Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
དཔའ་བོ་གཙུག་ལག་འཕྲེང་བས་རབ་བརྒྱད་སྐབས་སུ་བསྒྲིགས་པའི་ཆོས་འབྱུང་མཁས་པ་དགའ་བྱེད་ལེའུ་ལྔ་པ་བོད་ཀྱི་རྒྱལ་རབས་བསྟན་པའི་སྐབས་ལས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔའ་བོ་གཙུག་ལག་འཕྲེང་བས་རབ་བརྒྱད་སྐབས་སུ་བསྒྲིགས་པའི་ཆོས་འབྱུང་མཁས་པ་དགའ་བྱེད་ལེའུ་ལྔ་པ་བོད་ཀྱི་རྒྱལ་རབས་བསྟན་པའི་སྐབས་ལས།next

དཔའ་བོ་གཙུག་ལག་འཕྲེང་བས་རབ་བརྒྱད་སྐབས་སུ་བསྒྲིགས་པའི་ཆོས་འབྱུང་མཁས་པ་དགའ་བྱེད་ལེའུ་ལྔ་པ་བོད་ཀྱི་རྒྱལ་རབས་བསྟན་པའི་སྐབས་ལས།

༈ དཔའ་བོ་གཙུག་ལག་འཕྲེང་བས་རབ་བརྒྱད་སྐབས་སུ་བསྒྲིགས་པའི་ཆོས་འབྱུང་མཁས་པ་དགའ་བྱེད་ལེའུ་ལྔ་པ་བོད་ཀྱི་རྒྱལ་རབས་བསྟན་པའི་སྐབས་ལས་འདི་སྐད་འབྱུང་སྟེ།

དེ་ལྟར་བོད་ཀྱི་གཉའ་ཁྲི་བཙན་པོ་ནས། ཐོག་མའི་གདུང་རབས་ཉི་ཤུ་རྩ་བདུན་ལ། །མི་ལོ་དྲུག་བརྒྱ་དང་ནི་དྲུག་ཅུ་སོང་། །དེ་ནས་ཐོ་ཐོ་རི་སོགས་གདུང་རབས་ལྔར། །ལོ་ནི་བརྒྱ་དང་ལྔ་བཅུ་ལོན་ནོ་ཞེས། །བཀའ་གཙིགས་ལ་སོགས་ཡིག་རྙིང་དུ་མར་བཤད། །དེ་ཚེ་བོད་ཡུལ་འགྲོ་རྣམས་སྨིན་གཟིགས་ནས། །སྤྲུལ་པའི་རྒྱལ་པོས་མཛད་པ་དངོས་སུ་སྟོན། །ཞེས་དང་། སྲོང་བཙན་སྒམ་པོ་མེ་གླང་ལ་འཁྲུངས་གྱ་གཉིས་པ་ཁྱི་སྨིན་དྲུག་ཟླ་བའི་ཚེས་བཅུར་གཤེགས། ས་ཁྱི་ལོ་དེར་དབོན་སྲས་མང་སྲོང་ཁྲིར་འཁོད། ལོ་བཅུ་ལྔ་རྒྱལ་སྲིད་བྱས་ཆུ་བྱིར་གཤེགས། མང་སྲོང་གཤེགས་ནས་ཞག་བདུན་ལོན་པ་ཆུ་བྱི་ལོར་འདུས་སྲོང་འཁྲུངས། ལོ་ཉེར་དགུ་ལྕགས་འབྲུག་བར་བཞུགས། སྲས་མེ་ཨག་ཚོམ་ལྕགས་འབྲུག་ལ་འཁྲུངས་ཡབ་ཀྱི་ང་གཅིག་ལྕགས་རྟར། ཁྲི་སྲོང་འཁྲུངས་སྲས་ཀྱི་བཅུ་གསུམ་ཆུ་རྟར་ཡབ་གཤེགས། ཁྲི་སྲོང་གི་ལོ་ཉེར་གཉིས་པ་ལྕགས་ཡོས་ལ་བསམ་ཡས་རྨང་བཏིང་སོ་བཞི་ཆུ་ཡོས་ལ་འབྱོང་། མེ་ལུག་ལོར་རབ་བྱུང་གི་སྡེ་བཙུགས་དགུང་ལོ་ང་ལྔ་ཤིང་བྱི་ལ་ཟུར་མཁར་དུ་གཤེགས། མུ་ནེ་བཙན་པོས་རྒྱལ་སྲིད་ལོ་གཅིག་ཟླ་བ་དགུ་མཛད། དེ་ནས་སད་ན་ལེགས་ཞེས་ཁྲི་ལྡེ་སྲོང་བཙན་ནམ་ལྡིང་ཁྲིར་བརྗོད་པ་དགུང་ལོ་ཉེར་གསུམ་མེ་སྟག་ལོར་རྒྱལ་པོར་གྱུར་ནས་སྐར་ཆུང་བཞེངས་ལྔ་བཅུ་རྩ་བཞི་མེ་བྱ་ལོར་སྒྲག་ཕུར་གཤེགས། དེ་སྲས་རལ་པ་ཅན་མེ་ཁྱི་ལ་འཁྲུངས་ལོ་བཅུ་གཉིས་པར་རྒྱལ་པོར་གྱུར་འུ་ཤང་རྡོ་བཞེངས། སོ་དྲུག་ལྕགས་བྱ་ལ་མལ་གྲོ་ཞམ་པའི་ཕོ་བྲང་དུ་གཤེགས། གླང་དར་རལ་པ་ལས་ལོ་གསུམ་གྱི་སྔ་བ་ཆུ་ལུག་ལ་སྐྱེས། སོ་དགུ་ལྕགས་བྱར་རྒྱལ་པོར་གྱུར་ནས་ཞེ་བཞི་མེ་སྟག་ལ་དཔལ་གྱིས་བསྒྲལ། སང་ཕོད་མེ་ཡོས་ལ་སྲས་འོད་སྲུངས་བཙས། སོ་དགུ་ཤིང་སྦྲུལ་ལ་གཤེགས། དེ་སྲས་དཔལ་འཁོར་བཙན་ཤིང་བྱ་ལ་འཁྲུངས། སོ་གཅིག་ལ་གྲོངས། དེ་སྲས་ཉི་མ་མགོན། བཀྲ་ཤིས་བརྩེགས། ཉི་མགོན་སྲས། རིག་མགོན། བཀྲས་མགོན། གཙུག་མགོན་གསུམ། གཙུག་མགོན་སྲས་སྲོང་ངེའམ་སྲོང་ལྡེ་ཁོ་རེ། སྲོང་ངེ་སྐུ་ཚེ་སྟོད་ཀྱི་སྲས་ནཱ་ག་རཱ་ཛ་དང་། དེ་ཝ་རཱ་ཛ། ཚེ་སྨད་རབ་ཏུ་བྱུང་བས་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། མཐོ་ལིང་དཔལ་གྱི་ལྷ་ཁང་བཞེངས། ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་བདག་རྐྱེན་མཛད་པས་བསྟན་པ་ལ་ཤིན་ཏུ་ཕན། པཎྜི་ཏ་དྷརྨ་པཱ་ལ་སོགས་ཀྱང་སྤྱན་དྲངས། གཅུང་ཁོ་རེ་ལ་སྲས་ལྷ་ལྡེ། དེ་སྲས་འོད་ལྡེ། ཞི་བ་འོད། བྱང་ཆུབ་འོད་གསུམ།

ཇོ་བོ་རྗེ་སྔར་ཡེ་ཤེས་འོད་ཀྱི་སྐབས་སུ་སྤྱན་མ་དྲངས་པ་བྱང་ཆུབ་འོད་ཀྱི་འབད་པས་སྤྱན་དྲངས་འདིས་བློན་པོ་ས་འོག་གི་གཏེར་མཐོང་བའི་མིག་ཅན་ཞིག་བྱུང་བས་ཇོ་བོ་སྤྱན་དྲངས་པའི་ཡོ་བྱད་ཕལ་ཆེར་ས་འོག་ནས་དེས་བླང་བར་བཤད་དོ། །འོད་ལྡེས་ཁ་ཆེ་པཎྜི་ཏ་ཛྙཱ་ན་ཤྲཱི་སྤྱན་དྲངས། འོད་ལྡེའི་སྲས་རྩེ་ལྡེས་པཎྜི་ཏ་ཞི་བ་བཟང་པོ་སོགས་སྤྱན་དྲངས་ཤིང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་དུ་བརྫངས་བ་སོགས་ཀྱིས་བསྟན་པ་རྒྱས་པའི་རྩིས་ཆེན་པོར་གྱུར། རྩེ་ལྡེའི་སྲས་འབར་ལྡེ་སོགས་རིམ་པར་བྱུང་བ་སོ་སོ་ནས་ཐུབ་པ་མཆོག་གི་བསྟན་པ་ལ་བྱ་བ་ཅི་རིགས་མཛད་དོ། །ཡང་མངའ་བདག་ཁྲི་ལྡེ་ཡུམ་བརྟན་ལས་རྒྱུད་པ་ནི། ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན་གཉེན། དེའི་སྲས་ལྡེ་རིག་པ་མགོན་དང་ཉི་མ་མགོན། ཉི་མགོན་གྱི་སྲས་ཉི་འོད་གསལ་མགོན། དེའི་རྒྱུད་ཀླུང་ཤོད། འཕན་ཡུལ་མདོ་སྟོད་ན་མང་ངོ་། །གཅེན་རིག་པ་མགོན་གྱི་སྲས་ལྡེ་པོ་རྡོ་རྗེ་འབར། ལྡེ་པོའི་སྲས་ལྷ་བུག་པ་ཅན་པ་ཐར་ལྷ་པྲག་པ་རྣམས་སོ། །རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཚ་ལ་ཡེ་ཤེས་རྒྱལ་མཚན། དེའི་སྲས་ཁྲི་པ་ཡབ་སྲས་འདི་གཉིས་ཀྱིས་བསམ་ཡས་ཀྱི་ཞབས་ཏོག་མཛད། དེའི་དབུས་གཙང་གི་མི་བཅུ་ཁམས་ནས་བྱོན་ནོ། །ཁྲི་པའི་སྲས་ཨ་ཙ་ར་དགེ་སློང་། བླ་མ་བོ་དྷེ་རཱ་ཛཱའོ། །དང་པོའི་བྷུད་ཕྲེང་པོ་བ། ལྕང་རྒྱབ་པ། བྲག་བ་ལམ་པ། གྲིབ་པ། སྙེ་ཐང་བ། ལུམ་པ་བཙན་པོ་སོགས་སོ། །དགེ་སློང་གི་རྒྱུད་སྤེལ་ཞི་བ། བོ་དྷེ་རཱ་ཛཱའི་རྒྱུད་ལྷ་བཙུན་སྔོན་མོ། སྨུག་རུམ་པ། ལྷ་འབྲི་སྒང་པ་སོགས་ཏེ། འོན་རྡོ་ཆབ་ཐང་། བསམ་ཡས་བཙད་པོ་སོགས་ཏེ་མང་དུ་འཕེལ་བ་ཡུམ་བརྟན་གྱི་རྒྱུད་དོ། །བསྟན་བཅོས་འཆད་པ་པོ་འདིས་ནི་ཡུམ་བརྟན་ཡང་གདུང་རྒྱུད་རྣམ་པར་དག་པ་བཞེད་དེ་ཅི་ཕྱིར་རྗེ་བཙན་པོ་ཁ་དགུ་ཕལ་ཆེར་ཡུམ་བརྟན་གྱི་རྒྱུད་ཡིན་པའི་ཕྱིར་དགོངས་སོ། །ཞེས་པ་ནི་མཁས་མཆོག་དཔའ་བོ་བཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པ་དགའ་བྱེད་ལས་ཇི་ལྟར་གསུང་བཞིན་བཏུས་པའོ། །སརྦ་མངྒ་ལཾ།


previousདཔའ་བོ་གཙུག་ལག་འཕྲེང་བས་རབ་བརྒྱད་སྐབས་སུ་བསྒྲིགས་པའི་ཆོས་འབྱུང་མཁས་པ་དགའ་བྱེད་ལེའུ་ལྔ་པ་བོད་ཀྱི་རྒྱལ་རབས་བསྟན་པའི་སྐབས་ལས།next