Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
བུ་སྟོན་ཁ་ཆེས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས། རིག་པ་འཛིན་པ་ཚེ་དབང་ནོར་བུས་ཉེ་བར་བཏུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབུ་སྟོན་ཁ་ཆེས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས། རིག་པ་འཛིན་པ་ཚེ་དབང་ནོར་བུས་ཉེ་བར་བཏུས་པ།next

བུ་སྟོན་ཁ་ཆེས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས། རིག་པ་འཛིན་པ་ཚེ་དབང་ནོར་བུས་ཉེ་བར་བཏུས་པ།

༄༅། །བུ་སྟོན་ཁ་ཆེས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས། རིག་པ་འཛིན་པ་ཚེ་དབང་ནོར་བུས་ཉེ་བར་བཏུས་པ་བཞུགས་སོ། །

༈ ཨོཾ་སྭཱསྟི། རྒྱལ་བའི་བསྟན་པ་ལ་མཁས་པའི་ཁྱུ་མཆོག་བུ་སྟོན་རིན་ཆེན་གྲུབ་ཀྱི་ཞལ་སྔ་ནས་བོད་ཀྱི་རྒྱལ་རབས་ཇི་ལྟར་བཞེད་ནི་དེས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ལས་འབྱུང་བ། མདོར་བསྡུ་ན།

རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོའམ་གསལ་རྒྱལ་འཆར་བྱེད་གང་རིམ་ཞིག་གི་སྲས་མཚན་དང་ལྡན་པ་ཞིག་བོད་ཡུལ་ལྷ་རིའི་ཡོལ་བའི་ཁར་བྱུང་སྟེ་བཙན་ཐང་སྒོ་བཞིར་བྱོན་པ་བོད་ཀྱི་རྒྱལ་པོ་གཉན་ཁྲི་བཙན་པོར་གྱུར་ལ། དེ་ནས་རིམ་པར་གནམ་ལ་ཁྲི་བདུན་གྲགས་པ་བྱུང་ཞིང་། ཁྲི་བདུན་གྱི་ཐ་མ་སྲིབ་གྲི་བཙན་པོའི་སྐབས་གདོན་བོན་གཤེན་ཚ་མི་བོ་ཆེ་ཞེས་པ་བྱུང་། དེ་ནས་བར་གྱི་ལྟང་ཅིག་པ་ཡི་ལེགས་དྲུག དེ་ནས་ལྡེ་བརྒྱད་དང་བཙན་བཞི་སྟེ་དེ་རྣམས་ཀྱི་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉི་ཤུ་རྩ་དྲུག་སོང་བ་ལས་རྒྱལ་པོ་ཉི་ཤུའི་རང་ཆབ་སྲིད་བོན་གྱིས་སྐྱོང་བར་གྲགས་སོ། །དེའི་མཐར་གསང་བའི་བདག་པོས་བྱིན་གྱིས་བརླབ་པའི་རྒྱལ་པོ་ཐོ་ཐོ་རི་གཉན་བཙན་བྱོན། དེ་ཡི་དགོང་ལོ་དྲུག་ཅུ་བར་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པར་ནམ་མཁའ་ནས་ཟ་མ་ཏོག་བཀོད་པ་དང་སྤང་ཀོང་ཕྱག་རྒྱའི་གླེགས་བམ་གསེར་གྱི་མཆོད་རྟེན་རྣམས་བབས་པས་དམ་པའི་ཆོས་ཀྱི་དབུ་དེ་ནས་བརྙེས། དེ་ལ་རྒྱལ་པོས་གཉན་པོ་གསང་བར་བཏགས་ཤིང་མཆོད་པའི་བྱིན་རླབས་ཀྱིས་དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་རྒྱལ་རབས་བཞི་པ་གནམ་རི་སྲོང་བཙན་དང་དེ་ཡི་བཙུན་མོ་འབྲི་བཟའ་ཐོད་དཀར་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྐུ་དབུ་ལ་འོད་དཔག་མེད་པ་མངོན་སུམ་དུ་བཞུགས་པའི་རྒྱལ་བུ་གཅིག་མེ་མོ་གླང་གི་ལོ་ལ་འཁྲུངས་ཏེ་མཚན་ལ། ཁྲི་སྲོང་བཙན་བཏགས་དགུང་ལོ་བཅུ་གཉིས་སར་རྒྱལ་ཐབས་མཛད་དེ་མཐའ་ཡི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་པས་སྐྱེས་འབུལ་གྱི་འཕྲིན་ཡིག་བཀླགས། དེས་བོད་ལ་ཡི་གེ་དགོས་པར་གཟིགས་ཏེ་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བཏང་ནས་པཎྜི་ཏ་ལྷ་རིག་སེང་གེ་ལ་སྒྲ་བསླབ་སྟེ་བོད་ཀྱི་སྐད་དང་བསྟུན་པའི་དབྱངས་གསལ་སུམ་ཅུ་གཟུགས་ཁ་ཆེའི་ཡི་གེ་ལ་དཔེ་བླངས་ཏེ་ལྷ་སའི་སྐུ་མཁར་དམར་རུར་བཀོད་ཅིང་དེ་ཡི་ཆ་རྐྱེན་སྒྲ་ཡི་བསྟན་བཅོས་བརྒྱད་མཛད། དེར་རྒྱལ་པོས་ཀྱང་ལོ་བཞི་ཡི་བར་མཚམས་བཅད་དེ་སྒྲ་ལ་སྦྱངས་བའི་ཚུལ་མཛད་དེ་མདོ་ཟ་མ་ཏོག་དང་དཀོན་མཆོག་སྤྲིན་རྣམས་བོད་སྐད་དུ་བསྒྱུར། དེ་ཚེ་བོད་འབངས་རྣམས་ཀྱིས་རྒྱལ་པོ་ལ་གཤེ་བ་གསན་ནས་མི་དགེ་བ་ལས་ལྡོག་པའི་དགེ་བཅུའི་ཁྲིམས་བཅོས་པས་མཚན་ལ། སྲོང་བཙན་སྒམ་པོར་གྲགས།

དེ་ནས་རྒྱ་གར་ཤར་ཕྱོགས་ནས་ཙནྡན་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་སྤྲུལ་པས་སྤྱན་དྲངས་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་ཁབ་ཏུ་བཞེས་པས་དེས་ལྷ་མི་བསྐྱོད་རྡོ་རྗེ། བྱམས་པ། ཙན་དན་གྱི་སྒྲོལ་མ་རྣམས་སྤྱན་དྲངས། རྒྱ་ཡི་རྒྱལ་པོ་སེང་གེ་བཙན་པོ་ཞེས་ཐང་གི་རྒྱལ་རབས་གཉིས་པའི་སྲས་མོ་ཀོང་ཇོ་ཁབ་ཏུ་བཞེས་ཏེ་དེས་འཕྲུལ་སྣང་གི་ཇོ་བོ་གདན་དྲངས་སོ། །དེ་ནས་ཁྲི་བཙུན་གྱི་གཙུག་ལག་ཁང་བཞེངས་འདོད་ཀྱང་བཞེངས་སུ་མ་བཏུབ་པར་བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདི་གནས་དགོས་པར་གཟིགས་ནས་དཔུང་པ་གཡས་པ་ཀ་ཚལ། གཡོན་པ་ཁྲ་འབྲུག ཀོང་པ་གཡས་པ་གཙང་འབྲམ། གཡོན་པ་གྲཾ་པ་རྒྱང་སྟེ་གཙུག་ལག་ཁང་བཞི། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུ། གཡོན་ལ་ལྷོ་བྲག་ཁོ་མཐིང་། སྤུས་མོ་གཡས་ལ་ཀ་བྲག གཡོན་ལ་པྲ་བདུན་རྩེ་སྟེ་མཐའ་འདུལ་བཞི། ལག་མཐིལ་གཡས་ལ་བྱང་འཚལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་འདན་ཀློང་ཐང་སྒྲོན་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་ཡུལ་བུམ་ཐང་། སྤ་གྲོ་སྐྱེར་ཆུ་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེང་ནས་གདོད་འོ་ཐང་མཚོ་ལ་རྡོ་མཁར་རྩིགས། ཤིང་གིས་ཕུབ། ཀླུའི་འདམ་པས་ཞ་ལ་བྱས་ཏེ་ར་ལ་ས་བཀལ་ནས་བཏབ་སྟེ་ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས། བློ་འབུར་བྱང་མར་བཟོ་རྒྱུ་སྤུང་བ་ལ་རང་བྱོན་དུ་བྱུང་བའི་ངོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་གསུངས་སོ། །དེ་ནས་རྒྱལ་པོས་རྒྱ་ནག་རི་བོ་རྩེ་ལྔ། བྱོན་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་སོ། །རྒྱ་མོ་ཀོང་ཇོས་ར་མོ་ཆེའི་གཙུག་ལག་ཁང་བཞེངས། དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་མ་ར་དང་། བྲམ་ཟེ་ཤམ་ཀ་ར་དང་། བལ་པོ་སློབ་དཔོན་ཤཱི་ལ་མཉྫུ་དང་། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་དེ་ཚེ་དང་། ལོ་ཙཱ་བ་ཐོན་མོ་སཾ་བྷོ་ཊ་དང་། དེའི་མཆན་བུའི་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱི་ཆོས་ཅི་རིགས་བསྒྱུར་ཅིང་གཏན་ལ་ཕབ་བོ། །རྒྱལ་པོ་དེས་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང་ལིའི་བཙུན་པ་གཉིས་ཀྱི་ལོ་རྒྱུས་ཀྱང་ཡོད་དོ། །རྒྱལ་པོ་དེས་ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་བཟུང་སྟེ་བརྒྱད་ཅུ་རྩ་གཉིས་ལ་གཤེགས་སོ། །

དེ་དང་མཉམ་དུ་ཀོང་ཇོའི་ཞལ་ནས་ཤཱཀྱ་མུ་ནེ་ར་མོ་ཆེ་ནས་གདན་དྲོངས་ལ་འཕྲུལ་སྣང་གི་བློ་འབུར་དུ་སྦོས་སྒོ་ལ་ཞ་ལ་གྱིས་ལ་འཇམ་དབྱངས་བྲིས་ཤིག་གསུངས་ཏེ་ཁྲི་བཙུན་དང་མཉམ་དུ་གསུམ་ཀ་ཐུགས་རྗེ་ཆེན་པོ་ལ་ཐིམ་པའམ་འདས་སོ། །བློན་པོ་རྣམས་ཀྱིས་ཀྱང་ལྷ་གཉིས་བརྗེས་ཏེ་ཞལ་ཆེམས་ལྟར་བྱས་སོ། །རྒྱལ་པོ་དེའི་སྲས་མང་སྲོང་མང་བཙན། དེའི་སྲས་གུང་སྲོང་གུང་བཙན། དེའི་སྲས་འདུས་སྲོང་མང་པོ་རྗེ་དེའི་སྲས་རླུང་ནམ་འཕྲུལ་གྱི་རྒྱལ་པོ། དེ་ཡི་སྲས་ཁྲི་ལྡེ་བཙུག་བརྟན་ཏེ་དེ་ལྷ་ས་མཁར་བྲག་སོགས་བཙུག་ལག་ཁང་བརྒྱད་བཞེངས། བྲན་ཀ་མུ་ལ་ཀོ་ཎ། མྱག་ཛྙཱ་ན་ཀུ་མ་ལ་རས་མདོ་སྡེ་ལས་བརྒྱ་པ་དང་གསེར་འོད་དམ་པ་བསྒྱུར། རྩིས་དང་སྨན་དཔྱད་ཅི་རིགས་ཡང་དར་བར་བྱས། དེའི་སྲས་འཇང་ཚ་ལྷ་དབོན་ལ་རྒྱ་ཡི་རྒྱལ་པོའི་སྲས་མོ་གྱིམ་ཤང་ཀོང་ཇོ་བླང་བར་རྒྱལ་པོའི་སྲས་གཤེགས་པས་མེས་དང་ལྷག་ཏུ་འདུས་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་འཕྲུལ་ཁྲི་སྲོང་ལྡེ་བཙན་ས་ཕོ་རྟ་ལ་བལྟམས། དེ་ཆུང་ངུའི་དུས་སུ་རྒྱ་ཡི་ཡུལ་དུ་སང་ཤིང་སོགས་མི་བཞི་ཆོས་ཚོལ་བར་བཏང་བས་ཆོས་དང་ཧ་ཤང་གཅིག་བཅས་བོད་ཡུལ་དུ་སླེབས་ཀྱང་ཤུལ་དུ་རྒྱལ་པོ་གཤེགས་ཤིང་རྒྱལ་བུ་ནར་མ་སོན་པས་བོན་བློན་རྣམས་ཀྱིས་ཆོས་བྱེད་དུ་མི་སྟེར་བའི་ཁྲིམས་བུ་ཆུང་བཅས་པས་སང་ཤིའི་ཆོས་རྣམས་རེ་ཞིག་བྲག་ལ་སྦས། སླར་རྒྱལ་བུའི་ན་ཆུང་ཟད་སོན་ཏེ་རྒྱལ་སྲིད་མཛད་པའི་སྐབས་སང་ཤིའི་རྒྱལ་བུའི་སྙན་དུ་ཆོས་གསོལ་བར་དགྱེས། དེ་དང་མཐུན་པར་རྦ་གསལ་སྣང་མང་ཡུལ་གྱི་སོ་ཁར་ཡོད་པ་ཡང་འཁོར་ཏེ་རྒྱལ་པོ་ལ་ཆོས་བགྱིད་པར་གསོལ་བའི་འགོས་ཀྱི་བློ་གྲོས་ཀྱི་མ་ཞང་མཆད་དུ་ལོ་གསུམ་བཅུག་སྟེ་དེའི་རིང་གསལ་སྣང་ཨ་ཙཱརྱ་བོ་དྷེ་ས་ཏྭ་སྤྱན་འདྲེན་བཏང་ནས་མང་ཡུལ་དུ་ཕེབས་པ་ན་བློན་པོ་གསུམ་བསུ་བར་བརྫངས་ནས་རིམ་པས་བོད་དུ་བྱོན། ཕོ་བྲང་བྲག་དམར་དུ་རྒྱལ་པོ་མཇལ་འཕྲད་མཛད། ཕོ་བྲང་རླུང་འཚུབ་དུ་ཟླ་བ་བཞི་ཡི་བར་མཁན་པོས་ཆོས་བཤད་པས་བོད་ཀྱི་ནག་ཕྱོགས་ལྷ་འདྲེའི་ཆོ་འཕྲུལ་དང་བློན་པོ་བོན་ལ་དགའ་བ་རྣམས་ཀྱིས་ཆོས་བཤད་དུ་མ་སྟེར་བས་རེ་ཞིག་མཁན་པོ་བལ་ཡུལ་དུ་བསྐྱལ།

དེ་ནས་རི་ས་ཤིག་ལོན་པ་ན་གསལ་སྣང་རྒྱ་ཡི་ཡུལ་ཆོས་འཚོལ་བ་དང་། སང་ཤིང་མཁན་པོ་སྤྱན་དྲངས་བར་བརྫངས་ཤིང་། སླར་ཡང་གསལ་སྣང་རྒྱ་ནས་འཁོར་ཏེ་མཁན་པོ་སྤྱན་འདྲེན་ཆེད་དུ་བསྐྱར་དུ་བརྫངས་པས་མཁན་པོ་བོད་དུ་ཕེབས། བསམ་ཡས་ཀྱི་ས་འདུལ་མཛད་པས་ལ་ཉེ་རྟེན་འབྲེལ་ཤིན་ཏུ་ལེགས། འོན་ཀྱང་བོད་ཡུལ་གྱི་ལྷ་འདྲེ་གདུག་པ་ཆེ་བས་དེ་དག་ཇི་བཞིན་འདུལ་བར་མ་བཟོད་པས་ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་ཝ་སྤྱན་དྲོངས་ཤིག་པར་ལུང་བསྟན་རྒྱལ་པོས་དེ་སྤྱན་འདྲེན་པར་ཕོ་ཉ་བདུན་བཏང་ནས་སློབ་དཔོན་གྱིས་མཁྱེན་ཏེ། མང་ཡུལ་དུ་བྱོན་པ་དང་མཇལ་ནས་རིམ་པས་ལྷ་སྲིན་དམ་ལ་བཏགས་ཀྱིན་བསམ་ཡས་སུ་ཕེབས། སློབ་དཔོན་གྱི་ས་ཕྱོགས་སུ་མཁན་པོས་ས་བཅད་མཛད་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་མཛད་དེ་མེ་མོ་ཡོས་བུའི་ལོ་ལ་རྨང་བཏིང་སྔོན་དུ་ཨཱརྱ་པཱ་ལོ་བཞེངས། ས་མོ་ཡོས་ཀྱི་ལོ་ལ་ཚར་ཞེས་གསུང་ཀྱང་མཁས་མཆོག་བུ་ལྟ་བུ་ལ་འཁྲུལ་པ་རགས་པ་འདི་ལྟ་བུ་གང་ལ་མང་། དེ་ནི་ཡིག་མཁན་གྱི་ལོ་ཁམས་ནོར་བར་མངོན། བསམ་ཡས་ལ་པདྨ་སམ་བྷ་ཝ་དང་བོ་དྷེ་ས་ཏྭ་གཉིས་ཀས་རབ་ཏུ་གནས་པ་མཛད། ལོ་དེའི་ཕྱི་མ་སད་མི་བདུན་རབ་ཏུ་བྱུང་། དེ་ནས་སློབ་དཔོན་ཆེན་པོ་ཡི་མངོན་པར་ཤེས་པའི་མཐུ་དང་རྫུ་འཕྲུལ་གྱིས་བློན་པོ་རྣམས་གུ་དོག་པས་རྒྱལ་པོ་ལ་ནན་གྱིས་ཞུས་ཏེ་རྒྱ་གར་དུ་བརྫངས། གཞན་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ། བྷཱུདྡྷ་གུ་ཧྱ། ཤིནྟཾ་གཪྦྷ། བི་ཤཱུདྡྷ་སིངྷ། ཡོ་ག་མཁན་དྷརྨ་ཀིརྟི་སོགས་སྤྱན་དྲངས། སད་མི་བདུན་སོགས་ལོ་ཙཱ་རྣམས་ཀྱིས་ཆོས་རྒྱ་ཆེར་བསྒྱུར། འབྲུག་ལོ་ཕོ་བྲང་གདན་དཀར་དུ་བཞུགས་པའི་སྐབས་བོད་དུ་འགྱུར་བའི་ཆོས་རྣམས་དཀར་ཆག་གིས་གཏན་ལ་ཕབ།

དེ་ནས་མི་རིང་བར་མཁན་པོ་བོ་དྷེ་ས་ཏྭ་ཡང་ཞི་བར་གཤེགས། དཔལ་དབྱངས་སློབ་དཔོན་དུ་བསྐོས་ནས་སྦ་ཡེ་ཤེས་དབང་པོ་ལྷོ་བྲག་ཏུ་བསྒོམ་པར་གཤེགས། དེའི་འོག་ཏུ་ཧ་ཤང་དང་ཆོས་ཀྱི་རྩོད་པ་བྱུང་བར་མཁན་པོའི་སློབ་མ་ཀ་མ་ལ་ཤཱི་ལས་ཧ་ཤང་བཏུལ་ནས་རྒྱ་ནག་ཏུ་བརྫངས། ཡེ་ཤེས་དབང་པོ་ཁམས་ཀྱི་ཟས་སྤང་སྟེ་གཤེགས། མངའ་བདག་ཡང་དགུང་ལོ་དྲུག་ཅུ་རྩ་དགུ་པ་གཤེགས་པར་གསུངས་ཏེ་ས་རྟ་ལ་འཁྲུངས་གཤིས་མེ་སྟག་ལ་གཤེགས་པར་མངོན། དེ་ནས་སྲས་མུ་ནེ་བཙན་པོས་ཆུ་སྟག་ལ་རྒྱལ་སྲིད་བཟུང་། བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས། བོད་འབངས་ཀྱི་ལྟོག་ཕྱུག་ལན་གསུམ་སྙོམས། ཆབ་སྲིད་ལོ་གཅིག་དང་ཟླ་བདུན་གྱི་མཐར་ཡུམ་གྱིས་དུག་བཏང་ནས་གཤེགས། དེ་ནས་གཅུང་ཁྲི་ལྡེ་བཙན་པོ་ལོ་བཞི་པ་རྒྱལ་སྲིད་གཏད་པས་སད་ན་ལེགས་གྲགས། དེས་སྐར་ཆུང་རྒྱལ་སྡེའི་གཙུག་ལག་ཁང་བཞེངས། ཆོས་ཀྱི་སྲོལ་ཆེར་མཛད། དེ་ལ་སྲས་ལྔ། ཁྲི་རལ། གཙང་མ། ཁྲི་དར་མ། ལྷ་རྗེ་ལྷུན་གྲུབ། ཁྲི་ཆེན། དེ་ལས་བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྲུལ་པ་རལ་པ་ཅན་དགུང་ལོ་བཅོ་བརྒྱད་པར་ཆབ་སྲིད་བཟུང་། ཕོ་བྲང་འོ་འཇང་དོ་བཞེངས། རྒྱ་ལ་དམག་དྲངས་ཏེ་བཅོམ་ཞིང་སླར་རྒྱ་དང་དུམ་བྱས་ནས་ལྷ་སར་རྡོ་རིང་བཙུགས། དེ་ནས་དགུང་ལོ་སོ་དྲུག་པ་ལྕགས་མོ་བྱ་ལ་བློན་པོས་བཀྲོངས་ཏེ་རྒྱལ་སྲིད་ལ་གླང་དར་མ་བཞག དེ་ནར་སོན་པ་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཆེར་བྱས། དེ་ནས་རིངས་ཤིག་ན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་སྡིག་ཏོ་ཅན་དེ་ལྷ་སའི་རྡོ་རིང་གི་ཡི་གེ་ཀློགས་པར་ཡོད་པས་དེར་བསྒྲལ། རྒྱལ་པོ་དེ་ཡི་བཙུན་མོ་ཆུང་མ་ལ་སྲས་གཅིག་བྱུང་བ་མཚན་མོ་མར་མེའི་འོད་ཀྱིས་བསྲུང་བས་འོད་བསྲུང་དུ་གྲགས། ཆེན་མ་ལ་ཁྱེའུ་སྐྱེས་མ་ཐག་སོ་ཅན་ཞིག་བྱུང་བ་ཡུམ་བརྟན་གྲགས། གནམ་ལྡེ་འོད་བསྲུང་ལོ་དྲུག་ཅུ་རྩ་གསུམ་པར་གཤེགས་ཤིང་། དེ་ཡི་མ་སྲས་ཉིས་ཁྲི་བཀྲ་ཤིས་བརྩེགས་དང་། ཁྲི་ཉི་མ་མགོན་ཡིན་ལ། ཉི་མ་མགོན་མངའ་རིས་སུ་གཤེགས་ཏེ། དེ་ལ་སྲས་གསུམ། ཆེ་བ་རིག་པ་མགོན་མར་ཡུལ་གྱི་བདག་པོ་དང་། འབྲིང་བ་བཀྲ་ཤིས་མགོན་སྤུ་རོང་གི་བདག་པོ། ཆུང་བ་ལྡེ་གཙུག་མགོན་ཞང་ཞུང་གི་བདག་པོར་གྱུར།

ཆུང་བ་ལ་སྲས་དྲང་སྲོང་དང་འཁོར་ལོ་ལྡེ་གཉིས་སྟེ་མགྱོགས་མིང་དུ་སྲོང་ཁོ་རེར་གྲགས་སོང་ངེ་རབ་ཏུ་བྱུང་བ་ལ། མཚན་ཡེ་ཤེས་འོད་དེ། དེ་ཡི་ཁྱིའུ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་བཏང་བ་ལ་བཅོ་བརྒྱད་ཚད་པས་ཤི་ཞིང་གཉིས་བོད་དུ་ལོག་པ་ལ་ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་སྟེ་བསྟན་པ་ལ་ཤིན་ཏུ་ཕན་པར་བྱུང་། གཞན་ཡང་པཎྜི་ཏ་མང་དུ་སྤྱན་དྲངས་ཤིང་། མདོ་སྔགས་ཅི་རིགས་པ་བསྒྱུར། ཁྱད་པར་ཡོ་ག་དང་གསང་འདུས་རྩལ་དུ་བཏོན། པཎྜི་ཏ་སྨྲྀ་ཏི་ཡང་བལ་པོ་བརྒྱུད་བོད་ནས་མདོ་ཁམས་སུ་གཤེགས་པ་འདི་སྐབས་ཡིན་པར་སྣང་། གཅུང་ཁོ་རེའི་སྲས་ལྷ་ལྡེ། དེ་ལ་སྲས་གསུམ་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་སྟེ་བྱང་ཆུབ་འོད་ཀྱི་འབད་པས་ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པས་བཀའ་དྲིན་ཤིན་ཏུ་ཆེ། བསྟན་པ་ཕྱི་དར་མདོ་ཁམས་ནས་བྱུང་བ་ནི་སྔར་གླང་དར་གྱིས་བསྟན་པ་བསྣུབ་པའི་སྐབས་སུ་གཙང་གཡོ་རྨ་གསུམ་གྱིས་གླེགས་བམ་ཇི་སྙེད་པ་བསྣམས་ཏེ་ཁམས་སུ་བྲོས་ཏེ་བཞུགས་པ་ལ་མོས་པས་སྤྱོད་པའི་ས་པ་དམུ་ཟི་རབ་གསལ་ཞེས་རབ་ཏུ་བྱུང་བས་མཚན་དགེ་བ་རབ་གསལ་བཏགས། ཤེས་རབ་ཆེ་བས་ཕྱིས་བླ་ཆེན་པོ་དགོངས་པ་རབ་གསལ་དུ་གྲགས། རབ་ཏུ་བྱུང་བའི་ལོ་ཕྱི་མར་སྔར་གྱི་མཁན་སློབ་དང་རྒྱ་ནག་ཧ་ཤང་གིས་ཁ་བསྐང་བྱས་ཏེ་བསྙེན་པར་རྫོགས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པ་ན་དབུས་གཙང་གི་སྡེ་མི་བཅུ་མདོ་ཁམས་སུ་བྱོན་ནས་གཙང་པ་ལ་བསྙེན་པར་རྫོགས་པའི་བཀའ་དྲིན་ཞུས་པར་བླ་ཆེན་པོར་ཞུས་ཞིག་པ་བསྩལ་བས་ཁོང་རྣམས་བླ་ཆེན་པོ་ལ་དགེ་སློང་གི་དངོས་པོ་བསྒྲུབ། ཁོང་རྣམས་བོད་དུ་ཡོང་ནས་ཀླུ་མེས་སོགས་དབུས་མི་ལྔ་ཡི་དབུས་སུ་གནས་གཞི་ཐ་དད་རྩིགས་ཤིང་། ལ་སྟན་སོགས་གཙང་པ་ལྔ་ཡི་གཙང་དུ་གནས་གཞི་ཐ་དད་བཟུང་སྟེ་རྒྱལ་བ་ཤཱཀྱའི་བསྟན་པ་ལ་རྒྱས་པར་བྱས་སོ། །

འོན་ཀྱང་བླ་ཆེན་པོའི་མཁན་བརྒྱུད་དང་དབུས་གཙང་མི་བཅུའི་སྡོམ་པ་བླང་བའི་མཁན་པོ་ལོ་རྒྱུས་མི་མཐུན་པ་ཡོད་འདུག་ལ། དེ་ཡང་འདི་སྐད་ཅེས་འབྱུང་སྟེ་ཁ་ཅིག་ན་རེ་མཁན་པོ་བོ་དྷེ་ས་ཏྭའི་མཁན་བུ་རྦ་རཏྣ། དེས་ལྷ་ལུང་རྣལ་འབྱོར་དབྱངས། དེས་བླ་ཆེན་པོ་དགོངས་གསལ་དེས་ས་གོང་ཡེ་ཤེས་གཡུང་དྲུང་། དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེ་ལ་སོགས་པའོ་ཞེས་ཟེར་བ་དང་། བཀའ་ཆེམས་ཀྱི་ཡི་གེ་ཁ་ཅིག་ན་རེ། མཁན་པོ་བོ་དྷེ་ས་ཏྭའི་སློབ་མ་ད་ན་ཤི་ལ་དང་། ཛི་ན་མི་ཏྲས་བྱས་ནས་རྦ་རཏྣ་དེས་གཡོག་དགེ་འབྱུང་། དེས་བླ་ཆེན་དགོངས་པ་གསལ། དེས་སྒྲོལ་མཉྫུ་ཤྲཱི། དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེའི་ཀླུ་མེས་ཞེས་འབྱུང་བ་དང་། རིག་རལ་ན་རེ། བླ་ཆེན་པོའམ་མཁན་བུ་གྲུམ་ལ་དབུས་གཙང་གི་མི་བཅུའི་སྡོམ་པ་བླང་ཟེར་བ་རྣམས་བརྟག་དགོས་སོ། །ཡང་གཡོ་ལ་སོགས་པ་རྣམས་ཁ་ཅིག་ཛི་ན་མི་ཏྲའི་མཁན་བརྒྱུད་བླང་འདོད་ཁ་ཅིག་ཞི་བ་འཚོའི་མཁན་བརྒྱུད་དུ་འཆད་པས་བརྟག་པར་བྱའོ། །དེ་ལྟར་དབུས་གཙང་དུ་བསྟན་པ་མེད་པ་ལོ་བདུན་ཅུ་བྱུང་ནས་དབུས་གཙང་གི་མི་བཅུས་བསྟན་པ་བཙུགས་པ་ཡིན་ཏེ། མི་བཅུ་དབུས་སུ་བྱོན་ཙ་ན་རྒན་མོ་ཞིག་ན་རེ་ང་ལོ་དྲུག་ལོན་པ་ན་བཙུན་པ་མཐོང་ཟེར། ཅི་ཙམ་ལོན་བྲིས་པས་ལོ་བདུན་ཅུ་དོན་དྲུག་ལོན་ཟེར་བས་སོ་ཞེས་ཟེར་ལ། ཁ་ཅིག་ལོ་བརྒྱ་རྩ་བརྒྱད་སོང་ཟེར། ཞེས་བུ་སྟོན་ཆེན་པོའི་བསྟན་པ་ཕྱི་དར་ཆུ་བྱ་ལོ་ལ་འདོད་ཞེས་པའི་གཏན་ཚིགས་ཡང་གསུང་དེ་ཡིན་ནོ། །དེ་སྐད་བུ་སྟོན་ཁ་ཆེའི་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས་རིག་པ་འཛིན་པས་ཉེ་བར་བཏུས་པའོ། །སརྦ་མངྒ་ལཾ།


previousབུ་སྟོན་ཁ་ཆེས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས། རིག་པ་འཛིན་པ་ཚེ་དབང་ནོར་བུས་ཉེ་བར་བཏུས་པ།next