Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
དཔལ་ལྡན་ཤར་ཁའི་ཡིག་ཚང་དུ།
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ཤར་ཁའི་ཡིག་ཚང་དུ།next

དཔལ་ལྡན་ཤར་ཁའི་ཡིག་ཚང་དུ།

༈ ན་མོ་ལོ་ཀེ་ཤྭ་ར་ཡ། དཔལ་ལྡན་ཤར་ཁའི་ཡིག་ཚང་དུ།

བོད་ཀྱི་རྒྱལ་རབས་ལོ་རྒྱུས་འདི་ལྟར་འཆད་སྟེ། རྒྱ་གར་ཤཱཀྱའི་རིགས་ཤཱཀྱ་ཆེན་པོ་ཤཱཀྱ་རི་བྲག་པ་ཤཱཀྱ་ལི་ཙ་ཝི་གསུམ་ལས་རི་བྲག་པའི་རྒྱུད་འཕགས་རྒྱུལ་གྱི་ཡུལ་དུ་རྒྱལ་པོ་རྩིས་ཀྱི་མུ་ཁྱུད་བྱུང་ཞིང་དེའི་བུ་གཏུམ་བུ་རབ་སྣང་ཞེས་བདག་ཅག་གི་སྟོན་པ་བལྟམས་པ་དང་དུས་མཚུངས་པར་བཙས། དེ་ཡི་བུ་རྒྱལ་པོ་སྐྱབས་སེང་ཞེས་བྱ་བ་བྱུང་ཞིང་། དེ་ཡི་བུ་ལྔ་ལས་ལྔ་ཚིག་དེ་མིག་བྱ་ལྟར་མས་འགེབས་གཡུ་ཡི་སྨིན་མ་ཅན་དུང་སོ་འཁོར་མར་ཡོད་པ་སོར་མོ་དྲ་བས་འབྲལ་བ་ཞིག་བྱུང་བ་དེས་ལྟས་ངན་དུ་དོགས་ཏེ་ཟངས་ཀྱི་གའུ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་གངྒཱ་ལ་བསྐྱུར་བ་ཡུལ་ཡངས་པ་ཅན་དུ་ཞིང་པ་རྒན་རྒོན་གཉིས་ཀྱིས་བརྙེད་ནས་གསོས་པ་ནམ་ཞིག་ནར་སོན་པོའི་ཚེ་རང་གི་ཕ་མས་བོར་བའི་ཚུལ་རྒན་རྒོན་གྱི་ངག་ལས་ཐོས་ཏེ་ཡིད་སྐྱོ་ནས་བྱང་ཕྱོགས་གངས་རིའི་ནགས་སུ་བྲོས་པས་ལྷ་རི་གྱང་མཐའི་ཁར་བྱུང་དེ་ནས་རིམ་གྱིས་བོད་ཡུལ་དབུས་ཡུལ་ཡར་མེ་སྣ་བཞི་ཡར་ལྷ་ཤམ་པོ་མཐོང་བའི་ས་ལྷ་རི་གང་པོའི་རི་རྩེར་ཕེབས་ནས་བཙན་ཐང་སྒོ་བཞིར་བྱོན་ཤེས་རབ་ཅན་གྱི་མི་བཅུ་གཉིས་ཕྱུགས་རྫི་བྱེད་པ་དང་འཕྲད་པས་གང་ནས་ཡོང་དྲིས་པ་མཛུབ་མོ་ནམ་མཁར་སྦྲེངས་བས་འདི་ནམ་མཁའ་ནས་བྱུང་བར་འདུག་སྙམ་སྟེ་དེ་བཅུ་གཉིས་ཀྱི་ངེད་ཀྱི་རྗེ་བོ་བྱའོ་ཞེས་ཤིང་གི་ལྡིང་ཁྲིར་ལ་བཞུགས་སུ་གསོལ་ནས་གཉའ་བར་ཁུར་ཏེ་ནང་དུ་ཡོང་བས་གཉན་ཁྲི་རྩད་པོར་གྲགས་པ་ཕྱུགས་རྫི་དེ་རྣམས་ཀྱིས་ཕོ་བྲང་ཡམ་བུ་བླ་མཁར་བརྩིགས་ཏེ་ཕུལ། རྒྱལ་པོ་འདི་ཡར་ལུང་དུ་ཕེབས་པའི་ལོ་དེ་ཆུ་ཁྱི་ཡིན་ཟེར་དེ་ནས་རྒྱལ་རབས་ཁྲི་བདུན་རིམ་པར་བྱུང་བ་ཐ་མ་སྲིབ་ཁྲིའི་སྲས་བྲི་གུམ་བཙད་པོའི་རི་ཡལ་མུག་མེད་ཤིང་འཕྲོད་དང་སྲོག་ཟབ་པ་དེའི་སྐད་པ་གསུམ་བྱུང་བ་མཆོད་གནས་སུ་བཅོལ་བས་རྒྱལ་སྲིད་ཉམས། དེ་ཡི་སྲས་གསུམ་གྱི་བར་མ་པུ་ཏེ་གུང་རྒྱལ་ནི་རྒྱལ་སྲིད་བཟུང་། བློན་པོ་ཡར་ལྷ་ཤམ་པོའི་བུ་རུ་ལས་སྐྱེས་དང་དེ་ཡི་བུ་ལྷ་བུ་མགོ་དཀར་གྱིས་བྱས། རྒྱལ་པོ་དེ་ཡབ་སྲས་ལ་སྟོད་ཀྱི་སྟེང་གཉིས་ཟེར། པུ་ཏེའི་སྲས་རྒྱུད་རིམ་པར་ལེགས་དྲུག་དང་སྡེ་བརྒྱད་བྱུང་དེ་ཡན་ཆད་ཀྱི་རྒྱལ་པོའི་བཙུན་མོ་རྣམས་ལྷ་མོ་ཀླུ་མོ་ཡིན་པ་འཆི་བའི་མ་བྱུང་སྐད།

དེ་ནས་རྒྱལ་པོ་བཙན་ལྔ་བྱུང་བའི་མཐའ་མ་ལྷ་ཐོ་ཐོ་རི་གཉན་བཙན་མེ་ཡོས་ལ་འཁྲུངས་དེ་དུས་རྒྱལ་པོ་གཉའ་ཁྲི་བཙད་པོ་བྱོན་ནས་ལོ་དགུ་བརྒྱ་དང་དྲུག་ཅུ་རྩ་ལྔ་སོང་ཟེར། རྒྱལ་པོ་འདིའི་སྐུ་རིང་དུ་ནམ་མཁའ་ནས་ཟངས་ཀྱི་གའུ་ཡི་ནང་དུ་དཔང་ཀོང་ཕྱག་བརྒྱ་མདོ་ཟ་མ་ཏོག་བཀོད་པ་ཙིནྡྲ་མ་ཎིའི་གཟུངས་རྣམས་བྱོན་ཅིང་ད་སྟེ་གདུང་རབས་ལྔ་ནས་འདི་ཡི་དོན་ཤེས་པར་འགྱུར་རོ་ཞེས་པའི་སྒྲ་གྲགས། དེ་ལྟར་དམ་པ་ཆོས་ཀྱི་དབུ་བརྙེས་ཏེ་གླེགས་བམ་བབ་པའི་ལོ་ནི་ས་སྤྲེལ་ཡིན་ཟེར། གླེགས་བམ་ལ་གཉན་པོ་གསང་བར་མཚན་གསོལ་ཏེ་མཆོད་པས་བྱིན་རླབས་ཀྱི་རྒྱལ་པོ་ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་ཡི་སྲས་ཁྲི་གཉའ་བཟུང་བཙན། དེ་ཡི་སྲས་འགྲོང་གཉེན་ལྡེ་རུ་དང་དེ་སྲས་སྟག་རི་གཉན་གཟིགས་ཏེ་ཡབ་སྲས་དེ་གཉིས་ལ་བར་གྱི་སྟེང་ཟེར་སྟག་རི་གཉན་གཟིགས་ཀྱི་སྲས་ནི་གནམ་རི་སྲོང་བཙན་ཡིན། དེ་ཡི་སྲས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྐུ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། དེ་དུས་ཐོ་ཐོ་གཉན་བཙན་འཁྲུངས་ནས་ལོ་བརྒྱ་དང་དགུ་བཅུ་ཐམ་པ་སོང་ཟེར། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་དགུང་ལོ་བརྒྱད་ཅུ་རྩ་གཉིས། སྤྲུལ་པའི་སྐུ་དེ་ཡི་སྐུ་རིང་དུ་བོད་ཀྱི་ཡི་གེ་ཡང་ལེགས་པར་མཛད། རྒྱ་བལ་ནས་སྟོན་པའི་སྐུ་དང་དམ་པའི་ཆོས་ཇི་སྙེད་པ་སྤྱན་དྲངས། ལྷ་ལྡན་སོགས་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། ས་ཕོ་ཁྱི་ཡི་ལོ་ལ་བཅུ་གཅིག་ཞལ་གྱི་ཐུགས་ཀར་ལྷག་མེད་འོད་སྐུར་ཐིམ་མོ། །དེ་ཡི་སྲས་གུང་རི་གུང་བཙན་དགུང་ལོ་བཅོ་བརྒྱད་པ་ཡབ་ཀྱི་སྔོན་ལ་འདས། དབོན་སྲས་མང་སྲོང་མང་བཙན་དགུང་ལོ་བཅུ་གསུམ་པའི་སྐབས་མེས་གཤེགས་ཏེ་ལོ་བཅོ་ལྔའི་བར་དུ་རྒྱལ་སྲིད་བྱས་ཏེ་དགུང་ལོ་ཉེར་བདུན་བར་གཙང་གི་བར་སྣང་སྒང་དུ་གཤེགས་སྐད་སྟེ་དེ་ཤང་གི་ཕོ་བྲང་སྒང་ཡིན་ཟེར། དེ་ཡི་སྲས་རླུང་རྣམ་འཕྲུལ་གྱི་རྒྱལ་པོ་ཆུ་མོ་བྱ་ལོ་ལ་ཡབ་གཤེགས་ནས་ཞག་པོ་བདུན་ལོན་པའི་སྐབས་སུ་འཁྲུངས་ལོ་ཉི་ཤུ་རྩ་དགུ་རྒྱལ་སྲིད་བཟུང་། དེ་ཡི་སྐུ་རིང་དུ་ཇ་དང་དཀར་ཡོལ་ཀྱང་བྱུང་ཞིང་རྩལ་པོ་ཆེ་ཡི་མི་བདུན་ཀྱང་བྱུང་། འཇང་ཀྱང་དབང་དུ་འདུས་ཤིང་སྐུ་འཇང་ཡུལ་དུ་གཤེགས།

དེ་ཡི་སྲས་ཁྲི་ལྡེ་གཙུག་བརྟན་ལྕགས་འབྲུག་ལ་འཁྲུངས་ལོ་དེ་ལ་ཡབ་གཤེགས། གཙུག་ལག་ཁང་ལྔ་བཞེངས་དགུང་ལོ་དྲུག་ཅུ་རྩ་གསུམ་པར་ཡར་འབྲོག་སྦས་ཚལ་ན་མར་སྐུ་གཤེགས། དེ་ཡི་སྲས་ཁྲི་སྲོང་ལྡེ་བཙན་ལྕགས་ཕོ་རྟ་ལ་སྐུ་འཁྲུངས། དེ་དུས་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བརྒྱ་དང་བདུན་ཅུ་དོན་གསུམ་སོང་ཟེར། རྒྱ་གར་ནས་ཨ་ཙརྱ་བྷོ་དྷེ་ས་ཏྭ་དང་སློབ་དཔོན་པདྨ་སོགས་པཎྜི་ཏ་མང་དུ་སྤྱན་དྲངས་ཤིང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། གཞན་ཡང་པཎྜི་ཏ་མང་དུ་སྤྱན་དྲངས་ཤིང་རྒྱལ་བའི་བཀའ་མ་ལུས་པ་བོད་སྐད་དུ་བསྒྱུར་དགུང་ལོ་ལྔ་བཅུ་རྩ་ལྔ་པ་ཤིང་མོ་གླང་གི་ལོ་ལ་ཟུར་མཁར་དུ་གཤེགས། དེ་ལ་སྲས་བཞི་ཡོད་པའི་གཅེན་མུ་ཁྲི་བཙད་པོ་༼ཆུང་ངུ་ནས་གཤེགས་པས་བང་སོ་མེད་མུ་ནེ་བཙད་པོ་ཆུ་སྟག་ལ་འཁྲུངས། ལོ་གཉིས་དང་ཟླ་བ་དགུ་རྒྱལ་སྲིད་བཟུང་། དགུང་ལོ་ཉི་ཤུ་རྩ་དགུ་ལ་གཤེགས། དེའི་འོག་མ་མུ་ཏིག་བཙད་པོ་༽རྒྱལ་སར་འཁོད་པ་ལ་ཞང་གིས་མ་བཟོད་ནས་བཀྲོངས། བང་སོ་དོན་མཁར་མདར་བརྩིགས། གཅུང་ཁྲི་ལྡེ་སྲོང་བཙན་ཤིང་འབྲུག་ལ་འཁྲུངས་ལོ་བཞི་ལོན་པའི་སྐབས་གཅེན་འདས་པས་ཁོང་རྒྱལ་སྲིད་ལ་བཀོད་པའི་ཉམས་སད་པའི་ཕྱིར་ཁྲི་ཡི་སྟེང་དུ་བཞུགས་སུ་གསོལ་ནས་དབུ་ལ་ནོར་བུའི་གཙུག་རྒྱན་བཅིངས་པས་བརྗིད་མ་ཐེགས་ནས་འཇིང་པ་ཡོ་ཙམ་བྱུང་ན་ཡང་བཀྲ་ཤིས་པའི་རྟགས་མང་དུ་བྱུང་བས་སད་ན་ལེགས་འགྱིང་ཡོན་དུ་མཚན་གསོལ། རྒྱལ་སྲིད་ལོ་སུམ་ཅུ་རྩ་གཉིས་བཟུང་དགུང་ལོ་ལྔ་བཅུ་རྩ་བཞི་ལ་བསྒྲགས་ཕུར་འདས། དེ་ལ་སྲས་ལྔ། གཙང་མ། དར་མ། རལ་པ། ལྷུན་རྗེ་ལྷུན་གྲུབ་ལྔ་བྱུང་བ་ལས། ལྷུན་རྗེ་ལྷུན་གྲུབ་གཞོན་ནུ་ནས་གཤེགས། བར་པ་ཁྲི་རལ་པ་ཅན་ཁྲི་སྲོང་ལྡེ་བཙན་འཁྲུངས་ནས་ལོ་བདུན་ཅུ་དོན་དྲུག་སོང་མེ་བྱི་ལ་སྐུ་འཁྲུངས། ལོ་བཅུ་གཉིས་རྒྱལ་པོར་གྱུར་བཅོ་ལྔ་ལ་ཤར་རྡོ་ཡི་གཙུག་ལག་ཁང་སོགས་མང་དུ་བཞེངས། དེ་དུས་དར་མས་ཀྱང་འབྲི་ཡི་ལྷ་ཁང་བཞེངས་ཟེར་དགུང་ལོ་སོ་དྲུག་ལྕགས་བྱ་ལ་མང་གྲོལ་ཞམ་པའི་གཙུག་ལག་ཁང་དུ་བློན་པོས་རལ་གྲི་སྩལ་ནས་བཀྲོངས། དེ་ཡན་ཆད་རྒྱལ་སར་བཞུགས་པ་རྒྱལ་རབས་བཞི་བཅུ་ཞེ་གཉིས་ལོ་གྲངས་སྟོང་བཞི་བརྒྱ་བཞི་བཅུ་ཞེ་བཞི་སོང་ཟེར། གཅེན་དར་མ་ཆུ་ལུག་ལོ་པ་སོ་དགུ་ལོན་པའི་དུས་རྒྱལ་སྲིད་ཐོབ་ལོ་གཉིས་རྒྱལ་པོ་ཚུལ་བཞིན་བྱས་ཆུ་ཕག་ལོ་བཞུགས་ནས་ནག་ཕྱོགས་ཀྱི་གདོན་ཞུགས་པ་དང་སྡིག་བློན་རྣམས་ཀྱི་བློ་བསྒྱུར་ཞིང་སྔར་ནུ་བོ་རྒྱལ་སྲིད་ལ་བཀོད་པའི་སྙིང་གནད་བྱས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་བསྣུབ་ལོ་ཞེ་བཞི་མེ་སྟག་ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་ལྷ་ས་རྡོ་རིང་གི་རྩ་རུ་བསྒྲལ། སྡིག་རྒྱལ་དེ་ཡི་རྐྱེན་གྱི་ཆུ་མོ་ཕག་ནས་ལྕགས་ཕོ་རྟ་ཡི་བར་ལོ་དྲུག་ཅུ་རྩ་བརྒྱད་དབུས་གཙང་གི་འདུལ་བསྟན་ནུབ་པ་ཡིན་ཟེར། དར་མའི་སྲས་ཡུམ་བརྟན་འོད་བསྲུང་གཉིས་བྱུང་། འོད་བསྲུང་ཤིང་ལུག་ལོ་པ་སུམ་ཅུ་སོ་དགུ་ལ་ཡར་ལུང་འཕན་མདར་འདས། དེ་ཡི་སྲས་འཁོར་བཙན་ཤིང་ཕོ་བྱ་ལ་འཁྲུངས་གཙུག་ལག་ཁང་བརྒྱད་བཞེངས། བློན་པོ་གཙང་རྒན་ལ་ཕོ་འགྲོ་གཙུག་དགྲ་ལྷ་གདོང་གི་བྱས་དགུང་ལོ་སུམ་ཅུ་སོ་གསུམ་པའི་སྐབས། དེ་ཡི་སྲས་ཁྲི་ལྡེ་ཉི་མ་མགོན་དང་། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་ཀྱི་མ་མགོན་མངའ་རིར་བྱོན་ནས་རྒྱལ་སྲིད་བཟུང་བའི་སྲས་དཔལ་གྱི་མགོན་དང་ལྡེ་གཙུག་དང་བཀྲ་ཤིས་ཉི་མ་མགོན་སྟེ་སྟོད་ཀྱི་མགོན་གསུམ་དུ་གྲགས། བཀྲ་ཤིས་ཉི་མ་མགོན་གྱི་སྲས་འཁོར་རེ་དང་སྲོང་ངེ་གཉིས་འཁོར་རེའི་སྲས་ན་ག་ར་ཙ་དང་དེ་བ་ར་ཛ། གཉིས་ཡབ་སྲས་གསུམ་རབ་ཏུ་བྱུང་བས་ཡབ་ཀྱི་མཚན་ལྷ་བླ་མ་ཡེ་ཤེས་འོད་སྲས་གཉིས་ལ་ཞི་བ་འོད་བྱང་ཆུབ་འོད་ཟེར། གཅུང་སྲོང་ངེ་ལ་སྲས་གསུམ་ལྷ་ལྡེ་དང་། གནམ་ལ་འོད་ཅན། ཨུ་པ་དང་གསུམ་བྱུང་ཟེར། ལྷ་བླ་མ་ཡབ་སྲས་ཀྱི་ཇོ་བོ་རྗེ་བོད་དུ་དོ་གལ་གྱིས་སྤྱན་དྲངས་བས་བསྟན་པ་ལ་ཆེས་ཕན་པར་མཛད།

ཞེས་པ་ནི་གཙང་ཉང་སྟོད་རྒྱལ་མཁར་རྩེ་པ་མི་ཡི་དབང་པོ་སིརྟུ་རབ་བརྟན་ཀུན་བཟང་འཕགས་ཀྱིས་མཛད་པའི་རྒྱལ་རབས་དེབ་ཐེར་མཁས་པའི་དགའ་སྟོན་ལས་རིག་པ་འཛིན་པ་ཚེ་དབང་ནོར་བུས་བཏུས་པའོ། །སརྦ་མངྒ་ལཾ།


previousདཔལ་ལྡན་ཤར་ཁའི་ཡིག་ཚང་དུ།next