Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙད་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousརྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙད་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་།next

རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙད་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་།

༄༅། །རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙད་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭསྟི། རྒྱལ་བའི་བསྟན་པོ་རིན་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག བོད་རྗེ་ལྷ་བཙན་པོའི་(གདུང་)རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ། ན་མོ་ལོ་ཀེ་ཤྭ་རཱ་ཡ། ཨོཾ་མ་ཎི་པདྨེ་ཧཱུྃ། དེ་ཡང་རི་ཁ་བ་ཅན་གྱི་ལྗོངས་མི་ཡི་བདག་པོ་འཕགས་མཆོག་སྤྲུལ་པའི་སྐུ་འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོ་མེ་གླང་ལོར་སྐུ་བལྟམས། དགུ་ལོ་བཅུ་གསུམ་པ་ས་གླང་ལ་རྒྱལ་སྲིད་བཟུང་། དགུ་བཅུ་རྩ་བཞི་ལྕགས་ཕོ་ཁྱི་ཡི་ལོ་ལ་སྐུ་འོད་ཀྱི་གོང་བུར་གྱུར་ནས་འཕགས་པའི་ཐུགས་ཀར་ཐིམ། བར་དེར་ལྷ་སྲས་གུང་སྲོང་བཅུ་བདུན་མཐར་ཁྲིར་བཀོད་དེ་དགུང་ལོ་བཅུ་དགུ་བཞེས་ནས་སྐུ་ཞི་བར་གཤེགས་ཞེས་གྲགས་པས། ལོ་ངོ་གསུམ་རྒྱལ་སྲིད་མཛད་ཀྱང་སྲས་སྐུ་ན་ཕྲ་བས་རྒྱལ་སྲིད་རགས་པ་ཡབ་ནས་བཞེས་པ་དང་། དེ་ནས་སྲས་གཤེགས་པས་སླར་རྒྱལ་སྲིད་བསྐྱར་ནས་མཛད་ཅིང་། དེ་ལྟར་དགུ་བཅུ་རྩ་བཞི་ལ་ལོ་བཅུ་གཉིས་ཀྱིས་འཕྲིས་ཤིང་སྲས་ཀྱིས་རྒྱལ་སྲིད་སྐྱོང་བའི་ལོ་ཧྲིལ་པོ་གཉིས་མ་བསྒྲང་ན་སྲིད་དངོས་ལ་ལོ་བརྒྱད་ཅུ་དང་། སྲས་ཀྱི་དེ་ཡང་ལོ་ཁོངས་སུ་བརྩིས་ན་བརྒྱད་ཅུ་རྩ་གཉིས་ཏེ། བཀའ་ཆེམས་ལས། བརྒྱད་ཅུ་རྩ་གཉིས་རྒྱལ་པོའི་ལོ། །ལོན་ནས་རྒྱལ་པོ་འགྲོ་གསུངས་ཏེ། །ཞེས་པ་ཡང་དེ་ལ་དགོངས་ཤིང་། འཇམ་དཔལ་རྩ་རྒྱུད་ནས་རྒྱལ་སྲིད་ལོ་བརྒྱད་ཅུ་མཛད་པར་ལུང་བསྟན་པ་དང་ཡང་འགྲིག ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་ས་གླང་ལ་འཁྲུངས་ཞེས་གསུངས་ཏེ། དེ་ནི་ས་གླང་ཡིན་པའི་སྒྲུབ་བྱེད་ལྕགས་ཁྱི་ལ་གཤེགས་པར་བྱེད་ན་ལོ་རྒྱུས་དེ་རིགས་ཐམས་ཅད་མཐུན་པར་མེ་གླང་ལ་འཁྲུངས་ཞེས་གསུངས་པས་དེ་གཉིས་གཅིག་གིས་གཅིག་ག་ལ་འགོག་ནུས། ཆོས་རྗེ་གཡའ་བཟང་པའི་གསུང་རྒྱུན་ལ་བྱེད་ན། དེབ་སྔོན་དུ་དེ་ཡི་ལུང་དྲངས་པ། ང་ཉིད་ལྔ་བརྒྱ་ཐ་མའི་ཚེ། །བཞི་བརྒྱ་ཉི་ཤུ་རྩ་ལྔ་ན། །ལྷོ་ཕྱོགས་གཡོར་པོའི་རྒྱལ་ཁམས་སུ། །གླང་ཆེན་གསེར་གྱི་ལོ་ལ་འཁྲུངས། །མཚན་ནི་དྷརྨ་པྲ་ཎི་ཞེས། །རྒྱལ་པོ་འདི་སྐད་གསུངས་ཞེས་པར། །དམ་པའི་ཆོས་རྣམས་འཆད་པར་བྱེད། །ཅེས་གསུངས་པ་དེ་ཡང་ཞལ་དུ་འདོན་ཞེས་བྲིས་མོད། དེ་ནི་རྒྱལ་པོ་ལྕགས་གླང་ལ་གཤེགས་ནས་བཞི་བརྒྱ་ཉི་ཤུ་རྩ་ལྔར་ཤིང་སྟག་གམ་ཤིང་ཡོས་གང་རིགས་འཆར་བར་ངེས་པས་གཡའ་བཟང་བའི་འཁྲུངས་ལོ་ས་གླང་དང་བསྒྲིགས་མི་ནུས་ཏེ་མངོན་སུམ་ཉིད་དུ་འགལ་ལོ། །གཡའ་བཟང་ཆོས་རྗེའི་ལུང་བསྟན་བཀའ་ཆེམས་ཐོ་ལིང་མར་ཡོད་པ་ནི། དེབ་སྔོན་དུ་བྲིས་པ་དང་ལོ་ཚིགས་མི་མཐུན་ཏེ། འདི་སྐད་དུ། གསོན་ཅིག་བློན་པོ་འགར་གྱིས་སྣ་དྲངས་ནས་བློན་བདུན། །བདག་ནི་ལྕགས་ཕོ་ཁྱི་ཡི་ལོ་ལ་འདས་གྱུར་ནས། །གཅིག་ནས་གཉིས་སུ་བསྒྲངས་པའི་ལྔ་བརྒྱ་ཉི་ཤུ་ན། །གཡོར་པོའི་རྒྱལ་ཁམས་གངས་ཀྱི་རི་རྒྱུད་དུ། །དགེ་སློང་དྷརྨ་པྲ་ཎི་ཞེས་བྱ་བར། །གླང་ཆེན་གསེར་གྱི་ལོ་ལ་སྐུ་འཁྲུངས་ནས། །ཁྱོད་ཀྱིས་སྣ་དྲངས་ནང་བློན་བདུན་པོ་རྣམས། །སྲས་སུ་ཁྱོད་འཁྲུངས་གཞན་ཡང་མཇལ་བར་གྱུར། །ཞེས་གླེགས་བམ་རྙིང་ངེས་རྣམས་སུ་ཚིག་ཟུར་འདྲ་མིན་འདུག་ཀྱང་དངོས་དོན་ལོ་ཚིགས་གཅིག་ཏུ་བྱུང་བས། ལྔ་བརྒྱ་ཉི་ཤུ་ནི་ལྕགས་ཁྱི་ནས་ས་གླང་དང་འགྲིག་པར་མ་ཟད། བདག་གིས་འདིར་བཀོད་ལོ་གྲངས་དང་ཆེད་དུ་མ་བསྒྲིགས་བཞིན་རང་བཞིན་གྱིས་ཤིན་ཏུ་འགྲིགས་པས་ཡ་མཚན་ནོ། །དེབ་སྔོན་སོགས་ཁ་ཅིག་གི་འདོད་པ་ལྟར་ན་ལོ་དྲུག་ཅུ་སྐོར་གཅིག་འཕྲིས་དགོས་པར་གསལ་ལོ། །གང་ལྟར་གཡའ་བཟང་བས་ས་གླང་ལ་འཁྲུངས་རྒྱུར་གསུངས་པ་ལས། ཆོས་རྒྱལ་ས་གླང་ལ་འཁྲུངས་པའི་སྒྲུབ་བྱེད་མེད་ལ་འཇམ་དཔལ་རྩ་རྒྱུད་ཀྱིས་ལུང་བསྟན་པ་ནི། རྒྱལ་སྲིད་མཛད་པའི་ཚད་ལས་སྐུ་ཚེའི་ཚད་མ་ཡིན་པ། ལོ་ནི་བརྒྱད་ཅུ་རྒྱལ་སྲིད་བྱས། །ཞེས་ཚིག་མངོན་སུམ་པས་གསལ་བ་སྟེ། དེས་ན་འཁྲུངས་ལོ་དང་རྒྱལ་སྲིད་བཟུང་བའི་ལོ་ཕྱེད་པ་གལ་ཆེ་ལ། འདིར་བཤད་པ་ནི་སྔར་གྱི་ཡིག་རྙིང་ཁུངས་ལྡན་མཐའ་དག་པར་མེ་གླང་ལ་འཁྲུངས་ཞེས་མགྲིན་གཅིག་ཏུ་ཡོད་པ་རང་བཟོས་རྟོགས་མི་དགོས་ཤིང་། ལྕགས་ཁྱི་ལ་གཤེགས་པ་བཅས་འཐད་ཅིང་རིག་པ་ཡིད་ཆེས་པའི་གནས་སོ། །

དེ་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བོད་ཀྱི་རྒྱལ་པོར་སྤྲུལ་པ་དེ་ཉིད་གདུང་རབས་ཇི་སྙེད་བཅས་འཇམ་དཔལ་རྩ་རྒྱུད་དུ་འདི་སྐད་ཅེས་ལུང་བསྟན་ཏེ། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འཁྲུངས། །དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་གྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོ་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས། །དེས་ནི་རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེས་ནི་སྲོག་སྤངས་ནས། །དེ་ཡང་སྔགས་ནི་མྱུར་འགྲུབ་སྟེ། །ཞི་དང་རྒྱས་པ་བསིལ་བྱེད་པའོ། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བཙོན་(བརྩོན།) རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། །ཁ་བ་ཅན་གནས་ཀླ་ཀློའི་རྒྱལ། །དེ་ཡང་སྟོན་པ་མཆོད་བྱེད་པའོ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། །ས་འོད་དེ་བཞིན་ས་འོད་བཟང་། །དེ་བཞིན་ཕ་རོལ་གནོན་ཉིད་དང་། །རྐང་པའི་འགྲོས་ཤེས་བསྟན་པ་ཡིན། །ས་སྲུང་དང་ནི་བེའུ་དང་། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །ཐ་མར་འཆར་རྒྱལ་ངང་ཚུལ་ཏེ། །ཀླ་ཀློའི་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུགས་ནི་རྣམ་ཞིག་ཅིང་། །ཕྱི་རིལ་སྐྱེ་དགུའི་ཉེ་བར་སྤྱོད། །ཅེས་ལུང་བསྟན་པ་ཡིན་ཏེ། དེ་ལ་བོད་ཀྱི་མཁས་པ་དུ་མ་མཐུན་པ་ཉིད་དང་། འགོས་ལོ་གཞོན་ནུ་དཔལ་བས་འདི་སྐད་གསུངས་ཏེ། བྱང་གི་ཕྱོགས་དང་ཁ་བ་ཅན་ནི་གྲགས་ཆེ་ཞིང་། ལྷ་ལྡན་ནི་ལྷ་སའོ། །ལོ་བརྒྱད་ཅུ་རྒྱལ་སྲིད་བྱེད་པ་ནི་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་ཤིང་བར་དུ་གུང་སྲོང་གུང་བཙན་གྱིས་ཀྱང་རྒྱལ་སྲིད་ཅུང་ཟད་མཛད་པའོ། །སྒྲོལ་མ་དང་གོས་དཀར་མོ་དང་དཀར་མོ་ཆེན་མོ་ནི་བཙུན་མོའི་མཆོག་གསུམ་སྟེ། ཀོང་ཇོ་དང་བལ་མོ་བཟའ་དང་འབྲིང་བཟའ་མ་ཐོད་དཀར་རོ། །ལི་ཙ་བྱིའི་རིགས་སུ་བྱུང་བ་ནི། ཡངས་པ་ཅན་པའི་རྒྱུད་ཡིན་པའོ། །ཀླ་ཀློའི་རྒྱལ་པོ་ནི་ནུབ་ཕྱོགས་ཏ་ཞིག་(ཟིག)གི་ཡུལ་ལ་དབང་བྱེད་པའོ། །དེ་བཞིན་དུ་རྒྱལ་པོ་མང་པོ་ནི་འོག་ནས་འབྱུང་བ་རྣམས་ཏེ། ཁྱུ་མཆོག་ནི་མང་སྲོང་ངོ་། །ཁྱུ་མཆོག་བཟང་ནི་ཀླུང་ནམ་མོ། ས་འོད་ནི་མེས་ཨག་ཚོམ་མོ། །ས་འོད་བཟང་ནི་ཁྲི་སྲོང་ལྡེའུ་བཙན་ནོ། །ཕ་རོལ་གནོན་ནི་མུ་ནེ་བཙན་པོའོ། །རྐང་པའི་འགྲོས་ནི་ཁྲི་ལྡེ་སྲོང་བཙན་ནོ། །ས་སྲུང་ནི་རལ་པ་ཅན་ནོ། །བེའུ་ནི་གླང་དར་མའོ། །འོད་ལྡན་ནི་འོད་སྲུང་སྟེ། ལྡན་པ་དང་སྲུང་བ་ལ་ཨ་བ་ཏི་ཟེར་བའི་ཕྱིར་རོ། །ཐ་མ་འཆར་རྒྱལ་ངང་ཚུལ་ནི། ཉི་མ་འཆར་བའི་ཕྱོགས་ནས་བོད་ལ་དབང་བྱེད་པའི་ཧོར་རྒྱལ་པོ་ཡིན་ཞེས་འགའ་ཞིག་འདོད་ལ། ཤར་ཁ་ཞེས་པའི་ལུང་འདིར་རྒྱལ་པོ་དཔལ་འཁོར་བཙན་ཡིན་ཡང་རུང་ངོ་། །དེ་ནས་བོད་སྤྱི་ལ་དབང་བྱེད་པའི་རྒྱལ་པོ་མེད་པས་ལུགས་རྣམ་པར་ཞིག་གོ །ཞེས་སྨྲས་པ་གཞན་ནི་དེ་ལྟར་མི་འཐད་པ་མེད་ཀྱང་བཙུན་མོའི་སྐབས་རྒྱ་བལ་བཟའ་དང་མང་(མོང་)བཟའ་ཁྲི་ལྕམ་བསྒྲངས་དགོས་ལ། གུང་བཙན་གྱི་རྒྱལ་སྲིད་ལོ་གཉིས་སྲོང་བཙན་གྱི་རྒྱལ་སྲིད་ལོ་ཁོངས་སུ་མ་བསྡུས་པ་རུང་ཡང་སྲོང་བཙན་གྱིས་རྒྱལ་སྲིད་མཛད་པའི་བརྒྱད་ཅུ་སྐུ་ཚེའི་ཚད་དུ་བྱས་པ་ནི་མི་ལེགས་པ་དང་། གོང་དུ་གུང་སྲོང་གི་ལུང་བསྟན་ཧོར་ཁོངས་སུ་བཞག་ནས་ཕ་རོལ་གནོན་མུ་ནེ་བཙན་པོར་འཛིན་པ་ཡང་མི་འཐད་དེ། ཕ་རོལ་གནོན་ཁྲི་སྲོང་ལྡེ་བཙན་དང་། རྐང་པའི་འགྲོས་ནི་ཁྲི་སྲོང་གི་སྲས་རྣམས་ཀྱིས་རྒྱལ་སྲིད་རིམ་པས་མཛད་པ་ལ་དགོངས་པར་བདག་གི་རྣམ་རྟོག་སྟེ། དོན་དུ་ཡང་དེར་ངེས་ལ། འཆར་རྒྱལ་ངོས་འཛིན་ཡང་དཔྱད་བྱར་སྣང་ངོ་། །

དེ་ལྟར་འཇིག་རྟེན་དབང་ཕྱུག་བོད་རྗེའི་མི་ཡི་ལྷ་སྲོང་བཙན་སྒམ་པོའི་ཞབས་ལྕགས་ཁྱི་ལ་སྤྲུལ་པ་བསྡུས་པའི་སྐབས་མང་སྲོང་ས་ཁྱི་ལོ་པ་བཅུ་གསུམ་བཞེས་ཤིང་། དེ་ནས་རྒྱལ་སྲིད་ལོ་ཉེར་དྲུག་བཟུང་། མེ་བྱི་ལ་གཤེགས། ཡབ་གཤེགས་ནས་ཞག་བདུན་ལོན་པ་ན་སྲས་འདུས་སྲོང་མང་པོ་རྗེ་བལྟམས་ཞེས་ལོ་རྒྱུས་མང་ཞིག་ཏུ་འབྱུང་ཡང་། ཐང་གི་ཡིག་ཚང་སོགས་ཁ་ཅིག་ཏུ་མེས་གཤེགས་པའི་ལྕགས་ཁྱི་ནས་ལོ་སུམ་ཅུ་བར་རྒྱལ་སྲིད་མཛད་ནས་ས་ཡོས་ལོར་གཤེགས། ལོ་དེ་ལ་མང་སྲོང་ཁྲིར་འཁོད་སྨྲས་པ་འཐད་པར་སེམས་ལ། འདུས་སྲོང་འཁྲུངས་ལོ་བྱི་བ་ཡིན་ཞེས་གཏན་ཚིགས་ཕལ་ཆེར་འགྲིགས་པས་དེ་ཚེ་དགུང་ལོ་བཞི་ལོན་པའི་སྐབས་སུ་ཞེས་སོ། །འདུས་སྲོང་མང་པོ་རྗེས་རྒྱལ་སྲིད་ལོ་སོ་བརྒྱད་མཛད་པའི་འབྲུག་ལོའི་དཔྱིད་སྲས་ཁྲི་ལྡེ་གཙུག་བརྟན་བལྟམས། དགུན་དེར་ཡབ་གཤེགས་ནས་ལོ་ཕྱི་མར་ཁྲི་ལྡེ་གཙུག་བརྟན་རྒྱལ་པོར་མངའ་གསོལ་ཟེར་བ་ཡི་གེ་མང་བས་དེ་ཚེ་མེས་ཀྱི་དགུང་རྟ་(རྟགས་)མེ་འབྲུག་ཏུ་སོང་། དེས་རྒྱལ་སྲིད་ལོ་དོན་བཞི་བྱས་པ་དང་། རེ་བརྒྱད་དང་རེ་གསུམ་དང་ང་ལྔ་དང་ང་གཅིག་བྱས་པ་སོགས་དུ་མ་མཐོང་ཞིང་མང་(པོ་)ཞིག་ཡབ་གཤེགས་སྐབས་སུ་སྲས་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བཅུ་གསུམ་ལོན་པར་འདོད་པ་ཐང་ཡིག་སོགས་དང་མཐུན་རུང་། རྒྱལ་རབས་ཁ་ཅིག་ཏུ་ཡབ་གཤེགས་ནས་སྲས་ལོ་བདུན་པའམ་བརྒྱད་པར་ཁྲི་ལ་འཁོད་ཅེས་བྱུང་བ་བློན་པོ་གདུག་པ་རྣམས་ཀྱིས་ཁྲིམས་བུ་ཆུང་བཅའ་ཚུལ་ལ་དཔག་(ན་)སྐུ་ཚ་ཕྲ་མོར་ཡབ་གཤེགས་པར་འཐད་པས་༼དེ་ནི་རྒྱལ་ཐབས་ཇི་བཞིན་རང་ཉིད་ཀྱིས་སྐྱོང་ནུས་པའི་དུས་བརྙེས་པའི་ཐོག་མ་ལ་དགོངས་པར་འདོན་(འདོད་)ལ། ཆོས་དབང་ཞབས་ཀྱིས་གནམ་སྐས་ཀྱི་གཏེར་ལོ་ལྔ་བརྒྱ་རྩ་གསུམ་ན་འདོད་པར་གསུངས་པ་ཡང་རྒྱ་དཀར་དུ་རྒྱལ་པོ་ད་ལྟ་བའི་ལོ་བརྩི་བའི་ལོ་ལུགས་སྲོལ་ལྟར་བཅུ་གསུམ་ལྕགས་རྟ་ནས་བསྒྲངས་པ་གསལ་(དཔལ་)གྱི་བསམ་ཡས་ཀྱི་རྨང་བཏིང་བའི་དུས་དེ་ལས་ལོ་བརྒྱད་ཀྱི་འཕྱི་བ་ས་སྟག་ལ་ཡིན་ཟེར་ཡང་གནམ་སྐས་ཀྱི་གཏེར་སྦ་བའི་དུས་རགས་རྩིས་སུ་འགལ་བ་མེད་ལ། འོན་ཀྱང་འདི་ལ་ཞིབ་མོར་བྱ་དགོས་པས་འདིར་བྲི་མི་ལོང་བས་གཞན་དུ་སྤྲོའོ།༽དེའི་ན་མེས་ཀྱིས་མེ་སྦྲུལ་ནས་རྒྱལ་སྲིད་ལོ་རེ་བདུན་བྱས་པའི་ཆུ་ཕག་དགོངས་༼དགུང་༽ལོ་རེ་བརྒྱད་པར་སྐུ་གཤེགས། དེ་ཚེ་སྲས་ཁྲི་སྲོང་ལྡེའུ་བཙན་ས་རྟ་ལོ་པ་དགུང་ལོ་དྲུག་བཞེས་ཤིང་། བདུན་པ་ཤིང་བྱི་ལོར་ཁྲིར་འཁོད་པའོ། །གཞན་ཐང་གི་ཡིག་ཚང་ལྟར་ན་མང་སྲོང་གི་རྒྱལ་སྲིད་ལོ་སུམ་ཅུ། འདུས་སྲོང་གིས་རྒྱལ་སྲིད་ལོ་ཉེར་དྲུག མེས་ཨག་ཚོམ་ཅན་གྱིས་ང་གཅིག་བྱས་པ་ཚལ་པའི་དེབ་དམར་དུ་བྲིས་པས། དེ་ཚེ་སྲོང་བཙན་གཤེགས་པའི་ལྕགས་ཁྱི་ནག་མེས་ཨག་ཚོམ་ཅན་གཤེགས་པའི་ཤིང་ལུག་བར་ལོ་བརྒྱ་དང་ཉག་དྲུག་སོང་། འདིར་བསྟན་ཆུ་ཕག་ལས་ལོ་ཉེར་བརྒྱད་ཀྱི་ཉུང་བ་ཙམ་སྟེ། ལོ་འདི་ལ་ལྷག་ཆད་ཡོད་པར་མངོན་པས་སླར་རྒྱ་ནག་གི་ཡིག་ཚང་ཞིབ་མོ་གཞན་དུ་དཔྱད་ནས་བགྱིད་ཀྱང་འདོད་དོ། །འདིར་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བདུན་ལ་ཁྲིར་བཞུགས། རྒྱལ་སྲིད་ལོ་ཞེ་དགུ་བྱས། ལྔ་བཅུ་ཆུ་གླང་ལོར་ལྷ་སྲས་མུ་ནེ་བཙན་པོར་རྒྱལ་སྲིད་གཏད། རྒྱ་ཡི་ཚིག་ཚང་ལྟར་ན་ཆུ་གླང་དེ་ནས་བརྒྱད་ལོན་པ་རེ་གསུམ་ལྕགས་སྤྲེལ་ལ་གཤེགས་ཞེས་དང་།

སྔགས་རྙིང་མའི་ལོ་རྒྱུས་མང་པོ་ཞིག་དང་། བུ་སྟོན་ཞབས་ནས་རེ་དགུ་མེ་སྟག་ལ་སྐུ་གཤེགས་པར་བཞེད་ལ་གཏེར་ལུང་ཁ་ཅིག་པར་རེ་བརྒྱད་གླང་ལོ་འབྲུག་ཟླའི་ཉ་ལ་གཤེགས་པར་གསུངས་ཏེ། དེ་གསུམ་ལས་རེ་ཞིག་ཕྱི་མ་བཟུང་ན་སྲས་ལ་རྒྱལ་སྲིད་གཏད་ནས་ལོ་བཅུ་གཉིས་འདས་ཤིང་། ལོ་ངོ་བཅུ་གསུམ་པ་ཤིང་གླང་ལོར་སྐུ་གཤེགས། འཕགས་པ་མཆོག་སྲོང་བཙན་སྒམ་པོ་ལྕགས་ཁྱི་ལོར་གཤེགས་ནས་ལོ་བརྒྱ་དང་ཉེར་བརྒྱད་འདས་པའི་ས་རྟ་ལོར་ཁྲི་སྲོང་ལྡེའུ་བཙན་འཁྲུངས། དེ་ཤིང་གླང་ལ་གཤེགས་ཚེ་མེས་གཤེགས་ནས་བརྒྱ་གོ་ལྔ་འདས་སོ། །དེ་རྗེས་སྲས་མུ་ནེ་བཙན་པོས་རྒྱལ་སྲིད་ལོ་གཅིག་དང་ཟླ་དགུའམ་བདུན་ནམ་གསུམ་བཟུང་ཞེས་དང་། ཡབ་གཤེགས་ནས་ཟླ་བ་དྲུག་ནས་སྐུ་གཤེགས་ཞེས་ཀྱང་ཡོད་ལ། དེ་ནས་མུ་རུག་བཙད་པོ་རྒྱལ་སྲིད་དུ་བཞུགས་པར་བརྩམས་ཀྱང་མི་རིངས་བར་ཆིབས་ཀྱིས་བརྡབས་ཏེ་གྲོངས་ཞེས་མང་པོ་ཞིག་མཐུན་ཡང་མུ་རུག་གཤེགས་པའི་བང་སོ་རྒྱལ་པོ་ཁྲི་རབས་ཀྱི་གནས་སུ་ཡོད་པས་ཡུན་རིང་ཐུང་ལས་རྒྱལ་སྲིད་ཀྱི་ཁྲིར་བཞུགས་པར་བྱས་པ་ཉིད་འཐད་དོ། །ཡང་ཁ་ཅིག་ནས་མུ་རུག་དང་མུ་ཏིག་གཅིག་པར་འདོད་པ་ནི་མི་ལེགས་སོ། །དེ་ནས་མུ་ཁྲི་དང་མུ་ཏིག་ཐ་དད་ཀྱིས་རྒྱལ་སྲིད་རིམ་པར་བྱས་ཞེས་དང་། མུ་ཁྲི་དང་མུ་ཏིག་གཅིག་པར་འདོད་པའི་ལུགས་གཉིས་ལས་འདོད་པ་ཕྱི་མ་རང་གི་བློ་ལ་རན་པས་སླར་དཔྱད་དགོས་དང་། རེ་ཞིག་འདིར་སྔ་མ་ཉིད་བཞེད་པ་པོ་མང་བས་དེ་དང་ཕྱོགས་མཐུན་དུ་བཀོད་ན་མུ་ཁྲི་བཙན་པོ་ཡབ་གཤེགས་པའི་སྐབས་སུ་དགུང་ལོ་ཉེར་གཉིས་ཏེ། དེ་ནས་ལོ་གསུམ་འདས་པ་རང་ལོ་ཉེར་ལྔ་ས་འབྲུག་ལ་ཁྲིར་བྱོན། དེ་ནས་ལོ་དྲུག་པ་ཆུ་བྱ་ལ་གུ་རུ་རིན་པོ་ཆེ་སྲིན་པོ་འདུལ་དུ་གཤེགས། མུ་ཁྲིས་རྒྱལ་སྲིད་ལོ་བརྒྱད་མཛད་ནས་སོ་གཉིས་ཤིང་ཕག་ལ་གཤེགས། དེའི་ཚེ་གཅུང་ཁྲི་ལྡེ་སྲོང་བཙན་ནམ་མཚན་གྱི་རྣམ་གྲངས་མུ་ཏིག་བཙད་པོ་སྟེ་ཤིང་སྟག་ལོ་པ་དགུང་ལོ་བཞི་པའི་སྐབས་ཉམས་སད་པའི་ཕྱིར་ཁྲིར་བཀོད་ནས་ཡབ་ཀྱིས་ནོར་བུའི་ཅོད་པཎ་བཅིངས་པས་བཀྲ་ཤིས་པའི་ལྟས་མང་དུ་བྱུང་ཞིང་། དབུ་རྒྱན་ནོར་བུའི་ལྗིད་ཀྱིས་དབུ་ཅུང་ཟད་ཡོ་བས་སད་ན་ལེགས་འཇིང་ཡོན་ཏུ་མཚན་གསོལ་བ་དེ་བཅུ་གཉིས་པར་ཡབ་ཁྲི་སྲོང་ལྡེའུ་བཙན་གཤེགས། ཉེར་གཉིས་ལ་གཅེན་གཤེགས་པས་སེང་གེའི་ཁྲིར་མངའ་གསོལ། རྒྱལ་སྲིད་ལོ་ངོ་སྔ་ཕྱི་གཉིས་བསྡོམས་པའི་ཉེར་གཅིག་མཛད། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། ཞེ་གཉིས་ཤིང་ལུག་ལོར་གཤེགས། མུ་ཁྲི་དང་སད་ན་ལེགས་གཉིས་ཀའི་རྒྱལ་སྲིད་ཀྱི་ལོ་གང་པོ་ནི་ཉེར་བདུན་ཏེ། ཁྲི་སྲོང་ལྡེའུ་བཙན་གཤེགས་ནས་སུམ་ཅུ་ཐམ་པ་འགྲོ། ཁ་ཅིག་མུ་ཏིག་གི་སྲས་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་ཡིན་པར་སེམས་པ་ནི་སྐར་ཆུང་རྡོ་རིང་གི་ཡི་གེ་དང་དངོས་སུ་འགལ་བས་སད་ན་ལེགས་ཁྲི་སྲོང་ལྡེའུ་བཙན་ཉིད་ཀྱི་སྲས་སུ་ངེས་པར་ཡང་དག་པར་བཟུང་བར་བྱའོ། །ལྷ་སྲས་ཁྲི་རལ་ཡབ་སད་ན་ལེགས་ཀྱི་ཉེར་དགུ་ཆུ་རྟ་ལོར་འཁྲུངས། བཅུ་བཞི་ལ་ཡབ་གཤེགས། ལོར་དེར་ཁྲི་ལ་བཞུགས། སྐྱིད་རྟག་ལོ་དང་པོར་མིང་བཏགས། རྒྱལ་སྲིད་རྒྱ་ནག་གི་ཡིག་ཚང་ལྟར་ན་ལོ་ཉེར་གཉིས་བྱས། མེ་འབྲུག་ལ་གཤེགས་ཟེར་ཡང་བོད་སྤྱི་ཡི་ལྕགས་བྱ་ལ་གཤེགས་པ་མཐུན་པས་དེ་ཚེ་རྒྱལ་སྲིད་ལོ་ཉེར་བདུན་བྱས་པའོ། །ལྷ་རལ་པ་ཅན་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེ་བར་ཉང་དང་ཆོས་དབང་གཉིས་ཀའི་ལུང་སྐྱེ་འཕྲེང་དུ་གསུངས་ཏེ། དེ་ཡང་ཁྲི་སྲོང་ལྡེའུ་བཙན་སྐུ་གཤེགས་པའི་དེ་མ་ཐག་སུམ་ཅུ་རྩ་གསུམ་དབང་པོ་བརྒྱ་བྱིན་གྱི་སྲས་ལྷ་དབང་འོད་མཐའ་ཞེས་སུ་འཁྲུངས་ནས་མི་ལོ་བཅུ་དྲུག་འདས་པ་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་སྲི་ཞུ་མཆོག་ཏུ་བགྱིས་པའི་སླད། སླར་ཡང་རང་གི་རིགས་སྲས་ཀྱི་རྒྱུད་དུ་བལྟམས་པར་བྱེད་དགོས་པས་དེ་རྩ་གསུམ་པའི་ཆུ་ཚོད་གཅིག་གི་ཡུན་འདས་པར་འཕོ་ཚུལ་བསྟན་པ་ཤེས་སོ། །གནོད་སྦྱིན་དར་མ་འུ་དུམ་བཙན་ཤིང་ལུག་ལོ་པ་སྐྱེས་ནས་ཟླ་བ་གཉིས་ནས་ཡབ་གཤེགས། ནར་སོན་པ་ན་གཅེན་གྱིས་འུ་ཤངས་རྡོ་ཡི་གཙུག་ལག་ཁང་བཞེངས་པ་ན་གྲོགས་སྟོབས་ཀྱི་དར་མས་ཀྱང་འབྲི་ཡི་གཙུག་ལག་ཁང་སོགས་བཞེངས། ཉེར་བདུན་ལྕགས་བྱ་ལ་རྒྱལ་སྲིད་ཐོབ་ནས་ལོ་གཅིག་འཇིག་རྟེན་ཕལ་སྤྱོད་རྣལ་མ་དང་། དེ་ནས་སྡིག་པའི་གྲོགས་པོས་བསྐྱོད་ཅིང་ནག་ཕྱོགས་གདོན་གྱིས་བསྐུལ་ནས་ཚུལ་ངན་ལ་སྤྱོད་པ་ཟླ་བ་དྲུག་དང་། དེ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཚེ་བ་ཁོ་ནར་ལྷུར་ལེན་པ་ཟླ་བ་ཕྱེད་བདུན་བཅས་བྱས་ནས། ལོ་ངོ་གསུམ་སོང་བའི་ཆུ་ཕག་ལོར་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ལྷས་ལུང་དཔལ་གྱི་རྡོ་རྗེས་ཉག་ཕྲན་འཁྲུལ་འཁོར་གྱིས་ལྔ་པའི་ལམ་དུ་བརྫངས། རྒྱལ་པོ་བེའུ་དར་མ་ལྔ་ལམ་དུ་བཏང་བའི་ལོ་གཏན་ཚིགས་ཁ་ཅིག་ཏུ་ལྕགས་བྱ་དང་ཆུ་ཁྱི་དང་ཡང་ཤིང་གླང་དང་མེ་སྟག་བྱས་པ་ཡོད་ཀྱང་སྔ་མ་གཉིས་མི་འཐད་ལ་ཕྱི་མ་དག་རུང་། ཡང་དཀྱུས་སུ་བསྟན་པ་ཉིད་ཁུངས་སུ་ཆེའོ། །

ལྷས་ལུང་དཔལ་གྱི་རྡོ་རྗེ་འདི་ནི་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་ཡ་གྱལ་ཡིན་པར་ཡོངས་གྲགས་དང་། ལོ་བཅུ་བདུན་པར་སྤ་གྲོ་སྟག་ཚངས་སུ་གུ་རུ་པདྨའི་ཞལ་མཇལ་ཞིང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་། ཡི་དམ་ལྷ་དང་བླ་མས་བདུད་འདུལ་དཔའ་བོར་ལུང་བསྟན་པར་ལྷས་ལུང་དུ་གྲགས། ལྷ་སྲས་མ་རུབ་སྐུ་གཤེགས་མ་ཐག་ཏུ་སྐྱེ་བའི་ཉིན་ཉིང་མཚམས་སྦྱར་བ་ཡིན་ཞེས་བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མར་གསལ་བར་གསུངས་པས། དེ་ཚེ་མེ་སྟག་གམ་མེ་ཡོས་གང་རིགས་སུ་འཁྲུངས་དགོས་ལ། རྒྱལ་པོ་སྡིག་ཅན་སྒྲོལ་དུས་དགུང་ལོ་ང་བརྒྱད་ཙམ་དུ་ཕེབས་པ་དང་། ཁམས་སུ་བླ་ཆེན་དགེ་བ་དགོངས་པ་རབ་གསལ་གྱི་བསྙེན་པར་རྫོགས་པའི་ཁ་སྐོངས་ཀྱི་དགེ་སློང་རྒྱ་ནག་ནས་ཧ་ཤང་གཉིས་འབད་པས་བཙལ་བའི་གྲོགས་ཀྱང་མཛད་ཅིང་། དུས་ཕྱིས་གནམ་ལྡེ་འོད་སྲུང་ལ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མདོ་ཆོག་གི་ལུང་བྱིན་པ་ཡང་བཤད་པས་སྐུ་ཚེ་བརྒྱད་ཅུ་ལྷག་ངེས་ཤིག་བཞུགས་པར་སྣང་ངོ་། །གངས་ཅན་འདིར་རྒྱལ་བསྟན་རིན་པོ་ཆེར་བྱ་བ་བླ་ལྷག་ཏུ་མཛད་་པ་པོ་ཁྱད་པར་འཕགས་པ་གཅིག་སྟེ། བཀའ་དྲིན་རྣམ་པ་ཀུན་ཏུ་དྲན་ནས་རྟག་ཏུ་ཕྱག་བྱ་བའི་གནས་སོ། །ས་གནས་འཕགས་ཆེན་རྣམས་ཀྱི་སྤྲུལ་པའི་སྐུ། །ས་སྐྱོང་མཐོ་རིས་མཛེས་རྒྱན་མི་ཡི་ལྷ། །རྒྱལ་བའི་ལུང་བསྟན་རྒྱལ་བསྟན་འདྲེན་པ་པོ། །རྒྱལ་སྲས་རྒྱལ་བློན་རྣམས་ལ་རྟག་ཕྱག་འཚལ། །དམ་ཆོས་ཡུན་རིངས་གནས་པར་བྱ་བའི་ཕྱིར། །དམ་པའི་རྣམ་ཐར་འཛིན་ལ་ཆེས་བརྩོན་པ། །དཔལ་གྱི་རྡོ་རྗེ་ལ་སོགས་འཇིགས་མེད་ལྷ། །དཔལ་ཆེན་རྣམས་ལ་གུས་པ་ཅིས་མི་བསྐྱེད། །ཅེས་སོ། །

བོད་རྗེ་ལྷ་བཙད་པོའི་རིགས་དྲི་མ་མེད་པ་བེའུ་དར་མ་ལ་སླས་ཀྱི་བཙུན་མོ་གཉིས་མངའ་བའི་ཆུན་མ་ཚེ་སྤོང་བཟའ་བཙད་མོ་འཕེན་ལ་ལྕགས་བྱ་ལོར་མངལ་དུ་ཆགས་ནས་ཆུ་ཁྱི་འཆར་བ་ན་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་པ་ཆེན་མས་འཕྲོག་གམ་བསད་པར་དོགས་ནས་མེལ་ཚེ་དང་མཚན་མོ་མར་མེའི་ཕྲེང་བས་བསྐོར་ནས་བསྲུངས་བས་མཚན་ཡང་འོད་སྲུང་དུ་ཆགས། འདི་སྤྱོད་ལམ་ལེགས་ཤིང་ངང་ཚུལ་བཟང་བས་དེ་སྐབས་བློན་འགའ་ཁྲི་རལ་གྱི་སྲས་ཡིན་པར་ཡང་བྱས་སྐད། འོད་སྲུང་བལྟམས་པའི་ལོ་ཕྱི་མ་རྒྱལ་པོ་བེའུ་གཤེགས་སྐབས་སྣ་ནམ་བཟའ་ལ་ཁྱེའུ་ཞིག་བྱུང་བ་བློན་པོ་རྣམས་ལ་བསྟན་པས་སྐྱེ་མ་ཐག་སོ་ཡོད་པ་ཐེ་ཚོམ་ཡང་ཡུམ་གྱི་བཀའ་བཙན་པས་བརྟན་དུ་ཆུགས་སྨྲས་པས་མཚན་ཡང་ཡུམ་བརྟན་དུ་ཆགས། ནག་ཕྱོགས་ཀྱི་རྣམ་པར་འཕྲུལ་པའི་སྡིག་བློན་རྣམས་ཀྱིས་རྒྱལ་པོ་བེའུ་གཤེགས་རྗེས་ཀྱང་བསྟན་ལ་འཚེ་བ་བརྩམས་རུང་རྒྱལ་པོའི་སྐབས་ལྟར་ངག་མི་བཙན་ཞིང་མི་རིངས་བར་ལུས་ཚལ་པ་དུ་མར་མངོན་དུ་ཞིག་ནས་ཚེའི་དུས་བྱས་པ་སོགས་བཟོད་དཀའ་མི་སྲིད་བཟད་འཇིགས་རུང་གིས་ཕལ་ཆེར་ཁ་དག་པས་མི་རྣམས་ཞིང་དངངས་ཤིང་། ཆོས་ལ་དཀར་བའི་བློན་པོ་རྣམས་ཀྱིས་ཀྱང་བསྐུལ་བས། ཤིང་གླང་ལོ་མཐར་ཆོས་ལ་འཚེ་བའི་འཕྲོ་ཆད། ཤིང་གླང་འདི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཤེགས་ལོ་དྲུག་ཅུ་སྐོར་གཅིག་འདས་ནས་ཡང་ཤིང་གླང་ཤར་བ་དེ་ཡིན། མེ་སྟག་ལ་འོད་སྲུང་དང་ཡུམ་བརྟན་ཡང་རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་བླངས་ནས་དཀོན་མཆོག་རྟེན་ལ་མཆོད་པ་བྱས། རྒྱལ་བུ་དེ་ཉིད་ནར་སོན་ནས་གནམ་ལྡེ་འོད་སྲུང་གི་བུས་གཡོར་རུ་བཟུང་། སྨན་བླའི་མདོ་ཆོག་ལ་ཡི་དམ་སྙིང་པོ་མཛད་ཅིང་། དཀོན་མཆོག་གསུམ་ལ་གུས་པ་ཆེན་པོ་བྱས། དགུང་ལོ་རེ་གསུམ་དང་ཞེ་དགུ་དང་སོ་དགུ་བྱས་པ་མཐོང་ཡང་ཕྱི་མ་འཐད་པར་སེམས། དེ་ཡི་བཙུན་མོ་ལྕོག་རོ་བཟའ་རྒྱལ་མོ་ལ་ཡབ་ཀྱི་ཉེར་བཞི་ཤིང་བྱ་ལོར་སྲས་དཔལ་འཁོར་བཙན་འཁྲུངས། ཡབ་གཤེགས་པའི་ཕྱི་ལོ་ལྕགས་གླང་ལ་རྒྱལ་སར་འཁོད། བློན་པོ་འབྲོ་གཙུག་དགྲ་ལྷ་སྣང་དང་ཅང་འ་ཕོ་གཉིས་ཀྱིས་བྱས། གཙུག་ལག་ཁང་བརྒྱད་བཞེངས། གབ་རྩེ་མཁན་བསམ་རྒྱལ་གྱིས་ལུག་ལ་གཤེགས་ཟེར་བས་དགུང་ལོ་སོ་ལྔའོ། །

གླིང་རྗེ་གེ་སར་དུ་གྲགས་པ་ཡང་གནམ་ལྡེ་འོད་སྲུང་ནས་འདི་ཡབ་སྲས་ཀྱི་རིངས་ལ་བྱུང་བར་མངོན་ནོ། །རླངས་ཀྱི་ཨ་མེས་བྱང་ཆུབ་འདྲེ་བཀོལ་གྱི་སྦྱིན་བདག་གེ་སར་གྱིས་བྱས་ཤིང་། བྱང་ཆུབ་འདྲེ་བཀོལ་རང་ཉིད་གུ་རུ་པདྨའི་སྤྲུལ་པ་དང་། གེ་སར་ཁྲི་སྲོང་ལྡེའུ་བཙན་གྱི་སྤྲུལ་པར་ཁས་བླངས་ཤིང་། གེ་སར་གྱ་བརྒྱད་ཐུབ་པའི་ལུང་བསྟན་མཛད་ཚུལ་རླངས་ཀྱི་པོ་ཏི་བསེ་རུར་ཡོད་པས་གེ་སར་ནམ་བྱུང་གི་དུས་དེས་ཤེས་པས་དེ་ལས་དུས་སྔ་བ་དང་ཕྱི་བར་མ་སེམས་ཤིག རྙིང་མ་ཁ་ཅིག་གིས་གེ་སེར་མངའ་བདག་སྤྲུལ་པར་འདོད་པ་རླངས་ཀྱི་ཚིག་རིས་དང་མཐུན་རུང་བདག་གི་རྩ་བའི་བླ་མས་གེ་སར་སྐྱེས་བུ་རྡོ་རྗེ་ལེགས་པའི་རྣམ་འཕྲུལ་དུ་གསུང་བ་དོན་ལ་གནས་པར་ངེས་ཤིང་། དེ་བོད་ཁམས་བདེ་བའི་ཕྱིར་མངའ་བདག་ཁྲི་སྲོང་གི་བཀའ་ལུང་ངམ་སྨོན་ལམ་གྱི་མཐུས་རྡོར་ལེགས་ཀྱིས་མི་ཡི་སྲིད་པ་བཟུང་བར་བྱས་ན་འགལ་བ་ཅན་ཡང་མ་ཡིན་ནོ། །ཕྱིས་བྱུང་ལོ་རྒྱུས་འཆད་པ་པོ་མང་པོ་ཞིག་གིས་ཨ་མེས་བྱང་ཆུབ་འདྲེ་བཀོད་འདི། གུ་རུ་པདྨ་བོད་དུ་བཞུགས་དུས་ཀྱི་དངོས་སློབ་ཡིན་ཞེས་གསུངས་ཀྱང་། གུ་རུ་པདྨས་རླངས་དཔལ་གྱི་སེང་གེར་ལུང་བསྟན་པ། ཁྱོད་རླངས་ཀྱི་མི་རྒྱུད་སྐལ་ལྡན་ལ། །ང་ཡི་ཐུགས་རྗེས་ཁྱབ་པར་བྱེད། །ཁྱོད་ནི་སྐྱེས་བུ་སྐལ་ལྡན་ཡིན། །ཁྱོད་ལྷ་རིགས་རླངས་ཀྱི་མི་རྒྱུད་ལ། །བྱང་དང་ཆུབ་ཅེས་བྱ་བ་ཡི། །མིའུ་ཁྱད་པར་འཕགས་པར་ཡོང་། །དེ་ནི་ང་ཡི་ཐུགས་ཀྱི་སྲས། །ཞེས་ལུང་བསྟན་ཅིང་། བྱང་ཆུབ་འདྲེ་བཀོལ་གྱིས་གུ་རུ་པདྨས་སྦས་པའི་ཆོས་རྙེད་པར་ཡང་བཤད་པས་གདུལ་བྱ་སྤྱིར་བཏང་ངོར་བོད་དུ་བཞུགས་དུས་ཀྱི་དངོས་སློབ་ནི་མ་ཡིན་པར་གོ་ལ། བྱང་ཆུབ་འདྲེ་བཀོལ་ལོ་བརྒྱ་དང་བརྒྱད་མེ་འབྲུག་ཟླ་བ་བཅུ་གཅིག་པའི་ཚེས་བཅུར་གཤེགས་ཟེར་ལ། དེ་ལ་སྲས་བཞི་ཡི་གཉིས་པ་གཉན་ཐོག་ཨ་ཁྲོམ་(ཀྲོང་)སྟེ། དེ་ནས་མི་རབས་དྲུག་པ་ཡོན་ཆེན་རྒྱལ་བ་སྐྱབས། ྿དེ་ཡི་སྲས་རླངས་ལྷ་གཟིགས་ཀྱི་ཕག་གྲུ་བཟུང་བའི་ཐོག་མར་྿རྗེ་སྤྱན་སྔ་ནི་ཕག་གྲུ་གཤེགས་ནས་ལོ་དྲུག་པ་ཤིང་ལུག་ལོར་འཁྲུངས་ནས་དགུང་ལོ་སོ་བཞི་ས་འབྲུག་ལོ་ཕག་གྲུ་གདན་ས་མཐིལ་གྱི་ཁྲིར་ཕེབས་ལོ་ཉེར་བདུན་བཞུགས། དེ་རྗེས་ཤིང་ལུག་ལོར་སྤྱན་སྔའི་གདུང་དབོན་རྒྱལ་བ་ཐོག་རྡུག་ཁྲིར་ཕེབས། དེ་ནས་རིམ་པ་བཞིན་དབོན་རྒྱུད་རྒྱལ་པོ་སྣེའུ་གདོང་པར་གྲགས་པའི་ཞབས་དྲུང་ནོར་བུ་ཞེས་པའི་བར་རིམ་གྱིས་བྱུང་ནས་དེང་དུས་གདུང་རྫོགས་ཏེ་རབ་བྱུང་བཅུ་གཉིས་པའི་ནང་དུའོ། །ཞེས་ཞོར་དུ་འཕྲོས་ལ།

ད་ནི་དཀྱུས་སུ་འཇུག་སྟེ། མངའ་བདག་དཔའ་འཁོར་བཙན་གྱི་ཁབ་ཏུ་བཙུན་མོ་ཆེ་ཆུང་གཉིས་ལ་སྲས་རེ་རེ་བྱུང་སྟེ་ཆུན་མ་འཆིམས་(མཆིམས་)བཟའ་བཙུན་ནེ་ལ་གཅེན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཆེན་མ་སྣ་ནམ་བཟའ་ལེགས་བཙུན་ལ་གཅུང་སྐྱིད་ལྡེ་ཉི་མ་མགོན་བལྟམས། གཅེན་གྱིས་གཙང་ཉང་(མྱང་)སྟོད་རྒྱལ་མཁར་རྩེ་བཟུང་། དེ་ཡི་བཙུན་མོ་གཅོག་(ལྕོག་)རོ་བཟའ་མགོན་དཔལ་ལ་སྲས་དཔལ་ལྡེ་འོད་ལྡེ་སྐྱིད་ལྡེ་གསུམ་བྱུང་། དེ་ལ་སྨད་ཀྱི་ལྡེ་གསུམ་དུ་གྲགས། གཅེན་དཔལ་ལྡེས་གཅོག་(ལྕོག་)རོ་བཟའ་འབའ་རེ་ཁབ་ཏུ་བཞེས་པ་ལ་གཅེན་འོད་དཔལ་ལྡེ་དང་གཅུང་དྷརྨ་ཙཀྲ་གཉིས་ཡིན། འོད་དཔལ་ལྡེ་གུང་ཐང་དུ་ཕེབས་པ་གུང་སྟོན་དཔལ་མཛེས་ཀྱིས་བྱས་པའི་ཡི་གེར་ཡོད་ཟེར། གཞན་མང་པོ་ཞིག་གིས་ནི་དཔལ་ལྡེ་གུང་ཐང་དུ་ཕེབས་ཟེར་ཡང་མི་འཐད་པར་མངོན། གུང་ཐང་མངའ་བདག་ནོར་བུ་ལྡེས་མཛད་པའི་རྒྱལ་རབས་སུ་དཔལ་ལྡེའི་སྲས་དམར་པོ་བཙན་དུ་གསུང་བས་དེ་ནི་འོད་དཔལ་ལྡེའི་མཚན་གྱི་རྣམ་གྲངས་སུ་བྱེད་དགོས། དེ་ནས་གུང་ཐང་རྒྱལ་པོའི་རབས་རིངས་ཤིག་ཏུ་བྱུང་བ་རྣམ་གྲངས་མདོར་བྱས་ནས་འདིར་སྨྲས་པ། འོད་དཔལ་གུང་ཐང་ཕེབས་སྲས་འོད་ཟེར་ལྡེ། དེ་ནས་རིམ་བཞིན་བདེ་སྤྱོད་ལྡེ་དབང་ལྡེ། བཙན་ལྡེ་དེ་སྲས་གསུམ་མངའ་གཅེན་འོད་ལྡེ། །འདི་དང་མི་ལའི་སྐུ་ཚེ་སྨད་དུས་མཚུངས། །དེ་སྲས་རིམ་པས་དབང་ཕྱུག་ལྡེ་སྐྱོབས་ལྡེ། །མགོན་ལྡེ་བཙུན་ལྡེ་དེ་ཡི་བཙུན་མོ་རུ། །ཆོས་རྒྱལ་འཕགས་པའི་གཅེན་མོ་ཉི་འབུམ་སྟེ། །དེ་ལ་ཆོས་རྒྱལ་འབུམ་ལྡེ་མགོན་ཞེས་བལྟམས། །དེ་སྲས་གསུམ་གྱི་བར་མ་རིན་ཆེན་བཟང་། །དེ་སྲས་ཆོས་སྐྱོང་ལྡེ་སྟེ་གུང་ཐང་དུ། །ཆགས་པའི་གདུང་རབས་བཅུ་གསུམ་དུས་ཡིན་ཞེས། །གུ་རུའི་ལུང་དང་འདི་ཉིད་མཐུན་པར་འགྲིག །ཆོས་སྐྱོང་ལྡེ་སྲས་བཀྲ་ཤིས་ལྡེ་ཞེས་པ། །གཏེར་སྟོན་རྒོད་ལྡེའི་ཆོས་བདག་ཉིད་མཚུངས་ཡིན། །དེ་ནས་ཕུན་ཚོགས་ལྡེ་དང་བསོད་ནམས་ལྡེ། །ལྷ་དབང་རྒྱལ་མཚན་མངའ་བདག་རྣམ་རྒྱལ་ལྡེ། །བསམ་ལྡེ་ཀུན་དགའ་བློ་གྲོས་ཀུན་དགའ་གྲགས། །བསམ་ལྡེ་ཕྱི་མ་དེ་སྲས་བསོད་དབང་ལྡེ། །དེ་ལྟར་མཆེད་དང་ཁྲི་རབས་མ་བསྒྲང་བར། །ཡབ་སྲས་རྐྱང་བསྒྲངས་རྒྱལ་རབས་ཉེར་གསུམ་མཐར། །རབ་བྱུང་བཅུ་པའི་ལྕགས་པོ་སྤྲེལ་ལོ་ལ། །གཙང་པ་རྒྱལ་པོའི་དཔུང་གིས་གུང་ཐང་བླངས། །གུ་རུས་བསྔགས་པ་གུང་ཐང་རྒྱལ་པོའི་གདུང་། །གངས་ཅན་བསོད་ནམས་བགོ་ སྐལ་དེ་ཙམ་གྱུར། །དེ་ནས་ཉེར་གཅིག་ལོ་འདས་ལྕགས་སྦྲུལ་ལ། །ཨོ་རོད་དཔུང་གིས་གཙང་པའི་རྒྱལ་སྲིད་བླངས། །ལྕགས་སྦྲུལ་དེ་ནས་ད་ལྟའི་ཤིང་གླང་བར། །མི་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་སོང་། །ཞེས་དང་། མངའ་རི་(རིས་)པཎ་ཆེན་སྐུ་མཆེད་ཀྱི་རྣམ་ཐར་ལོ་རྒྱུས་སུ་གུང་ཐང་རྒྱལ་པོའི་གདུང་རིགས་ལས་འཁྲུངས་པར་བཞེད་ཅིང་། དེ་ཡང་མངའ་བདག་རྣམ་རྒྱལ་ལྡེ་ལ་སྲས་མང་དུ་བྱུང་བའི་ཐུ་བོ་དམ་པ་ནོར་བུ་ལྡེ་གློ་བོར་ཡུན་རིང་བཞུགས་དགོས་བྱུང་སྐབས་ཀྱི་སྲས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡིན་ཞེས་གསུངས་ཤིང་། དེ་ལ་སྲས་བདུན་བྱུང་བའི་གཅེན་མངའ་རིས་པཎ་ཆེན་ནི་རྩོད་མེད་ཀྱི་གཏེར་སྟོན་ཆེན་པོ་སྟེ། སྐུ་ཚེ་རིལ་པོ་དགེ་སློང་གི་བཅས་པ་ལྷུར་བླངས་ཤིང་། གཅུང་ལེགས་ལྡན་ཞེས་མངའ་རིས་རིག་འཛིན་དུ་གྲགས་པ་ཡང་གཏེར་སྟོན་ཡིན་ལ། སྲས་པདྨ་རྒྱལ་པོ་ཞེས་པ་བྱོན་རུང་དེ་ནས་གདུང་རྒྱུད་མ་འཕེལ། སྐུ་མཆེད་བར་པ་ཁ་ཅིག་གི་རྒྱུད་ད་ལྟ་གློ་བོ་མ་ཐང་གི་དབོན་རྒྱུད་རྒྱུན་ཕྲ་མོར་གནས་པ་འདི་རྣམས་ཡིན་ཟེར་བས་དེ་ཚོ་གུང་ཐང་རྒྱལ་པོའི་གདུང་རིགས་སུ་གཏོགས་དགོས་སོ། །དཔལ་ལྡེའི་སྲས་གཅུང་དྷརྨ་ཙཀྲའི་རྒྱུད་ལྷ་རྩེ་བ་གླ་ལུང་རྩ་གོར་བ་ཀླུ་རྒྱལ་བ་སྤྱི་པ་རྣམས་ཡིན་པར་གྲགས། ལྡེ་གསུམ་གྱི་འབྲིང་བ་འོད་ལྡེ་ལ་སྲས་བཞི་བྱུང་ཞིང་།དེ་ཡི་རྒྱུད་གཙང་རོང་དང་། ཡར་ལུང་དང་། ཁམས་ཀྱི་གཙང་ཁར་ཡང་ཡོད་སྐད། ཆུང་བ་སྐྱིད་ལྡེ་འཛད་རྟ་ནག་ཏུ་ཕོག་ཕེབས། སྲས་དྲུག་བྱུང་བའི་རྒྱུད་སོགས་ལྡེ་གསུམ་གྱི་གདུང་རིགས་དེ་སྐབས་ཆེས་མང་བ་འཕེལ་ཏེ་ཡོད་ཅེས་སྨྲས་སོ། །ཡང་མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཆུང་བ་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་ཕྱོགས་སུ་ཕེབས། པུ་རོང་(སྤུ་རང་)དུ་སྐུ་མཁར་ཉི་མ་གཟུངས་བརྩིགས། དེ་གྲུབ་པའི་ཞལ་སྤྲོ་མངའ་གསོལ་གྱི་སྐབས་སུ་ནམ་མཁའ་ནས་ལུང་བསྟན་པའི་སྒྲ་འདི་སྐད་དུ། སེམས་ཅན་སྤྱི་མཐུན་ལས་ལ་ལེགས་གྲུབ་པ། །ཉི་མ་ཞེས་བྱ་དེ་ཡི་གྲོགས་སུ་ནི། །སྤུ་རང་ཞེས་བྱར་བོད་ཀྱི་རྒྱལ་ཁབ་བྱུང་། །སངས་རྒྱས་བསྟན་པའི་ཉི་མ་དེང་འདིར་ཤར། །ཞེས་ཀུན་གྱིས་ཐོས་པར་གྲགས་པ་དང་། གཞན་ཡང་བཀྲ་ཤིས་པའི་ལྟས་ངོ་མཚར་ཅན་མང་དུ་བྱུང་། དེ་ལ་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་བྱུང་སྟེ། རིག་པ་མགོན། བཀྲ་ཤིས་མགོན། ལྡེ་གཙུག་མགོན། ཆེ་བ་རིག་པ་མགོན་གྱིས་མར་ཡུལ་འབྲུ་ཤའི་བར་དང་། འབྲིང་བ་བཀྲ་ཤིས་མགོན་གྱིས་ཞང་ཞུང་ཡ་རྩེ་དང་བཅས་པ། ཆུང་བ་ལྡེ་གཙུག་མགོན་གྱིས་པི་ཏི་ཅོག་འང་ཟངས་དཀར་སྒོ་གསུམ་བཅས་བཟུང་ཞེས་འདི་ནི་རིག་ཅིང་འཐད་ལ་ཁུངས་དང་ལྡན་པ་སྟེ། གཞན་གུ་གེ་དང་སྤུ་རང་གཉིས་སུ་མགོན་གཉིས་ཕོག་(ཕེབས་)པ་དེ་ནི་མ་ཡིན་ནོ། །བཀྲ་ཤིས་མགོན་གྱི་སྲས་སྲོང་ངེ་དང་འཁོར་རེ་གཉིས། སྲོང་ངེས་གུ་གེ་དང་། འཁོར་རེས་སྤུ་རང་བཟུང་། སྲོང་ངེ་དང་འཁོར་རེའི་མིང་དངོས་གཞི་དྲང་སྲོང་ལྡེ་དང་། འཁོར་ལོ་ལྡེ་ཡིན་ཞེས་མངའ་རིས་གུང་ཐང་དུ་དཔེ་ཧྲུལ་ཀ་ནི་(ཀཀྞི་)ཀ་རྙིང་པར་བརྫངས་བ་ཞིག་ཏུ་འདུག་པ་འཐད་ངེས་སུ་སྣང་། དྲང་སྲོང་ལྡེ་ཡི་སྲས་ནཱ་ག་རཱ་ཛ་དང་། དེ་ཝ་རཱ་ཛར་གྲགས། ཁོང་གིས་པཎྜི་ཏ་ཁ་ཤས་སྤྱན་དྲངས། ལོ་ཆེན་རིན་བཟང་སོགས་རྒྱ་དཀར་དུ་བརྫངས་པས་བསྟན་པ་ལ་ཆེས་ཕན། འོན་ཀྱང་དེང་སང་ལོ་རྒྱུས་ཐམས་ཅད་དུ་དེ་ལྟར་གྲགས་མོད། དེ་ཚེ་ལྷ་བླ་མ་དེ་ལོ་བརྒྱའམ་བརྒྱ་ལ་ཉེ་བ་ཞིག་བཞུགས་དགོས་ཏེ། ཇོ་བོ་བོད་དུ་ཕེབས་སྐབས་ལོ་ཆེན་བརྒྱད་ཅུ་རྩ་ལྔ་བཞེས་པས། ལྷ་བླ་མ་དེ་བས་བསྒྲེས་(བགྲེས་)པ་ཞིག་ངེས་པར་དགོས་པས་སོ། །ལྷ་བླ་མ་ལུག་ལོ་པ་དགུང་ལོ་དོན་བརྒྱད་བཞུགས་ཞེས་མངའ་རིས་གུང་ཐང་ལོ་རྒྱུས་སུ་དྲངས་པས། དེ་ཚེ་ལྷ་བླ་མ་དང་ལོ་ཆེན་ལོ་ཁྱད་གཅིག་ལས་མ་བྱུང་ཞིང་། ལོ་རྒྱུས་དེར་ནཱ་ག་རཱ་ཛ་དང་། དེ་ཝ་རཱ་ཛ་རབ་ཏུ་བྱུང་བས་བྱང་ཆུབ་འོད་དང་ཞི་བ་འོད་ཡིན་ཟེར་བ་སོགས་ལོ་རྒྱུས་ཁུངས་མ་ད་དུང་བཙལ་དགོས་པར་སྣང་། སྐུ་ཚེ་སྨད་རང་གི་རྒྱལ་སྲིད་གཅུང་འཁོར་རེར་གཏད་དེ། ཡབ་སྲས་གསུམ་ཀ་རབ་ཏུ་བྱུང་། ཡབ་ལ་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། འཁོར་རེའི་སྲས་ལྷ་ལྡེ། དེ་ལ་སྲས་གསུམ། ད་ལྟའི་ལོ་རྒྱུས་སྤྱིར་བར་པ་བྱང་ཆུབ་འོད་ཡིན་སྨྲས་ལ། དེས་ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པ་སོགས་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ། གཅུང་འོད་ལྡེས་ཀྱང་པཎྜི་ཏ་ཛྙཱ་ན་ཤྲི་སོགས་སྤྱན་དྲངས། འོད་ལྡེའི་སྲས་རྩེ་ལྡེས་རྔོག་ལོ་རྒྱ་དཀར་དུ་བརྫངས་པ་སོགས་བསྟན་པ་ལ་ཕན་པར་མཛད། དེ་ཡི་སྲས་རབས་ལྔ་པའི་སྐབས་གདུང་ཞིག་ཡ་རྩེར་བྱོན། རྒྱལ་རབས་བརྒྱད་ལྷག་ཅིག་བྱོན་ནས་སངས་རྒྱས་བསྟན་པ་གུས་པས་མཆོད་པ་བྱུང་། དེ་ནས་གདུང་རྫོགས་ཏེ་མོན་གྱི་བློན་པོ་བ་ལི་ར་ཛ་བྱ་བར་རྒྱལ་སྲིད་ཐོབ་པ་ད་ལྟ་ཛུམ་ལིར་གྲགས་པ་འདི་ཡིན། སྤུ་རང་དུ་གདུང་རབས་རིང་དུ་བྱུང་ཞིང་མཐར་རབ་བྱུང་བཅུ་གཅིག་པའི་ནང་དུ་གདུང་རིགས་ཀྱི་རྒྱུད་རྫོགས་པ་ཡིན་ཞེས་ཟེར། ཞང་ཞུང་གི་མཐིལ་གུ་གེར་གདུང་རབས་རིམ་ཅན་བྱུང་བཅུ་གཅིག་པའི་མེ་འབྲུག་ལོ་ལ་འཁྲུངས། རེ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་མཐའ་ལ་ཉེ་བ་ཆུ་ཕག་ལོར་སྦོ་(དབོ་)ཟླ་བའི་ཚེས་ལ་གཤེགས་པའི་དགོངས་རྫོགས་བསྔོ་རྟེན་བླ་མ་ཁག་ལ་ཕུལ་བ་ངེད་ཀྱི་སྐལ་བ་རྐོང་ཡུལ་ཀོང་ཡུལ་གཙང་པོ་མགོ་དགུར་སྡོད་སྐབས་སྡེ་པ་གཞུང་བརྒྱུད་དེ་བྱུང་། དེ་ནས་གུ་གེ་གདུང་རྒྱུད་ཆད་དེ་སྲས་མོ་གཉིས་ཀྱི་ཐ་ཆུང་མར་ཡུལ་ལ་དྭགས་རྒྱལ་པོའི་ཁབ་ཏུ་བཟུང་བར་སྲས་གཉིས་མངའོ། །མར་ཡུལ་བདག་པོ་རིག་པ་མགོན་ལ་སྲས་མང་དུ་བྱུང་བའི་རྒྱུད་ལ་དྭགས་རྒྱལ་པོ་ཡང་ཡིན་ཟེར་ལ་རྩོད་པ་མེད་པ་ནི་མངའ་བདག་སྟག་ཤམས་ཅན་དེ་ཡི་རིགས་རྒྱུད་ད་ལྟ་སྟོབས་འབྱོར་ཤིན་ཏུ་དབུལ་ཡང་འབྲས་ལྗོངས་ནུབ་རི་གྲོ་ཤོད་སོགས་སུ་ཐོར་བུ་ཡོད་པ་རྣམས་སོ། །ལྷ་རིགས་ཆོས་སྐྱོང་རྒྱལ་པོའི་གདུང་། །ཇི་སྙེད་བྱུང་བ་མདོ་ཙམ་དུ། །ཡིད་ཆེས་དེབ་ཐེར་མང་པོ་དང་། །བསྟུན་ནས་བྱུང་བ་འདི་ན་ཀྭ །ཞེས་སོ། །

མངའ་བདག་ཁྲི་ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན། དེ་སྲས་རིག་པ་མགོན། དེ་སྲས་རྡོ་རྗེ་འབར། དེ་ལ་སྲས་གཉིས། གཅེན་ཁྲི་དབང་ཕྱུག་བཙན། གཅུང་ཁྲི་པ། གཅེན་གྱི་སྲས་ལྷ་བཙན་པོ་ལོ་ཙཱ་བ་ཡེ་ཤེས་རྒྱལ་མཚན་ཏེ་ལེགས་སྦྱར་ལ་ཤིན་ཏུ་བྱང་བས་ཁ་རག་གཉོས་ཀྱི་ལོ་ཙཱ་ཡང་ཁོང་གི་སློབ་མ་ཡིན། ཇོ་བོ་མ་ཕེབས་གོང་ལོ་ཉི་ཤུའི་སྐབས་ཙམ་ལ་པཎྜི་ཏ་པདྨ་གསང་བ་བྱོན་པ་ན། ཞབས་ལུགས་གྲོལ་ཏིག་སོགས་བསྒྱུར་བའི་ལོ་ཙཱ་མཛད། ཁྲི་དབང་ཕྱུག་བཙན་དང་ཁོང་ཡབ་སྲས་ཀྱི་སྐུ་རིང་དུ་ཁམས་ནས་དབུས་གཙང་མི་ལྔའམ་བཅུས་སྡོམ་རྒྱུད་བླངས་ནས་བསྟན་པ་ཕྱི་དར་དབུ་ཚུགས་པས་བཀའ་དྲིན་ཡང་ཆེ་བ་ཡིན། གཅུང་ཁྲི་པར་སྲས་བཞིའི་ཆུང་ཐ་བྷོ་དྷེ་རཱ་ཛ་ཡིན། ཇོ་བོ་བསམ་ཡས་སུ་ཕེབས་སྐབས་དང་ཁོང་དུས་མཚུངས། དེ་ཡི་རྒྱུད་བླ་དག་ཏུ་ད་ལྟ་ལྷ་བཙན་སྔོན་མོ་ཞེས་མཚན་དངོས་ལྷ་དབང་རྒྱ་མཚོའི་བློ་གྲོས་ཏེ་བསམ་ཡས་དབུ་རྩེ་ནས་འཆི་བདག་སྲོག་འཁོར་གཏེར་ནས་འདོན་པ་(པོ་)དེ་དང་། ལྷ་འབྲི་སྒང་པ་སོགས་མང་དུ་བྱུང་བ་སྣང་། འདིར་བཤད་(པ་)ནི་ལོ་རྒྱུས་ཁུངས་ལྡན་ལས་དྲངས་པ་སྟེ། ཡེ་ཤེས་རྒྱལ་མཚན་གྱིས་སྲས་ཁྲི་པ་བྱས་པ་སོགས་(ལ་)མགོ་རྨོངས་པར་མི་བྱའོ། །ཡུམ་བརྟན་གྱི་རྒྱུད་བསམ་ཡས་དང་། རྡོ་དང་། འོན་སོགས་དང་། ཁམས་ཕྱོགས་སུ་ཡང་མང་དུ་ཡོད་པར་གྲགས་པ་དང་། རྐོང་(ཀོང་)པོ་རྐྱེན་རྒྱལ་པོ་ཡང་ཡུམ་བརྟན་གྱི་རྒྱུད་ཡིན། དྭགས་པོ་ཨེ་ལྷ་རྒྱ་རི་བ་ཁ་ཅིག་གིས་འོད་སྲུང་གི་རྒྱུད་པར་མཛད་ཀྱང་གཞན་མང་(པོ་)ཞིག་ལྷ་འབྲི་སྒང་བའི་རྒྱུད་པར་སྨྲའོ། །སྤྱིར་གནམ་ལྡེ་འོད་སྲུང་དང་། ཁྲི་ལྡེ་ཡུམ་བརྟན་གྱི་རྒྱུད་པ་མང་དུ་བྱུང་བར་གྲགས་ཀྱང་། མངའ་རིས་དབུས་གཙང་རྣམས་སུ་ད་ལྟ་ཇི་བཞིན་ངོས་ཟིན་པ་ནི་ཐོར་བུ་འདིར་སྨོས་པ་ཙམ་ལས་མི་སྣང་སྟེ་ཉུང་ངུར་ཟད་དོ། །བར་ཁམས་ངོམ་ཤོད་ཨ་ནུ་ཞེས་མང་དུ་ཡོད་པ་རྣམས་མངའ་བདག་གི་རིགས་སུ་གནས་མོད། དགེ་སློང་ཀརྨ་ཆགས་མེད་ཀྱིས་མཛད་པའི་ཡུལ་ཕྱོགས་དེ་ཡི་ཡིག་ཚང་ངམ་ངག་རྒྱུན་ཉིད་ལ་བརྟག་འོས་དང་། མདོ་ཁམས་སྨད་བཙད་པོ་ཨུར་གྱི་རིགས་ནི་མངའ་བདག་སད་ན་ལེགས་ཀྱི་སྲས་ཟུར་བྱུང་ཞིག་གི་རྒྱུད་ཡིན་ཞེས་གྲུབ་ཐོབ་ཆེན་པོ་ཀརྨ་པཀྴིའི་གསུངས་སུ་ངེས་པའོ། །ཀྭ་ཡེ་སྔོན་རབས་བཟང་པོའི་གཏམ་ཉིད་དང་། །དམ་པའི་ལུགས་སྲོལ་འཕགས་པའི་ནོར་བཟང་པོ། །ཡ་རབས་དྲ་མའི་གདུང་རིགས་དྲི་མེད་རྣམས། །སྟོན་གཞུག་མེ་ཏོག་བཞིན་དུ་གྱུར་འདིས་སྐྱོ། །གངས་རི་ར་བས་བསྐོར་བའི་ལྗོངས་འདི་རུ། །སྐལ་བཟང་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཐུབ་དབང་ཉི་མའི་རིང་ལུགས་ཇི་བཞིན་པ། །འདྲེན་མཛད་ཆོས་རྒྱལ་རྣམས་ལ་ཅིས་མི་བསྔགས། །གང་གི་གདུང་རིགས་རིན་ཆེན་གསེར་གྱི་ཕྲེང་། །རིམ་བྱོན་རྒྱལ་བའི་བསྟན་ལ་ལྷག་བསམ་ཐུགས། །ཞུམ་མེད་འཆང་བར་གྱུར་པ་མིའི་སེང་གེ །དམ་པ་རྣམས་ལ་བདག་བློ་ཅིས་མི་འཇུག །དེ་བས་དེ་དག་རྣམས་ལ་གུས་པའི་བློས། །སྙིང་ནས་རྟག་ཏུ་བསྔགས་པ་བརྗོད་པའི་གཏམ། །སྨྲས་པ་འདི་ཡང་དོན་མེད་མ་ཡིན་ཏེ། །སངས་རྒྱས་བསྟན་པ་སྤེལ་ལ་བསྔགས་པ་ཡིན། །ཞེས་སོ། །

བོད་འདིར་བསྟན་པ་ཕྱི་དར་དུ་གྲགས་པ་དགེ་འདུན་འདུལ་བའི་སྡེ་སྣོད་བྱུང་བ་ཡང་གྲུབ་ཐོབ་ཨོ་རྒྱན་པས་ཕག་གྲུ་ཡི་རྒད་པོ་ཞིག་གི་ངག་རྒྱུན་ལ་བརྟེན་(ནས་)བསྟན་པ་སྔ་དར་ཉམས་ནས་ཕྱི་དར་བར་ལོ་ཉེར་ལྔའམ་སུམ་ཅུ་ཙམ་མཛད་པ་དང་། རྗེ་གཙུག་ལག་འཕྲེང་བས་ཆུ་གླང་ལོ་ལ་དབུས་གཙང་གི་མི་བཅུ་ལས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། མཁན་བུ་གྲུ་མེར་དང་བཅས་པ་མོན་མཁར་འབྲས་བུར་ཕེབས་པ་འདི་ཕྱི་དར་གྱི་ཐོག་མར་ཀླུ་མེས་རྣམས་འདོད་གསུངས་ཤིང་། མཁན་ཆེན་དྷརྨ་ཤྲི་ཡང་ཉིན་སྣང་དུ་ཕྱི་དར་འདས་ལོ་འདི་དང་མཐུན་པར་བྱས་ཏེ། ལྕགས་བྱ་ནས་ལོ་ང་གཉིས་འདས་པའི་ཆུ་གླང་ཡིན་ནོ། །བུ་སྟོན་ཆེན་པོས་དབུས་ཀྱི་རྒན་མོ་ཞིག་གི་ངག་རྒྱུན་ལ་བརྟེན་(ནས་)ལྕགས་བྱ་ནས་ཕྱི་དར་གྱི་བར་བདུན་ཅུའམ་དོན་གསུམ་དང་དག་ཏུ་བཞེད་པས། ཕྱི་མ་ལྟར་ན་ཆུ་བྱ་དང་སྔ་མ་བྱས་ཚེ་ལྕགས་རྟ་ཡིན་དགོས་སོ། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ལྕགས་བྱ་ནས་བར་སྟོང་བདུན་ཅུ་དོན་བདུན་ས་སྟག་ལ་བསྟན་པ་ཕྱི་དར་གྱི་དབུ་ཡིན་པར་བཞེད་པ་དང་། ས་སྐྱའི་བླ་མ་དམ་པས་ནི། རྒྱལ་པོ་བཀའ་ཆེམས་ལས། དཔལ་ཞེས་བྱ་བའི་དགེ་སློང་གིས། །སྡིག་ཅན་རྒྱལ་པོ་སྒྲོལ་བར་འགྱུར། །དེ་ནས་ལོ་སྐོར་བརྒྱད་ཀྱི་བར། །སངས་རྒྱས་བསྟན་པ་མེད་པར་འགྱུར། །ཞེས་གསུངས་པ་ལ་དགོངས་ཏེ། ལྕགས་བྱ་ནས་བསྟན་པ་བར་སྟོང་ལོ་སྐོར་བརྒྱད་བྱུང་བས། དེ་ལ་ལོ་རྒན་གཅིག་དང་ལོ་རྐྱང་པ་བརྒྱད་དེ། ཁྱོན་དགུ་བཅུ་གོ་བརྒྱད་ཡིན་ལ། ས་ཁྱི་ལ་ཕྱི་དར་བྱུང་བ་བཞེད། ནེལ་པ་པཎ་ཆེན་སྨོན་ལམ་ཚུལ་ཁྲིམས་ཀྱིས་ལྕགས་བྱ་ནས་ལོ་བརྒྱ་དང་བརྒྱད་ཀྱི་བར་དུ་འདུལ་བསྟན་མ་བྱུང་བས། ཕྱི་དར་ཐོག་མ་ས་བྱ་ཡིན་པར་བཤད་དོ། །དེ་ལྟར་འདུལ་བསྟན་དགེ་འདུན་གྱི་སྡེ་ཕྱི་དར་གྱི་ལོ་གྲངས་འདོད་ཚུལ་རིམ་པ་ལྔ་ལས།

སྔ་མ་ནི་གྲུབ་ཐོབ་ཨོ་རྒྱན་ས་ལུག་ལོར་ཡར་ལུང་དུ་བྱོན་སྐབས་རལ་པ་ཅན་མཐོང་ནས་དེ་ཡི་བར་ལོ་ཉིས་བརྒྱ་དང་བཅུ་བདུན་སོང་བར་དགོངས་པའི་ལུག་ལོ་འདི་ནི་ཀརྨ་པཀྴི་གཤེགས་པའི་ཆུ་ལུག་དེ་ཡིན་པར་སྣང་བས་ཆུ་ལུག་དེ་ནས་ཡར་ལ་བསྒྲངས་བས་རྗེ་སྤྱན་སྔ་འཁྲུངས་པའི་ཤིང་ལུག་བར་བརྒྱ་དང་དགུ། དེ་ནས་ཡར་ཕག་གྲུ་འཁྲུངས་པའི་ལྕགས་སྟག་བར་རེ་ལྔ། དེ་ནས་ཇོ་བོ་རྗེ་བོད་དུ་ཕེབས་པའི་ཆུ་རྟ་བར་རེ་བརྒྱད། དེ་རྣམས་དྲིལ་བའི་ལོ་མངོན་སུམ་པས་དཔྱད་མི་བཟོད་ཀྱང་འོན་ཏེ་ལྕགས་བྱ་ནས་ཉེར་ལྔའམ་སུམ་ཅུ་ལྷག་ཙམ་ན་ཕྱི་དར་ཚུགས་ཚེ་ཤིང་བྱའམ་ཆུ་འབྲུག་བར་འདོད་དགོས་པས། དེར་བླ་ཆེན་པོ་རང་ཉིད་རབ་ཏུ་བྱོན་པའམ་(བྱུང་བའམ།) དེས་མཁན་བུ་སྐྱོང་བའི་དུས་ལྟ་བུར་བཟུང་ནས་འདུལ་བསྟན་དབུ་བརྙེས་པར་སོང་བས་རུང་བར་སེམས་སོ། །གཉིས་པ་ནི། ཀླུ་མེས་ཀྱི་དངོས་སློབ་བམ་དེ་ནས་ཡུན་རིང་མ་སོང་བའི་ཡི་གེར་གསལ་ན་ཁུངས་ཆེ་ཞིང་། དབུས་གཙང་གི་མི་ལྔའམ་བཅུས་བླ་ཆེན་པོ་རང་ཉིད་ལ་སྡོམ་པ་བླང་བར་བྱས་ཚེ་དུས་སྔ་ཕྱི་འགྲིག་རུང་དེ་ལྟ་མིན་ན་འདོད་པ་གསུམ་པར་དཔྱད་བཞིན་ནོ། །གསུམ་པ་ནི། ཁ་ཅིག་གིས་ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ཚོངས་བཙུན་ཤེས་རབ་སེང་གེས་དགེ་འདུན་གྱི་སྡེ་གནས་གཞི་ཚུགས་པ་ལ་དགོངས་སྐད་ཀྱང་ཀླུ་མེས་ཀྱིས་བླ་ཆེན་པོའི་སློབ་མ་མཚུར་ཤེས་རབ་མཆོག་ལས་སྡོམ་པ་བླང་བ་ཀླུ་མེས་ཀྱི་དངོས་སློབ་བ་ཤི་གནས་བརྟན་གྱིས་སྨྲས་པ་དང་། གཞན་ཡང་ཀླུ་མེས་དང་སུམ་པ་ནི་དུས་མཚུངས་པར་བ་ཤི་གནས་བརྟན་གྱིས་འདི་སྐད་དུ། བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང་། སུམ་པ་ཡེ་ཤེས་བློ་གྲོས་གཉིས་ཀྱིས་དང་པོ་ཁོ་ནར་ཀླུང་ཤོད་འབྱིམ་པའི་ལུང་དུ་གནས་བཙུག་པས་མ་ཚུགས། དེ་ནས་བྱ་ཡི་ལོ་ལ་མོ་ར་སྒྱེལ་བཙུག་ཅེས་བྲིས་ཡོད་པར་སྣང་ཞིང་། འབྲོམ་སྟོན་གྱིས་དབུས་ཀྱི་དགེ་བའི་བཤེས་གཉེན་རྣམས་ལ་ཇོ་བོ་བསུ་བར་བསྐུལ་བའི་ཡི་གེར། དང་པོའི་དགེ་སློང་ལུགས་འབྱིན་དཔོན། བཙུན་ཆེན་ཡེ་ཤེས་བློ་གྲོས་དང་། ཞེས་གསུངས་པས་སྔ་དར་ཆུ་གླང་ལོར་བྱས་ཚེ་འདི་སྐབས་ཇོ་བོ་བོད་དུ་ཆུ་རྟ་ལོར་ཕེབས་སྐབས་ལོ་དགུ་བཅུ་ལོན་ཅིང་དེ་གོང་དགེ་སློང་སྒྲུབ་པའི་ལོ་ཚིགས་ཀྱང་ལོན་དགོས་པར་བསྒྲངས་ན་བརྒྱ་དང་བཅུ་ལྷག་ཏུ་ངེས་པར་འགྱུར་བས། ཀླུ་མེས་ཀྱང་ཚེ་ཡུན་རིང་བཞུགས་པར་གྲགས་པས་སུམ་པ་ཡང་དེ་མཐུན་སྐུ་ཚེ་ཡུན་རིང་བཞུགས་པར་གྲགས་པས་སུམ་པ་ཡང་དེ་མཐུན་སྐུ་ཚེ་ཡུན་རིང་བཞུགས་ན་ལས་(དེ་མིན་)འགྲིག་དཀའ་བར་ཤེས་ཤིང་། གོང་གི་མཁན་རབས་ཉིད་དང་།

ལོ་གྲངས་སྤྱི་བཏང་གི་དཔྱད་ན་(ལ་དཔྱད་ཚེ་སྤྱིར་བཏང་བྱས་ན་)ཕྱི་དར་དབུ་ས་སྟག་ཉིད་དུ་མི་འགལ་ཏེ། དེ་ཡང་བླ་ཆེན་པོའི་དངོས་སློབ་ཀྱི་མཁན་བུ་ཁ་ཤས་གཙུག་ལག་ཁང་བརྩིགས་པའི་ནུས་པ་མེད་ཀྱང་ཆུ་གླང་ལོར་ཕེབས། དེ་ནས་ལོ་ཉེར་ལྔ་ལོན་པའི་ས་སྟག་ལོར་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཆེན་པོ་མངའ་བ་ཀླུ་མེས་དང་སུམ་པ་སོགས་བྱོན་ནས་དགེ་སློང་གི་དགེ་འདུན་སྡེ་འཕེལ་ཞིང་གཙུག་ལག་ཁང་རྒྱ་ཆེར་བརྩིགས་པར་བྱས་ན་འཐད་པར་རིགས་སོ། །བཞི་པ་ནི། རེ་ཞིག་ལྷ་སར་དགེ་འདུན་འདུས་པའི་སྡེ་མ་ཚུགས་པ་ལ་དགོངས་ཟེར། ལྔ་པ་ཀླུ་མེས་ཀྱི་ས་བྱ་ལོ་ལ་མོ་ར་སྒྱེལ་གྱི་གནས་གཞི་བརྩིགས་པ་ལ་བསྟན་པ་ཕྱི་དར་གྱི་ལོ་མགོར་འཁྲུལ་བ་ཡིན་ཞེས་གསུངས་སོ། །དེ་ལྟར་བསྟན་པ་ཕྱི་དར་གྱི་དབུ་ཆུ་གླང་གི་ལོ་ཡིན་ན་ལོ་ཆེན་རིན་བཟང་རབ་ཏུ་མ་བྱུང་བའི་ལོ་བཅུ་བདུན་གྱི་གོང་དང་། ས་སྟག་ཡིན་ན་རབ་ཏུ་བྱུང་ནས་ལོ་བརྒྱད་འདས་ཏེ་ལོ་ཆེན་གྱི་རྣམ་ཐར་ཁྲི་ཐང་ཛྙཱ་ནས་བྲིས་པར་ས་རྟ་ལ་འཁྲུངས་ནས་བཅུ་གསུམ་ལྕགས་རྟ་ལ་རབ་ཏུ་བྱུང་བར་བཤད་པས་སོ། །གང་ལྟར་འབྲོམ་གྱིས་ཕྱི་དར་དུ་བཞེད་པའི་ས་སྟག་དེ་ནས་ལོ་དྲུག་ཅུ་རྩ་བཞི་འདས་པའི་ཆུ་རྟ་ལ་ཇོ་བོ་རྗེ་མངའ་རིར་ཕེབས། སྐར་རྩིས་པ་རྣམས་ཀྱིས་རབ་བྱུང་དང་པོ་ཚུགས་ནས་ལོ་བཅོ་ལྔ་སོང་བར་ཤེས་ལ། རབ་བྱུང་དང་པོ་མེ་ཡོས་འདི་འཆར་བའི་ཚེ་འཕགས་མཆོག་སྲོང་བཙན་སྒམ་པོ་བལྟམས་ནས་བཞི་བརྒྱ་བདུན་ཅུ་ཐམ་པ་དང་། གཤེགས་ནས་སུམ་བརྒྱ་དོན་བདུན་འདས་ཤིང་། རྗེ་ཁྲི་སྲོང་འཁྲུངས་ནས་ཉིས་བརྒྱ་ཞེ་དགུ། གཤེགས་ནས་བརྒྱ་དང་གྱ་གཉིས་ཡིན་ལ། དམ་པའི་ཆོས་ལ་སྡིག་ཅན་གླང་རྒྱལ་བློན་གྱི་འཚེ་བ་དེ་ཆད་ནས་ལོ་བརྒྱ་དང་ཉེར་གཅིག་ལོན་པ་སྟེ། དེ་ཕྱིན་གྱི་ལོ་རབ་བྱུང་དང་པོ་སོགས་ནས་བསྣན་འོས་རིམ་པར་བསྟན་པས་རྩིས་མགོ་མི་འཁྲུལ་ཞིང་བདེ་བར་སྤྱོད་པ་ཡིན་ནོ། །

རབ་བྱུང་དང་པོ་བརྩམས་པའི་རྩིས་གཞི་བྱེད་པའི་ལོ་དག་མེ་མཁའ་རྒྱ་མཚོ་ཞེས་རྒྱུད་ནས་གསུངས་པ་དེ་ཡི་ཐོག་མ་ཉི་སྒྲོལ་བྱེད་ཅིང་སྦྲེལ་ནས་བརྩམས་པ་སྟེ། ལོ་ཚིགས་དེ་ལ་ཉི་སྒྲོལ་དྲུག་ཅུ་སྐོར་ལོངས་པ་དྲུག་དང་མ་ལོངས་པ་གཅིག་བཅས་བདུན་ཡོད་པའི་དང་པོ་ནི། འཕགས་མཆོག་སྲོང་བཙན་ཞབས་ཀྱི་དགུང་ལོ་རེ་བརྒྱད་བཞེས་སྐབས་དང་། གཉིས་པ་འདུས་སྲོང་མང་རྗེ་དང་། གསུམ་པ་མེས་ཨག་ཚོམ་ཅན་གྱི་དུས་དང་། བཞི་པ་ཁ་ཅིག་གིས་གུ་རུ་པདྨ་ཀ་ར་སྲིན་ཡུལ་འདུལ་དུ་གཤེགས་པའི་ལོ་ཤིང་སྤྲེལ་ཡིན་ཟེར་བས་དེ་ཚེ་དེར་བཟུང་དགོས་ལ། ལྔ་པ་གནམ་ལྡེ་འོད་སྲུང་གི་དུས་དང་། དྲུག་པ་ལོ་ཙཱ་བ་རིན་ཆེན་བཟང་པོ་དགུང་ལོ་ཉེར་བདུན་དང་སྨད་འདུལ་དར་ནས་ལོ་བདུན་པའི་སྟེང་ཡིན་ལ། བདུན་པ་དྲུག་ཅུ་སྐོར་མ་ལོངས་པའི་ཤིང་སྤྲེལ་དེར། དཔལ་ལྡན་ཇོ་བོ་རྗེ་དགུང་ལོ་བཞི་པའི་སྟེང་སྟེ། ཤིང་སྤྲེལ་དེ་ནས་ཞེ་གསུམ་འདས་པ་ན་རབ་བྱུང་དང་པོ་ཤར། དེ་ཚེ་ཇོ་བོ་རྗེའི་དགུང་ལོ་ཞེ་དྲུག་སྟེང་ཡིན་ནོ། །རྩིས་ལོ་དོན་དུ་གཉེར་ན་བདེ་བླག་ཕྱོ་(ཡོང་)བ་(བའི་)ཕྱིར་སྐབས་འདིར་ཅུང་ཟད་སྤྲོས་པའོ། །

ད་ནི་དཀྱུས་ཀྱི་དོན་ནི། གོང་ལྟར་ཤིང་སྤྲེལ་དེ་ནས་ལོ་གཉིས་ལོན་པ་ན་མེ་མཁའ་རྒྱ་མཚོ་ལ་ལག་དོ་ཟླ་བས་སྦྱངས་ལྷག་ལོ་ཉིས་བརྒྱ་ཉེར་གཅིག་གི་མགོ་མེ་ཁྱི་ཤར་བ་དེ་ཡིན་ནོ། །གོང་གི་འཕྲོ་ཤིང་སྤྲེལ། དེ་ཡང་ཕྱི་དར་ལ་འདུལ་བའི་སྡོམ་རྒྱུན་གསུམ་བྱུང་བ་སྡེ་པ་གཞི་ཡོད་སྨྲ་འབའ་ཞིག་པ་སྣང་ཞིང་། དེ་ལས་སྟོད་འདུལ་ནི་ཧ་ཅང་འཕེལ་བ་མ་བྱུང་བར་མངོན། སྨད་འདུལ་དུ་གྲགས་པའི་མཁན་པོ་ཞི་བ་འཚོ་ནས་བརྒྱུད་པ་འདི་ཉིད་གོང་དུ་བཤད་པའི་ཆུ་གླང་གི་ལོ་ལ་དབུ་བརྙེས། ས་སྟག་ནས་ད་བར་གྱུར་ཏེ་རབ་བྱུང་གསུམ་པའི་ཤིང་བྱ་བར་མི་ལོ་ཉིས་བརྒྱ་དང་དོན་གཉིས་རིང་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དགེ་སློང་རྣམས་སྡོམ་རྒྱུན་འདི་ཁོ་ནར་བརྟེན་པ་ཤས་ཆེ་ཞིང་། བཀའ་གདམས་ཀྱི་དགེ་བསྙེན་འབྲོམ་དང་། དགེ་སློང་ཁུ་རྔོག་གཉིས། སྐུ་མཆེད་གསུམ། གླང་རི་ཐང་པ། ཤ་ར་བ། སྣར་ཐང་བ་སོགས་མཐའ་ཡས་པ་དང་། བཀའ་བརྒྱུད་ཀྱི་འབྱུང་ཁུངས་ཆེན་པོ་དྭགས་པོ་ལྷ་རྗེ་དང་། ཁམས་པ་མི་གསུམ། འབྲི་སྟག་འབྲུག་པ་སོགས་ཀྱིས་མཚོན་བསྒྲངས་བར་དཀའ་དང་། རྙིང་མ་ཡི་ཟུར་ཆེན་འཛམ་འགྲོ་བའི་མགོན་པོ། ཀཿདམ་པ་བདེ་གཤེགས་སོགས་འབྱམས་ཀླས་པ་དང་། གཞན་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡང་རྡོ་རྗེ་གདན་པས་ལུང་བསྟན་པ་ལ་བརྟེན་གླང་རི་ཐང་པ་ལ་བསྙེན་པར་རྫོགས་པར་མཛད་པ་དང་། བཀའ་གདམས་གསར་པར་གྲགས་པ་གངས་རིའི་ཁྲོད་འདིར་འདུལ་འཛིན་རྣམས་ཀྱི་གཙུག་ནོར་མཁན་ཆེན་ཞི་བ་འཚོ་ཡི་གདུང་འཚོབ་ཤར་ཙོང་ཁ་པ་ཆེན་པོ་ཡང་སྨད་འདུལ་གྱི་སྡོམ་རྒྱུན་འཛིན་པར་གྲགས་པས་མཚོན་ཡུན་རིང་དུ་ཆོས་དར་བར་གྱུར་ཞིང་། ད་ལྟ་ཡང་སྡོམ་རྒྱུན་མ་ཆད་པར་གནས་པ་འདི་ནི་རྒྱལ་བས་མཐའ་འཁོབ་བོད་ཡུལ་འདུལ་བར་ཐུགས་རྗེས་སྤྲུལ་པའི་སྐུ་ཨུ་པཱ་དྷྱ་ཡ་བོ་དྷི་ས་ཏྭ་ཡི་སྨོན་ལམ་གྱི་མཐུས་རྒྱུན་ལྡན་དུ་བྱིན་གྱིས་བརླབས་པར་ངེས་པས་སྙིང་ནས་གུས་པ་ཆེན་པོས་རྟག་ཏུ་ཕྱག་བྱ་བའི་ཡུལ་ལོ། །འདིར་འཕྲོས་པ་སྔོན་དུས་ཀྱི་སྐྱེ་བོ་སྐལ་བཟང་ཤེས་རབ་དང་། བརྩོན་འགྲུས་མཆོག་དང་ལྡན་པ་མང་ཞིང་། ཆོས་འདུལ་བ་ལ་ཤིན་ཏུ་མཁས་པར་སྦྱངས་བ། འདུལ་བའི་མཁན་པོ་ཆེན་པོ་ཁ་སྐོང་དད་པའི་དགེ་སློང་ཡང་བླང་དོར་གྱི་དོན་གསལ་བར་བྱས་ཏེ། འབད་པས་རྒྱ་ནག་ནས་ཧ་ཤང་དག་འགུག་པར་མཛད་པ་སོགས་དྲི་མ་མེད་པའི་ལུགས་སྲོལ་ལྷུར་ལེན་པ་དེ་ཡི་སློབ་ཚོགས་ཆོས་འདུལ་བ་ལ་མཁས་པ་སྤྱི་དང་བྱེ་བྲག་དབུས་གཙང་མི་བཅུ་སོགས་བཞུགས་བཞིན་པའི་མདུན་སར་ཤིན་ཏུ་རྨོངས་པའི་ངང་ཚུལ་གྱི་྿ཆུ་གཏོར་མ་དང་དར་བས་མས་྿སྡོམ་རྒྱུན་དུ་འདོད་པ་ཡང་མི་ནུས་ཏེ། དེ་ལྟར་བྱས་པར་གྲགས་པ་འ་འབྲེ་གཉིས་ཀྱང་སྐྱེས་བུ་དམ་པ་ཡིན་པར་སྣང་བས་དེང་སྐབས་ཀྱི་མཁན་པོ་ནང་ཕན་ཚུན་ཕྱོགས་ཀྱིས་བསླད་པའི་གཏམ་རྒྱུན་ཆགས་པ་ཞིག་ཏུ་ཟད་ཀྱི་ལོག་རྟོག་སྲུང་བ་དེ་དག་ལ་ཡང་དག་པའི་སྣང་བ་སྦྱངས་པར་འདོད་ཅེས་སོ། །

བར་འདུལ་དུ་གྲགས་པ་ནི་བསྐལ་བཟང་སངས་རྒྱས་བདུན་པ་རབ་གསལ་གྱི་རྣམ་འཕྲུལ་པཎྜི་ཏ་ཤཱཀྱ་ཤྲི་རབ་བྱུང་གསུམ་པའི་ནང་ཤིང་བྱི་ལ་བོད་དུ་ཕེབས་ནས་ལོ་བཅུ་བཞུགས་པའི་རིང་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་སོགས་བསྙེན་པར་རྫོགས་པའི་དགེ་སློང་ཇི་སྙེད་པ་ཞིག་བྱུང་། དེ་ལས་སྟན་གཅིག་གི་བརྟུལ་ཞུགས་འཛིན་པ་རྡོ་རྗེ་དཔལ་དང་བྱང་ཆུབ་དཔལ་གཉིས་ལས་དགེ་འདུན་ཚོགས་སྡེ་བཞི་འཕེལ་བ་ལ་བརྟེན་འཇིག་རྟེན་མགོན་པོ་ཇོ་ནང་པ་མཁས་མཆོག་བུ་སྟོན་སོགས་ཕྱིས་བྱུང་གི་དམ་པ་མང་པོ་ཞིག་གི་སྡོམ་རྒྱུན་དེ་ལ་བརྟེན་པར་མཛད་པས་རབ་ཏུ་དད་པས་འདུད་པར་བྱའོ། །ཕྱི་དར་བསྟན་ཞེས་འདུལ་བསྟན་ནུབ་པ་སླར། །སོས་ཏེ་དགེ་འདུན་ཚོགས་གྱུར་བྱུང་བ་ལས། །གོས་ཧྲུལ་ནང་དུ་གསེར་གྱི་སྐུ་བརྙན་བཞིན། །སྔགས་བསྟན་མ་ནུབ་གནུབས་སོ་ཟུར་གྱིས་མཚོན། །དོན་བསྒོམ་སྙིང་པོ་ཨ་རོའི་རིངས་ལུགས་ལ། །དཔལ་ལྡན་ཇོ་བོས་བསྔགས་པ་ཡང་ཡང་མཛད། །ཅེས་སོ། །ཇོ་བོ་རྗེ་བོད་དུ་བྱོན་པའི་སྐབས་སྙིང་པོ་དོན་བརྒྱུད་ཀྱི་བསྟན་པ་བྱང་ཆུབ་སེམས་ཀྱི་མན་ངག་འཛིན་པ་མང་ཡང་གྲགས་ཆེ་བ་ཨ་རོ་ཡེ་ཤེས་འབྱུང་གནས་ཡིན་ལ་དེ་ཡི་བསྟན་བཅོས་ཐེག་པ་ཆེན་པོའི་རྣལ་འབྱོར་ལ་ཚིག་སྙན་དོན་བཟང་ཞེས་མཆོག་ཏུ་དགྱེས་ཤིང་། ཨ་རོའི་སློབ་མ་ཟངས་དཀར་མཛོད་ཁུར་ལ་ཡང་གུས་པས་ཕྱག་མཛད་པ་དང་། ཨ་རོའི་ཡང་སློབ་སྦ་བསྒོམ་ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བོགས་བཏོན་ནས་དོན་དམ་བྱང་ཆུབ་སེམས་ཀྱི་བོགས་འཇམ་དཔལ་དང་བྱམས་པས་འདོན་པར་དབུགས་དབྱུང་དང་། དགེ་བའི་བཤེས་གཉེན་པུ་(པོ་)ཏོ་བ་ཆེན་པོས་སྦ་སྒོམ་ལ་སེམས་ཕྱོགས་ཀྱི་མན་ངག་ལེགས་པར་གསན་ཅིང་དུས་ཕྱིས་དགེ་བའི་བཤེས་གཉེན་ཆེན་པོ་གྱུར་པ་ན་དེ་དམ་པའི་ཆོས་རྣམས་དག་ཉིད་དུ་དགོངས་ཏེ་ཡི་དམ་དུ་མཛད་པ་སོགས་སྔགས་ཀྱི་བསྟན་པ་རྣམ་དག་མ་ནུབ་པ་རྒྱུ་མཚན་དུ་མ་དང་བཅས་ཤིང་། འོན་ཀྱང་སོ་སྐྱེ་ཁ་ཅིག་བདུད་ཀྱི་བྱིན་གྱིས་བརླངས་པར་སྤྱོད་པ་རེ་ཟུང་བྱུང་བ་ཇོ་བོ་བྱོན་པ་ནས་ཞི་བ་དེའི་བཀའ་དྲིན་གྱིས་ཁྱབ་པ་ཡིན་ནོ། །ཞེས་པ་ཡང་འདིར་འཕྲོས་པའོ། །

དེ་སྐད་ཆོས་ཀྱི་རྒྱལ་པོ་བཙད་པོའི་རབས། །བསྟན་པ་ཕྱི་དར་དུས་ཀྱི་ངང་ཚུལ་བཅས། །རང་བཟོའི་སྐྱོན་མེད་གཞུང་མང་མཐོང་ལས་བཏུས། །འོན་ཀྱང་སྐྱོན་མཆིས་སྤྱན་ལྡན་མཆོག་ལ་བཤགས། །དགེ་མཆིས་འགྲོ་ལ་ཡོངས་སུ་བསྔོ་བའི་མཐུས། །ཆོས་རྒྱལ་ལོ་པཎ་བཀའ་དྲིན་རབ་དྲན་ནས། །དེ་ཡི་དགོངས་པ་བསྐངས་ཕྱིར་དམ་ཆོས་ལ། །ལེགས་སྤྱོད་འཇིག་རྟེན་མགོན་པོ་མྱུར་འགྲུབ་ཤོག །ཅེས་ལྷ་བཙད་པོའི་གདུང་རབས་དམ་པའི་ཆོས་ཇི་ལྟར་བྱུང་བའི་རིམ་པ་མདོ་ཙམ་སྨོས་པ་འདི་ཡང་རིག་པ་འཛིན་པ་རྒྱལ་ཁམས་པ་དཔལ་ཚེ་དབང་ནོར་བུས་རབ་བྱུང་བཅུ་གཉིས་རྫོགས་པར་ཉེ་བར་ཀྲོ་དྷ་ཞེས་ཤིང་མོ་གླང་གི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པར་ཤར་ཕྱོགས་ཤིང་ལོའི་ཚལ་ཀོང་ཡུལ་ཉང་ཁ་ལྗོན་པ་ཀླུང་བསམ་གཏན་གྱི་ཁང་བུར་སྣང་གསལ་གྱི་མདངས་སུ་བཀོད་པའོ། །འདི་ནི་རང་སྟོབས་རིག་པ་ཁོ་ནའི་སྤྱོད་ཡུལ་མ་ཡིན་པར་གཏན་ཚིགས་ཁོ་ན་ལ་རག་ལས་པའི་ཕྱིར། སླར་ཡང་དེབ་ཐེར་ཁུངས་བཙན་ཁུལ་ཁ་ཤས་མཐོང་བ་ལ་བརྟེན་ནས་དཔལ་གདོང་ཆུ་བྱ་ལོར་སྟོད་མངའ་རིས་མང་ཡུལ་ཝཾ་ལེར་སྡོད་སྐབས་ཚིག་སྣ་བསྲིང་ཞིང་ཞུས་དག་ཅུང་ཟད་བགྱིས་པ་སྟེ་འདི་ལ་ད་དུང་རྒྱ་ནག་ཐང་གི་དེབ་ཐེར་འགྱུར་དག་པ་ཞིག་མཐོང་ན་དཔྱད་པར་འོས་པ་ནི་ཡོད་ལ། བོད་ཀྱི་ལོ་རྒྱུས་སྔར་གྲགས་ཆུང་བའི་དཔེ་རྙིང་ཁུངས་མ་འདྲ་རྙེད་ན་མ་གཏོགས་ད་ལྟ་ཡོངས་གྲགས་ལ་ནི་གོང་དུ་དཔྱད་བྱར་བྱས་པ་དེ་རྣམས་ལས་གཞན་འགའ་ཡང་མེད་པར་སེམས་པའོ། །དགེའོ། །དགེའོ། །དགེའོ། །


no previousརྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙད་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་།next