Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་།
   
   
   
   
   


 
previousརྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་།next

རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་།

སྐབས་དང་པོ།

༄༅། །རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི་སིདྡྷིཾ་རསྟུ། རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་ཞེས་བྱ་བ།

དཔལ་ལྡན་རྩ་བའི་བླ་མ་དང་པོའི་སངས་རྒྱས་ཀུན་བཟང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གྲུབ་པ་ཀུན་མཁྱེན་ཀུན་ལ་སྨན། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །བླ་མེད་ཡང་དག་རྫོགས་སངས་རྒྱས། །ཐུབ་ལ་རྟག་ཏུ་ཕྱག་འཚལ་འདུད། །རྒྱལ་བསྟན་གནས་གྱུར་དུས་ངེས་པ། །མཐའ་དག་གསལ་བར་བྱེད་པའི་ངག །ཉུང་ལ་དོན་ཚང་ནོར་བུ་ཡི། །འོད་སྣང་ལྟ་བུ་འདིར་སྤྲོ་བྱ། །མགོན་པོ་ཐུགས་རྗེ་ཆེ་དེས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་སྨན་པའི་ཆེད་གཟིགས་ནས། །ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ། །སྣ་ཚོགས་སྤྲུལ་པས་སེམས་ཅན་དོན་ཆེན་མཛད། །མཆོག་གི་སྤྲུལ་སྐུའི་མཛད་པ་བཅུ་གཉིས་ཚུལ། །ཐུན་མོང་ཞིང་དུ་སྲིད་པ་ཇི་སྲིད་སྟོན། །བདག་ཅག་སྟོན་པ་ཤཱཀྱའི་རྒྱལ་པོ་མཆོག །དག་ཞིང་ཟས་གཙང་སྲས་པོ་འཇིག་རྟེན་མགོན། །དོན་ཀུན་གྲུབ་པ་བཀྲ་ཤིས་རྒྱལ་བའི་གནས། །ཕུན་ཚོགས་དཔལ་མཛད་དཔལ་མངའ་དཔལ་ལྡན་དེས། །གང་དུ་བལྟམས་དང་གང་དུ་བྱང་ཆུབ་རེག །ཆོས་འཁོར་བསྐོར་དང་གང་དུ་མྱང་འདས་པ། །རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཕྱིར། །མཛད་པའི་དུས་ཀྱང་བསམ་གྱིས་མི་ཁྱབ་པ། །གཅིག་དང་དུ་མ་སྒྱུ་མའི་རྟོགས་བརྗོད་བཞིན། །བཀའ་ལུང་བསྟན་བཅོས་རྣམས་ནས་ཇི་སྙེད་གསུངས། །དེ་བཞིན་རྒྱལ་བསྟན་རིན་ཆེན་གནས་པའི་ཡུན། །ཇི་ཙམ་པ་ཡང་དགོངས་པ་ཅན་གྱི་ནི། །རིན་ཆེན་བཀའ་དང་བསྟན་བཅོས་ཆེ་རྣམས་ལས། །དུ་མར་གསུངས་པ་ཀུན་ལའང་ཕྱག་བྱས་ནས། །ཐོག་མར་བསྟན་པའི་རྩིས་གཞི་དམ་པའི་ཆོས། །སངས་རྒྱས་ཉིད་ཀྱི་ཆོས་སྐུ་ཆོས་དཀོན་མཆོག །ཀུན་རྫོབ་ཙམ་དུ་གདུལ་བྱའི་བསོད་ནམས་བཞིན། །བྲི་གང་ཡུན་ཚད་དངོས་ཤུགས་དུ་མ་རུ། །གསུང་ཀུན་བདག་བློ་ཕྲ་མོས་བསྡུ་དཀའ་ཡང་། །མཁས་གྱུར་གཞན་གྱི་གསུང་གི་རྗེས་ཉིད་དང་། །གཙུག་ལག་མཆོག་ནས་རང་གིས་རྙེད་བཅས་གང་། །རགས་རིམ་ཙམ་ཞིག་འདིར་འཆད་སྤོབས་པ་སྐྱེས། ། ༡ དེ་ཡང་ཐེག་ཆེན་བསྐལ་པ་བཟང་པོའི་མདོ། །ཉན་ཐོས་གསེར་འཕྲེང་རྟོགས་བརྗོད་ལུང་ཕྲན་ཚེགས། །བསྟན་བཅོས་བློ་གྲོས་མི་ཟད་པའི་མདོ་འགྲེལ། །དབྱིག་གཉེན་ཞབས་ཀྱི་མངོན་མཛོད་རང་འགྲེལ་དུ། །རྒྱལ་བསྟན་དངོས་དང་བརྟགས་པ་ལྔ་བརྒྱ་རེ། །ཕྱེས་པ་ཆིག་སྟོང་ཉིད་དུ་མཐུན་པར་གསུངས། །སྤྲིན་ཆེན་མདོ་ཡི་ཤུགས་བསྟན་ལུང་དེ་ཡང་། །ལོ་གྲངས་སྟོང་གི་ཕྱོགས་སུ་བསྡུ་འོས་ལ། །ཡང་ན་རྔ་བོ་ཆེ་ཡི་མདོ་ལུང་ལྟར། །ཕྱི་མའི་དུས་སུ་སྨྲ་ཡང་འགལ་བ་མེད། ། ༢ འདུལ་བ་ལུང་གྱུར་ཕྲན་ཚེགས་ཀྱི་འགྲེལ་པ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ལས། །རྒྱལ་བསྟན་དངོས་ཉིད་ལོ་གྲངས་སྟོང་གི་བར། །ཚུལ་བཞིན་ཉིད་དུ་གནས་པར་ཡོངས་སུ་དགོངས། ། ༣ བོད་འདིར་མྱ་ངན་འདས་པའི་མདོ་ཉུང་ངུར། །གྲགས་པ་བསྟན་པའི་གནས་ཚད་ཤས་ཆེ་ཞིག །མྱང་འདས་རྒྱས་པ་ནས་བྱུང་དུམ་བུ་དེར། །ཆིག་སྟོང་ཆིག་བརྒྱ་འཕྲོས་བཅས་གནས་པར་གསུངས། ། ༤ མདོ་སྡེ་སྙིང་རྗེ་པདྨ་དཀར་པོ་ལས། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་དབང་། །བསྟན་པ་དངོས་གནས་སྟོང་དང་གཟུགས་བརྙན་ཙམ། །བཏགས་པ་བ་གྱུར་ལྔ་བརྒྱ་གནས་པར་གསུངས། ། ༥ བྱང་སེམས་ཟླ་བའི་སྙིང་པོས་ཞུས་པའི་མདོ། །ད་ལྟ་གླེགས་བམ་སྣང་འདིར་གཉིས་སྟོང་ངེས། ༦ ལི་ཡུལ་ཆོས་ཀྱི་གནས་ཚུལ་ལུང་བསྟན་པ། །འཕགས་པ་དགྲ་བཅོམ་དགེ་འདུན་འཕེལ་བའི་གསུངས། །རྣམ་གྲངས་ཅན་མཐོང་འོན་ཀྱང་ཕྱིས་འབྱུང་གིས། །མཁས་པ་ཕལ་ཆེས་ཉིས་སྟོང་ཉིད་དུ་བསྒྲགས། ། ༧ རང་ངོ་མི་གཡོ་ཐ་དད་སྣང་བའི་མདོར། །ལུང་རྟོགས་དུས་རིམ་གཉིས་སྟོང་ལྔ་བརྒྱར་གསུངས། །དེ་བཞིན་སློབ་དཔོན་པདྨའི་ངང་ཚུལ་དང་། །འཇིགས་མེད་འབྱུང་གནས་ཀྱིས་ཀྱང་བཞེད་པར་སྣང་། ། ༨ ཡང་ནི་ཟླ་སྙིང་ཞུས་མདོར་སུམ་སྟོང་དུ། །བཤད་ཞེས་དམ་པ་མཆོག་གྱུར་དག་གིས་གསུངས། ། ༩ ཏིང་ངེ་འཛིན་མཆོག་རྒྱལ་པོའི་མདོ་ལས་ནི། །མི་ལོ་གཉིས་སྟོང་དགུ་བརྒྱ་དང་བརྒྱད་ཅུ། ། དུས་ཀྱི་རྟགས་བཅས་དངོས་བསྟན་གསལ་བ་དང་། །ཤུགས་བསྟན་སུམ་སྟོང་ལྷག་ཙམ་ཉིད་དུ་བྱས། །༡༠ སློབ་དཔོན་ཆེན་པོ་ཛྙཱ་ན་བཛྲ་གྱི། །ལངྐར་གཤེགས་འགྲེལ་སྙིང་པོ་རྒྱན་ཞེས་པར། །རང་ཐད་གཉིས་སྟོང་མཛད་ཀྱང་རྣམ་གྲངས་ཁུངས། །གཞན་གྱི་བཞི་སྟོང་བཞག་པ་གསལ་བར་ཕྱེས། ། ༡༡ བྱམས་པ་ལུང་བསྟན་མདོ་ལས་རྒྱལ་བའི་བསྟན། །ལྔ་སྟོང་གནས་གསུངས་དེ་ཡང་གསུམ་སྟོང་ནི། །བསྟན་པ་དངོས་དང་ཆིག་སྟོང་གཟུགས་བརྙན་པ། །ཆིག་སྟོང་རིང་བསྲེལ་འཕྲིན་ལས་ཉིད་དུ་དགོངས། །དེ་ཚེ་དམ་ཆོས་ཉན་ཐོས་འདུལ་བའི་རྟགས། །འཛིན་པ་ཉིད་ནི་འདི་ཡང་བཞི་སྟོང་ཤེས། ། ༡༢ མྱ་ངན་འདས་ཆེན་མདོ་ཡི་བར་པ་དང་། །ད་ལྟར་སངས་རྒྱས་མངོན་སུམ་བཞུགས་པ་ལས། །བསྟན་པ་བར་མེད་མི་ལོ་བཞི་སྟོང་དང་། །སླར་ཡང་ལྔ་བརྒྱ་ཕྲག་གཅིག་གསལ་བར་བསྟན། ། ༡༣ ད་ལྟ་ཕྱོགས་འདིར་རྒྱལ་བསྟན་གནས་པའི་ཚད། །ཡོངས་སུ་གྲགས་ཆེ་ལྔ་བརྒྱ་ཕྲག་བཅུ་ཞེས། །འབྲས་དུས་རྟོགས་དུས་ལུང་དུས་རྟགས་ཙམ་དུས། །དུས་རེར་ལྔ་བརྒྱ་ཕྲག་ཕྱེས་མི་ཡི་ལོ། །སྟོང་ཕྲག་ལྔར་བཞེད་དེ་ཡི་དཔང་པོའི་གཞུང་། །སློབ་དཔོན་ཆེན་པོ་འཛམ་གླིང་རྒྱན་གྱུར་པ། །དབྱིག་གཉེན་ཞབས་ཀྱི་ཤེར་ཕྱིན་རྒྱས་བསྡུས་སྤྱི། །ཁྱད་པར་ཉི་ཁྲིའི་འགྲེལ་གྲགས་གནོད་འཇོམས་དང་། །དེ་ཡི་རྗེས་འབྲངས་སློབ་དཔོན་མཆེ་སྡེ་ཡིས། །རྒྱས་པ་འབུམ་གྱི་དཀའ་འགྲེལ་གནོད་འཇོམས་དང་། །སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་ཡིས། །འཕགས་པ་ཏིང་འཛིན་རྒྱལ་པོའི་འགྲེལ་པ་རྣམས། །མཐུན་བཞིན་གངས་ཅན་མཁས་ཀུན་རྒྱ་ཆེར་གླེང་། །འཇིགས་མེད་ཞབས་ཀྱི་བརྒྱད་སྟོང་འགྲེལ་པ་དང་། །དེ་བཞིན་ཐུབ་པ་དགོངས་པའི་རྒྱན་ལས་ཡང་། །ལྔ་སྟོང་ཉིད་དང་ལྔ་བརྒྱ་ཡང་ནི་ཕྱེས། །རྨད་བྱུང་དམ་པས་ལུང་རྟོགས་དུས་སྤྱི་ལས། །བཟློག་པ་ལུང་ཆོས་རྫོགས་ཆར་དགོངས་པར་སེམས། །གོང་བསྟན་ལྔ་སྟོང་བཀའ་ལ་བརྟེན་མོད་ཀྱང་། །བོད་འདིར་བཀའ་ཡི་ལུང་དངོས་འདྲེན་པ་ཉུང་། །འདིར་ནི་སངས་རྒྱས་ལ་བསྟོད་བརྒྱ་ལྔ་བཅུ། །དཔའ་བོས་མཛད་ལ་དགའ་བྱེད་སྙན་པ་ཡིས། །འགྲེལ་དེར་བསྟན་པ་ལྔ་སྟོང་ལོར་གནས་པར། །སངས་རྒྱས་བཀའ་དྲངས་བོད་སྔགས་རྙིང་པ་ལས། །གཞན་གྱུར་བཀའ་དངོས་རྙེད་དཀས་ཕྱིན་ཆད་འདི། །ཀུན་གྱི་སྤྱི་ནོར་མཛོད་ཞེས་ཁོ་བོས་སྨྲས། ། ༡༤ བོད་སྔགས་རྙིང་པ་བཀའ་མ་ཁྱད་འཕགས་ཆོས། །ཡང་དག་གྲུབ་པའི་སྟོང་ཐུན་ལོ་རྒྱུས་སུ། །ཐུབ་བསྟན་མི་ལོ་ལྔ་སྟོང་དང་སུམ་བརྒྱར། །གནས་གྱུར་བཅོམ་ལྡན་རྒྱལ་བས་གསུངས་ཞེས་དྲངས། ། ༡༥ དེ་བཞིན་སྔ་འགྱུར་ཨོ་རྒྱན་གུ་རུའི་གཏེར། །ཟོལ་ཟོག་བསྲེ་བསླད་མེད་པ་ཁ་ཅིག་ཏུ། །རྒྱལ་བསྟན་ལྔ་སྟོང་ཉིད་ལས་སྔགས་ཀྱི་མཐུས། །མི་ལོ་ལྔ་བརྒྱར་ལྷག་པར་གནས་ཡང་གསུངས། །དེ་ཡང་ཐུབ་བསྟན་རིན་ཆེན་རྫོགས་པའི་དུས། །ཕལ་ཆེར་ཚེ་ལོ་བཅུ་པའི་དུས་ཉིད་དུ། །དགོངས་པ་གདགས་ལུང་མཁས་པས་བཀོད་པ་དང་། །རྒྱལ་བ་ཉིད་གསུངས་བྱམས་པ་ལུང་བསྟན་མདོ། །བླ་མེད་རྩེ་མོ་གསང་བ་སྒྲ་རྒྱུད་དང་། །དེ་འགྲེལ་དྲི་མེད་བཤེས་མཛད་ཕལ་ཆེར་མཐུན། །འགྲེལ་དེར་སྙིགས་མའི་བསྐལ་པ་བར་མ་གསུམ། །རྣམ་བཞག་སྤྱི་མཐུན་ཁྱད་པར་བཀོད་ཡང་མཐོང་། ། ༡༦ ཟག་ཟད་གསུམ་རིག་འཕགས་པ་དགྲ་བཅོམ་པ། །དགའ་བའི་བཤེས་ཀྱི་རྟོགས་པ་བརྗོད་པ་ལས། །ཚེ་ལོ་བཅུ་ནས་ཡར་འཕེལ་བརྒྱ་པའི་སྐབས། །འཕགས་པ་གནས་བརྟན་བཅུ་དྲུག་འཁོར་དང་བཅས། །དངོས་བྱོན་ཆོས་གསུང་བསླབ་འབོག་དེ་ཡི་བསྟན། །ཚེ་ལོ་དྲུག་བརྒྱའི་བར་གནས་བདུན་བརྒྱའི་སྐབས། །ཐུབ་པའི་རིང་བསྲེལ་ཀུན་བསྡུས་མཆོད་སྡོང་མཛད། །དེ་ལ་ཕྱག་བསྐོར་ཐུབ་ལ་བསྟོད་བྱས་ཏེ། །གནས་བརྟན་འཁོར་བཅས་ལྷག་མེད་མྱ་ངན་འདས། །དེ་སྲིད་ཐུབ་བསྟན་རིན་ཆེན་མཆོག་གནས་ཤིང་། །དེ་རྗེས་སངས་རྒྱས་ཕྱི་མ་བྱོན་གྱི་བར། །རང་སངས་རྒྱས་པ་བྱེ་བ་བདུན་འབྱུང་གསུངས། །དེ་རྣམས་སངས་རྒྱས་བསྟན་པའི་སྡེ་སྣོད་མཆོག །ཐུན་མོང་སྤྱི་ཡི་དགོངས་པར་གྱུར་པ་ཡི། །འཛམ་གླིང་མི་ཡི་གདུལ་བྱ་སྤྱིར་བཏང་དང་། །མི་མིན་ཕལ་གྱུར་བཅས་ལ་སྣང་བར་ངེས། །སྙིང་རྗེ་པདྨ་དཀར་པོའི་ཆོས་ནུབ་ཚེ། །གདུང་གི་སངས་རྒྱས་འཕྲིན་ལས་ཀུན་མཛད་གསུངས། །དེ་ནི་འཕགས་པ་དགའ་བཤེས་ལུང་བསྟན་ལྟར། །ཡར་འཕེལ་སྟོང་དང་བདུན་བརྒྱའི་རྗེས་སུའམ། །འོན་ཀྱང་བདག་བློས་བྱམས་པ་ལུང་བསྟན་མདོར། །རིང་བསྲེལ་འཕྲིན་ལས་གསུངས་པའི་ཕྱོགས་ཉེར་སེམས། །གང་ལྟར་དེ་ནི་ལྷ་ཀླུ་མིའི་དམ་པར། །སྣང་བཞིན་རྟག་ཏུ་འགྲོ་ལ་ཕན་བདེར་མཛད། །མི་མིན་ཆེ་གནས་ཀླུ་རྒྱལ་རྒྱལ་མཚོའི་ཁབ། །སུམ་ཅུ་རྩ་གསུམ་དགའ་ལྡན་གནས་རྣམས་སུ། །བསྐལ་འདི་ཇི་སྲིད་སངས་རྒྱས་རྣམས་ཀྱི་ཆོས། །གནས་ཞེས་རྒྱ་མཚོས་ཞུས་པའི་མདོར་བཤད་གསུངས། །

ཀླུ་གནས་རྒྱ་མཚོར་སྔོན་བྱོན་སངས་རྒྱས་ཀྱི། །གཙུག་ལག་ཁང་གནས་འདུལ་བ་ལུང་ནས་བཤད། །དགའ་ལྡན་གནས་སུ་བསྐལ་འདིའི་མཐུན་འཇུག་བར། །རྒྱལ་བསྟན་ནུབ་མེད་རིག་པས་ཡང་ནི་གྲུབ། །གདུལ་བྱ་མཆོག་གི་སྣང་ངོར་རྫོགས་སངས་རྒྱས། །མྱ་ངན་མི་འདའ་ཆོས་ཀྱང་ནུབ་མེད་ཅེས། །ངེས་དོན་མདོ་སྡེ་གསེར་འོད་དམ་པ་དང་། །རྡོར་སེམས་སྒྱ་འཕྲུལ་དྲ་བའི་རྒྱུད་ནས་ཏེ། །གཞན་ཡང་སྔགས་རྒྱུད་རྣམས་ནས་རྒྱལ་བསྟན་གྱི། །གནས་ཚུལ་ངེས་པ་ཅན་དང་ངེས་མེད་དང་། །ནུབ་མེད་དགོངས་སོགས་དུས་བསྐལ་དབང་པོ་ཡི། །གོ་རིམ་བཞིན་དུ་གསུངས་ཡང་ཤེས་པར་བྱ། །ཐུན་མོང་ཕྱི་རྒྱུད་བླ་མེད་ཕ་རྒྱུད་འགའ། །སྦྱིན་ལེན་ཡོད་རྒྱུར་བསྟན་ཡང་དེ་སྲིད་གནས། །བླ་མེད་མ་རྒྱུད་ནུབ་མེད་དུས་གསུམ་དུ། །དཔའ་ཆེན་མཁའ་འགྲོའི་ཚོགས་ཀྱིས་བཟུང་བར་གྲགས། །

སྔགས་རྙིང་རྣམས་ཀྱི་བླ་མེད་མཐར་ཐུག་རྩེ། །ཤིན་ཏུ་ཟུང་འཇུག་རྨད་བྱུང་མཆོག་བཞེད་དེར། །རྡོ་རྗེ་སྙིང་པོའི་བཙས་གསུམ་ཞིང་འདི་རུ། །ཡ་ཐོག་ལོ་མཐར་ཡས་ནས་བཅུ་པའི་བར། །བཞུགས་ཤིང་ཁྱད་པར་སྟོན་མཆོག་ཐུབ་པ་ཡི། །བསྟན་ལ་འཛམ་གླིང་འདི་རུ་སྙིང་པོའི་བསྟན། །དར་ནུབ་བདུན་མཐའ་ཚེ་ལོ་བཅུ་པའི་དུས། །སྒྲོན་མེ་ལྟར་གསལ་འཕྲད་ཚད་དབྱིངས་སུ་གྲོལ། །བར་ཁུག་ཚེ་ལོ་ཡར་འཕེལ་གྱུར་མ་ཐག །བཙས་གསུམ་འཇིག་རྟེན་འདི་ནས་གཞན་དུ་བབ། །ཞིང་དེར་ཡང་ནི་སྙིང་པོའི་བསྟན་པ་མཆོག །དར་ནུབ་བདུན་སྟེ་བཅུ་བཞིར་སྤྱོད་པར་གསུངས། །སྙིང་པོའི་བསྟན་པ་འཛམ་གླིང་འདི་དར་ནུབ། །ཟུང་བདུན་ལོ་གྲངས་རྩ་རྒྱུད་ནས་གསུངས་པ། །དྲིལ་བས་མི་ལོ་བཞི་སྟོང་དགུ་བརྒྱ་བྱུང་། །དེ་ནི་ལྔ་སྟོང་ཉིད་དང་ཤིན་ཏུ་ཉེ། །འོན་ཀྱང་སངས་རྒྱས་ཆོས་དབྱིངས་གཤེགས་པ་ནས། །སྙིང་པོའི་བསྟན་པ་འགྲིབ་དུས་དང་པོ་ཡན། །ལོ་གྲངས་ཅི་ཙམ་རྒྱུད་ཀྱི་དགོངས་པས་བརྟགས། །དེ་ཚེ་ལྔ་སྟོང་ལྔ་བརྒྱ་ཉིད་དུ་སེམས། །བོད་སྔགས་ཕྱི་མས་བླ་མེད་རྒྱུད་མཐུན་འཇུག །རྩེ་མོ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག །བཞེད་གྱུར་དོན་ལྡན་དཔལ་མཆོག་དུས་འཁོར་ནས། །འཇམ་དཔལ་གྱིས་ཕྱུང་འཇིག་རྟེན་ཁམས་ལེའུར། །ཆུ་བོ་ཤཱི་ཏིའི་བྱང་ཕྱོགས་ཤམྦྷ་ལ། །སེང་གེའི་གངས་ཁྲོད་ཡུལ་ཆེན་ཆ་བསག་ཏུ། །མི་ལོ་ཆིག་ཁྲི་དགུ་སྟོང་བརྒྱད་བརྒྱའི་བར། །དམ་ཆོས་རིན་ཆེན་ནུབ་མེད་གནས་པར་གསུངས། །དེ་མཐུན་འཕགས་པ་དོན་ཡོད་ལྕགས་ཀྱུ་ཡི། །ཆ་བསག་འཇུག་པར་ཡང་ནི་གསལ་བར་བཤད། །ཐུབ་བསྟན་རིན་ཆེན་གནས་ཚུལ་དེ་རྣམས་ནི། །ཐུན་མོང་ཐུན་མིན་གདུལ་བྱ་རྒྱ་ཆེར་དགོངས། །ཉི་ཚེར་ཐུན་མོང་ཐེག་ཆེན་སྔགས་ཅི་རིགས། །འབྱུང་འགྱུར་སྐྱེས་མཆོག་དམ་པ་ཁ་ཅིག་གླེང་། །གང་ལྟར་ཐུབ་བསྟན་རྫོགས་ནས་ཚེ་ཡར་འཕེལ། །བརྒྱད་ཁྲིར་རྣམ་འདྲེན་ལྔ་པ་བྱོན་པར་གསུངས། །དེ་ཡང་ཐུབ་ཆེན་མྱ་ངན་འདས་པ་ནས། །ལོ་གྲངས་བྱེ་བ་ལྔ་བཅུ་རྩ་བདུན་པར། །མགོན་པོ་བྱམས་པ་བྱོན་པའི་དུས་ཉིད་དུ། །བཀའ་དང་བསྟན་བཅོས་ཆེས་ལས་གསལ་བར་བཤད། །དེ་ནི་ལྷ་ཡི་ཚེ་ཚད་ཐུན་མིན་གཞུང་། །སངས་རྒྱས་པ་ཡི་མངོན་བརྗོད་ནས་གསུང་བའི། །དགའ་ལྡན་གནས་པའི་ཚེ་ཚད་མི་ལོའི་གྲངས། །ཇི་བཞིན་ཉིད་དུ་འཆར་བ་ཁོ་བོས་རྟོགས། །འདྲེན་པ་དེ་ཡུལ་ཏོག་ལྡན་རིགས་བྲམ་ཟེ། །ཡབ་ནི་ཚངས་རབ་ཡུམ་ནི་ཚངས་ལྡན་མ། །དགའ་ལྡན་ནས་འཕོས་ཟླ་བཅུར་ལྷུམས་ཞུགས་ཏེ། །མེ་ཏོག་བཟང་རྒྱས་དྲང་སྲོང་ལྷུང་བར་བལྟམས། །བྱང་ཆུབ་སེམས་དཔའི་ལྷ་མོ་མདའ་གདོང་མ། །ངེས་འབྱུང་ལྷས་སྤྲུལ་མཆོད་སྡོང་བརྡ་ཡིས་བསྐུལ། །རབ་བྱུང་ཉིན་ཞག་དེ་མཐར་རྡོ་རྗེའི་སྤོར། །ཀླུ་ཤིང་དབང་པོའི་དྲུང་དུ་རྫོགས་སངས་རྒྱས། །

དེ་ཚེ་འཛམ་གླིང་འདི་ནི་རྫོགས་ལྡན་མཆོག །དུས་སྐབས་གཅིག་ཏུ་རིན་ཆེན་གཉིས་ཀྱིས་མཛེས། །རྐང་གཉིས་རབ་གཙོ་མཆོག་དེ་སངས་རྒྱས་པའི། །ཉི་མ་དེ་ལ་འདུས་པ་དང་པོའི་འཁོར། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་དུང་ལ་སོགས། །དགེ་སློང་ཉིད་གྱུར་འབུམ་ཕྲག་གོ་དྲུག་ཚོགས། །བདག་ཅག་སྟོན་པའི་སྣམ་སྦྱར་ཉན་ཐོས་ཀྱི། །སྐུ་གདུང་ལ་བརྟེན་དགྲ་བཅོམ་ཐོབ་པར་གསུངས། །བྱམས་པའི་བསྟན་ལ་ཐུབ་པའི་སྣམ་སྦྱར་གྱི། །མཛད་འཕྲིན་འདི་ཡང་ཐུབ་བསྟན་ཉིད་དུ་གྲུབ། །སྤྱིར་ཡང་སངས་རྒྱས་ཕྱི་མའི་གདུལ་བྱ་རྣམས། །སྔ་མས་སྨིན་དང་ས་བོན་ཐེབ་པ་སྟེ། །འཕྲིན་ལས་བསྟན་རྒྱུན་གཅིག་པ་དམ་པའི་ཆོས། །ནུབ་པ་མེད་ཅེས་ཕྱོགས་གཅིག་དེ་ལ་དགོངས། །དེ་ལྟར་བདག་ཅག་འདྲེན་པ་ཐུབ་དབང་གི །དམ་ཆོས་རིན་ཆེན་བསྟན་པ་གནས་པའི་ཚད། །གདུལ་བྱའི་བསམ་པ་སྐྱེ་བསྐྱེད་སྤྲོ་བསྲིང་སླད། །བཀའ་དང་བསྟན་བཅོས་ཆེ་ལས་དུ་མར་བཞག །དེ་དེ་གདུལ་བྱ་རང་རང་ཤེས་ངོ་རུ། །བདེན་པར་གྲུབ་ཞེས་དམ་པ་ཆེ་འགའ་དང་། །ཁྱད་པར་འདྲེན་མཆོག་རྩ་བའི་བླ་མས་དགོངས། །གང་དེ་ལེགས་བཤད་ཉིད་ལས་གཞན་ཅི་ཞིག །སྤྱིར་ནི་རྒྱལ་བའི་མཛད་པ་མཁའ་བཞིན་ཡངས། །རྒྱལ་བསྟན་གནས་ཚད་འདི་ཞེས་སུ་ཡི་གཞལ། །ཐུན་མིན་སྣང་ངོར་དོན་དམ་རྒྱལ་བ་རྣམས། །ངེས་པ་ལྔ་ལྡན་ཉིད་ལས་གཞན་ཡོད་མིན། །འོན་ཀྱང་མ་ངེས་ལྔ་ལྡན་སྤྲུལ་སྐུའི་ཚུལ། །མཆོག་གི་མཛད་པ་བཅུ་གཉིས་སྟོན་པ་དང་། །སྨོན་ལམ་དབང་གིས་བསྟན་པའི་གནས་ཚད་ཡང་། །ངེས་བཟུང་ཚད་མ་འདི་ལ་སུ་ཡི་འགོག །སངས་རྒྱས་བྱོན་དཀའ་དམ་ཆོས་གནས་དཀའ་ཞེས། །བསྟན་པའི་གྲངས་ཚད་དུས་ཀྱི་གོ་རིམ་དང་། །སངས་རྒྱས་ཀྱིས་སྟོང་མུན་པའི་བསྐལ་པ་དང་། །སྒྲོན་བསྐལ་གདུལ་བྱར་མངོན་སུམ་ཚད་མ་ཉིད། །བསྟན་ཡུན་ལོ་གྲངས་དགོངས་གསུང་བྱིས་པའི་བློས། །རྟོགས་དཀའ་རྒྱལ་བས་བསྟན་མཐའ་སྙིགས་དུས་རྟགས། །ལུང་བསྟན་ཕལ་ཆེར་མངོན་གྱུར་འདིས་ཐུབ་བསྟན། །ཉི་མ་བཞུད་ཉེར་དོག་ནས་སྙིང་ཕྲིག་འདར། །ཕུལ་བྱུང་རིན་ཆེན་མཆོག་གྱུར་ཐུབ་བསྟན་འདི། །མཇལ་དཀའ་བསྐལ་པ་དུ་མར་ད་རེས་ཙམ། །སེམས་ཅན་རྣམས་ཀྱི་བདག་འཛིན་མ་ཞིག་བར། །སྲོག་ཞེས་ལྷན་སྐྱེས་ཉིད་དུ་རང་ཤུགས་གྲུབ། །དེ་ལྟས་སྲོག་ལ་དེ་ཙམ་མི་འཕངས་ཀྱིས། །ཐུབ་བསྟན་དམ་ཆོས་འཕང་ངོ་གཅེས་པར་བཟུངས། །བདག་ལྟ་སྙོམས་ཆུང་བྱིས་པའི་རང་བཞིན་ཡང་། །སངས་རྒྱས་ལ་གུས་ཆོས་ཕྱིར་སྲོག་མི་འཕངས། །དེས་ན་ཐུབ་བསྟན་རྩ་ལག་ཆེ་རྣམས་ཀྱི། །རྒྱལ་བསྟན་ལན་བརྒྱར་བཟུང་བར་ཅིས་མི་མཛད། །བདག་ནི་དུས་འདི་ནས་བརྩམས་རྒྱུན་མཐའི་བར། །སངས་རྒྱས་མཚན་ནམ་དེས་གསུང་ཚིགས་བཅད་གཅིག །ཆེད་དུའང་ལུས་སྲོག་ལན་བརྒྱར་བཏང་ནུས་ཤིང་། །འཕགས་དགྱེས་ལས་ལ་འཁོར་མོ་ཡུག་འབད་ཤོག །བདག་འབྲལ་འགྲོ་སྤྱི་ཁྱད་པར་ལོག་སྲེད་ཅན། །འདུལ་དཀའ་རྣམས་ལ་བདག་དགེ་ཡོངས་བསྔོའི་མཐུའི། །ཀུན་ཀྱང་རྫོགས་སངས་རྒྱས་ལ་མི་ཕྱེད་དང་། །ཚོགས་གཉིས་རླབས་ཆེན་བྲ་བོ་མྱུར་ཁེངས་ཤོག །ཀུན་བཟང་འཇམ་དཔལ་དཔའ་བོའི་སྨོན་ལམ་བཞིན། །ཀུན་ཏུ་བདག་གི་རླབས་ཆེན་བྱང་ཆུབ་སྤྱོད། །མཆོག་ཏུ་སངས་རྒྱས་ཆོས་རྣམས་གཅིག་ཆར་འཛིན། །མཆོག་གྱུར་རྒྱལ་བ་བརྙེས་ལ་རྟག་སྤྱོད་ཤོག །དེ་སྐད་སངས་རྒྱས་བསྟན་པ་གནས་པའི་ཡུན། །བརྗོད་པའི་མདོ་ལ་དམ་ཆོས་རིན་པོ་ཆེ། །སྙིང་ནས་དད་དུང་གཅེས་བློས་ཤུགས་འབྱུང་ཚིག །ཚེ་དབང་ནོར་བུའི་དཔལ་དེས་སྨྲས་པ་ཡིན། །ཞེས་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་ལས།

རྒྱལ་བསྟན་དམ་ཆོས་རིན་ཆེན་ཡུན་ཇི་ལྟར་གནས་པའི་ཚུལ་རྣམ་གྲངས་མ་འདྲེས་པར་བཤད་པའི་སྐབས་ཏེ་དང་པོའོ། །

སྐབས་གཉིས་པ།

དེ་ནས་རྒྱལ་བསྟན་རིན་ཆེན་གནས་པ་ཡི། །ཡུན་ཚད་སྟེང་ནས་སྔར་འདས་ལྷག་སྤྱོད་ལོ། །ཇི་སྙེད་དམ་པ་རྣམས་ཀྱིས་བཞེད་པའི་གཞུང་། །མ་འདྲེས་གདུལ་བ་ཐོག་མར་བརྗོད་པར་བྱ། །དེ་ཡང་གཏན་ཚིགས་གཞན་ལ་བརྟེན་པ་དང་། །དཔལ་ལྡན་དུས་འཁོར་གཞུང་ལ་སྟོན་པ་གང་། །དང་པོར་གཏན་ཚིགས་གཞན་ལ་བརྟེན་པ་ནི། །གྲུབ་གསུངས་རྒྱལ་རབས་མཁས་པའི་གཏམ་ལས་ཏེ། །ཨོ་རྒྱན་སློབ་དཔོན་མ་ཧཱ་གུ་རུ་ཡི། །རྣམ་ཐར་གདུལ་སྤྱི་ཉེ་ཚེར་བཅས་དགོངས་པའི། །མོས་བློ་དང་འཚམས་རྒྱ་ཆེས་ཕྱོགས་གཅིག་ཏུ། །གཞལ་དཀར་གྱུར་ཡང་བདག་མོས་ཤུགས་བསྟན་པ། །མངོན་སླད་འདིར་མཚོན་ལྷོ་བྲག་གནམ་བསྐོས་གཏེར། །ཕུར་པ་བཀའ་མའི་ལོ་རྒྱུས་བཅས་ཕྱོགས་མཐུན། །རགས་རྩིས་ཐུབ་དབང་གཤེགས་ནས་ད་ལྟའི་བར། །མི་ལོ་བཞི་སྟོང་བརྒྱད་བརྒྱ་ཉག་བཅུ་གཉིས། །ལུགས་འདིའི་བསྟན་ལོ་ལྔ་སྟོང་ལྔ་བརྒྱར་དགོངས། །དེས་ན་བསྟན་ལྷག་བདུན་བརྒྱར་གནས་པའོ། །གཞན་ནི་དག་ལྟ་ཐུན་མོང་སྤྱིར་གྲགས་གྱུར། །ཐང་ཡིག་དག་ལས་སངས་རྒྱས་ཞིར་གཤེགས་ནས། །གུ་རུས་སྲིན་ཡུལ་འདུལ་འཕེབས་བར་གྱི་ལོ། །མང་བ་སུམ་སྟོང་བདུན་བརྒྱ་ཉི་ཤུར་རེག །ཉུང་བ་སུམ་སྟོང་ཆིག་བརྒྱ་དྲུག་ཅུར་ཉེ། །དེ་ནས་ད་བར་མཆོག་ལྡན་བསྟན་རྩིས་ལོ། །བསྣན་ན་བཞི་སྟོང་དྲུག་བརྒྱ་རེ་གཉིས་སམ། །ཡང་ནི་བཞི་སྟོང་དགུ་བཅུ་རྩ་བཞིར་གྱུར། །དེ་ལ་འདོད་ཚུལ་གཞན་དང་ཞིབ་མོའི་གནས། །བགྱི་འོས་མཆིས་པ་སླར་ལ་སྤྲོ་བར་བྱ། །འདས་ལོ་བཞི་སྟོང་ཆིག་བརྒྱ་རེ་དྲུག་ལོ། །སོང་བ་འཕགས་མཆོག་སྲོང་བཙན་བཀའ་ཁོལ་ལུགས། །འདས་ལོ་བཞི་སྟོང་བདུན་ཅུ་དོན་བཞི་པ། །རྫོགས་ཆེན་སེམས་ཕྱོགས་མཁན་པོ་རྟ་སྟོན་བཞེད། །སུམ་སྟོང་བརྒྱད་བརྒྱ་དགུ་བཅུ་རྩ་གཉིས་ནི། །འདུལ་འཛིན་ནེལ་པ་པཎྜི་ཏ་ཡིས་འདོད། །སུམ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་གསུམ་པ། །སྔ་རབས་ཆོས་རྒྱལ་རྣམས་ཀྱིས་རྩིས་པའི་རྒྱུན། །དགེ་བའི་བཤེས་གྱུར་དམ་པ་མཆོག་མང་པོས། །དེ་ཚུལ་ཡང་ནས་ཡང་དུ་གསལ་བྱས་ཤིང་། །ཕུལ་བྱུང་ཇོ་བོ་མར་མེ་མཛད་དཔལ་གྱི། །བཞེད་ཀྱང་འདི་ཉིད་ཡིན་ནོ་ཞེས་སུ་བསྒྲགས། །བོད་སྔོན་རྒྱ་ནག་འབྱུང་རྩིས་འདས་ལོ་ཡང་། །མཐུན་པར་གནས་ཞེས་ཁ་ཅིག་དག་གིས་ཟེར། །སུམ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་གཏམ་གྱི་ལུགས། །བདག་ཉིད་ཆེན་པོ་དཔལ་ལྡན་ས་སྐྱས་བཞེད། །འདས་ལོ་སུམ་སྟོང་བདུན་བརྒྱ་ཉེར་བརྒྱད་པ། །གྲུབ་བརྙེས་རས་ཆུང་རྡོར་གྲགས་གསུང་གི་རྒྱུན། །སུམ་སྟོང་ང་བཞི་དགྲ་བཅོམ་དགེ་འདུན་འཕེལ། །ལུང་བསྟན་ལ་དཔག་ལི་ཡུལ་བསྟན་པའི་རྩིས། །རྒྱ་ནག་ཐང་རྒྱལ་ཐ་ཛུང་ཡིག་ཚང་དུ། །བར་ཁྱད་དྲུག་ཅུ་སྐོར་གཅིག་བྱས་པ་ཡི། །མང་བ་ཉིས་སྟོང་བདུན་བརྒྱ་ལྔ་བཅུ་བཞི། །ཉུང་བ་ཉིས་སྟོང་དྲུག་བརྒྱ་གོ་བཞི་སོང་། །དེ་བཞིན་རྒྱ་ནག་ཡིག་ཚང་ཙན་དན་གྱི། །ཇོ་བོའི་ལོ་རྒྱུས་ལས་བྱུང་བསྟན་རྩིས་ཡང་། །མང་བ་ཉིས་སྟོང་ལྔ་བརྒྱ་དོན་གསུམ་ལོ། །ཉིང་བ་ཉིས་སྟོང་བཞི་བརྒྱ་གོ་དྲུག་སོང་། །ཉིས་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་ཙམ། །རྒྱ་ནག་ཆོས་འབྱུང་གསར་བྱུང་རྩིས་ལ་བརྟེན། །ཉིས་སྟོང་ཉིས་བརྒྱ་དགུ་བཅུ་སོང་བ་ནི། །བལ་པོའི་ལག་རྩིས་སིང་གླིང་ཤིང་བུའི་རྩིས། །བལ་པོ་པཎ་ཆེན་བུདྡྷ་ཤྲཱི་ཞེས་དང་། །ཁ་ཆེ་པཎ་ཆེན་ཤཱཀྱ་རྣམས་ཀྱིས་བཞེད། །ཉིས་སྟོང་ཉིས་བརྒྱ་ང་བདུན་ལོན་པ་ནི། །རྫོགས་ཆེན་སྙིང་ཐིག་མཁན་པོ་ཞང་གི་དགོངས། །དེ་ལྟར་ཐང་ཡིག་ལུགས་གཉིས་གཅིག་བསྡོམ་སྟེ། །རགས་གྱུར་རྣམ་གྲངས་བཅུ་བཞི་དེ་རྣམས་སོ། །གཉིས་པ་དུས་འཁོར་ཕྱོགས་ལ་བརྟེན་པ་ནི། །དེ་ཡང་རྒྱལ་བས་བདུད་རྩི་བརྙེས་པའི་ལོ། །དེ་ཡི་ཕྱི་མར་དུས་འཁོར་རྩ་བའི་རྒྱུད། །གསུངས་ཤིང་དེ་ནས་འདས་ལོ་བཟུང་བ་དང་། །ཞི་བའི་དབྱིངས་སུ་མྱ་ངན་འདས་པའི་ལོ། །དེའམ་དེ་ཡི་སྔ་ལོར་རྩ་བའི་རྒྱུད། །གསུངས་པར་བཞེད་ནས་མྱ་ངན་འདས་ལོ་དང་། །མཐུན་པར་བྱས་པའི་ལུགས་སྲོལ་གཉིས་བྱུང་བའི། །སྔ་མའི་ཕྱོགས་གྱུར་སུམ་སྟོང་ང་བཞིའི་ལོ། །འགོས་ལོ་གཞོན་དཔལ་བཞེད་གྱུར་འཁྲུལ་སེལ་ལུགས། །ཉིས་སྟོང་ལྔ་བརྒྱ་བརྒྱད་ཅུ་ཐམ་པ་ནི། །དུས་འཁོར་རྭ་འབྲོའི་རྗེས་འབྲངས་ཕལ་ཆེ་སྟེ། །བྱེ་བྲག་མཁྱེན་རབ་དབང་ཕྱུག་བུ་སྟོན་ཞབས། །ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། །བོ་དོང་འཇིགས་བྲལ་དབྱངས་ཅན་དགའ་བའི་ཞབས། །དེ་ལྟར་རྒྱལ་བསྟན་ཡོངས་རྫོགས་ཤིང་རྟ་དང་། །གཞན་ཡང་རྒྱལ་བསྟན་གསལ་བྱེད་ཇི་སྙེད་པ། །ཇོ་ནང་ཕྱོགས་ལས་རྣམ་རྒྱལ་དང་རྟོགས་ལྡན། །སྒྲ་པ་ནམ་བཟང་འཇམ་དབྱངས་ཆོས་མགོན་པོ། །ཉག་ཕུ་བསོད་བཟང་མཚུར་ཕུ་འཇམ་དབྱངས་ཆེ། །ཐིལ་པ་ཀུན་རྒྱལ་པཎ་ཆེན་བྱམས་པ་གླིང་། །བྱང་བདག་གྲགས་བཟང་རྒྱ་འཕྲུག་དཀོན་རིན་པ། །མཁས་གྱུར་དགེ་ལེགས་དཔལ་དང་ཆོས་སྐྱོང་བཟང་། །རིག་འཛིན་བློ་གྲོས་རྒྱལ་མཚན་ལ་སོགས་ཏེ། །དེ་ལྟར་ཕྱི་ནང་རིག་པའི་གནས་རྣམས་ལ། །མཁས་གྱུར་དཔྱོད་ལྡན་དམ་པ་མང་པོ་དང་། །རྗེ་བཙུན་ཆེན་པོ་སྒྲོལ་བའི་མགོན་པོས་ཀྱང་། །རྣམ་བཞག་ཚུལ་འགས་འདི་ཉིད་བཞེད་ཀྱང་སྣང་། །འདས་ལོ་ཉིས་སྟོང་སུམ་བརྒྱ་གོ་བདུན་ནི། །རྡོ་རྗེ་གདན་གྱི་ཉན་ཐོས་ཤིང་བུའི་གྲངས། །མགོན་པོའི་རྒྱུད་ལུང་རམ་ཤིང་རྒྱལ་རབས་ལུགས། །བོད་ཀྱི་གྲུབ་ཐོབ་ཨོ་རྒྱན་པ་ཡི་རྩིས། །དེ་བཞིན་ཉིས་སྟོང་སུམ་བརྒྱ་དོན་དགུ་པ། །འཕགས་ཡུལ་གཏམ་ཞེས་སྒྲོལ་མགོན་ཞབས་ཀྱིས་བསྒྲགས། །ལོ་དག་དེ་རྣམས་གཞན་གྱི་གོ་བདེའི་སླད། །རྒྱལ་བ་ཞི་བར་གཤེགས་ནས་བསྒྲང་བ་ཡིན། །དེ་ཡང་རྒྱུད་གསུང་ནས་བརྩམས་ལོ་བརྟག་ན། །བཞི་བཅུ་རྩ་བཞི་ཡང་ནི་ཞེ་ལྔ་སོགས། །བསྣན་པས་རྒྱུད་གསུང་ནས་བརྩམ་ལོ་དག་གང་། །དམ་པ་རྣམས་ཀྱིས་བཞེད་དེ་བདེ་བླག་འགྱུར། །ལུགས་སྲོལ་ཕྱི་མའི་ཕྱོགས་སུ་གྱུར་པ་ཡང་། །ཉིས་སྟོང་བརྒྱད་བརྒྱ་དང་ནི་ཉག་མ་བཞི། །སོང་བ་གདན་དུས་རྩིས་གཞི་སྨྲ་པ་པོ། །འབྲུག་པ་ལྷ་དབང་བློ་གྲོས་ཞེས་པས་བཀོད། །ཉིས་སྟོང་དྲུག་བརྒྱ་ཉེར་བདུན་ཕུག་གཞལ་ལུགས། །ཀོང་པོ་འབུམ་རམས་པས་ཀྱང་དེ་མཐུན་སྨྲ། །ཉིས་སྟོང་དྲུག་བརྒྱ་ཉེར་བཞི་གཡུང་སྟོན་དང་། །ཕྱིས་བྱུང་ཀམ་འབྲུག་མཁས་དབང་བཞེད་ཀྱང་སྣང་། །ཉིས་སྟོང་དྲུག་བརྒྱ་ཉེར་གཉིས་སོང་བ་ནི། །དྭགས་པོ་པཎ་ཆེན་གསུམ་པས་གསལ་བར་བྱས། །འདས་ལོ་ཉིས་སྟོང་དྲུག་བརྒྱ་ནི། །ཐམས་ཅད་མཁྱེན་པ་བོ་དོང་མཆོག་གིས་བཞེད། །ཉིས་སྟོང་བཞི་བརྒྱ་བཞི་བཅུ་ཐམ་པའི་ལོ། །སེམས་དཔའ་ཆེན་པོ་རང་བྱུང་ཞབས་ཀྱིས་དགོངས། །ཉིས་སྟོང་སུམ་བརྒྱ་བདུན་དུ་རྩ་གསུམ་ནི། །ཆག་ལོ་གསུམ་པ་ཆོས་ཀྱི་རྒྱལ་པོས་འདོད། །ཉིས་སྟོང་སུམ་བརྒྱ་ཉི་ཤུ་ཐམ་པ་གང་། །ས་སྐྱ་བླ་མ་དམ་པས་འཆད་པར་མཛད། །ཉིས་སྟོང་ཉིས་བརྒྱ་ཉེར་གཅིག་འགྲོ་བ་ནི། །རོང་པ་ངག་དབང་གྲགས་པ་ཞེས་བྱས་སོ། །ཉིས་སྟོང་ཆིག་བརྒྱ་ཉི་ཤུ་ཐམ་པ་ནི། །ཞྭ་དམར་མཁའ་སྤྱོད་དབང་པོའི་ཐུགས་སུ་འཁྲུངས། །དུས་འཁོར་ཕྱོགས་བརླན་ནང་གསེས་ཕྲ་མོ་རྣམས། །གཞོགས་པའི་རགས་པ་རྣམ་གྲངས་བཅུ་གསུམ་སྟེ། །གོང་གི་བཅུ་བཞི་པོ་དང་ལྷན་ཅིག་ཏུ། །བསྡོམ་པས་རྣམ་གྲངས་ཉི་ཤུ་རྩ་བདུན་གྱུར། །བསྟན་རྩིས་དེ་རྣམས་མཛད་པོ་དུས་སྔ་ཕྱི། །གང་ཟག་མཆོག་དམན་དབྱེ་བ་མ་བྱས་པར། །འདས་ལོ་མང་རིམ་སྔོན་བྱས་ཉུང་ཕྱི་མཐའ། །གོ་རིམ་བཞིན་དུ་ལེགས་པར་བཀོད་པ་ཡིན། །དེ་ཡང་རྒྱལ་བ་མྱང་འདས་ལོ་ནས་བརྩམས། །རྩིས་ལོ་རབ་བྱུང་ཉི་རྫོགས་མེ་སྟག་ན། །འདས་པའི་ལོ་ཡིན་རབ་བྱུང་བཅུ་གསུམ་འདི། །ཕྱིན་ཆད་རིམ་བཞིན་འདས་ལོ་ལ་བསྣན་བྱ། །སྔོན་དུས་དུས་འཁོར་རྗེས་སུ་འབྲང་མིན་པའི། །བསྟན་པའི་རྩིས་གྱུར་དཔལ་ལྡན་ཇོ་བོ་དང་། །བདག་ཉིད་ས་སྐྱ་པཎྜི་ཏས་བཞེད་པ། །བློ་ལྡན་རྣམས་ལ་ཤིན་ཏུ་གྲགས་ཆེ་ཞིང་། །བར་སྐབས་དུས་འཁོར་རྗེས་འབྲངས་སྤྱིར་བཏང་དང་། །མཁས་གྲུབ་གཡུང་སྟོན་བཞེད་དེ་ཤིན་ཏུ་མང་། །དེས་དུས་ཕུག་ལུགས་རྗེས་འབྲང་ཁོ་ན་ཡིན། །བསྟན་རྩིས་ལུགས་གཞན་འཛིན་པས་དབེན་པར་གྱུར། །དེ་ལྟར་བདག་ཅག་འདྲེན་པ་ཐུབ་དབང་གི །བསྟན་པའི་གནས་ཚད་སྟེང་ནས་ལོ་ཅི་ཙམ། །མཁས་གྱུར་དམ་པ་མང་པོས་བཞེད་པའི་གཞུང་། །རྣམ་གྲངས་དུ་མ་ཉིད་དུ་གནས་གྱུར་གང་། །རང་གིས་ཅི་ཙམ་མཐོང་བ་ཕལ་ཆེ་བ། །ཕྱོགས་གཅིག་འདི་རུ་བསྡུས་ཏེ་བཀོད་པ་ཡིན། །དེ་རྣམས་ཕལ་ཆེར་དོན་མེད་མ་ཡིན་ཏེ། །ལེགས་པར་བཤད་པའི་འབྱུང་ཁུངས་ཉིད་དུ་ངེས། །དེ་ཡང་རྨད་དུ་བྱུང་བའི་སློབ་དཔོན་ཆེ། །གྲུབ་པ་རྣམས་ཀྱིས་དགོངས་ཏེ་གསུངས་པ་དང་། །མཁས་པ་རྣམས་ཀྱི་ཚད་མར་གྱུར་བསྟན་ཚིག །འཕགས་ཡུལ་གཏམ་གྱི་སྦྱོར་བར་བརྟེན་རྣམས་ལ། །དད་བསྐྱེད་གུས་པས་ཐལ་མོ་སྦྱར་བར་བྱ། །རྟོག་གེ་རིག་པའི་ཚེར་མ་རྣོན་པོ་ཡིས། །ལེགས་གཞལ་སྙན་ངག་སྡེབ་སྦྱོར་བཟང་རྣམས་ཀྱང་། །བདག་བློའི་རྒྱན་དུ་སྤུད་ལས་གཞན་ཅི་ཞིག །དེ་ཕྱིར་བསྟན་རྩིས་གྲངས་མང་ཨུཏྤ་ལ། །པདྨོ་རྣམ་པར་རྒྱས་པའི་འཕྲེང་བ་འདི། །བློ་ལྡན་རྣམས་ཀྱི་སྒྲ་འཛིན་མགྲིན་པའི་རྒྱན། །ཅི་བདེར་སྤྱོད་པའི་དགའ་སྟོན་ཁོ་བོས་བྱས། །

ཞེས་རྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་ལས་རྒྱལ་བསྟན་དམ་ཆོས་རིན་ཆེན་གྱི་ཡུན་ནས་ལོ་གྲངས་ཅི་ཙམ་སོང་དམ་པར་གྱུར་པ་རྣམས་ཀྱི་བཞེད་པ་དུ་མར་གནས་པ་སོ་སོ་མ་འདྲེས་པར་བཀོད་པའི་སྐབས་ཏེ་གཉིས་པའོ། །


previousརྒྱལ་བསྟན་གནས་གྱུར་དུས་ཀྱི་ངེས་པ་གསལ་བ་ནོར་བུའི་འོད་སྣང་།next