Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུ་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུ་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ།next

མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུ་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ།

༄༅། །མར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུ་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ་བཞུགས་སོ། །

༈ སྭསྟི། བོད་ཡུལ་གངས་ཅན་འདིར་བཀའ་བརྒྱུད་པ་ཞེས་སྙན་པར་གྲགས་པ་མཐའ་དག་གི་འབྱུང་ཁུངས་རྗེ་བཙུན་ལྷོ་བྲག་པ་ཆེན་པོ་ཞེས་པ་མར་སྟོན་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་གང་དེ་དུས་ནམ་ཙམ་དུ་བྱོན་འཁྲུངས་ལོ་གང་ཡིན་ལེགས་པར་བརྟག་ན་འཁྲུངས་པའི་ལོ་ནི་མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་མང་དུ་བྱུང་སྟེ། དེ་ཡང་ལོ་ཚིགས་མང་ཉུང་གོ་རིམ་ལྟར་སྨོས་པ།

དང་པོ་ནི། མར་པའི་དངོས་སློབ་དྲུག་གི་གསུང་རྒྱུན་ཟིན་བྲིས་ཀྱི་དོན་རྗེ་སྒམ་པོ་ཁུ་དབོན་བརྒྱུད་པ་ནས་ཇོ་བོ་བཙུན་པས་བསྡེབ་པར་གྲགས་པ་ལས་ནི། ཆུ་ཕོ་རྟ་ཡི་ལོ། དཔྱིད་ཟླ་ར་བ་སྟག་གི་ཚེས་བཅོ་ལྔ་ཉི་མ་འབྲུག །གཟའ་སྤེན་པ། སྐར་མ་རྒྱལ། དུས་ཚོད་ཉི་ཤར་ལ་འཁྲུངས། བརྒྱད་ཅུ་རྩ་བརྒྱད་ཆུ་བྱ་དཔྱིད་འབྲིང་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞིར་གཤེགས་ཞེས་ཟེར་ན། ཇོ་བོ་ཆུ་རྟ་ཡིན་ཚེ་དེ་དང་འཁྲུངས་ལོ་གཅིག་པར་ཁུམས།

གཉིས་པ་མཁས་པ་པདྨ་དཀར་པོའི་གསུང་སྒྲོས་ཁ་ཅིག་ཏུ་ལྕགས་ཡོས་ལ་འཁྲུངས་པར་བཞེད་པ་ལྟར་ན། གྲུབ་ཐོབ་ཁྱུང་པོ་ལས་ལོ་གཅིག་གིས་གཞོན་པ་ཙམ་དང་།

གསུམ་པ་ཚལ་པའི་དེབ་དམར་དུ། དེ་ལས་ལོ་དྲུག་གིས་ཉུང་བ་མེ་བྱ་ལ་འཁྲུངས་བརྒྱ་བརྒྱད་བར་དུ་བཞུགས་པར་བཞེད་ཅིང་། ལྷོ་རོང་པའི་ཆོས་འབྱུང་དུ་འཁྲུངས་ལོ་དེ་ལྟར་ལ་བརྒྱ་དགུ་ཤིང་གླང་རྟ་པ་ཟླ་བའི་ཚེས་བཅུར་གཤེགས་པ་བྱས་པ་དང་།

བཞི་པ་ཡང་ལྷོ་རོང་ཆོས་འབྱུང་དེར་ས་ཕག་ལ་འཁྲུངས་བརྒྱ་དྲུག་ལ་གཤེགས་པ་གཞན་གྱི་འདོད་ཚུལ་བཀོད་པ་དང་།

ལྔ་པ་རྗེ་མི་བསྐྱོད་ཞབས་དང་དཔའ་བོ་གཙུག་ལག་ཕྲེང་བས་མཚུར་ཕུ་བའི་བཀའ་བརྒྱུད་གདུང་རབས་དང་རེ་མིག་གསལ་བར་ལྕགས་བྱིར་འཁྲུངས་བརྒྱ་དྲུག་ཤིང་གླང་བར་བཞུགས་བཞེས་ཡོད་པ་དང་། རྔོག་པས་བྱས་པའི་རྣམ་ཐར་རིམ་བཞི་མར་གྲགས་པ་ལས་བྱི་བ་ལོར་འཁྲུངས་ཞེས་པ་ཡང་འདི་དང་འགྲིགས་པར་འདོད་ལ་སླར་ཞིབ་ཏུ་དཔྱད་དེ་ད་དུང་ལོའི་ཚད་བརྒྱད་ཅུ་རྩ་གཉིས་ཀྱི་ངོ་མཐོང་། བྱ་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་གཤེགས་པ་འཐད་པར་མཛད་དོ། །འོན་ཀྱང་ལོ་རྒྱུས་རིན་ཆེན་སྤུངས་པར་རྔོག་བྱང་ཆུབ་དཔལ་བས་མཛད་པའི་རྣམ་ཐར་རིམ་བཞིར་པའི་འཁྲུངས་ལོ་འབྱུང་ཁམས་མི་གསལ་ཡང་ལོ་བདག་བྱ་བྱས་ཤིང་བརྒྱ་དགུ་གླང་ལོ་ཡོས་ཟླའི་ཚེས་བཅུ་དགུ་བྱ་ཡི་ཉི་མ་ལ་གཤེགས་ཞེས་ཡོད་ཟེར་བས་རྗེ་གཙུག་ལག་ཕྲེང་བས་གཟིགས་པའི་རྔོག་ལུགས་རྣམ་ཐར་རིམ་བཞི་དེ་དང་གཅིག་གམ་སླར་བརྟག་པར་འོས་སོ། །

དྲུག་པ་ལོ་རྒྱུས་ཐེ་ཚོམ་སེལ་བྱེད་བྱ་བ་ཞེ་སྡང་རྡོ་རྗེ་དང་མི་བསྐྱོད་རྡོ་རྗེའི་སྦྱར་བྱང་ཡོད་པ་གཉིས་དང་། ངམ་རྫོང་ལུགས་གཉིས་སོགས་རྣམ་ཐར་བདུན་ཙམ་དུ་འཁྲུངས་ལོ་ཆུ་སྟག་ཡིན་པར་གསུང་བ་མཐུན་ཞིང་དགུང་ལོའི་ཚད་དོན་བརྒྱད་དུ་བྱས་པ་ཡང་ཡོད་ཞེས་ཟེར། རྗེ་མཁའ་སྤྱོད་དབང་པོས་ཡང་ཆུ་སྟག་ལ་འཁྲུངས་ནས་བརྒྱད་ཅུ་ལྕགས་བྱི་བར་བཞུགས་པར་བཞེད་དོ། །

བདུན་པ་རྣམ་ཐར་དཔེ་རྙིང་པ་གཉིས་ན་ཆུ་སྟག་ནས་ལོ་བཞིའི་ཉུང་བ་མེ་རྟ་ལ་འཁྲུངས། བརྒྱ་བརྒྱད་དམ་བརྒྱ་དྲུག་བཞུགས་བཞེས་ཡོད་པར་གྲགས་ལ།

བརྒྱད་པ་འགོས་ལོ་གཞོན་ནུ་དཔལ་བས་ནི། ཆུ་བྱི་ལ་འཁྲུངས་ཏེ་གྲྭ་པ་མངོན་ཤེས་དང་འཁྲུངས་ལོ་གཅིག་བརྒྱ་དྲུག་མེ་གླང་བར་བཞུགས་པར་གསུངས་ཤིང་དུས་ཕྱིས་ཕལ་ཆེར་འདི་ཁས་ལེན་པར་མཛད་དོ། །

དགུ་པ་འབྲུག་པ་པུ་རེ་ཤ མ་རིའི་གདན་དུས་ཀྱི་རྩིས་གཞིར་ཆུ་བྱི་ལས་ལོ་དགུ་ཡི་དམན་པ་ལྕགས་བྱ་ལ་འཁྲུངས་བརྒྱ་དགུ་པ་ས་གླང་བར་དུ་བཞུགས་ཞེས་དང་།

བཅུ་པ་རླང་ལྷ་གཟིགས་རས་པས་ལྕགས་བྱ་ལས་ལོ་གསུམ་གྱི་དམན་པ་ཤིང་བྱ་ལ་འཁྲུངས་བརྒྱད་ཅུ་རྩ་བཞི་མེ་ཕག་བར་བཞུགས་ཞེས་གསུངས་སོ། །

དེ་ལྟར་ལོ་ཚིགས་མི་འདྲ་བ་བཅུ་ལས་རྗེ་མཁའ་སྤྱོད་དབང་པོའི་གསུང་འདི་ཡིག་ཆ་མང་པོ་གུང་མཐུན་བྱུང་བ་དང་། གང་ཟག་གཞན་གྱི་དུས་སྔ་ཕྱི་བསྒྲིགས་ཚུལ་འགྲིགས་པ་སོགས་ཀྱི་དོན་ལ་ཤིན་ཏུ་གནས་པར་མཐོང་མོད། རྗེ་མི་བསྐྱོད་ཡབ་སྲས་ཀྱི་བཞེད་པ་ཡང་དེ་དང་ཁྱད་ཆེར་མི་ཞུགས་པས་དེ་གཉིས་གང་རེ་ལོ་ཤིང་འཐད་ལ།འོན་ཀྱང་རེ་ཞིག་ཕྱི་མ་ལྟར་ཁས་བླངས་པ་བདེ་བར་མཐོང་བས་དེས་ན་རྗེ་མར་པ་ལྕགས་བྱི་ལ་འཁྲུངས་ཤིང་བརྒྱད་ཅུ་རྩ་གཉིས་ལྕགས་བྱ་ལོ་རྒྱལ་ཟླའི་ཚེས་བཅོ་ལྔ་ལ་གཤེགས་པ་སྟེ། དེ་ཚེ་མཉམ་མེད་སྒམ་པོ་པ་ས་ལུགས་ལ་འཁྲུངས་པའི་ལོ་གཉིས་ལོན་པའོ། །གྲྭ་པ་མངོན་ཤེས་ཅན་ཆུ་བྱི་ལ་འཁྲུངས་པར་ངེས་ཚེ་མར་པའི་བཅོ་ལྔའི་སྐབས་སུ་བལྟམས་པ་དང་། སྐར་རྩིས་མཁན་རྣམས་ཀྱི་མེ་མཁའ་རྒྱ་མཚོ་ལ་བསྲེ་བར་རབ་བྱུང་དང་པོ་མར་པའི་ཉེར་བརྒྱད་དང་གྲྭ་པ་མངོན་ཤེས་ཀྱི་བཅུ་དྲུག་སྐབས་སུ་ཡིན་པར་འཐད་དོ། །

དེ་ཡང་རྗེ་བཙུན་མར་པ་འཁྲུངས་པའི་ཡུལ་ནི་དབུས་གཙང་རུ་བཞི་ལས་གཡོ་རུའི་རྒྱུད་ལྷོ་བྲག་ཆུ་ཁྱེར་རུ་དགུ་ཡི་ནང་ཚན་པེ་སར་དུ་ཡིན་པར་གྲགས་ལ།གདུང་ནི་རྔོག་པའི་ཡི་གེ་ལས་ཡར་ལུང་ནས་མར་ས་ཤ་རུ་རྩེ་ཞེས་པའི་རྒྱུད་ཡིན་གསུངས་ཤིང་། ཁ་ཅིག་རུ་སྟོད་མར་ཡུལ་ནས་ཆད་པའི་མར་པ་དཀར་ནག་གཉིས་ལས་མར་པ་དཀར་པོ་ཡིན་ཞེས་གསུང་ཞིང་། གང་ལྟར་ཡབ་དབང་ཕྱུག་འོད་ཟེར་དང་ཡུམ་བློ་གྲོས་ལྕམ་གྱི་སྲས་ལྔ་ཚིགས་སུ་འཁྲུངས། དགུང་ལོ་བཅུ་གཉིས་པའི་སྐབས་སུ་དཔོན་སློབ་ཀླུ་བརྒྱད་ཞིག་ལ་ཀ་ཁ་ནས་འབྲི་ཀློག་བསླབ། དགུང་ལོ་བཅོ་ལྔའི་སྐབས་ཤེད་དུ་བྱང་ལྷ་རྩེ་མྱུ་གུ་ལུང་དུ་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་ཐད་དུ་བྱོན་ཏེ་རྒྱ་དཀར་འཕྲལ་སྐད་དང་ལེགས་སྦྱར་སྐད་བསླབ་པའི་ཆེད་དུ་ལོ་གསུམ་ཙམ་བཞུགས། དེ་ཡང་མར་པ་རང་ཉིད་ཀྱི་གསུང་མགུར་ལས། དཔལ་མྱུ་གུ་ལུང་གི་དགོན་པ་རུ། །སྒྲ་བསྒྱུར་འབྲོག་མི་ལོ་ཙཱ་བ། །སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚངས་བསླབ། །ཁོང་བཀའ་དྲིན་མི་ཆུང་ཆེ་བར་ཁུམ། །ཞེས་སོ། །

དགུང་ལོ་བཅོ་བརྒྱད་པར་རྒྱ་དཀར་དུ་འགྲོ་བའི་བློ་སྐྱེས་ཏེ་ཡོ་བྱད་ཐམས་ཅད་གསེར་དུ་དྲིལ་བས་སྲང་བཅོ་ལྔ་བྱུང་ནས་སྨྱོས་ལོ་ཙཱ་བ་དང་སྟབས་སུ་འགྲོགས་ཏེ་དགུན་དེར་བལ་པོར་ཕེབས། དེ་ཡང་སྐད་དང་ཚད་པ་ལ་གོམས་སུ་བཅུག་ཅིང་ལོ་གསུམ་བཞུགས། དེ་ཡང་མགུར་ལས། ལོ་བཅུ་གཉིས་ལོན་ནས་ཆོས་དང་ཕྲད། །དེ་སྔོན་སྦྱངས་ཀྱི་བག་ཆགས་སད་པ་འདྲ། །ང་དང་པོར་ཡིག་ཚངས་ཀ་ཁ་བསླབ། །བར་དུ་སྒྲ་བསྒྱུར་ལོ་ཙཱ་སྦྱངས། །ཐ་མ་ལྷོ་བལ་བརྒྱ་ལ་ཕྱིན། །ལོ་གསུམ་བལ་པོའི་མཐིལ་དུ་སྡད། །ཅེས་སོ། །དེ་ཚེ་བལ་པོའི་སྤྱི་ཐེར་བ་རྣམ་རྒྱལ་དབང་པོ་ལ་གདན་བཞིའི་དབང་དང་བཤད་དཀའ་མན་ངག་བཅས་ལེགས་པར་ནོས་དེ་ཡི་མཆེད་སེནྡེ་བ་དང་ཤིན་ཏུ་མཛའ་གཅུགས་ཆེན་པོར་གྱུར་པས་དཔལ་ནཱ་རོ་པའི་དྲུང་དུ་སྦྱོར་བར་མཛད། དེ་ནས་དགུང་ལོ་ཉི་ཤུ་རྩ་གཅིག་གི་མཐར་རྒྱ་དཀར་དུ་ཕེབས་ཏེ་བལ་པོ་སྐུ་མཆེད་ཀྱི་གསུང་བཞིན་དགེ་ཚུལ་ཤེས་རབ་སེང་གེ་ལ་གནས་མལ་ཞུས། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་མཁས་པ་སྒོ་དྲུག་ཕལ་ཆེ་བཞུགས་པའི་དུས་ཡིན་པས་ཅུང་ཟད་བཞུགས་ནས་སྒོ་དྲུག་མཁས་པ་གཞན་རྣམས་ཀྱི་ཞལ་ཡང་མཇལ་དེ་སྐབས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་དགུང་ལོ་སོ་དགུ་པ་དབུས་ཀྱི་ཀ་ཆེན་གཉིས་པ་བསོད་སྙོམས་པ་ཛྙཱ ན་ཤྲཱི་མི་ཏྲའི་ཉེ་གནས་མཛད་ཀྱི་ཡོད་པར་གྲགས། དེ་ནས་མི་རིང་བར་བྱང་པུཥྤ་ཧ་རིར་དཔལ་ནཱ་རོ་ཏ་པའི་ཞབས་ལ་བསྙེན་རེ་དེ་ཡི་དུས་སུ་ཇོ་བོ་ན་རོ་ཞབས་ནས་ཐུན་བཞིར་བསྒོམ་ཐུན་མཚམས་སུ་ཆོས་འཆད་པས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པ་རྡོ་རྗེ་རྩ་བཤད་མན་ངག་དང་བཅས་པ་གཞན་ཡང་འདུས་པ་མ་ཡཱ་སོགས་ཁྱད་པར་འཕགས་པའི་གདམས་པ་ཅི་རིགས་གསན། རྩ་བའི་བླ་མ་འདི་མ་མཛད་ཐུགས་རྗེས་ཤིན་ཏུ་འཛིན་པས་སྔ་ཕྱིར་དགྱེས་རྡོར་གྱི་དབང་བསྐུར་ཡང་ལན་བདུན་ཙམ་ཐོབ། ལོ་ཁ་ཤས་སོང་ནས་བོད་དུ་གསེར་འཚོལ་མཛད་པར་དགོངས་བལ་པོར་སླེབ་སྐབས་ཕྱག་དཔེ་ཡང་ཆུ་རྒྱས་པར་ཤོར་ཞིང་ལམ་ཡང་མི་བདེ་བས་བལ་པོར་གྲོགས་ཞིག་ལ་གསེར་ཞོ་བཞི་སྐྱིས་རི་རྒྱ་གར་དུ་ལོག་པ་རྗེ་ནཱ་རོ་པའི་ཞལ་ནས་ཁྱོད་བོད་དུ་ཕྱིན་ནས་གསེར་བླང་པ་བས་འདིར་ཆོས་ཀྱི་སྒྲོ་འདོགས་གཅོད་དུ་འོངས་པ་ཤིན་དུ་དགའ་གསུངས་སྔར་མ་ཐོབ་པའི་གདམས་ངག་ངོ་མཚར་ཅན་མང་དུ་གནང་ཞིང་ལོ་གཅིག་ཉེ་ཙམ་བཞུགས། དེ་རེས་ཁྱོན་དྲིལ་རྒྱ་གར་དུ་ལོ་བཅུ་གཉིས་བཞུགས་ཟེར་ཡང་ལམ་ཞུགས་བལ་པོ་དང་བཅས་སྡོམ་པ་སྟེ་རྒྱ་དཀར་དུ་ལོ་བདུན་ཙམ་བཞུགས་པར་སྣང་། དེ་ལྟ་ཡང་མགུར་ལས། རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་། །ང་བོད་ཀྱི་མར་པ་ལོ་ཙྭ་གཉིས། །ལྗོངས་མེ་ཏོག་རྒྱན་པའི་གྲོང་ཁྱེར་དང་། །རི་བོ་གསེར་གྱི་དགོན་པར་མཇལ། །དེ་ཚེ་རབས་ཀྱི་སྨོན་ལམ་དག་པ་འདྲ། །གནས་བྱིན་རླབས་ཅན་དུ་གྲགས་པ་དེར། །སྐུ་སྙན་པ་ཅན་གྱི་རྗེ་བཙུན་ལ། །ལོ་དྲུག་དང་ཟླ་བ་བདུན་དུ་བསྟེན། །དབང་ཡོངས་སུ་རྫོགས་པ་ལན་བདུན་ཞུས། །ཞེས་པ་ལྟར་རོ། །

དེ་ནས་བླ་མ་རྣམས་ལ་བཀའ་དྲིན་གྱི་བཏང་རག་ཕུལ་པའི་ཆེད་དུ་དགུང་ལོ་ཉེར་དགུའི་མགོར་བོད་དུ་གསེར་ཚོལ་ཕེབས། དེ་ཡང་ཁ་རག་སྨྱོས་ལོ་བོད་དུ་ལོག་པ་དང་ལྷན་དུ་བྱོན་ཟེར་ཡང་ཅུང་ཟད་སྔ་ཕྱིར་ཕེབས་པ་མངོན། རྗེ་མར་པར་སྨྱོས་ལོ་ཡི་རྒྱ་བལ་དུ་གསེར་ལ་སོགས་པའི་ཕན་ཐོགས་ལེགས་པར་མཛད་པའི་བཀའ་དྲིན་རྗེས་དྲན་ཚུལ་དུ་ཕྱིས་བདེ་མཆོག་རྡོ་སྐུ་ནཱ་རོ་པའི་ཐུགས་དམ་རྟེན་དང་རྒྱ་དཔེ་སོགས་ཐུགས་སུ་བྱོན་པའི་འཕགས་ཡུལ་གྱི་ཡོ་བྱད་ཁ་ཤས་མར་པས་སྨྱོས་ལ་ཕུལ་བར་གྲགས་ལ། ནཱ་རོའི་ཐུགས་དམ་རྡོ་སྐུ་ནི་ད་ལྟ་ཡང་གྱེ་རེ་ལྷ་སའི་ནང་རྟེན་དུ་བཞུགས་པ་ཁོ་བས་ཀྱང་མཇལ། ཚུལ་དེ་ལྟས་སྨྱོས་ལོས་ཕྲག་དོག་གི་མར་པའི་དཔེ་ཆུ་ལ་བསྐྱུར་ཚུལ་དེང་སང་མར་པའི་རྣམ་ཐར་རྣམས་སུ་ཁྱབ་ཆེ་ཡང་ཡི་གེ་ལ་སླད་ཞུགས་པའམ་གཞན་གཅིག་དང་འཁྲུལ་བ་ལས་སྨྱོས་ལོས་བྱས་པ་བདེན་བདེན་མི་འདྲའོ། །དེ་རེས་མར་པ་བོད་དུ་ལོ་གསུམ་བཞུགས། ལ་སྟོད་བྱང་དགྱེས་བུ་ཟློག་སྐྱ་བས་ནེ་ལེན་བསྙེན་བསྐུར་བཅས་སློབ་མ་བྱས་ཤིང་། བྱང་དུ་གསེར་ཚོལ་ཕེབས་པས་ནམ་རའི་གསེར་རྡོལ་དང་ཐུག་ཅིག་མར་པ་མགོ་ལེགས་ཀྱི་ཞབས་རོག་ཆེ་བར་བྱས། སླད་རྒྱ་དཀར་དུ་ཅི་མྱུར་བྱོན་པས་དེ་སྐབས་ནཱ་རོ་ཞབས་ནི་སྤྱོད་པ་སྐྱོང་བའི་དུས་སུ་གྱུར་པས་ཕྱག་ཏུ་ཌ་མ་རུ་དང་ཐོད་པ་ཙམ་ལས་མ་བཟུང་བར་ཡོ་བྱད་ཐམས་ཅད་སློབ་མ་རྣམས་ལ་དཀྱེས་ནས་མར་པའི་རྟེན་སྐལ་ཧེ་བཛྲ་གྱི་ཐང་ཀ་ཞིག་འདུག་སྐད། དུས་དེར་སློབ་མ་རྙིང་པ་རྣམས་ཀྱི་ཚོགས་དཀོན་ཙམ་རེ་མཛད་ཅིང་། དེ་བཞིན་བྱིན་བརླབས་ཙམ་རེ་དང་དོགས་སེལ་ཐེ་ཚོམ་གཅོད་པ་ལས་གཞན་དབང་བསྐུར་རྒྱུད་བཤད་སོགས་ཆེར་མི་སྣང་། གྲོང་འཇུག་གི་རོལ་རྩེད་མང་པོ་དང་། ཆོམ་རྐུན་གྱི་སྤུ་གྲི་ཀ་པཱ་ལར་ཕུལ་བ་མར་ལྟར་བཞུས་ནས་གསོལ་བ་སོགས་རྫུ་འཕྲུལ་དང་། ལས་དང་བལྟ་སྟངས་ཀྱི་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པར་སྣང་། དེ་སྐབས་མངའ་བདག་མཻ་ཏྲི་པ་ཆེན་པོ་དཔལ་གྱི་རི་ནས་འཁོར་སྟེ་འགྲོ་དོན་མགོ་ཚུགས་ཙམ་པའི་དུས་ཡིན་པས་རྗེ་ནཱ་རོ་པའི་ལུང་བསྟན་བཞིན་མར་པས་དེ་ཡི་ཞབས་ལ་འདི་རེ་ཐུག་པར་སྣང་། དེ་ལ་འདི་སྐབས་དང་ཕྱི་མ་ཕེབས་སྐབས་བཅས་སུ་དགྱེས་རྡོར་བརྟག་གཉིས། རྡོ་རྗེ་གུར་སངས་རྒྱས་ཐོད་པ། མཚན་བརྗོད་དང་སྙིང་པོ་དོན་གྱི་སྐོར་དྭོ་ཧ་སོགས་མན་ངག་མང་དུ་གསན་ཅིང་ཕྱག་རྒྱ་ཆེན་པོའི་དགོངས་པ་ཇི་བཞིན་ནམ་མཁའ་མཉམ་པ་ཤར། དེ་ཡང་མགུར་ལས། རྗེ་མངའ་བདག་ཆེན་པོའི་བཀའ་དྲིན་གྱིས། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །མི་ཁོ་བོས་སྤྲོས་པ་དེ་ནས་ཆོད། །ཞེས་གསུངས་པ་ཉིད་དོ། །

གཞན་ཡང་རྒྱ་དཀར་དུ་ཕེབས་པ་སྔ་ཕྱི་དེ་རྣམས་སུ་ནག་པོ་ཞི་བ་བཟང་པོར་གྲགས་པ་དང་། པཎྜི་ཏ་ཡེ་ཤེས་སྙིང་པོ་མཁའ་འགྲོ་མ་མི་རུས་རྒྱན་ཅན་སོགས་གྲུབ་པ་ཐོབ་པ་ལྔ་དང་། སྣང་བ་འགྱུར་ངེས་ཀྱི་བླ་མ་བཅུ་གསུམ་སོགས་ཡོངས་སུ་གྲགས་པ་དང་། མ་གྲགས་སྦས་ཚུལ་དུ་བཞུགས་པའི་རྣལ་འབྱོར་ཕོ་མོ་ཀུ་སཱ་ལའི་བླ་མ་མང་དུ་བསྟེན། ཕྱིས་ཞིག་ནཱ་རོ་པས་ལུངས་བསྟན་པ་ལ་བརྟེན་དུག་མཚོའི་འགྲམ་དུ་དཀའ་དཔྱད་ཆེན་པོས་བྱོན་ཏེ་སློབ་དཔོན་ཆེན་པོ་ཀུ་ཀུ་རི་པ་ཡང་དངོས་སུ་མཇལ་བར་སྣང་མོད། ཞི་བ་བཟང་པོ་ནི། འགོས་ཁུག་པ་ལྷ་བཙས་ཀྱིས་ཀྱང་བླ་མར་བརྟེན་པ་ཡིན་ལ། དེ་བཞུགས་པའི་གནས་འགོས་ལོས་རྒྱལ་པོའི་ཁབ་དང་། མར་པས་སེར་སྐྱའི་གྲོང་ནའོ། །གསུང་པ་ལྟར་སྟེ། རྗེ་འབྲུག་པས་ཆོས་འབྱུང་པདྨ་རྒྱས་པར། རྗེ་ནཱ་རོའི་སློབ་མ་ཆེ་བརྒྱད་ཀྱི་ནང་ཚན་ཤནྟ་ཞེས་བསྒྲངས་ཤིང་། དེ་ལ་མར་པས་ཆོས་གསན་ཞིང་། གསུང་ལས། རྒྱུད་སྙན་པོ་རྣམས་ཀྱི་གཏེར་བདག་པོ། དཔལ་ཞི་བ་བཟང་པོ་དངོས་དང་མཇལ། །ཞེས་དྲངས་པ་ལྟར་སྟེ། ཀུ་ཀུ་རི་པ་ནི་ཏེལློ་པས་ཀྱང་བླ་མ་ཡིན་པས་ཞི་བ་བཟང་པོ་དང་། ཀུ་ཀུ་རི་པ་གཅིག་ཏུ་འཁྲུལ་པར་མི་བྱའོ། །ད་རེས་རྒྱ་དཀར་དུ་ལོ་རྒྱུས་ཁ་ཅིག་ཏུ་ལོ་བདུན་བཞུགས་ཟེར་ཡང་ལོ་ལྔ་བཞུགས་པར་གསལ་ཏེ། དེ་ཡང་མགུར་ལས། སངས་རྒྱས་ནཱ་རོ་པཎ་ཆེན་དང་། །སེམས་ཅན་མར་པ་ལོ་ཙཱ་གཉིས། །རི་བོ་གསེར་གྱི་དགོན་པར་མཇལ། །ལོ་ནི་བཅུ་གཉིས་བར་དུ་བསྟེན། །ཞེས་རྒྱ་དཀར་དུ་ཕེབས་པ་ཕྱི་མའི་སྐབས་ནཱ་རོ་པས་སྤྱོད་པ་སྐྱོངས་བའི་དུས་ཡིན་ཡང་སྐབས་སྐབས་སུ་ཞལ་མཇལ་ལུང་བསྟན་དང་བྱིན་རླབས་ནོད་ཅིང་། དགེ་ཆོས་ཅི་རིགས་བྱར་ཡོད་པ་ཡི་ལོ་ལྔ་ཡང་ནཱ་རོ་པ་བརྟེན་པའི་ཁོང་དུ་བྱས་པར་སྣང་ལ། དེས་ན་ལོ་དྲུག་ཟླ་བ་བདུན་ཉེ་བར་བསྙེན་ཅིང་ཆ་ཤས་ཀྱི་སྒོ་ནས་ལོ་བཅུ་གཉིས་ལ་ཕྱོགས་པ་ཙམ་ནི་དོན་ལ་གནས་གྱི་གཞན་དེ་ལས་ཆེས་མང་བར་བྱས་པ་ཡང་མི་འགྲིག་ལ། ཡང་ཁ་ཅིག་གི་མར་པས་ནཱ་རོ་པ་དངོས་སུ་མ་མཇལ་ཏེ་དུས་མི་མཚུངས་ལ།

མར་པས་མཇལ་བ་ནི་ནཱ་རོའི་མིང་ཅན་གཞག་ཞིག་གོ་སྨྲ་བ་བྱུང་མོད། དེ་ནི་ཤིན་ཏུ་མི་རིགས་ཏེ། དེ་སྐད་སྨྲ་བ་པོ་རང་གི་ཚིག་ནང་འགལ་བས་མཚོན་ནུས་ཀྱི། ཅི་ཕྱིར་མར་པ་སླར་རྒྱ་དཀར་དུ་འགྲོ་བ་དང་ཇོ་བོ་བོད་དུ་ཕེབས་པའི་ལམ་བར་དུ་མཇལ་བར་ཕྱེད་རང་གིས་འདོད་ན། ནཱ་རོ་ཞབས་ཇོ་བོ་བོད་དུ་ཕེབས་ལ་ཉེ་སྐབས་ཞི་བར་གཤེགས་པ་ཇོ་བོའི་ལོ་རྒྱུས་ཆེན་མོར་འབྱུང་བཞིན་དོན་ལ་གནས་པ་དང་། ཇོ་བོ་བོད་དུ་མ་ཕེབས་པའི་ལོ་དུ་མའི་སྔ་རོལ་ཉིད་དུ་མར་པ་རྒྱ་དཀར་ཕེབས་པ་མར་དོ་ཆོས་དབང་བའི་ལོ་རྒྱུས་ཀྱིས་ཀྱང་ཤེས་པར་འགྱུར་ན་མངོན་སུམ་འགལ་བའི་དམ་བཅའ་འདི་ལ་སུ་ཞིག་ཡིད་ཆེས། དོན་དུ་ཚིག་དེ་ལྟར་རྒྱ་ཡང་ཕྲག་དོག་གིས་ཟིན་པའི་གང་ཟག་ཞིག་གི་སྐྱེས་མཆོག་དམ་པའི་གསུང་དུ་བརྫུས་ཏེ་བྱས་པ་ཁོ་ནར་ངེས་ཤིང་། སྤྱིར་གཡེལ་མ་མུ་ཅོར་གྱི་རྒྱལ་ཞེས་པ་ལྟར། བོད་འདིར་ཁུངས་དང་མི་འབྲེལ་བའི་གཡོ་སྒྱུའི་ཚིག་གི་སྐྱེ་བོ་རྨོངས་པ་བསླུ་བར་བྱེད་པ་མང་དུ་མཐོང་སྟེ། དེ་ཡང་ལུས་མེད་པོས་བརླམ་པའི་གང་ཟག་སྡིག་ཅན་ཅིག་ཁོ་ནས་བོད་འདི་རུ་རྒྱ་བལ་གྱི་པདྨ་འབྱུང་གནས་ཆེ་ཆུང་གཉིས་བྱུང་ངོ་ཞེས་རྫུན་དུ་སྨྲས་པ་ལ་ཕྱུགས་ལྟ་བུའི་སྐྱེས་བོ་ཁ་ཅིག་གི་དེ་རྗེས་ཟློས་སུ་བྱེད་པ་དང་ཚུལ་འདི་འདྲ་བས་སོ། །དེས་ན་ཚིག་འདི་ལྟས་ཐེ་ཚོམ་དུ་གྱུར་བ་ནི་སྨོས་ཀྱང་ཅི་འཚལ་ཏེ། དགོས་དོན་མེད་པར་རྗེས་ཟློས་བྱེད་པ་ཡང་བདུད་ཀྱི་བྱིན་གྱིས་ནོན་པ་ཤེས་པར་བྱའོ། །དེ་ཕྱིར་ལོག་པར་འདྲེན་པའི་གཏམ་དེ་ལྟ་བུ་གང་དུ་སྣང་ཡང་གྲོང་ཁྱེར་གྱི་བཤུངས་པའི་ཁུངས་བུ་མི་བསྟིར་བར་བྱ་རིགས་སོ། །ཞེས་པ་ཡང་གཞན་གྱི་དགེ་བའི་བར་ཆད་སེལ་བའི་སླད་དུ་སྐབས་སུ་སྨྲས་པ་སྟེ། དེ་ཡང་ལྷོ་བྲག་མར་པ་བོད་དུ་བྱོན་པ་འདི་སྐབས།

ཡར་འབྲོག་མར་དོ་ཆོས་ཀྱི་དབང་ཕྱུག་རྒྱ་དཀར་བྱོན་པ་དང་བལ་པོར་མཇལ་ནས་གསེར་ཞོ་གང་གི་ཕྱག་རྟེན་བྱས་པས་གསེར་སེ་བ་རེ་ལ་ཡང་འཐོགས་འོངས་པས་ཁྱོད་རང་ཁྱེར་ང་བོད་དུ་གསེར་འཆག་རུ་འགྲོ་བ་ཡིན་གསུང་ཞིང་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་མེད་པས་ནཱ་རོ་པའི་སློབ་མ་བཞི་ལ་ཆོས་ཉོན་ཞེས་གསུང་བ་མར་དོ་རང་ཉིད་ཀྱི་རྣམ་ཐར་དུ་གྲགས་པས། དེ་ཚེ་མར་པ་བོད་དུ་བྱོན་པ་འདི་རེས་སུ་མཇལ་བར་ངེས་སོ་ཡང་མར་དོས་རོང་ཟོམ་པ་ཆེན་པོར་ལོ་ཙཱ་བསླབ་ཞེས་ངག་སྒྲོས་ཁ་ཅིག་ཏུ་ཡོད་སྣང་ཡང་། རོམ་ཟོམ་པའི་རྣམ་ཐར་དེ་ཡི་ཐུགས་སྲས་གཡག་རྡོ་རྗེ་འཛིན་པས་མཛད་པར་མར་དོས་རོང་ཟོམ་པ་ཐོག་མར་བརྩོད་པར་ཡོངས་བ་སླར་གུས་ཏེ་སློབ་མར་བྱས་ཞེས་གསུང་བ་འཐད་པར་གོའོ། །མར་དོས་ཏི་ར་ནུ་ཏིར་ནཱ་རོའི་ཞལ་ཡུད་ཙམ་མཇལ་ཞིང་བྱིན་གྱིས་བརླབས། དེ་ནས་ནཱ་རོའི་དངོས་སློབ་རྣམས་ལ་གདམས་པ་གསན་པ་ཡིན་ནོ། །ཁ་ཅིག་གི་ལྷོ་བྲག་མར་པའི་ལོ་གཅིག་མར་དོ་འཁྲུངས་ཞེས་འོལ་ཕྱི་དཔྱད་ཀྱང་མི་འགྲིགས་ཀྱི་ལྷོ་བྲག་པ་ལས་ལོ་བཅུ་སྐོར་ལྷག་ཙམ་གྱི་གཞོན་པ་ཉིད་དུ་ངེས་སོ། །འགོས་ཁུག་པ་ལྷ་བཙས་ཀྱང་རགས་ཙམ་དུ་མར་པ་རྒྱ་དཀར་དུ་བར་རེས་བྱོན་དུས་ཙམ་དུ་རྒྱ་དཀར་ལ་བྱོན་པར་མངོན། མར་པ་བོད་དུ་ཕེབས་ནས་སློབ་མ་མཆོག་མེས་རྔོག་སོགས་ཀྱང་འདུས། སྐལ་ལྡན་གྱི་ཚོགས་ཅི་རིགས་བསྐྱངས་ཀྱིན་བཞུགས་པ་ན་མཁའ་འགྲོ་སྡེ་བཞིའི་བརྡའ་དཀྲོལ་གྱི་གླུ་ཡི་མཐར། ཏེ་ལོས་ལུང་བསྟན་ནཱ་རོའི་བུ། །ལྷུན་གྲུབ་ཆོས་ཀྱི་བློ་གྲོས་ཁྱོད། །སུ་ལ་ཧ་རིའི་དགོན་པ་ན། །རྣལ་འབྱོར་དབང་ཕྱུག་ནཱ་རོ་པ། །སྐྱེ་བ་མེད་པའི་དབྱིངས་སུ་ཡལ། །ཁྱེད་བཞུད་ན་ངེད་དང་འགྲོགས་ལ་གཤེགས། །ཞེས་བསྐུལ་བས་ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་པར་དགོངས་ནས་ཕྲལ་དུ་ཕྱག་རྫས་རྣམས་གསེར་དུ་དྲིལ་ཞིང་གསེར་གྱི་བསྙེད་ཚོལ་ཡང་མཛད་དེ་གསེར་སྲང་བརྒྱ་ཕྲག་དུ་མ་བསྣམས་ནས་རང་ལོ་བཅུ་བཞི་རྩ་གཉིས་པ་ལྕགས་སྦྲུལ་ལོའི་དགུན་སྨད་དེར་རྒྱ་དཀར་དུ་བྱོན། དེ་ཡང་མགུར་ལས། ང་མར་སྟོན་ཆོས་ཀྱི་བློ་གྲོས་ནི། །ཚེ་གསུམ་གཉིས་རྒྱ་དཀར་ཡུལ་དུ་བསྐྱལ། །ལོ་བཞི་བཅུ་བར་དུ་ཐོས་བསམ་བྱས། །དུས་ན་ནིང་གདུག་པ་སྦྲུལ་གྱི་ལོ། །ཆོ་འཕྲུལ་རྟ་བའི་ཟླ་བ་ལ། །མི་ཁོ་བོ་ལམ་དུ་ཞུགས་ཏེ་མཆིས། །ཞེས་གསུངས་ཏེ། མགུར་དོན་འདི་རྒྱ་དཀར་ནས་ཚུར་ལ་བྱོན་པ་དང་། བོད་ནས་ཕར་ཕེབས་པར་འདོད་པ་མི་འདྲ་བ་འབྱུང་བ་འབྱུང་མོད་ལ། རྒྱ་དཀར་ནས་བལ་པོར་སྦྲུལ་ལོ་ལ་ཕེབས་པར་ཡང་རུང་མོད། བོད་ནས་རྒྱ་གར་དུ་ཕེབས་པ་ནི་སྦྲུལ་ལོའི་གཞུག་རྟ་ཡི་ལོ་འགོ་ཡིན་པར་འཁྲུལ་མེད་དུ་སྣང་ངོ་། །ཕེབས་པའི་ལམ་བར་ཉང་སྟོད་གླང་པོ་སྣར་ཇོ་བོ་རྗེ་ཨ་ཏི་ཤ་དང་མཇལ་ཞེས་སྤྱིར་གྲགས་ཀྱང་། ལྷོ་རོང་ཆོས་འབྱུང་དུ་མང་ཡུལ་ཕྱོགས་ལམ་བར་ཞིག་དུ་མཇལ་ཞེས་འབྱུང་བ་འཐད་པར་གོ་ཞིང་། གང་སྤྱིར་ཇོ་བོ་དང་མཇལ་ཚེ་ཇོ་བོའི་གསུངས་ལས་རྗེ་བཙུན་ནཱ་རོ་པ་ནི་ལོ་གསར་གྱི་ཉ་ལ་མཁའ་སྤྱོད་གཤེགས་ཞེས་གསན་པས་དེས་ཀྱང་གདུང་བ་ལྷག་པར་འཕེལ་ཏེ་ཅི་མྱུར་བལ་པོ་ནས་རྒྱ་དཀར་དུ་གཤེགས་པ་ལ་ཐོག་མར་བླ་མ་བནྡྷེ་པ་ཆེན་པོ་དང་མཇལ་ཏེ་ནཱ་རོ་ཏ་པ་མཇལ་བར་ལུང་བསྟན། དེ་རྗེས་ནཱ་རོ་ཏ་པའི་ཉེ་གནས་དགེ་ཚུལ་ཤེན་སེང་གེ་དང་མཇལ། དེ་ནས་མཻ་ཏྲི་པ། ཞི་བ་བཟང་པོ། མི་རུས་རྒྱན་ཅན། པྲཛྙཱ་རཀྵི་ར། ཛྙཱ་ན་ཀ་ར། ཨ་ར་ཀ་སིདྡྷི། ཛ་ཡ་ཀ་ར། རི་རི་པ། ཀ་པོ་རི་པ་སོགས་བླ་མ་བཅུ་གསུམ་ཙམ་རེ་རེ་བཞིན་ཚོགས་ཀྱི་འཁོར་ལོས་བརྙེས་པར་བྱས་ཤིང་། སོ་སོར་ཟླ་བ་རེ་རེའི་ཡུན་དུ་ནཱ་རོ་པ་དང་མཇལ་བར་གསོལ་བ་བཏབ་པས་བླ་མ་ཀུན་གྱི་མཇལ་བར་ལུང་བསྟན་ཅིང་མཐར་ཀ་སོ་རི་པས་ཟླ་བ་བརྒྱད་དང་ཞག་བདུན་ནཱ་རོ་པ་དང་མཇལ་བར་དབུགས་དབྱུང་གནང་བཞིན་ནཱ་རོ་ར་ས་ཕྱོགས་ཀུན་འཚོལ་བར་ལུས་སྲོག་ལྟོས་མེད་ཀྱི་དཀའ་བ་མང་དུ་སྤྱད་པ་ཉམས་སྣང་ཁྱད་པར་ཅན་དང་བཅས་ཐོག་མར་ཞབས་རྗེས་མཇལ།

དེ་ནས་ཞག་བདུན་གསོལ་བ་བཏབ་པས་རྗེ་བཙུན་འཇའ་ཚོན་གྱི་རྣམ་པ་འོལ་བྱི་དང་གསལ་བ་དང་། ཤིན་ཏུ་གསལ་བའི་རྣམ་པ་རིམ་པ་བཞིན་མཐར་ནཱ་རོ་མངོན་སུམ་བྱོན་པ་མཇལ་ནས་བྱིན་བརླབས་ཞུ་བའི་ཆེད་དུ་རྒྱུག་སྟེ་བྱོན་པས་རྗེས་མ་ཟིན་པར་ཡལ་ཞིང་། དེར་ཐོད་པ་རྣམས་སྣང་གི་གང་བ་བདུད་རྩིར་བྱིན་གྱིས་བརླབས་པ་ཞིག་འདུག་པས་གསོལ་བས་རང་བཞིན་དཔག་ཏུ་མེད་པ་འཁྲུངས། སླར་ཡང་གསོལ་བ་དྲག་ཏུ་བཏབ་པས་ཞག་བདུན་ན་ཌཱ་མ་རུའི་སྒྲ་དང་བཅས་བར་སྣང་ནས་ནཱ་རོ་ཏའོ་པ་མངོན་སུམ་པ་བྱོན་ཏེ་ས་ལ་བབས་དེ་ལ་ཕྱག་དང་མཎྜལ་ཕུལ་བས་ཅི་འདོད་གསུང་ཀྱཻ་རྡོ་རྗེ་བསྟན་པར་ཞུས་པས་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་ནས་དབང་བསྐུར་རྒྱུད་དང་མན་ངག་རྣམས་ཚར་ཅིག་གསུངས་པས་དབང་དོན་ཇི་བཞིན་དུ་ངོ་འཕྲོད་ཐེ་ཚོམ་ཆོད་དོ། །ད་དུང་བདེ་མཆོག་དང་འདུས་པ་ཞུ་སྙམ་པ་ན་ཁྱོད་ཀྱི་ཀྱཻ་རྡོ་རྗེ་གོའམ་གསུང་གོ་ལགས་ཞུས་པས་དེས་ཆོག་གསུང་ནས་མི་སྣང་བར་གཤེགས་དེར་ལོ་ཙཱ་བ་ཡིད་སྐྱོ་ནས་ནགས་ཚལ་རྣམས་སུ་གསོལ་བ་འདབས་ཀྱིན་ཕྱིན་པས་ནཱ་རོ་པ་མངོན་སུམ་ཤིང་ནྱ་གྲོ་ཏ་ཡི་རྩེ་མོར་བྱོན་ནས་རྡོ་རྗེའི་གླུ་གསུང་དེ་ནས་ནཱ་རོ་པ་དང་ལོ་ཙཱ་བ་འདུ་འབྲལ་མེད་པའི་གདེང་རྙེད་ཚུལ་འདི་ནི་སླད་མེད་ཀྱི་ལོ་རྒྱུས་ཀུན་ཁུངས་མཐུན་པས་ཡིད་ཆེས་ཀྱི་གནས་རེ་དེ་ལྟར་ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་ཟིན་ཀྱང་མཇལ་འདོད་ཀྱི་རྟོགས་པ་དྲག་པོ་མི་བཟད་པས་དཀའ་བ་མང་དུ་སྤྱད་པའི་མཐར་ནཱ་རོ་པ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་མངོན་སུམ་མཇལ་ཏེ་དབང་བསྐུར་བྱིན་རླབས་མངའ་གསོལ་ལུང་བསྟན་ཐོབ་པས་ལོ་ཙཱ་བ་སྐལ་མཆོག་དང་གྲུབ་པའི་གྲགས་པས་རྒྱ་བལ་ཀུན་ཏུ་ཁྱབ་ཅིང་བྱང་ཕྱོགས་གངས་ཅན་ལྗོངས་འདིར་མུན་རེ་རེ་དུ་གངས་ལ་ཉི་མ་ཤར་བ་ལྟ་བུ་ནཱ་རོའི་རྒྱུད་འཛིན་སྙིང་པོ་དོན་གྱི་བསྟན་པ་དར་རྒྱས་ཤིན་ཏུ་ཆེ་བར་འབྱུང་བ་མཁྱེན་བཞིན་དེ་ཡི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པའི་ཆེད་དུ་མགོན་པོ་རྣམས་ཀྱི་ཐུགས་རྗེ་ཆེན་པོས་རྒྱུད་དེ་ལྟར་ཡོངས་སུ་བསྐུལ་བར་གདོན་མི་ཟ་ལ། ཚུལ་དེས་ཁོང་གི་ཆོས་རྒྱུད་བཀྲ་ཤིས་ཤིང་དར་རྒྱས་སུ་གྱུར་པའི་རྟེན་འབྲེལ་ཇི་བཞིན་འགྲིགས་པའོ། །

དེ་རེས་ཀྱང་མཻ་ཏྲི་པ་གཙོ་བོར་གྱུར་པའི་སྔར་གྱི་བླ་མ་རྣམས་ལ་གདམས་ངག་ཅི་རིགས་པ་གསར་དུ་གསན་པ་དང་སྔར་གྱི་ལ་ཞུ་ཏིག་ཡང་དག་པ་མཛད་སྟེ། དེ་ཡང་མགུར་ལས་ང་རྒྱ་གར་ཡུལ་དུ་ལན་གསུམ་ཡིན། དུས་ད་རེས་ནན་ཏན་ཞུ་གཏུམ་བྱས། ཞེས་པ་ལྟར་རོ། །ལོ་ཡང་མང་ཉུང་ཙམ་བཞུགས་ཏེ་ལོ་རྒྱུས་མང་ཞིག་ཏུ་ལོ་བཅུ་གཉིས་བཞུགས་ཟེར་བ་རྒྱ་བལ་གཉིས་ཀ་སྡོམ་པར་མངོན། སྔ་ཕྱི་ཁྱོན་དྲིལ་རྒྱ་དཀར་དུ་ལོ་ཉི་ཤུ་ཉེ་ཙམ་དང་བལ་པོར་ཡང་ལོ་ངོ་དྲུག་བདུན་ཙམ་བཞུགས་པར་སྣང་། དེ་ལྟར་རྗེ་བཙུན་མར་པ་རྒྱ་དཀར་ལན་གསུམ་ཕེབས་པ་ནི་རྔོག་གི་ཡིག་རྙིང་སོགས་ཁུངས་ལྡན་ཐམས་ཅད་མཐུན་ན། གཞན་ནི་མགུར་ཁ་ཅིག་ཏུ། མི་ང་རང་མར་པ་ལོ་ཙཱ་འདི། །སྐྱེ་ས་ཕམ་རེ་འགྲོ་ས་རྒྱལ། །རྒྱ་དང་བལ་པོར་ལན་ལྔ་ཕྱིན། །ལུས་སྲོག་ལ་མ་ལྟོས་དམ་ཆོས་བཙལ། །ཞེས་འབྱུང་ལྟར་བལ་པོར་ལན་ལྔ་ཕེབས་པ་གསུམ་རྒྱ་དཀར་དུ་བསྒྲོད་པའི་སྐབས་དང་། གཉིས་རྒྱ་དཀར་ལན་གསུམ་ཕེབས་པའི་རྗེས་སུ་བྱོན་ནས་བླ་མ་རྣམས་ལ་གདམས་ངག་མང་དུ་གསན་ཞེས་དེབ་གཏེར་ལས་བཤད་ཅིང་། གཞན་ཁ་ཅིག་ཏུ་མར་པ་དགུང་ལོ་བཅོ་ལྔ་སྐབས་ཙམ་དུ་གསེར་ཞོ་ཁ་ཤ་བསྣམས་ནས་བལ་པོར་ཕེབས་ཏེ་ལོ་གསུམ་བཞུགས། སླར་བོད་དུ་ཕེབས་པ་འབྲོག་མི་རྒྱ་དཀར་ནས་ཕེབས་ཏེ་རིང་པོ་མ་ལོན་པ་ཞིག་དང་ཞལ་མཇལ་ད་རེས་ཡོ་བྱད་ཐམས་ཅད་གསེར་དུ་དྲིལ་ནས་བལ་པོ་བརྒྱུད་རྒྱ་གར་དུ་ལ་ཀྵེ་ཏྟར་ཕེབས་ཏེ་ལོ་ལྔ་མི་རིངས་པཎྜི་ཏ་ཛྙཱ་ན་གཪྦྷ་དང་བནྡྷེ་པ་སྐུ་མཆེད་བརྟེན་དེ་ནས་བོད་དུ་ཕེབས་པར་དགོངས་བལ་པོར་སླེབས་ཚེ་བོད་ནས་རྒྱགས་བསྐྱལ་བ་འབྱོར་བས་ལར་ཡང་རྒྱ་དཀར་དུ་ཕེབས་ནཱ་རོ་མཻ་ཏྲིས་ཞབས་ལ་ཐུག་ཡང་གསེར་ཚོལ་ཆེད་བལ་པོ་བར་དུ་ཕེབས་ནས་རྒྱ་དཀར་དུ་ལྡོག་པ་དང་དེ་རྗེས་བོད་དུ་ཕེབས་ནས་རྒྱ་དཀར་དུ་ལན་ཕྱི་མ་ཕེབས་སྐབས་ནཱ་རོ་པ་མཁའ་སྤྱོད་དུ་གཤེགས་པའི་སྐབས་ཡིན་ཞེས་སོགས་ལོ་རྒྱུས་མི་འདྲ་བ་དུ་མ་མཐོང་མོད།

འོན་ཀྱང་གོང་གི་དཀྱུས་སུ་བཀོད་པ་ཉིད་རྣམ་པར་ཁུངས་མ་སྤྱི་དང་མེས་རྔོག་གི་གསུང་རྒྱུན་ནས་བྱུང་བཞིན་བྲིས་པ་ཡིན་པས་འཁྲུལ་བ་མེད་པར་སེམས་ལ་རྒྱ་བལ་དུ་ལན་ལྔ་ཕེབས་པ་སྤྱིར་གྲགས་ཆུང་ཞིང་གི་མགུར་ཚིག་དྲངས་བ་དེ་ནི་གཞན་དུ་རྒྱ་གར་དང་བལ་པོར་ལན་གསུམ་ཕྱིན་ཞེས་ཀྱང་ཡོད་པ་དེ་འདྲ་ཡི་གེ་མ་དག་པས་དང་། ལར་མགུར་ངོ་བོ་གཅིག་ལ་ཚིག་འདྲ་མིན་དོན་མཐུན་མི་མཐུན་སོགས་ཡིག་སྐྱོན་དང་། སླད་བསྲེས་པ་དང་། གསུངས་སུ་རྫུས་པ་སོགས་ཞིབ་མོར་དཔྱད་དགོས་པར་སྣང་ངོ་། །གང་ལྟར་རྒྱ་དཀར་ལན་གསུམ་ཕེབས་པའི་ཕྱི་མ་ཚུར་ལམ་བལ་པོར་བཞུགས་པའི་སྐབས་མཻ་ཏྲི་པ་དག་ཞིང་དུ་གཤེགས་པར་གདོངས་ཏེ། རྗེ་སྙིང་པོའི་དོན་རྟོགས་ཆོས་ཀྱི་སྐུ། །མཚན་ཡོངས་སུ་གྲགས་པའི་མཻ་ཏྲི་པ། །ཁོང་བསམ་བཞིན་སྐུ་དྲིན་ཆེ་བའི་ཕྱིར། །མི་ཁོ་བོའི་ཡིད་ལ་ཤིན་ཏུ་བཅགས། །ཞེས་དང་། རྗེ་ཡང་ཡང་དྲན་ནོ་མཻ་ཏྲི་པ། །མི་ཁོ་བོའི་མིག་སྔར་བྲལ་མ་ཕོད། །གདོང་མཆི་མས་གང་བས་ངུད་མོ་ཤོར། །དབུགས་ཁ་ནས་མ་ཐོན་བྱང་ཁོག་རྒྱས། །ཕ་སྙིང་ནས་འདོད་དོ་ཆུ་བས་སྐོམ། །མི་ཁོ་བོའི་གདུངས་སེམས་མཁྱེན་ལགས་སམ། །ཕ་ལམ་སྣ་དྲོངས་ཤིག་སྤྲུལ་པའི་སྐུ། །ལར་རྨི་ལམ་བག་ཆགས་ཡིད་མོད་ཀྱང་། །མདོར་རྗེ་བཙུན་བྱོན་པ་ངོ་མཚར་ཆེ། །སེམས་དགའ་ལ་མི་དགའ་ཐོས་དམན་གྱུར། །ཁྱེད་འདིར་བཞུགས་ཀྱི་སྙན་དུ་ཞུ་བ་ལགས། །ཞེས་པའི་གདུངས་དབྱངས་ཀྱང་མཛད། དེ་ནས་བོད་དུ་བྱོན་ཚེ་དགུང་ལོ་ལྔ་བཅུ་རྩ་གྲངས་བཞེས་པའི་སྐབས་ཏེ་ལྷོ་བྲག་ཏུ་གནས་གཞི་བཟུང་ནས་ནཱ་རོ་པས་ཁྱོད་ལས་ཀྱི་ཕྱག་རྒྱ་འབྲལ་མེད་དུ་བརྟེན་ལ་སྣོད་ལྡན་སྨིན་པར་གྱིས་ཤིག་གསུང་པ་ལྟར་བཙུན་མོ་དགུ་ཁབ་ཏུ་བཞེས། ནང་གྲུབ་པ་ཆེན་པོའི་ས་ལ་བཞུགས་ཀྱང་ཕྱི་སྦས་ཚུལ་འཇིག་རྟེན་ཀུན་སྤྱོད་ཁྱིམ་པའི་ཚུལ་དང་མཐུན་པར་མཛད་དེ་བཞུགས་སོ། །གྲུབ་པའི་དབང་ཕྱུག་མི་ལ་རས་པ་ཡང་དུས་དེ་ཙམ་ན་ཞབས་སུ་སྙེགས་ཏེ་སྤྱོ་བ་དང་སྤྲོ་བས་རྗེས་སུ་བཟུང་། སྐབས་སྐབས་སུ་སྐལ་བ་དང་ལྡན་པའི་མིག་ངོར་གྲོང་འཇུག་སོགས་ཐུན་མོངས་ཀྱི་གྲུབ་མཚན་ཡང་མང་དུ་བསྟན་ཅིང་ཐུན་མོང་མ་ཡིན་པ་སློབ་མ་དམ་པ་རྣམས་ཀྱི་ངོར་ཟད་པ་ཟིལ་གནོན་དང་སྐུ་ཡི་བཀོད་པ་དང་སྐུ་མི་བཀོད་པ་དུ་མ་བཅས་སྤྲོས་བཅས་བདེ་ཆེན་གྱི་སྤྱོད་པ་སྐྱོང་ཞིང་དཀྱིལ་འཁོར་འཁོར་ལོ་མངོན་སུམ་དུ་སྣང་བ་སོགས་མཆོག་གི་རྫུ་འཕྲུལ་གྱི་རོལ་རྩེད་ཅིར་ཡང་བསྒྱུར་ཞིང་གདུལ་བྱ་རྣམས་ལ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་སྐོར་བར་མཛད་པ་རྡོ་རྗེ་ཅན་གྱི་རྒྱལ་ཚབ་དམ་པར་བཞུགས་པར་ཞིག་གོ །མཐར་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་བྱ་ཡི་ལོ་སར་མ་ཐག་པ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་རྣམ་པར་སྨིན་པའི་ལུས་བཏང་སྟེ་དག་པ་ཡེ་ཤེས་སྒྱུ་མའི་སྐུར་གཤེགས་སོ། །དེང་སང་མར་པའི་རྣམ་ཐར་རྣམས་རྒྱ་དཀར་ཕེབས་ཚུལ་འཁྲུངས་ལོ་སོགས་དཔྱད་དཀའ་བར་སྣང་བས་འདིར་སྔོན་གྱི་དཔེ་རྙིང་དང་མཁས་དང་གྲུབ་པས་བྱས་པའི་ལོ་རྒྱུས་ཇི་སྙེད་བལྟས་ནས་ཕྱིས་རྣམ་ཐར་དོན་གཉེར་ཅན་སྲིད་ཚེ་ཕན་པའི་བསམ་པས་དཔྱད་བཟོད་པའི་ལུགས་སུ་བྱས་ཏེ་བཀོད་པ་ཡིན་པས་ཡིད་ཆེས་སུ་རུང་བའོ། །འདིར་སྨྲས་པ། མར་པའི་རྣམ་ཐར་ཚིག་ཚོགས་མི་ངོམ་ཡང་། །མ་འཁྲུལ་སྙིང་པོ་གསལ་བའི་ལང་ཚོ་ངོམ། །དཔྱད་བཟོད་ཤེས་ལྡན་འགུག་པའི་སྐྱེས་འདི་ནི། །ཚེ་དབང་ནོར་བུའི་ངག་གི་རོལ་རྩེད་ཡིན། །ཞེས་སོ། །

རྗེ་མར་པའི་སློབ་མའི་ཐུ་བོ་རྔོག་སྔོན་ཆོས་ཀྱི་རྡོ་རྗེ་ནི་དེབ་གཏེར་དུ་མར་པའི་ཉི་ཤུ་རྩ་ལྔ་པ་མེ་ཕོ་བྱི་བ་ལ་འཁྲུངས། རང་གི་དྲུག་ཅུ་རྩ་བདུན་ས་ཆུ་ཕོ་རྟ་ཡི་ལོར་མཁའ་སྤྱོད་དུ་གཤེགས་ཞེས་གསུང་ཞིང་ལྷོ་རོང་ཆོས་འབྱུང་དུ་ཡབ་རྔོག་བན་ཅན་ཁ་པ་དང་ཡུམ་འོད་ལྡན་མ་གཉིས་ཀྱི་སྲས་སུ་ཆུ་མོ་ཕག་གི་ལོ་ལ་སྐུ་འཁྲུངས་དགུང་ལོ་དྲུག་ཅུ་རྩ་བརྒྱད་ལྕགས་ཕོ་རྟ་ལོ་ཁྱི་ཟླའི་ཚེས་གསུམ་ཉི་ཤར་ལ་མཁའ་སྤྱོད་དུ་གཤེགས་པར་བཤད། གདན་དུས་བསྟན་རྩིས་སུ། རྗེ་བཙུན་མར་པའི་བཅུ་བདུན་པ། རབ་བྱུང་དང་པོའི་ཐམས་ཅད་འདུལ། མེ་ཕག་རྔོག་སྟོན་ཆོས་རྡོར་འཁྲུངས། ཞེས་དང་། རེ་བརྒྱད་ཤིང་རྟར་འཇའ་ལུས་གཤེགས། ཞེས་སྨྲ་མོད། དེ་དག་གི་རྩ་བ་ཁུངས་ནི། རྔོག་མདོ་སྡེའི་ལོ་རྒྱུས་ཡིག་རྙིང་ཡང་དག་པ་ལས། རྔོག་གི་སྲས་པོ་མདོ་སྡེས་རྗེས་མར་པ་ལས་ལུང་ཙམ་ཐོབ། ལོ་བརྒྱད་ལོན་པའི་ཚེ་རྗེ་མར་པ་གཤེགས། བཅུ་གསུམ་ལོན་པའི་ཚེ་ཡབ་གཤེགས། ཞེས་འབྱུང་བ་ལ་དཔང་པོ་བྱས་ནས་ལོ་ཚིགས་བློས་དཔྱད་དེ་བཞག་པར་སྣང་ལ། ཁུངས་དེ་སླད་བྲལ་ཡིན་པས་དེ་ལྟར་མི་རུང་བ་ནི་མ་ཡིན་མོད། འོན་ཀྱང་འདྲ་མིན་ནི་མར་པའི་འཁྲུངས་ལོ་མ་མཐུན་པས་བྱུང་སྟེ། འདིར་ནི་རྗེ་རང་བྱུང་ཞབས་དང་དཔལ་མཁའ་སྤྱོད་པའི་གསན་ཡིག་ཐོ་འཁོད་ལྟར་བསྒྲིག་ན། རྔོག་སྟོན་ཆོས་རྡོར་ནི་མར་པའི་ཉི་ཤུ་པ་ས་ལུག་ལ་འཁྲུངས་ཏེ་བརྒྱད་མེ་སྟག་ལ་གཤེགས། དེ་ཡི་སྲས་མདོ་སྡེ་ནི་ཡབ་ཀྱི། ང་ལྔ་པ་ཤིང་མོ་སྟག་གི་ལོ་ལ་འཁྲུངས། དགུང་ལོ་བདུན་ཅུ་རྩ་བདུན་ལྕགས་རྟ་ལ་གཤེགས་ཀྱི་བར་དབང་རྒྱུད་མན་ངག་གིས་འགྲོ་བའི་དོན་རྒྱ་ཆེར་མཛད། རྔོག་མདོ་སྡེ་དང་རྗེ་ས་ཆེན་གཉིས་རགས་རྩིས་སུ་དུས་མཚུངས་ཏེ་མདོ་སྡེ་ཡི་བཅུ་དགུ་པ་ཆུ་སྤྲེལ་ལ་ས་ཆེན་འཁྲུངས་པ་ཡིན་ནོ། །མདོ་སྡེའི་སྲས་གཅེན་གཙང་ཚ་ཇོ་ཚུལ་ནི་ཡབ་ཀྱི་ཉེར་དྲུག་ལྕགས་ཡོས་ལ་འཁྲུངས། ཞེ་བཞི་ཤིང་ཁྱི་ལ་གཤེགས།

གཅུང་རྒྱལ་ཚ་ཐོགས་མེད་གྲགས་ཡབ་ཀྱི་སོ་གཅིག་མེ་སྤྲེལ་ལ་འཁྲུངས་རང་ལོ་སོ་བདུན་བར་དུ་བཞུགས། ཐོགས་མེད་གྲགས་པའི་སྲས་རྒྱལ་ཚ་ར་མོ་ཡབ་ཀྱི་ཉེར་ཆུ་ཁྱི་ལ་འཁྲུངས། ཁོང་ཉེར་གཅིག་པར་མེས་གཤེགས། རང་ལོ་སོ་བདུན་པར་བཞུགས་ཞེས་གྲགས་སོ། །གཙང་ཚ་ཇོ་ཚུལ་གྱི་སྲས་རྔོག་ཀུན་དགའ་རྡོ་རྗེ་མེས་མདོ་སྡེ་དགུང་ལོ་དྲུག་ཅུ་རྩ་བདུན་པ་ལྕགས་སྤྲེལ་ལ་འཁྲུངས་བཅུ་གཅིག་སྐབས་མེས་གཤེགས། གདམས་པའི་ལྷག་མ་རྣམས་རྒྱལ་ཚ་ར་མ་ལ་ཞུས། རང་ལོ་བདུན་ཅུ་རྩ་བརྒྱད་ས་སྟག་བར་དུ་བཞུགས། ཀུན་དགའ་སྲས་གཅེན་རྔོག་བཙུན་གཟི་བརྗིད་གྲགས་པ་ནི་ཡབ་ཀྱི་ང་གསུམ་ཆུ་བྱི་ལ་འཁྲུངས། ཉེར་བདུན་སྐབས་ཡབ་གཤེགས་རང་ལོ་བརྒྱད་ཅུ་ལྕགས་ལུག་བར་དུ་བཞུགས། གཅུང་སློབ་དཔོན་རྒྱལ་དགའ་ཡབ་ཀྱི་ང་དྲུག་ཤིང་ཡོས་ལོར་འཁྲུངས་བརྒྱད་ཅུ་བཞུགས་ཟེར། དེ་ཡི་སྲས་གསུམ་གྱི་བར་ཚིག་སྤྱན་སྔར་རིན་ཆེན་བཟང་པོར་གྲགས་པ་རྔོག་པའི་གདུང་རབས་ལས་ཕྲིན་ལས་ཆེ་བར་གྱུར་པ་དེ་ནི་དེབ་སྔོན་དང་ཆོས་འབྱུང་རིན་ཆེན་སྤུངས་པར་ཆུ་ཡོས་ལོ་པ་སྟེ་ཡབ་ཀྱི་ཞེ་དགུའི་སྐབས་སུ་འཁྲུངས། སོ་གཉིས་སྐབས་སུ་ཡབ་གཤེགས། དགུང་ལོ་དོན་བདུན་བར་དུ་བཞུགས། དེབ་གཏེར་དུ་ཁོང་ཡོས་ལ་འཁྲུངས་པའི་ལོ་བཞི་ལོན་པ་མ་ར་ལ་རང་གི་གཅུང་སློབ་དཔོན་ཆོས་རྡོར་བ་དང་ཡར་ཀླུང་ཀླུབ་ལོ་ཙཱ་གྲགས་པ་རྒྱལ་མཚན་འཁྲུངས། དེ་བཞིན་ཞེ་གཉིས་པར་ཀརྨ་རང་བྱུང་ཞབས་དང་། ཞེ་བརྒྱད་ལྕགས་སྟག་ལ་བུ་སྟོན་རིན་པོ་ཆེ། ལྔ་བཅུ་ཆུ་འབྲུག་ལ་ཀུན་མཁྱེན་དོལ་པོ་པ་རྣམས་འཁྲུངས་པར་གསུངས་ཏེ། དེས་དུས་ནམ་བྱུང་བདེ་བླག་ཏུ་ཤེས་པར་འགྱུར་ལ། སྤྱིར་ཡང་རྔོག་བཙུན་རིན་ཆེན་བཟང་པོ་མན་གྱི་འཁྲུངས་གཤེགས་ཀྱི་ལོ་ཐམས་ཅད་མཐུན་པས་འདིར་སྨོས་མ་དགོས་ལ་ཡན་ཆད་མར་པའི་དུས་དང་བསྒྲིགས་པ་ལ་ངེས་པར་འཁོག་པའི་དབང་གིས་ཞིབ་མོར་དཔྱད་དེ་བཀོད་པའོ། །

རྗེ་བཙུན་མར་པ་སྙིང་པོའི་དོན་གྱི་བསྟན་པ་འཛིན་པའི་གཙོ་བོ་སྒྲུབ་རྒྱུད་མཐའ་དག་འབྱུང་ཁུངས་གངས་ཅན་བོད་ཡུལ་གྱི་རྣ་བའི་རྒྱན་གྲུབ་པའི་དབང་ཕྱུག་མི་ལ་རས་པ་སྟེ་དེ་འཁྲུངས་པའི་ལོ་ནི་ཆུ་འབྲུག་དང་། ལྕགས་འབྲུག་དང་། ས་འབྲུག་ཏུ་འདོད་པ་གསུམ་དང་། ཞི་བྱེད་རི་པ་བྱ་བ་མི་ལའི་རྣམ་ཐར་བརྒྱ་དང་ཉེར་བདུན་གཟིགས་པར་གྲགས་པ་ས་སྟག་ལ་འཁྲུངས་པར་གསུང་ཞིང་དེ་ཡང་ས་འབྲུག་ལས་ལོ་གཉིས་ཀྱི་སྔ་བས་མེ་སྟག་སྟེ། མེ་སྟག་དེ་ཡི་ཕྱི་མེ་ཡོས་རབ་བྱུང་དང་པོ་མཚུངས་པ་ཡིན་ལ། དེ་ལྟར་ལོ་ཚིགས་མི་འདྲ་བ་བཞི་བྱུང་བ་ལས། ཆུ་འབྲུག་ལོ་པར་བྱས་པ་ནི། ངམ་རྫོང་སྟོན་པས་ཆུ་དབར་དུ་འདྲེ་དམག་ཆོ་འཕྲུལ་ཞུས་ཆེན་དང་པོའི་སྐོར་ཆུ་འབྲུག་ལ་ཡིན་གསུང་པ་ལྟར་ན་མི་ལའི་རེ་གཅིག་སྐབས་དང་མཐུན་པར་སྣང་རུང་། སྒམ་པོ་པས་མི་ལ་སོ་གཅིག་ས་གླང་ལོར་མཇལ་བ་ངེས་ཅན་ཡིན་པས་དེ་ཚེ་ལུགས་འདིར་མི་ལ་དགུང་ལོ་དགུ་བཞེས་སྐབས་མཇལ་དགོས་ཤིང་། དེ་ནས་མི་ལ་གཤེགས་ཀྱི་བར་ལོ་ཉེར་དྲུག་ཡོད་པས་དེ་བར་མི་ལ་དང་ཡེ་མ་མཇལ་བ་ཡང་མི་ལེགས་ཤིང་། སྒམ་པོ་པ་ཕྱི་སློབས་སུ་ཀུན་གྱིས་བཞེད་བཞིན། རས་ཆུང་བ་དང་། སྒམ་པོས་མཇལ་སྔ་ཕྱི་ཅུང་ཟད་ཙམ་ལས་དུས་མཚུངས་པ་ཉིད་དུ་གྱུར་པ་དང་། སང་ཕོད་ཡོས་ལོ་རྟ་པ་ཟླ་བར་བྲིམ་ཆུ་དབར་གྱི་རི་ལ་ཤོག་གསུང་བ་སོགས་མི་འགྲིགས་པ་མང་བས་མི་འཐད་དོ། །ལྕགས་འབྲུག་ལོ་པར་བྱས་པ་ནི་སྔ་མ་ལས་འཐད་ཤས་ཆེ་ཡང་། མི་ལ་དང་སྒམ་པོ་མཇལ་ནས་ལོ་བཅུ་གཉིས་ལོན་པ་ན་མི་ལ་གཤེགས་པར་བཞེད་ནས། ལོ་བཅུ་གཉིས་ནས་བྲིམ་གྱི་རི་ལ་ཤོག །ཞེས་པ་ང་ཕོད་ཀྱི་ལོ་ཚིག་བཅུ་གཉིས་སུ་བསྒྱུར་ཏེ་གནས་སྐབས་འགྲིགས་པ་ལྟར་མཛད་ཀྱང་སྒམ་པོ་པས་མི་ལ་མཇལ་ནས་ལོ་གཅིག་དང་ཟླ་བ་གཅིག་དྲུང་དུ་བསྙེན་ཁ་ཅིག་ནས་ནས་ཟླ་བ་བཅུ་དགུ་བརྟེན་ཡང་ཟེར། གང་ལྟར་སོ་གཉིས་པའི་སྐབས་དབུས་སུ་བྱོན། དབུས་སུ་ལོ་གཅིག་བཞུགས། དེར་རྗེ་བཙུན་གྱིས་སང་ཕོད་ཆོས་ལོ་རྟ་ས་ཟླ་བར་བྲིམ་ཆུ་དབར་གྱི་རི་ལ་ཤོག་གསུང་བ་དྲན་ནས་ཕེབས་པའི་ལམ་ཁར་མི་ལ་གཤེགས་པར་གསན་ནས་གསེར་རྣམས་བྲིམ་གྱི་ཕྱོགས་སུ་གཏོར་སྟེ་གདུང་དབྱངས་མཛད་པར་སྒམ་པོ་པའི་རྣམ་ཐར་དངོས་སློབ་ཀྱི་སྒྲོ་བསྐུར་སྤངས་ནས་བྲིས་པ་ཡིན་ཞེས་སྔར་གྱི་ཡིག་རྙིང་སླད་བྲལ་དུ་འབྱུང་བ་མཐོང་ཞིང་།

སྒམ་པོའི་རྣམ་ཐར་གཞན་གྱི་བབ་ལ་བརྟག་པས་ཀྱང་དོན་ལ་གནས་ངེས་སྣང་བས་དེས་ན་ཚུལ་དེ་དང་མི་འགྲིགས་པས་མི་འཐད་དོ། །ས་འབྲུག་ཏུ་བཞེད་པ་འདི་ལ་སྒོམ་པོ་པའི་སོ་གཅིག་ས་གླང་ལོར་མི་ལ་དང་མཇལ་བ་དང་། སོ་བཞི་ལྕགས་ཡོས་ཀྱི་མཐར་མི་ལ་ཞི་བར་གཤེགས་ཤིང་དེ་ཡི་ལོ་སྔ་མ་ལྕགས་སྟག་ལ་རྗེ་དུས་གསུམ་མཁྱེན་པ་འཁྲུངས་པ་ཡིན་ཞེས་དཔལ་མཁའ་སྤྱོད་དབང་པོའི་ཞལ་སྔ་ནས་གསུང་བ་ལོ་ཚིགས་སྔ་ཕྱི་འགྲིགས་ཤིང་དོན་ལ་ཤིན་ཏུ་གནས་པར་ཁུམ། འདི་ལ་ཚེ་རིང་མའི་ཞུས་ལེན་ཆུ་འབྲུག་ལ་བྱས་པ་མི་འགྲིགས་སམ་སྙམ་ན་སྤྱིར་ལོ་དེ་ཡི་ཁམས་ནོར་བའོ་ཞེས་དམ་པ་ཁ་ཅིག་གི་གསུང་བ་དོན་ལ་གནས་པ་དང་། དེར་ཡང་མ་ཟད་རྒྱ་ནག་ལྟར་ལོ་ཟླ་འབྱུང་ཁམས་མ་བུར་བསྒྲང་བ་ལ་བརྟེན་ཏེ་གསུང་བ་ཡང་སྲིད་པས་སླར་དཔྱད་པའི་གནས་སོ། །མེ་སྟག་ལ་འཁྲུངས་བར་འདོད་པ་ཡང་ས་འབྲུག་དང་ལོ་ཁྱད་ཆེར་མེད་པར་སྤྱིར་མི་འགལ་མོད། འོན་ཀྱང་རྣལ་འབྱོར་སྤྱིར་བཏང་མཐའ་དག་ཁམས་མི་མཐུན་ཡང་ལོ་འབྲུག་ཁོ་ནར་སྣང་བ་དང་། སྒམ་པོ་པས་མཇལ་ཚུལ་ལ་དཔག་པས་ཀྱང་འབྲུག་ཏུ་འཐད་དོ། །དེས་ན་རྗེ་མི་ལའི་འཁྲུངས་ལོ་རང་ཞབས་ཀྱི་གསུང་རྒྱུན་དཔལ་མཁའ་སྤྱོད་དབང་པོའི་བཞེད་པ་ལྟར་ཁས་བླང་པར་བྱ་སྟེ། དེ་ཡང་མི་ལ་འཁྲུངས་པའི་ཡུལ་ནི་སྟོད་མངའ་རིས་གུང་ཐང་ལ་ཤོད་རྩ་ཞེས་ཡིན་ལ་སྐུ་ཚེའི་སྟོད་དགུང་ལོ་སུམ་ཅུ་རྩ་བདུན་བར་རྡོ་རྗེ་གནུབ་ཆུང་། གཡུང་སྟོན་ཁྲོ་རྒྱལ། རོང་སྟོན་ལྷ་དགའ་རྣམས་བསྙེན་ནས་དྲག་སྔགས་ལ་ནུས་པ་ཐོན་པར་མཛད་ཅིང་འཇམ་དཔལ་གཤིན་རྗེ་གཤེད་དང་སྒྱུ་འཕྲུལ་དང་། ཁྱད་པར་རྫོགས་ཆེན་སེམས་ཕྱོགས་དང་གསང་སྟོན་སྐོར་ཅི་རིགས་པ་གསན་ཅིང་བཞུགས།

དེ་ཚེ་རོང་སྟོན་ལྷ་དགའ་ལུང་བསྟན་པ་ལ་བརྟེན་ཏེ་དགུང་ལོ་སུམ་ཅུ་རྩ་བརྒྱད་པའི་སྐབས་སུ་མར་པའི་ཞབས་སུ་ཐུག་སྟེ་སྒོ་གསུམ་གྱིས་བླ་མ་མཉེས་པར་བྱས། སྐབས་ཤིག་བླ་མའི་ཡུམ་གྱི་བཀས་གཞུང་དུ་རྔོག་སྟོན་རྩར་བྱོན་ནས་ལོ་ཕྱེད་གཉིས་ལྷག་ཙམ་ཞིག་གདམས་པ་གསན་ཏེ་བཞུགས། གཞན་རི་ཁྲོད་དུ་གཤེགས་ཀྱི་བར་ལུས་དང་གྲིབ་མ་ལྟར་ལོ་དྲུག་དང་ཟླ་བ་བརྒྱད་བསྟེན། དེ་ཡང་ལོ་སོ་བརྒྱད་ཀྱི་ངོ་ནས་ཞེ་བཞིའི་ངོ་ཡི་བར་རིལ་པོ་བཞི་ལྷག་སྤྱོ་བའི་ཚུལ་གྱིས་དང་། ཞེ་ལྔ་པ་ནས་ཞེ་བདུན་གྱི་ངོ་མཐོང་ལོ་གཉིས་གདམས་པས་སྤྲོ་བ་བསྐྱེད། དེ་རྗེས་སུ་བཟུང་ནས་སྨིན་གྲོལ་རྩལ་ང་དྲུག་ཏུ་གནས། དེ་ནས་བླ་མའི་བཀའ་བཞིན་བསྒྲུབ་པའི་དམ་བཅའ་དྲག་པོ་བཅས་གཅིག་པུར་རི་ཁྲོད་དུ་གཤེགས་ཏེ་ལོ་བདུན་དང་ངོ་མཐོང་བརྒྱད་ལོན་པ་རང་ལོ་ལྔ་བཅུ་རྩ་བཞི་ཤར་མ་ཐག་པར་མར་པ་གཤེགས། དེ་ཡི་ཕྱི་ལོ་ལྔ་བཅུ་རྩ་ལྔ་པར་སྒྲུབ་པའི་དམ་བཅའ་ལོ་དགུ་ཐིམས། དེ་ནས་ལ་ཕྱི་ཆུ་དབར་དང་ཏི་སེ་སོགས་གནས་མེད་དུ་བསྒྲུབ་པའི་རྒྱལ་མཚན་བཟུང་ནས་མི་དང་མི་མ་ཡིན་བསམ་གྱིས་མི་ཁྱབ་པ་སྨིན་གྲོལ་ལ་བཀོད་ནས་མཐར་དགུང་ལོ་བརྒྱད་ཅུ་རྩ་བཞི་ལྕགས་ཡོས་ལོར་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བཅས་སྐུ་གཤེགས་པའི་ཚུལ་བསྟན་ནོ། །

དེབ་གཏེར་མཁན་པོས་སྙན་བརྒྱུད་རྡོ་རྗེ་ཟམ་པའི་བླ་མ་མཛེངས། དྷརྨ་བྷོ་དྷི་ཆུ་འབྲུག་ལ་འཁྲུངས་བར་གསུང་བ། མི་ལའི་ཉེར་ལྔ་སྐབས་དང་། བ་རི་ལོ་ཙཱ་བ་ལྕགས་འབྲུག་ལ་འཁྲུངས་ཁུངས་གསལ་ཡོད་ན་མི་ལའི་བཅུ་གསུམ་སྐབས་དང་། གཞན་དགུང་མཉམ་ཙམ་བཞེད་པ་བ་རི་ཡང་ས་འབྲུག་ཏུ་འགྱུར་རོ། །བ་རི་བ་རྒྱ་དཀར་དུ་བྱོན་པའི་སྐབས་རྡོ་རྗེ་གདན་པ་སྔ་མ་པུཎེ་ཨ་ཀ་ར་གུཔྟ་ཡི་བསྟན་པ་སྐྱོང་བའི་དུས་སྐུ་ཚེའི་སྨད་ཡིན་ལ། བ་རི་བས་ཀྱང་དེ་ཡི་ཞབས་ལ་ཐུག་ཅིང་གྲུབ་ཐོབ་ཁྱུང་པོའི་རྩ་བའི་བླ་མ་ཡང་འདི་ཡིན། དུས་དེ་ཡི་པཎ་གྲུབ་ཨ་མོ་གྷ་བཛྲ་ཞེས་པ་བ་རི་བས་གདམས་པ་མང་དུ་གསན་པའམ་རྩ་བའི་བླ་མ་དེ་དང་རྡོ་རྗེ་གདན་པ་གཅིག་ཏུ་འཁྲུལ་བར་མི་བྱ་སྟེ་ཨ་མོ་གྷ་བཛྲ་ནི་བོད་དུ་ཕེབས་ཤིང་ད་རེས་སྐྱོ་འོད་འབྱུང་གིས་ཀྱང་རྩ་བའི་བླ་མར་བརྟེན་རས་ཆུང་ནས་ཀྱང་གདམས་པ་མང་དུ་གསན། སླར་རྒྱ་གར་དུ་ཕེབས་ནས་སྐུ་རིང་དུ་བཞུགས་ཤིང་སྐྱོ་པ་རྣམས་ཀྱི་མཐར་འཇའ་ལུས་སུ་གཤེགས་པར་ཡང་བཞེད། གྲྭ་པ་མངོན་ཤེས་ཆུ་བྱི་ལོ་པ་བདུན་ཅུ་རྩ་དགུ་ལྕགས་རྟ་ལོར་མྱ་ངན་ལས་འདས་པའི་ཕྱི་ལོ་ལྕགས་ལུག་གམ་ཆུ་སྤྲེལ་ལ་ལ་སྟོད་དམ་པ་དམར་པོ་གྲགས་པ་སྐུ་འཁྲུངས། ཁོང་རྒྱ་གར་དུ་ཕེབས་ནས་རྡོ་རྗེ་གདན་པ་དང་མཇལ་རྩ་བའི་བླ་མར་མཛད་དེ་ནི་རྡོ་རྗེ་གདན་པ་བར་པ་སྟེ་མཚན་ས་རི་པའམ་རཏྣ་ཨཱ་ཀ་ར་གུཔྟའམ་ཞབས་ལ་ཐུག་པར་མངོན། ཙ་མི་ལོ་ཙཱ་སངས་རྒྱས་གྲགས་རྒྱ་དཀར་དུ་ཕེབས་པའི་སྐབས་སུ་རྡོ་རྗེ་གདན་པ་ཕྱི་མ་ཨ་བྷ་ཡ་ཀ་ར་གུཔྟ་ཡི་གདུལ་བྱ་སྐྱོང་ནས་ཅུང་ཟད་ལོན་པའི་དུས་དང་། དཔལ་ཆེན་སྒ་ལོ་རྒྱ་དཀར་དུ་ཕེབས་སྐབས་ཁོང་གི་སྐུ་ཚེའང་སྨད་ལ་ཐུག་པར་མངོན། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་རྒྱ་དཀར་དུ་ཕེབས་སྐབས་རྡོ་རྗེ་གདན་པ་བཞི་པར་གྲགས་པ་ཙྭ་མི་ལོ་ཙཱ་སངས་རྒྱས་གྲགས་ཀྱི་ཞབས་ལ་ཐུག་པ་ཡིན་ཏེ་དེ་ཙམ་གྱིས་ཀྱང་རྡོ་རྗེ་གདན་པར་གྲགས་པ་བླ་མ་རབས་བཞི་དང་བོད་ཀྱི་བླ་མ་རྣམས་དུས་བསྒྲིགས་པ་ཚུལ་རྟོག་པར་བྱེད་པ་ཡིན་ནོ། །

རྗེ་བཙུན་མི་ལའི་སློབ་མ་རས་ཆུང་བ་ནི་མི་ལ་བསྒྲུབ་པ་ལ་གཤེགས་པའམ་བསྒྲུབ་པའི་དམ་བཅའ་ལོ་དགུ་མཛད་པའི་ཐོག་མ་ལ་འཁྲུངས་པ་ཡིན་ཞེས་གསུང་བས། དེས་ན་ཆུ་བྱིའམ་ཤིང་སྟག་ལ་སྐུ་བལྟམས་ལོ་བཅུ་གཅིག་སྐབས་མི་ལ་དང་མཇལ་བཅོ་ལྔ་པར་རྒྱ་གར་དུ་ཝ་ལ་ཙཎྜ་ལ་ཐུག་སྟེ་བསྙུན་ལས་གྲོལ་བླ་མ་མི་ལ་ཡི་བཀས་ཉེར་གཅིག་ལ་ཏི་ཕུ་པའི་དྲུང་དུ་སྙེགས། དགུང་ལོ་བདུན་ཅུ་རྩ་བརྒྱད་པར་སྐུ་ལུས་སྤངས་ནས་མཁའ་སྤྱོད་དུ་གཤེགས་པར་གྲགས། ཁ་ཅིག་ཤིང་ཁྱི་ལ་འཁྲུངས་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་དང་གྱ་བཞི་དང་གྱ་གཉིས་པར་བཞུགས་པར་འདོད་པ་ཡང་སྣང་ངོ་། །

དེ་ལྟར་མར་རྔོག་མི་ལ་དུས་ནམ་བྱོན་ངེས་པར་བྱས་ནས་ད་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱོན་པའི་རྒྱ་དཀར་གྱི་པཎྜི་ཏ་ཤིན་ཏུ་བཀའ་དྲིན་ཆེ་བ་ཚད་མེད་པའི་ཐུགས་རྗེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་མར་མེ་མཛད་དཔལ་ཡེ་ཤེས་ཞབས་ཀྱི་འཁྲུངས་ལོ་ནི། འཆིམས་སྟོན་ནམ་མཁའ་གྲགས་སོགས་ཀྱི་ལྕགས་རྟ་དང་། རྗེ་གཞོན་ནུ་དཔལ་བས་ཆུ་རྟ་དང་། གཞན་ཕལ་ཆེ་ཤིང་རྟ་དང་ཁ་ཅིག་གི་མེ་རྟར་བཞེད་པ་ཡོད་ཀྱང་། དུས་སྔ་ཕྱི་གོ་རིམ་ལ་ཞིབ་མོར་དཔྱད་པས་རྗེ་གཞོན་ནུ་དཔལ་བའི་བཞེད་པ་འདི་དོན་ལ་གནས་པར་ངེས་ཞེས་ཕྱིས་ཀྱི་མཁས་པ་ཕལ་ཆེར་ཞལ་འཆམ་ཞིང་འཐད་པར་ཡང་སྣང་བས་དེས་ཇོ་བོ་ཆུ་རྟ་ལ་འཁྲུངས། ཞེ་དགུ་ལྕགས་འབྲུག་ལོ་བར་རྒྱ་གར་དུ་བཞུགས། ལྕགས་འབྲུག་ལོ་འདིར་དཔལ་ནཱ་རོ་ཏཱ་པས་ཇོ་བོ་ལ་བསྟན་པ་གཏད་ནས་ཐུན་མོང་གི་གདུལ་བྱའི་ངོར་ཞི་བར་གཤེགས་པའི་ཚུལ་བསྟན་ནས་ནཱ་རོ་པའི་གདུང་ཞིག་ཀྱང་ཇོ་བོ་རྗེས་བསྣམས་པ་སྙེ་ཐང་མཆོད་སྡོང་དུ་བཞུགས་པར་ལོ་རྒྱུས་ཆེན་མོ་ལས་འབྱུང་ཞིང་དེང་སང་བཀའ་བརྒྱུད་ཀྱི་ལོ་རྒྱུས་མང་ཞིག་ཏུ་ནཱ་རོ་ཏཱ་པ་མེ་འབྲུག་ལ་བལྟམས་ཏེ་བརྒྱད་ཅུ་རྩ་ལྔ་མཁའ་སྤྱོད་དུ་གཤེགས་ཞེས་པ་ཚིག་འདི་ལ་བརྟེན་པ་མིན་ན་འགྲིག་པར་སྣང་ལ། ཡང་དམ་པ་ཁ་ཅིག་གི་ནཱ་རོ་ཏཱ་པ་གླང་གི་ལོ་པར་བཞེས་ཏེ་བརྒྱད་དུ་རྩ་བརྒྱད་ཀྱི་ངོ་མཐོང་ལ་གཤེགས་པར་རྟོགས་སོ། །

ཇོ་བོ་རྗེ་ནི་ལྔ་བཅུ་རྩ་དགུ་པ་ལྕགས་འབྲུག་ལོ་དེ་ཀའི་མཐར་རྒྱ་གར་ནས་བཏེགས་ཏེ་དྲུག་ཅུ་པ་ལྕགས་སྦྲུལ་ལོར་བལ་པོར་བཞུགས་ཏེ་རེ་གཅིག་ཆུ་ཕོ་རྟ་ལ་བོད་ཡུལ་མངའ་རིར་ཕེབས། དེར་ལོ་གསུམ་བཞུགས་པར་འདོད་པ་དང་། ལོ་གཅིག་བཞུགས་པར་འདོད་པ་ཡོད་ལ། དེབ་སྔོན་དང་ཆོས་འབྱུང་རིན་ཆེན་སྤུངས་པ་མཐུན་པར་ཆུ་རྟ་ལ་མང་ཡུལ་དུ་བཞུགས། ཆུ་ལུག་ལ་སུ་རོང་བུ་ཕེབས་ཤིང་སྤྲེལ་ལ་དེར་བཞུགས་བོད་དུ་ལོ་གསུམ་ལོན་པས་རྒྱ་གར་དུ་བྱོན་དགོངས་ནས་ཤིང་བྱ་ལ་མང་ཡུལ་དུ་ཕེབས་དེར་བལ་པོ་རྫོངས་སུ་དམག་འཁྲུག་གི་ལམ་འགག་པས་ལོ་གཅིག་བཞུགས། དེ་ནས་འབྲོམ་གྱི་ཐབས་མཁས་ཀྱི་དབུས་གཙང་དུ་བྱོན་པར་གསོལ་བ་བཏབ་ཅིང་མི་ཚན་རྣམས་བསྐུལ་ནས་ཇོ་བོ་བོད་དུ་སྤྱན་དྲངས། མེ་ཁྱི་ལ་གཙང་དུ་ཕེབས་ཞེས་འབྱུང་། དེ་ཡང་གཙང་དུ་ཕྲིན་ལས་ཧ་ཅང་མ་བྱུང་བས། གཙང་སྟོད་སྨད་དུ་བཤུལ་ལམ་ལ་ཟླ་བ་གསུམ། ཉན་མཚོ་གནས་སུ་ཟླ་བ་གཅིག་བཞུགས། དེར་ཨ་རོའི་སློབ་མ་ཟོང་དཀར་མཛོད་ཁུར་དང་མཇལ་བས་མཛོད་ཁུར་ལ་ཇོ་བོས་ཕྱག་མཛད་པར་གྲགས། ལོ་དེ་ཀར་གམ་བྱང་ཐང་ལ་ནས་ཐོན་ཏེ་དབུས་སུ་ཕེབས། དེས་ན་ཇོ་བོ་དབུས་སུ་ལོ་དགུ་བཞུགས་པར་མངོན། མཐར་དབུ་རུ་སྐྱིད་ཤོད་སྙེ་ཐང་ཤིང་རྟ་དབྱུ་གུ་ཟླ་བའི་ཚེས་ཉི་ཤུ་ལ་དགའ་ལྡན་དུ་གཤེགས་པར་གསུངས་སོ། །རྗེས་མཁའ་སྤྱོད་པའི་བཀའ་རྒྱུད་གསེར་ཕྲེང་མར་པའི་རྣམ་ཐར་དུ། མར་པ་བི་ཀྲ་མ་ཤཱི་ལར་ཕེབས་སྐབས་ཇོ་བོ་དགུང་ལོ་བཅུ་དགུ་པར་གསུང་ཡང་། ཇོ་བོ་དགུང་ལོ་ཉེར་དགུ་ཞེས་སྐབས་ཕལ་ཆེན་སྡེ་བའི་གནས་བརྟན་ཆེན་པོ་ཤཱི་ལ་ཀྵི་ར་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ཅེས། བཀའ་གདམས་ལོ་རྒྱུས་ལས་འབྱུང་ན་བཅུ་དགུ་ཡིག་ནོར་དང་དེ་སྐབས་སོ་དགུ་ཡིན་པར་མངོན། དེ་ལྟར་ཇོ་བོ་བོད་དུ་ཕེབས་པའི་ཆུ་རྟ་ལོ་འདི་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་ལྔ་བཅུ། ལྷོ་བྲག་མར་པའི་ཞེ་གསུམ། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་སོ་བརྒྱད། མདོ་སྔགས་རྙིང་མའི་གྲུབ་ཐོབ་ཆེན་པོ་ཟུར་ཆུང་བ་ཉེར་དགུ། རྣལ་འབྱོར་པ་ཨ་མེས་བྱང་ཆུབ་རིན་ཆེན་ཉེར་བརྒྱད། དགོནjཔ་བ་འཛེངས་བསྒོམ་དབང་ཕྱུག་རྒྱལ་མཚན་གྱི་ཉེར་བདུན། རྗེ་བཙུན་མི་ལ་ལོ་བཅོ་ལྔ་ལོནjཔའི་སྐབས་སོ། །

གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ཕལ་ཆེར་གྱི་ལྕགས་སྟག་ལ་འཁྲུངས་བར་གསུངས་བས་དེ་ཚེ་རྒྱ་གར་ལན་གསུམ་བྱོན་པའི་ཐོག་མ་དགུང་ལོ་ལྔ་བཅུ་བཞེས་སྐབས་བལ་པོ་ནས་རྒྱ་གར་གཤེགས་ཏེ་རྡོ་རྗེ་གདན་པ་དང་མཻ་ཏྲི་པ་སོགས་བརྟེན་ལོ་བཞི་བཞུགས་ནས་ཤིང་སྤྲེལ་ལ་པུ་རོང་དུ་ཇོ་བོ་རྗེ་དང་མཇལ་གདམས་པ་ཡང་དུས་དེར་གསན་པར་གསོལ་ལོ། །ལར་གྲུབ་ཐོབ་ཁྱུང་པོ་འདི་དགུང་ལོ་བརྒྱ་དང་ལྔ་བཅུའི་བར་དུ་བཞུགས་ཞེས་གསུང་བཞིན་དོན་ལ་གནས་པས་རྗེ་སྒམ་པོ་པའི་རེ་གཅིག་སྐབས་སུ་གཤེགས་པ་ཡིན། མར་པ་དང་ཇོ་བོ་ཉང་སྟོད་དུ་མཇལ་བར་ངེས་ཚེ་མེ་ཁྱིའི་ལོ་ཡིན་དགོས་ཡང་ལྷོ་རོང་ཆོས་འབྱུང་ལྟར་སྐྱིད་རོང་ལམ་བར་དུ་མཇལ་བར་འཐད་པས་དེས་ན་ཆུ་རྟ་ཡི་ལོ་འགོར་མངོན། དགེ་བཤེས་པུ་ཏོ་བ་ནི་དེབ་སྔོན་དུ་ལྕགས་ལུག་ལ་འཁྲུངས་གསུང་ཡང་ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་དུ་མེ་ཡོས་ལ་འཁྲུངས་པར་བཞེད་པས། དེ་ཚེ་མར་པས་ཉེར་བརྒྱད་རབ་བྱུང་དང་པོ་ཤར་བར་འཁྲུངས་ཤིང་། པུ་ཏོ་བ་སྐུ་གཤེགས་མ་ཐག་པའི་སྐྱེ་བ་རྗེ་དུས་གསུམ་མཁྱེན་པ་ཡིན་ཞེས་གསུང་ན་པུ་ཏོ་བའི་ཤིང་བྱ་ལ་གཤེགས་ནས་ལོ་ལྔ་འདས་ལྕགས་སྟག་ལ་འཁྲུངས་བར་སྣང་ལ། མར་པའི་ལོ་སོ་གསུམ་པ་ཤིང་ཁྱི་ལ་འཁོན་ས་སྐྱ་པ་དཀོན་མཆོག་རྒྱལ་པོ་དང་། དྲུག་ཅུ་ཐམ་པ་ལ་ས་ཕག་ལ་ལོ་ཙཱ་བ་ཆེན་པོ་བསྟན་པའི་མངའ་བདག་རྔོག་བློ་ལྡན་ཤེས་རབ་སྐུ་བལྟམས་ཤིང་། རེ་གཅིག་པ་ཆུ་སྟག་ལ་ཀོར་ནི་རཱུ་པ། དམ་པ་སོ་ཆུང་། མ་གཅིག་ཞ་མ་རྣམས་བལྟམས། དྲུག་ཅུ་རྩ་བདུན་མེ་སྟག་ལ་འབྲོག་མི་ཤཱཀྱ་ཡེ་ཤེས་གཤེགས། དོན་བཞི་ཆུ་གླང་ལ་འཁོན་མཆོག་རྒྱལ་པོས་དཔལ་ལྡན་ས་སྐྱ་བཏབ། བརྒྱད་ཅུ་ས་ལུག་ལ་མཉམ་མེད་དྭགས་པོ་ལྷ་རྗེ་འཁྲུངས་པ་ཤེས་པར་བྱའོ། །

རྗེ་མི་ལའི་སློབ་མ་མཆོག་མཉམ་མེད་དྭགས་ལྷ་རྗེ་ཞེས། ཇོ་བོའི་རིང་ལུགས་བཀའ་གདམས་པར་གྲགས་པའི་གདམས་པས་དགེ་སྦྱོར་རྐང་ཚུགས་རྗེ་མི་ལའི་མན་ངག་གི་ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་པ་གཟིགས་ནས་སྙིང་པོ་དོན་གྱི་བསྟན་པ་རྒྱས་པར་བྱེད་པ་པོ་གང་དེ་ནི་མཉལ་སྨད་དུ་ས་མོ་ལུག་གི་ལོ་ལ་སྐུ་བལྟམས། ཉི་ཤུ་རྩ་ལྔ་བར་ཁྱིམ་དུ་བཞུགས། ཉེར་དྲུག་པར་རབ་ཏུ་བྱུང་ནས་བཀའ་གདམས་ཀྱི་བླ་མ་མང་དུ་བརྟེན། སོ་གཅིག་སྐབས་རྗེ་མི་ལ་དང་མཇལ། སོ་གཉིས་སྐབས་དབུས་སུ་ལོག །སོ་གསུམ་པ་མི་ལ་མཁའ་སྤྱོད་དུ་གཤེགས། དེ་ནས་བཀའ་གདམས་ཁྲོད་དུ་ལོ་ཁ་ཤས་དང་། སེ་བ་ལུང་དུ་ལོ་དྲུག་བསྒྲུབ་པའི་ས་སྡེ་བཙུག་འོད་ཁ་དོག་ལུང་དུ་ལོ་གསུམ་བཞུགས་རྗེ་མི་ལས་ལོ་བཅུ་གཉིས་ན་རྟོགས་པ་བཤའ་མ་སྐྱེ་ཞེས་ལུང་བསྟན་ལྟར་དེར་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་བརྙེས། དེ་ནས་རི་ཁྲོད་ངེས་མེད་དུ་ལོ་ཤས་ཟླ་ཤས་དང་འོད་ཟེར་གུང་རྒྱལ་དུ་མང་ཙམ་བཞུགས། དགུང་ལོ་ལྔ་བཅུའི་ནང་ཁུལ་དུ་སྒམ་པོར་ཕེབས། སྐལ་ལྡན་མཆོག་གི་སློབ་མ་རྣམས་དེར་འདུས། མཐར་རང་ལོ་བདུན་ཅུ་རྩ་ལྔ་པ་ཆུ་བྱ་སྟོན་འབྲིང་གི་ཚེ་བཅོ་ལྔའི་སྔ་དྲོར་གཤེགས་པའི་ཚུལ་བསྟན། འདི་ཡི་འཁྲུངས་གཤེགས་ཀྱི་ལོ་ནི་ཐམས་ཅད་མཐུན་པས་འཆུག་པ་མེད་པ་ཉིད་དོ། །

ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དངོས་སློབ་མཆོག་ཐུན་མོང་གི་དངོས་གྲུབ་མཐའ་དག་བརྙེས་པ་རྗེ་བཙུན་དམ་པ་རྒྱ་དཀར་ནག་ཆུང་བོད་འདིར་གདུལ་བྱའི་དོན་དུ་ཡོངས་གྲགས་སུ་ལན་གསུམ་བྱོན་པའི་དང་པོ་ནི། ཇོ་བོ་རྗེ་གཤེགས་འཕྲལ་ཙམ་དུ་བྱོན་ཏེ་སྐབས་ལྕེ་དྭས་སྒང་བ་ལ་དུས་འཁོར་གསུང་ཟེར། བར་པར་རྨ་པོ་ཀམ་གསུམ་རྗེས་སུ་བཟུང་ནས་ཤིང་ཡོས་ལོར་རྒྱ་ནག་ཏུ་ཕེབས། དེར་ལོ་བཅུ་གཉིས་བཞུགས། དེ་ནས་རྒྱ་དཀར་དང་བལ་པོ་བརྒྱུད་བོད་དུ་བྱོན་ཞེས་དམ་པའི་རྣམ་ཐར་ལས་བྱུང་། དེབ་སྔོན་དུ་མེ་གླང་ལ་ཕེབས་ཉེར་གཅིག་མེ་བྱ་བར་བཞུགས་བཞེད་ཀྱང་། སོ་ཆུང་ཆུ་སྟག་ལོ་པ་བཅུ་གསུམ་ཤིང་སྟག་སྐབས་དམ་པས་རྗེས་སུ་བཟུང་བར་འདོད་ན་དེ་ནས་ལོ་བཅུ་གཉིས་པ་ཤིང་གླང་ཡིན་ལ། མེ་གླང་དང་མི་འགྲིག །དེས་ན་ཤིང་གླང་ལ་བོད་དུ་ཕེབས་པའམ། མཁས་པ་དམ་པ་དྷརྨཱ་ཤྲཱིའི་བསྟན་རྩིས་སུ་ལྕགས་ལུག་ལོར་དམ་པ་དིང་རིར་ཕེབས་ཞེས་གསུང་བ་འཛེངས་བསྒོམ་དྷརྨཱ་བྷོ་དྡེའི་རྣམ་ཐར་བབ་ལྟར་ན་འཐད་པར་ཡང་སྣང་། དེ་ཚེ་དམ་པ་དིང་རིར་ལོ་བཅུ་བཞི་བཞུགས་པར་མངོན། དམ་པ་ཤིང་བྱ་སྨིན་དྲུག་ཟླ་བའི་ཚེས་བཞིའི་ནམ་གུང་ལ་གཤེགས་ཞེས་གླང་འཁོར་རྒྱ་བསྒོམ་བདེ་ཆེན་གླིང་པས་གསུང་སྟེ་དེ་ནི་འཆུག་པ་མེད་པར་ཁུམ། ཤིང་བྱ་དེ་ནས་ལོ་དྲུག་འདས་པའི་ལྕགས་ཡོས་ལ་མི་ལ་གཤེགས་པ་ཡིན་ནོ། །དེ་ཡང་རྗེ་མར་པ་ལྕགས་བྱི་ལ་འཁྲུངས་ནས་ད་ལྟ་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་ཆུ་ཁྱི་ལོ་འདི་ཡི་སྟེང་དུ་སླེབས་པ་བློ་ངན་ལྕགས་བྱ་ཡན་འདས་པའི་ལོ་བདུན་བརྒྱ་བཞི་བཅུ་ཞེ་གཉིས་སོང་། དེ་བཞིན་རྗེ་བཙུན་མི་ལ་ས་འབྲུག་ལ་འཁྲུངས་ནས་ལོ་བདུན་བརྒྱ་དང་བཅུ་གཉིས་ཐམ་པ་འདས། ཇོ་བོ་རྗེ་བོད་དུ་ཆུ་རྟ་ལ་ཕེབས་ནས་ལོ་བདུན་བརྒྱ་ཐམ་པ། རྔོག་ལོ་ཆེན་པོ་ས་མོ་ཕག་ལ་བལྟམས་ནས་དྲུག་བརྒྱད་དང་གྱ་གསུམ། དྭགས་པོ་ལྷ་རྗེ་ས་ལུག་ལ་འཁྲུངས་ནས་ལོ་དྲུག་བརྒྱ་དང་དྲུག་ཅུ་རེ་གཉིས། དམ་པ་དིང་རིར་ལྕགས་ལུག་ལ་ཕེབས་ནས་དྲུག་བརྒྱ་དང་ལྔ་བཅུ་ང་གཅིག་ལོན་པ་ཤེས་པར་བྱའོ། །

དེ་ལྟར་མར་པ་མི་ལ་འཁྲུངས་གཤེགས་ཀྱི་ལོ་བཀའ་བརྒྱུད་བླ་རབས་གོང་མ་རྣམས་ཀྱི་སྙན་ནས་སྙན་དུ་གསུང་རྒྱུན་བར་མ་ཆད་བཞིན་རྒྱལ་སྲས་སེམས་དཔའ་ཆེན་པོ་རང་བྱུང་ཡབ་སྲས་ཀྱི་དགོངས་བཞེད་ཇི་བཞིན་དཔལ་མཁའ་སྤྱོད་དབང་པོས་བསྟན་དུས་རྗེས་དྲན་ཞེས་ས་བོན་ཙམ་ཞིག་སླར་ཞིབ་མོ་ཞིག་སྤྲོ་བར་བཞེད་པའི་དགོངས་པ་ལྷག་མ་ཅན་དེ་ཡོངས་སུ་བསྐང་བའི་སླད། གང་གི་བཞེད་པ་དེ་ཡང་མེ་སྟག་རམ་པ་དང་། མི་ལ་དྭགས་པོའི་ལོ་རྒྱུས་ཡིག་རྙིང་ཁུངས་ལྡན་མང་ཞིག་དང་མཐུན་ཤས་ཆེ་བར་མཐོང་བས་ཀྱང་ཡིད་ཆེས་ནས་འབད་པས་གསལ་བར་བྱས་པ་ཡིན་ལ། སྤྱིར་ནི་ཞི་བྱས་རི་པས་མི་ལ་ཡི་རྣམ་ཐར་ཡང་བརྒྱ་དང་ཉེར་བདུན་གཟིགས་གསུང་བ་ལྟར་མར་མིའི་བརྒྱུད་འཛིན་ཤིན་ཏུ་རྒྱ་ཆེ་བར་གྱུར་བཞིན། དེ་ཡི་རྣམ་པར་འཆད་ཙམ་བྱེད་པ་པོ་ཆེས་མང་བ་བྱུང་བ་ཡི་རྣམ་ཐར་སྔ་ཕྱི་གོང་འོག་ཚིག་སྒྲོས་མཐུན་མི་མཐུན་དོན་གཅིག་མི་གཅིག་འདྲ་མིན་སྣ་ཚོགས་དཔྱད་པར་དཀའ་བ་ཉིད་མཐོང་ལ། ཁ་ཅིག་ནི་གྲུབ་པའི་རྣལ་འབྱོར་གྱིས་དཔག་པར་དཀའ་བ་ཉིད་དུ་གྱུར་ཀྱང་། ཁ་ཅིག་ནི་ཕྱིས་བྱུང་གི་རང་བཟོས་བསྲེ་སླད་ཀྱང་ངེས་པ་རྙེད་པས།

དེས་ན་དུས་ཀྱི་གོ་རིམ་རྣམ་ཐར་གྱི་བབ་རང་བཟོ་མེད་པར་ཡིག་རྙིང་ཁུངས་ལྡན་མང་པོ་ལ་བརྟེན་རེ་འདིར་ཅུང་ཟད་ཞིག་ཡི་གེར་བགྱིས་པ་སྟེ་ཕྱོགས་མཚམས་ཀྱི་རྨོངས་པ་མ་ཡིན་པའི་དཔྱོད་ལྡན་བློ་གཟུ་བོར་གནས་པ་དག་སྨྲས་པ་འདི་ཡང་དོན་ལྡན་དུ་འགྱུར་རམ་སེམས་མོད། གཞན་ཡང་དུས་སྐབས་དེར་བསམ་གཏན་འཛིན་གྱི་སྐྱེས་བུ་ཤིན་ཏུ་གྲགས་ཆེ་ཞིང་ལོ་རྒྱུས་ལ་ཉེ་བར་མཁོ་བ་ཇོ་བོ་རྗེ་འབྲོམ་སྟོན་རྔོག་ལོ་རྣམས་ཀྱི་འཁྲུངས་གཤེགས་ཀྱི་ལོ་རྗེ་གཞོན་ནུ་དཔལ་བས་འཆུག་མེད་དུ་གཏན་ལ་ཕབ་ནས་དེབ་གཏེར་དུ་གསུང་བ་བཞིན་དང་། དམ་པ་རྒྱ་དཀར་གླང་འཁོར་ནས་དགའ་ལྡན་དུ་གཤེགས་པའི་ལོ་ཡང་གླང་འཁོར་གྱི་མཁས་པ་ཟུར་ཁང་པ་དང་འབུམ་རམས་པས་ཇི་ལྟར་གསུང་བཞིན་འཆུག་པ་མེད་པར་མཐོང་ནས་བྲིས་པ་ཡིན་ནོ། །བཀའ་བརྒྱུད་བླ་མ་དམ་པ་རྣམས་ཀྱི་རྣམ་ཐར་འཆད་པ་དང་བསྟན་རྩིས་སྐབས་སུ་ཉེར་བར་འཁོག་བའི་གཏམ་ཉུང་གསལ་འདི་ཀཿཐོག་ལྷོ་རྒྱུད་དུ་སྐྱེས་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུའི་གུ་རུའི་གནས་ཆེན་ལྗོན་པ་ལུང་དུ་རྔ་ཆེན་ཆུ་ཁྱི་ལོ་སྟོན་འབྲས་བུ་སྨིན་པའི་སྐབས་སུ་སྦྱར་བ་སྟེ། ཡང་གནས་དེར་ཚིག་སྣ་ཅུང་ཟད་བསྲིངས་ཤིང་། སླར་བསྲུང་བྱེད་མེ་སྟག་གི་ལོར་བོད་ཡུལ་དབུ་རུ་སྲོད་ལུང་མཚུར་གྱི་གནྡོ་ལར་དཔྱད་པ་དག་པར་བྱས་པའི་ཡི་གེ་པ་ནི་ཡེ་ཤེས་དཔལ་འབྱོར་གྱི་བགྱིས་པའོ། །དགེའོ། །མངྒ་ལཾ།


previousམར་མི་དྭགས་པོ་ཇོ་བོ་རྗེ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་དུ་དུས་ཀྱི་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ།next