Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  expand section
   
   
   
   
   
   
   
   
   
   
   
   
   
སྐར་རྩིས་ལ་ཉེ་བར་མཁོ་བ་གྲངས་ཀྱི་རྩོམ་བྱེད་རྩ་བ་དྲུག་པའི་མངོན་བརྗོད་གཞུང་ཆུང་ཊི་ཀ་དང་བཅས་པ་ཏིལ་གྱི་མེ་སྣང་།
   
   
  expand section
   
   
   


 
previousསྐར་རྩིས་ལ་ཉེ་བར་མཁོ་བ་གྲངས་ཀྱི་རྩོམ་བྱེད་རྩ་བ་དྲུག་པའི་མངོན་བརྗོད་གཞུང་ཆུང་ཊི་ཀ་དང་བཅས་པ་ཏིལ་གྱི་མེ་སྣང་།next

སྐར་རྩིས་ལ་ཉེ་བར་མཁོ་བ་གྲངས་ཀྱི་རྩོམ་བྱེད་རྩ་བ་དྲུག་པའི་མངོན་བརྗོད་གཞུང་ཆུང་ཊི་ཀ་དང་བཅས་པ་ཏིལ་གྱི་མེ་སྣང་།

༄༅། །སྐར་རྩིས་ལ་ཉེ་བར་མཁོ་བ་གྲངས་ཀྱི་རྩོམ་བྱེད་རྩ་བ་དྲུག་པའི་མངོན་བརྗོད་གཞུང་ཆུང་ཊི་ཀ་དང་བཅས་པ་ཏིལ་གྱི་མེ་སྣང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མ་བྱོན་པའི་སངས་རྒྱས་དྲག་པ་སེང་གེའི་ང་རོ་ལ་ཕྱག་འཚལ་ལོ། །དེ་ནས་འདི་སྐད་དུ། ཁམས་ཡུལ་གྲོང་ཁྱེར་འགྲོ་གནས་ཚོར། །སྡེར་སྦྱོར་འདོད་ལྷ་དགའ་བྱེད་པ། །མོའི་སྲས་ལེགས་ལྡན་འབྱོར་པ་སྟེ། །གྲངས་རྩ་དྲུག་གི་མངོན་བརྗོད་མིང་། །རྩ་བར་མི་མང་དེས་ན་འདིར། །རིག་བྱེད་པ་དང་སངས་རྒྱས་གཞུང་། །གཉིས་ཀ་ལ་གྲགས་རུང་མཐུན་བརྡའ། །བདག་བློས་གསར་དུ་དེང་འདིར་བཞག །དེ་ལ་ཉེས་པར་མི་སེམས་ཤིང་། །གཞན་ནས་འཕྲི་བསྣན་ཡང་མ་བྱེད། །ཕྲ་མོ་འདི་ཙམ་སྨྲས་དགེ་ཡང་། །རིགས་དྲུག་རྡོ་རྗེ་འཆང་ཐོབ་ཤོག །

ཞེས་པའང་རྒྱལ་ཁམས་པ་ཚེ་དབང་ནོར་བུས་སྨྲས་པའོ། །

ཨ་ཐ། གཞུང་ཆུང་འདི་ལ་ཀླད་ཀྱི་དོན། །གཞུང་དང་། རྗེས་སོ། །ཀླད་ཀྱི་དོན་ནི་ཕྱག་འཚལ་བ་དང་རྩོམ་པར་དམ་བཅའ་བ། དང་པོ་ནི་བདག་ཅག་གི་སྟོན་པར་ཕྱག་འཚལ་བ་དང་། མ་བྱོན་པའི་སངས་རྒྱས་དྲུག་པ་ལ་ཕྱག་འཚལ་བའོ། །བདག་ཅག་གི་སྟོན་པ་ལ་ཕྱག་འཚལ་བ་ལ། སངས་རྒྱས་ནི་སྒྲིབ་གསུམ་དྲི་མ་དང་བཅས་པ་སངས། །སྐུ་གསུམ་ཡེ་ཤེས་མ་ལུས་ཤིང་ལུས་པ་མེད་པར་རྒྱས། །བཅོམ་ལྡན་འདས་ནི་བདུད་བཞི་བཅོམ་སྐལ་དྲུག་དང་ལྡན། །སྲིད་ཞི་གཉིས་ཀ་ལས་འདས་པ་སྟེ། རྒྱུ་ཉོན་མོངས། འབྲས་བུ་ལྷ་བུ། རྒྱུ་ཕུང་པོ། འབྲས་བུ་འཆི་སྟེ་བདུད་བཞི་བཅོམ་པ་དང་། རྒྱུ་སྦྱིན་སོགས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པའི་རང་འབྲས་ཕྱིན་དྲུག་གི་གོ་རིམ་བཞིན། དཔལ་དང་གྲགས་པ་དང་གཟུགས་བཟང་བ་དང་བརྩོན་འགྲུས་དང་། ཡེ་ཤེས་དང་དབང་ཕྱུག་སྟེ་སྐལ་བ་དྲུག་གོ །ཤཱཀྱ་ཐུབ་པ་ནི་ཤཱཀྱ་ཕོད་པ་དང་ནུས་པ་སྟེ། དུས་དེར་རྒྱལ་རིགས་དྲེགས་པ་ཅན་རྣམས་ཞི་བར་བྱེད་པས་ན་ཐུབ་པའམ། ཡང་ན་ཤཱཀྱ་ནི་འདུལ་བར་དཀའ་བ་མཐའ་དག་དང་། ཐུབ་པ་ནི་འདུལ་བྱེད་རྨད་བྱུང་བ་དོན་དུ་ཡང་རུང་སྟེ། ཕྱག་འཚལ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ཤེས་ཤིང་སྙིང་ནས་མི་ཚད་པའི་གུས་པ་ཆེན་པོ་དང་ལྡན་པས་དེའི་མཚན་ཐོས་པ་ཙམ་གྱིས་ཐལ་མོ་སྤྱི་བོར་སྦྱར་ཞིང་ཡན་ལག་ལྔ་ས་ལ་ཕབ་སྟེ་ཕྱག་བྱས་པའོ། །མ་བྱོན་པ་ནི་འབྱུང་འགྱུར་ཏེ་གོ་སླ་ལ། སངས་རྒྱས་ནི་སྔ་མ་དང་འདྲ་ཞིང་། དྲུག་པ་ནི་བསྐལ་པ་བཟང་པོ་འདིར་སངས་རྒྱས་བརྒྱ་ཕྲག་བཅུའི་དང་པོའི་དྲུག་པའོ། །སེང་གེ་ནི་འཇིགས་པ་ཐམས་ཅད་དང་བྲལ་བའི་དོན་དང་། ང་རོ་ནི་ལོག་པར་སྨྲ་བ་མཐའ་དག་ཟིལ་གྱིས་གནོན་པ་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་སྤྲོ་བ་སྟེ། དེ་ལ་ཕྱག་འཚལ་བ་ནི་གོང་དང་མཐུན། སྐབས་འདིར་གྲངས་གནས་དྲུག་བརྗོད་པ་ལ་བསྐལ་བཟང་སངས་རྒྱས་དྲུག་པ་ལ་ཕྱག་འཚལ་བ་ནི་གནས་སྐབས་ཉམས་མཚར་བ་དང་། དོན་དུ་མ་འོངས་སངས་རྒྱས་དེ་ལ་མོས་པའི་བག་ཆགས་བཞག་ནས་ཚོགས་གཉིས་རྒྱ་ཆེར་བསགས་པའི་ཕྱིར་རོ། །རྩོམ་པར་དམ་བཅའ་བ་ནི། དེ་ནས་གྲངས་ཀྱི་བརྡ་ཆད་གཅིག་ལ་སོགས་པ་སྔོན་དུ་སོང་བའི་བརྡར་ཡང་རུང་ལ། འདིར་ཕྱག་འཚལ་ནས་ཚིག་གི་མཚམས་སྦྱར་བ་ཡིན་ནོ། །འདི་སྐད་དུ་ཅེས་པ་ནི་དངོས་གཞིར་འཇུག་པའི་ཚིག་གོ །དོན་གཉིས་པ་གཞུང་དངོས་ལ་རྩ་བ་དང་འཕྲོས་དོན་གཉིས་སོ། །དང་པོ་ནི། ཁམས་ཡུལ་གྲོང་ཁྱེར་འགྲོ་གནས་ཚོར། ཞེས་ཁམས་ནི་ས་ཆུ་མེ་རླུང་མཁའ་དང་ཡེ་ཤེས་ཏེ་དྲུག་གོ །ཡུལ་ནི་ནང་དུ་མིག་ནས་ཡིད་ཀྱི་ཡུལ་གྱི་བར་དུ་ཡང་རུང་མོད། འདིར་ནི་སྐར་རྩིས་དུས་སྦྱོར་སྐབས་སུ་ཡུལ་དྲུག་ཏུ་གསུང་པ་འཕགས་ཡུལ། བོད། ལི། རྒྱ། ཤམྦྷ་ལ། གངས་ལྡན་ཞེས་ཀཻ་ལ་ཤ་སྟེ་དྲུག་གོ །གངས་ལྡན་ལྷོ་བྱང་དུས་སྦྱོར་ཚད་ཐ་དད་དུ་བྱས་པ་ཡོད་ཀྱང་ཡུལ་གཅིག་ཉིད་ལས་མི་བཟུང་ངོ་། །གྲོང་ཁྱེར་ནི་ཡུལ་དབུས་འགྱུར་གྱི་གྲོང་ཁྱེར་ཏེ། གནས་བཅས། གཉན་ཡོད། ཝ་ར་ཎ་སི། ཙམ་པརྣ། རྒྱལ་པོའི་ཁབ། ཡངས་པ་ཅན་དང་དྲུག་གོ །འགྲོ་བ་ནི་ངན་སོང་གི་འགྲོ་བ་གསུམ་སྟེ་དམྱལ་བ་ཡི་དྭགས་དུད་འགྲོ་དང་། མཐོ་རིས་ཀྱི་འགྲོ་བ་གསུམ་སྟེ། མི་ལྷ་མིན་ལྷ་དང་དྲུག་གོ །གནས་ནི་རིགས་དྲུག་གི་གནས་དང་ལུས་ཀྱི་རྐང་མཐིལ། གསང་གནས། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་དྲུག་ཀྱང་ངོ་། །ཚོར་བ་ནི་མིག ལུས་རྣ་བ་སྣ་ལྕེ་ཡིད་ཀྱི་འདུས་ཏེ་རེག་པའི་ཚོར་བའི་བར་རོ། །སྡེབ་སྦྱོར་འདོད་ལྷག་དགའ་བྱེད་པ། སྡེབ་སྦྱོར་ནི་མདོ་རྟགས་སྣ་ཚོགས་པ་ལས། སྡེབ་སྦྱོར་གྱི་འདོད་པ་དུ་ཞིག དྲུག་གོ །འདི་ལྟ་སྟེ། གཽ་ཏ་མ་དང་། ར་མ་ཡིན་དང་། མངྒ་ལཾ་དང་། སོ་སོ་པད་ཙ་ལ་དང་། ཀ་སི་ཙ་ལི་ཡ་དང་། ཨ་ར་ཤི་སེ་ན་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འདོད་ལྷ་ནི། རྒྱལ་ཆེན་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲལ་དབང་བྱེད་དེ་དྲུག་གོ །དགའ་བྱེད་ནི་ཁྱབ་འཇུག་འཇུག་པ་བཅུ་ལས་རཱ་མ་གཉིས་ཡོད་པའི་སྔ་མ་ནི་ས་སྟེང་འདིར་རྒྱལ་རིགས་ཆོས་བཞིན་གྱི་ཁྲིམས་ལ་མིང་སྤྱོད་པ་རྣམས་འཇོམས་ཤིང་བྲམ་ཟེ་རྣམས་ལ་ཕན་པར་སྟོན་པ་ཡ་མ་ཨགྣའི་བུ་དགྲ་སྟ་དགའ་བྱེད་དང་། ཕྱི་མ་ནི་ལངྐའི་ཡུལ་སྡེ་འཇོམས་པར་བྱེད་པ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་དེ་འདིར་ནི་ཁྱབ་འཇུག་གི་འཇུག་པ་དྲུག་དགའ་བྱེད་སྔ་མ་དགྲ་སྟ་དགའ་བྱེད་ལ་འཛིན་དགོས་ཀྱི། དེ་དག་གི་གཏམ་རྒྱུད་ལོ་རྒྱུས་མང་ཡང་འདིར་རྒྱ་མི་བསྐྱེད་དོ། །མེའི་སྲས་ལེགས་ལྡན་འབྱོར་པ་སྟེ། ཞེས་པ་མེའི་སྲས་སམ་མེའི་བུ་ནི་གཞོན་ནུ་གདོང་དྲུག་གི་མིང་སྟེ་དེ་ནི་ལྷ་མོ་ཨུ་མས་ལྷ་ཆེན་པོའི་ཁུ་བ་དང་འདྲེས་པའི་རང་གི་རྡུལ་སྲང་སྲོང་མེ་ལྷ་བསོད་སྙོམས་པར་རྫུ་བའི་ཁར་བླུག་སྟེ་ཚ་བའི་རེག་བྱས་གདུང་ནས་རྒྱ་མཚོའི་ཆུས་ཁ་བཤལ་ནས་དེར་ཁྱེའུ་ཞིག་བྱུང་བ་སྐར་མ་སྨིན་དྲུག་ལ་གནས་པའི་ལྷ་མོ་གཞོན་ནུ་མ་དྲུག་གི་སོ་སོས་ནུ་མ་བསྣུན་པར་འདོད་པ་ན། གཞོན་ནུ་དེས་ཀྱང་ལྷ་མོ་དེ་རྣམས་མགུ་བའི་ཕྱིར་གདོང་དྲུག་སྤྲུལ་ནས་ནུ་ཞོ་བཏུང་བས་དེ་ལ་གདོང་པ་དྲུག་ཡོད་ཅིང་། གཞོན་ནུ་གདོང་དྲུག་ནི་མེ་ལྷའི་ཁ་ནས་སྐྱེས་པའི་བུ་ཡིན་པས་དེའི་བརྡའོ། །

ལེགས་ལྡན་ནི་ལེགས་སྦྱར་དུ་བྷ་ག་ཝན་ཞེས་སྔོན་གྱི་འཇིག་རྟེན་མིག་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནས་དེ་བཞིན་གཤེགས་པའི་མཚན་ལ་བཅོམ་ལྡན་འདས་དང་། འཇིག་རྟེན་གྱི་ལྷ་ལ་ལེགས་ལྡན་ཞེས་སུ་མི་ནོར་བའི་ཆེད་དུ་བསྒྱུར་བར་མཛད་དེ། རྣམ་གྲངས་སུ་སྐལ་ལྡན་ཞེས་ཀྱང་རུང་ངོ་། །སངས་རྒྱས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཡོན་ཏན་དྲུག་མངའ་ཞིང་། ལྷ་ཆེན་པོ་རྣམས་ལ་འཇིག་རྟེན་ཐུན་མོང་པའི་ཡོན་ཏན་དྲུག་སྟེ། དེ་ཡང་དྲི་མ་མེད་པའི་མདོ་ལས། བསོད་ནམས་ཀྱི་ཚེ་སྟོབས་བརྩོན། །རྫུ་འཕྲུལ་བསྐལ་བཟང་གཟུགས་མཆོག་ཉིད། །ཞེས་གསུངས་པ་དེ་རྣམས་བསོད་ནམས་ཀྱི་མཐུས་རིགས་མཐུན་གྲུབ་པར་གྱུར་པ་ལ་ཡང་ཇི་རིགས་ཡོད་རུང་། ལྷ་ཆེན་པོ་རྣམས་ལ་ནི་ཁྱད་པར་དུ་གྱུར་པ་སྟེ་ཚེ་བསྐལ་པར་གནས་པ་དང་། སྟོབས་ཀྱི་མཐུ་ལྡན་ལྷ་མིན་སོགས་ཕ་རོལ་གནོན་པ་དང་། བརྩོན་པས་དཀའ་ཐུབ་གྲུབ་པའི་དམོད་པས་ངོ་མཚར་བ་དུ་མ་སྟོན་པ་དང་། རྫུ་འཕྲུལ་གྱི་འཇིག་རྟེན་འཕེལ་འགྲིབ་ནུས་པ་དང་། བསྐལ་བཟང་ནི་རལ་གྲི་སོགས་ཐུན་མོང་གི་དངོས་གྲུབ་ཆེན་པོ་ཀུན་རང་དབང་དུ་སྤྱོད་ཅིང་སྔགས་ཀྱི་ནུས་པ་ཐུན་མོང་མཐའ་ཡས་པ་སྦྱིན་པར་བྱེད་པ་དང་། གཟུགས་མཆོག་ནི་འདོད་དགུ་ཅིར་ཡང་བསྒྱུར་བ་རྣམས་སོ། །འབྱོར་པ་ནི་བསོད་ནམས་ཀུན་གྱི་གཞིར་བྱས་ཏེ། ཚེ་དང་། བློ་གྲོས་དང་། དཔལ་དང་། གཟི་བརྗིད་དང་། དབང་ཐང་དང་། སྙན་པར་གྲགས་པ་ལ་འདོད་པ་དང་། ཡང་རིན་པོ་ཆེ་དང་། འབྲས་བུ་དང་། ཕྱུགས་དང་། འཁོར་གཡོག བུད་མེད། རིགས་དེ་བགྲང་ཚུལ་ཡང་ཡང་འདིར་དེ་ཙམ་མོ། །གཉིས་པ་འཕྲོས་དོན་ནི། གྲངས་རྩ་དྲུག་པའི་མངོན་བརྗོད་མིང་། གྲངས་རྩ་ནི་གཅིག་ནས་དགུའི་བར་བཅུ་ཡི་རྩོམ་བྱེད་དེ་གྲངས་གནས་ཐམས་ཅད་ཀྱི་གཞི་རྩ་བ་ཡིན་པས་དེ་ཡི་ནང་ཚན་དུ་གྱུར་པའི་དྲུག་པ་སྟེ། གྲངས་གནས་གོང་དུ་འཕྲོས་པ་དྲུག་དང་མ་ནོར་བའི་ཕྱིར་རོ། །རྩ་བར་མི་མང་ཞེས་དྲུག་གི་མངོན་པར་བརྗོད་པའི་བརྡའ་རྩ་བ་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་པ་གཉིས་ཀར་དྲུག་གི་བརྡར་དུས་དང་རོ་དང་། དེ་དང་འགྲེལ་བ་མཚམས་དང་བྲོ་བ་ཡང་སྦྱར་བས་རྣམ་གྲངས་བཞི་ཙམ་སྟེ་ཧ་ཅང་མི་མང་ལ། དེའི་དུས་ནི་དགུན་སྟོད། དགུན་སྨད་དཔྱིད་སོས་ཀ་དབྱར་སྟོན་ཏེ་དྲུག་ཡིན་ལ། མཚམས་ནི་ཐུན་མཚམས་དྲུག་ལ་ཡང་འཇུག་སྟེ། དེ་ལ་དུས་གསུམ་དང་དུས་བཞི་དང་མཚམས་བཞི་སོགས་ཀྱི་བརྡས་འཁྲུལ་དོགས་ཆེ་ལ། རོ་ནི་བྲོ་བ་དང་དོན་གཅིག་ཅིང་། ཁ་བ་དང་མངར་བ་དང་། སྐྱུར་བ་དང་། བསྐ་བ་དང་། ཚ་བ་དང་། ལན་ཚྭ་བ་དང་དྲུག་གོ །ཡང་སྐར་རྩིས་མཁན་རྣམས་ཀྱི་གྲངས་ཀྱི་བརྡར་མ་བྱས་ཀྱང་འཇིག་རྟེན་ཁམས་ལེའུ་ཚིགས་བཅད་བརྒྱ་ང་གཉིས་པར་གྲངས་ཀྱི་བརྡའ་ཆད་འོད་ཟེར་ལ་མཛད་པ་ནི་ཁ་ཅིག་གི་བཅུ་གཉིས་དང་། བདུན་དུ་འདོད་པ་དག་ཀྱང་མི་འཐད་ལ། ཡང་སྔར་བཞེད་ན་སྔོན་པོ་དང་ནག་པོ་གཅིག་ཏུ་བྱས་པ་ཡང་མི་ལེགས་ཏེ། རླུང་དྲུག་འོད་ཟེར་དྲུག་གི་བདག་ཉིད་ཅན་དུ་རྒྱུད་ལས་ཡང་ཡང་གསུང་བཞིན་འདིར་ནི་དྲུག་ཏུ་འདོད་དགོས་ལ། ངེས་པར་ལྔར་བཞག་དགོས་ན་ལྗང་ཁུ་ནི་སྔོན་པོའི་བག་ལ་ཞ་བར་བྱས་ན་རྒྱུད་གཞན་དང་མཐུན་ཞིང་དག་སྦྱོར་བྱར་ཡོད་ཀྱང་།

གྲངས་ཀྱི་བརྡར་བཞག་སྐབས་གོང་གི་བཤད་པ་ཉིད་ལས་གཞན་དུ་མི་འོས་སོ། །དེས་ན་འདིར། རིག་བྱེད་པ་དང་སངས་རྒྱས་གཞུང་། གཉིས་ཀ་ལ་གྲགས་རུང་མཐུན་བརྡའ། བདག་བློས་གསར་དུ་དེང་འདིར་བཞག ཞེས་པ་དེ་ཡང་དུས་ཀྱི་འཁོར་ལོ་གསུང་པའི་གྲངས་ཀྱི་བརྡའ་འདི་རྣམས་ཕྱི་རོལ་རིག་བྱེད་པ་དང་མཐུན་པར་གསུང་པ་འགའ་ཞིག་སྟེ། དཔེར་མཚོན་ན་གཅིག་གི་བརྡར་གཟུགས་ཞེས་པ་རུ་པའི་སྒྲ་སྟེ་རང་བཞིན་ལ་འཇུག་ཅིང་། དེ་ཡང་རིག་བྱེད་པའི་གང་ཟག་གི་བདག་གཅིག་པུ་པ། རྟག་པ་རང་དབང་ཅན་དུ་འདོད་པའི་གཅིག་པུ་པའི་མཚན་ཉིད་དེར་སྣང་ལ། གཞན་ནང་པའི་གཞུང་ལུགས་ལྟར་ན་གཟུགས་གཅིག་ཁོ་ནར་ཅི་ལྟར་འགྱུར་ལྟར་དགའ་རྣམས་སོམས་ཤིག །འདིར་དྲུག་གི་སྒྲར་ཚོར་བ་བཞག་ནས་གོང་དུ་ནང་པའི་གཞུང་ལྟར་བཀྲལ་ཡང་། ཕྱི་རོལ་པས་ནི་གང་ཟག་གི་བརྡའ་བདག་རྟག་པ་སྐྱེས་བུ་ཚང་པས་རང་དབང་དུ་སྤྱོད་པ་ཞིག་ལ་འདོད་དེ་འོན་ཀྱང་ཚོར་བར་གྲགས་པ་གྲངས་གནས་དྲུག་ནི་མཐུན་པས་ཡིན་ནོ། །དེས་ན་དམ་པ་རི་དྭགས་དབང་པོ་ཁ་ཅིག་གིས་ཉེར་བཞིའི་བརྡར་རྒྱལ་བ་ལ། ལང་གཤེགས་སུ་གསུངས་པའི་སངས་རྒྱས་ཉེར་བཞི་ཡིན་པར་བཞེད་པ་དང་། བདུན་པ་སངས་རྒྱས་རབ་བདུན་དུ་འདོད་པ་སོགས་ནི་དཔའ་ཆེན་སྟག་གི་མགུར་ནས་བྱི་ལའི་སྐད་འབྱིན་ལྟ་བུར་གྱུར་པས་མི་ལེགས་སོ། །

གཞན་ཕྱིས་བྱུང་རྩིས་ཀྱི་བསྟན་བཅོས་ཁ་ཅིག་ཏུ་ཧེ་རུ་ཀ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་གྲངས་བརྡར་བཞག་པ་ཡང་མི་ལེགས་ཏེ། དེ་རུང་ན་དུས་འཁོར་གྱི་ལྷ་མོ་བརྒྱད་དང་། ལྷ་ཆེན་བཅུ་གཉིས་ཀྱང་། གྲངས་དེ་དག་གི་བརྡར་བྱས་ན་མི་འཐད་པར་ག་ལ་འགྱུར། དེ་ལྟར་གཞུང་དུ་ཡང་མེད་ཅིང་སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་མ་བྱས་སོ། །དོན་དཔེར་ན་འདིར་ནི་ཕྱི་རོལ་རིག་བྱེད་ཀྱི་གཞུང་དང་སངས་རྒྱས་པ་གཉིས་ཀར་གྲགས་པའི་རུང་མཐུན་གྱི་བརྡའ་གྲངས་གནས་དྲུག་གི་བསྒྲང་བྱ་ལ་མི་རྨོངས་ཤིང་མི་འཁྲུལ་བའི་ཕྱིར་སྦྱར་དུ་རུང་བའི་མངོན་བརྗོད་ཇི་སྙེད་པ་ལས་འདིར་རྣམ་གྲངས་བཅུ་གཅིག་གམ། སྐལ་ལྡན་ལེགས་ལྡན་ཐ་དད་དུ་བྱས་ན་བཅུ་གཉིས་ཙམ་ཞིག་སྔར་གཞན་གྱི་མཛད་པ་མ་མཐོང་ཡང་བདག་གི་བློས་གསར་དུ་བཞག་ཅིང་དུས་འཁོར་ནས་གསུང་པའི་བརྡའ་ལྔ་དང་བཅས་པའི་ཁྱོན་བཅུ་དྲུག་སྟེ། དེ་དག་འདིར་གསལ་བར་བཀོད་པ་ཡིན་ནོ་ཞེས་པའོ། །དོན་གསུམ་པ་རྗེས་ཀྱི་བྱ་བ་བསྟན་བཅོས་བརྩམ་པ་མཐར་ཕྱིན་པའི་ཚུལ་དགེ་བ་བསྔོ་བའོ། །དང་པོ་ནི་དེ་ལ་ཉེས་པར་མི་སེམས་ཤིང་། གཞན་ནས་འཕྲི་བསྣན་ཡང་མ་བྱེད། ཞེས་གདམས་པ་སྟེ། དེས་ན་བདག་གིས་བགྱིས་པ་འདི་ནི་ཕྱི་ནང་གི་གཞུང་ལུགས་ཕྱོགས་སྔ་ཡང་ཆ་ཙམ་ལོངས་ཤིང་སངས་རྒྱས་པའི་ཐུན་མོང་དང་ཁྱད་པར་བའི་སྡེ་སྣོད་ཀྱང་ཅུང་ཟད་མཐོང་ཐོས་གོ་བས་ན་ཚིགས་སུ་བཅད་པ་ཉུང་ངུ་འདི་ལ་ནི་ནོར་འཁྲུལ་མེད་པས་ན་ཉེས་པར་མི་སེམས་པས་བརྩམས་ཟིན་པའོ། །གཞན་ནས་འཕྲི་བསྣན་ཡང་མ་བྱེད། །ཞེས་པ་ནི་ཐོས་བསམ་ཆུང་བའི་གྲོང་རྩིས་གསར་བུ་བ་ཁ་ཅིག་གི་ཁོ་པས་འདི་ལྟ་བུ་ཞིག་བརྩམ་འདུག་པ་ངས་ཀྱང་རུང་ངོ་སྙམ་ནས་མི་འབྲེལ་ནོར་འཁྲུལ་དུ་གྱུར་པ་མི་གཙང་བའི་ཆུ་བླང་ནས་དག་བྱེད་དུ་སེམས་པ་ལྟར་བྱུང་ན་མི་ལེགས་སྙམ་པ་ལས་གཞན་དགག་པ་མེད་དོ། །

གཉིས་པ་དགེ་བསྔོ་བ་ནི། ཕྲ་མོ་འདི་ཙམ་སྨྲས་དགེ་ཡང་། །དྲུག་པ་རྡོར་འཆང་ཐོབ་ཕྱིར་བསྔོ། །ཞེས་པ་ནི། ཚེགས་ཆུང་ལ་ཧ་ཅང་གི་དགོས་པ་མི་ཆེ་བའི་གཞུང་ཕྲ་མོ་འདི་ཙམ་ཞིག་བརྗོད་པའི་དགེ་བ་ཡང་བཏང་སྙོམས་སུ་མི་བཞག་པར་བྱང་ཆུབ་ཀྱི་རྒྱུར་བསྔོ་ཞིང་དོན་མཆོག་དང་ལྡན་པའི་བསྟོས་གཞན་ནི་དགེ་བ་བསྔོ། ཅི་ནས་ཀྱང་རིགས་ཞེས་པའི་དོན་ཏེ། དེས་ན་ཕྲ་མོ་འདིས་ཀྱང་བློ་གསར་གྱི་སེམས་དགའ་བ་བསྐྱེད་པ་དང་། གྲངས་གནས་མི་འཁྲུལ་བ་ལ་ཅུང་ཟད་ཕན་པར་སྲིད་པའི་དགེ་བ་འདི་ཡང་འཁོར་གསུམ་ཡོངས་དག་གི་རྒྱས་བཏབ་སྟེ་རིགས་དྲུག་གི་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕྱིར་བསྔོ་པའོ། །རིགས་དྲུག་ནི་རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་སྟེ་ལྔ་དང་། དེ་ཐམས་ཅད་བསྐྱེད་པར་བྱེད་པའི་རྒྱུ་རྡོ་རྗེ་སེམས་དཔའ་ཉིད་འབྲས་བུ་རྒྱས་འདེབས་ཀྱི་ངོ་བོར་ཡང་སྨིན་པ་རྡོ་རྗེ་འཆང་སྟེ་གསང་ཆེན་རིགས་གཅིག་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པས་སོ། །ཞེས་པ་ནས་སྨྲས་པའི་བར་གྱི་སྦྱར་བྱང་ནི་རྩོམ་པ་པོ་སུ་ཡིན་འཁྲུལ་པ་མི་སྐྱེ་ཞིང་གང་ཡིན་རྟོགས་སླ་བས་དེས་ཁུངས་ཆེ་ཆུང་ཅི་ལྟར་འགྱུར་ཡང་བཞག་བདེ་བའོ། །དེ་ལྟར་གྲངས་གནས་དྲུག་གི་མངོན་བརྗོད་རྩ་བ་དང་ལྷན་ཅིག་པར་འགྲེལ་པ་ཡང་བརྗོད་པ་འདི་ནི་ཧ་ཅང་གི་དགོས་པ་མི་ཆེ་ཡང་ཉམས་དགའ་བའི་ངང་ཀུ་རེ་ལག་དལ་གྱི་རོལ་རྩེད་བསྒྱུར་བ་སྟེ། སྐུལ་བ་པོ་ནི། རང་གི་སློབ་མ་སྐར་རྩིས་ལ་ཆེས་བྱང་བ་དཔལ་མ་དགེ་སློང་ཀརྨ་དབང་རྒྱལ་དང་། ཁྱད་པར་རིག་གནས་དུ་མར་མཁས་གྱུར་དིང་རི་ཤར་ལུང་བ་དགེ་བསྙེན་འཇམ་དབྱངས་བློ་གྲོས་རབ་རྒྱས་པས་ལོ་ཤས་ཀྱི་གོང་ནས་གྲངས་གནས་དྲུག་གི་མངོན་བརྗོད་དགོས་ཚུལ་གསོལ་བ་དྲན་ནས་རྒྱལ་ཁམས་ཀུན་ཏུ་རྒྱུ་བ་རྣལ་འབྱོར་སྤྱོད་པ་དེས་མངའ་རིས་མར་ཡུལ་སྟོད་ཝཾ་ལེ་བདེ་ཆེན་རྣམ་རྒྱལ་དུ་ཆུ་སྤྲེལ་མགོ་ཟླའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པར་བྲིས་པ་སྟེ་ཚེགས་ཆུང་འདི་འདྲ་ཡང་བསྟན་བཅོས་ཆེན་པོ་ལྟར་རྩ་འགྲེལ་བཅས་ཡིན་གྱུ་གྱུ་བར་བྱས་ནས་གཞན་དག་གད་མོ་འཆོར་བའི་རྒྱུར་བརྩམས་པ་ཡི་གེ་པ་ནི་རྫོང་ཕུག་སྐུ་སྐྱེ་ཚེ་དབང་བསྟན་འཛིན་གྱིས་ཨ་ལ་ལ་ཧོ། དགེའོ། །

ན་མཿཤྲཱི་ཀ་ལ་ཙཀྲཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་ངོ་བོ་ཉིད། །ཆ་མེད་ཀུན་འགྲོ་དུས་མེད་དུས་བཟང་པོ། །རྣམ་ཀུན་མཆོག་ལྡན་འཁོར་ལོས་བསྒྱུར་རྒྱལ་ཆེ། །སྟོན་མཆོག་སྒྱུ་འཕྲུལ་སྲས་དེར་མགོས་ཕྱག་འཚལ། ། ༡ སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར། །གཅིག་བསྡུས་རྔ་ཡབ་སིནྡྷུའི་པདྨོ་ལས། །ཉེར་བལྟམས་གསུང་གི་རྡོ་རྗེ་པདྨ་འབྱུང་། །མགོན་དེས་བདག་གཙུག་རྒྱན་དུ་རྟག་མཛོད་ཅིག ། ༢ བདག་སྙིང་གེ་སར་འདབ་བརྒྱད་ཟེའུ་འབྲུའི་དབུས། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །དྲན་ཆོག་དངས་མའི་མགོན་པོ་རྡོ་རྗེ་འཆང་། །རྩ་བའི་བླ་མས་རྟག་ཏུ་དགྱེས་རོལ་ཤོག ། ༣ གང་འདིར་བསྐལ་བཟང་རྣམ་འདྲེན་གཙོ་བོ་ནི། །བཅོམ་ལྡན་ལྷ་ཡི་ལྷ་མཆོག་ཤཱཀྱའི་ཏོག །བྱང་ཆུབ་ཤིང་དྲུང་གཤེགས་ནས་བདུད་བརྟུལ་ཞིང་། །ཡང་དག་མངོན་པར་རྫོགས་སངས་རྒྱས་པ་ནས། ། ༤ ཉིས་སྟོང་དྲུག་བརྒྱ་ཉེར་དགུ་འདས་པའི་ལོ། །དཀར་པོ་ས་སྦྲུལ་ཧོར་ཟླ་བཅུ་གཅིག་པ། །མགོན་ཟླ་དམར་པོའི་ཕྱོགས་གང་ཉི་མའི་ཉིན། །ཉིན་ཚད་རྒྱུད་ལུགས་ཆུ་ཚོད་ཉེར་ལྔ་ལ། ། ༥ ཆུ་ཚོད་བཅུ་བདུན་སྤྱད་ཟིན་ལྷག་བརྒྱད་ཀྱི། །མཚམས་སུ་མཚུན་རྗེའི་ཕྱོགས་དང་ཉེ་བ་ནས། །རྟ་བདུན་བདག་པོའི་དཀྱིལ་འཁོར་ལྔ་ཆ་གཅིག །སྲིད་གསུམ་རྣམ་པར་རྒྱལ་བའི་སྒོ་རུ་འཇུག ། ༦ ཕྱི་རོལ་དེ་བཞིན་ནང་དུ་ཁམས་དྲུག་ལྡན། །རོལ་དང་བཅུད་ལེན་གཉིས་སྤོང་སྒོ་རུ་འཇུག །གཞན་དུ་མཐའ་གཉིས་གཡོ་བ་མཉམ་ཉིད་སྒོར། །རྟེན་ཅིང་འབྲེལ་འབྱུང་དངོས་རྗེས་ཚུལ་དུ་འཇུག ། ༧ དེ་ཚེ་ལས་བསགས་མཐའ་དག་སྟོབས་ལྡན་སྟེ། །ཀུན་རྫོབ་ལ་གཞོལ་དགེ་བའི་ཚོགས་རྣམས་ཀྱང་། །ཟླ་འཛིན་འབུམ་དང་ཉི་འཛིན་འབུམ་ཕྲག་བརྒྱར། །འགྱུར་ཚད་རྒྱལ་བའི་གསུང་ཡིན་བསླུ་བ་མེད། ། ༨ དེས་ན་དགེ་བའི་ལས་ཡིད་སྤྲོ་བའམ། །དཀོན་མཆོག་མཆོད་དང་དམན་ལ་སྦྱིན་གཏོང་དང་། །ཁྱད་པར་འཆི་ངེས་སྲོག་བསླུ་སྭཙྪ་གདབ། །ལྷ་སྒོམ་སྔགས་བཟླ་སྒོ་གསུམ་ཉེས་པ་བཤགས། ། ༩ རྡོ་རྗེའི་རྣལ་འབྱོར་སྟོང་ཉིད་དོན་བསྒོམ་སོགས། །འདུས་མ་བྱས་དང་འདུས་བྱས་དགེ་ལ་འབད། །དེ་ཡང་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་བསྐྱེད་བྱང་ཆུབ་ཆེན་པོར་བསྔོ། ། ༡༠ ཉི་འཛིན་འདི་ནི་འཐིང་བར་དཀའ་བ་ཡི། །སྒོ་ཡིག་ཤེས་ལྡན་རྣམས་ཀྱིས་བག་འཛེམ་མཛད། །ཇི་བཞིན་ཐོག་ཏུ་ཁེལ་བར་མ་གྱུར་ཀྱང་། །དགེ་བ་བསྐུལ་ལ་སྡིག་པ་ཡོད་པ་མིན། ། ༡༡ ངོ་ཚ་ཤེས་པ་འཕགས་པའི་ནོར་ཡིན་ཡང་། །ཆོས་ཉིད་རྟོགས་པས་འདིར་སྣང་མི་ཞེན་པས། །བསྟོད་དང་སྨད་ལ་དེ་ཙམ་འཆིང་བ་མེད། །དེས་ན་གཟའ་འཛིན་ཡི་གེ་སྦྱར་བ་འདི། ། ༡༢ ཐོག་ཏུ་མ་ཁེལ་གྱུར་ཀྱང་བག་ཚ་མེད། །ཐོག་ཏུ་ཁེལ་ཡང་དེ་ལ་སྤྲོ་འམ་ཅི། །དེ་བས་ཅི་བདེ་མཉམ་ཉིད་ཡངས་པའི་ཀློང་། །བྱ་བྲལ་རྣལ་འབྱོར་དེ་ཡི་ཁྱད་ཆོས་ཡིན། ། ༡༣ གཞན་ཕན་ལྷག་བསམ་དུང་དང་ཀུ་མུད་ལྟར། །གཅིག་ཏུ་དཀར་བས་དགེ་བསྐུལ་ཡི་གེ་འདི། །སྦྱར་ལ་དགེ་མཆིས་མཐའ་ཡས་འགྲོ་བ་ལ། །བསྔོ་བས་ཀུན་ཀྱང་རྡོ་རྗེ་སེམས་དཔའི་གནས། ། ༡༤ བཟུང་འཛིན་འཕོ་བའི་རླུང་ཀུན་ཡོངས་བཅོམ་ནས། །འཕོ་མེད་དྷུ་ཏིར་དག་པ་ཡེ་ཤེས་རླུང་། །མི་འགྱུར་བདེ་བ་ཆེན་པོ་འོད་གསལ་སྐུ། །ཀུན་ཏུ་བཟང་པོ་ཇི་འདྲ་དེ་ཐོབ་ཤོག ། ༡༥ སརྦ་མངྒ་ལཾ། །

ཨོཾ་སྭཱསྟི། རྗེ་བཙུན་རྒྱལ་བ་ཀུན་གྱི་དངོས། །དཀྱིལ་འཁོར་འཁོར་ལོའི་བདག་པོ་མཆོག །དང་པོའི་སངས་རྒྱས་པདྨ་འབྱུང་། །དབྱེར་མེད་བདེ་ཆེན་གླིང་པ་མཆོད། །མགོན་པོ་ཀུན་གཙོ་མཆོག་གྱུར་དེ། །དུས་འདིར་རིག་འཛིན་གྲུབ་པའི་དཔལ། །རྗེ་བཙུན་པདྨ་མ་ཎི་ཡི། །ཐེག་གླིང་བསྟན་པའི་ཉི་མ་ལ། །ལན་གྲངས་འགའ་བཟུང་བསྔགས་པ་ཡི། །རྡོ་རྗེའི་གསུང་དེ་སྙིང་དབུས་སུ། །བཞག་ནས་དེ་ཡི་དགོངས་བསྐངས་སླད། །དེ་ནས་བརྒྱུད་པའི་ཆོས་ཟབ་མོ། །ཉན་བློ་སྐྱེས་ནས་སེམས་དཔའ་ཆེ། །རྗེ་བཙུན་རཏྣ་བྷ་དྲ་གང་། །ལེགས་བསྙེན་དམ་ཆོས་ཕུང་པོ་ཡི། །རྒྱུན་བཟང་ཐོབ་པའི་བཀའ་དྲིན་སྙེད། །དེ་ཡང་པད་འབྱུང་བདེ་ཆེན་གླིང་། །དགོངས་པ་རྫོགས་པའི་རྒྱུ་རུ་བསྔོ། །བདག་ནི་མི་ཤེས་བྱིས་པ་སྟེ། །འཕགས་ཆེན་དགོངས་པའི་རོལ་རྩེད་ལ། །གནོང་བའི་ལམ་དུ་གྱུར་པ་ཀུན། །མཐོལ་བཤགས་འདི་ཕྱིར་སྒྲིབ་མེད་ཤོག །སྟོབས་འབྱོར་གོ་བས་དྲེགས་པ་དང་། །ཐོས་བསམ་བསྒོམ་པའི་མངོན་རློམ་ཀུན། །བཟུང་ནས་དམ་ཆོས་སྟོན་པ་ཡི། །བླ་མའི་ཞབས་ལ་མགོ་བོ་ཡི། །གུས་པས་རྟག་ཏུ་ཕྱག་བྱས་པས། །བདེ་ཆེན་གླིང་པ་དགྱེས་གྱུར་ཤོག །བླ་མའི་སྐྱོན་ནི་བཟུང་བྱ་མིན། །བླ་མའི་ཡོན་ཏན་དྲན་བཞིན་དུ། །རིག་པ་འཛིན་པས་དེ་སྐད་སྨྲས། །སརྦ་མངྒ་ལཾ།

ཨ་ཐ། རྗེ་བླ་མ་དམ་པ་རཏྣ་བྷ་དྲ་ལ་ཕྱག་འཚལ་ལོ། །བདག་ལ་དགེ་ལེགས་སུ་མཛོད་ཅིག །ད་ལམ་གོང་མ་འཇིགས་བྲལ་ནམ་མཁའི་གསོལ་འདེབས་རྗེ་བླ་མ་རང་ཉིད་ཀྱི་རྣམ་ཐར་འཕྲོ་མཐུད། ངེད་ལ་སྨོན་ལམ་དང་བཅས་པ། གཏེར་མགོན་ཕྱག་བཞིའི་གླེགས་བམ་རྣམས་འབྱོར་བཀའ་དྲིན་ཆེན་པོས་ཁྱབ། ད་ལམ་བདག་གི་བླ་མ་བཀའ་དྲིན་ཅན་སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ་རིན་པོ་ཆེའི་དགོངས་རྫོགས་སུ་བལ་ཊཾ་རྒྱན་དྲུག་དཔལ་བཟང་ཉི་ཤུ་ཕུལ་བ་དང་། འཚམས་འདྲི་ལྷ་གོས་ཇ་གཤག་ཚལ་བཅས་ཟླ་༥ཚེས་༢ལ་ཡུལ་མདོ་ཁམས་སྒང་ལྔའི་དབུས་ཀཿཐོག་གི་མངའ་རིས་སུ་གཞན་དྲིང་མི་འཇོག་པར་རང་དབང་གི་ཆོས་སྨྲ་བའི་དེད་དཔོན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་གདུགས་ལྟར་དུ་མཛེས་པའི་ཁྱུ་མཆོག་གཟོད་མ་ཉིད་ནས་གྲུབ་པའི་རྣལ་འབྱོར་རིག་པ་འཛིན་པ་ཡིན་ངེས་ཆེན་པོར་སློབ་མ་རྣམས་ཀྱི་སྒྲོ་བཏགས་པ་ཚེ་ཡི་དབང་པོ་དོན་གཉིས་ནོར་བུའི་གཟི་འོད་ཅན་འཇམ་དབྱངས་རྒྱ་མཚོའི་སྡེ་དཔལ་ཀུན་ཏུ་རྒྱས་པ་ཞེས་རི་ཁ་བ་ཅན་གྱི་ལྗོངས་སུ་མ་ཟད་རྒྱ་བལ་ཀུན་ཏུ་རླུང་ལྟར་གྲགས་པ་དེས་རིགས་དང་སྐྱེ་བའི་གོ་ས་སོགས་མངོན་མཐོའི་དཔལ་གྱིས་ཁེངས་པ་ཡོངས་སུ་བསྐྱུང་ནས་རྩ་བའི་བླ་མ་པདྨ་བདེ་ཆེན་གླིང་པ་དང་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་གཉིས་ཀྱི་དགོངས་རྫོགས་དམ་པའི་ཆོས་ཀྱི་ཆེ་བར་དམིགས་ཏེ་འཇང་གཡང་རིའི་བླ་རབས་གསུམ་པ་སྦས་པའི་ཚུལ་ཅན་རྡོ་རྗེ་འཛིན་པ་རིན་ཆེན་བཟང་པོའམ་དཀོན་མཆོག་བཟང་པོ་ཡི་མཚན་ཅན་གང་གི་ཞབས་ལ་ཕྱག་བྱས་ཏེ་དཔྲལ་བ་བཏུག་བཞིན་དུ་ཕུལ་བ་སྟེ་རྒྱུད་ལྡན་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།


previousསྐར་རྩིས་ལ་ཉེ་བར་མཁོ་བ་གྲངས་ཀྱི་རྩོམ་བྱེད་རྩ་བ་དྲུག་པའི་མངོན་བརྗོད་གཞུང་ཆུང་ཊི་ཀ་དང་བཅས་པ་ཏིལ་གྱི་མེ་སྣང་།next