Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
༈ རྒྱ་ཡི་དེབ་ཐེར་ལས།
   
   
   
   
   
   
   
   
   
   
   


 
previous༈ རྒྱ་ཡི་དེབ་ཐེར་ལས།next

༈ རྒྱ་ཡི་དེབ་ཐེར་ལས།

ཨོཾ་སྭཱསྟི། འཕགས་པ་རྡོ་རྗེ་རྣོན་པོ་དང་པད་དཀར་འཆང་བ་ལ་ཕྱག་འཚལ་ལོ། །ཐང་ཤུ་ཧུ་ཐན་ཞེས་པའི་རྒྱ་ཡི་དེབ་ཐེར་ལས་འདི་སྐད་ཡོད་པར་གྲགས་ཏེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ་རེ་དྲུག་ལོན་པ་ན་རྒྱ་ནག་གི་རྒྱལ་པོ་ཐང་ཀའུ་ཛུང་ཞེས་པ་བྱུང་ས་ཕོ་སྟག་གི་ལོ་ལ་རྒྱལ་ས་བཟུང་ལོ་དགུར་རྒྱལ་སྲིད་བསྐྱང་ནས་བདུན་ཅུ་མེ་ཁྱི་ལ་འདས། དེ་བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་དང་དུས་མཉམ། དེ་ཡི་སྲས་ཐང་ཐའི་ཛུང་གི་སྐབས་ཤིང་ཕོ་རྟ་ལོ་ལ་བོད་ཀྱི་རྒྱལ་པོ་དང་སྐྱེས་བསྐུར་བའི་གྲོགས་བྱས་དེ་ནས་ལོ་བདུན་ལོན་པ་ལྕགས་མོ་གླང་ལ་ཀོང་ཇོ་བོད་རྗེའི་བཙུན་མོར་ཕེབས། ཐང་ཐའི་ཛུང་གི་ལོ་ཉེར་གསུམ་རྒྱལ་པོ་བྱས་ནས་ང་གཉིས་པ་ས་བྱ་ཟླ་བ་བཞི་པར་འདས་ཐའི་ཛུང་གི་བུ་དགུ་པ་ཆི་ཀོའུ་ཛུང་རྒྱལ་སར་ཐོན་ནས་ལོ་སུམ་ཅུ་སོ་བཞིར་སྲིད་བསྐྱང་ང་དྲུག་ཆུ་ལུག་ལ་འདས། དེ་རྒྱལ་སར་འཁོད་པའི་ལོ་ཕྱི་མ་ལྕགས་ཕོ་ཁྱི་ལ་བོད་རྗེ་སྲོང་བཙན་སྒམ་པོ་ཞི་བར་གཤེགས། དེ་ཡི་སྲས་གུང་སྲོང་ཡབ་བཞུགས་པའི་སྐབས་སུ་གཤེགས་ཤིང་མང་སྲོང་དགུང་ལོ་བཅུ་གསུམ་པ་ལོ་དེར་རྒྱལ་སར་བཏོན་ནས་ལོ་བཅོ་ལྔ་རྒྱལ་སྲིད་མཛད་པའི་བཀའ་བློན་ནི་མགར་གྱི་བྱས་པ་མེ་ཡོས་ལ་གཤེགས་ཟེར་ཀྱང་ལོ་ཁམས་མི་འགྲིག ལོ་བཅོ་ལྔ་དག་ཚེ་ཤིང་བྱི་ལ་གཤེགས་པར་མངོན། ལྕགས་ཕོ་རྟ་ལོ་ལ་རྒྱ་ནག་དམག་གི་ཕོ་བྲང་ཁྲི་རྩེ་དམར་པོ་བསྲེག དེར་བློན་པོ་མགར་གྱིས་དམག་འབུམ་ཕྲག་གཉིས་འཁྲིད་ནས་རྒྱ་ཡི་དམག་མི་རྣམས་ཕམ་པར་བྱས། མགར་ཡང་ལོ་དེར་གཤེགས། ས་མོ་ཡོས་ལ་འདུས་སྲང་རྒྱལ་སར་འཐོན། ལོ་དེའི་ཕྱི་མ་ལྕགས་འབྲུག་ལ་འོན་ཤིང་ཀོང་ཇོ་གཤེགས་སྐད། རྒྱ་ནག་རྒྱལ་པོ་ཆི་ཀོའུ་ཛུང་འདས་པའི་འོག་ཏུ་རྒྱལ་མོ་ཨུ་ཟིན་ཐེན་ཞེས་པས་ལོ་ཉེར་གཅིག་རྒྱལ་ས་བྱས་བརྒྱད་ཅུ་ཤིང་འབྲུག་ལ་འདས།

རྒྱལ་མོ་དེའི་སྐབས་སུ་བོད་དུ་འདུས་སྲང་གཤེགས་ནས་ཁྲི་ལྡེ་གཙུག་བརྟན་རྒྱལ་སར་འཁོད་པར་སྣང་། ཤིང་སྦྲུལ་ལ་རྒྱལ་མོ་རང་གི་བུ་ཛུང་ཛུང་རྒྱལ་སར་བསྐོས། བོད་ཀྱི་རྒྱལ་པོས་བུ་མོ་བླང་དུ་བྱུང་བས་རྒྱལ་བོའི་ནུ་བོ་ཝི་ཛུང་གི་བུ་མོ་ཀེང་ཤིང་ཀོང་ཇོ་བྱིན། ཛུང་ཛུང་རྒྱལ་ས་ལོ་དྲུག་བྱས་ནས་ལྔ་བཅུ་རྩ་ལྔ་ལྕགས་ཁྱི་ལ་འདས། གཅུང་ཝི་ཛུང་ཁྲིར་འཁོད་ནས་ལོ་གཉིས་ང་ལྔ་ཆུ་བྱི་ལ་འདས། ཆུ་གླང་ལ་ཝི་ཛུང་གི་བུ་གསུམ་པ་ཧན་ཛུང་ལོ་ཉེར་དགུ་པ་ཞིག་ཁྲི་ལ་བསྐོས་ནས་རྒྱལ་སར་ལོ་བཞི་བཅུ་ཞེ་གསུམ་བཞུགས་ནས་དོན་གསུམ་ལྕགས་བྱ་ལ་འདས། ཀེང་ཤིང་ཀོང་ཇོ་བོད་དུ་སོ་གཅིག་བཞུགས་ནས་ལྕགས་སྦྲུལ་ལ་འདས། འདི་ཡན་ལ་ཐང་གི་རྒྱལ་པོ་ཁམས་འཇགས་ནས་ལོ་བརྒྱ་དང་བཅུ་དྲུག་སོང་། ཤིང་ལུག་ལ་བོད་རྗེ་ཁྲི་ལྡེ་གཙུག་བརྟན་འདས་ནས་ཁྲི་སྲོང་ལྡེ་བཙན་རྒྱལ་སར་བསྐོས། ཧན་ཛུང་གི་འོག་ཏུ་དེའི་བུ་གསུམ་པ་ཛུང་ཛུང་མེ་སྤྲེལ་ལ་རྒྱལ་སར་ཐོན་ནས་ལོ་དྲུག་སྲིད་བྱས་ང་གཉིས་ཆུ་སྟག་ལ་འདས། རྒྱལ་པོ་འདི་སྲིད་སྐྱོང་སྐབས་བོད་ཀྱི་རྒྱལ་པོ་དང་མ་མཐུན་པས་བོད་དམག་རྒྱ་ལ་དྲངས་ཏེ་རྒྱ་ཡི་མཁར་ཉི་ཤུ་རྩ་བཞི་བོད་ཀྱིས་བདག་བྱས། ཛུ་ཛུང་གཤེགས་པའི་ཆུ་སྟག་ལ་དེ་ཡི་བུ་ཆེ་བ་མཐའི་ཛུང་རྒྱལ་སར་བཏོན། ལོ་ཕྱི་མར་བོད་དམག་གིས་རྒྱ་ཡི་ཡུལ་མཐའ་དག་བླངས། སླར་ཡང་ཐའི་ཛུང་རང་གི་བླང་ནས་རྒྱལ་སར་ལོ་བཅུ་བདུན་བྱས་ལྔ་བཅུ་པ་ལུག་ལ་གཤེགས། ལོ་དེའི་ཕྱི་མ་ལྕགས་སྤྲེལ་ལ་ཐའི་ཛུང་གི་བུ་ཆེ་བ་དེང་ཛུང་རྒྱལ་སར་བསྐོས་ལོ་དེ་ལ་བོད་རྗེ་ཁྲི་སྲོང་ལྡེ་བཙན་གཤེགས། སྲས་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བསྐོས་ལོ་བཅུ་བདུན་རྒྱལ་ས་བཟུང་ནས་མེ་གླང་ལ་གཤེགས། ལོ་དེར་ཇུ་ཚེ་བཙད་པོ་རྒྱལ་སར་བསྐོས་ཏེ་ལོ་བརྒྱད་ཤིང་སྤྲེལ་ལ་འདས་འདི་ས་སྐྱ་བླ་མ་དམ་པའི་རྒྱལ་རབས་སུ་མུ་མེའི་འོག་ཏུ་ཁྲི་སྲོང་གི་སྲས་བཞི་པ་ལྡིང་ཁྲིས་རྒྱལ་ས་བྱས། དེ་ཡི་སྲས་སད་ན་ལེགས་ཡིན་གསུང་པ་དང་དོན་མཐུན་པར་བཞེད།

གང་ལྟར་ཤིང་སྤྲེལ་ལ་བོད་རྗེ་ཁྲི་ལྡེ་སྲོང་བཙན་བསྐོས། དིང་ཛུང་གི་རྒྱལ་ས་ལོ་ཉེར་ལྔ་བྱས་ནས་རེ་བཞི་ཤིང་བྱ་ལ་གཤེགས། ལོ་དེ་ལ་དེང་ཛུང་གི་བུ་ཆེ་བ་ཤྲུན་ཛུང་བསྐོས་ལོ་གཅིག་རྒྱལ་སྲིད་བྱས་ཏེ་བཞི་བཅུ་རྩ་དྲུག་ལ་འདས། མེ་ཁྱི་ལ་ཤྲུན་ཛུང་གི་བུ་ཆེ་བ་ཧུན་ཛུང་བསྐོས་ཏེ་ལོ་གསུམ་རྒྱལ་སྲིད་བྱས་ནས་ས་བྱི་ལ་འདས། ས་གླང་ལ་ཧན་ཛུང་གི་བུ་མུ་ཛུང་བསྐོས། དེ་སྐབས་ཤེད་དུ་བོད་ཀྱི་རྒྱལ་པོ་འདས་ནས་ཁ་ལི་ཁ་ཆུ་བསྐོས་རྒྱ་ནག་དང་བོད་མཐུན་པར་མནའ་ཆད་བྱས་སྐད་མུ་ཛུང་གི་རྒྱལ་ས་ལོ་དྲུག་བྱས་མེ་སྟག་ལ་གཤེགས། མེ་ལུག་ལ་མེ་ཛུང་གི་བུ་གཉིས་པ་འུན་ཛུང་རྒྱལ་སར་བསྐོས་མེ་འབྲུག་ལ་བོད་ཀྱི་རྒྱལ་པོ་འདས་ནས་དེའི་གཅུང་པོ་ཐ་མུ་ཞེས་པ་བསྐོས་དེའི་རིང་དུ་བོད་ཀྱི་རྒྱལ་ཁམས་འཁྲུག མེ་འབྲུག་ནས་ལོ་གསུམ་ལོན་པའི་ས་ལུག་ཡན་ཐང་གི་རྒྱལ་སྲིད་བཟུང་ནས་ཉིས་བརྒྱ་དང་བརྒྱད་སོང་སྐད། རྒྱ་ནག་ཏུ་མུ་ཛུང་གི་འོག་ཏུ་ཐང་གི་རྒྱལ་རབས་དྲུག་ཙམ་བྱུང་ཞིང་། དེ་ལྟར་ཐང་གི་རྒྱལ་རབས་ལོ་གཉིས་བརྒྱ་དང་གྱ་བརྒྱད་བར་ས་ཡི་བདག་བྱས་ཞེས་གྲགས་སོ། །འདིར་ལོ་ཚིགས་ཁམས་དང་མི་འགྲིག་པ་འགའ་ཞིག་སྣང་རུང་དཔྱད་པ་མེད་པར་མང་དུ་ཐོས་པས་ཐང་ཤྲུ་ཧུ་ཐན་གྱི་ཡིག་ཚང་ནས་དྲངས་པ་ལས་བོད་ཀྱི་རྒྱལ་རབས་ཀྱི་ཆེད་དུ་རིག་པ་འཛིན་པས་མཐུན་པར་གཅིག་ཏུ་བཏུས་པའི་ཅི་རིགས་སོ། །སརྦ་མངྒ་ལཾ།


previous༈ རྒྱ་ཡི་དེབ་ཐེར་ལས།next