Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བསྟན་པ་ཕྱི་དར་གྱི་སྐབས་ས་སྟག་ནས་བརྩམས་ད་ལྟའི་བར་གྱི་རྒྱལ་བའི་རིང་ལུགས་པ་ཆེན་པོ་སྐྱེས་བུ་དམ་པ་གྲགས་ཆེ་བ་ཁ་ཤས་ཀྱི་འཁྲུངས་ལོ།
   
   
   
   
   
   
   
   
   


 
previousབསྟན་པ་ཕྱི་དར་གྱི་སྐབས་ས་སྟག་ནས་བརྩམས་ད་ལྟའི་བར་གྱི་རྒྱལ་བའི་རིང་ལུགས་པ་ཆེན་པོ་སྐྱེས་བུ་དམ་པ་གྲགས་ཆེ་བ་ཁ་ཤས་ཀྱི་འཁྲུངས་ལོ།next

བསྟན་པ་ཕྱི་དར་གྱི་སྐབས་ས་སྟག་ནས་བརྩམས་ད་ལྟའི་བར་གྱི་རྒྱལ་བའི་རིང་ལུགས་པ་ཆེན་པོ་སྐྱེས་བུ་དམ་པ་གྲགས་ཆེ་བ་ཁ་ཤས་ཀྱི་འཁྲུངས་ལོ།

ཨ་ཐ། གཞན་ཡང་འདི་སྐད་ཅེས་བྱ་སྟེ། ཕྱི་དར་གྱི་ས་སྟག་དེ་ནས་ལོ་ལྔ་བཅུའི་མེ་ཡོས་ནི་སྐར་རྩིས་མཁན་གྱི་རྩིས་ལ་བསྲེ་བའི་རབ་བྱུང་དང་པོ་ཡིན་ལ། ཤངས་པ་བཀའ་རྒྱུད་ཀྱི་འབྱུང་ཁུངས་ཁྱུང་པོ་རྣལ་འབྱོར་ཞེས་གྲུབ་པའི་དབང་ཕྱུག་ཆེན་པོ་སྟེ་ས་སྟག་ལ་འཁྲུངས་ཞེས་ཁ་ཅིག་གི་གསུང་ན་དེའི་ཚེ་བསྟན་པ་ཕྱི་དར་གྱི་ས་སྟག་ཏུ་ངེས་ལ། གལ་ཏེ་ལྕགས་སྟག་ལ་འཁྲུངས་པར་བཞེད་ཚེ། བསྟན་པ་ཕྱི་དར་གྱི་ལོ་ནས་བཅུ་གཉིས་འདས་པའི་ལྕགས་སྟག་ཏུ་མངོན་ནོ། །ཕྱི་དར་གྱི་ས་སྟག་དེ་ནས་དྲུག་ཅུ་སྐོར་གཅིག་འདས་པའི་ས་སྟག་ལ། སྔ་འགྱུར་གྱི་པཎྜི་ཏ་སྤྲུལ་པའི་སྐུ་རོང་ཟོམ་དྷརྨ་བྷ་དྲ་བལྟམས་པ་ཡིན་ཞེས་རགས་རྩིས་ཙམ་དུ་བྱ་དགོས་པར་ཁོ་བོས་དཔྱད་པ་དང་། ས་སྟག་དེ་ནས་ལོ་ལྔ་ལོན་པའི་ཆུ་རྟ་ལ། ཟ་ཧོར་རྒྱལ་པོ་དགེ་བ་དཔལ་གྱི་སྲས་བི་ཀྲ་མ་ཤཱི་ལའི་མཁན་པོ་ཕུལ་དུ་བྱུང་བའི་ཐུགས་རྗེ་ཅན་དཔལ་ལྡན་ཨ་ཏི་ཤ་དགུང་ལོ་དྲུག་ཅུ་རྩ་གཅིག་བཞེས་པ་མངའ་རིར་ཕེབས་དེ་སྐབས་བོད་འདིར། ལམ་འབྲས་ཀྱི་འབྱུང་ཁུངས་འབྲོག་མི་ལོ་ཙཱ་ན་ཤཱཀ་ཡེ་ཡི་ལོ་ལྔ་བཅུ། བཀའ་བརྒྱུད་ཀྱི་འབྱུང་ཁུངས་མར་པ་ལོ་ཙཱ་ན་དྷརྨྨ་དྷཱིའི་ཞེ་གསུམ་ཡན་ཞེ་གཅིག བཀའ་གདམས་པའི་འབྱུང་ཁུངས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སོ་བརྒྱད། སྔགས་རྙིང་མའི་རིག་པ་འཛིན་པ་ཆེན་པོ་ཟུར་ཆུང་བས་ཉེར་དགུ་བཞེས་ཤིང་། བཀའ་གདམས་གཞུང་པ་པུ་ཏོ་བ་རབ་དང་མེ་ཡོས་ལ་འཁྲུངས་པའི་ལོ་བཅུ་དྲུག་པའོ། །ཇོ་བོ་བོད་དུ་ཕེབས་པའི་ཆུ་རྟ་ནས་ལོ་སོ་བདུན་འདས་པའི་ས་ལུག་ལ། དོན་བསྒོམ་བསྟན་པའི་བདག་པོ་དཔལ་སྒམ་པོ་པ་འཁྲུངས། ས་ལུག་དེ་ནས་ལོ་བཅུ་གསུམ་འདས་པའི་ཆུ་སྤྲེའུ་ལ་༸དཔལ་ས་སྐྱ་པ་ཆེན་པོ་གོང་མ་ལྔ་ཡི་དང་པོ་ས་ཆེན་ཀུན་དགའ་སྙིང་པོ་བལྟམས།

ས་ཆེན་དགུང་ལོ་བཅུ་བཞི་བཞེས་པའི་ཤིང་བྱ་ལ། ཞི་བྱེད་བསྟན་པའི་འབྱུང་ཁུངས་ཕ་དམ་པ་རྒྱ་དཀར་དིང་རི་གླང་འཁོར་མཁན་པ་ཁྲོད་དུ་ཞི་བར་གཤེགས་པའི་ཚུལ་བསྟན། དམ་པ་གཤེགས་པའི་ཤིང་བྱ་དེ་ནས་ལོ་དྲུག་ལོན་པའི་ལྕགས་སྟག་ལ་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་དང་བདེ་གཤེགས་ཕག་མོ་གྲུབ་པ་སྐུ་འཁྲུངས། ལོ་དེ་ཡི་ཕྱི་མ་ལྕགས་ཡོས་ལོ་མཐར་བསྒྲུབ་བརྒྱུད་བསྟན་པའི་མངའ་བདག་མི་ལ་རས་པ་མྱ་ངན་འདས། དུས་མཁྱེན་དང་ཕག་གྲུ་ཡི་དགུང་ལོ་བཅུ་གསུམ་པ་ཆུ་སྟག་ལ། མདོ་ཁམས་སུ་སྔ་འགྱུར་བཤད་སྒྲུབ་སྡེ་ཆེན་པོ་ཀཿཐོག་ཞེས་ཐོག་པའི་འབྱུང་ཁུངས་ཀཿདམ་པ་བདེ་གཤེགས་སམ་མཚན་དངོས་ཤེས་རབ་སེང་གེར་གྲགས་པ་དེ་ཕག་གྲུ་དང་མ་སྤུན་དུ་འཁྲུངས། དེ་ཡི་ལོ་ཕྱི་མ་ཆུ་ཡོས་ལ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་བལྟམས། ཀཿདམ་པ་བདེ་གཤེགས་ལོ་བཅུ་གསུམ་ལོན་པའི་ཤིང་སྟག་ལ་སྔ་འགྱུར་རིག་འཛིན་ཆེན་པོ་སྒྲོ་ཕུག་པ་མཁའ་སྤྱོད་དུ་གཤེགས། ༸སྤྲུལ་པའི་སྐུ་གཏེར་སྟོན་མྱང་ཉི་མ་འོད་ཟེར་ཡང་ཡི་གེ་ཕལ་ཆེར་ཞངས་འཁྲུངས་པའི་ལོ་ཕྱི་མ་ཤིང་འབྲུག་ལ་འཁྲུངས་ཞེས་གསུང་ཡང་རྣམ་ཐར་མ་ཞིབ་ཏུ་བརྟག་ན་སྒྲོལ་ཕུག་པ་གཤེགས་ནས་ལོ་གཉིས་འདས་པའི་མེ་འབྲུག་དེ་ཡིན་པར་སེམས། མེ་འབྲུག་དེ་ནས་ལོ་བདུན་ལོན་པ་ཆུ་ཁྱི་ལ་ས་ཆེན་གྱི་སྲས་ས་སྐྱ་གོང་མ་ལྔར་བསྒྲང་བའི་གཉིས་པ་བསོད་ནམས་རྩེ་མོ་དང་སྟག་ཐང་པ་བལྟམས། ལོ་དེ་ཡི་ཕྱི་མ་ཆུ་ཕག་ལ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་འཁྲུངས། འབྲི་སྟག་བཀའ་བརྒྱུད་ཀྱི་ཐོག་མ་ཡང་དེ་ཡིན། ཆུ་ཕག་དེ་ནས་ལོ་བཞི་འདས་པའི་མེ་ཡོས་རབ་བྱུང་གསུམ་པ་ཤར་བ་ན་ས་ཆེན་སྲས་གོང་མ་གསུམ་པ་རྗེ་བཙུན་གྲགས་པ་སྐུ་འཁྲུངས།

དེ་ཡི་ལྔ་བཅུ་རྩ་བརྒྱད་པ་ཤིང་བྱི་ལོར་རྒྱ་དཀར་བི་ཀྲ་མ་ཤཱི་ལ་ཡི་མཁན་པོ་ཕྱི་མར་གྱུར་པ་པཎྜི་ཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བོད་དུ་ཕེབས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་འདུལ་བའི་བསྟན་པ་ལ་ཕན་པ་ཆེ་བར་མཛད། ཤིང་བྱི་ལོ་དེར་ཀརྨ་པ་ཞེས་སྙན་པའི་བ་དན་ཅན་གྲུབ་པའི་དབང་པོ་ཆོས་ཀྱི་བླ་མ་སྐུ་བལྟམས། དེ་སྐབས་དཔལ་འབྲུག་པའི་འབྱུང་ཁུངས་འགྲོ་མགོན་རིན་པོ་ཆེ་གཙང་པ་རྒྱ་རས་པའི་ལོ་ཞེ་བཞི། ཞང་རིན་པོ་ཆེའི་ཐུགས་སྲས་ལྷ་རི་ནམ་མཁའ་འོད་ཀྱི་སོ་བདུན། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་སོ་གཉིས། ས་སྐྱ་རྗེ་བཙུན་གྲགས་པའི་དབོན་གོང་མ་བཞི་པ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཉེར་གསུམ་བཞེས་ཤིང་ཆག་ལོ་ཙཱ་བ་དགྲ་བཅོམ་གྱི་དབོན་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ལོ་བདུན་ལོན་པ་ཡིན། པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ལོ་བཅུ་བཞུགས་ནས་ཆུ་བྱ་ལྔ་ཁ་ཆེར་ཕེབས། ལོ་དེར་རྒྱལ་བ་ཡང་དགོན་པ་འཁྲུངས། ལོ་དེ་ཡི་སྔ་མ་ཆུ་སྤྲེའུ་ལ་གཏེར་སྟོན་སྤྱན་རས་གཟིགས་གུ་རུ་ཆོས་དབང་བལྟམས། སྤྲེའུ་དེར་ཉང་རལ་སྲས་འགྲོ་མགོན་གྱི་ལོ་སོ་བདུན་པ་ཡིན། གུ་རུ་ཆོས་དབང་གི་དགུང་ལོ་བཅུ་དགུ་བཞེས་པའི་ལྕགས་སྟག་ལ། གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་དང་། ཆོས་དབང་གི་ཉེར་གསུམ་པར་རིག་གནས་བསྟན་པའི་འབྱུང་ཁུངས་ཤོང་ལོ་ཙཱ་རྡོ་རྗེ་རྒྱལ་མཚན་བལྟམས། ལོ་དེ་ཡི་ཕྱི་མ་ཉེར་བཞི་ཤིང་ལུག་ལ་ས་པཎ་གྱི་དབོན་ས་སྐྱ་གོང་མ་ལྔ་ཡི་ཐ་མ་ཆོས་རྒྱལ་འཕགས་པ་འཁྲུངས། འཕགས་པའི་དགུང་ལོ་དགུ་པ་ཆུ་ཡོས་ཇོ་ནང་སྒྲུབ་སྡེ་དང་པོར་འདེབས་པ་པོ་ཞང་ཐུགས་རྗེ་བརྩོན་འགྲུས་བལྟམས། ཆུ་ཡོས་དེ་ནས་ལོ་ཞེ་བརྒྱད་འདས་པའི་ལྕགས་སྟག་ལ་ཞ་ལུ་བུ་སྟོན་དང་། ལྔ་བཅུ་པ་ཆུ་འབྲུག་ལ་ཇོ་ནང་ཀུན་མཁྱེན་དོལ་པོ་པ་འཁྲུངས། ཇོ་ཞལ་ཞེས་དེ་གཉིས་ནས་གྲགས། ཇོ་ནང་ཀུན་མཁྱེན་གྱི་བཅུ་བདུན་བཞེས་པའི་ས་སྤྲེའུ་ལ་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་སྒྱུ་འཕྲུལ་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་བལྟམས།

དེ་བཞིན་ཇོ་ནང་པའི་ཉེར་གཅིག་སྐབས་ས་སྐྱ་གོང་མ་འཇམ་དབྱངས་བདུན་དུ་བསྒྲང་བའི་དྲུག་པ་བླ་མ་དམ་པ་བལྟམས། བླ་མ་དམ་པའི་ཞེ་དྲུག་མེ་བྱ་ལོར་ཤར་ཙོང་ཁ་ནས་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་སྐུ་འཁྲུངས། དཔལ་རི་བོ་དགའ་ལྡན་ནམ་དགེ་ལུགས་ཞེས་གྲགས་པ་ཀུན་ཁོང་གི་རྗེས་འབྲང་སྟེ་དེ་ནས་དར། རྗེ་ཙོང་ཁ་པའི་དགུང་ལོ་བཅུ་དགུ་པར་བོ་དོང་ཐམས་ཅད་མཁྱེན་པ་དཔལ་འཇིགས་བྲལ་དབྱངས་ཅན་དགའ་བ་འཁྲུངས། ཁོང་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཕག་མོས་སྣང་བ་བྱིན་ནས་བསྟན་བཅོས་གླེགས་བམ་བརྒྱ་དང་དགུ་བརྩམས། བོ་ལུགས་ཞེས་པ་དེ་ནས་གྲགས། བོ་དོང་འཇིགས་བྲལ་གྱི་དགུང་ལོ་བརྒྱད་པ་ཆུ་ཁྱི་ལ་ངོར་པ་རྡོ་རྗེ་འཆང་དུ་འབོད་པ་ཀུན་དགའ་བཟང་པོ་བལྟམས་ངོར་པ་ཞེས་དེ་ནས་གྲགས། བོ་དོང་བའི་བཅུ་བདུན་བཞེས་པའི་ལྕགས་ལུག་ལོར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་། དེ་ཡི་ལོ་ཕྱི་མ་ཆུ་སྤྲེའུ་ལ་མཁས་མཆོག་ཡིད་བཟང་རྩེ་པ་འཁྲུངས། ཡིད་བཟང་རྩེ་པའི་དགུང་ལོ་བཅོ་བརྒྱད་པ་གླང་ལོར་ས་སྐྱ་གོང་མ་འཇམ་དབྱངས་བདུན་དུ་བསྒྲང་བའི་ཐ་མ་ཐེག་ཆེན་ཆོས་རྒྱལ་ཨ་ནནྡ་མངྒ་ལཾ་འཁྲུངས། ལྕགས་ཡོས་ལ་མཁས་མཆོག་གཡག་པ་དང་རོང་སྟོན་ན་ལེནྡྲ་པའི་རྗེས་འབྲང་བཤད་གྲྭ་འཛིན་པའི་དབང་པོ་ཀུན་མཁྱེན་སངས་རྒྱས་འཕེལ་བ་བལྟམས། དེང་སང་ས་ལུགས་ཀྱི་བཤད་གྲྭ་གསེར་མདོག་ཅན་མ་གཏོགས་གཞན་ཕལ་ཆེར་ཁོང་གི་རིང་ལུགས་ཁོ་ན་ཡིན། རྒྱལ་སྲས་ཞི་བ་ལྷ་ཡི་རྣམ་འཕྲུལ་དང་དེས་མཛད་པའི་སྤྱོད་འཇུག་སྨོན་ལེ་ནས་ཚིག་ཤུགས་ཀྱི་ལུང་བསྟན་པ་ཡིན་ཟེར། འདྲ་རུང་ཡང་ཡོད། ཀུན་མཁྱེན་སངས་རྒྱས་འཕེལ་གྱི་ལོ་བཅོ་བརྒྱད་པ་ལ་སྨྲ་བའི་དབང་ཕྱུག་པཎྜི་ཏ་ཤཱཀྱ་མཆོག་ལྡན་འཁྲུངས། ༸ས་སྐྱའི་ལམ་འབྲས་ངོར་ལུགས་རྫོང་ལུགས་ཞེས་ཐ་དད་བསྒྲང་བའི་རྫོང་ལུགས་གོང་དཀར་ལུགས་ལ་ཁོང་གི་བཤད་སྲོལ་གསེར་མདོག་ཅན་པ་ཡིན། ཤཱཀ་མཆོག་གི་ལོ་ལྔ་པ་ཆུ་བྱི་ལ་ཐུ་སྟོན་འཇིགས་མེད་དཔའ་བོ་སྟེ་དབུས་གཡོ་རུ་གོང་དཀར་རྡོ་རྗེ་གདན་འདེབས་པ་དེ་འཁྲུངས། ༸ས་སྐྱའི་ལམ་འབྲས་ངོར་ལུགས་རྫོང་ལུགས་ཞེས་ཐ་དད་བསྒྲང་བའི་རྫོང་ལུགས་གོང་དཀར་ལུགས་ལ་ཟེར་བ་ཡིན། ད་ལྟ་ཡན་ཆད་ཁུངས་ཀྱང་བཙུན་པར་མཐོང་། ཐུ་སྟོན་འཇིགས་མེད་དཔའ་བོའི་དགུང་ལོ་བཅུ་པ་ལྕགས་བྱ་ལ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་འཁྲུངས། ཞ་ལུ་ལོ་ཆེན་གྱི་དགུང་ལོ་བདུན་པ་མེ་ཡོས་རབ་བྱུང་བརྒྱད་པ་ཆགས་ལོ་རིན་ཆེན་ཆོས་རྒྱལ་བལྟམས།

ལྷ་ཆེན་པོ་འོད་དེ་གུང་རྒྱལ་གྱི་གངས་རིའི་ཁམས་སུ་ཆོས་གྲགས་རྒྱ་མཚོ་དང་། ནོར་བཟང་རྒྱ་མཚོ་དང་། ལྷུན་གྲུབ་རྒྱ་མཚོ་གསུམ་གྱི་གྲུབ་མཐའ་ཡི་རྩིས་པད་དཀར་ཞལ་ལུང་མེ་ལོ་དུ་མའི་སྔ་རོལ་ནས་དཔྱད་དེ་ལོ་འདི་ལ་བརྩམས་པར་མཛད་ཅིང་། ཕྱིས་ཀྱང་ཡུན་རིང་པོའི་བར་ནོར་བཟང་རྒྱ་མཚོས་དཔྱད་ནས་བུ་ཡིག་ཅི་རིགས་བརྩམས། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱི་དྲུག་ཅུ་རྩ་གཅིག་མེ་ཡོས་རབ་བྱུང་དགུ་པར་རྗེ་བཙུན་ཀརྨ་པ་དཔལ་མི་བསྐྱོད་རྒྱལ་བའི་དབང་པོ་དང་། གློ་བོ་པ་རྗེ་བཙུན་གྲོལ་མཆོག་ཞབས་བལྟམས། དེ་ཡི་ལོ་བདུན་པ་ཆུ་བྱ་ལ་སྒམ་པོ་པ་བཀྲ་ཤིས་རྣམ་པར་རྒྱལ་བ་ཞེས་སྒམ་པོའི་གདན་རབས་ནས་མཆོག་ཏུ་མཁས་པ་དེ་འཁྲུངས། མི་སྤྱོད་པའི་དགུང་ལོ་ཉེར་གཅིག་མེ་ཕག་ལ་བསྒྲུབ་བརྒྱུད་འབྲུག་པའི་རྗེ་དཔལ་པཎྜི་ཏ་སྙན་པའི་བ་དན་ལྷབ་ལྷུབ་གཡོ་བ་མི་ཕམ་པདྨ་དཀར་པོ་བལྟམས། མི་ཕམ་པདྨ་དཀར་པོའི་ཉེར་དྲུག་ལོན་པའི་ཆུ་བྱི་ལ་མཐུ་སྟོབས་ནུས་པའི་མངའ་བདག་ཧེ་རུ་ཀ་དཔལ་སོག་བཟློག་ཞབས་འཁྲུངས། སོག་བཟློག་པའི་ཉེར་བཞི་ཤིང་ཕག་ལོ་རྗེ་གྲོལ་མཆོག་གི་སྤྲུལ་སྐུ་མཆོག་གི་སྤྲུལ་སྐུ་ཤིང་རྟ་ཆེན་པོ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་བལྟམས། དེ་དགུང་ལོ་བཅུ་དགུ་བཞེས་པའི་ཆུ་སྦྲུལ་ལོར་མི་ཕམ་པདྨ་དཀར་པོའི་སྤྲུལ་སྐུ་བྱང་ཆུབ་སེམས་དཔའ་འབྲུག་པ་དཔག་བསམ་དབང་པོ་བལྟམས། ལོ་དེ་ཡི་ཕྱི་མ་ཤིང་རྟ་ལ་ལྷོ་འབྲུག་པ་ཞེས་མཐུ་སྟོབས་ཀྱི་མངོན་པར་མཐོ་བ་ངག་དབང་རྣམ་རྒྱལ་ཞེས་འབྲུག་པའི་གདུང་ལས་བྱོན། ཇོ་ནང་རྗེ་བཙུན་གྱི་དགུང་ལོ་བཞི་བཅུ་རྩ་གསུམ་པ་མེ་སྦྲུལ་ལོར་ཏཱ་ལའི་བླ་མ་བཛྲ་དྷཱ་ར་ཞེས་གངས་ཅན་བོད་ཡུལ་ཡོངས་ཀྱི་རྒྱལ་པོ་ངུར་སྨྲིག་འཛིན་པ་༸གོང་ས་ངག་དབང་བློ་བཟང་རྒྱ་མཚོ་བལྟམས།

དེ་ཡི་དགུང་ལོ་ཉེར་ལྔ་ལྕགས་སྦྲུལ་ལ་སྔ་འགྱུར་གྱི་རིང་ལུགས་པ་ཆེན་པོ་རྡོ་རྗེ་བྲག་བྱང་བདག་སྤྲུལ་སྐུ་པདྨ་འཕྲིན་ལས་དང་། སུམ་ཅུ་ཐམ་པ་མེ་ཁྱི་ལ་གཏེར་སྟོན་རིག་འཛིན་གཏེར་བདག་གླིང་པ་བལྟམས། དེ་བཞིན་༸གོང་ས་ཡི་ཞེ་བདུན་ཆུ་ཡོས་ལོར་གཙང་ཉང་སྨད་བཀྲ་ཤིས་ལྷུན་པོའི་མཁན་ཆེན་པཎྜི་ཏ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་སྐུ་འཁྲུལ་ཞིག་བློ་བཟང་ཡེ་ཤེས་དང་བདག་གི་རྩ་བའི་བླ་མ་པད་འབྱུང་བདེ་ཆེན་གླིང་པ་འཁྲུངས། དེ་གཉིས་ཀྱི་བཅུ་བཞི་བཞེས་པའི་མེ་འབྲུག་ལ་ཀརྨ་པ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་ཞི་བར་འཁྲུངས།ཀརྨ་པའི་དགུང་ལོ་ཉི་ཤུ་ཐམ་པ་ཤིང་ཕག་ལ་ཞྭ་དམར་བརྒྱད་པ་ཆོས་ཀྱི་དོན་གྲུབ་བལྟམས། ཞྭ་དམར་ཆོས་ཀྱི་དོན་གྲུབ་ཀྱི་དགུང་ལོ་བརྒྱད་ལོན་པའི་ཆུ་རྟ་ལ་ཀརྨ་པ་ཡེ་ཤེས་རྡོ་རྗེ་ཞི་བར་གཤེགས། དེ་ཡི་ཕྱི་མའི་ཆུ་ལུག་ཀརྨ་པ་བཅུ་གཉིས་བྱང་ཆུབ་རྡོ་རྗེ་འཁྲུངས། ཞྭ་དམར་བརྒྱད་པའི་བཅུ་བཞི་པ་ས་བྱི་ལ་གངས་ཅན་ཡོངས་ཀྱི་རྗེ་བོ་མངོན་པར་མཐོ་བའི་གོ་ས་ཅན་༸གོང་ས་༸བསྐལ་བཟང་རྒྱ་མཚོ་དགུང་ལོ་ཉེར་ལྔ་བཞེས་པའི་ཆུ་བྱི་ལོ་མཇུག་ཏུ་ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་ཞྭ་དམར་བརྒྱད་པ་ཆབས་ཅིག་ཏུ་རྒྱ་ནག་བཀྲ་ཤིས་ཁྲི་སྒོར་གཤེགས། དེ་ནས་ལོ་གཉིས་འདས་པའི་ཤིང་སྟག་ལ་ཞྭ་དམར་དགུ་པ་མོན་སྤ་གྲོ་ཡི་ཕྱོགས་སུ་སྐུ་བལྟམས། དགུང་ལོ་བདུན་པར་ཞྭ་དམར་ཅོད་པཎ་བཅིངས། བརྒྱད་པར་ཞི་བར་གཤེགས། ཞྭ་དམར་ཆོས་ཀྱི་དོན་གྲུབ་ཀྱི་ལོ་དྲུག་པ་ལྕགས་འབྲུག་ལ་སི་ཏུ་སྤྲུལ་པའི་སྐུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་འཁྲུངས། སི་ཏུ་རིན་པོ་ཆེའི་སོ་གཅིག་མེ་ཁྱི་ལ་རྗེ་འབྲུག་པ་སྤྲུལ་པའི་སྐུ་རྒྱལ་དབང་འཕྲིན་ལས་ཤིང་རྟ་དང་། དཔའ་བོ་གཙུག་ལག་དགའ་བ་འཁྲུངས། སི་ཏུའི་དགུང་ལོ་སོ་བཞི་བཞེས་པ་ཆུ་གླང་ལ་ཀརྨ་པའི་སྤྲུལ་པའི་སྐུ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་སྐུ་བལྟམས་ཤིང་། ད་ལྟར་སི་ཏུ་རིན་པོ་ཆེ་དགུང་ལོ་ཞེ་གསུམ་པ་དང་།

རྗེ་འབྲུག་པ་དང་དཔའ་བོས་ཉེར་ལྔ་དཔལ་ཀརྨ་པ་ཆེན་པོས་བཅུ་བཞེས་པ་ཡིན་ལ། ཞྭ་དམར་དགུ་པའི་ཡང་སྲིད་བཅུ་པའི་སྐུ་ཡི་དཀྱིལ་འཁོར་ཡང་འཆར་བར་ངེས་པ་སྟེ། འགྲོ་བའི་མགོན་པོ་ཡབ་སྲས་དེ་རྣམས་ཀྱི་སྐུ་ཚེ་བར་ཆད་མེད་པར་རྡོ་རྗེ་རི་བོ་ལྟར་བརྟན་ཅིང་འཕྲིན་ལས་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག དེ་ལྟར་བསྟན་པ་ཕྱི་དར་གྱི་ས་སྟག་ནས་ད་ལྟ་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་ཆུ་ཁྱིའི་ལོ་འདི་ཤར་བའི་སྔོན་མ་བློ་ངན་ལྕགས་བྱ་ཡན་འདས་ལོར་བྱས་པའི་ས་སྟག་བཅུ་གཉིས་འདས་ཤིང་བཅུ་གསུམ་པའི་བཞི་བཅུ་རྩ་ལྔ་ལོན་པས་ཁྱོན་སྡོམ་ལོ་བདུན་བརྒྱ་དང་དྲུག་ཅུ་རེ་བཞི་འདས་རེ་ལྔའི་སྟེང་དུ་གནས་པ་ཡིན་ཏེ། དེ་ལ་ལོ་ཞེ་དགུ་སྦྱངས་པའི་ལྷག་བདུན་བརྒྱ་དང་བཅོ་ལྔ་འདས་བཅུ་དྲུག་པའི་སྟེང་དུ་གནས་པ་ནི། སྐར་རྩིས་མཁན་རྣམས་ཀྱི་རྩིས་ལོ་བསྣན་བྱ་རབ་བྱུང་དང་པོ་ནས་ད་ལྟ་བཅུ་གཉིས་པའི་མཇུག་ཆུ་ཁྱི་འདི་ཡན་གྱི་ལོ་གྲངས་ཡིན་ལ། ད་ལྟ་ཆུ་ཁྱི་འདི་ནས་ལོ་ལྔ་འདས་པའི་མེ་ཡོས་ནི་རབ་བྱུང་བཅུ་གསུམ་པ་ཤར་བ་ཡིན་ན་ཕྱིན་ཆད་བསྣན་འོས་ཐམས་ཅད་དེ་ལྟར་ཤེས་པར་བྱའོ། །

ཞེས་པ་ཡང་བསྟན་པ་ཕྱི་དར་གྱི་དབུ་འབྲུ་མང་པོ་ཞེས་པ་ས་སྟག་ནས་བརྩམས་ད་ལྟའི་བར་གྱི་རྒྱལ་བའི་རིང་ལུགས་པ་ཆེན་པོ་སྐྱེས་བུ་དམ་པ་གྲགས་ཆེ་བ་ཁ་ཤས་པའི་འབྱོན་ལོ་རྣམས་དུས་ཀྱི་ངེས་པ་གསལ་བའི་སླད་བློ་ལྡན་རྣམས་ཀྱི་དྲན་པའི་གསོས་སུ་ཀཿཐོག་སྤྲུལ་སྐུར་གྲགས་པའི་རྒྱལ་ཁམས་པ་རིག་འཛིན་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོས་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་ཆུ་ཁྱི་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཚེས་བཟང་དགའ་བ་གཉིས་པ་ལ་ཀོང་ཡུལ་ལྗོན་པ་ལུང་གི་རི་བོའི་ཁྲོད་དུ་བྲིས་པ་སྟེ་དགེའོ། །སརྦ་མངྒ་ལཾ།


previousབསྟན་པ་ཕྱི་དར་གྱི་སྐབས་ས་སྟག་ནས་བརྩམས་ད་ལྟའི་བར་གྱི་རྒྱལ་བའི་རིང་ལུགས་པ་ཆེན་པོ་སྐྱེས་བུ་དམ་པ་གྲགས་ཆེ་བ་ཁ་ཤས་ཀྱི་འཁྲུངས་ལོ།next