས་ཁྱབ་ཅིང་ཀུན་ཏུ་གནས་པ་དཀྱིལ་འཁོར་གྱི་ཚུལ་དུ་ཡང་སྟེ། དེ་ཚེ་མཉམ་གནས་དང་རུས་སྦལ་ནི་མདུན། གྱེན་རྒྱུ་དང་རྩང་པ་ནི་གཡས། ཁྱབ་བྱེད་དང་ལྷས་བྱིན་ནི་གཡོན། ཀླུ་དང་ནོར་ལས་རྒྱལ་ནི་རྒྱབ་ཀྱི་འོད་ཟེར་དང་ཤིན་ཏུ་མཉམ་ཞིང་། དེ་ལྟར་རླུང་རྣམས་ཀྱི་འབྱུང་བའི་ཁམས་ཀུན་བསྡུད་པ་དང་། འཐས་པ་དང་སྨིན་པ་དང་། གསལ་བའི་ལས་ཀྱི་དབང་པོ་ཁམས་ལྔའི་རང་བཞིན་བག་ལ་ཉལ་ཆ་མེད་པ་དབང་པོའི་ཡུལ་ལས་འདས་པ་ཉིད་རྡུལ་ཕྲ་རགས་ཀྱི་ཚུལ་དུ་ཁྱབ་བྱེད་དང་། ལྷས་བྱིན་གྱི་གོང་བུར་བསྡུས་ཤིང་། དེ་ཀླུ་དང་ནོར་ལས་རྒྱལ་གྱིས་བསྡུས་པའི་གོང་བུ་རྣམས་འཐས་པར་བྱས་ཏེ་གྱེན་རྒྱུ་དང་རྩང་པས་བསྲུབ་པའི་ཚུལ་གྱིས་གཅིག་ཏུ་སྦྱར་ནས་སྦྱིན་པར་བྱས། དེ་མཉམ་གནས་དང་རུས་སྦལ་གྱི་རླུང་གིས་བསྲུབ་སྟེ་སྨིན་པ་རྣམས་དལ་སོ་སོར་བཞག་ཅིང་རི་གླིང་དབྱིབས་གསལ་བར་བྱེད་པ་སྟེ། སྲོག་ཐུར་གྱི་དེ་ཐམས་ཅད་ཀྱི་གྲོགས་གོ་འབྱེད་ཅིང་སྟོབས་སུ་འགྱུར་བར་བྱེད་པ་ཡིན་ནོ། །དེ་ལྟར་རླུང་གི་དཀྱིལ་འཁོར་གྲུབ་པ་དང་ལྷན་ཅིག་ཕྲ་བར་མཉམ་པ་ལ་རགས་པ་གོ་རིམ་གྱི་ཚུལ་དུ་གཡས་ཀྱི་འོད་ཟེར་ལས་གློག་དང་། གཡོན་གྱི་འོད་ཟེར་ལས་ཆར་རྒྱབ་ཀྱི་འོད་ཟེར་ལས་དབང་པོའི་གཞུ་གྲུབ་ཅིང་། གོང་གི་རླུང་རྣམས་ཀྱི་ནུས་པས་གློག་གི་ཆ་བསགས་པས་མཐར་འབར་བའི་དཀྱིལ་འཁོར་དང་ཆར་གྱི་རྒྱུན་ལས་ཆུ་ཡི་དཀྱིལ་འཁོར་དང་། དབང་པོའི་གཞུ་ལས་ས་དང་ས་སྦོམ། དེ་ལས་རྡོ་དང་རྡོ་སྦོམ། དེ་ནས་སྐར་མ་ཕྲ་མོ་དང་སྦོམ་པོ་རྣམས་རིམ་པར་བྱུང་ཞིང་། དེ་བཞིན་གཡས་དང་གཡོན་གཟའ་ཡི་དཀྱིལ་འཁོར་ལྔ་ཕྲག་གཉིས་དང་མདུན་གྱི་མཐུའི་ཁྱིམ་གྱི་གོ་ལ་རླུང་ལམ་རྣམས་ཀྱང་རྟེན་འབྲེལ་གྱི་མཐུའི་གྲུབ་པར་གསུངས་སོ། །འདིར་རླུང་གི་བསྡུད་མཐས་སྨིན་གསལ་བྱས་པའི་ལས་ཅན། དེ་ཡང་མདོ་ཕལ་པོ་ཆེ་ནས་འཇིག་རྟེན་ཁམས་ཆགས་པའི་སྐབས་སུ་རླུང་རྣམ་གྲངས་མི་གཅིག་པ་མང་པོས་འཇིག་རྟེན་གྲུབ་པར་བྱེད་པ་གསུངས་པ་ཡང་འདི་དང་གནད་གཅིག་ཅིང་། དེ་བཞིན་མདོ་དེར་མེའི་དཀྱིལ་འཁོར་ཡང་ཆ་ཤས་བརྟན་ལ། མངོན་པ་ལས་མེའི་དཀྱིལ་འཁོར་མེད་ཀྱང་རླུང་གི་དཀྱིལ་འཁོར་ལ་སྤྲིན་ལས་ཆར་རྒྱུན་གྱི་རྒྱ་མཚོ་ཆེན་པོ་གྲུབ་ཡང་འདི་དང་མཐུན་པའི་ཕྱོགས་དང་། གོང་གི་རླུང་བདུན་མདུན་གྱི་འོད་ཟེར་ནས་ནག་པོ་ཁོ་ན་ལ་བཞག་པ་ནི་ཕྱོགས་དང་ཆས་བདུན་ཚན་དུ་དབྱེ་ནས་ཉི་ཤུ་རྩ་བརྒྱད་དུ་མཛད་པའི་སྐབས་དེ་ལྟར་གསུངས་པ་ལས་གཞན་ནི་རླུང་ཆ་ཐམས་ཅད་ལ་ཁྱབ་ཅིང་འོད་ཟེར་དྲུག་ཀ་ལ་ལྡན་པ་གོང་དུ་ཁོ་བོས་བསྟན་པ་ཡང་རྒྱུད་འདིའི་དགོངས་པ་གསལ་བའི་ལེགས་བཤད་ཀྱི་སྐྱེས་སུ་སྙམ་མོ། །དེ་ལྟར་འཇིག་རྟེན་གྱི་ཁམས་གྲུབ་པར་གྱུར་པ་ན། ནང་དུ་ལུས་ལ་ཁྲུ་བཞི་ཡོད་པ་བཞིན་ཕྱི་རོལ་དུའང་འཇིག་རྟེན་ཁམས་དཔག་ཚད་འབུམ་ཕྲག་བཞིའི་བདག་ཉིད་ཅན་དུ་གསུང་ཞིང་། དེ་ཡང་རླུང་གི་དཀྱིལ་འཁོར་མཐའ་སྐོར་དུ་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་དང་། རྔམས་སུ་འབུམ་ཕྲག་གཉིས་ཡིན་ལ། དེའི་ནང་དུ་མེའི་དཀྱིལ་འཁོར་མཐའ་སྐོར་དཔག་ཚད་འབུམ་ཕྲག་དགུ་དང་། ཐད་ཀར་དཔག་ཚད་འབུམ་ཕྲག་གསུམ་རྔམས་སུ་དཔག་ཚད་འབུམ་ཕྲག་ཕྱེད་གཉིས་པ། དེའི་ནང་དུ་ཆུའི་དཀྱིལ་འཁོར་མཐའ་སྐོར་དུ་དཔག་ཚད་འབུམ་ཕྲག་དྲུག་དང་། ཐད་ཀར་དཔག་ཚད་འབུམ་ཕྲག་གཉིས་རྔམས་སུ་ཆིག་འབུམ། དེའི་ནང་དུ་སའི་དཀྱིལ་འཁོར་མཐའ་སྐོར་དུ་གསུམ་འབུམ་དང་ཐད་ཀར་ཆིག་འབུམ། རྔམས་སུ་འབུམ་ཕྱེད་པའོ། །དཀྱིལ་འཁོར་དེ་རྣམས་གཅིག་གི་ནང་དུ་གཅིག་ཆུད་པ་སྒོ་ང་བཀས་པའི་ཚལ་པ་ལྟར་སྟེ། སྲབ་མཐུག་ཏུ་འབུམ་ཕྲག་ཕྱེད་ཕྱེད་མཉམ་པར་གྱུར་པའོ། །ས་དཀྱིལ་གྱི་ལྟེ་བར་ཚངས་ཐིག་གི་སྟེང་ནས་གཡས་གཡོན་དུ་དཔག་ཚད་སྟོང་ཕྲག་བརྒྱད་རེ་བཞག་པ་ཁྱོན་དུ་སྟོང་ཕྲག་བཅུ་དྲུག་རི་རབ་ལྷུན་པོའི་རྩ་བའི་རྨང་ཡིན་ལ། དེའི་ཕྱི་རོལ་ཁོར་ཡུག་ཏུ་དཔག་ཚད་སྟོང་ཕྲག་གཅིག་བརྒྱ་དང་རྔམས་སུ་མཉམ་པ་འགྲམ་སྟེགས་དང་། དེའི་ཕྱི་རོལ་གླིང་དྲུག་དང་། རི་དྲུག་མཚོ་དྲུག་རྣམས་ཀྱི་རིམ་པས་བཟླུམ་པོར་བསྐོར་བའི་ཁ་ཞེང་རགས་རྩིས་སུ་དཔག་ཚད་དགུ་བརྒྱར་གསུངས་ཀྱང་ཞིབ་མོར་ནི་དགུ་བརྒྱ་མ་ལོངས་ཙམ་སྟེ་འོག་ཏུ་འཆད་འགྱུར་གྱིས་ཤེས་པར་བྱ་ལ། རི་དྲུག་ལ་ཁ་ཁྱེར་གྱི་ཚུལ་དུ་ཕྱིར་འཕྱར་བ་ཅི་རིག་པས་གོང་གིས་ཚད་ལས་ལྷག་པ་ཙམ་མོ། །དེ་ལྟར་རི་དྲུག་གི་ཕྱི་མ་བསིལ་རིའི་རྩ་བ་ནས་བ་ཚྭ་ཅན་གྱི་རྒྱ་མཚོ་ལ་ཐུག་གི་བར་ཕྱོགས་ཀུན་ཏུ་ས་ཡི་ཁོར་ཡུག་གནས་པ་ནི་འཛམ་གླིང་ཆེན་པོ་དུམ་བུ་བཅུ་གཉིས་སུ་སྣང་བ་སྟེ་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་ནམ་མཁར་གོ་ལའི་ཁྱིམ་ཡང་གོ་མཉམ་པ་བཞིན་ས་དུམ་བུ་བཅུ་གཉིས་ཀྱང་མཉམ་པར་མཛད་མོད། འོན་ཀྱང་དུས་ཀྱི་འཁོར་ལོ་རང་གཞུང་དུ་ཡང་གླིང་བཅུ་གཉིས་ལས་གཙོ་བོ་བཞི་བྱེ་བྲག་ཏུ་སྨོས་པ་ཡི་གཙོ་འཁོར་ཡོད་པར་གྲུབ་ཅིང་། དེའི་ཚེ་གླིང་དབུས་ཀྱི་གསུམ་གཉིས་ཚད་གཡས་གཡོན་དུ་བྱེད་པ་འཐད་པར་གོ །

དེ་ལྟར་དུམ་བུ་བཅུ་གཉིས་སོ་སོའི་དབུས་སུ་ཤར་གླིང་གསུམ་ལ་དཔག་ཚད་བདུན་སྟོང་ཟླ་བ་ཕྱེད་པ་ལྟ་བུ་རླུང་དབྱིབས་ཀྱིས་མཚོན་པ་དང་། ལྷོ་གླིང་གསུམ་ལ་བརྒྱད་སྟོང་གྲུ་གསུམ་གྱི་རྣམ་པ་རྩེ་མོ་ཆུ་གཏེར་ཕྱོགས་ས་མེ་དབྱིབས་ཀྱིས་མཚོན་པ། བྱང་གླིང་གསུམ་དུ་དཔག་ཚད་དགུ་སྟོང་ཟླ་བ་ལྟ་བུ་ཆུ་དབྱིབས་ཀྱིས་མཚོན་པ་དང་། ནུབ་ཀྱི་གསུམ་དུ་དཔག་ཚད་ཆིག་ཁྲི་དབྱིབས་གྲུ་བཞི་པ་ཡིས་མཚོན་པ་སྟེ། འདི་ཡང་མཁས་པ་ཁ་ཅིག་གིས་འབུར་དུ་དོད་ཅིང་གྱེན་དུ་འཕར་བའི་དཔག་ཚད་ཀྱི་ཚད་དུ་བཞེད་ཀྱང་མངོན་གསུམ་གྱིས་གནོད་པས། རང་ལུགས་སུ་དབུས་ཀྱི་མཚན་མ་དེ་རྣམས་ཅུང་ཟད་ཀྱིས་འབུར་དུ་དོད་ཅིང་ས་ཡི་ཁྱོན་དེར་ཆུ་གཏེར་གྱི་ལག་གི་མ་བཅད་ཅིང་ས་ཡི་ཕྱོགས་གཅིག་ཏུ་འབྲལ་བར་གནས་པས་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་སྒྱུ་འཕྲུལ་དུ་རུང་བའི་གཞི་ལ་བཞག་གོ །རི་རབ་ལྷུན་པོར་གྱེན་དུ་དཔག་ཚད་འབུམ་ཕྲག་གཅིག་གི་བདག་ཉིད་ཅན་སྟེང་གི་ཁོར་ཡུག་ཏུ་འབུམ་ཕྲག་ཕྱེད་གཉིས་དང་། ཐད་ཀར་ཁྲི་ཕྲག་ལྔ་ཡོད་པ་རྒྱུ་དང་བྲལ་པས་གསལ་བཞིན་ཕལ་ཆེར་འདོད་པ་མཐུན་ཅིང་། རི་རབ་རྭ་ལྔའི་རྣམ་བཞག་དང་། རི་དྲུག་གི་དཔག་ཚད་མཁས་པ་རྣམས་ཀྱིས་བཞེད་པ་མི་མཐུན་པ་མང་དུ་གནས་ཏེ། ༡ དེ་ཡང་ལོ་ཙཱ་བ་ཆེན་པོ་ཤོང་སྟོན་དང་མཁས་པ་བསོད་ནམས་འོད་ཟེར་པས། རི་རབ་ཀྱི་རྩ་བའི་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་སྟེང་གི་ལྔ་བཅུའི་ཁྱོན་ཁོང་སྟོང་གི་ཆ་ཡིན་ལ། ཕྱི་རིམ་གྱི་ཁོར་ཡུག་སྟོང་ཕྲག་གཅིག་ནི་རི་རབ་ཀྱི་ངོ་བོ་ཟོམ་ཤིང་ལྟ་བུ་གནས་པའི་སྲབ་མཐུག་གི་ཚད་དང་། རྭ་ལྔ་ནི་ཕྱོགས་ཀུན་ཏུ་མུ་ཁྱུད་ལྟར་བསྐོར་བ་རགས་འགག་གི་ཆུ་འཕྱང་བཞི་སྟེང་ནས་སྟེང་དུ་རྒྱ་ཇེ་ཆེར་སོང་ནས་བརྩེགས་པའི་རྭ་ཐམས་ཅད་ཀྱི་སྟེང་མའམ་ཕྱི་མ་དཔག་ཚད་སྟོང་ཕྲག་བཅུ་བཞི་ཐུར་དུ་འཕྱང་བར་བཞེད་ལ། མཁས་མཆོག་བུའི་བཞེད་པ་ཡང་འདི་དང་མཐུན་པ་ལ་རི་རབ་ཀྱི་ནང་ཁོང་སྟོང་ནི་མི་ལེགས་པ། འགྲེལ་ཆེན་ལས། ཁོར་ཡུག་དེའི་ཕྱི་རོལ་རྭ་བཞིའི་ཁོངས་སྐྱིབས་ཀྱི་གནས་སུ་གླིང་དྲུག་དང་ཅེས་སོགས་དང་། འདིར་ལྷུན་པོའི་འོག་གི་ཆ་ལ་ཚང་བའི་གནས་ནས་ཕྱོགས་ཐམས་ཅད་དུ་དཔག་ཚད་སྟོང་ཕྲག་བརྒྱད་དང་ཁོར་ཡུག་གི་གཅིག་གོ །དཔག་ཚད་སྟོང་ཕྲག་དགུའི་ཕྱི་རོལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་གི་བར་དུ་གླིང་དྲུག་ལ་སོགས་པ་རྣམས་གནས་སོ། །ཞེས་པས་རི་རབ་རིན་པོ་ཆེ་སྣ་ལྔ་གར་བུའི་རང་བཞིན་ལ་ཁོར་ཡུག་གི་སྟོང་ཕྲག་གཅིག་ནི་དེའི་རྩ་བར་རྨང་གི་འགྲམ་སྟེགས་ལྟ་བུར་བསྐོར་བ་ལ་དགོངས་ཤིང་། རི་དྲུག་ནང་མ་ལས་ཕྱི་མ་རིམ་པས་མཐོ་བའི་བསིལ་རི་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་གྱེན་དུ་ལོངས་པའི་རྩེ་དང་རྭ་ཕྱི་མ་འབྱར་བར་བཞེད་ལ། ༢ རི་དྲུག་དང་རི་རབ་བཅས་རྩ་བ་ཕྲ་ལ་སྟོད་རིམ་པས་སྦོམ་པ་དཀར་ཡོལ་ལྟ་བུ་ཡིན་ཞེས་ཀྱང་གསུང་ངོ་། །ད་ལྟའི་དུས་སུ་མཚུངས་ལུགས་པ་ཙམ་ལས་གཞན་ཐམས་ཅད་ཀྱིས་འདི་ཁོ་ན་ལྟར་འདོད་པར་སྣང་ལ། ༣ དུས་ཕྱིས་མི་བདག་ས་རས་གོང་གི་དེ་ལ་ནང་འགལ་གྱི་སྐྱོན་ཡོད་པ་མཁྱེན་པ་དེའི་སྐྱོན་སེལ་དུ་རི་རབ་ཀྱི་སྟེང་ཐད་ཀར་རྒྱ་དཔག་ཚད་འབུམ་ས་དཀྱིལ་དང་མཉམ་པར་བྱས་པ་ནི་རྒྱུད་ཚིག་དང་དངོས་སུ་འགལ་བས་མཛུབ་མོ་ལ་ཚེར་མ་ཟུག་པའི་སྐྱོན་སེལ་དུ་མཛུབ་མོ་གཅོད་པ་ལྟ་བུའི་རིགས་པར་གྱུར་རོ། །དེ་ཡང་རྒྱུད་ལས། དབུས་ན་ལྷུན་པོ་གང་གི་སྟེང་དུ་ཁྱིམ་གྱི་འཁོར་ལོ་སྐར་བཅས་ཉིན་དང་མཚན་མོ་འཁོར་བ་སྟེ། ཞེས་གསུང་པ་འདིར་གཟའ་སྐར་གོ་ལ་རྣམས་རི་རབ་ཀྱི་བྱ་སྐྱིབས་འོག་ཏུ་ཆུད་པ་སོགས་མི་འཐད་པའི་ཆ་ཤིན་ཏུ་མང་བར་མ་ཟད་རྒྱུད་ཚིག་འདིས་འདོད་པ་སྔ་མ་ཉིད་ལ་ཡང་གནོད་བྱེད་སྟོན་པར་ཤེས་སོ། ། ༤ རྡོ་རྗེ་གདན་པ་ཙ་མི་ལོ་ཙཱ་བས་རི་རབ་ཀྱི་རྭ་བཞི་རྩེ་མོ་ཐུར་དུ་བསྟན་ཅིང་། དེའི་སྟེང་དབུས་ཀྱི་རྭ་གྱེན་དུ་འགྲེངས་པར་དགོངས་པ་དང་། ༥ པཎྜི་ཏ་བི་བྷུ་ཏི་ཙནྡྲས་ཕྱོགས་བཞིའི་རྭ་ཐུར་བསྟན་ཙ་མི་ལྟར་ལ། དབུས་ཀྱི་ར་ནི་ལྷུན་པོ་རང་ཉིད་ལ་འདོད་པ་དང་། ༦ འགོས་ལོ་གཞོན་ནུ་དཔལ་བས་རི་རབ་རྡོ་རྗེ་རྩེ་ལྔ་གྱེན་བསླང་ལྟེ་བ་ཕྱེད་མན་ས་འོག་ཏུ་ནུབ་པ་ལྟ་བུ་ཡིན་པར་དགོངས་པ་དང་། ༧ རྗེ་ཨཱཪྵ་མཱ་ལས་རྩིས་ཀུན་བཏུས་པའི་རྒྱས་འགྲེལ་དུ་གཞོན་དཔལ་གྱི་དེ་དང་ཆ་མཐུན་ ཉིད་དང་། ཡང་རང་བཞིན་ཐུན་མོང་མ་ཡིན་པར་རྡོ་རྗེའི་སྟེང་གི་རྭ་ཡི་རྩེ་མོ་ལས་དབུས་མ་སྲོག་ཤིང་གི་ཚུལ་དང་གཞན་བཞི་ནི་ཕྱིར་གྱེས་པའི་ཆ་གདུགས་ཀྱི་ཤམ་བུ་ལྟར་སྟེང་དབུས་བཞི་ལ་ཐུར་དུ་འཕྱང་ཐབས་ཡོད་པ་ཞེས་གསུངས་པས་དགོངས་པའི་མཐིལ་སྤྱད་དཀའ་ཡང་ཕྱི་མ་བི་བྷུ་ཏིའི་བཞེད་པ་དང་ཕྱོགས་མཐུན་དང་རྡོ་རྗེའི་རི་ནི་མུ་ཁྱུད་དང་གཅིག་པ་ལ་རྩེ་མོར་རྟ་གདོང་ལྟ་བུའི་མེ་འབར་དགོངས་སོ། ། ༨ རྭ་པ་རྣམས་རི་རབ་ཀྱི་བང་རིམ་བཞི་ཀ་བ་ལ་སྦ་ཕུབ་ཀྱི་ལྟེ་བ་ཏོལ་ནས་བརྩེགས་པ་ལྟ་བུའི་སྟེང་མཉམ་པ་ལ་ར་ལྔ་མདོས་ཀྱི་གཏོར་ཁུ་བཙུགས་པ་ལྟར་འདོད་པ་དང་། ༩ མཁས་པ་ཤཱཀ་མཆོག་པས་རི་རབ་གྱེན་ལངས་དཔག་ཚད་འབུམ་སྤྱི་དང་མཐུན་པ་ལ་དེ་སྟེང་ཕྱོགས་བཞིའི་ར་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའི་བར་སྙེགས་པའི་ཁོངས་སེང་འདོད་ལྷ་བཞི་དང་གཟུགས་ཁམས་རྣམས་གནས་ཤིང་དབུས་རྭ་ལ་དཔག་ཚད་འབུམ་ཡོད་པའི་རྩེ་མོའི་སྦུབས་སུ་གཟུགས་མེད་བཞི་ཡོད་པར་འདོད་པ་དང་། ༡༠ ཇོ་ནང་རྗེ་བཙུན་མཆོག་གིས་དུས་འཁོར་མཎྜལ་བཤད་པའི་སྐབས་སུ་རི་རབ་དཔག་ཚད་འབུམ་ཕྱེད་ཀྱི་བར་རྩ་རྩེ་ཕྲ་སྦོམ་ཅན་གྱི་གྱེན་འགྲེང་དང་། དེ་མཚམས་ནས་རི་རབ་གདེང་ཀའི་ཚུལ་དུ་རྒྱ་ཇེ་ཆེར་སྟོང་ཕྲག་ཉི་ཤུ་རྩ་ལྔའི་བར་དུ་གྱེས་ཤིང་དེའི་སྟེང་དུ་རི་རབ་ཀྱི་ར་ལྔ་སྟོང་ཕྲག་ཉེར་ལྔ་པ་མེ་ལོང་གི་སྟེང་དུ་བཤོས་བུ་བཞག་པ་ལྟར་མཛད་པ་དང་། ༡༡ ཨེ་པ་འཁོན་སྟོན་གྱི་རི་རབ་ཀྱི་རྭ་རྫ་མ་ལ་ལུང་འདོགས་པ་བཞིན་ཕྱོགས་བཞིར་ཡོད་པར་བྱས་ཤིང་། ༡༢ ཆགས་རིན་པོ་ཆེ་ཆོས་རྒྱལ་གྱིས་རི་རབ་ཀྱི་རྭ་ཕྱོགས་བཞིར་སེམས་ཅན་གྱི་རྭ་ལྟར་གདེང་པར་འདོད་པ་དང་། རྗེ་མི་བསྐྱོད་ཞབས་ཀྱིས་རི་རབ་ཀྱི་བང་རིམ་རྭ་པའི་འདོད་ལྟར་ལ་ཕྱོགས་ཀྱི་ར་བཞི་རག་གི་པད་སྡེར་གྱི་འདབ་མའི་རྩེའམ་རིན་པོ་ཆེའི་ཟུར་ལྟར་གྱེས་པའི་དབུས་སུ་མཎྜལ་གྱི་ལྟེ་བ་བཞིན་དབུས་ཀྱི་རྩེ་མོ་མངོན་པར་འཕགས་པ་དང་། རི་དྲུག་གི་དཔག་ཚད་དགུ་བརྒྱར་མཆུ་ཞེང་མཉམ་པར་དགོངས་སོ། །དེ་ལྟར་གཞན་གྱི་བཞེད་པ་རགས་རིམ་མདོ་ཙམ་བཀོད་པར་བྱས་པའོ། །

ཨ་ཐ། དེ་ནས་རང་གི་འདོད་པ་བརྗོད་པ་ནི། རི་རབ་ཀྱི་སྟེང་གི་རྒྱ་དཔག་ཚད་སྟོང་ཕྲག་ལྔ་བཅུ་དང་རྩ་བའི་ཚད་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་ཁོར་ཡུག་དཔག་ཚད་སྟོང་འགྲམ་སྟེགས་ཀྱི་ཚུལ་དུ་འདོད་པ་རྣམས་སྤྱི་དང་མཐུན་པ་ལས་རྩ་བ་ནས་གྱེན་དུ་དཔག་ཚད་སྟོང་ཕྲག་ལྔ་བཅུའི་བར་རི་རབ་ཅུང་ཟད་སྦོམ་དུ་སོང་བ་ལ། དོན་སྟོང་ཕྲག་ཉི་ཤུ་རྩ་ལྔའི་བར་གདེངས་འདའི་ཚུལ་དུ་གྱེས་ཤིང་། དེ་སྟེང་དཔག་ཚད་ཁྲི་ངོས་མཉམ་པའི་རྔམས་དང་། དེ་ཡི་སྟེང་དུ་ཐད་ཀར་སྟོང་ཕྲག་ལྔ་བཅུར་མཉམ་པའི་དབུས་སྟོང་ཕྲག་ཉི་ཤུ་རྩ་ལྔ་དབུས་ཀྱི་རྭ་ཡི་རྩ་བ་དང་ཕྱོགས་བཞིར་རྭ་ཡི་སྐྱེ་གནས་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ལ་རྭ་ལྔ་ཀ་དཔང་དུ་སྟོང་ཕྲག་བཅོ་ལྔར་མཚུངས་ཤིང་། དབུས་མ་རྩེ་མོ་རིམ་པས་འཕེལ་ཞིང་རྭ་བཞིའི་རྩེ་མོ་རྒྱན་བཤོས་པད་ཟླུམ་ལྟར་ཇེ་ཕྲར་གྱུར་པ་ཐད་ཀར་འགྲེངས་ཤིང་འོག་བཞིའི་ཕྱི་དངོས་དཔག་ཚད་ཆིག་ཁྲིའི་རྔམས་དང་ཤིན་ཏུ་མཉམ་པར་གནས་ཤིང་སྟེང་དུ་དཔག་ཚད་ཆིག་ཁྲི་ལྔ་སྟོང་ལོངས་པ་ན་སུམ་ཅུ་རྩ་གསུམ་པའི་གནས་དང་། དེ་ཡི་གཞི་ལས་རྭ་ཡི་རྩེ་མོ་དཔག་ཚད་ལྔ་བཅུ་རེ་གྱེན་དུ་འཕགས་པ་སྟེ། ཞེང་དུ་ཐད་ཀར་དཔག་ཚད་སྟོང་ཕྲག་རེ་ཡོད་པ་གཞན་དུ་རི་རབ་ཀྱི་ལྕོག་བཞིར་གྲགས་པ་དང་གནད་ཅིག་གོ །དབུས་སུ་ཡང་བཞི་ལས་མཎྜལ་གྱི་རྟོག་བྱུང་བ་བཞིན་རྭ་རྩེ་དང་མཚུངས་པའི་དཔག་ཚད་ལྔ་བཅུ་རྩེ་མོའི་ཚུལ་དུ་ཡོད་ཅེས་འཆད་པ་ཡིན་ནོ། །མཐའ་བསྐོར་གྱི་རི་དྲུག་ཡང་རི་རབ་ཀྱི་ཕྱེད་ཆ་སྟོང་ཕྲག་ལྔ་བཅུའི་མཚམས་ནས་སྟོང་ཕྲག་གཉིས་དོར་བའི་ལྷག་དྲུག་གི་བགོས་པས་སྟོང་ཕྲག་བརྒྱད་རེ་ཐོབ་པ་ཕྱི་མ་ལས་ནང་པའི་མཐོ་ཁྱད་ཡིན་ལ། དེ་ལ་སྟེང་དུ་རི་རབ་ཕྱིར་གདེངས་པའི་ཁར་ཆིག་ཁྲི་ངོས་མཉམ་པར་བཞག་པ་ནི། །རི་དྲུག་གི་སྟེང་དུ་གཉའ་ཤིང་ལྟར་གནོན་པས་གཞན་ནས་གཉའ་ཤིང་འཛིན་དུ་གསུང་པ་དང་། དོན་གཅིག་ཏུ་འགྲོ་བ་དང་། ཉི་མ་བྱང་བགྲོད་མཐར་ཐུག་གི་སྐབས་སུ་རྭ་ལྔའི་སྐྱེ་གནས་སྟེགས་བུ་དང་མཚུངས་པ་ལས་ཀྱང་ཆིག་སྟོང་གི་སྟེང་ཐད་དུ་རྒྱུ་བས་ན་དེས་ཀྱང་གཉན་ཤིང་འཛིན་པར་གྲུབ་བོ། །དེ་བཞིན་འོད་སྔོན་ནི་རི་རབ་ལ་ཐོང་ལྕགས་ཀྱི་ཁྱུད་པ་ལྟར་གནས་པས་བཤོལ་མདའ་འཛིན་དང་། མནྡྷ་ར་ནི་མཚོན་སྣ་བརྒྱ་རྩས་བཀྲ་བར་བྱས་པ་ལྟར་མཛེས་པ་ལྟ་ན་སྡུག་པ་དང་། ནི་ཥཊ་ནི་རྩི་ཤིང་ཅན་དང་། ཚང་ཚིང་ཅན་དང་། མཚན་མོ་ལ་ཡང་འཇུག་པས་རི་དེ་སེང་ལྡེང་གི་ནགས་ཚལ་མུན་པ་ཐིབས་པ་ལྟ་བུའི་གཡོགས་པས། སེང་ལྡེང་ནགས་དང་། ནོར་བུའི་རི་ནི་རིན་པོ་ཆེ་ལས་གྲུབ་པའི་བྲག་རྟའི་རྣ་བའི་ཕྱི་ངོས་ཀྱི་དབྱིབས་ལྟ་བུའི་གཏམས་པས་རྟ་ན་ཅན་དང་། ཡང་ན་ལྟ་ན་སྡུག་དང་ཆ་མཐུན་པས་བལྟ་ན་ཡིན་པར་ཡང་འདོད། །དྲོ་ཎ་ནི་བྲ་བོའམ་གཞལ་བྱེད་སྟེ་འཕགས་ཡལ་གྱི་བྲ་ཟངས་ལས་བྱས་པ་ལྟར་སྟོད་ཀྱི་ཆ་ཅུང་ཟད་ནང་དུ་འདུས་ཤིང་། ཁ་ཁྱེར་ནང་དུ་བཟློག་པས་རི་ནང་མ་ལ་འདུད་པ་ལྟར་གནས་པས་རྣམ་འདུད་པ་དང་། བསིལ་རི་ནི་རི་ནང་མ་རྣམས་ལ་མུ་ཁྱུད་ཀྱི་ཕྱི་མའི་ཚུལ་དུ་མཛེས་པར་འཁོད་པས་རྟ་གདོང་འབར་བའི་རི་དང་མུ་ཁྱུད་ལྟར་མཐོ་དམན་ཤིན་ཏུ་མཉམ་པས་ན་མུ་ཁྱུད་འཛིན་དུ་འཐད་པ་ཡིན་ལ། དོན་དུ་ཡང་དེ་ལས་མི་འདའོ། །ལྷུན་པོའི་འགྲམ་སྟེགས་དང་འབྲེལ་བའི་གླེང་དང་། དེ་ཡི་ཕྱི་འདབས་སུ་སྦྲང་རྩིའི་མཚོ། དེ་མཐར་འོད་སྔོན་གྱི་རི་སྟེ་གླིང་ཚོ་རི་རྣམས་གནས་ཚུལ་དང་ཞིང་གི་ཚད་ཟོར་ཡང་ཕྱིར་ཁོ་བོས་སྔར་བཀོད་ཟིན་པའི་ཀུན་བཟང་འོད་སྣང་གི་ཚིགས་བཅད་དྲངས་པ། ཟླ་བའི་གླིང་དང་སྦྲང་རྩིའི་མཚོ། །འོད་སྔོན་རི་སྟེ་རིམ་པ་དེས། །འོད་ཀར་མ་དང་མནྡྷ་ར། །ཀུ་ཤ་ཞོ་དང་ནི་ཥཊ་རི། །མིའམ་འོ་མ་ནོར་བུའི་འོད། །ཁྲུང་ཁྲུང་ཆུ་དང་དྲོ་ན་རི། །དྲག་པོ་ཆང་དང་བསིལ་བའི་རི། །ཀུན་ཀྱང་ཤིན་ཏུ་བཟླུམ་པོར་མཛེས། །གླིང་མཚོའི་རི་རྣམས་ཁ་རྒྱ་ཞེང་། །དཔག་ཚད་བརྒྱད་བརྒྱ་དང་གྱ་བརྒྱད། །རྒྱང་གྲགས་གསུམ་དང་གཞུ་ཆིག་སྟོང་། །ཆིག་བརྒྱ་བཅུ་གཅིག་སོར་བཅུ་གཅིག །ནས་ལྔ་སྐྱེ་ཚེ་བརྒྱན་དུ་མཉམ། །ཏེ་དེ་རྣམས་ལ་ཁ་འཁྱེར་ཚུལ། །དཔག་ཚད་གོ་གསུམ་རྒྱང་གྲགས་གཅིག །གཞུ་འདོམ་དྲུག་བརྒྱ་དང་རེ་དྲུག །ཁྲུ་དོ་མཐོ་གང་ནས་དྲུག་འཕྱར། །ཞེས་པ་ལྟར་ཤེས་པར་བྱ་སྟེ། རི་དེ་རྣམས་ཁ་ཁྱེར་ཞེས་པའི་སྐབས་རི་ལྔའི་ཁ་ཁྱེར་ཕྱིར་འཕྱར་ཞིང་། གཅིག་སྟེང་དུ་ཕྱུར་བ་གོང་དུ་བཤད་པ་དེ་དྲན་དགོས་སོ། །ཕྱི་རོལ་དུ་གནས་པའི་རི་བོ་མངོན་པ་སོགས་མངོན་པ་སོགས་སུ་ཕྱི་ལྕགས་རི་ཁོར་ཡུག་ཏུ་གྲགས་པའི་ཚད་མྱུར་འཛིན་གྱི་ཕྱེད་ཆ་དང་མུ་ཁྱུད་འཛིན་དང་མཉམ་པར་འདོད་པ་དག་སྣང་ལ། ཨ་ཏི་བཀོད་པའི་རྒྱུད་དང་སློབ་དཔོན་ཆེན་པོ་བི་མ་ལས་ནི་གཉའ་ཤིང་འཛིན་དང་མཉམ་པར་མཛད་པ་དང་། མདོ་ཕལ་པོ་ཆེ་ལས་ཕྱིའི་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་སྲིད་རྩེ་ལ་ཉེ་བར་ཤུགས་བསྟན་དུ་མཛད་པ་ཡང་མཐོང་མོད། འདིར་ནི་དུས་ཀྱི་འཁོར་ལོའི་ལུགས་ཀྱི་ཕྱི་རོལ་དུ་གནས་པའི་རི་བདུན་པའམ་རྡོ་རྗེའི་རི་བོ་ཡང་བོད་ཀྱི་མཁས་པ་མང་པོས་མེ་དཀྱིལ་ལ་ངོས་བཟུང་ནས། དེ་ཡང་ཆུ་དང་ཁད་ཆད་དུ་མཉམ་པ་དང་། ཆུ་ལས་ཅུང་ཟད་ཀྱིས་གྱེན་དུ་འཕགས་པ་དང་། སྟོང་ཕྲག་བདུན་ཅུ་རྩ་ལྔའི་བར་དུ་བསྐལ་མེ་འབར་བར་བཞེད་པ་ཡང་ཡོད་ལ། གང་ལྟར་རྡོ་རྗེའི་རི་བོ་མེ་འབའ་ཞིག་ལས་རྡོ་ཡིས་བསྡུས་པ་མ་མཛད་ཀྱང་། འདིར་ནི་ཆུ་དང་མེ་ཡི་མཚམས་སུ་རྡོ་རྗེའི་རང་བཞིན་གྱི་རི་བོ་དེ་དཔག་ཚད་སྟོང་ཕྲག་བཞི་ཡི་བར་མེད་དལ་གྱི་མེ་ཡི་རེག་བྱ་འོད་ཟེར་རབ་ཏུ་འབར་བ་དང་རྡོ་རྗེ་ནོར་བུའི་རང་འོད་གཅིག་ཏུ་འདྲེས་པ་ལྕགས་སོལ་མེ་ནས་ཕྱུང་པ་ལྟ་བུ་མཆོག་ཏུ་འབར་བའི་མེ་གཡོ་བ་མེད་པ་དང་། དེ་ནས་སྟོང་ཕྲག་བཞིའི་བར་མེས་གཡོགས་ཤིང་རྩེ་མོ་འཕྲོ་བ་དང་བཅས་པ། དེ་ལྟར་སྟོང་ཕྲག་བརྒྱད་ནང་གི་བསིལ་རི་དང་མཐོ་ཤིན་ཏུ་མཉམ་པ་མུ་ཁྱུད་ལྟར་གནས་ཤིང་མཆོག་ཏུ་ཆེ་བའི་ཆུ་གཏེར་གྱི་ཕུང་པོ་བྲས་ལས་ནམ་ཡང་མི་འདའ་བར་སྐེམ་པར་བྱེད་པས་རྟ་གདོང་མེ་ཡི་རི་བོ་ཞེས་བྱ་སྟེ། རྡོ་རྗེའི་རི་བོ་དེ་ཉིད་སྲབ་མཐུག་གི་ཁྱད་པར་རི་དྲུག་གི་སྲབ་མཐུག་དང་མཚུངས་པའི་དེ་ལས་མཐུག་པ་ཡང་རུང་ལ། གང་ལྟར་རི་དེ་སྒོང་ཀོགས་བཞིན་ཆུ་ཡི་འོག་བཞི་ཀུན་ཏུ་ཁྱབ་པར་མ་ཟད། གྱེན་དུ་ཡང་སྟོང་ཕྲག་ལྔའི་ལྷག་པའི་བདུན་ཅུའི་བར་ལོངས་པར་རྗེ་པུཎྜ་རི་ཀའི་དགོངས་བཞེད་བཞིན་འདིར་ཡང་བྱས་ཏེ། ཚུལ་དེ་འཐད་པའི་རིགས་པ་མང་བས་སོ། །གོང་གི་འབར་བའི་རང་བཞིན་སྟོང་ཕྲག་བརྒྱད་ཀྱི་སྟེང་ནས་རིམ་པས་རིའི་ཁ་དོག་ཡལ་མདངས་ཀྱི་སེར་བ་དང་། ཤས་ཆེར་ནམ་མཁའི་ཁ་དོག་དང་འདྲེས་པའི་སྔོན་པོར་སྣང་བ་སྲབ་མཐུག་ལ་དཔག་པའི་ཁ་ཁྱེར་ཡང་ནང་གི་རི་ལྟར་ཕྱིར་འཕྱང་བའོ། །འདི་ལ་བློ་གྲོས་ཀྱི་སྣང་བ་ཐོབ་པ་གཞན་ནས་ཆུ་དལ་དང་མེ་དལ་མཚམས་སུ་ས་ཡི་རང་བཞིན་རྡོ་ཁམས་ཀྱི་རི་བོ་མི་ལེགས་སོ་སྙམ་པ་འབྱུང་སྲིད་ཀྱང་ས་ཡི་དཀྱིལ་འཁོར་གྱི་དབུས་སུ་ཆུ་གཏེར་ཆེན་པོ་དྲུག་གནས་པ་གདོན་མི་ཟ་བ་བཞིན་འདིར་ཡང་ཆུ་དཀྱིལ་གྱི་མཐར་རྡོ་རྗེའི་རི་བོ་ཡོད་པ་སྐྱོན་དུ་མི་འཇུག་གོ །དེ་ཡང་རྡོ་རྗེའི་རི་བོ་ཚུལ་འདི་ལྟ་བུ་རིག་བཟོའི་སྙམ་ན་དེ་མ་ཡིན་སྟེ། ཐེག་པ་ཆེན་པོའི་མདོ་རྒྱ་མཚོའི་ལྷས་ཞུས་པའི་ལེའུ་ལས། རྒྱ་མཚོའི་ཆུ་ནི་མང་མོད་ཀྱི། །གདོན་མི་ཟ་བར་སྐམ་པའི་དུས་ཡོད་དོ། །བསྐལ་པ་འཇིག་ཏུ་ཉེ་བ་ན། །ཉི་མ་གཉིས་ཤར་ན། ཆུ་མིག་དང་རྫོང་ཀ་ཀུན་སྐམས་སོ། །ཉི་མ་གསུང་ཤར་བ་ན། ཆུ་ཕྲན་ཐམས་ཅད་སྐམས་སོ། །ཉི་མ་བཞི་ཤར་བ་ན། ཆུ་བོ་ཐམས་ཅད་སྐམས་སོ། །ཉི་མ་ལྔ་ཤར་བ་ན། རྒྱ་མཚོ་ཆེན་པོ་ཡང་ལྔ་ཆ་འབྲིའོ། །ཉི་མ་དྲུག་ཤར་བ་ན། སུམ་གཉིས་འབྲིའོ། །ཉི་མ་བདུན་ཤར་བ་ན་རྒྱ་མཚོ་ཆེན་པོ་ཡང་སྐམས་སོ། །རི་རབ་ལྷུན་པོ་ཡང་རྙིལ། རྡོ་རྗེའི་མཐའ་ལ་ཐུག་གི་བར་ཚིག་ཅིང་འབར་འགྱུར་རོ། །ཞེས་གསུངས་པ་ཡང་དུས་འཁོར་ནས་གསུངས་པའི་རྡོ་རྗེའི་རི་བོ་འདི་ལ་འདོད་དགོས་སོ། །དེ་གང་གིས་ཤེས་ཞེ་ན། མདོ་དེར་དགེ་ཚུལ་ཚུལ་ཁྲིམས་བསྲུང་བའི་ལེའུར། དཔེར་ན་རྒྱ་མཚོ་ཆེན་པོའི་གཏིང་ཡང་རྡོ་རྗེ་ཡིན་ལ། མཐའ་མ་ཡང་རྡོ་རྗེའི་རི་ཡིས་བསྐོར་ཏེ། ཆུ་བོ་ཆེན་པོ་བཞི་འབབ་ཡང་། མི་འགྲིབ་མི་སྡུད་པ་ལྟར། ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་དེ་དང་འདྲ་སྟེ། འདུལ་བ་རྡོ་རྗེ་ལྟ་བུས་ནི་གཏིང་བྱས། ཆོས་མངོན་པས་རིས་ནི་མཐའ་མ་བསྐོར། མདོ་སྡེ་བཞི་ཆུ་བོ་བཞིན་འབབས་ཀྱང་འཕེལ་བ་ཡང་མེད། འབྲི་བ་ཡང་མེད་དོ། །རྒྱ་མཚོ་ཅི་ཕྱིར་མི་ལྟུད་ཅེ་ན། མཚམས་མེད་པའི་སེམས་ཅན་དམྱལ་མེས་རྒྱ་མཚོ་སྐམས་པ་དེ་ཡི་ཕྱིར། རྒྱ་མཚོའི་ཆུ་མི་ལྟུད་དོ། །ཆུ་བོ་བཞི་རྟག་ཏུ་འབབས་པས་ནི་མི་འགྲིབ་བོ། །ཅེས་གསུངས་པ་ཡི་རྡོ་རྗེ་རི་ཡང་དུས་མཐའ་བསྐལ་པའི་མེས་ཚིག་པར་བཞེད་ན། མེ་དཀྱིལ་ལས་རྡོ་རྗེའི་རི་གཞན་མེད་ཚེ་འཇིག་རྟེན་གྱི་མེས་འཇིག་རྟེན་གྱི་མེ་ཇི་ལྟར་བསྲེགས་བསམ་དགོས་ཤིང་དེ་ལྟར་འདོད་མི་ནུས་སོ། །གཞན་ཡང་རྒྱུད་དང་འགྲེལ་པར་གཟའ་སྐར་རྣམས་ཀྱི་ཁྱིམ་རི་རབ་ཀྱི་སྟེང་དུ་འཁོར་བར་གསུངས་པ་དང་། ཉི་མ་བྱང་བསྒྲོད་ཀྱི་མཐར་ཐུག་པའི་ཚེ་ལྷུན་པོའི་རྭ་ལ་རེག་ཅིང་ལྷོ་བསྒྲོད་ཀྱི་ཐུན་དྲུག་པའི་ཚེ་རྡོ་རྗེའི་རི་ལ་རེག་པར་འདོད་པ་དང་། རྒྱ་ནག་གི་ཡུལ་སྔོན་ཤང་ཏོན་དང་། ད་ལྟ་པི་ཀིང་དུ་གྲགས་པའི་བྱང་ཕྱོགས་སུ་ཁིང་ཆ་ཞེས་པའི་ཡུལ་དུ་དབྱར་ཉི་ལྡོག་པའི་སྐབས་མཚན་མོའི་ཡུན་ཇ་ཡུན་ཙམ་ལས་མི་འབྱུང་བར་གྲགས་པ་དང་། མདོ་དྲན་པ་ཉེར་བཞག་ལས་ཉི་མ་ཆར་ནུབ་ལྷུན་པོའི་རྩེ་མོར་བྱེད་པར་གསུངས་པ་དང་། རི་བརྩེགས་མཐོ་དང་བརྩེགས་པ་ཆེན་པོ་དག་གི་རྩེ་མོར་ཉི་ཟླ་འཁོར་བར་གསུངས་པ་སོགས་ཁོ་བོའི་ལུགས་འདི་ལ་ལེགས་པར་བཤད་པར་འགྱུར་བ་ཡིན་གྱི། དེ་ཡི་རྒྱུ་མཚན་ཞིབ་མོ་ཉིད་གཞན་དུ་འཆད་པར་སྤྲོ་ལ། འདིར་བྲིར་མི་ལོངས་མོད།

འོན་ཀྱང་ཁིངས་ཆའི་ཡུལ་དུ་དབྱར་ཉི་ལྡོག་སྐབས་སྔར་གཞན་གྱི་བཤད་པའི་འཇིག་རྟེན་ཁམས་བཀོད་གང་ལ་ཡང་དེ་འགྲིག་པར་མི་ནུས་ཤིང་། རི་དྲུག་རྒྱར་དཔང་མཚུངས་པར་བྱས་ན་འགྲིག་ཏུ་རུང་བ་ལྟར་སྣང་ཡང་། ཉི་མ་བྱང་བསྒྲོད་ཀྱི་མཐུན་འཇུག་སྐབས། ཀཻ་ལ་ཤར་ཉིན་མོ་དབྱུ་གུ་སོ་དྲུག་དང་མཚན་མོ་ཉེར་བཞི་ཡོད་པ་དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་རྒྱུད་དང་རྒྱུད་འགྲེལ་ཉིད་དང་ལྷ་ཆེན་པོའི་བསྟན་བཅོས་དབྱངས་འཆར་བ་ལས་ཀྱང་གསུང་པས་ན་དེ་དང་མི་འགྲིགས་མི་མཛེས་པར་ཤེས་སོ། །དེ་བཞིན་སྟོང་ཕྲག་བདུན་ཅུ་རྩ་ལྔའི་མཚམས་སུ་རི་རབ་ཀྱི་རྭ་སྐྱེ་བར་བཞེད་པ་རགས་རྩིས་ཡིན་པས་མི་འགལ་ཡང་ཞིབ་མོའི་ཚེ་ཉི་མ་བྱང་བསྒྲོད་ཀྱི་སྐབས་ཉི་མའི་གདུང་བྱེད་ར་དང་མཚུངས་པར་རེག་པ་སོགས་དང་མི་འགྲིགས་པས་འདིར་ཞིབ་མོར་བྱས་པ་དང་། ཁོ་བོའི་འདིར་རི་དྲུག་གི་འོད་སྔོན་དང་ལྷུན་པོའི་གདེངས་ཀ་ཕྱིར་བསྐྱེད་པ་ཡི་རི་རབ་ཀྱི་རྐེད་མཚམས་གྲིབ་གཟུགས་ཆུང་བའི་གནས་དེ་བྱང་ཕྱོགས་ཁེངས་ཆའི་ཕྱོགས་སུ་ཁེལ་བར་འདོད་པས་ན་སུས་ཀྱང་ཀླན་ཀ་བྱར་མེད་དོ། །རི་དྲུག་གི་ནང་མཚོ་དྲུག་གི་ཁ་ཞེང་དཔག་ཚད་དགུ་བརྒྱར་ཉེ་བ་ཡོད་བཞིན་ཟབས་སུ་ཡང་དེ་བཞིན་བྱས་ན་མི་འགལ་ཏེ། གཞུང་གཞན་དུ་རོལ་མཚོའི་དོན་ཞིང་ལ་རོལ་བཏང་བའི་ཆུ་བཞིན་གསུང་བ་དང་ཤིན་ཏུ་མཐུན་མོད། འདིར་འཆད་འོས་མང་ཡང་ཡི་གེར་འཇིགས་པས་མ་སྤྲོས་སོ། །དེ་ལྟར་རི་རབ་དཔག་ཚད་འབུམ་གཅིག་སྟེང་དུ་འདོད་གཟུགས་གཟུགས་མེད་ཀྱི་གནས་རི་རབ་ཀྱི་མགྲིན་གདོང་གཙུག་ཏུ་ཐ་སྙད་དུ་བཞག་པ་དཔག་ཚད་འབུམ་གྱི་བདག་ཉིད་ཅན་དུ་གསུང་བཞིན་འདི་ལ་ཡང་དཔྱད་པ་དང་བཅས་བཤད་པ་མང་དུ་ཡོད་མོད་ཀྱང་། འདིར་ཚིག་ཟོར་ཡང་པའི་ཕྱིར་ཚིགས་སུ་བཅད་དེ་མདོར་བཤད་པ། ཡེ་ཤེས་ལེའུར་རྒྱལ་བའི་སྐུ་ཡི་ཚད། སོར་ལྔ་ལྷག་པའི་ཁྲུ་ལྔའི་ཚད་དུ་མཛད། འཇིག་རྟེན་ཁམས་དང་དཀྱིལ་འཁོར་བཀོད་པའི་སྐབས། སྤྱི་མཐུན་མཛེས་སྐུ་ཁྲུ་བཞིའི་ཚད་དུ་གསུངས། དེ་ལ་མགྲིན་སོར་དྲུག་དང་གདོང་བཅུ་གཉིས་སྐྲ་དབང་སོར་དྲུག་གཙུག་ཏོར་དེ་ཁོངས་བསྡུས། མགྲིན་སོར་དྲུག་ལ་འདོད་ལྷ་རིགས་བཞི་དང་། གཟུགས་གནས་ཚངས་རིས་མདུན་ན་འདོན་བཅས་དྲུག །གདོང་ལ་ཚངས་པ་ཆེ་ནས་མི་གདུང་བར། །སྐྲ་དབང་གཟུགས་ནས་གྱ་ནོམ་འོག་མིན་དང་། །གཟུགས་མེད་མུ་བཞིའི་གནས་སུ་གསལ་བར་གསུངས། །ཐུན་མོང་ཚད་འདིར་གཙུག་ཏོར་འཇོག་པའི་ཆ། །སྔགས་རྒྱུད་གཞན་དུ་མགོ་དང་སྤྱི་གཙུག་ཞེས། །ཐ་དད་བགྲང་བའི་ཚུལ་དང་གཅིག་པར་སྣང་། །ཕྱིས་བྱུང་མཁས་འགས་སྤྱི་མཐུན་རྫས་འདི་དང་། །རྒྱལ་བའི་སྐུ་ཚད་གསུངས་པ་གཅིག་བསྲེས་ནས། །མགྲིན་སོར་བཞི་ལ་ལྷ་ནས་དྲུག་བསྡུས་པ། །མཁས་ཀྱང་མི་མཁས་རྣམ་འགྱུར་འདོན་མི་ཟ། །གོང་དུ་མགྲིན་དང་སྐྲ་དབང་སོར་དྲུག་རེ། །ཕྱི་ནང་དག་སྦྱོར་བཅས་གསུང་ནོར་འཁྲུལ་མེད། །འོན་ཀྱང་མཛེས་པའི་ཆ་དང་རྒྱུད་དགོངས་པ། །བླང་ཚུལ་ཉིད་ཀྱི་མགྲིན་དང་སྐྲ་ཡི་དབང་། །གཙུག་ཏོར་རྣམས་སུ་སོར་མོ་བཞི་རེ་དང་། །གདོང་སོར་བཅུ་གཉིས་པ་སྟེ་དེ་རྣམས་ཀྱི། །སོར་རེའི་གནས་སུ་ལྷ་གནས་རེ་བཀོད་པ། །ཁོ་བོའི་རྟོགས་པ་ཉིད་སྟེ་མི་འཐད་མེད། །གཙང་མའི་གནས་སྤང་ལྟ་བུ་དབང་ཕྱུག་ཆེ། །གནས་པའི་འོག་མིན་སངས་རྒྱས་ཀུན་སངས་རྒྱས། །དེ་ནི་གཙུག་ཏོར་ནོར་བུའི་གནས་ཉིད་དུ། །དཔལ་མཆོག་རྒྱུད་དགོངས་ཡིན་པ་ཁོ་བོས་རྟོགས། །སྔོན་ཆད་མ་གྲགས་བརྗོད་དང་གྲགས་རྗེས་མིན། །འདི་ཀོ་ལེགས་བཤད་ཉིད་དུ་རང་གིས་སེམས། །ཞེས་སོ། །

འོག་མིན་གྱི་གནས་གཟུགས་ཁམས་གཙང་མའི་སྟེང་དུ་ཡོད་པས་དེ་མ་ཡིན་པའི་འོག་མིན་མདོ་ལངྐར་གཤེགས་པ་ནས་གསུངས་པ་དེ་མཁས་མང་དག་གི་གཟུགས་ཁམས་ཀྱི་འོག་མིན་སྟེང་དེར་ཡོད་པར་དགོངས་པ་ཤས་ཆེ་ཡང་གཟུགས་ཁམས་ཀྱི་འོག་མིན་སྟེང་དུ་གཟུགས་མེད་མུ་བཞི་དང་། དེ་ཡི་སྟེང་ཐུན་མོང་གི་ལུས་ཀྱི་སྤྱི་བོའི་གཙུག་གམ་ཐུན་མོང་མ་ཡིན་པ་གཙུག་ཏོར་ནོར་བུའི་གནས་སུ་འོག་མིན་འདོད་པ་འདི་ཉིད་དུས་འཁོར་བསྡུས་རྒྱུད་ཀྱི་ལེའུ་དང་པོའི་ཚིགས་བཅད་ཉི་ཤུ་པའི་འགྲེལ་པའི་དགོངས་པ་བཞིན་བདག་གིས་ཡང་དག་པར་འདིར་བཤད་པ་ཡིན་ན་གཟུ་བོར་གནས་པའི་བློ་ཅན་རྣམས་ཀྱིས་དང་དུ་བླངས་བར་འོས། བརྩོན་པ་མི་ལྡན་བློ་གྲོས་དམན་ན་ཡང་། སྙིགས་མའི་མཐའ་ལ་ཐུག་པའི་དུས་འདི་རུ། །རྒྱུད་དོན་ཇི་བཞིན་འཆད་པའི་བློ་འདི་ནི། །སྔོན་བྱོན་དམ་པའི་མཐུ་ལས་བདག་གིས་མིན། །མངོན་པ་འོག་མ་སོགས་སུ་གཟུགས་མེད་མུ་བཞིའི་གནས་མཁའ་ཁམས་སུ་བྱིངས་བ་ཡི་གང་དུ་འཆི་བའི་གནས་དེ་ཡི་ནམ་མཁའ་ལས་དེ་བས་གནས་ཕྱོགས་སུ་བཅད་པ་གཞན་དུ་མི་བཞེད་པ་ནི་ཉན་ཐོས་བྱེ་བྲག་སྨྲ་བའི་འདོད་པ་ཡིན་ལ། གཞན་ཐེག་པ་ཆེན་པོའི་མདོ་དང་ཁྱད་པར་སྔགས་ཀྱི་རྒྱུད་སྡེ་མང་པོར་གཟུགས་མེད་ཀྱི་གནས་ནམ་མཁའི་རིམ་པ་འཇིག་རྟེན་སྡེ་ཚན་དུ་བཀོད་པ་ཡང་ཡང་གསུང་བ་དང་། དུས་ཀྱི་འཁོར་ལོའི་དགོངས་པ་གཅིག་ཏུ་མཐུན་པར་སྣང་ལ། འདོད་པའི་གནས་བཞི་དང་གཟུགས་དང་གཟུགས་མེད་ཀྱི་རྟེན་གཞི་ནམ་མཁའི་མིང་ཨ་ཏི་བཀོད་པའི་རྒྱུད་ལ་སོགས་པར་མིང་ཐ་དད་དུ་གསུང་བ་དེ་ཚུལ་རྒྱས་པར་འདོད་ན་གུ་རུ་པདྨ་དང་བི་མ་ལས་མཛད་པའི་གཞུང་རྣམ་དག་པས་དེར་བལྟའོ། །འདོད་ཁམས་ཀྱི་གནས་འོག་མ་གཉིས་ནི་རྡོ་སྦོམ་གྱི་རང་བཞིན་རི་རབ་ལྷུན་པོ་ལ་བརྟེན་པ་རི་རབ་ཀྱི་རྩེ་མོའི་སྟེང་ངོས་སུ་སུམ་ཅུ་རྩ་གསུམ་གྱི་གནས། དེ་ཡི་དབུས་སུ་འཆི་བ་མེད་པའི་གྲོང་ཁྱེར་ལྟ་ན་སྡུག དབང་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་བཅས་ཡོད་ལ། དེ་ཡང་འདིར་བརྗོད་པའི་རི་རབ་རྭ་ལྔའི་དབུས་རྩེ་དཔག་ཚད་ལྔ་བཅུ་གྱེན་དུ་འཕྱུར་བའི་ཤར་གྱི་ཆར་དབང་པོའི་ཕོ་བྲང་ཡོད་ལ། དབང་པོའི་ཤར་ཕྱོགས་སུ་གནས་པར་གསུངས་པས་ཀྱང་མཚོན་ཅིང་། གཞན་ཐམས་ཅད་དུ་རི་རབ་ཀྱི་དབུས་སུ་ལྟ་ན་སྡུག་ཡོད་པར་གསུང་བ་དང་། འགལ་ལོ་ཞེ་ན་མ་ཡིན་ཏེ། དཔེར་ན་འཛམ་གླིང་གི་དབུས་མ་ག་དྷ་ཡི་མཐིལ་བྱང་ཆུབ་ཤིང་དྲུང་ཡིན་ལ། དེ་དང་ཉེ་བ་ཝ་ར་ཎ་སི་ཡང་མ་ག་དྷ་ཡིན་པར་མི་འགལ་བ་བཞིན་ནོ། །རི་རབ་ཀྱི་རྭ་བཞིའི་རྩེ་མོར་གནོད་སྦྱིན་ལག་ན་རྡོ་རྗེའི་ཕོ་བྲང་ཡོད་པ་མངོན་པ་མཛོད་ནས་ལྕོགས་བཞིར་ལག་ན་རྡོ་རྗེ་གནས་པར་གསུངས་པ་དང་ཤིན་ཏུ་མཐུན་ལ། དེ་ཡང་ཨ་བྷི་ཀོ་ཤ་ལས། ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས་དབུས་ན་གནས། །ཞེས་པ། དབུས་ན་འོག་མའི་ཚིགས་ཤུགས་མ་རྫོགས་པས་ཡར་དྲངས་བ་ལས་རྒྱ་དཔེར་དབུས་ཀྱི་སྐད་དོད་དྷྱ་མ་འོག་མའི་ཚིག་རྐང་མགོར་ཡོད་པས། ཨུཥིཏབཛྲཔཱཎིབྷིཿཞེས་པར། ལག་ན་རྡོ་རྗེ་རྣམས་ཀྱི་གནས། །ཞེས་ཀྱང་རུང་ལ། དེས་ན་འདི་ནི་གནོད་སྦྱིན་གསང་བ་ས་ཡི་གནས་ལག་ན་རྡོ་རྗེ་ཅན་གྱི་ཁབ་ཁྱད་པར་བ་འཇིག་རྟེན་ཐུན་མོང་དུ་གྲགས་ཤིང་སྣང་བའི་ལྕང་ལོ་ཅན་གྱི་ངོས་འཛིན་ཡང་འདི་ལ་བྱེད་དགོས་ཤིང་། དེར་ལག་ན་རྡོ་རྗེའི་གཙོ་བོ་བཞི་ནི་ཤར་ལྷོ་ནས་རིམ་པས་ཚངས་པ་དང་། ཚངས་ཆེན་དང་། དྲག་ཤུལ་ཅན་དང་། རྡོ་རྗེ་གཏུམ་པོ་གོས་སྔོན་ཅན་བཞི་རུ་རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་གྱི་འགྲེལ་པར་འབྱུང་ངོ་། །གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེ་ཡི་སྲས་རྣམས་ཀྱི་ཐུ་བོ་རྡོ་རྗེའི་སྡེ་དང་། གཞན་ཡང་དཔུང་བཟང་དང་། སོགས་སྲས་སྟོང་ཕྲག་གཅིག་མངའ་བ་ལྷ་ཡི་རྒྱལ་པོ་ཆེན་པོའི་ཚུལ་དུ་སྣང་བ་དེས་རང་གི་གནས་སུ་དེ་བཞིན་གཤེགས་པ་ལ་གདུགས་ཚོད་གསོལ་བར་བསྟན་པ་ཡང་ལྷུན་པོའི་རྭ་རྩེ་བརྩེགས་པའི་གཞལ་མེད་ཁང་འདི་ཡིན་པར་ཤེས་སོ། །གནོད་སྦྱིན་གསང་བ་པ་ཡི་གནས་དེར་ལྷ་ཕལ་པ་རྣམས་རྒྱུ་བར་མི་བཟོད་ཅིང་། བདུད་དང་། དབང་པོ་དང་། ཉེ་དབང་ཀུན་ཀྱང་གནོད་སྦྱིན་གསང་བ་པའི་རིགས་ལ་ཆེས་འཇིགས་པར་བལྟ་ཞིང་གསང་བ་པ་དེ་རྣམས་ཀྱི་མི་མ་ཡིན་དྲག་ཤུལ་དྲེགས་པ་ཅན་མཐུ་ཤིན་ཏུ་ཆེ་བ་ཡང་གསོད་པར་བྱེད་པས་ཙཎྜ་སྟེ་གཏུམ་པོའི་སྒྲ་དང་། གྲོང་ཁྱེར་གྱི་ཕྱི་རོལ་གདོལ་པ་གནས་པ་བཞིན་སུམ་ཅུ་རྩ་གསུམ་གྱི་ཕྱི་རོལ་གྱི་ཆར་བརྩེགས་པ་ཉིད་དང་རྩུབ་འགྱུར་ཚལ་ལྟ་བུ་དང་། རོ་ལྡན་གྱི་སྒྲས་མི་ཡི་གནས་སུ་རང་བཞིན་གྱི་གྲུབ་པའི་དུར་ཁྲོད་བརྒྱད་དང་བཅུ་དྲུག་རྣམས་སུ་ཡང་ཉེ་བར་སྤྱོད་པས་གཙང་སྦྲའི་ལྷ་རྣམས་ཀྱི་རྨེ་བར་ཡང་བྱེད་པ་ཞིག་གོ །གསང་བ་པ་ཡི་རིགས་དེ་རྣམས་ལྷ་མ་ཡིན་དང་ལྷ་ཡི་གནས་སུ་རྒྱུ་བ་ན་ལུས་ལྷ་མཐུ་བོ་ཆེ་རྣམས་ཀྱིས་མཐོང་མི་ནུས་པར་སྦེད་པས་ན། གསང་བ་པ་ཞེས་ཐུན་མོང་གི་ངོར་དེས་ཀྱང་བརྗོད་དུ་རུང་བ་དང་། གནོད་སྦྱིན་གསང་བ་པོ་དེ་རྣམས་ཀྱི་བདག་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་ལ་སྤྱོད་པ་གསང་བའི་བདག་པོ་རྡོ་རྗེ་འཛིན་པའོ། །གནོད་སྦྱིན་གསང་བ་པོ་ཡི་རིགས་དེ་ཐམས་ཅད་ཀྱང་གཞན་དང་ཐུན་མོང་མ་ཡིན་པ་ནང་པ་སངས་རྒྱས་པའི་གསང་རིགས་གཟུངས་སྔགས་རྣམས་ཀྱི་བདག་མཛད་པ། སྔགས་འཆང་རྣམས་བསྲུང་ཞིང་། གདུགས་པ་ཅན་འདུལ་བར་བྱེད་པ་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་བྱེད་པ་པོ་ཆེན་པོ་སྟེ། དེ་ལ་སྙིང་ནས་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གནོད་སྦྱིན་སྡེ་དཔོན་ལག་ན་རྡོ་རྗེ་དང་། །གསང་བའི་བདག་པོ་ལག་ན་རྡོ་རྗེ་གང་། །སྔགས་འཛིན་དམ་པ་འགའ་ཡི་ཐ་དད་བྱས། །མཁས་བཞིན་མི་མཁས་ངང་ཚུལ་སྟོན་འདི་ཅི། །ཐུབ་དབང་མིར་བལྟམས་མི་མཆོག་མིའི་སེང་གེ །པད་འབྱུང་སྲིན་པོའི་རྗེར་སྤྲུལ་སྲིན་པོ་འདུལ། །ལག་ན་རྡོ་རྗེ་གནོད་སྦྱིན་སྡེ་དཔོན་ཆེ། །གདུལ་བྱས་འདུལ་བྱས་མི་རྙོག་ཡོངས་ཤེས་བྱོས། །ཞེས་སོ། །རྒྱལ་ཆེན་བཞི་ཡི་བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་ཕོ་བྲང་རི་རབ་རྭ་ཡི་རྩ་བར་གནས་པ་ལ་ལྕང་ལོ་ཅན་དུ་གྲགས་པ་དེ་ན་འཇིག་རྟེན་ཐུན་མོང་གི་གནོད་སྦྱིན་མཐུ་བོ་ཆེ་མང་དུ་གནས་ཤིང་། གདུལ་བྱའི་གཙོ་བོ་གནོད་སྦྱིན་གདུགས་པ་རྣམས་ཡིན་པས་གསང་བ་པ་ཡི་གནས་དང་ཆ་མཐུན་གྱི་ལྕང་ལོ་ཅན་དུ་གསུངས་པ་དེ།

དེ་ལ་བོད་ཁ་ཅིག་གི་གསང་བའི་བདག་པོའི་གནས་ཀྱང་འདིར་འདོད་པ་དང་། དེ་བས་ཡང་རྣམ་མང་ཐོས་པའི་བུ་ཡི་ཁང་བརྩེགས་སྟེང་མར་གསང་བདག་བཞུགས་པར་བཞེད་པ་ནི་སྐབས་སུ་དེ་ལྟར་ཡང་འབྱུང་མོད། དུས་ཀུན་ཏུ་རིག་པ་མ་ཡིན་ཏེ་གསང་བའི་བདག་པོ་ཡང་ལྷ་ཡི་རྒྱལ་པོའི་ཚུལ་དུ་བཞུགས་པ་གོང་དུ་སྨྲས་པ་ལྟར་སྟེ། དེ་འཇིག་རྟེན་རིག་པས་ཀྱང་ཕོ་བྲང་གི་སྟེང་ཤོད་དུ་མི་འོས་པར་མཐོང་ན། དེ་གསུང་བ་པོ་སྐྱེས་བུ་དམ་པ་ཡིན་ཡང་ཤིན་ཏུ་གུ་དོགས་པའི་ཚུལ་བསྟན་པའོ། །གཞན་ཡང་ད་དུང་ཤེས་པར་བྱ་བ་ལྕང་ལོ་ཅན་འཇིག་རྟེན་ཐུན་མོང་ངོར་དེ་ལྟར་དང་། ཐུན་མོང་མ་ཡིན་པ་ནི་འཛམ་གླིང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེ་ཡི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྣང་ངོར་ཞིང་ཁམས་ལྟ་བུར་ཤར་བཞིན་རིགས་སྔགས་གྲུབ་པ་རྣམས་ཀྱི་ངོར་སྣང་བའི་ལྕང་ལོ་ཅན་ཡང་དེ་འདྲ་ལ། གསང་བའི་བདག་པོའི་གནས་ལྕང་ལོ་ཅན་དངོས་ནི་སངས་རྒྱས་དོན་དམ་པར་སངས་རྒྱ་བའི་གནས་དེ་ཁོ་ན་སྟེ་ནང་གི་རོ་ལྡན་ཡང་དེར་འཇུག་ལ། དྲག་པོའི་གདུལ་བྱ་ལ་མོས་པའི་ངོར་རྒྱུད་གཞན་དུ་འཁོར་བ་ཡོངས་སྒྲོལ་གྱི་དུར་ཁྲོད་དང་། མེ་རི་འབར་བའི་དུར་ཁྲོད་ཞེས་སུ་གསུང་པ་དེ་ཡིན་ནོ། །ལྕང་ལོ་ཅན་གྱི་སྒྲ་དོན་བཤད་བྱ་གཞན་འགའ་ཡང་རྟོགས་རུང་འདིར་སྨྲ་མ་དགོས་པས་ན་བཞག་གོ །སྔགས་རྒྱུད་དོན་གཉེར་འདོད་རྣམས་རྒྱུད་བདག་པོ། ལག་ན་རྡོ་རྗེ་སྙིང་ནས་གུས་བྱར་འོས། །འོན་ཀྱང་དེང་དུས་ཉེ་འཚེ་ཞི་ལ་རེ། །ཁ་ཙམ་ཡི་དམ་བྱེད་ལས་དེ་ཚུལ་དཀོན། །དེ་ནས་ལྕང་ལོ་ཅན་ལ་དཔྱད་མི་བྱེད། །ཕལ་ཆེར་སྤྲོས་བྲལ་མཁའ་ཁྱབ་ངང་དུ་གློད། །འགའ་ཡི་ངལ་གསོའི་གནས་དང་གཅིག་ཏུ་བྱས། །དེ་དེ་ཡིན་མོད་དེ་དེ་ཅི་ལྟར་ཡིན། །དམ་པ་རྣམས་ཀྱི་ཐུགས་སུ་རྟགས་གསལ་མོད། །ཡི་གེར་བཀོད་པ་བདག་གིས་མ་མཐོང་བས། །རང་གི་རྟོགས་ཚུལ་མདོ་ཙམ་འདིར་སྨས་ཏེ། །བློ་དམན་རྣམས་ལ་ཕན་པར་འདོད་པ་ཡིན། །དེང་སང་སྒྲ་ཤེས་དོན་གཞལ་དཀོན་ན་ཡང་། །མགོ་བཟླུམ་ཐལ་རིག་གིས་སྙེམས་གར་མཁན་འགའ། །ཡི་དམ་ཡ་མ་རི་ལ་བྱེད་ཞེས་ན། །དེ་ཡི་ཡེ་ཤེས་དཀྱིལ་འཁོར་དགུགས་པའི་ཚེ། །གཟུགས་སྐུའི་བཞུགས་གནས་དེ་ལའང་མི་སེམས་སམ། །དེ་སྐད་དགོས་སླད་ཀྱལ་ཀ་ཉིད་དུ་གསོལ། །ཞེས་སོ། །ཡང་མདོ་རྒྱུད་རྣམ་དག་དང་བསྟན་བཅོས་ཁུངས་ལྡན་མང་པོར་རྒྱལ་ཆེན་བཞིའི་ཕོ་བྲང་གཉའ་ཤིང་འཛིན་གྱི་རྩེ་མོར་ཡོད་ཞེས་ཡང་ཡང་གསུང་ལྟར་འདིར་གཉའ་ཤིང་འཛིན་གྱི་ངོས་འཛིན་གོང་དུ་སོང་བཞིན་རྒྱལ་ཆེན་བཞིའི་ཕོ་བྲང་རི་རབ་ཀྱི་རྭ་ལྔ་སྐྱེ་བའི་རྨང་གཞིའི་རྭ་བཞིའི་བར་སྟེགས་སུ་ཡོད་པར་འདོད་པ་ཡིན་ལ། གཞན་རི་རབ་བང་རིམ་བཞི་པར་ཕོ་བྲང་ཡོད་ཞེས་མངོན་པ་རང་ལུགས་འཐད་ཀྱང་གཉའ་ཤིང་འཛིན་རྩེར་འགྲིགས་པའི་གོ་སྐབས་ནམ་ཡང་མི་རྙེད་དེ་བང་རིམ་བཞི་དང་ཐད་མཚུངས་ཙམ་ལ་བྱེད་ན་གཉའ་ཤིང་འཛིན་གྱི་རྩེ་མོར་ཡོད་པ་མ་ཡིན་པས་ཁོ་བོས་བཤད་པ་འདི་ལས་གཞན་དུ་ལོ་བརྒྱར་སྤྱད་ཀྱང་མི་འགྲིག་གོ །རྒྱལ་ཆེན་སྡེ་བཞིའི་རིགས་ཅན་ནི་ལྷུན་པོ་ནས་མེ་དཀྱིལ་ལ་ཐུག་གི་བར་གོ་ལའི་ཁྱོན་གྱི་གཟའ་སྐར་ཀུན་དང་། རི་དྲུག་གི་ཁ་ཁྱེར་གླིང་བཞིའི་དབུས་ཀྱི་གངས་རི་དང་གཞན་ཡང་གངས་བྲག་ནགས་ཚལ་གྲོང་དང་གྲོང་བརྡལ་རྣམས་སུ་ཡང་གནས་པར་གསུང་སྟེ། དེ་ཡང་རི་དྲུག་གི་ཁ་ཁྱེར་ལ་གནོད་སྦྱིན་གསེར་ཁང་དང་། སྟོབས་ལྡན་དང་། འཇུག་སྲེད་དང་། གྲགས་དཔལ་དང་། རི་འདེག་དང་། མཆོག་སྲེད་དྲུག གཙོ་བོ་སྟེ་དེ་ཡི་སྡེ་རིས་དང་བཅས་པའི་གྲོང་ཁྱེར་གནས་པ་དང་། ཕྱི་རོལ་ལྕགས་རི་ལྟ་བུ་རྡོ་རྗེའི་རི་རྩེར་ཡང་གནོད་སྦྱིན་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རིགས་ཀྱི་གནས་ཁང་པ་དང་ཁང་བརྩེགས་དུ་མ་ཡོད་པར་རྒྱུད་གཞན་ལས་སོ། །ལྷ་མ་ཡིན་གྱི་གནས་ས་དཀྱིལ་གྱི་རྔམས་ཀྱི་བཞི་ཆ་གོང་དང་། བཞི་ཆ་གཉིས་པར་ཀླུའི་གནས་སུ་དུས་འཁོར་ད་ལྟའི་འགྱུར་ཚུལ་འདིར་བཞུགས་ཀྱང་། རྗེ་པུཎྜརི་ཀས། སྟེང་དུ་ཀླུ་དང་འོག་ཏུ་ལྷ་མིན་མཛད་པར་སློབ་མ་མཁས་པར་གྲགས་པ་རྣམས་ཀྱིས་དེ་ཡིག་ནོར་དུ་བཟུང་ཡང་མ་ཡིན་ཏེ་རང་བཞེད་ཐུན་མོང་མིན་པར་སྣང་ལ། རིག་པའི་སྒོ་ནས་ནི་དེ་ཡང་མི་འཐད་པ་མེད་དོ། །གཞན་དུ་ནི་ས་དཀྱིལ་ཕྱེད་གོང་ལྷ་མིན་ཞེས་པ་ལྟེ་བའི་ཆ་དང་ཕྱེད་འོག་ཀླུའི་གནས་ཁོར་ཡུག་གི་ཆར་ཀྱང་འགལ་བ་ཆེར་མ་མཐོང་ངོ་། །ས་དཀྱིལ་ཕྱེད་མན་གསེག་མའི་དམྱལ་བ་སྟེ་ཡི་དྭགས་རྒྱལ་པོའི་གནས་ཀྱང་། དེ་ཡི་ཁོངས་སུ་རྗེ་འབྲུག་པས་བཞེད་པ་ནི་ལེགས་བཤད་ཉིད་དུ་བཟུང་ངོ་། །དེ་ལྟར་ས་ཡི་བུ་གའི་གནས་རྣམས་སུ་འགྲོ་བ་གཞན་གསུམ་དང་ས་ཡི་སྟེང་དུ་མི་རིགས་རྣམས་ཡོངས་སུ་འཁོད་པ་འཛམ་གླིང་ལས་ཀྱི་སར་གསུངས་ཤིང་།

དེ་ལས་བྱེ་བྲག་ཏུ་འཛམ་གླིང་ཆུང་ངུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱོན་ཅིང་སངས་རྒྱས་པའི་གནས་རྡོ་རྗེ་གདན་ཡོད་པས་ན་སྔགས་པ་དུ་མས་ཡོངས་སུ་བསྔགས་པའི་གནས་སོ། །དེ་ཡང་འཛམ་གླིང་ཆུང་ངུ་འདི་ཡི་དབུས་དངོས་གཞིར་འཛམ་གླིང་གི་རི་ཆེན་པོ་བཞིའི་ནང་ཚན་གངས་ཅན་སྟེ་ཧི་མ་ལ་དཔག་ཚད་སུམ་བརྒྱའི་ཁོར་ཡུག་ཅན་བརྒྱ་གྱེན་དུ་འཕྱུར་ཏེ་གནས་ཤིང་། དེ་ཡི་ཤར་ནུབ་ཏུ་ཆུ་མགོ་རི་དེལ་བྱས་ནས་ཆུ་བོ་ཤཱི་ཏ་རྒྱ་མཚོ་དུག་ཅན་ལ་འབབ་པ་སྟེ་ཞིབ་མོར་ཕྱེས་ན་གངས་ཅན་གྱི་ཤར་ཕྱོགས་ནས་ཤཱིཏ་ཅིག་ཤར་ཕྱོགས་ཀྱི་རྒྱ་མཚོར་བབ་པ་དང་། གངས་ཅན་གྱི་ནུབ་ཕྱོགས་ནས་ཤཱིཏ་ཅིག་ནུབ་ཀྱི་ཕྱོགས་མཚམས་བབ་པ་ཡིན་ནོ། །ཧི་མ་ལ་དེའི་ཕྱོགས་བཞིའི་ཆར་རྭ་བཞིའི་རྣམ་པར་རི་བོ་ཀེ་ཏ་རའི་མིང་ཅན་བཞི་ཡོད་པ་ལྷོ་ཕྱོགས་དེ་ད་ལྟ་མངའ་རིས་གངས་རི་ཆེན་པོ་ཏི་སེར་གྲགས་པ་འདི་ཡིན་ཞེས་ཁོ་བོས་སྨྲའོ། །རིག་བྱེད་ཀྱི་གཞུང་ལས་ཆུ་བོ་གངྒཱས་ལྷོ་ཕྱོགས་ཀྱི་གངས་རི་ཕུག་ནས་ཡུལ་དབུས་འགྱུར་དུ་འབབ་པར་གསུངས་པ་ཡང་འདིར་འཐད་པ་ཉིད་དོ། །དེས་ན་བོད་ཀྱི་ཏི་སེ་འདི་གངས་ཅན་གྱི་རྭ་ཀེ་ཏ་ར་ཡིན་ན། གངས་ཅན་མ་ཡིན་པ་ཡང་མིན་ལ་ཧི་མ་ལ་དངོས་མཛོད་དང་ཕལ་ཆེན་དང་ཤམྦྷ་ལ་ཡི་ལམ་ཡིག་གནས་གསུང་པ་དངོས་བྱང་ཕྱོགས་སུ་ཡོད་ན་བོད་ཀྱི་ཏི་སིར་དེ་ཡི་བཤད་ཚོད་རྣམས་མ་ཚང་པས་སྐྱོན་དུ་མི་འགྱུར་ཞིང་། ད་ཕྱིན་ལུགས་འདི་ས་སྐྱ་དང་བཀའ་རྒྱུད་ཀྱི་མཁས་པ་རྣམས་རྩོད་པ་མེད་པར་ཐུགས་བག་ཕེབས་པར་འོས། ཏི་སེ་གངས་ཅན་གཅིག་ཐ་དད། །མཁས་རྣམས་འབེལ་མཆིད་རྒྱ་ཆེ་ཡང་། །དངོས་དོན་སྔོན་མེད་ལེགས་བཤད་འདིའི། །དོན་ཡོད་ལྕགས་ཀྱུའི་མཐུ་ལས་སོ། །ས་དཀྱིལ་འོག་གི་ཆ་ཆུ་དང་མེ་དང་རླུང་དལ་ལ་གྲང་བ་དང་ཚ་བ་དང་མི་བཟད་པའི་དམྱལ་བ་གཉིས་གཉིས་དྲུག རླུང་དཀྱིལ་གྱི་ཆ་འོག་མར་རྡོ་རྗེའི་ཁབ་རྩེའི་དམྱལ་བ་སྟེ་བདུན་དང་། གོང་གི་ས་དཀྱིལ་དུ་གསེག་མའི་དམྱལ་བ་བཅས་བརྒྱད་ཡིན་ནོ། །དུས་ཀྱི་འཁོར་ལོ་སྲིད་པ་སུམ་ཅུ་རྩ་གཅིག་ཏུ་གསུང་བ་གཟུགས་མེད་བཞི། གཟུགས་ཁམས་བཅུ་དྲུག འདོད་ལྷ་དྲུག་གི་གནས་དང་བཅས་ཉེར་དྲུག དེ་སྟེང་ལྷ་མིན། མི། བྱོལ་སོང་། ཡི་དྭགས་དམྱལ་བ་རྣམས་བསྡོམས་པས་སུམ་ཅུ་རྩ་གཅིག་ཡིན་ནོ། །གཟུགས་ཁམས་གནས་རིས་བཅུ་དྲུག་ཏུ་གསུང་བ་ནི་འདིར་གཙང་མའི་གནས་ཀྱི་ཤིན་ཏུ་མཐོང་བསྟན་ནས་གྱ་སྣོམ་སྣང་དེ་དང་དོན་གཅིག་ཏུ་དགོངས་པའི་ཕྱོགས་ཡིན་ལ། འདི་ལ་གཞུང་གཞན་དུ་ཤིན་ཏུ་དང་གྱ་ནོམ་དོན་གཅིག་ཅིང་སྣང་བ་དང་མཐོང་བ་དོན་གཅིག་ཡོད་ཞེས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་གསུང་བར་གྲགས་པ་དང་མཐུན་ལ། གཞན་ཁ་ཆེ་བྱེ་བྲག་སྨྲ་བ་ཡང་གཟུགས་ཁམས་གནས་རིས་བཅུ་དྲུག་ཏུ་འདོད་དེ། ཚངས་པ་མདུན་ན་འདོན་དང་ཚངས་ཆེན་གཅིག་ཏུ་བགྲང་བའོ། །དེ་ཡང་ལྷ་ཡི་གནས་དང་། ས་འོག་མུན་འགྲོའི་གནས་རྣམས་རྒྱར་ཞེང་ས་དཀྱིལ་དང་མཉམ་པ་ནི། གནས་ཀྱི་གཙོ་བོ་ལ་དགོངས་པ་ཡིན་ཅིང་། ཁོར་ཡུག་ནི་སྟེང་གི་ལྷ་རྒྱལ་ཆེན་སྡེ་བཞིའི་རིགས་མེ་དཀྱིལ་ལ་ཐུག་གི་བར་དང་མཐའི་རྒྱ་མཚོ་ཆེན་པོའི་ཆར་བྱོལ་སོང་གི་རིགས་དུ་མས་ཀུན་ཏུ་ཁེངས་པའི་རིག་པས་མཐོ་རིས་དང་ངན་སོང་གི་གནས་ཀྱི་ལྷག་མ་གཞན་རྣམས་ཀྱང་དེ་ལྟར་ཤེས་དགོས་སོ། །སྲིད་པ་བཅུད་ཀྱི་སེམས་ཅན་དེ་རྣམས་ཀྱི་ཚེ་ཚད་ཀྱང་གཟུགས་མེད་བཞི་སྟེང་མ་བསྐལ་ཆེན་བཞི་ནས་འོག་མ་རེ་རེས་འཕྲིན་ལས་པའི་ནམ་མཁའ་མཐའ་ཡས་སུ་བསྐལ་ཆེན་གཅིག་གི་ཆེའོ། །གཟུགས་ཁམས་ཀྱི་གནས་བཅུ་དྲུག་གི་སྟེང་མ་འོག་མིན་གྱི་ཚེ་བསྐལ་པ་བར་མ་བཅུ་དྲུག་ཐུབ་པ། འོག་མ་ལ་རེ་རེ་འཕྲིན་ལས་པས་ཚངས་རིས་སུ་གནས་པས་བར་བསྐལ་གཅིག་ཐུབ་བོ། །འདོད་ལྷ་དྲུག་གི་སྟེང་མ་གཞན་འཕྲུལ་དབང་བྱེད་ཀྱི་ཚེ་བསྐལ་པ་ཆུང་དྲུག་དང་།

འོག་ཏུ་རིམ་པས་ཕྲིས་པས་རྒྱལ་ཆེན་སྡེ་བཞིའི་ཚེས་བསྐལ་ཆུང་གཅིག་གོ །ཀླུ་དང་དམྱལ་བ་དང་པོ་ནི་བསྐལ་པ་ཆུང་ངུའི་ཚེ་དང་། དམྱལ་བ་གཉིས་པ་དང་གསུམ་པ་བསྐལ་པ་བར་མ། བཞི་པ་དང་ལྔ་པ་མཆོག་གི་བསྐལ་པ། དྲུག་པ་དང་བདུན་པ་བསྐལ་པ་ཆེན་པོ། བརྒྱད་པ་འཇིག་རྟེན་ཁམས་བསྡུད་པའི་ཚད་དུ་གསུངས་སོ། །མི་རྣམས་ནི་སངས་རྒྱས་ཀྱི་ཆོས་བསྟན་པའི་དུས་ཀྱི་རགས་རྩིས་ཚེ་ལོ་བརྒྱ་པའི་དབང་དུ་མཛད་ཅིང་། ལྷ་མ་ཡིན་དང་། ཡི་དྭགས་ཀྱང་། རང་རང་དབུགས་ཚད་ཀྱིས་ལོ་བརྒྱར་གསུངས་ཏེ། དེ་ཡང་མི་ལོ་བཅུ་གཉིས་ལྷ་མ་ཡིན་གྱི་ཞག་གཅིག དེ་སུམ་ཅུའི་ཟླ་བ།དེ་བཅུ་གཉིས་ཀྱི་ལོ། དེ་བརྒྱ་ཡི་ཚེ་ཚད་དུ་བྱས་པས་མི་ལོ་བཞི་འབུམ་སུམ་ཁྲི་ཉིས་སྟོང་གི་ལྷ་མ་ཡིན་གྱི་ཚེ་ཚད་དང་མི་ཡི་ཟླ་བ་གཅིག་ཡི་དྭགས་ཀྱི་ཞག་དང་། དེ་སུམ་ཅུའི་ཟླ་བ་སོགས་གོང་བཞིན་བྱས་པས་མི་ལོ་སུམ་སྟོང་ཐམ་པ་ཡི་དྭགས་ཀྱི་ཚེ་ཚད་དུ་དོན་གྱིས་གསུང་བར་གནང་ངོ་། །དེ་ཡང་དུས་འཁོར་ནས་གསུང་པ་བསྐལ་པའི་ཚད་ནི། གཞུ་འདོམ་སྟོང་ཕྲག་བརྒྱད་ནི་དཔག་ཚད་ཀྱི་ཚད་ཡིན་ལ། དེ་ལྟ་བུའི་ཆུ་ཞེང་མཉམ་པའི་དོང་། སྐྲ་རྩེ་ཆུ་ཞེང་མཉམ་པར་ཡོངས་སུ་བསྐང་ནས་ལོ་བརྒྱ་བརྒྱ་ན་སྐྲ་རྩེ་རེ་རེ་ཕྱུང་པ་ཡི་སྐྲ་རྩེ་ཐམས་ཅད་ཟད་པའི་ཚེ་ཞག་གཅིག་ཏུ་བྱས་ནས་ཞག་དེ་ཟླ་བ་དང་ལོ་བགྲང་ཚུལ་ཇི་ལྟར་གྱི་ལོ་བརྒྱ་རྫོགས་པའི་ཚེ་ན་བསྐལ་པ་ཆུང་ངུ་ཡིན་ལ། བསྐལ་པ་ཆུང་ངུ་དེས་ཞག་དང་ཟླ་བ་ལོར་བྱས་ནས་ལོ་བརྒྱ་ལོན་པ་ན་བར་གྱི་བསྐལ་པ་དང་། བར་བསྐལ་ཞག་ཏུ་བྱས་ནས་བསྒྲང་ཚུལ་དེ་ལྟས་ལོ་བརྒྱས་མཆོག་གི་བསྐལ་པ། མཆོག་བསྐལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱས་བསྐལ་པ་ཆེན་པོར་གསུང་སྟེ། བསྐལ་པ་དེ་རྣམས་ཀྱི་ཡུན་ཚད་མི་ཡི་ལོ་གྲངས་ལ་སྦྱར་བའི་རྩི་ཚུལ་ཞིབ་པ་ནི་མི་བསྐྱོད་ཞབས་ཀྱི་དུས་བཞི་གསལ་བྱེད་དང་།

རྗེ་པུནྡྷ་རི་ཀའི་དངོས་སློབ་འབྲུག་པ་ལྷ་བློ་ཞེས་བདག་གི་རྩིས་རིག་བརྒྱུད་པའི་བླ་མ་དེས་ཀྱང་འཆད་ཐབས་གསལ་བར་རྒྱས་པར་བཀོད་སྣང་ལ། ཁོ་བོས་ཀྱང་སྔར་གཞན་དུ་འཆད་ཟིན་པ་ལས་རྟོགས་པར་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐོག་མར་བསྐྱེད་ཅིང་བར་དུ་གནས་པའི་ཚུལ་རགས་བསྡུས་སུ་བཤད་ཟིན་ལ། མཐར་འཇིག་རྟེན་བསྡུད་པའི་ཚུལ་ནི་ནང་ལུས་ཀྱི་དེ་ཉིད་དང་མཐུན་པར་འབྱུང་བ་རྣམས་ཕན་ཚུན་ནུས་པ་འཁྲུགས་ཤིང་ཤེད་ཤོར་བས་ས་ནི་ཆུར་ཞིག་ཅིང་ཐིམ། ཆུ་ནི་མེ་དང་། མེ་རླུང་ལ། དེ་ཡང་ནམ་མཁར་ཐིམ་ནས་སྟོང་པ་ཆེན་པོའི་ངང་དུ་གནས་ཤིང་སླར་ཡང་སྔོན་བཞིན་ཀུན་རྫོབ་རྟེན་འབྲེལ་གྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་གྲུབ་པར་ཡང་གྱུར་ཏོ། །འཇིག་རྟེན་བསྡུད་པའི་ཚུལ་འདིར་ས་བཅད་ཙམ་སྟེ་འདི་ལ་སྔར་གཞན་གྱིས་རྒྱས་པར་བཤད་པ་མ་མཐོང་བས་སླར་ཞིབ་མོར་སྤྲོས་ཏེ་ལོགས་སུ་འཆད་པ་ཡང་འདོད་དོ། །དེ་ཡང་འཇིག་རྟེན་འདི་ནི་གདོད་ནས་མ་གྲུབ་བཞིན་རང་བཞིན་གི་འོད་གསལ་བའི་རང་གདངས་སུ་འགོག་པ་མེད་པར་རྟེན་འབྲེལ་གྱི་རོལ་པར་སྣང་ཞིང་། གདུལ་བྱ་རང་གི་མོས་བསམ་བློ་རིག་ཐ་དད་པ་ལ་རྒྱལ་བ་ཐབས་ལ་མཁས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གང་ལ་གང་འདུལ་དུ་མ་དག་པའི་ཤེས་པ་བཟློག་པའི་དོན་དང་། ལོག་པའི་ཞེན་པ་སུན་ཕྱུང་བ་དང་། གང་ལ་ཡང་ཞེན་པ་མེད་པར་རྟེན་པ་དང་། དབང་པོ་ཁམས་དང་མཚམས་པར་སྤྲོ་བ་བསྐྱེད་པ་དང་། འགལ་འབྲལ་རང་ངོས་མ་གྲུབ་པར་བསྟན་པ་དང་། ཞེན་ཡུལ་མ་གྲུབ་པ་སྒྱུ་མ་ལྟར་འགལ་བ་མེད་པར་གསུང་བ་སོགས་འབྱམས་ཀླས་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལ་སུ་ཞིག་གིས་གཞལ། འོན་ཀྱང་དེ་བཞིན་གཤེགས་པའི་བཀའ་ཡང་དག་པའི་ཚད་མ་ནས་ཇི་ལྟར་གསུང་བ་རྣམ་གྲངས་དུ་གྱུར་པ་དག་རང་མོས་པའི་གནས་གང་ཡིན་པ་དེ་བླངས་བས་དེ་བཞིན་གྱི་དོན་གྲུབ་པ་ཉིད་དུ་གྱུར་མོད། དེ་ལྟར་ན་ཡང་ངེས་པའི་དོན་སྔགས་ཀྱི་ཐེག་པ་སྟེ། སྔགས་རྒྱུད་ཆེན་པོ་ནས་འཇིག་རྟེན་ཁམས་ཆ་ཤས་དང་གསལ་བར་བསྟན་པ་ཅི་རིགས་བཞུགས་པ་ལས། གཞན་ལས་རྣམ་གྲངས་དུ་གྱུར་པ་ཕྱི་ནང་གཞན་གསུམ་དག་སྦྱོར་རྒྱས་པར་འབྱུང་བ་དཔལ་མཆོག་དུས་ཀྱི་འཁོར་ལོའི་ལུགས་འདི་ཡིན་པས་དེ་ལ་ཡང་མཆོག་ཏུ་གུས་པས་བཟུང་བར་བྱ་བའི་གནས་སོ། །དེ་སྐད་གསང་སྔགས་གསར་འགྱུར་རྒྱུད། །ཀུན་གྱི་སྤྱི་བོའི་གསང་མཐའི་རྒྱུད། །གཉིས་མེད་དཔལ་མཆོག་དུས་འཁོར་ལོ། །ཕྱི་ནང་གཞན་དུ་ལེགས་གསུང་བའི། །རྒྱུད་དང་ས་བཅུ་པའི་འགྲེལ་བར། །ཕྱི་ཡི་དུས་འཁོར་འཇིག་རྟེན་ཁམས། །རྣམ་དག་མཁས་མཆོག་རྣམས་བཞེད་ཚུལ། །རྣམ་མང་གཅིག་དང་དུ་མ་ཉིད། །མ་འདྲེས་ལེགས་པར་མཐོང་བའི་མཐུས། །རྣམ་པར་སྤྱོད་པའི་ལྡེ་མིག་ཐོབ། །ཤེས་རབ་གསལ་བའི་སྒོ་ཕྱེས་ནས། །འཐད་པའི་རིན་ཆེན་བདག་གིར་བྱས། །

དེས་ན་བདག་མཁོས་ངན་པས་གཞན་གྱི་བཤུལ་དུ་གཞོལ་འོས་ཡང་། །བློ་ཡི་རྟ་རྒོད་ཁ་ལོ་བརྟེན་པར་མ་བཟོད་རྒྱུད་འགྲེལ་གྱི། །གཞུང་དུ་འཇུག་པར་མཐོང་ནས་རང་འདོད་ལམ་དུ་གར་བ་འདི། །གནོང་པར་གྱུར་མོད་བཟོད་པར་སྙིང་ནས་གསོལ་གྱི་སྐྱོན་མ་མཛད། །གང་དུ་བདག་གིས་ལེགས་པར་བཤད་པའི་ཆ། །མཆིས་ཀུན་སྔོན་རབས་དམ་པ་རྣམས་ཀྱི་བྱིན། །རྩ་བའི་བླ་མའི་མཐུ་རླབས་ཁོ་ན་ལས། །བདག་གིས་བགྱི་བ་ཅུང་ཟད་ཡོངས་མ་མཆིས། །ཉེས་པར་གྱུར་ཀུན་བདག་ནི་བྱིས་པའི་སེམས། །བློ་རྨོངས་སྐྱོན་གྱིས་བསླད་ལས་གཞན་གྱིས་མིན། །དེ་ཀུན་སྤང་གྱུར་རྣམས་ལ་མཐོལ་བཤགས་ན། །སྒྲིབ་མེད་ཚངས་པའི་དབུགས་དབྱུང་སྩལ་དུ་གསོལ། །རྒྱུད་དང་འགྲེལ་དོན་གཞིར་བཞག་མཁས་གསུང་ལེགས་པའི་ཆ་གྱུར་ཀུན་ལས་བཏུས། དེས་ན་སྔོན་མཁས་ཀུན་གྱི་ལེགས་བཤད་ཡིན་མོད་ཕྱོགས་གཅིག་འདི་རུ་སྟེ། དེ་ཡང་མགོན་པོ་མཆོག་གྱུར་རྣམས་ཀྱི་བརྩེ་བས་བདག་ལ་བགོ་སྐལ་མཛད། དེ་ཕྱིར་རབ་གུས་ཕྱག་བྱས་བཅས་འདིར་འབད་དགེ་མཆིས་མགོན་རྣམས་དགྱེས་ཕྱིར་བསྔོ།

ཞེས་དུས་འཁོར་འཇིག་རྟེན་ཁམས་རྣམ་པ་གདགས་པའི་དཔེའུ་རིས་བགྱིས་པའི་ཁ་བྱང་ཚུལ་དུ་གསལ་བྱེད་ཀྱི་ཡི་གེ་ཚིག་དོན་གསལ་བར་རང་འདོད་ཇི་བཞིན་བྱས་པ་ཞིག་ཅིས་ཀྱང་བགྱི་བར་འོས་ཞེས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་འཇིག་རྟེན་དབང་ཕྱུག་གི་གངས་རིའི་ཁྲོད་དུ་སྐྱེ་བའི་ཕྲེང་བར་སྣང་བར་མཛད་པ་དཔལ་ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་སེམས་དཔའ་མཆོག་དང་། འཇམ་དཔལ་དཔའ་བོས་བྱིན་གྱིས་བརླབས་པའི་དཔལ་ལྡན་དཔའ་བོ་ཞེས་སུ་མཚན་གྱི་སྙན་ས་རྒོད་པ་གང་གི་སྤྲུལ་པའི་སྐུར་གྱུར་གཙུག་ལག་མཆོག་ཏུ་དགའ་བའི་ཞལ་སྔ་ནས་ནན་གྱི་བཀའ་ཡིས་གནང་བཞིན་རིག་པ་འཛིན་པ་ཚེ་དབང་ནོར་བུས་སྐྱེས་བདག་གི་ལོ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོར་མཚུར་མདོ་བོའི་གཙུག་ལག་ཁང་དུ་ཅུང་ཟད་བྲིས་པའི་འཕྲོད་རྒྱལ་བ་དམ་པ་ལོ་རས་ཀྱི་སྒྲུབ་གནས་དབུ་རིར་ཇོ་ནང་ཀུན་མཁྱེན་མཆོག་གི་དུས་ཆེན་དགའ་བ་གཉིས་པའི་ཐུན་བར་དུ་གྲུབ་པར་སྦྱར་བའི་རེག་གཟིག་ལས་སླར་གོ་བདེ་ཕྱིར་སྐབས་འགར་ཚིག་སྣ་ཅུང་ཟད་བསྲིང་བར་བྱས་པའོ། །དགེའོ། །དགེའོ། །


previousདཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་རྟེན་དང་བརྟེན་པར་བཅས་པའི་ཚུལ་དཔེའུ་རིས་ལེགས་པར་བཀོད་པའི་ཁ་བྱང་ཉུང་ངུ་དོན་གསལ།next