Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པའི་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན།
   
   
   
   
   
   
   
   


 
previousརྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པའི་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན།next

རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པའི་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན།

༄༅། །རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པའི་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། དང་པོའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་འོད་སྲུང་ཆེན་པོ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་ཉེ་བར་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེས་བུ་འདུལ་མཁས་སྒྱུ་འཕྲུལ་སྲས་དེ་ཡིས། །གདུལ་བྱ་རྣམས་ཀྱི་མོས་བསམ་དང་མཐུན་པར། །ཐེག་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་བསྟན། །ཀུན་ཀྱང་ཐར་པར་གཞོལ་མཛད་འདིར་རྨད་བྱུང་། །འཕགས་ཡུལ་བནྡྷེ་བལ་པོར་བྷ་ཏནྟ། །བོད་དུ་བཙུན་པ་རྒྱ་ནག་ཧྭ་ཤང་ཞེས། །ཐ་དད་མིང་ལས་དོན་དུ་ལྡོག་པ་ཅིག །ཀུན་ཀྱང་ཐུབ་བསྟན་རྗེས་འབྲང་ཁོ་ནར་ཟད། །འོན་ཀྱང་བོད་ཡུལ་འདི་ན་མཁས་རྨོངས་ཕལ། །ཕྱོགས་སྔ་མ་ལོང་ཚིག་ཙམ་ལ་ཞེན་ནས། །ཧྭ་ཤང་གྲུབ་མཐའ་མུ་སྟེགས་བྱེད་པ་ཡི། །ཚུལ་དང་འདྲ་བར་འགོག་འདི་ཆོས་སྤང་ངེས། །སྤྲུལ་སྐུ་ལོ་པཎ་མཁས་པས་ཡུལ་དུས་ལ། །དགོས་པ་ཁྱད་འཕགས་ཡོད་པ་ལ་དགོངས་ནས། །དགག་སྒྲུབ་ཚུལ་ཙམ་མཛད་ལ་མངོན་ཞེན་ཏེ། །བདག་གི་ཆོས་སྤང་སྒྲིབ་བསགས་མ་གྱུར་ཅིག །བོད་འདི་སྔ་ཕྱི་ཀུན་ཏུ་ཉན་ཐོས་ཀྱི། །སྡེ་པ་བཞི་ལས་ཡོད་སྨྲ་ཁོ་ན་ལས། །སྡོམ་རྒྱུན་གཞན་རྣམས་བཀག་པ་རྩོད་པའི་རྒྱུར། །དགོངས་ལས་སྡེ་པ་གཞན་རྣམས་སྐྱོན་ཅན་མིན། །དེས་ན་ཆོས་མིག་རྡུལ་བྲལ་མ་ཐོབ་པར། །ཆོས་རྣམས་མཚན་ཉིད་ཤིན་ཏུ་རྟོགས་དཀའ་བས། །ཐུབ་བསྟན་ཐེག་ཆེན་ཆོས་ཚུལ་སྣ་ཚོགས་པར། །དད་གུས་བསྐྱེད་པའི་ཡུལ་ལས་གཞན་ཅི་ཞིག །འོན་ཀྱང་ཆོས་ཀྱི་གནད་རྣམས་ལ་འཆུགས་པར། །དམ་པའི་ཞལ་ལུང་བརྒྱུད་ལྡན་ཉན་པ་ལས། །རྩལ་བཤད་བློ་བཟོས་ཆོས་ཀྱི་གནད་ཉམས་པ། །དེ་ཚུལ་རིང་དུ་དོར་བར་རྒྱལ་བས་བསྔགས། །དེ་ཡང་མ་ཧཱ་ཙི་ན་ཞེས། མ་ཧཱ་ནི་ཆེན་པོ་དང་། ཙི་ན་ལ་ཡི་གེ་བསྣན་ན་དོན་སྣ་ཚོགས་སུ་འཇུག་པར་སྣང་ཡང་ཁ་ཅིག་གིས་ཡིད་ཡང་བསྒྱུར་མོད། གཞན་ཡང་གསལ་བ་དང་། སྣ་ཚོགས་དང་། རི་མོར་ཡང་འཇུག་པའི་སྐབས་ཡོད་མོད་ཀྱང་བོད་རྣམས་ཀྱི་འདོད་རྒྱལ་གྱི་མིང་རྒྱ་ནག་ཞེས་སུ་བཏགས་པ་དེར་སྒྱུ་འཕྲུལ་སྲས་པོའི་བསྟན་པའི་རྗེས་སུ་འབྲང་བའི་བཙུན་པའི་མིང་དུ་ཧྭ་ཤང་ཞེས་སྤྱིར་བརྗོད་ཅིང་དེ་ལ་བྱེ་བྲག་ཏུ་སྔོན་ཐེག་པ་ཆེ་ཆུང་མཐའ་དག་དར་ཀྱང་ད་ལྟའི་སྐབས་ཕལ་ཆེར་རྒྱུ་ཡི་ཐེག་པ་ཆེན་པོ་དང་། བྱ་སྤྱོད་སོགས་སྔགས་རྒྱུད་ཐུན་མོང་ཙམ་ལ་སྤྱོད་པ་ཤས་ཆེ་ཞིང་། དེ་ལ་ནང་ཚན་བྱེ་བྲག་ཏུ་ད་ལྟ་བོད་ཀྱི་འདོད་པ་དང་ཆ་མཐུན་པར་ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ་ཉམས་ལེན་བསྒོམ་པའི་སྲོལ་རྒྱུན་དང་གསུམ་ཡོད་པར་གྲགས་མོད། དེ་ལ་དང་པོ་ཟབ་མོ་ལྟ་བའི་བརྒྱུད་པ་ནི།

སྟོན་པ་རྫོགས་པའི་སངས་རྒྱས། རྗེ་བཙུན་འཇམ་དཔལ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་མཐིང་མིག་ཅན། འདི་ཟླ་གྲགས་ཀྱི་མཚན་གྱི་རྣམ་གྲངས་ཡིན་སྐད་ཀྱང་ཟླ་གྲགས་ཡིན་པར་དཀའ། དེ་ནས་རྗེས་ལེགས་ལྡན་འབྱེད། རྗེ་པྲཛྙཱ་རསྨི། རྒྱ་ནག་སློབ་དཔོན་ཛྙཱ ན་ཤྲཱི། རྗེ་ཛྙཱ་ན་མ་དྷི། དེ་ནས་རྒྱ་ཡུལ་གྲགས་ཆེ་བ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དང་དོད་མཚུངས་པ་ཧྭ་ཤང་ཊི་ཅེ་དཱ་ཤི་ཐཱ་ཝང་སྟེ་ཚུལ་ཁྲིམས་དང་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་དང་མངོན་པར་ཤེས་པ་ཆེན་པོ་མངའ་བས་འདུལ་བྱ་གདུལ་བྱ་ལ་ལྷག་པར་མཁས་པ་ཡུལ་དེའི་མཐུ་དང་རྫུ་འཕྲུལ་ཆེ་བའི་མི་མ་ཡིན་ཡང་བཀར་བཏགས་ནས་ཆོས་སྐྱོང་བར་བསྐོས་ཤིང་རྒྱ་ནག་གི་ས་སྐྱོང་བ་ཆེན་པོ། ཐི་གུར་གྱི་རྒྱལ་རབས་གཉིས་དང་། པུས་རྒྱལ་པོ་ཝན་དྷེའི་གཙུག་གི་ནོར་བུར་བཀུར་བ་ཡི་ཕྲིན་ལས་དཔེ་མེད་པས་དགེ་འདུན་གྱི་གནས་ཆེན་པོ་གཉིས་དང་། ཆུང་བ་སུམ་ཅུ་རྩ་དྲུག་འདེབས་པར་མཛད་ཅིང་ཆོས་ལས་སྐྱེས་པའི་སློབ་མ་ཡང་བརྒྱུད་པའི་སྲོལ་འཛིན་པ་སུམ་ཅུ་རྩ་གཉིས་སྡོམ་པ་ཐོབ་པ་ཆིག་ཁྲི་བཞི་སྟོང་། ཆོས་ཀྱི་འབྲེལ་ཐོབ་གྲངས་མེད་པ་བསྐྲུན་པར་མཛད་ཅིང་། གསུང་རབ་རིན་པོ་ཆེའི་སྤྱི་ཆིངས་སུ་དུས་ཚོགས་ལྔ་དང་འཇུག་སྒོ་བརྒྱད་ཞེས་རྣམ་པར་བཞག་ཅིང་། དེ་ཡང་དུས་ཚིགས་ལྔ་ལ་སྡོང་པོ་བཀོད་པའི་དུས་རི་དྭགས་ཚུལ་གྱི་དུས། ཤིན་ཏུ་རྒྱས་པ་མདོ་སྡེའི་དུས། ཤེར་ཕྱིན་ཀྱི་དུས། མྱང་འདས་ཀྱི་དུས་དང་ལྔ་སྟེ། སྒོ་བརྒྱད་ནི། ཏོན་མེད་ཅིག་ཆར་འཇུག་པའི་སྒོ། ཅི་ཡང་མན་རིམ་གྱིས་འཇུག་པའི་སྒོ། བཱི་མི་གསང་བ་ཐུན་མིན་གྱི་སྒོ། དེ་བཞིན་མ་ངེས་པའི་སྒོ། སྡེ་སྣོད་ཀྱི་སྒོ། རིག་པའི་སྒོ། རྣམ་པར་དབྱེ་བའི་སྒོ། ཡོངས་སུ་རྫོགས་པའི་སྒོ་སྟེ་བརྒྱད་དོ། །གཞན་ཡང་ཆོས་དབྱིངས་འཇུག་པ་སོགས་བསྟན་བཅོས་ཀྱང་མང་དུ་མཛད། འདི་རྒྱ་ནག་ཏུ་བྱུང་བའི་དུས་ནི་ཝན་བྷི་ནས་ཡུན་མི་རིང་ཙམ། རྒྱལ་རབས་གསུམ་གྱི་མཐར་ཆེན་པོ་ཐང་ལ་རྒྱལ་ཁམས་འཇགས་པ་ཡིན་པར་སྣང་བས་སློབ་དཔོན་ཐང་ཙན་ཙང་ལས་མི་ཐོག་གཅིག་ཙམ་གྱི་སྔ་བ་ཁོ་ནར་ངེས་སོ། །

དེ་ལྟར་སློབ་དཔོན་ཆེན་པོ་དེ་ཡི་བརྒྱུད་འཛིན་སུམ་ཅུ་རྩ་གཉིས་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་པ་ཊང་ཨན་ཙུན་ཅེ་ཧྥ་རུ་ཝ་ཙུན་ཅེ། རུང་ཐང་ཐིའན་ཀུང་ཙུང་ཅེ་ཉིན་ཥི་ཙུན་ཅེ། དེ་ནས་རིམ་པས་ཐིའན་ཐིའ་ཙུང་ཅེས་རྒྱ་ནག་ལྷོ་ཀིའང་ནན་གྱི་ཕྱོགས་སུ་དར་བ་དང་། རྒྱ་ནག་བྱང་ཊུང་ཡུའུན་གྱི་ཕྱོགས་སུ་ཊི་ཅེ་ཡབ་སྲས་ནས། དྷཱི་པུན་ཧྥུ་ཞུན་དཱ་ཤིའ། ཡུན་ཧུ་ཝ་ཊི་ཡན་དཱ་ཤིའ། ཥིའན་ཤིའུ་ཧྥ་ཙ་དཱ་ཤིའ། ཆིང་ལིའང་ཆེང་ཀུནའན་ཀྭ་ཤིའ། ཀུའི་ཧངྥ་ཅུང་མི་དཱ་ཤིའི། དེ་ཉིད་གྲངས་སུ་བྱས་པའི་མི་རབས་ཉེར་གཅིག་པ་ལུ་ཨན་ཕུ་ཐའི་ཧྥ་ཤིའ། ཞེས་རི་བོ་རྩེ་ལྔར་རྗེ་བཙུན་བྱམས་པ་དངོས་སུ་མཇལ་ནས་ཆོས་ཉན་པར་གྲགས་པ་དང་། དེ་ཡི་སློབ་མ་ཡི་ཀིའང་ཊེན་ལི་ཧྥ་ཤིའ། དེ་ནས་པུ་ཝེ་ཋུའན་ཊེན་ཆིང་ཀྭ་ཤིའ། དེ་ཉིད་ཐེ་བའི་མི་རབས་བཞི་པ་ད་ལྟ་རྒྱ་ནག་རྒྱལ་པོའི་ཕོ་བྲང་པོའི་ཀིང་གི་ཕྱོགས་སུ་ཧྭ་ཤང་ཡོངས་ཀྱི་བླ་མ་ཞན་ཀྭ་ཀུའན་ཀུའང་ཝེན་ཧྭ་ཤང་ཞེས་ཡོད་པར་གྲགས་ལ། འཕགས་པ་ཀླུ་སྒྲུབ། འདི་བར་སློབ་དཔོན་རབས་བཞི་བཅུ་ཐམ་པ་པ་བྱུང་བ་ཡིན་ཟེར་གང་ལྟར་རྒྱ་ནག་ཏུ་ད་ལྟ་དར་རྒྱས་ཆེ་བའི་སྐབས་སུ་སྣང་། གཉིས་པ་རྒྱ་ཆེན་སྤྱོད་པའི་སྲོལ་འཛིན་ནི། སྟོན་པ་རྫོགས་པའི་སངས་རྒྱས། རྒྱལ་བ་མི་ཕམ་པ། སློབ་དཔོན་ཐོགས་མེད། གཅུང་དབྱིག་གཉེན། སློབ་དཔོན་དྷརྨ་རཀྵི་ཏ། སློབ་དཔོན་ནནྡཿ སློབ་དཔོན་དུལ་བ་བཟང་པོའམ། དུལ་བ་ལྷ་ཡང་ཟེར་བ་དགུང་ལོ་བརྒྱ་དང་དྲུག་བཞེས་པའི་སྐབས་སུ་རྒྱ་ནག་ཡུལ་ནས་ལོ་ཙཱ་བ་ཆེན་པོ་ཐང་ཟན་ཙང་སྟེ་ཐང་སྡེ་སྣོད་གསུམ་པར་གྲགས་པ་མཁས་པ་ཆེན་པོ་དེ་ཡི་ཐུགས་དེ་ལ་ངོ་མཚར་བའའི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་པ་མངའ་ཡང་འདིར་རྒྱས་པར་བྲིར་མ་ལོངས་ལ། དུས་ནི་བོད་ཀྱི་རྒྱལ་པོ་འཕགས་མཆོག་སྲོང་བཙན་སྒམ་པོ་དང་རགས་རྩིས་སུ་མཚུངས་ཏེ། ཐང་གི་རྒྱལ་རབས་གཉིས་པ་ཐང་ཐ་ཛུང་རྒྱལ་པོའི་རིགས་ཀྱི་གཅུང་ཡིན་པར་ཡང་གྲགས། དེ་ཡི་སློབ་མ་ཥྭན་ཊང་ཤིའ་དེ་ནས་ཁུའི་ཀི་ཧྥ་ཤིའི། དེ་ལ་གོང་དུ་ཟབ་མོ་ལྟ་བརྒྱུད་དུ་བཤད་པའི་ཡུན་ཧུ་ཝ་ཊི་ཡན་དཱ་ཤའི་དང་། ཥིའན་ཤིའུ་སོགས་ནས་ཤིང་རྟ་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་སྐད་དོ། །

གོང་དུ་བཤད་པའི་དུལ་ལྷ་དང་དུལ་སྡེ་རྒྱ་ནག་ཆོས་འབྱུང་དུ་གཅིག་པར་མཛད་པ་ནི་མི་འཐད་དེ། ལོ་རྒྱུས་གཞན་དུ་དབྱིག་གཉེན་ནས་འཕགས་པ་རྣམ་གྲོལ་སྡེ། དེས་མཆོག་སྡེ། དེས་དུལ་བའི་སྡེ་ཞེས་པ་ནི་རྒྱལ་པོ་སེང་གེ་ལྔ་པའི་སྐབས་སུ་བྱུང་བ་ཡིན་ལ་ཐང་ཟན་ཙང་གི་བླ་མ་དུལ་ལྷ་ནི་རྒྱ་གར་གྱི་རྒྱལ་པོ་གོ་བི་ཙནྡྲའི་སྐབས་སུ་གྲགས་ཆེ་བར་གྱུར་པའི་སློབ་དཔོན་ཡིན་པར་སྣང་ངོ་། །གསུམ་པ་ཉམས་ལེན་བསྒོམ་པའི་བརྒྱུད་པ་ནི་ཧྭ་ཤང་བསྟན་འཛིན་མཁན་པོ་ཙུང་མེན་དུ་གྲགས་པའི་སྡེ་ཚན་རྣམས་ཏེ། དེ་ཡི་བརྒྱུད་པའི་རིམ་པ་ནི་རྫོགས་པའི་སངས་རྒྱས་ནས་བསྟན་པའི་གཏད་རབས་ཀྱི་ཚུལ་ལས་འབྱུང་བ་སྟེ། དེ་ཡང་ཅི་ལྟར་ཞེ་ན་མཁས་མཆོག་བུ་སྟོན་དང་འགོས་ཀུ་མ་ར་ཤཱི་སོགས་ཀྱི་ཆོས་ཀྱི་དེབ་ཐེར་རྣམས་སུ་ཡང་བཀོད་པར་མཛད་པ་དང་། རྒྱ་ནག་གི་ལོ་རྒྱུས་སུ་ཡང་དེ་དང་མཐུན་པར་སྣང་ལ། དེ་ནི་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། དགྲ་བཅོམ་པ་འོད་སྲུང་ལ་བསྟན་པ་གཏད། དེས་དགྲ་བཅོམ་པ་ཀུན་དགའ་བོ། དེས་དགྲ་བཅོམ་པ་ཉི་མའི་གུང་པ་དང་། དགྲ་བཅོམ་པ་ཤ་ནའི་གོས་ཅན་གྱིས་དགྲ་བཅོམ་པ་ཉེར་སྦས། དེ་དགྲ་བཅོམ་པ་དྷ་དྷི་ཀ དེས་དགྲ་བཅོམ་པ་ནག་པོ། དེས་དགྲ་བཅོམ་པ་ལེགས་མཐོང་དང་། བི་བྷ་ག་གཉིས་དགྲ་བཅོམ་པ་བི་བྷ་ག་ནས། དེས་བཙུན་པ་ཆེན་པོ་བནྡེ། དེས་བཙུན་པ་ཆེན་པོ་བུདྡྷ་མི་ཏྲ། དེས་དགྲ་བཅོམ་པ་རྩིབས་ལོག དེས་འཕགས་པ་སུ་ན་ཤ་ཏ་དེས་འཕགས་པ། དེས་ཕག་པ་ཏྟ་སྐད། དེས་འཕགས་པ་མ་ཤི་བ། དེས་འཕགས་པ་ཆེན་པོ་ཀླུ་སྒྲུབ། དེས་འཕགས་པ་ཨརྱ་དེ་ཝ། དེས་འཕགས་པ་ར་ཧུ་ལ། དེས་སངྒ་ནནྡེ་འཕགས། དེས་དགེ་སློང་དགྲ་བཅོམ་པ་གྷ་ལ་ཤ དེས་ཀུ་མ་ར་ཏ། དེ་ཤ་ཡ་ཏ། དེས་བ་སུ་བནྟུ། དེས་མངོན་ཏ། དེས་ཧ་ཀ་ལི་ཀ་ཤ དེས་དགེ་སློང་སེངྒེ། ཞེས་པ་ཡན་རྒྱ་བོད་ཀྱི་གཏད་རབས་ཡི་གེ་མཐུན། དེ་ཡན་ཆད་རྒྱ་ནག་ཆོས་འབྱུང་དུ་འབྱུང་སྟེ། དགེ་སློང་སེང་གེ་ནས་འཕགས་པ་བྷ་ཤྱ་སིདྡྷ། དེས་བི་ཤྭ་མི་ཏྲ། དེས་པྲ་ཛྙཱ་དྷཱ་ར། དེས་བྷོ་དྷེ་དྷརྨོཏྟ་ར་སྟེ་བྱང་ཆུབ་ཆོས་ཀྱི་བླ་མར་གྲགས་པ་དེ་ཡན་ཆད་རྒྱ་གར་དུ་བྱུང་ལ། དེ་ནས་བྷོ་དྷེ་དྷརྨོཏྟ་ར་ཡི་རྒྱ་དཀར་དུ་བི་ཤྭ་མི་ཏྲ་ཕྱི་མ་ལ་བསྟན་པ་གཏད་ནས་ཐོག་མར་རྒྱ་ནག་ལྷོ་ཕྱོགས་རྒྱལ་བུའི་ཕོ་བྲང་ཀིའང་ནན་དུ་རྒྱལ་པོ་ལི་ཡང་ཨུདྷེའི་གམ་དུ་བྱོན།

རྒྱལ་བློན་རྣམས་ལ་དམ་པའི་ཆོས་ཅི་རིགས་པ་འཆད་ཀྱང་ཟབ་དོན་སྟོན་པའི་གདུལ་བྱར་མ་གྱུར་དགོངས་ཏེ་རྒྱ་ནག་བྱང་ཕྱོགས་སུ་ཡོ་གུར་དུ་ཕེབས་པའི་ལམ་གྱི་ཀིའང་ཀླུང་ཆུ་གཏེར་ལྟར་མི་བཟོད་པ་འཕྱོ་བའི་སྟེང་དུ་འདེ་བུའི་རྩྭ་འདབས་མ་ལྔ་པ་ཞིག་ལ་ཞབས་རྣམ་པར་བཀོད་དེ་རྫུ་འཕྲུལ་གྱིས་གཤེགས་པས་ཆུ་ཀླུང་དེར་དམག་དཔོན་ཞིག་གྲུ་ལ་ཞོན་ཏེ་འགྲོ་བས་ཚུལ་དེ་མཐོང་ནས་མི་ཕྱེད་པའི་དད་པ་ཐོབ། དེ་ནས་ཡུ་གུར་གྱི་ཡུལ་དུ་ཞོའུ་ལེན་ཟི་དགོན་པར་རེ་ཞིག་སྦས་ཚུལ་གྱིས་བཞུགས། མཐར་རྒྱ་ནག་གི་ཧྭ་ཤང་ཧུའི་ཁེ་དང་ཡུ་གུར་གྱི་བཙུན་པ་གསུམ་གྱིས་ཉེ་བར་བསྙེན་ཏེ་སློབ་མར་གྱུར་དེ་ལས་དོན་བརྒྱུད་ཀྱི་བསྟན་པ་ནི་ཧྭ་ཤིང་ཧུའི་ཁེ་གཅིག་པུར་གཏད་དེ་བདག་གི་གཙང་ཀླུང་བརྒལ་དུས་བརྫིས་པའི་འདམ་བུ་ལོ་མ་ལྔ་ཡོད་པའི་རྟེན་འབྲེལ་གྱི་ཁྱོད་ལས་ཅིག་བརྒྱུད་ཀྱི་གཏད་རབས་ལྔ་པ་ནས་མང་པོར་འཕེལ། དེ་ཡང་ཚུགས་ཐུབ་ཀྱི་སྡེ་པ་ལྔར་འགྱུར་ཞེས་བཀའ་སྩལ་ནས་ཡུལ་དེར་མྱ་ངན་འདའ་བའི་ཚུལ་བསྟན་ཅིང་། སླར་ཡང་རྒྱ་གར་དུ་བྱོན་ཏེ་སྐལ་ལྡན་གྱི་གདུལ་བྱ་མང་པོས་མཇལ་བ་སོགས་དོན་དུ་གདོས་བཅས་ཀྱི་ཕུང་པོ་རྣམ་པར་དག་སྟེ་འཆི་བ་མེད་པའི་སྐུ་བརྙེས་པ་ཞིག་གོ །

དེ་ཡང་སློབ་དཔོན་ཆེན་པོ་འདི་རྒྱ་ནག་ཡུལ་དུ་ཕེབས་པའི་སྐབས་ནི་རྒྱལ་པོ་ལི་ཡང་ཨུ་དྷེའི་དུས་སུ་ཡིན་པར་སྣང་ན་ལི་ཡང་ཨུདྷེ་ནས་རྒྱལ་རིགས་གསུམ་གྱི་ཡུན་མི་རིང་ཙམ་བྱས་པའི་རྒྱལ་རབས་བརྒྱད་ཙམ་བྱུང་ཞིང་དེ་ཡི་མཐར་ཆེན་པོ་ཐང་གི་རྒྱལ་རིགས་ཀྱི་དབུ་བརྙེས་པར་གྲགས་པས་དེ་ཚེ་བོད་ཀྱི་ལ་སོ་གནམ་རི་སྲོང་བཙན་གྱི་མེས་འབྲོང་གཉེན་ལྡེ་རུ་རྒྱལ་པོར་གྱུར་པའམ་རྒྱལ་པོར་གྱུར་ཉེ་བའི་སྐབས་ཙམ་ཡིན་པར་སེམས་སོ། །གང་ལྟར་སློབ་དཔོན་དེ་ཡི་རྒྱ་ནག་ཏུ་སློབ་མའི་མཆོག་བསྟན་པ་གཏད་པའི་གནས་ཧྭ་ཤང་ཧུའི་ཁེ་ད་ཙུ་ཆན་ཤིའ་ཡི་བསྟན་པ་གཏད་པའི་སློབ་མ་ནི་སེང་ཚན་ཀིའན་ཊི་ཆན་ཤིའ་ཡིན་ལ། དེས་ཧུང་བཞིན་དཱ་མན་ཆད་ཤིའ། དེས་ལུ་ཙུ་ཧུའི་ནེ་ང་དཱ་ཀིའན་ཆན་ཤིའི་སྡེ་དེ་ལྟར་ཧྭ་ཤང་ཆིག་བརྒྱུད་མི་རབས་ལྔ་སོང་བ་ཧུའི་ནེ་ང་ནས་སྲོལ་འཛིན་མང་དུ་འཕེལ་བ་ལས། རང་ཚུགས་ཐུབ་པའི་བཀའ་བབས་མ་ལྔ་བྱུང་སྟེ་ལིན་གྱི་དང་ཚོ་དུང་དང་ཡུན་མན་དང་ཝེའི་ཡན་དང་། ཧྥ་ཡན་དང་ལྔར་གྱེས་པ་ལས་ད་ལྟའི་སྐབས་སུ་ནི་ལིན་གྱི་ཚོ་དུང་གཉིས་ལས་ཕྱི་མ་གསུམ་གྱི་བརྒྱུད་འཛིན་ནི་མེད་སྐད་ལ། དེ་ཡང་དེང་སང་གྲུབ་བརྒྱུད་ཀྱི་བསྟན་པ་གྲགས་ཆེ་བ་ལིན་གྱི་ནས་བརྒྱུད་པའི་རིམ་པ་ནི། གོང་གི་ལཱུ་ཚུ་ཧུའི་ཧྭ་ཤང་ནན་པོ་ཧུ་ཝའི་བཞའ་ཆན་ཤིའ་དང་། དེས་ཡི་ཙུ་དྭའུ་ཡི་ཆན་ཤིའ། དེས་པེ་ཊ་མི་འོའུ་ཥིང་ཆན་ཤིའ། དེས་ཧུའང་པོའི་ཥི་ཡུན་ཆན་ཤིའ། དེས་ལིན་གྱི་ཨིཥུའན་ཆན་ཤིའ། དེ་ཉིད་ཐེ་བའི་མི་རབས་སུམ་ཅུ། རྩ་བཞི་པ་ནི་ད་ལྟ་གྲུབ་བརྒྱུད་བསྟན་པའི་གསལ་བྱེད་དུ་བཞུགས་པའི་སློབ་དཔོན་ཐི་ཡོའུ་མེའི་མིང་ཏིང་ཆན་ཤིའ་འཚོ་ཞིང་བཞེས་པ་ཁོང་དུ་ཐུག་པའི་རབ་དྷརྨོ་ནས་བརྒྱུད་རབས། བཞི་བཅུ་ཞེ་བཞི་བྱོན་པ་ཡིན་ནོ་ཞེས།

རབ་བྱུང་བཅུ་གཉིས་པའི་ནང་གི་མེ་འབྲུག་ལོར་རྒྱ་ནག་ཡུལ་གྱི་ལོ་ཙཱ་ཝ་ཆིང་གིར་གུར་ནཱ་ཐ་ཤ་ར་ཎ་བཀོད་པའི་རྒྱ་ནག་ཆོས་འབྱུང་ལས་འབྱུང་ལ་དེ་ལྟར་ན་རྫོགས་པའི་སངས་རྒྱས་ཀྱི་རྗེས་སུ་ད་ལྟའི་བར་བརྒྱུད་པ་རབས་བདུན་ཅུ་རྩ་གསུམ་སྟེ། ཉི་མའི་གུང་པ་དང་ལེགས་མཐོང་ཡང་ན་བར་བྱས་པས་བདུན་ཅུ་རྩ་གཅིག་གོ །རྒྱ་ནག་ཆོསའབྱུང་དུ་ཉེར་སྦས་ཀྱི་སློབ་མ་ཉི་མའི་གུང་པར་བཤད་པ་ནི། སྡེ་པ་ཐ་དད་ཀྱི་འདོད་ཚུལ་ལམ་ཕལ་ཆེར་ལོ་རྒྱུས་མ་དག་པ་ཉིད་དོ། །གང་ལྟར་བླ་མ་བརྒྱུད་པའི་རྣམ་གྲངས་སུ་བྱས་པ་དེ་རྣམས་མཆོག་ཏུ་གྱུར་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནས་ད་ལྟ་ལ་ཐུག་གི་བར་བསྟན་པའི་གཏད་རབས་ཀྱི་རྗེས་སུ་འབྲེལ་ཞིང་རྗེས་སུ་མཐུན་པ་བསྒོམ་པ་བསམ་གཏན་གྱི་འཁོར་ལོ་ཆད་པ་མེད་པར་བསྐོར་བ་བྱིན་བརླབས་ཀྱི་རྒྱུན་མ་ཉམས་ཤིང་མྱོང་བསྒོམ་པའི་ཡོན་ཏན་ཐུགས་ནས་ཐུགས་སུ་བརྒྱུད་པ་བར་མ་ཆད་པའི་རྒྱ་ནག་ཧྭ་ཤང་གཞན་ལས་མཆོག་དང་ཕུལ་གྱུར་པ་ཞིག་གོ །

བོད་སྔགས་རྙིང་པའི་མན་ངག་ཁ་ཅིག་གི་ཁུངས་སུ་སྤྲུལ་པའི་སྐུ་རྒྱ་གར་བདུན་བརྒྱུད་དང་། རྒྱ་ནག་བདུན་བརྒྱུད་ཞེས་བསྒྲང་བའི་རྒྱ་ནག་བདུན་བརྒྱུད་ནི་ཙུང་མེད་དུ་གྲགས་པ་འདི་ཡི་སྡེ་ཚན་ཁོ་ནར་ངེས་ལ། དེ་ཡང་སློབ་དཔོན་དྷརྨོཏྟཱ་ར་མ་བསྒྲང་བ་ཧྭ་ཤང་ཧུའི་ཁེ་ནས་མ་ཧཱ་ཡ་ནའི་བར་དོན་བརྒྱུད་ཀྱི་བླ་རབས་བདུན་བྱུང་བ་ལ་སྤྲུལ་པ་བདུན་བརྒྱུད་དུ་རྣམ་པར་བཞག་གི་སེམས་ཤིང་། ལོ་པཎ་བཀའ་ཡི་ཐང་ཡིག་ལས། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་བའི་དུས༔ ཆོས་ཀྱི་ཐ་མ་དྲི་བས་ཐེ་ཚོམ་བཅད༔ མྱ་ངན་འདའ་བའི་གཞུང་འདི་བསྟན་པ་ཡིན༔ དཔེ་དོན་མང་པོ་འོད་སྲུང་ཉིད་ལ་གསུངས༔ དེ་ནས་དྷརྨོཏྟཱ་ར་ལ་སོགས་ནས༔ རྒྱ་ནག་སྤྲུལ་བདུན་བརྒྱུད་པ་བརྒྱུད་པའི་ཐ༔ ཧཱ་ཤང་མ་ཧཱ་ཡ་ན་ཉིད་ལ་ཐུག༔ འོད་སྲུང་ཅིག་ཅར་འཇུག་པ་ཕལ་ཆེན་སྡེ༔ མཁན་པོ་དྷརྨོཏྟཱ་ར་ལི་བརྒྱུད་ནི༔ ཤར་གྱི་ཕྱོགས་སུ་རྒྱ་མཚོ་རྒལ་ནས་ཕྱིན། རྒྱ་ཡུལ་ལི་ཀུན་ཞེས་བྱའི་ཡུལ་དུ་སླེབས༔ ཞེས་དང་། བོ་ཏི་དྷརྨོཏྟཱ་རའི་བརྒྱུད་འཛིན་ནི༔ ཐ་མ་ཧྭ་ཤང་མ་ཧཱ་ཡ་ནའི་གཞུང༔ ཅིག་ཆར་འཇུག་པ་ཡོངས་སུ་རྫོགས་པ་ཡིས༔ དཔེ་དོན་མང་པོ་མདོ་སྡེའི་གཞུང་ལ་ཐུག༔ དེ་དག་འདོད་གཞུང་ཡི་གེ་ཡོད་པ་དང་༔ དྷརྨོཏྟཱ་རའི་རྒྱ་ལུང་ཆེན་མོ་རྣམས༔ ཅི་ཡང་བྱར་མེད་མན་ངག་སྙན་ཁུང་བརྒྱུད༔ ཞེས་སོགས་གསུངས་པས་ཀྱང་ངེས་པ་བསྐྱེད་པར་སྣང་ངོ་། །ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་བྱུང་བའི་དུས་ནི་རྒྱལ་རབས་སོགས་ལོ་རྒྱུས་མང་ཞིག་ཏུ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་ཐ་མར་ཡིན་པར་བཤད་ཀྱང་དེ་སྐབས་ཀྱི་ལོ་རྒྱུས་མི་འདྲ་བ་མང་ཞིང་གྲུབ་མཐའི་དབང་གིས་བསླད་ཡང་ཅི་རིགས་བསྲེས་པར་རྟོགས་མོད། དེས་ན་ལོ་རྒྱུས་ཁུངས་དང་ལྡན་པ་ཁ་ཅིག་ཏུ་མ་ཧཱ་ཡ་ན་བོད་རྗེ་མེས་ཨག་ཚོམ་ཅན་གྱི་སྐུ་ཚེའི་ཐ་མ་ལ་ཕྱོགས་པའི་སྐབས་སུ་བོད་དུ་བྱོན་ཞིང་། ལྷ་ཁྲི་སྲོང་ལྡེའི་བཙན་སྐུ་ནར་མ་སོན་པའི་དུས་སུ་བོད་བློན་ཆོས་ལ་གནག་པ་རྣམས་ཀྱིས་རྒྱ་ནག་ཏུ་བརྫངས་བར་གྲགས་པ་འདི་དོན་ལ་གནས་པར་མཐོང་ཞིང་། དེ་སྐབས་བློན་པོ་ཆོས་ལ་དཀར་བ་རྦ་གསལ་སྣང་སོགས་ཀྱིས་བླ་མར་བཀུར་ཞིང་བསྒོམ་ལུང་ཞུས་པ་དང་། མྱང་ཏིང་འཛིན་བཟང་པོས་ཀྱང་ཧྭ་ཤང་ལ་བསྒོམ་ལུང་ཞུས་པར་ལོ་རྒྱུས་ཁ་ཅིག་ནས་གསུངས་ན་དེ་ཡང་འདི་སྐད་ཉིད་དུ་མངོན། དེས་ན་སློབ་དཔོན་ཀ་མ་ལ་ཤི་ལ་དང་རྩོད་པར་བྱེད་པ་པོ་ནི་ཧྭ་ཤང་མ་ཧཱ་ཡ་ནའི་སློབ་མའི་སྐབས་ཙམ་དུ་འགྲིག་ལ། འོན་ཀྱང་སྐུ་ཚེ་རིང་དུ་བཞུགས་པའི་མཚན་གྱི་རྣམ་གྲངས་གཅིག་པ་ཡིན་སྲིད་པའི་གནས་ཙམ་དུ་སྣང་ངོ་། །

གཞན་བོད་ཀྱི་རྗེ་བོ་འོད་འཕྲོའི་ས་ལ་བཞུགས་པའི་འཕགས་པ་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་བསམ་གཏན་མིག་གི་བསམ་གཏན་འགྲེལ་ལས་ཧྭ་ཤང་ཏནྟུ་ཡིན་གྱི་གྲུབ་མཐའི་རྣམ་པར་བཞག་པ་དེ་ཡི་མཁན་ཆེན་པོ་ཉི་ཤུ་རྩ་ལྔའི་གསུང་ལུང་དུ་དྲངས་ནས་ཞིབ་མོར་བཤད་པར་མཛད་པ་སྟེ། དགོས་པ་ནི་རྫོགས་ཆེན་དང་ཆ་འདྲ་བས་མི་ནོར་བའི་ཆེད་དུ་ཡིན་པར་གསུང་བ་དང་། ཧྭ་ཤང་གི་ཆོས་དེ་ཡང་ཡང་དག་པའི་ལམ་དུ་བཞེད་པའོ། །ལུང་ཁུངས་མཁན་ཆེན་ཉི་ཤུ་རྩ་ལྔ་ཙམ་བྱུང་བ་ནི་མཁན་འབའ་ཞིག་བསྒྲང་བ་ནི་མིན་ནམ་སྙམ་མོ། །དེ་ནས་ཧྭ་ཤང་ཞེས་པ་གོང་དུ་བསྟན་བཞིན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡིན་པར་མ་ཟད་སྒོས་ཐེག་པ་ཆེན་པོ་དང་དེ་ཡི་ནང་ཚན་ནས་ཀྱང་བྷོ་དྷེ་དྷརྨཏྟཱ་རའི་རྗེས་འབྲང་ཙུང་མེན་ནི་བཀའ་འཁོར་ལོ་གསུམ་པ་ངེས་དོན་སྙིང་པོའི་མདོ་སྡེ་ལ་བརྟེན་པའི་དོན་བསྒོམ་ཁོ་ན་ལ་ཕྱོགས་པར་འདོད་ཅིང་། ལམ་གྱི་ངོ་བོ་ནི་མདོ་ལུང་འབའ་ཞིག་གོ་ཞེས་མཁས་པའི་མཁས་པ་མཆོག་གིས་གསུང་མོད། དེས་ན་མདོ་ཡི་རང་ལམ་གཅིག་པུའི་ནི་དབང་རྣོན་ཡང་བསྐལ་པ་གྲངས་མེད་པ་གསུམ་གྱི་མཐར་བྱང་ཆུབ་ཆེན་པོ་བརྙེས་པ་ལས་གཞན་མ་ཡིན་ནོ་སྙམ་ན། དེ་ཡང་མཐའ་གཅིག་ཏུ་འགོག་པར་མི་ནུས་ཏེ་ཕྱིས་བྱང་ཆུབ་ཀྱི་མཁས་པའི་དབང་པོའི་དེབ་ཐེར་དུ་རྒྱ་གར་གྱི་སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ལུང་འདི་སྐད་དྲངས་ཏེ། ཕ་རོལ་དུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པས་སོ་སོ་སྐྱེ་བོའི་གནས་སྐབས་ཉིད་ན་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་ཡང་དག་པར་རྟོགས་པས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང་། ཞེས་གསུངས་པས་ཕྱོགས་འདི་ལ་མི་འཇུག་པ་ཡང་མ་ཡིན་གྱི། དེ་བཞིན་ངེས་དོན་སྙིང་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་རྒྱ་ནག་འགྱུར་ལས། དེ་བས་ན་ཤིན་ཏུ་ཐབས་མཁས་པས་མདོ་སྡེ་འདི་ལ་བརྩོན་འགྲུས་དུ། ནན་བྱས་ན་སྐྱེས་བུ་དེ་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་ཀྱང་མདོ་ལམ་རང་གི་བསྒོམ་རིམ་ཁྱད་པར་བས་དུས་ཡུན་རིང་པོར་མི་ཐོགས་པར་སངས་རྒྱས་འགྲུབ་པའི་གོ་སྐབས་ནི་ཡོད་པར་གོ་དགོས་སོ། །དེ་ཡང་བརྩོན་པ་ཁྱད་པར་ཅན་གྱི་བསྐལ་ཆེན་དྲུག་ཅུ་སོགས་ཀྱིས་ཚོགས་བཟླུམ་པར་ནུས་ན།

ཤེས་ཁྱད་པར་ཅན་བསྒོམ་པ་རྨད་དུ་བྱུང་བས་ཚོགས་ལྷག་པར་བཟླུམ་ནུས་པ་ཡང་རྒྱུ་མཚན་དུ་མས་ཤེས་པར་གྱུར་པའོ། །འོན་ཀྱང་མདོ་ལམ་འབའ་ཞིག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་གསུངས་པ་མཐའ་དག་དགོངས་པ་ཅན་ཏེ་དོན་དུ་ནི་ཕལ་ཆེར་འཕགས་ལམ་ས་བརྒྱད་པ་དང་མཐར་ཐུག་བཅུ་པ་ལས་ལྷག་མདོ་ལམ་འབའ་ཞིག་གིས་ནམ་ཡང་བསྒྲོད་པར་མི་ནུས་ལ། དེ་ནས་ངེས་པར་སྔགས་ལམ་ལ་འཇུག་དགོས་ཀྱི་མི་འཇུག་པ་ཡང་མི་སྲིད་སྟེ། འདི་ནི་མདོ་ནས་གསལ་བར་བཤད་པ་དོན་ངེས་པའི་གྲུབ་མཐའ་རུ་རྡོ་རྗེ་འཛིན་པ་རྣམས་ཀྱིས་ལེགས་པར་བཀྲལ་བཞིན་པའོ། །དེས་ན་ཚུལ་དེས་མདོ་ལམ་གྱི་སངས་རྒྱས་ཐོབ་པ་མེད་ན་སངས་རྒྱས་འགྲུབ་པར་འགྱུར་ཞེས་གསུངས་པ་དང་ཅི་ལྟར་འགལ་སྙམ་ན་དེ་ནི་སྐྱོན་ཡོད་པ་མ་ཡིན་སྟེ་ཐོག་མར་ཚོགས་སྦྱོར་གྱི་ལམ་མདོ་ལམ་འབའ་ཞིག་པས་བསྒྲོད་ནས་ས་དང་པོ་ཐོབ་པའི་སྐབས་སུ་སྔགས་ལམ་ལ་འཇུག་པར་ཤས་ཆེ་ཞིང་གལ་ཏེ་ཚུལ་སྟོན་གྱི་དབང་གིས་ས་བརྒྱད་པའི་བར་དུ་མི་འཇུག་པ་དག་ཡོད་སྲིད་ཀྱང་ས་བརྒྱད་པ་ནས་གཞན་རྐྱེན་ལ་ལྟོས་པ་མ་ཡིན་པར་སྔགས་ཀྱི་ངང་ཚུལ་རང་སྟོབས་ཀྱིས་ཤེས་བཞིན་དུ་འཇུག་ཏུ་ཡོད་པ་ཡིན་པས་དེས་ན་མདོ་ལམ་དུ་སྔགས་ལ་འཇུག་དགོས་སོ་ཞེས་མ་བསྟན་ཀྱང་ས་བརྒྱད་པ་ཡན་ཆད་ནས་ངང་གིས་ཤེས་པའི་དབང་གི་ལམ་མ་ཚང་བ་དང་ཆད་པའི་གོ་སྐབས་མེད་ལ། གཞན་ཡང་ཐོག་མའི་འཇུག་སྒོ་མདོ་སྔགས་གང་ཡིན་ཀྱང་རུང་མཐར་སྔགས་ལ་གཞོལ་དགོས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་ཚེ་མདོ་སྔགས་ཐ་དད་ཀྱི་སངས་རྒྱས་དབྱེ་རུ་མེད་པའི་ཕྱིར་དེ་ལྟར་དགོངས་ཏེ་གསུངས་པས་སྐྱོན་མེད་པའོ། །ལར་ཚུར་འདི་རྒྱ་ཆེར་བཤད་དུ་ཡོད་ཅིང་དགོས་པ་ཡང་ཆེ་རུང་སྐབས་འདིར་ནི་དོགས་བསླང་ཟུར་ཙམ་རེ་ལས་སྤྲོས་མ་དགོས་སོ། །

གཞན་ཡང་འདི་རུ་བརྗོད་པར་བྱ་བ་སྔོན་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་སྐབས་སུ་ཏོན་མེད་དུ་ཙེ་ཡ་མན་ཞེས་སུ་གྲགས་པ་ནི་རྒྱ་ནག་གི་སྐད་དེ། བོད་སྐད་དུ་ཅིག་ཅར་དུ་འཇུག་པ་དང་རིམ་གྱིས་སུ་འཇུག་པ་ཞེས་ཡིན་པར་སྣང་ངལ། དེ་ཡང་ཅིག་ཆར་འཇུག་པ་ནི་ཐོས་བསམ་གྱི་བྱ་བ་གཞན་གཙོ་བོར་མི་བྱེད་པ་རྣམ་པ་ཀུན་ཏུ་བསམ་གཏན་དོན་བསྒོམ་ལྷུ་རུ་བླངས་པ་སྟེ། ད་ལྟ་ཡང་རྒྱ་ནག་ཏུ་བསྟན་འཛིན་མཁན་ཧྭ་ཤང་ཙུང་མེན་རྣམས་ཚུལ་དེ་ཁོ་ན་ཡིན་འདུག་ལ། བོད་འདིར་ཡང་བཙུན་པ་དང་ཁྱིམ་པ་རིས་སུ་མེད་པར་སེམས་ཁྲིད་ནོད་དོ་ཞེས་ཐོག་མ་ནས་ཟབ་མོ་ནང་དོན་ལ་གཞོལ་བར་འདོད་པ་ཕལ་ཆེར་འདི་རྣམས་ཀྱང་དེ་དང་ཆ་མཐུན་པ་ལས་གཞན་དུ་མ་དམིགས་སོ། །རིམ་གྱིས་འཇུག་པ་རྣམས་ནི་ཐོས་པའི་ཤེས་རབ་ཀྱི་ཕྱི་ཡི་སྒྲོ་འདོགས་བཅད་ཅིང་དེ་ནས་བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་བཅད་པ་དང་། དེ་ནས་བསྒོམ་པའི་ཤེས་རབ་ཀྱིས་བར་གྱི་སྒྲོ་འདོགས་བཅད་པ་སྟེ། ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་འཇུག་པར་བཞེད་དེ། རྫོགས་ཆེན་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས་སྤྱོད་པ་བདུན་རིམ་ཅན་དུ་གསུང་བ་དང་གནད་གཅིག་གོ །དེ་ཡང་ཚུལ་འདི་གང་ཟག་དབང་པོའི་ཁྱད་པར་གྱིས་འདོད་ནས་ཅིག་ཆར་དང་རིམ་གྱིས་འཇུག་པར་གྲགས་པ་ལས་རྒྱ་ནག་གི་མཁན་པོ་ཧྭ་ཤང་ཊི་ཅེ་དཱ་ཤིའ་ཐྭ་ཝན་གྱི་འཇུག་སྒོ་བརྒྱད་དུ་གྲགས་པའི་གྲུབ་མཐའི་ནང་ཚན་དེ་བོད་དུ་བྱུང་ནས་དེ་ལྟར་གྲགས་པ་ནི་མ་ཡིན་ནོ། །དེས་ན་སྔོན་རྒྱ་གར་མཁན་པོ་ཞི་བ་འཚོ་ཡི་རྗེས་སུ་འབྲང་བ་བནྡྷེ་ཆེན་པོ་ཡེ་ཤེས་དབང་པོ་ལ་སོགས་པས་ཤེས་རབ་གསུམ་བསྒྲགས་མར་མཛད་པ་ལ་བརྟེན་རིམ་གྱིས་པ་དང་རྒྱ་ནག་མཁན་པོ་མ་ཧཱ་ཡ་ནའི་རྗེས་འབྲང་རྣམས་ཀྱིས་བསམ་གཏན་ཁོ་ན་ལ་གཞོལ་བས་ཅིག་ཆར་བར་གྲགས་པ་ཤེས་པར་བྱའོ། །འདི་ལ་ཁ་ཅིག་འདི་སྙམ་དུ་སེམས་ཏེ་ཧྭ་ཤང་གི་ལྟ་བ་རྣམ་པར་དག་པ་མ་ཡིན་པར་སྔོན་ལྷ་བཙད་པོ་བྱང་ཆུབ་སེམས་དཔའི་སྐབས་སུ་རྒྱ་གར་གྱི་པཎྜི་ཏ་ཀ་མ་ལ་ཤྲཱི་ལ་དང་བོད་ཀྱི་སྦ་ཡེ་ཤེས་དབང་པོ་དང་དཔལ་དབྱངས་སོགས་དམ་པར་གྱུར་པ་རྣམས་ཀྱིས་བཀག་པར་མཛད་པ་དང་། ཕྱིས་ཀྱི་མཁས་པའི་དབང་པོ་འགའ་ཡིས་ཀྱང་འགོག་པར་མཛད་ན་ཚད་མར་ག་ལ་རུང་སྙམ་ན་སྤྱིར་ཡང་རྩོད་པ་བྱུང་ཙམ་གྱིས་དམ་པའི་ཆོས་མ་ཡིན་པར་མི་འགྱུར་ཏེ་ཉན་ཐོས་སྡེ་པ་ཐ་དད་པ་དང་ཐེག་ཆེན་སེམས་ཙམ་རྣམས་བདེན་རྫུན་དང་རང་རྒྱུད་ཐལ་འགྱུར་རྣམས་གཅིག་གིས་གཅིག་ལ་རྩོད་ཀྱང་རྒྱལ་བའི་བསྟན་པ་རྣམ་དག་ཉིད་དུ་ངེས་པས་ཀྱང་གྲུབ་ལ།

སྔོན་ལྷ་བཙན་པོའི་སྐབས་སུ་མ་འོངས་རྩོད་པ་འབྱུང་བར་དགོངས་ནས་ཉན་ཐོས་ཀྱང་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གཞན་འཇུག་པར་མ་གནང་ཞིང་སྔགས་ནང་རྒྱུད་ཐུན་མིན་རྣམས་ཀྱང་ཤིན་ཏུ་གསང་བ་ཆེན་པོའི་སྒོ་ནས་སྤྱོད་པ་ལས་ཐུན་མོང་བསྒྱུར་བར་མ་གནང་བ་དང་། དེ་བཞིན་རྒྱ་ནག་ཧྭ་ཤང་གི་ལྟ་སྒོམ་ལ་དེ་སྐབས་ཉིད་དུ་སྐྱོན་གྱི་ཆ་ཤས་ཡོད་པར་གཟིགས་པ་དང་། ལྷག་ཏུ་མ་འོངས་ཕྱི་མའི་དུས་ན་ལྟ་སྒོམ་དེ་ལ་བརྟེན་ནས་འཁྲུལ་པ་མང་དུ་སྐྱེ་བ་དང་གྲུབ་མཐའ་ཕན་ཚུན་སྡེ་རིས་ཀྱི་རྩོད་པའི་མི་ངེས་པ་ཆེན་པོ་འབྱང་བ་སྤྲུལ་པའི་སྐུ་ལོ་པཎ་ཆོས་རྒྱལ་དེ་རྣམས་ཀྱིས་མངོན་ཤེས་རྒྱ་ཆེན་པོས་མཁྱེན་ཅིང་གཟིགས་ནས་འགོག་པ་གོར་མ་ཆག་ཀྱི་ཧྭ་ཤང་གི་ལྟ་བསྒོམ་དེ་གཏན་ནས་ནོར་ཏེ་འགོག་པ་ནི་མ་ཡིན་པར་ཤེས་སོ། །དེ་སྐབས་ཀྱི་དགག་སྒྲུབ་ཀྱང་རྩོད་ངོར་ཁས་བླང་བ་ཤས་ཆེ་སྟེ་ཅི་ཕྱིར་ཧྭ་ཤང་གི་འདོད་གཞུང་དུ་སྤང་བྱ་འཁོར་བར་འཁྱམས་པའི་རྒྱུ་གཟུང་འཛིན་གྱི་རྣམ་རྟོག་ཏུ་ཁས་བླང་བ་དང་། བསྒྲུབ་བྱ་ངན་ལས་འདས་པའི་ལམ་ཅི་ལ་ཡང་མི་རྟོག་མི་སེམས་མི་དཔྱོད་མི་དམིགས་པ་ལ་གཞོལ་བར་འདོད་པ་དང་ཅི་ཡང་མི་དྲན་ཞེས་འབྱུང་བ་ཡང་རྣམ་རྟོག་ལ་དྲན་པའི་མིང་བཏགས་པ་སྟེ་དོན་དུ་རྣམ་པར་མི་རྟོག་པ་ཉིད་དང་སྒྲ་དོན་གཅིག་ཅིང་ཡང་དག་པའི་དྲན་པ་ཉམས་པ་ལ་ཞུགས་པ་ནི་མ་ཡིན་ནོ། །དེ་བཞིན་ལམ་གྱི་གྲོགས་ཚུལ་ཁྲིམས་སྙིང་བརྩེ་ཡི་སྤྱོད་ལམ་བསྡུ་དངོས་བཞི་རྣམ་དག་ལ་སྤྱོད་པ་ཡིན་ཞེས་གྲགས་ན་དེ་ཚེ་བོད་ཡུལ་གྱི་ནང་དོན་འཇོག་བསྒོམ་པ་སྤྱི་མི་འདོད་པ་ཡང་ཁྱད་ཆོས་སྔགས་ལམ་གྱིས་བརྒྱན་པ་ཡོད་ན་མ་གཏོགས་གཞན་བསྒོམ་རིམ་སེམས་ཀྱི་འཇོག་སྟངས་ནི་ཧྭ་ཤང་གི་འདོད་པ་དེ་ནམ་ཡང་བཟློག་པར་མི་ནུས་ཏེ། ཅི་ཕྱིར་ནང་དོན་འཇོག་བསྒོམ་གྱི་གཞུང་ལས་ཡིད་ལ་མི་བྱེད་པ་དང་མི་མནོ་མི་བསམ་མི་དཔྱད་མི་བསྒོམ་མི་ཡེངས་རྣམ་པར་མི་རྟོག་པའི་ངང་ལ་བཞག་ཞེས་པ་ཡང་གོང་དུ་བརྗོད་པ་ཉིད་དང་ཚིག་དོན་གཉིས་ཀ་ནས་མི་མཐུན་པ་མེད་པའི་ཕྱིར་རོ། །

དེས་ན་བོད་ཡུལ་འདིར་དོན་བསྒོམ་པ་རྣམས་ལ་གྲགས་ཆེ་བ་རྒྱ་གར་གྱི་གཞུང་ལ་མ་ན་སའི་མན་ངག་སྤྱིར་བཏང་དང་། རྒྱ་ནག་མཁན་པོའི་བསམ་གཏན་གྱི་འཇུག་སྒོ་གཉིས་ཕལ་ཆེར་མི་མཐུན་པ་མེད་དོ། །གཞན་ཕྱག་རྒྱ་ཆེན་པོའི་གཞུང་དངོས་གཞི་ཆེན་པོ་ས་ར་ཧ་ཡི་དྭོ་ཧ་ཡི་དགོངས་པ་ནི་དོན་བསྒོམ་གྱི་གཞི་སྔ་མ་དང་མཐུན་པ་ལས་བྱེད་པར་གྱི་ཆོས་སྤྱིར་མང་དུ་ཡོད་མོད་ཀྱང་སྐབས་འདིར་འཆད་འོས་པའི་སྙིང་པོ་ནི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ། རྗེ་འགྲོ་བའི་མགོན་པོའི་ཡེ་ཤེས་རྡོ་རྗེའི་གསུང་ལས། སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་ཤེས་པ་དང་། ལམ་གང་ཤར་ལ་སྤང་བླང་མེད་པ་དང་། སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། ཞེས་བསྩལ་བ་འཕགས་བོད་ཀྱི་ཕྱག་རྒྱ་ཆེན་པོ་བསླད་མེད་ཀྱི་དགོངས་པ་དཔྱིས་ཕྱིན་པའི་བཤད་པར་སྣང་ལ། ཚུལ་དེ་ལྟ་དྭོ་ཧ་ཡི་དགོངས་པ་བསླད་བྲལ་དང་། རྫོགས་ཆེན་སེམས་ཕྱོགས་ཀྱི་མན་ངག་ཚད་ལྡན་དག་གནད་གཅིག་ཏུ་འབབ་པ་ལས་ཐ་དད་དུ་འཛིན་པར་མི་ནུས་སོ། །འོན་ཀྱང་དུས་ཕྱིས་བྱུང་དུ་གང་ཟག་ཆོས་ལ་དབང་ཟ་བས་རང་བཟོ་བསྲེ་བསླད་མང་པོས་སྔོན་གྱི་མན་ངག་རྙིང་པ་རྣམས་འཚོང་འདུས་ཀྱི་འོ་མ་ལས་ཀྱང་ཟོང་ཆེ་བར་བྱས་པ་མང་དག་མཐོང་ན་དེ་རྣམས་ཀྱི་ངང་ཚུལ་ནི་ཉེས་པ་ཆོས་ཀྱི་གནད་བཅོས་ཏེ་ཕྱིན་ཅི་ལོག་གི་གཡང་སར་འཕྱན་པ་བདུད་ཀྱི་གསང་ཚིག་ཏུ་གྱུར་པ་དང་། ལེགས་པ་སྲིན་བུའི་ཤུལ་རྗེས་ཀྱི་ཡི་གེའི་གཟུགས་ལྟར་སྣང་བ་དག་ལ་དཔྱད་པར་མི་ནུས་ཤིང་དཔྱད་པར་བྱར་ཡང་མི་ལོང་བས་དུས་སྙིགས་མའི་(འདི་ནས་མ་དཔེ་ལྡེབ་བུ་གཅིག་ཆད་འདུག)ཤིག་འདིར་གདམས་པ་བྱའོ། །

སྤྱིར་ནི་རྒྱ་ནག་གི་ཡུལ་དུ་ཧྭ་ཤང་དང་ཟིན་ཤིང་དང་གཞུ་སྟོན་སྟེ་ལུགས་སྲོལ་གཙོ་ཆེ་བ་གསུམ་དང་། གཞན་ཡང་གྲུབ་མཐའ་རྣམ་གྲངས་དུ་མ་ཞིག་ཡོད་པར་སྣང་བ་ལས་ཧ་ཤང་ནི་ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་བསླད་མེད་དང་། གཞན་ཕལ་ཆེ་བ་ཕྱི་རོལ་གྲངས་ཅན་གྱི་གྲུབ་མཐའ་སོགས་དང་ཆ་མཐུན་ཞིང་། ཁ་ཅིག་ནི་ཀླ་ཀློའི་གྲུབ་མཐའ་དང་འདྲེས་པར་ཡང་སྣང་ངོ་། །དེ་ལྟར་རྒྱ་ནག་ཧྭ་ཤང་རྣམས་འཕགས་ཡུལ་གྱི་གྲུབ་མཐའ་ལས་ཅི་ལྟར་གྱེས་པའི་ཚུལ་དང་། རྒྱ་ནག་བསྟན་འཛིན་མཁན་རྣམས་ཀྱིས་ལམ་རིམ་ལ་དཔྱད་པ་དོགས་བསླང་ས་བོན་དང་བཅས་པ་འདི་ནི་རྦ་བཞེད་ཡི་གེ་ཁུངས་ལྡན་ལས་རྒྱ་ནག་མཁན་པོའི་འདོད་པ་དང་། ཀ་མ་ལ་ཤཱི་ལ་སློབ་མར་བཅས་པའི་གསུང་མཆིད་ལ་ལེགས་པར་བརྟགས་པ་དང་། དེ་བཞིན་གནུབ་རིན་པོ་ཆེའི་བསམ་གཏན་མིག་གི་འགྲེལ་ལ་ཡང་ཞིབ་མོར་བལྟས་ཤིང་མཁས་པའི་མཁས་པ་འཇིགས་མེད་སྨྲ་བའི་དབང་པོ་ཁ་ཅིག་གི་ཧྭ་ཤང་གི་གྲུབ་མཐའི་སྐྱོན་ཡོན་དབྱེ་ཅུང་ཟད་མཛད་པ་དག་མཐོང་ཞིང་ཐོས་པ་དང་། དུས་ཕྱིས་རྒྱ་ནག་ལོ་ཙཱ་བ་ཆིང་གིར་གུང་གིས་བྱས་པའི་རྒྱ་ནག་ཆོས་འབྱུང་མཐོང་བས་རྐྱེན་བྱས་གཞན་ཡང་བོད་འདི་ན་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོའི་གསུང་མན་ངག་ཁུངས་དང་ལྡན་པའི་རིགས་གྲགས་ཆེ་བ་ཕལ་མོ་ཆེ་ཞིག་ཀྱང་མཐོང་རང་གི་སྐལ་བ་དང་མཚམས་པ་ཆ་ཤས་ཅི་རིགས་ཡང་ཐོས། དཔལ་མགོན་བླ་མའི་ཐུགས་རྗེའི་འཇུག་པ་ལ་གཏན་ཚིགས་དོན་གྱི་ཆ་ལ་ཅུང་ཟད་དཔྱད་པར་ནུས་པའི་བློ་མཐུ་ཡང་ཐོབ་པས་སྐྱོ་མ་སྔ་གཙན་དང་གྲགས་པའི་རྗེས་འབྲང་ཁོ་ན་ཙམ་མ་ཡིན་པར་རང་སྟོབས་ཀྱིས་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་མཐུ་ལ་བརྟེན་ཚུལ་འདི་ཡང་བརྗོད་པ་ཡིན་ན་ལེགས་པར་བཤད་པའི་ཆ་ནི་ཅི་རིགས་བསོད་ལ་ཉེས་པ་བཤད་པའི་སྐྱོན་ནི་ཉུང་ངུ་ཟད་པར་སེམས་ལ། དེས་ན་འདི་ནས་བསྣན་པར་འོས་པ་ནི་མཆིས་ལ་དབྲི་བར་བྱ་རྒྱུ་ནི་མེད་དོ། །

དེ་སྐད་རྣམ་མང་གྲུབ་མཐའ་རྒྱ་མཚོའི་ཁམས། རྣམ་པར་འབྱེད་པའི་ཤེས་རབ་བསྲུབ་ཤིང་ལ། །ལྷག་བསམ་ནོར་རྒྱས་བསྲུབ་ཐག་གིས་བསྐྲུན་པའི། །ལེགས་བཤད་ཟླ་བ་གཞོན་ནུ་དུས་འདིར་བཤད། །རྒྱལ་བསྟན་ཉན་རང་ཐེག་ལ་མི་སྨོད་ན། །ཐེག་ཆེན་འཇོག་བསྒོམ་སྨོད་པ་སྨོས་ཅི་འཚལ། །བདག་གིས་གཏམ་གྱི་སྦྱོར་བ་འདི་རྣམས་ཀྱང་། །རང་བཟོ་རིག་པ་ཁོ་ནས་གསར་བསྒྲུབ་མིན། །ཚད་མའི་ལུང་མཐོང་དེར་དཔྱོད་ཤེས་རབ་ཀྱི། །མ་འཁྲུལ་ངེས་པ་ཐོབ་ནས་བརྗོད་པ་སྟེ། །སྔོན་ཆད་ཚུལ་འདི་ཧ་ཅང་མི་གསལ་བས། །སྔོན་མེད་ལེགས་བཤད་སྨྲ་ལ་འགལ་བ་ཅི། །སངས་རྒྱས་བསྟན་པའི་གཏད་རབས་འཕགས་པའི་རྒྱུན། །མང་བྱོན་ཕྱིར་མི་ལྡོག་པ་སྙིང་པོའི་མདོ། །ལེགས་འགྲེལ་དོན་བསྒོམ་བསླད་མེད་ཆོས་དམ་པར། །ཚེ་རབས་རྟག་ཏུ་སྡིག་བསགས་མ་གྱུར་ཅིག །བརྒྱུད་པའི་བཀའ་མེད་གཏན་ཚིགས་ལུང་གིས་དབེན། །ཆོས་བརྒྱད་སྒྲིབ་ཤིང་ཆོས་སུ་བཅོས་པ་ཡི། །ཁ་ཤས་ཞག་གིས་སངས་རྒྱས་ཐོབ་བོ་ལོ། །རྫུན་ཆོས་དེ་འདྲ་སྤྱོད་ལ་སྙིང་རྗེ་སྐྱེ། །ལྟར་སྣང་མཛེས་བྱེད་ལུང་གི་ཕྲེང་སྤེལ་ཡང་། །ཟབ་གནད་སྙིང་པོ་ལྟར་བཅོས་སྙིང་པོས་དབེན། །གསང་བའི་དོན་འཕྱར་འབྲས་བུ་ངན་འགྲོའི་རྒྱུ། །ཆོས་ཚུལ་དེ་འདྲ་མཐོང་ཚེ་ཡི་མུག་ལྡང་། །ཐ་སྙད་རྟོག་གེའི་གནས་ལ་སྦྱང་བརློམ་ཞིང་། །དོན་བསྒོམ་སྙིང་པོར་ལོག་རྟོགས་དཔྱད་པ་མཁན། །ཟབ་དོན་མཆོག་གི་སྐལ་བ་མི་ལྡན་པ། །མཁས་རློམ་རྨོངས་པ་དེ་འདྲར་སྐྱོ་བ་སྐྱེ། །ཐེག་ཆེན་པར་རློམ་ཐེག་དམན་སོ་ཐར་གྱི། །སྡོམ་པས་ཡིད་བཅིངས་ཐེག་ཆེན་སོ་ཐར་གྱི། །སྡོམ་པས་ཡིད་བཅིངས་ཐེག་ཆེན་སྙིང་པོའི་གཏམ། །ཐོས་ཚེ་ལྗགས་སྲིན་རྣ་བར་འབྲུག་སྒྲ་བཞིན། །ལུགས་ངན་དེ་ལྟ་བུ་ལ་བདག་མི་གུས། །བག་མེད་སྤྱོད་པ་སྔགས་ལ་མ་གཡེར་ཏེ། །ངོ་ཚ་ཁྲེལ་མེད་ཐོ་ཅོའི་སྤྱོད་པ་ཅན། །གྲུབ་པར་བརྫུས་ནས་རང་གཞན་བསླུ་བྱེད་པ། །དེ་འདྲའི་ངང་ཚུལ་མཐོང་ཚེ་སྙིང་ནས་ཁྲེལ། །བླ་མ་ཡུན་རིང་ལ་བསྙེན་པའི་ལས། །མི་འབུང་གདམས་ཚིག་རེ་ཟུང་ཐོབ་ལོ་ཡི། །བློ་ཁེངས་རྣལ་འབྱོར་ཐོབ་ཁུལ་སྟོང་བཤད་མཁན། །བཟང་མིན་བཟང་བསྡུ་མང་འདིར་བདག་མི་རངས། །དེང་སང་སྙིགས་ཀྱི་མཐར་ཐུག་པས། །ཕྲ་མོར་གྱུར་པའི་སྐྱོན་ནི་ཆེ་རུ་འཛིན། །སྐྱོན་གྱུར་ཆེ་ལ་མི་སྨོད་དགའ་བས་འཇུག །ལུགས་ངན་དེ་ལྟ་བརྗོད་ན་ཟད་པ་ཅི། །དེ་དག་ཕལ་ཆེར་བདག་སེམས་མ་དག་སྐྱོན། །ཁོ་ནར་སྲིད་མོད་དེས་ན་སེམས་དྲི་མ། །དག་བྱེད་དབུ་ཕྱག་རྫོགས་པ་ཆེན་པོའི་ལམ། །དཔལ་ལྡན་བླ་མའི་ཞལ་ལུང་ཐོབ་པ་གང་། །ཆོས་བརྒྱད་རྣམ་གཡེང་གིས་དབེན་རི་ཁྲོད་དུ། །མ་ནོར་འཁྲུལ་མེད་བརྩོན་པས་བསྒོམ་བྱས་ནས། །ཇི་བཞིན་གནས་ལུགས་ཐོབ་པའི་གདེངས་ཐོབ་སྟེ། །རང་སེམས་དག་པའི་འཁོར་ལོ་འཁོར་བར་ཤོག །འགྲོ་ལ་ཕན་ཕྱིར་མ་དག་གྲུབ་པའི་མཐའ། །ཐ་དག་བདག་བློ་བཟང་པོས་ཉེར་བཅིལ་ཏེ། །རྣམ་ཀུན་གྲུབ་པའི་ལམ་བཟང་རྒྱལ་བའི་བསྟན། །མཐའ་ཡས་འགྲོ་ལ་རྟག་ཏུ་སྟོན་པར་ཤོག །རང་གི་རྣམ་རྟོག་ཇི་བཞིན་ངག་གསང་པོས། །ལྷག་བསམ་དག་པས་བརྗོད་པའི་ཚིག་འདི་ལ། །གལ་ཏེ་ཉེས་པའི་ཆ་ཤས་མཆིས་པ་རྣམས། །འཕགས་ཚོགས་སྤྱན་སྔར་བཤགས་སོ་ཉེས་མེད་སྩོལ། །གང་ཞིག་དགེ་བའི་ཆ་ཤས་མཆིས་པ་ཀུན། །ཕ་མའི་རང་བཞིན་མཁའ་ཁྱབ་འགྲོ་བ་ལ། །བསྔོ་མཐུའི་ཀུན་མཁྱེན་རྒྱལ་བའི་གནས་དམ་པ། །རིང་པོར་མ་ཡིན་མྱུར་དུ་ཐོབ་པར་ཤོག །དེ་སྲིད་ཚེ་རབས་རྟག་ཏུ་དམ་པའི་ཆོས། །མཐའ་དག་མི་སྤོང་རང་དབང་ཆོས་བཞིན་སྤྱོད། །མ་ནོར་འཁྲུལ་མེད་སྙིང་པོའི་དོན་འཛིན་པ། །ཡིད་བཞིན་བདེ་བའི་ནོར་བུ་རྟག་སྤྱོད་ཤོག །

ཅེས་པ་འདི་ཡང་རི་ཁ་བ་ཅན་གྱི་ལྗོངས་འདིར་ཧྭ་ཤང་གི་གྲུབ་མཐའ་རྣམ་པར་དག་དང་མ་དག་དཔྱད་པ་མང་དུ་མཐོང་བས་དེས་ན་ཧྭ་ཤང་གི་ཕྱོགས་སྔ་རང་གི་ཅི་ལྟར་ཐོས་ཤིང་རྟོགས་པའི་ཚུལ་ཅུང་ཟད་ཙམ་བརྗོད་པ་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན་ཞེས་བྱ་བ་ཕྱོགས་མེད་རིས་མེད་ཀྱི་རྣལ་འབྱོར་རྒྱལ་ཁམས་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའི་སྡེ་དཔལ་ཀུན་ཏུ་རྒྱས་པ་ཡིས་དབུས་རི་ནག་པོའི་དཀྱིལ་ཀོང་ཡུལ་ལྗོན་པ་ལུང་གངས་རི་འོད་ལྡན་དང་ཉེ་བ་ནགས་ཀླུང་གིས་བསྐོར་བའི་བསམ་གཏན་གྱི་སྤྱིལ་པོར་དགའ་དབང་ངམ་མིག་དམར་ཡང་བརྗོད་པ་ཤིང་ཕོ་བྱི་བའི་ལོ་སྣྲོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ཀརྨ་ཤེས་རབ་བསྟན་འཛིན་དང་རབ་བྱུང་ཡེ་ཤེས་དཔལ་འབྱོར་ཟུང་གིས་བགྱིས་པ་དགེའོ། །དགེའོ། །སརྦ་མངྒ་ལཾ།


previousརྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པའི་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན།next