Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
དབུས་གཡོ་རུ་གྲ་ཕུག་གི་མཁས་དབང་ཕུག་པའི་སློབ་མ་བསམ་རྒྱལ་བས་གབ་ཚེ་ཡི་ལོ་རྒྱུས་ལུགས།
   
   
   
   
   
   
   
   
   
   
   
   


 
previousདབུས་གཡོ་རུ་གྲ་ཕུག་གི་མཁས་དབང་ཕུག་པའི་སློབ་མ་བསམ་རྒྱལ་བས་གབ་ཚེ་ཡི་ལོ་རྒྱུས་ལུགས།next

དབུས་གཡོ་རུ་གྲ་ཕུག་གི་མཁས་དབང་ཕུག་པའི་སློབ་མ་བསམ་རྒྱལ་བས་གབ་ཚེ་ཡི་ལོ་རྒྱུས་ལུགས།

༈ ཨོཾ་སྭཱསྟི། དབུས་གཡོ་རུ་གྲ་ཕུག་གི་མཁས་དབང་ཕུག་པའི་སློབ་མ་བསམ་རྒྱལ་བས་གབ་ཚེ་ཡི་ལོ་རྒྱུས་ལུགས།

སྔོན་གྱི་མཁས་པ་གཡུ་དབྱེར་སྟག་བཙན་དང་། ལོ་ཙཱ་ནམ་མཁའ་གཡུང་དྲུང་གི་རྗེས་སུ་འབྲངས་ནས་བོད་ཀྱི་རྒྱལ་པོའི་རབས་སྨྲ་བ་ན། རྒྱ་ནག་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་སྤྲུལ་པའི་བཀོད་པ་འཇམ་དཔལ་དབྱངས་ཀྱི་ཐུགས་ཀར་ཐིམ་ནས་ལོ་ཉིས་སྟོང་དྲུག་བརྒྱ་ལོན་པ་མེ་ཕག་གབ་ཚེ་དང་པོར་བོད་རྗེ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ། སྲོང་བཙན་སྒམ་པོ་འཁྲུངས། ལོ་དེ་ལ་རྒྱ་ནག་ནས་གཙུག་ལག་འཕྲུལ་རྩིས་བོད་དུ་བྱུང་བའི་དབུ་ཚུགས། དེ་ཡི་དགོང་ལོ་བཅུ་གསུམ་པ་ས་ཕག་གབ་ཚེ་དང་པོར་རྒྱ་བཟའ་ཀོང་ཇོ་འཁྲུངས། ལོ་དེ་ཡི་ཕྱི་མ་ལྕགས་བྱི་ལ་བལ་བཟའ་ཁྲི་བཙུན་འཁྲུངས། ཡབ་ཀྱི་ལྔ་བཅུ་རྩ་བཞི་པར་མོང་བཟའ་ཁྲི་ལྕམ་ལ་ལྕགས་འབྲུག་གབ་ཚེ་བར་མར་སྲས་གུང་སྲོང་གུང་བཙན་བལྟམས་དགུང་ལོ་བཅུ་གླང་ལོར་ཁྲི་དཀར་ཁབ་དུ་བཞེས། དེ་ལ་བཅོ་བརྒྱད་མེ་བྱ་ལོར་མང་སྲོང་བཙན་འཁྲུངས། བཅུ་དགུ་པ་ཁྱིར་གུང་སྲོང་བཙན་གཤེགས། སླར་ཡང་མེས་སྲོང་བཙན་གྱིས་བཅུ་གསུམ་པར་རྒྱལ་སྲིད་མཛད་དེ་བརྒྱད་ཅུ་རྩ་བཞི་བཞེས་པ་ལྕགས་ཁྱི་ལོར་སྐུ་ཡི་བཀོད་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ། དེ་ནས་སྲས་དབེན་མང་གིས་རྒྱལ་སྲིད་ལོ་ཉི་ཤུ་རྩ་བཞི་བཟུང་། དགུང་ལོ་ཉེར་དགུ་མེ་བྱི་ལ་གཤེགས་ཟེར་ཡང་དགུང་ལོ་ཉེར་དགུ་ལ་གཤེགས་པར་ངེས་ཚེ་རྒྱལ་སྲིད་ལོ་བཅུ་བཞི་དང་། གཤེགས་པའི་ལོ་ཤིང་གླང་ཡིན་པར་མངོན། དེ་སྲས་རླུང་ནམ་འཕྲུལ་རྒྱལ་སྲིད་ཅི་ཙམ་བཟུངས་ཀྱི་གསལ་ཁ་ནི་མ་བསྟན། དགུང་ལོ་ཉེར་བརྒྱད་པར། མཆིམས་བཟའ་བཙན་ཐོག་ལ་ཆུ་འབྲུག་གབ་ཚེ་བར་མར་ཁྲི་ལྡེ་གཙུག་བརྟན་འཁྲུངས་ལོ་དེ་ཡི་ཕྱི་མ་ལྕགས་སྦྲུལ་ལ་རླུང་ནམ་གཤེགས། ཁྲི་ལྡེ་གཙུག་བརྟན་གྱིས་རྒྱལ་སྲིད་ལོ་སུམ་ཅུ་ཐམ་པ་བཟུང་། རྒྱ་མོ་ཀོང་ཇོ་ཤིང་འབྲུག་ལ་ལོ་ཉེར་དྲུག་ལྕགས་སྟག་གབ་ཚེ་གསུམ་པར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས། ཁྲི་སྲོང་དགུང་ལོ་བཅུ་བདུན་ལོན་པ་ཡབ་ང་ལྔ་མེ་ཁྱི་ལ་གཤེགས་ཟེར། ཁྲི་སྲོང་གི་བཙུན་མོ་ཚེ་སྤོང་བཟའ་མེ་ལུག་ལོ་པ་ཉེར་བརྒྱད་ལོན་ཚེ་མུ་ནེ་བཙད་པོ་དང་པོ་གཅིག་ཆུ་གླང་ལ་མུ་རུག་བཙན་པོ་སོ་དགུ་ལྕགས་བྱར་མུ་ཐུང་བཙན་པོ་འཁྲུངས་ཟེར་ཡང་། ཚེ་སྤོང་བཟའ་མེ་ལུག་ལོ་པ་ནི་ཡི་གེ་མ་དག་པར་མངོན་ཏེ། སོ་གཅིག་ཆུ་གླང་དང་བསྒྲིག་ན་ཆུ་ལུག་ལོ་པར་འགྲིག འདི་སྐབས་བོད་དུ་རྒྱ་ནག་རྩིས་མཁན་མཁས་པ་བདུན་བྱུང་བར་གྲགས་ཏེ་དེ་དག་ནི། ཅོག་རོ་དཔལ་རྒྱལ་ལྷ་ལུང་དབྱིག །ཚེ་སྤང་ཡེ་གྲགས་སྣ་ནམ་ལྷ། །སྣ་ནམ་གྲགས་པ་ཤུད་བུ་བ། །གྲགས་པ་ལྷ་མཁྱེན་རྒྱའི་སྟོན་པ། །ཆོས་ཀྱི་རིན་ཆེན་རྣམ་བདུན་བྱུང་། །ཞེས་ཟེར། ཁྲི་སྲོང་ང་དྲུག་ཤིང་གླང་ལ་གཤེགས། མུ་རུག་བཙན་པོས་རྒྱལ་སྲིད་ཉེར་དྲུག་བཟུང་། འབྲོ་བཟའ་ཤིང་བྱི་ཉེར་གསུམ་ལོན་པ་མེ་ཁྱི་ལོར་མངའ་བདག་རལ་པ་ཅན་བལྟམས། ཉེར་དགུ་ལ་ཆུ་འབྲུག་ལོ་མཐར་དར་མ་ཨུ་དུམ་བཙན་སྐྱེས་ཟླ་གཉིས་ལོན་ཚེ་ཡབ་ཞེ་གཅིག་བཞེས་པ་གཤེགས་ཟེར་བས་ལོ་དེ་ཆུ་སྦྲུལ་ཡིན་པར་མངོན། དེ་ཚེ་འབྲོ་བཟའ་ཡང་སུམ་ཅུ་ལོན་པའི་སྐབས་སོ། །

ལུགས་འདིར་རལ་པ་ཅན་གྱིས་རྒྱལ་སྲིད་བཟུང་བའི་གསལ་ཁ་ཆད་ཀྱང་རིགས་པས་བརྟགས་ན་རྒྱལ་སྲིད་ལོ་ཉི་ཤུ་ལྷག་བཟུང་ནས་ལྕགས་བྱ་ལོར་གཤེགས་པར་མངོན། དར་མས་ཆབ་སྲིད་ལོ་ལྔ་བཟུང་སུམ་ཅུ་རྩ་བཞིར་འདས་ཟེར། དེ་ལྟ་ན་ཤིང་གླང་ལོར་གུམ་པར་མངོན། དར་མ་ཐེག་པའི་ཤིང་གླང་ལ་འོད་བསྲུང་དང་། ལོ་དེའི་ཕྱི་མ་མེ་སྟག་ལ་ཡུམ་བརྟན་འཁྲུངས། འོད་བསྲུངས་ཀྱིས་ཆབ་སྲིད་ལོ་སུམ་ཅུ་རྩ་གཅིག་བཟུང་། བཙུན་མོ་ཅོག་རོ་བཟའ་རྒྱལ་མོ་ལ་མངའ་བདག་དཔལ་འཁོར་བཙན་འཁྲུངས། དཔལ་འཁོར་བཙན་གྱིས་རྒྱལ་སྲིད་ལོ་བདུན་བཟུང་། དེ་ཡི་བཙུན་མོ་སྣ་ནམ་བཟའ་ས་ལུག་གབ་ཚེ་ཐ་མར་ཁྲི་ལྡེ་ཉི་མ་མགོན་འཁྲུངས། ལོ་དེར་མངའ་བདག་དཔལ་འཁོར་བཙན་གཤེགས། ས་ལུག་ལོ་འདིར་བརྩིས་པས་ཀོང་རྩེ་འཕྲུལ་རྒྱལ་གཤེགས་ནས་ལོ་ཉིས་སྟོང་དགུ་བརྒྱ་སུམ་ཅུ་ཐམ་པ་དང་། སྲོང་བཙན་སྒམ་པོ་སྐུ་གཤེགས་ནས་ལོ་ཉིས་བརྒྱ་ཞེ་བདུན་འདས་པར་འདོད། བོད་དུ་རྩིས་ཀྱི་གཙུག་ལག་བྱུང་ནས་ལོ་ཉིས་བརྒྱ་དགུ་བཅུ་རྩ་ལྔ་སོང་ཟེར་ཡང་། ཚུལ་འདི་ལ་༸མི་རྗེ་པཎྜི་ཏས་ན་རེ། དེ་སྐད་མཁས་དབང་ཕུག་པ་བའི། །སློབ་མ་བསམ་རྒྱལ་རྗེས་འབྲང་རྣམས། །མཚར་བའི་གཏམ་དུ་རབ་གླེང་མོད། །འོན་ཀྱང་ལོ་ཚིགས་མི་འགྲིག་སོགས། །འཁྲུལ་པའི་ཆ་ནི་འགའ་འདུག་ཀྱང་། །མ་དཔྱད་རེ་ཞིག་བཏང་སྙོམས་བཞག །ཞེས་གསུངས་པ་ལྟར་ཕྲལ་མོ་ཚིག་མི་འགྲིགས་པ་ཅི་རིགས་སྣང་ཡང་ཞིབ་ཏུ་དཔྱད་ནས་བསྟན་རྩིས་གཞན་དང་སྦྱར་ན་ལེགས་པར་བཤད་པའི་ཆ་ཅི་རིགས་འབྱུང་བའི་སྒོ་ཡང་སྣང་ངོ་། །ཞེས་ནག་རྩིའི་གབ་ཚེ་ཡི་ལོ་རྒྱས་ལས་བྱུང་བསྟན་བཅོས་ཆེན་པོ་བཻཌཱུརྱ་དཀར་པོར་དྲངས་པའི་དོན་ལ་གཞིགས་ནས་རྣལ་འབྱོར་ཨ་ཝ་དྷུ་ཏི་པས་བཀོད་པའོ། །མངྒ་ལཾ།

རྒྱལ་པོ་ཁྲི་སྲོང་བཙན་ཕོ་བྲང་བྱམས་པ་མི་འགྱུར་དུ་འཁྲུངས། ལོ་བཅུ་གསུམ་ལ་ཡབ་འདས་ནས། ཆབ་སྲིད་ལོ་དྲུག་ཅུ་བཟུང་། སྐུ་ཚེ་ལོ་བརྒྱད་ཅུ་གྱ་བཞི་བཞེས་པ་ན། དབུ་རུ་འཕན་ཡུལ་ཟལ་མོ་སྒང་དུ་དགུང་དུ་གཤེགས། ཁྱུང་པོ་ཡུ་ད་ཟུ་ཚེ་དང་། འགར་ཏང་ས་ཡུལ་བསྲུངས་ཀྱི་བློན་པོ་ཡིས། གུང་སྲོང་གུང་བཙན་ཡབ་མ་འདས་པར་ཆབ་སྲིད་ལོ་ལྔ་བཟུང་། མང་བློན་མང་བཙན་བལྟམས་པའི་ཚེ་བཙན་པོ་དགུང་ལོ་བཅུ་དགུ་ལ་གུང་དུ་གཤེགས། མང་བློན་མང་བཙན་མེས་དགུང་དུ་གཤེགས་པའི་ཁྱི་ལོ་ནས་ཆབ་སྲིད་ལོ་བཅུ་ལྔ་བཟུང་། བྱི་ལོའི་དགུན། དགུང་ཚང་བར་སྣང་ལ་ཉེར་བདུན་པ་ལ་དགུང་དུ་གཤེགས། མེས་ཀྱི་རིགས་ཚུན་ཆད། གྷར་ཏང་པ་ཡུལ་བསྲུངས་ཀྱི་བློན་པོ་གྱིས་སོ། །ཁྲི་ལྡེ་གཙུག་བརྟན་འབྲུག་ལོ་ལ་དཔྱིད་ལྡན་དཀར་དུ་བལྟམས། དགུན་ཡབ་དགུང་དུ་གཤེགས། ཆབ་སྲིད་ལོ་སུམ་ཅུ་བཟུང་། ཕག་ལོའི་དབྱར་ཡར་འབྲལ་སྦལ་བར། ལྔ་བཅུ་རྩ་ལྔ་ལ་དགུང་དུ་གཤེགས། ཁུ་མང་རྗེ་ལྷ་བཟུང་བློན་པོར་བསྐོས་པ་ལས་སྙན་ཕྲས་མ་ནོངས་པར་བསྐྱོན་ཕབ། བཙན་པོ་ཁྲི་སྲོང་ལྡེ་བཙན་རྟ་ལོ་ལ་བྲག་དམར་དུ་བལྟམས། དགུང་ལོ་བཅུ་གསུམ་པ་ལ་ཡབ་དགུང་དུ་གཤེགས། ཆབ་སྲིད་ལོ་སུམ་ཅུ་རྩ་གཉིས་བཟུང་། གླང་ལོ་ལ་ཟུང་དཀར་དུ་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ལ་གཤེགས། དབས་སྣང་བཞེད་ཟླ་བཙན་དང་། མགོས་ཁྲི་བཟང་ཡབ་ལྷག་དང་། ངན་ལམ་སྟ་ར་ཀླུ་གོང་དང་། འཕྱིམས་རྡོ་རྗེ་སྐྲ་ཆུང་རྣམས་ཀྱིས་བློན་པོ་བགྱིས་སོ། །སྲས་མུ་ཏི་བཙན་པོ་ཡབ་ཀྱི་སྔོན་ལ་དགུང་བཅོ་བརྒྱད་པ་ལ་གཤེགས། མུ་ནེ་བཙན་པོས་ཆབ་སྲིད་ལོ་བཅུ་བདུན་སྐྱོང་ཡུན་བུར་གཤེགས། གཅུང་ཁྲི་ལྡེ་སྲོང་བཙན། ཉེར་གསུམ་པ་ལ་ཡབ་འདས། ཆབ་སྲིད་ལོ་བཅོ་བརྒྱད་བསྐྱངས། བཞི་བཅུ་ལ་དཀར་ཆུང་དུ་འདས། ཉང་མང་རྗེས་གསལ་སྣང་གི་བློན་པོ་བགྱིས། ཁྲི་གཙུག་ལྡེ་བཙན་གྱི་ལོ་ལ་བྲག་དམར་དུ་བལྟམས་ལོ་བཅུ་གཉིས་ན་ཡབ་འདས། ཆབ་སྲིད་ལོ་ཉེར་གཅིག་བཟུང་། བྱ་ལོ་ལ་ལྷན་དཀར་དུ་སུམ་ཅུ་རྩ་དྲུག་པ་ལ་དགུང་དུ་གཤེགས། འབྲི་ཁྲི་གསུམ་རྗེས་བློན་པོ་བགྱིས་སོ། །ཤཱུ་བྷཾ། ཞེས་པའི་དེབ་ཐེར་འདི་གཙང་ལ་སྟོད་དིང་རི་གླང་འཁོར་གྱི་དཔེ་ཤིན་ཏུ་རྙིང་པ་ཞིག་ལས་བཤུས་པ་ཡིན་ཡང་མང་བཙན་དང་ཁྲི་ལྡེ་གཙུག་བརྟན་བར་ནས་རྒྱལ་པོ་རླུང་ནམ་ཆད་པ་དང་ལོ་ཚིགས་མི་འགྲིག་པ་ཡང་འདུག་རུང་དཔྱད་པའི་གནས་སུ་འདིར་བཀོད་པར་བྱས་སོ། །སརྦ་མངྒ་ལཾ། ༸ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་མེས་ཨག་ཚོམ་ཅན་གྱི་སྐབས་དག་ཏུ་རྒྱ་ནག་གི་རྒྱལ་པོའི་སྲས་མོ་ཀོང་ཇོ་དག་བཙུན་མོར་བླངས་བ་སྔ་མ་ཀུན་ཤེང་ཀོང་ཇོ་ཅང་༼འདི་སྔ་མ་རྣམས་ཀྱི་ལྕགས་གླང་ཡིན་ཟེར་ཡང་མེ་ཁྱི་ཡིན་པར་འཁུམས་༽ཀྭན་ལོ་ལ་བོད་དུ་ཕེབས་ཤིང་ཕྱི་མ་མ་ཤང་ཀོང་ཇོ་ཀོང་ལུང་༼འདི་ཁོ་བོས་ཤིང་འབྲུག་ཡིན་པར་སེམས་ཀྱང་ཀུན་མཁྱེན་སིདྷུའི་ལྕགས་འབྲུག་ཡིན་ཞེས་གསུངས་༽ལོར་བྱོན་པར་ལྷ་ལྡན་གྱི་རྡོ་རིང་ལ་བཀོད་པར་སྣང་བ་སླར་རྒྱ་ནག་སྐད་ཤེས་པས་དཔྱད་པར་བྱའོ། །སརྦ་མངྒ་ལཾ།


previousདབུས་གཡོ་རུ་གྲ་ཕུག་གི་མཁས་དབང་ཕུག་པའི་སློབ་མ་བསམ་རྒྱལ་བས་གབ་ཚེ་ཡི་ལོ་རྒྱུས་ལུགས།next