Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
གསང་ཆེན་རྡོ་རྗེ་ཐེག་མཆོག་བསྒྲུབ་པ་བཀའ་བརྒྱད་ཀྱི་ལོ་རྒྱུས་རབ་བསྡུས་ས་བོན་ཙམ་དུ་སྨོས་པ་ལེགས་བཤད་བུམ་བཟང་།
   
   
   
   
   
   
   


 
previousགསང་ཆེན་རྡོ་རྗེ་ཐེག་མཆོག་བསྒྲུབ་པ་བཀའ་བརྒྱད་ཀྱི་ལོ་རྒྱུས་རབ་བསྡུས་ས་བོན་ཙམ་དུ་སྨོས་པ་ལེགས་བཤད་བུམ་བཟང་།next

གསང་ཆེན་རྡོ་རྗེ་ཐེག་མཆོག་བསྒྲུབ་པ་བཀའ་བརྒྱད་ཀྱི་ལོ་རྒྱུས་རབ་བསྡུས་ས་བོན་ཙམ་དུ་སྨོས་པ་ལེགས་བཤད་བུམ་བཟང་།

༄༅། །གསང་ཆེན་རྡོ་རྗེ་ཐེག་མཆོག་བསྒྲུབ་པ་བཀའ་བརྒྱད་ཀྱི་ལོ་རྒྱུས་རབ་བསྡུས་ས་བོན་ཙམ་དུ་སྨོས་པ་ལེགས་བཤད་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

༈ བདེར་གཤེགས་རྒྱལ་བ་ཡོངས་འདུས་སྤྱི་དཔལ་ཀུན་བཟང་པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། །

ངོ་བོ་དྲི་བྲལ་གདོད་ནས་རང་བྱུང་སྟོང་ཉིད་ཡེ་ཤེས་མཁའ། །རང་བཞིན་དཔག་ཡས་ཆོ་འཕྲུལ་དུ་མ་འོད་གསལ་ཡངས་པའི་ཀློང་། །ཐུགས་རྗེ་མཉམ་ཉིད་ཚད་མེད་བརྩེ་ཆེན་བདེན་གཉིས་ཡོངས་རྫོགས་དབྱིངས། །དབྱེར་མེད་དོན་དམ་སྐུ་གསུམ་བརྒྱུད་ལྡན་བླ་མར་གུས་ཕྱག་འཚལ། །བདེ་གཤེགས་མ་ལུས་འདུས་པའི་བསྒྲུབ་ཆེན་བརྒྱད། །རྒྱུད་ལུང་མན་ངག་ཟབ་མོའི་གདམས་པ་མཆོག །བརྒྱུད་པ་དགོངས་བརྡའ་གཏད་རྒྱ་བཀྲལ་སྙན་ཁུངས། །བབས་ཚུལ་ལོ་རྒྱུས་ས་བོན་ཙམ་འདིར་བཀོད། །

དེ་ཡང་འདིར་གྲངས་མེད་བྱང་ཆུབ་སྒྲུབ་པ་མཚན་ཉིད་རྒྱུ་ཡི་ཐེག་པ་ལས། ཆེས་འཕགས་འབྲས་བུ་སྔགས་ལས་ཀྱང་ཆེས་བསྔགས། རྨད་བྱུང་འདི་ཕྱིར་བར་དོ་གང་རུང་དུ་བྱང་ཆུབ་ཆེན་པོ་ཐོབ་པའི་ཉེ་ལམ་ནང་པ་ཐབས་རྒྱུད་རྡོ་རྗེ་ཐེག་པའི་བྱེ་བྲག་བླ་མེད་རྒྱུད་སྡེའི་དཀྱིལ་འཁོར་ཡོངས་གཙོ་བོ་བསྒྲུབ་ཆེན་བཀའ་བརྒྱད་དུ་གྲགས་པའི་བབ་ཚུལ་ལོ་རྒྱུས་སྤྱི་དང་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང་མདོར་བསྡུས་གྲགས་ཆེ་པའི་ལོ་རྒྱུས་དང་བསྟུན་ཅུང་ཟད་ས་བོན་ཙམ་དུ་འདིར་སྟོན་པ་ལ། དེ་ཡང་གསང་ཆེན་རྙིང་མའི་ལོ་རྒྱུས་སྐབས་སུ། བརྒྱུད་པ་དྲུག་ལྡན་དང་བདུན་ལྡན་ལྔ་ལྡན་གསུམ་ལྡན་སོགས་དུ་མར་སྟོན་པ་ལས། འདིར་ལྔ་ལྡན་ནམ་དྲུག་ལྡན་གྱི་སྒོ་བདུན་སྨོས་ཏེ། དེ་ལ་སྐུ་གསུམ་རྒྱལ་བ་དགོས་པས་བརྒྱུད་པ། རིག་འཛིན་རིག་བརྡས་བརྒྱུད་པ། མཁའ་འགྲོ་གཉེར་གཏད་རྒྱས་བརྒྱུད་པ། གྲུབ་ཐོབ་རྣལ་འབྱོར་བྱིན་རླབས་རྒྱ་བཀྲོལ་བརྒྱུད་པ། སྐལ་ལྡན་རྗེ་འབངས་གང་ཟག་སྙན་ཁུང་བརྒྱུད་པ། གཏེར་སྟོན་བླ་རབས་སྨོན་ལམ་གཏེར་ཆོས་བརྒྱུད་པ་དང་དྲུག་ལས། དང་པོ། ངོ་བོ་གདོད་ནས་རྣམ་པར་དག་པའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་སྐྱེ་མེད་གཤིས་ལུགས་གཉུག་མ་གཡོ་མེད་ངང་དུ། རང་བཞིན་གདང་གསལ་མ་འགགས་ཅིར་ཡང་སྣང་བ་སྣ་ཚོགས་པ་ཡི་དུས་དེར། ཐུགས་རྗེ་རིག་པ་རང་བྱུང་གཞི་ཡི་གནས་སུ་ཡང་དག་མངོན་པར་བྱང་ཆུབ་ཀུན་ཏུ་བཟང་པོ་ཞེས་ཡེ་སངས་རྒྱས་པའི་དགོངས་པ་དེ་ལས་མ་གཡོས་གཡོ་བ་མེད་པར་མཉམ་ཉིད་ངང་དུ་གནས་བཞིན་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འབྱམས་ཀླས་པར་སྣང་བ་འོད་གསལ་གཞོན་ནུ་བུམ་པ་ཅན་སྐུ་ཟངས་ཐལ་ཐིག་ལེ་ཉག་གཅིག་ཀློང་དུ་དཔྱོད་བྲལ་ཐམས་ཅད་མཁྱེན་པའི་བདག་ཉིད་དུ་གནས་ཤིང་དེ་ཡི་རང་ངོ་རང་བཞིན་རྣམ་པར་དག་པའི་སྣང་ཆ་གནས་ཆོས་དབྱིངས་དབུས་མཐའ་ཕྱོགས་མུ་བྲལ་བར་འོད་ལྔའི་གཞལ་ཡས་ཁང་དེས་མཚོན་དབྱིངས་ལས་འདས་པའི་མཁའ་ལ། སྟོན་པ་རང་བྱུང་རིག་པའི་ངོ་བོ་ཆོས་ཉིད་བྱ་རྩོལ་སྤྲོས་བྲལ་སྐུ་ཅན་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་བདེ་བར་གཤེགས་པའི་བདག་ཉིད་འཁོར་འདས་སྤྱི་དཔལ་ཀུན་ཏུ་བཟང་པོ་ལ། འཁོར་ཡེ་ཤེས་ཆ་ཤས་མདངས་ལས་སྣང་བ་རིགས་ལྔའི་རྒྱལ་བ་ལ་སོགས་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ཚད་མེད་བསམ་གྱིས་མི་ཁྱབ་པའི་རྣམ་པར་རྒྱ་མཚོས་སྟོན་པ་ལས་གདུལ་བྱ་གདུལ་བྱེད་མ་ཡིན་པ་རང་སྣང་མཉམ་ཉིད་དུ་ཤར་བ་ལྷུན་གྲུབ་གདོད་མའི་རང་ངོ་ལ། ཆོས་སྨྲ་བསམ་བརྗོད་བྲལ་ཆོས་ཉིད་དོན་དམ་བསྟན་པའི་སྙིང་པོ་ཡང་དག་དགོངས་པ་མངོན་དུ་སྟོན་པར་བྱེད་ཅིང་། དུས་འཕོ་འགྱུར་དང་བྲལ་ཆོས་ཉིད་གཡོ་བ་མེད་པའི་ངང་དུ་གནས་སོ། །

དེ་ཡི་ངང་ལས་གཞན་ངོ་གདུལ་བྱར་ཡང་དག་པའི་ཐུགས་རྗེ་ཆེན་པོའི་དབང་གིས། གནས་ཕུན་སུམ་ཚོགས་པ་དཔག་གིས་མི་ལངས་ཆོས་འབྱུང་དབྱིངས་ཀྱི་ཞིང་དུར་ཁྲོད་མེ་རི་འབར་བ། སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་དཔལ་ཆེན་པོ་ཀུན་ཏུ་བཟང་པོ་རང་བྱུང་དོན་གྱི་ཧེ་རུ་ཀ་གཞོན་ནུ་དཔའ་བོ་ཡབ་ཡུམ་ཟུང་འཇུག་གཉིས་མེད་མཉམ་པའི་ངང་ལས་མ་གཡོས་བཞིན་དུ། རོལ་པའི་འཁོར་ལོ་མཚན་དཔེ་དུ་མས་བརྒྱན་པ་ཅིར་ཡང་སྣང་བའི་སྐུ། གདུལ་བྱ་གདུལ་བྱེད་རང་རང་རིགས་ཀྱི་གཙོ་བོར་སྟོན་པས་མཛད་ཅིང་། བླ་ན་མེད་པའི་རྣལ་འབྱོར་དུ། དཔལ་གསང་འདུས་མི་བསྐྱོད། འཇམ་པའི་རྡོ་རྗེ། འཇིགས་བྱེད་དགྲ་ནག་དང་། གདོང་དྲུག གཤེད་དམར། སྒྱུ་མ་ཆེན་པོ། ཀྱཻ་རྡོ་རྗེ། སངས་རྒྱས་ཐོད་པ། བདེ་མཆོག་འཁོར་ལོ། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། དུས་ཀྱི་འཁོར་ལོ་ལ་སོགས་ཕ་མ་གཉིས་མེད་དུ་མའི་སྐུར་སྣང་བ་དང་། ཁྱད་པར་ཞི་བ་སྒྱུ་འཕྲུལ་དྲ་བ་འདུས་པ་དམ་པ་རིགས་བརྒྱ། རྡོ་རྗེ་དབྱིངས་དཀྱིལ། བདེ་གཤེགས་རིགས་ལྔ། དེ་ཉིད་རིགས་གསུམ། གསང་ཆེན་རིགས་གཅིག་པར་སྟོན་པ་དང་། དེ་བཞིན་ཁྲོ་བོ་སྒྱུ་འཕྲུལ་དྲ་བ་ཧེ་རུ་ཀར་ཤར་བ་བསྒྲུབ་པ་བཀའ་བརྒྱད་ཕལ་ཆེན་པོ། སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད། གསུང་སྨ་དབང་ཆེན་རྟ་མགྲིན་ཐུགས་ཡང་དག་བདེ་གཤེགས་སྙིང་པོ། ཡོན་ཏན་བདུད་རྩི་ཆེ་མཆོག་བདེ་བའི་འཁོར་ལོ། ཕྲིན་ལས་ཕུར་བུ་རྡོ་རྗེ་གཞོན་ནུ། མངོན་རྫོགས་མ་མོ་ཧེ་རུ་ཀ འཇིག་རྟེན་དྲེགས་པ་ཀུན་འདུལ། དྲག་སྔགས་སྟོབས་ལྡན་ནག་པོ། གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས་ཏེ། གཙོ་བོ་དགུ་ཤར་ཞིང་། དེ་ཉིད་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་དཔག་ཡས་ཚད་བཟུང་མཐའ་ལས་འདས་པའི་རང་བཞིན་ཅན་དེ་ལ་གདུལ་བྱ་མཆོག་ཏུ་དག་པ་ཡི་ཆོས་སྐུ་དག་པས་ལོངས་སྐུ། མ་དག་པར་སྤྲུལ་སྐུ་ཅིར་ཡང་སྣང་ཞིང་། འཁོར་ཕུན་སུམ་ཚོགས་པ་རང་གདངས་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའི་ངང་ཉིད་དུ། གཙོ་འཁོར་ཀུན་ཀྱང་གང་ལ་གང་འདུལ་ཞི་བ་ཁྲོ་བོ་ཞི་མ་ཁྲོ་ཡི་རྣམ་འགྱུར་གྲངས་མེད་སྟོན་ཞིང་། ཆོས་ཕུན་སུམ་ཚོགས་པ་དྲང་ངེས་ཐེག་པ་ཕྱི་ནང་གསང་བ་དེ་སྤྱི་དང་། ཁྱད་པར་གསང་བ་སྔགས་ཀྱི་རྡོ་རྗེ་ཐེག་པ་རྣམས་དང་། བྱེ་བྲག་ཏུ་བདེ་གཤེགས་འདུས་པ་ཆེན་པོའི་སྤྱི་རྒྱུད་ལྔ་དང་། སྒོས་རྒྱུད་བཅུ་ཡན་ལག་སྒྲུབ་ལུགས་སོ་སོའི་རྒྱུད་དཔག་ཏུ་མེད་པ་རྣམས་གསུངས་ཏེ། དུས་ཕུན་སུམ་ཚོགས་པ་རང་ངོ་ཐོག་མཐའ་བྱར་མེད་དུས་བཞི་མཉམ་ཉིད་རང་བྱུང་དག་པ་ཆེན་པོའི་ངང་། གདུལ་བྱ་འཇིག་རྟེན་འདི་ཡི་སྔོན་རོལ་དང་། མངོན་པར་ཆགས་པའི་དུས་དང་བདུད་ཀྱི་རྒྱལ་པོ་འཇིགས་བྱེད་དྲག་པོ་མ་ཏྲམ་རུ་ཏྲ་འདུལ་བའི་དུས་སོགས་སུ་བསྟན་པར་མཛད་པའོ། །

དེ་ལྟར་བཅོམ་ལྡན་འདས་ཡབ་དང་ཡུམ་སྲས་འཁོར་གཞལ་ཡས་ཁང་མངོན་པར་ཕྱུང་ནས་ཆོས་ཉིད་ཀྱི་རང་སྒྲ་བསྐུལ། གསུང་རྣམས་གདུལ་བྱའི་དོན་དུ་སྟོན་པ་ལས། ངེས་པ་ནི་ཉི་མ་དང་འོད་ཟེར་ལྟ་བུ་གཙོ་འཁོར་ཞི་ཁྲོ་རབ་འབྱམས་རིགས་མཐུན་རིག་འཛིན་བྱང་ཆུབ་སེམས་དཔའི་ཚུལ་སྣང་བ་ཀུན་ཐ་མི་དད་པ་ཐུགས་དགོངས་པ་གཅིག་ཏུ་མཉམ་ཞིང་ཆོས་སྟོན་བྱ་སྟོན་བྱེད་སོ་སོར་མ་གྱུར་བཞིན་སྟོན་པའི་ཚུལ་ཙམ་ལ་རྒྱལ་བ་དགོངས་པས་བརྒྱུད་པ་ཞེས་བྱའོ། །དེ་ནས་གཉིས་པ་རིག་འཛིན་རིག་པ་བརྡའ་བརྒྱུད་ཅི་ལྟར་བྱུང་བའི་ཚུལ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དག་པའི་འཁོར་ལོ་ཞིང་། ལྷ་ཚོགས་ཐམས་ཅད་ཆོས་ཉིད་དབྱིངས་མཉམ་པའི་ཀློང་དུ་བསྡུས་ཏེ་གདུལ་བྱ་ཐུན་མོངས་སྤྱིར་མི་སྣང་བར་གྱུར་ཚེ། ཀུན་ཏུ་བཟང་པོའི་ཐུགས་ཀྱི་ངོ་བོ་དང་གཉིས་སུ་མེད་ཅིང་། སྐུ་ཡི་ཞལ་ཚབ། གསུང་གསང་བའི་བདག་པོ་རྡོ་རྗེ་སེམས་དཔའ་ཞེས་བཅོམ་ལྡན་ཐམས་ཅད་ཀྱི་ཐུགས།རིག་པའི་ཡེ་ཤེས་རང་རྩལ་གཅིག་ཏུ་འདུས་པའི་ངོ་བོ་དེ་ལ་མཚན་གྱི་རྣམ་གྲངས་སུ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་རིག་འཛིན་རྡོ་རྗེ་ཆོས་མཆོག་དང་། རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་ཐོད་པའི་ཕྲེང་བ་ཅན། རྡོ་རྗེ་སྙིང་པོ། ཐུགས་ཀྱི་རྡོ་རྗེ། མི་ཡི་ཐོད་པ་ཅན་ལ་སོགས་མཚན་གྲངས་དུ་མར་འཆང་བ་དེ་ཉིད་ཀྱི་བཅོམ་ལྡན་འདས་ཀུན་བཟང་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པའི་རྣམ་འགྱུར། གསུང་གི་བརྡའ་ཐུགས་ཀྱི་དགོངས་དོན་མ་ལུས་ལུས་པ་མེད་པར་རྒྱུད་ཀྱི་རང་བཞིན་དུ་གཏན་ལ་ཕབས་ནས། ཐུགས་སུ་རབ་ཏུ་བསྡུས་ཤིང་འཁོར་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་ཐུགས་ཀྱི་ཡེ་ཤེས། རང་མདངས་རྩལ་ལས་གྲུབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མངོན་རྫོགས་ཀྱི་རིག་འཛིན་ཆེན་པོ་བརྒྱད་དང་། གཞན་ཡང་ས་ལ་གནས་པ། ཚེ་དབང་། ཕྱག་རྒྱ། ལྷུན་གྲུབ་སོགས་ཀྱི་རིག་འཛིན། བྱང་ཆུབ་སེམས་རྒྱུད་བསྡུ་བའི་ཆེད་དུ་རབ་ཏུ་འདུལ་ནས། རིག་འཛིན་རྡོ་རྗེ་ཆོས་མཆོག་སྟོན་པར་བཞེངས་ནས་རིག་པ་འཛིན་པ་དེ་འཁོར་བསམ་གྱིས་མི་ཁྱབ་པ་ཚོམ་བུའི་དཀྱིལ་དུ་བྱས་ནས། རང་རང་ཚིག་མཚམས་སྦྱོར་བ་དང་བཅས་ཏེ་མི་མངོན་རིག་པ་འཛིན་པའི་གནས་སུ་རྒྱུད་རྣམས་ཐོག་མར་ངག་ཏུ་བསྡུས་སོ། །དེ་ནས་སླར་ཡང་འོག་མིན་ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་ཏུ་གསང་གསུམ་བདག་པོའི་རིག་འཛིན་རྡོ་རྗེ་ཆོས་གཙོ་འཁོར་བྱང་སེམས་རིག་འཛིན་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་སྣང་བར་བྱས་ཏེ། དེའི་ཚེ་རྒྱལ་བའི་དགོངས་པ་ཡང་དག་སྙིང་པོ་གདུལ་བྱ་རྣམས་ལ་མངོན་པར་འཆར་བྱེད་རྒྱུན་མི་ཆད་པར་སྟོནཔའི་བཙས་སུ། གསང་བདག་རིག་འཛིན་ཆེན་པོ་རྡོ་རྗེ་ཆོས་དང་། རིག་འཛིན་བརྒྱད་ལ་སོགས་པའི་བཅོམ་ལྡན་འདས་དཔལ་ཆེན་པོས་སྐུ་གསུང་ཐུགས་ཀྱི་བརྡས་སྟོན་པའི་བདེ་གཤེགས་འདུས་པ་བཀའ་བརྒྱད་ཀྱི་རྒྱུད་སྤྱི་དང་བྱེ་བྲག་རེ་རེར་བྱོན་པ་དང་།

གཞན་ཡང་ཨ་ནུའི་ཏནྟྲ་རྩ་བ་ཡན་ལག་ཅི་སྙེད་པ་རྣམས་རིག་འཛིན་བརྒྱད་དང་། གཙོ་མཆོག་རྡོ་རྗེ་ཆོས་ཀྱི་ཐུགས་ནས་ཕྱུང་ཞིང་ངག་ཏུ་བསྡུས་པ་ཡང་གདུལ་བྱར་གྱུར་པ་རྣམས་ལ་ཡུན་རིང་དུ་ཕན་པའི་ཆེད་དུ་བརྗོད་བྱ་དོན་ཕྱིན་ཅི་མ་ལོག་པ་སྟོན་པའི་ཆེད་དུ་རྗོད་བྱེད་གདུལ་བྱའི་བརྡས་འདྲེན་པའི་ཡི་གེ་གསེར་གྱི་ཤོག་བུ་ལ་བཻཌཱུཪྻ་ཞུན་མ་ཡིས་སྣང་བར་བྱིན་གྱིས་བརླབས་ཤིང་། བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ་བསྡུས་བ་དང་ལྷིག་ལུང་གི་ཆོས་ལྔ་ཡང་སྟོན་པར་མཛད་དོ། །སྐབས་འདིར་གསང་བདག་རྡོ་རྗེ་ཆོས་ཆེ་བའི་མཆོག་དེས་རྒྱུད་རྣམས་ཡི་གེར་བཀོད་དང་དུས་མཚུངས་པར་ལྷ་ཡི་གནས་ཡོངས་འདུས་པ་རྡོལ་ཨ་མོ་ལི་ཀའི་ཚལ་དང་། གནོད་སྦྱིན་ལྕང་ལོ་ཅན་དང་། ཁྱད་པར་དུར་ཁྲོད་བསིལ་བའི་ཚལ་ལ་སོགས་པར་གསང་བའི་བདག་པོ་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་ཕྱག་ན་རྡོ་རྗེའི་སྐུར་བཞེངས་ནས་དྲེགས་པའི་རྒྱུད་དང་། སྟོབས་ལྡན་ནག་པོར་སྤྲུལ་ནས་དྲག་སྔགས་ཀྱི་རྒྱུད་རྣམས་གསུང་བར་མཛད་པ་ཡིན་ཞེས་བདག་གི་རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་འཛིན་པའི་ཞལ་སྔ་ནས་གསུངས་ཏེ། ཤིན་ཏུ་མད་པ་ཉིད་དོ། །དེ་ལྟར་མངོན་བྱང་མྱང་འདས་དཀྱིལ་འཁོར་ཐུགས་གསུང་ཡོན་ཏན་ཕྲིན་ལས་བཞི་དང་། འཇིགས་འདས་གཟུགས་སུ་སྣང་བ་སྐུ་དང་མངོན་རྫོགས་ཏེ་དཀྱིལ་འཁོར་དྲུག དེ་ལ་འཇིག་རྟེན་དྲེགས་པའི་དཀྱིལ་འཁོར་གཉིས་བསྣན་པས་བསྒྲུབ་པ་བཀའ་བརྒྱད་དུ་གྲགས་པ་སྟེ། དེ་ལྟར་དཀྱིལ་འཁོར་བརྒྱད་ཀྱི་གཙོ་བོ་རྣམས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཧེ་རུ་ཀ་ཤ་སྟག་ཀྱང་དཀྱིལ་འཁོར་འཁོར་གྱི་ཚུལ་དུ་སྣང་བ་རྣམས་ཀུན་རྫོབ་ཙམ་དུ་འཇིག་རྟེན་འདས་དང་མ་འདས་པའི་ཚུལ་ལ་མཚན་གྱི་ཐ་སྙད་དེ་ལྟར་ཁ་ཅིག་ནས་མཛད་པ་ཡིན་ནོ། །རྒྱུད་དེ་དག་གི་སྡུད་པ་པོ་རིག་པའི་རྒྱལ་པོ། རིག་འཛིན་བླ་མ་ཉིད་དཀྱིལ་འཁོར་དུ་འདྲེན་པའི་དཔལ་དགུའི་དཀྱིལ་འཁོར་ཞེས་གྲགས་སོ། །ཡང་ཡོ་ག་ལ་ལའི་ལོ་རྒྱུས་སྐབས་སུ་དཔལ་ཀུན་ཏུ་བཟང་པོས་མི་མངོན་དབྱིངས་སུ་བསྟན་པའི་རྒྱུད་རྣམས་གསང་བའི་བདག་པོས་བསྡུས་ཏེ། སླར་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར་དམ་པའི་རིགས་ཅན་དྲ་མ་ལྔ་ལ་སོགས་པར་གསང་བའི་བདག་པོས་སྟོན་པར་མཛད་པའི་དུས་དེ་ཉིད་དང་། དྲེགས་པ་འདུལ་བའི་དུས་མཚུངས་པར་གསུང་བ་ཡང་གོང་དང་མི་འགལ་ཞིང་།

སྒྱུ་འཕྲུལ་དཔག་པར་དཀའ་བ་ཉིད་ཀྱིས་སོ། །དེ་ལྟར་རིག་པ་འཛིན་པ་ཞེས་ཆོས་སྐུའི་རིགས་ལ་ལོངས་སྐུའི་བསྟན་པ་འཛིན་པའམ། ལོངས་སྐུའི་རིགས་ལ་སྤྲུལ་སྐུའི་བསྟན་པ་འཛིན་པས་རིག་འཛིན་ནམ་ཡང་ན་དཀྱིལ་འཁོར་སོ་སོའི་རིགས་དང་ཡོན་ཏན་མ་ལུས་པ་འཛིན་པས་རིག་འཛིན་དང་། ཆོས་དོན་མ་ལུས་བརྡར་ཤར་ཞིང་ཡོངས་སུ་རྫོགས་པས་རིག་འཛིན་བརྡའ་རྒྱུད་ཞེས་བྱའོ། །དེ་ནས་གསུམ་པ་མཁའ་འགྲོ་གཏད་རྒྱ་གཉེར་གཏད་ཀྱི་བརྒྱུད་པ་ནི། རིགས་དང་དཀྱིལ་འཁོར་རིག་འཛིན་ཡོངས་གཙོ་ཀུན་བཟང་རྡོ་རྗེ་ཆོས་མཆོག་རེ་ཞིག་མི་ཡི་ཡུལ་དུ་དུས་ལ་མ་བབ་པས་དེས་ན། འཇིག་རྟེན་འདི་ན་མཐུ་སྟོབས་ཆེ་ཞིང་དྲེགས་པ་ཐམས་ཅད་དབང་དུ་བསྒྱུར་བ། མ་ཡི་མ་ཆེན། རྗེ་ཡི་ཡང་རྗེ། མཁའ་འགྲོ་ཡོངས་ཀྱི་བདག་མོ། རྣལ་འབྱོར་མ་རྣམས་ཀྱི་གཙོ་མོ། འཁོར་འདས་ཡེ་ཤེས་ལས་ཀྱི་མངའ་བདག་མོ། འདོད་དོ་དགུ་བསྒྱུར་བའི་འཁྲུལ་ཅན། མཚན་གྱི་རྣམ་གྲངས་དུ་མར་གྲགས་ཤིང་། སྲིད་པ་ན་ཨུ་མ་དྷེ་ཝི། མ་མོ་ཉི་ཟླའི་ཕྲེང་བ་ཅན། རྣལ་འབྱོར་མ་བདེ་བའི་དངོས་གྲུབ། མཁའ་འགྲོ་མ་ཀུན་དགའ་མོ། རྗེ་བཙུན་ལས་ཀྱི་དབང་མོ་ཆེ་དང་། གསང་བ་ཡེ་ཤེས་རིག་བྱེད་མ་ཞེས། གཞན་དུ་ནི་སྨུག་ནག་དབང་གི་མཁའ་འགྲོ་དང་། རྡོ་རྗེ་ཁྲོ་མོ་རག་གདོང་མ་ཡང་གྲགས་པ། དོན་དམ་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་མངོན་དུ་སྣང་བ། ཡུམ་ཆེན་ཀུན་ཏུ་བཟང་མོ་ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས་ཀྱི་ངོ་བོ་ཉིད་དེ་ལ་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པར་གཉེར་གཏད་བདག་པོར་བསྒོས་ནས། མཆོག་གི་རིན་ཆེན་རྣལ་འབྱོར་རྣམས་ལ་བསྟན་པའི་བཙས་སུ་དངོས་གྲུབ་ཏུ་བྱིན་ཞེས་བཀའ་ལུང་གདམས་ཤིང་། དེས་ཀྱང་འཛིན་ཅིང་འཆང་བར་མཛད་དེ། ཏནྟྲ་སྡེ་བཅོ་བརྒྱད་པོ་རྩ་བ་ཡན་ལག་གི་སྐོར། ལ་ལ་ནི་མི་མངོན་དབྱིངས་སུ་རིག་འཛིན་བྱང་སེམས་མཁའ་འགྲོ་རྣམས་ཀྱིས་བཟུང་ཞིང་། ལ་ལ་ནི་ཨོ་རྒྱན་གྱི་གསང་མཛོད་རྣམས་སུ་མཁའ་འགྲོ་མ་རིགས་གསུམ་ལ་འཛིན་པར་གདམས་ཤིང་། ལ་ལ་ནི་མཁའ་སྤྱོད་གསང་ཆེན་རོལ་པའི་དུར་ཁྲོད་སོགས་གཞན་ཡང་གནས་ཡུལ་རྣམས་སུ་ཡེ་ཤེས་ལས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་ལ་གཉེར་དུ་གཏད་པར་མཛད་ཅིང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་སྡེ་སྤྱི་དང་བྱེ་བྲག་རྣམས། མི་དང་སྲིན་པོའི་ཐོད་པ་དང་རིན་པོ་ཆེ་ཡི་སྒྲོམ་བུ་རུ་སོ་སོར་གཞུག་པར་མཛད་དེ།

སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོ་སོའི་རྒྱས་གདབ་ནས་བཀུར་ཞིང་མཆོད་པར་བྱེད་ཅིང་། དེ་ནས་མཁའ་འགྲོ་མ་གསང་བ་ཡེ་ཤེས་ལས་ཀྱི་དབང་མོ་ཆེ་དེ་ཡི་འཁོར་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོའི་ཚོགས་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་འདུས་པར་རྒྱུད་རྣམས་གཏེར་དུ་སྦ་བར་བཀའ་བསྒྲོས་པས། དྲེགས་པ་ཅན་རྣམས་གནས་ལ་མ་འཆམ་སྟེ། མ་མོ་མཁའ་འགྲོ་རྣམས་དཔག་བསམ་ཤིང་ལ་སྦ་བར་འདོད་པ་དང་། ལྷ་ཡི་རི་རབ་རྩེ་རྣམ་པར་རྒྱལ་བའི་ཁང་བཟང་། ཀླུའི་རྒྱ་མཚོའི་གཏིང་། བདུད་ཀྱི་མུན་གླིང་བདུད་མཁར་རྩེ་དགུ། རྒྱལ་པོས་གནམ་གྱི་ཤེལ་མཁར་རྩེ་དགུ། གཤིན་རྗེ་རི་རབ་འོག་ལྕགས་མཁར་ནག་པོ། གཟའ་ཡི་ནམ་མཁའི་མཐོང་ཉི་ཟླའི་ཁང་པ། རྨུ་ཡི་སྨུ་ཡུལ་རྨུ་མཁར་རྩེ། གནོད་སྦྱིན་གྱི་རི་རབ་བྱང་ཤར་ལྕང་ལོ་ཅན། སྲིན་པོས་ལངྐ་པུ་རི་སྲིན་མཁན་དགུ་རྩེགས། བགེགས་ཀྱི་བགེགས་གླིང་འདྲེ་མཁར་སྐྱ་བོ་འོད་ཅན། བཙན་གྱི་བྲག་དམར་བཙན་མཁར་ལྡེམ་པའི་རྩེ་ལ་སྦ་དགོས་ཞེས། རང་རང་ཐོབ་ཤ་བྱས་པའི་ཚེ་གཙོ་མཆོག་རྡོ་རྗེ་རྣལ་འབྱོར་མ་གསང་བ་ཡེ་ཤེས་ལས་ཀྱི་དབང་མོ་ཆེས་དུར་ཁྲོད་རི་གླིང་བསིལ་བའི་ཚལ། འདུ་བུའི་ཚལ་ཞེས་བྱ་བ། འཛམ་གླིང་ཆོས་ཀྱི་འབྱུང་གནས་ཀྱི་དབུས་གླིང་ཡུལ་པོ་གཉིས་ཀྱི་གཙོ་བོ། གནས་ཉེར་བཞིའི་སྙིང་པོ་དུར་ཁྲོད་བརྒྱད་ཀྱི་མཆོག་ཏུ་གྱུར་པ་དེ་རུ་ལྷ་སྲིན་སྡེ་བརྒྱད་དྲེགས་ཚོགས་ཐམས་ཅད་བསྡུས་ནས་ཚོགས་ཀྱི་འཁོར་ལོ་དང་བཅས་ཏེ་བཀའ་སྩལ་པ། ཀྱེ་ཧོཿ ལྷ་སྲིན་དྲེགས་པ་འདུས་པའི་འཁོར་ཚོགས་ཉོནཿ གསང་སྔགས་ཟབ་མོ་དགོངས་པའི་སྙིང་ཕྱུང་བ། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཀློང་ནས་གསུངས། །རིགས་ལྔ་ལ་སོགས་འདུས་པའི་འཁོར་གྱིས་ཉོན། །ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་སྤྲུལ་ནས། །འཁོར་གྱི་ཁྲོ་ཚོགས་རིག་འཛིན་རྣམས་ལ་གསུངས། །བསྟན་པ་མི་ནུབ་ཡུན་དུ་གནས་བྱའི་ཕྱིར། །རིག་འཛིན་རྣམས་ཀྱི་གསེར་གྱི་གླེགས་བམ་བྲིས། །བཀའི་བསྲུང་མ་བདག་ཅག་རྣམས་ལ་གཏད། །ཁྱེད་རྣམས་རང་རང་འདོད་པ་མ་སྨྲ་བར། །དུར་ཁྲོད་བསིལ་བའི་ཚལ་ཞེས་བྱ་བ་འདིར། །བཾ་རོ་གསར་རྙིང་མང་པོ་གནས་པའི་ས། །གཅན་གཟན་གདུག་པ་ཅན་རྣམས་རབ་ཏུ་འདུ། །ལངྐ་འདབ་ཆགས་མང་པོ་སྤྲིན་ལྟར་གཏིབས། །རང་བྱུང་མཆོད་རྟེན་ཆེན་པོ་འདི་ན་བཞུགས། །ལྷ་སྲིན་ཐམས་ཅད་འདུས་ནས་བྱེད་པའི་ས། །རྣལ་འབྱོར་ཀུན་གྱི་བརྟུལ་ཞུགས་སྤྱོད་པའི་གནས། །གསང་སྔགས་ཟབ་མོ་བཞུགས་པའི་གནས་སུ་བཟང་། །ལྷ་སྲིན་ཐམས་ཅད་འདུས་ལ་མཆོད་པར་བྱོས། །ཞེས་གསུང་པར་ལྷ་སྲིན་དྲེགས་པ་ཀུན་ཉན་ནས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དེ་ཉིད་ཀྱི་དབུས་མཆོད་རྟེན་བདེ་བྱེད་རྩེགས་པ་ཞེས་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཚད་ཆོས་འཁོར་ལས་ལྷག་པའི་བཅོམ་འདས་བཞེངས་པའི་ཚད་དུ་སྣང་བ། དེ་ཡང་ཕྱི་མཆོད་རྟེན་ནང་གཞལ་མེད་ཁང་དུ་གྱུར་པར། ཆོས་རྣམས་རི་རབ་སྲོག་ཤིང་དཔག་བསམ་ལྗོན་པའི་དཔེར་བྱས་ཏེ། ཟུག་པ་རྩ་བ་ལྟ་བུར་མཆོད་རྟེན་སེང་ཁྲིར་བདེ་གཤེགས་སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་སྦས། འགྲིལ་བ་སྡོང་པོ་ལྟ་བུར་བཀའ་བརྒྱད་བདེར་གཤེགས་འདུས་པའི་རྒྱུད་སོགས་མི་ཡི་ནོར་བུ་བསམ་འཕེལ་རིན་ཆེན་སྣ་ཚོགས་ཀྱི་ཕྲས་བརྒྱན་པའི་སྒྲོམ་བུ་ནི་མཆོད་རྟེན་བུམ་པའི་དབུས་སུ་སྦས། གྱེས་པ་ཡལ་གའི་ཚུལ་བསྒྲུབ་སྟེ་བྱེ་བྲག་རྒྱུད་རྣམས་རྣམས་གསེར་དངུལ་ལྕགས་ཟངས་གཡུ་བསེ་མཆོང་གཟི་ཡི་སྒྲོམ་བུར་བུམ་པའི་ཕྱོགས་མཚམས་བརྒྱད་དུ་སྦས། གསལ་བ་མེ་ཏོག་ལྟ་བུར་གསང་བ་འདུས་པའི་རྒྱུད་སོགས་ཤེལ་གྱི་སྒྲོམ་བུར་བུམ་པའི་བྲེ་ལ་སྦས། སྨིན་པ་འབྲས་བུ་ལྟ་བུར་གྱུར་པ་རང་ཤར་རྒྱུད་ལ་སོགས་པ་བཻཌཱུཪྻའི་སྒྲོམ་བུར་ཆོས་འཁོར་དུ་སྦས། འབྲས་བུའི་བཅུད་ལྟར་སངས་རྒྱས་མཉམ་སྦྱོར་ལ་སོགས་ཨ་ཏིའི་རྒྱུད་རྣམས་ཡིད་བཞིན་ནོར་བུ་བསམ་འཕེལ་སྒྲོམ་བུར་གདུགས་ཀྱི་དབུས་སུ་སྦས། ཡང་གསང་བླ་མེད་ཨ་ཏི་ནག་པོ་ལ་སོགས་རྫོགས་ཆེན་སྙིང་པོའི་སྐོར་རྣམས་འོད་ཀྱི་གོང་བུར་མཆོད་རྟེན་གྱི་རྩེ་ཏོག་ལ་སྦས་ཤིང་རྒྱས་བཏབ་སྟེ། ཡེ་ཤེས་དང་ལས་ཀྱི་དཔའ་བོ་མཁའ་འགྲོ་དྲེགས་པ་མཐའ་དག་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་རྒྱུད་སྡེ་རྣམས་བསྲུང་བར་གཉེར་གཏད་ཅིང་། དེ་དག་གིས་ཀྱང་རྒྱུད་སྡེ་རྣམས་ལ་མཆོད་བཀུར་བསྲུང་བ་རྒྱུན་མི་ཆད་པར་མཛད་ཅིང་རྒྱུད་དེ་དག་གནས་པའི་པར་ཆོ་འཕྲུལ་གྱི་སྣང་བ་རབ་ཏུ་འཆར་བར་བྱེད་དོ། །

དེ་ལྟར་ཆོས་ཐམས་ཅད་བཅོམ་ལྡན་འདས་རིག་པ་འཛིན་པས་ཡེ་ཤེས་མཁའ་འགྲོའི་གཙོ་ལ་གཉེར་དུ་གཏད་ཅིང་། དེས་ཀྱང་བདག་གིར་མཛད་དེ་རང་རང་ཕྱག་རྒྱས་བཏབ་སྟེ་མཁའ་འགྲོ་དྲེགས་པའི་ཚོགས་ཆོས་ཀྱི་བསྲུང་མར་བརྐོས་ཤིང་འཛད་མེད་གཏེར་དུ་བཙས་པ་དང་། བསྟན་པ་འཕེལ་ཕྱིར་རིག་འཛིན་རྣམས་ལ་དུས་སུ་སྣང་ཞིང་བདེ་བར་གཤེགས་པའི་ཆོས་རབ་ཏུ་གནས་པར་བྱེད་པ་མཁའ་འགྲོ་གཏད་རྒྱ་གཉེར་གཏད་བརྒྱུད་པ་ཞེས་བྱའོ། །དེ་ནས་བཞི་པ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་དེ་རྣམས་མི་ཡུལ་དུ་ཇི་ལྟར་སྣང་བའི་ཚུལ་ལ། ཐོག་མར་མི་ཡུལ་དུ་དངོས་གྲུབ་རྣལ་འབྱོར་བྱིན་རླབས་རྒྱ་བཀྲོལ་བརྒྱུད་པའི་རིམ་པ་ལ། བཅོམ་ལྡན་འདས་སྤྲུལ་པའི་སྐུ་ཉེ་ལམ་སྔགས་ཀྱི་ཐེག་པ་འབྱུང་འགྱུར་ལུང་བསྟན་ཞིང་། རྡོ་རྗེ་ཐེག་པའི་ཆོས་མི་ཡུལ་དུ་ཇི་ལྟར་སྣང་བའི་ཚུལ་ལ། གསང་བདག་ཀུཉྫར་མི་རུ་སྣང་བ་རྒྱལ་པོ་ཨིནྡྲ་བྷོ་དྷེ་ཛ་ཞེས་པར། རྨི་ལྟས་ཡ་མཚན་པ་བདུན་ཤར་ཞིང་། མི་མངོན་རིག་འཛིན་མཁའ་འགྲོའི་ཕྱག་གིས་གླེགས་བམ་ཕོ་བྲང་རྩེར་བབ་ཅིང་། རྒྱལ་པོ་གྲུབ་པ་རབ་ཏུ་བརྙེས་སོ། །དེ་ནས་ཡུན་ཇི་ལྟར་རིག་པ་ཉིད་ན། འོག་མིན་ཆོས་ཀྱི་དབྱིངས་ནས་རིག་འཛིན་རྡོ་རྗེ་ཆོས་ཆེ་བའི་མཆོག་དེ་ཡི། ཐུགས་ཀྱི་ཡེ་ཤེས་དགུ་ཡི་རང་མདངས་ལས། མི་ཡུལ་དུ་བཀའ་བརྒྱད་རིག་པ་འཛིན་པ་བརྒྱད། རིག་འཛིན་གཙོ་མཆོག་རྒྱལ་བ་པདྨ་འབྱུང་གནས་ཉིད་བཅས་དགུ་རུ་སྣང་ཞིང་། དེ་ནས་རིག་འཛིན་ཆེན་པོ་བརྒྱད་རང་གྲུབ་པ་བརྙེས་ཤིང་དུར་ཁྲོད་བརྒྱད་དུ་དགོངས་པ་ལ་ཞུགས་པའི་ཚེ། དུར་ཁྲོད་བསིལ་བའི་ཚལ་དུ་ཉིན་བཞིན་ཐོག་སེར་འཁྲིག་ཅིང་། མཚན་མོའི་མེ་འོད་གློག་ཁྱུུག་དབུས་སུ། མཁའ་འགྲོ་དྲེགས་ཚོགས་ཀྱི་མཆོད་སྤྲིན་རོལ་མོ་དུ་མ་བཅས་ཕྱག་སྐོར་བྱེད་པ་དེ་མཁྱེན་པའི་སྤྱན་གྱིས་མཐུན་པར་གཟིགས་ཤིང་ཡ་མཚན་དེ། ནམ་མཁའི་ལམ་ལ་རྫུ་འཕྲུལ་གྱི་མཆོད་རྟེན་དྲུང་དུ་དུས་གཅིག་ལ་འདུས་ཏེ། ཐུན་མོང་མ་ཡིན་པའི་ཆོས་བཞུགས་པར་ཤེས་ཤིང་དེ་ཉིད་བླང་བའི་དུས་ལ་བབ་པར་དགོངས་པ་གཅིག་པས་བཀའ་བསྒྲོས་ཚེ། མ་ཧཱ་གུ་རུ་རིན་པོ་ཆེ་ཡི་ཞལ་ནས། ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཡི་དམ་ལ་དངོས་གྲུབ་ཞུ་ན་ལེགས་ཞེས་གནང་བས། སློབ་དཔོན་རྣམས་མཐུན་པར་གྷ་ན་ཙཀྲ་རྒྱ་ཆེ་བར་བཤམས་ཏེ། ཡི་དམ་ལ་གསོལ་བ་བཏབ། མཁའ་འགྲོའི་ཐུགས་དམ་བསྐང་། ཆོས་སྐྱོང་དམ་ཅན་དབང་དུ་བསྡུ་བའི་དགོངས་པ་ལ་ཞག་བདུན་སོང་བའི་ནུབ་མོར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་འཁོར་དང་བཅས་པས། སློབ་དཔོན་རྣམས་ལ། ཨེ་མ་ཧོཿ སྐུ་ནི་ལྷར་གསལ་གསུང་ཉིང་སྔགས་སྒྲ་སྒྲོགས། །ཐུགས་ནི་མཉམ་ཉིད་རྡོ་རྗེ་ལྟ་བུ་ལ། །སྤྲུལ་པ་སྣ་ཚོགས་སྟོན་མཛད་སློབ་དཔོན་བརྒྱད། །བཀའ་བཞིན་ཅི་སྩལ་གསུང་ནི་ཅི་ལྟར་ཉན། །ཞེས་གསོལ་བ་བཏབ་པས་སློབ་དཔོན་བརྒྱད་ཀྱིས་གསུང་གཅིག་ཏུ། ཨེ་མ་ཧོ། འདུས་པའི་འཁོར་ཚོགས་མཁའ་འགྲོ་མང་པོ་དང་། །བདུད་དང་གཤིན་རྗེ་ལ་སོགས་ལྷ་སྲིན་རྣམས། །བཀའ་བཞིན་བྱེད་ན་ཁྱེད་རྣམས་མཆོད་བྱེད་པའི། །རིན་ཆེན་སྒྲོམ་རྣམས་ད་ལྟ་ངེད་ལ་བྱིན། །ཞེས་བསྩལ་བས། སྔོན་བཅོམ་འདས་རིག་འཛིན་ཆེན་པོས་ཇི་ལྟར་བསྒོས་བཞིན་དུ། དྷཱ་ཀིའི་གཙོ་མོ་ཆེན་པོ་དེས། མཆོད་རྟེན་ནས་རིན་ཆེན་སྒྲོམ་བུ་བརྒྱད་རྒྱ་བཀྲོལ་ཏེ། སློབ་དཔོན་བརྒྱད་ལ་དངོས་གྲུབ་ཏུ་བྱིན་ཏེ། དེ་ཡང་། འཇམ་དཔལ་བཤེས་གཉེན་ལ་ལྕགས་ཀྱི་སྒྲོམ་བུ། དེ་བཞིན་ཀླུ་སྒྲུབ་སྙིང་པོར་ཟངས་སྒྲོམ། ཐུགས་ཀྱི་འབྱུང་གནས་ལ་བསེ་སྒྲོམ། ཕྱག་རྒྱ་ཆེན་ལ་གསེར་སྒྲོམ།པདྨ་འབྱུང་གནས་ལ་གཡུ་སྒྲོམ།སྦྱིན་པ་ལེགས་སྦྱར་ལ་བསེ་སྒྲོམ། ཟླ་གསང་ལ་མཆོང་སྒྲོམ། ཞི་བ་སྙིང་པོར་གཟི་སྒྲོམ་རྣམས་གཏད་ཅིང་། བཀའ་བསྲུང་དྲེགས་པའི་ཚོགས་ཀྱིས་སྲོག་གི་སྙིང་པོ་ཡང་དུས་དེར་ཕུལ་ལོ། །དེ་ཡང་སྐབས་འདིར་ལོ་རྒྱུས་འགར་རྡོ་རྗེ་ཕུར་པའི་ཆོས་སྒྲོམ་རུས་པ་ལས་གྲུབ་པ་དེ་ཉིད་སློབ་དཔོན་འོད་ཟེར་གླང་པོ་ལ་བསྩལ་བར་བཤད་པ་དང་། རིག་འཛིན་རྡོ་རྗེ་ཆོས་ཐུགས་ཀྱི་ཡེ་ཤེས་དགུ་ཡི་རང་མདངས་རིག་འཛིན་དགུར་ངེས་ཤིང་། བྱེ་བྲག་གུ་རུ་རིན་པོ་ཆེས་པྲ་ཝ་ཧ་སྟིར་ཕུལ་པ་གསན་པའི་ལོ་རྒྱུས་བཅས། དེས་ན་དོན་ལ་གནས་པར་གོར་མ་ཆག་སྟེ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པས་སོ། །དེ་ནས་རིག་འཛིན་བརྒྱད་པོས་དངོས་གྲུབ་བརྙེས་པའི་ཆོས་སྒྲོམ་རྫུ་འཕྲུལ་གྱིས་བསྣམས་ནས་རང་རང་གནས་སུ་ཞལ་ཕྱེས་པས་གསེར་གྱི་སྒྲོམ་བུར་བདུད་རྩི་སྨན་གྱི་སྐོར། དངུལ་སྒྲོམ་ནས་ཡང་དག་ལྕགས་སྒྲོམ་ནས་གཤིན་རྗེ། ཟངས་སྒྲོམ་ནས་རྟ་མགྲིན། གཡུ་སྒྲོམ་ནས་ཕུར་པ།བསེ་སྒྲོམ་ནས་མ་མོ། མཆོང་སྒྲོམ་ནས་མཆོད་བསྟོད།གཟི་སྒྲོམ་ནས་དྲག་སྔགས་ཀྱི་ཆོས་རྣམས་བྱུང་ཞིང་། རིན་པོ་ཆེ་སྣ་ཚོགས་ལས་བྱས་ཆོས་སྒྲོམ་ནི་མཁའ་འགྲོས་རྒྱ་མ་བཀྲོལ་ཞིང་རིག་འཛིན་རྣམས་ཀྱིས་མ་ཁྲོལ་བར་རེ་ཞིག་མཁའ་འགྲོ་དྲེགས་པའི་ཚོགས་ཀྱི་སྔར་བཞིན་དུ་མཆོད་དོ། །དེ་ནས་སློབ་དཔོན་ཆེན་པོ་བརྒྱད་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་བྱེ་བྲག་བཀའ་བབ་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པས་རིགས་ཀྱི་དཔལ་ཆེན་ཡབ་ཡུམ་ཞལ་མངོན་སུམ་དུ་གཟིགས་ཤིང་། དེ་དང་མི་གཉིས་པར་ཡོན་ཏན་ཡོངས་རྫོགས་འཛིན་གྱུར་རྒྱལ་བའི་ལུང་གི་ཕོ་ཉ་ཡོངས་ཀྱི་གཙོ་མཆོག་ཆེན་པོ་བརྙེས་ཤིང་མཁས་པར་གྱུར་ཏོ། །

དེ་ཡི་ཚེ་ཕྱོགས་དུས་རྒྱལ་བའི་ཐུགས་གསུང་སྐུའི་ངོ་བོ་གཅིག་བསྡུས་ཚེ་འོད་དཔག་མེད་རྡོ་རྗེ་དངོས་པདྨ་འབྱུང་གནས་དེ་ཉིད་ངེས་པར་གསང་སྔགས་སྟོན་མཛད་ཧེ་རུ་ཀ་དཔལ་ཉིད་དུ་གྱུར་ཡང་། གདུལ་བྱ་དྲངས་ཕྱིར་རིག་འཛིན་སློབ་དཔོན་བརྒྱད་བླ་མར་བརྟེན་ནས་བཀའ་བརྒྱད་བྱེ་བྲག་གི་རྒྱུད་ལུང་མན་ངག་མ་ལུས་ལུས་པ་མེད་པར་གསན་ཞིང་ཐུགས་ལ་ལོན་ཏེ་སྒྲུབ་མ་ཐག་ཏུ་ལྷ་སོ་སོའི་ཞལ་གཟིགས་ཤིང་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་བཅུད་ཐུན་མོང་མ་ཡིན་པ་ཐུགས་ལ་ཤར་ཞིང་དཀའ་བའི་གནས་ཀུན་ཁྲོལ་བར་མཛད་དོ། །དེ་ཡི་ཚེ་མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་སྔར་རྒྱ་མ་ཁྲོལ་བའི་རིན་ཆེན་སྣ་ཚོགས་ཀྱི་སྒྲོམ་བུ་དེ་ཉིད་འདོན་པར་མཁའ་འགྲོ་མ་གསང་བ་ཡེ་ཤེས་ལས་ཀྱི་དབང་མོ་ཆེས་བསྐུལ་ཞིང་དུས་ལ་བབ་པར་མཁྱེན་ནས་སྤྱན་དྲངས་ནས་ཞལ་ཕྱེས་པ་བདེ་གཤེགས་འདུས་པའི་རྒྱུད་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གཅིག་ཏུ་རྫོགས་པའི་ཟབ་ཆོས་སྔོན་ཆད་ས་སྟེང་དུ་མ་གྲགས་པ་དེ་ཉིད་བྱུང་ཞིང་། གཞན་ཡང་མཆོད་རྟེན་དེ་ཉིད་ལ་བཞུགས་གཏེར་ལྷག་མ་མ་ལུས་པར་ཕྱག་ཏུ་བཞེས་ཤིང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཞོན་ནུ་དང་། རིག་འཛིན་ཀུཉྫ་ར་ལ་སོགས་པས་གསང་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་མ་ལུས་པའི་བཀའ་དབང་བསྒྱུར་བར་མངའ་གསོལ་ཞིང་། དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབ་པའི་ཚུལ་མཛད་པས་རྒྱལ་བ་ཞི་ཁྲོ་རབ་འབྱམས་མ་ལུས་པའི་ཞལ་རང་རང་གཉིས་སུ་མེད་པར་གཟིགས་ཏེ། ཚེ་དབང་ཕྱག་རྒྱ་ཆེ་མཆོག་ལྷུན་གྱིས་གྲུབ་པ་རྡོ་རྗེ་འཛིན་གྱུར་བརྙེས་སོ། །དེ་ཡི་དུས་སུ་རིག་འཛིན་ཆེན་པོ་བརྒྱད་ཀྱིས་བདེ་གཤེགས་འདུས་པའི་ཆོས་སྒོ་དབྱེ་བར་གསོལ་བ་འདེབས་པས་སྔར་གྱི་བཀའ་དྲིན་བསབ་པའི་ཚུལ་གྱིས་རྒྱུད་ལུང་མན་ངག་ཡོངས་རྫོགས་ཕུལ་བས། མཁའ་འགྲོ་རིག་འཛིན་ཆོས་སྐྱོང་རྣམས་ཀྱིས་རབ་ཏུ་བསྔགས་པར་མཛད་ཅིང་གསང་སྔགས་ཀྱི་སྟོན་པ་ཆེན་པོར་གྱུར་ཏེ། མི་ཡི་གནས་སུ་མཚན་ལྔ། མཚན་བརྒྱད། མཚན་ཉི་ཤུ། མཚན་བརྒྱད་ཅུ་སོགས་བསམ་གྱིས་མི་ཁྱབ་པས་གདུལ་བྱ་འདུལ་ཞིང་། དེ་བཞིན་ལྷ་ཡི་གནས་སུ་གུ་རུ་གཙུག་ཕུད་འོད་འཕྲོ་དང་། ཀླུ་ཡི་གནས་སུ་གུ་རུ་འཇོག་པོ་ཁྱུང་གཤོག་ཅན་དུ་སྣང་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སྤྱིར་རིགས་དྲུག་ཏུ་གུ་རུ་དྲུག་ཏུ་སྤྲུལ་ཞིང་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་གུ་རུ་ཡི་སྒྱུ་འཕྲུལ་དཔག་གིས་མི་ལང་པས་འགྲོ་བའི་དོན་རྒྱུན་མི་ཆད་པར་མཛད་དོ། །དེ་ལྟ་ཡང་མ་ཧཱ་ཏནྟྲ་སྡེ་བཅོ་བརྒྱད་སོགས་རྒྱལ་པོ་ཛ་ལ་བབ་པ་དང་། བདེ་གཤེགས་འདུས་པའི་དཀྱིལ་འཁོར་དང་། བཀའ་བརྒྱད་བྱེ་བྲག་བཅས་མཆོད་རྟེན་བདེ་བྱེད་ནས་བཏོན་པ་དང་། ཨ་ནུའི་སྐོར་སེདྷེངའི་ནགས་ཚལ་དུ་ཛ་ལ་ལའི་བདག་པོས་སྣང་བར་བྱས་ཤིང་། ཨ་ཏིའི་བསྐོར་རྣམས་དྷ་ན་ཀོ་ཤར་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། དཔལ་རྡོ་རྗེ་སེམས་དཔའ་ཡིས་སྟོན་པར་མཛད། ཡོ་ག་དེ་དག་ལས་འཕྲོས་པས་རྒྱུད་སྡེ་འགའ་ཞིག་ནི་མཁའ་ལ་སྤྱོད་པའི་གནས་གསུམ་དང་ཨོ་རྒྱན་གྱི་ཀེ་ཚང་ནས་མཆོག་གི་གྲུབ་པ་བརྙེས་པ། ས་ར་ཧ། ཀླུ་སྒྲུབ། རྟ་མཆོག་པ། ལཱུ་ཧི་པ། བིཪྺ་པ། བི་ན་པ། ལྭ་ཝ་པ། ཨིནྡྲ་བྷུ་ཏི། ཌོམྦི་ཧེ་རུ། རྡོ་རྗེ་དྲིལ་བུ་པ། ལ་ལི་ཏ་བཛྲ། ནག་པོ་སྤྱོད་པ། སུ་མ་ཏི། ཡེ་ཤེས་ཞབས། ཙི་ལུ་པ། ཏིལླི་པ། ནི་གུ་མ་ལ་སོགས་པས་སྤྱན་དྲངས་པའི་ཕ་མ་གཉིས་མེད་སྙིང་པོའི་རྒྱུ་བསྐྱེད་རྫོགས་ཀྱི་མན་ངག་སྙན་རྒྱུད་བཅས་སྣང་བར་མཛད་ཅིང་། དེ་ཐམས་ཅད་ཀྱང་ཡོ་ག་གསུམ་དུ་ཡོངས་སུ་འདུས་ཏེ། ཏནྟྲའི་སྡེ་ལས་སྐུ་གསུང་ནས་འཕྲོས་མ་ཡི་རྒྱུད་དང་། ཐུགས་ལས་ཕ་ཡི་རྒྱུད་དང་། ཡོན་ཏན་འཕྲིན་ལས་ལས་ཆ་སྙོམས་ཀྱི་རྒྱུད་སྡེ་རྣམས་འབྱུང་བར་གུ་རུ་པདྨས་བཞེད་ཅིང་། དེ་ཡང་གསང་འདུས་དང་སྒྱུ་འཕྲུལ་དཀྱིལ་འཁོར་ཆ་མཐུན་ལ། དམར་ནག་འཇིགས་བྱེད་གདོང་དྲུག་དགྲ་ནག་སོགས་ནི་འཇམ་དཔལ་སྐུ་དཀྱིལ་ཉིད་དོ། །དེ་བཞིན་བདེ་མཆོག་དང་ཆེ་མཆོག་བླ་མེད། དགྱེས་རྡོར་དང་ཡང་དག་སངས་རྒྱས་ཐོད་པ་དང་རིག་འཛིན་མི་ཡི་ཐོད་པའི་རྒྱུད་རྣམས་ལྷ་ཡི་ངོ་བོ་གཅིག་པར་འདོད་ལ། རང་རང་གི་བབས་ཚུལ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལྟར་གདུལ་བྱའི་དབང་གིས་གསང་སྔགས་རྒྱུད་བྱེ་བྲག་རྣམས་རྒྱལ་བས་ལུང་བསྟན་པའི་རིག་འཛིན་གྲུབ་ཐོབ་རྣལ་འབྱོར་རྣམས་ཀྱིས་མཁའ་འགྲོའི་བཀའ་རྒྱ་བཀྲོལ་ཏེ་བྱིན་རླབས་སྨིན་གྲོལ་ཆུ་རྒྱུན་རབ་ཏུ་རྒྱས་པར་མཛད་པས། གྲུབ་ཐོབ་རྣལ་འབྱོར་བྱིན་རླབས་བཀའ་རྒྱ་བཀྲོལ་བའི་བརྒྱུད་པ་ཞེས་སོ། །

ད་ནི་ལྔ་པ་སྐལ་ལྡན་རྗེ་འབངས་གང་ཟག་སྙན་ཁུང་དུ་བརྒྱུད་པ་ཞེས། འཕགས་ཡུལ་ནས་གཉིས་པ་བོད་ཡུལ་དུ་ཇི་ལྟར་སྣང་བའི་ཚུལ་ཏེ། རྒྱལ་བ་ཀུན་ལས་ལྷག་པའི་མཆོག་གི་སྤྲུལ་སྐུ་པདྨ་འབྱུང་གནས་རྡོ་རྗེ་ཐོད་འཕྲེང་རྩལ་དེ་ཉིད་ཐུགས་རྗེའི་དབང་གིས་བོད་ཡུལ་གདུལ་བྱ་དུས་ལ་སོན་ཞིང་། འཇམ་དཔལ་གཞོན་ནུར་གྱུར་པའི་སྤྲུལ་གར་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་འདྲེན་ཞུས་པ་ལ་བརྟེན་ནས་བྱོན་ཏེ། ལྷ་འདྲེ་གདུག་པའི་ཚོགས་ཀུན་སྲོག་སྙིང་བླང་ཞིང་བཀར་བཏགས་ནས། སྐུ་ཡི་རྟེན་དཔལ་གྱི་བསམ་ཡས་ལ་སོགས་པ་རྒྱ་ཆེར་བཞེངས། གསུང་མདོ་སྔགས་ཆོས་རྣམས་བསྒྱུར་ཞིང་བཤད་གྲྭ་བཙུགས། ཐུགས་ཟབ་མོ་བསྒོམ་སྒྲུབ་ཀྱི་གྲ་རྒྱས་པར་མཛད་ཅིང་། དེ་ཡི་ཚེ་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་མཐུས་འཁྲུངས་པའི་རྗེ་འབངས་ཉེར་ལྔ་སྤྱི་ལས། ཁྱད་པར་བཀའ་བརྒྱད་ཀྱི་ཐུགས་སྲས་བརྒྱད་དམ། གྲུབ་ཆེན་མི་དགུར་གྲགས་པ་ལ། ཐོག་མར་བཀའ་བརྒྱད་ནས་བྱེ་བྲག་སྒྲུབ་པའི་ལེ་ཚན་ཅུང་ཟད་རེ་གནང་བ་བསྒྲུབ་ལྟས་ཁྱད་པར་འཕགས་པ་ཤར་བའི་ཡ་མཚན་ཏེ། མངའ་བདག་རྒྱལ་པོ་ཡི་ཚོགས་ཀྱི་འཁོར་ལོ་པུཙྪ་བསམ་གྱིས་མི་ཁྱབ་པ་བཅས་ཏེ། འདོད་ཡོན་མ་སྤང་བར་མྱུར་དུ་སངས་རྒྱས་པའི་རྒྱུད་ལུང་མན་ངག་ཐུན་མོང་མ་ཡིན་པ་ཞིག་གནང་བར་ཞུས་པས། གུ་རུ་རིན་པོ་ཆེས་གསང་སྔགས་རྡོ་རྗེ་ཐེག་མཆོག ཏ་ཐཱ་ག་ཏ་བི་ར་མཎྜལ་སྟོན་པའི་དུས་ལ་བབ་པར་མཁྱེན་ཏེ། རྒྱལ་པོ་ཆེན་པོ་ཐེག་ཆེན་གསང་སྔགས་ཀྱི་དཀྱིལ་འཁོར་སྒོ་ཁྱད་འཕགས་སྟོན་པར་ཞལ་གྱིས་བཞེས་ཤིང་། དེ་ཡང་ཐོག་མར་དབང་གི་སྨིན་པར་བྱ་བའི་ཕྱིར། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ། བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབ་པའི་དབང་ཡོངས་སུ་རྫོགས་པར་བསྐུར་བའི་ཐོག་མར། བདེ་གཤེགས་ཞི་བའི་དཀྱིལ་འཁོར་སྤྱི་ཁྱབ་ཏུ་དབང་བསྐུར་ཞིང་། བྱེ་བྲག་བཀའ་བརྒྱད་གྲུབ་ཆེན་དགུ་པོར། ཁྲོ་བོའི་དཀྱིལ་འཁོར་དུ་རང་རང་རིགས་བརྟག་མེ་ཏོག་གཏེར་སྲང་བཅུ་ལས་བྱས་པ་རེ་དོར་བས། མངའ་བདག་རྒྱལ་པོ་དང་། ཀུ་མ་ར་གཉིས་གཙོ་མཆོག་བདུད་བརྩིའི་དཀྱིལ་འཁོར་ལ་བབ། ནམ་མཁའ་སྙིང་པོ་བཛྲ་ཧེ་རུ་ཀ་ཡི་དཀྱིལ་འཁོར་བབ། སངས་རྒྱས་ཡེ་ཤེས་རིན་པོ་ཆེ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ལ་བབ། རྒྱལ་ཡུམ་མཚོ་རྒྱལ་གྱི་མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་བབ་ཅིང་། སླར་འོད་ཟེར་དང་བཅས་རིག་འཛིན་དཀྱིལ་འཁོར་དུ་བབ། དཔལ་གྱི་ཡེ་ཤེས་སྲིད་པ་མ་མོའི་དཀྱིལ་འཁོར་ལ་བབ། དཔལ་གྱི་སེང་གེ་མཆོད་བསྟོད་དྲེགས་འདུལ་ལ་བབས། བཻ་རོ་ཙ་ན་སྟོབས་ལྡན་དྲགས་སྔགས་ལ་བབ་ཅིང་། བཅོམ་ལྡན་འདས་དཔལ་དགུའི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་དཀྱིལ་འཁོར་མེ་ལོང་གི་གཟུགས་བརྙན་ལྟ་བུར་མངོན་སུམ་སྣང་ཞིང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་མ་ལུས་པར་བསྐུར་ཞིང་། རང་རང་གི་རིགས་དང་འབྲེལ་བའི་དཀྱིལ་འཁོར་སྒྲུབ་ཐབས་རྒྱུད་ལུང་མན་ངག་བྱེ་བྲག་སོ་སོ་དང་། བདེ་གཤེགས་འདུས་པའི་དཀྱིལ་འཁོར་བཅས་ཡོངས་སུ་སྩལ་ཞིང་། སྒྲུབ་པའི་གནས་ཀྱང་བདེ་གཤེགས་འདུས་པའི་བསམ་ཡས་དབུ་རྩེ། སྐུ་ཡི་གནས་སྒྲག་ཡོངས་རྫོང་། གསུང་གི་གནས་མཆིམ་བུ་བྲེ་དགུ། ཐུགས་ཀྱི་གནས་ལྷོ་བྲག་མཁར་ཆུ། ཡོན་ཏན་གནས་ཡར་ལུང་ཤེལ་བྲག འཕྲིན་ལས་གནས་སྤ་གྲོ་སྟག་ཚང་། མ་མོའི་གནས་ཡར་སྟོད་ཤམ་པོ། མཆོད་བསྟོད་གནས་གནམ་མཚོའོ། །དྲག་སྔགས་གནས་བྲག་དམར་གཡའ་མ་ལུང་དུ་སྒྲུབ་པ་གྱིས་ཞེས་བཀའ་གནང་ཞིང་། རྗེ་འབངས་རང་རང་བཀའ་བབས་ཀྱི་ལྷ་རྣམས་བསྒྲུབ་པའི་གནས་དེ་རྣམས་སུ་བསྒྲུབ་པས་ལྷ་ཞལ་གཟིགས་ཤིང་གྲུབ་པ་ཐོབ་པའི་རྟགས་བྱུང་ན་ཡང་ཡོངས་གྲགས་སུ།

སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཉི་ཟླ་གདན་དུ་བཏིང་བ་དང་། ཕུར་པ་བྲག་ལ་བསྣུན་ཞིང་དགྲ་བགེགས་གང་ལ་ཡང་གཟིར་ཀྱང་རེང་བར་ནུས། རྒྱལ་བ་མཆོག་དབྱངས་སྤྱི་བོ་གནས་རྟ་སྐད་སྟོང་གསུམ་ཀུན་ཁྱབ་སྒྲོགས་ཏེ་སྲིད་གསུམ་དབང་དུ་འདུས་ཤིང་ཚངས་པའི་རྒྱལ་པོས་གསེར་གྱི་འཁོར་ལོ་རྩིབས་དགུ་བརྒྱ་ཀུན་གྱིས་མངོན་པར་ཕུལ། ནམ་མཁའི་སྙིང་པོས་དབང་མོ་ཉེར་བརྒྱད་བྲན་དུ་བཀོལ་ཞིང་། ཉི་མའི་ཟེར་ལ་ཞོན་ཏེ་གླིང་བཞི་སྐད་ཅིག་རྒྱུ་ནུས། བྲག་ལ་ཕུར་པ་བཏབ། ཀུ་མ་རཱ་ཡིས་བྲག་ལ་བདུད་རྩི་བཏོན་ཞིང་། སྨན་གྱི་དྲང་སྲོང་ལྷ་མོས་དངོས་སུ་བཏུད། མཚོ་རྒྱལ་བསད་པ་གསོ་ནུས། སྣང་སྲིད་དྲེགས་པའི་སྲོག་སྙིང་མངོན་སུམ་བླངས་ཤིང་། ཕྲིན་ལས་ནམ་མཁའི་མཐའ་མཉམ་བརྙེས། དཔལ་ཡེས་རྩ་རླུང་དབང་བསྒྱུར་མ་མོ་དངོས་སུ་རྦད་དོ། །དཔལ་སེ་དྲེགས་པ་སྡེ་བརྒྱད་མ་ལུས་བྲན་དུ་འཁོལ། བཻ་རོ་ཙ་ན་རྫུ་འཕྲུལ་མངོན་ཤེས་མཆོག་དུ་མ་དང་ལྡན་ཞིང་དམོད་པས་དགྲ་བགེགས་སྒྲོལ་བར་ནུས། མངའ་བདག་རྒྱལ་པོ་ཏིང་འཛིན་གཡོ་མེད་གྲུབ་ཅིང་གཞན་སྣང་ཟིལ་གྱིས་གནོན་པ་དང་སྐུ་ཚེའི་ཚད་ལས་ཕྱིར་ལོ་གསུམ་བསྲིང་བར་ནུས་ཤིང་། བཀའ་མེད་ཀྱི་བཀའ་བབ་གྲུབ་ཆེན་དེ་དག་མངའ་བདག་རྒྱལ་པོ་ལས། གཞན་བརྒྱད་སྐུ་ཚེ་བརྒྱ་ཕྲག་ལྷག་དང་། ཉིས་བརྒྱ་དང་། སུམ་བརྒྱ་ཉེ་བའི་བར་ཙམ་རེ་བཞུགས་ནས། མཐར་རིགས་ཀྱི་བདག་པོའི་ཐུགས་ཀར་ཕྱག་རྒྱ་ཆེ་མཆོག་གིས་སར་སྐུ་ལུས་འདིས་གཤེགས་ཤ་སྟག་ཏུ་ངེས་ལ། མངའ་བདག་རྒྱལ་པོ་ནི་དག་པའི་སྣང་ངོར་ཆོས་ཟད་སྣང་བས་འཇམ་དཔལ་ཐུགས་ཁར་སྐུ་གཟུགས་སྐུ་བསྡུས་པར་ཤར་ཞིང་། ཐུན་མོང་སྣང་ངོར་དྲུག་ཅུ་རེ་དགུ་ལ་མྱ་ངན་ལས་འདས་པར་གྲགས་སོ། །

དེ་ལྟར་གུ་རུ་པདྨའི་ཐུགས་སྲས་སྒྲུབ་ཆེན་དགུ་གཙོ་བོར་གྱུར་པའི་རྗེ་འབངས་ཉེར་ལྔ་དང་། གཞན་ཡང་ཡེར་པའི་དངོས་གྲུབ་བརྒྱ་རྩ། ཤེལ་བྲག་བསྔགས་པ་སུམ་ཅུ། ཡོངས་རྫོགས་རྟོགས་ལྡན་ང་ལྔ་ལ་སོགས་ལས་སྐལ་མཆོག་ལྡན་སྐྱེས་བུ་གང་ཟག་དམ་པར། དུས་དེ་དང་མ་འོངས་ཕྱི་རབས་ཀྱི་གདུལ་བྱ་རིས་མེད་དོན་དུ་ཆོས་ཀྱི་བྱེ་བྲག་རྒྱུད་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་དུས་དེར་སྟོན་པར་མཛད་ཅིང་། དེ་རྣམས་རིམ་བཞིན་སྙན་ནས་སྙན་ཞལ་ནས་ཞལ་ཐུགས་ནས་ཐུགས་སུ་ཆུད་པའི་གདམས་བརྒྱུད་ཆད་མེད་དུ་སྣང་བར་གྱུར་པས་ན་གང་ཟག་སྙན་ཁུང་གིས་བརྒྱུད་པ་ཞེས་གྲགས་ཤིང་། དེ་ལ་ཐུན་མོང་རིང་བརྒྱུད་བཀའ་མ་ཁྱད་པར་ཉེ་རྒྱུད་གཏེར་མ་གཉིས་མེད་ཟུང་འཇུག་སྙན་བརྒྱུད་དུ་དབྱེ་བ་གསང་ཆེན་སྔ་འགྱུར་བས་བཞེད་པར་སྣང་ཞིང་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྐོར་ཡང་མཁས་པ་མི་བཞིས་ཛྙཱ་ན་ཀུ་མ་རཱ་ལ་གནང་བས། དེས་སངས་རྒྱས་ཡེ་ཤེས། དེ་ཡི་ཡོན་ཏན་རྒྱ་མཚོ་ལ་སྩལ་ཞིང་རིམ་པར་མི་ནས་མིར་བརྒྱུད་པ་ལས་གྲུབ་ཐོབ་དངོས་གྲུབ་ཀྱིས་ཐོས་ཤིང་། དེ་ལ་མྱང་རལ་གྱིས་གསན་པས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྲགས་སོ། །དེ་ལྟར་སྔ་འགྱུར་གྱི་སྐབས་དེར་རྣལ་འབྱོར་ཆེན་པོའི་ཏནྟྲ་ལས་འཕྲོས་བདེ་དགྱེས་སྒྱུ་མ་གསང་གཤིན་དུས་འཁོར་གྱི་རྒྱུད་ལུང་མན་ངག་རྣམས་གུ་རུ་རིན་པོ་ཆེས་སྟོན་པར་གྱུར་ཡང་ཕལ་ཆེར་གཏེར་དུ་སྣང་བར་མཛད་ཅིང་། ཕྱིས་སུ་འཕགས་ཡུལ་དུ་གྲུབ་པ་མཆོག་ཏུ་བརྙེས་པ་རྣམས་ལས་བོད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་བླངས་ནས་དར་རྒྱས་སུ་མཛད་པས། དེ་ལ་སྔགས་གསར་འགྱུར་གདགས་པར་མཛད་དོ། །དེ་ནས་དྲུག་པ་ཟབ་མོ་གཏེར་ཆོས་སྨོན་ལམ་གཏེར་སྟོན་བླ་རབས་ཀྱི་བརྒྱུད་པའི་ཚུལ་ནི། སངས་རྒྱས་བསྟན་པའི་སྙིང་པོ་ནུབ་མེད་རབ་ཏུ་གནས་པའི་ཕྱིར་དུ་མཆོག་གི་བདག་ཉིད་མ་ཧཱ་གུ་རུ་རིན་པོ་ཆེས་ཟབ་མོའི་ཆོས་ཐམས་ཅད་འཛད་མེད་གཏེར་དུ་སྦ་བར་མཛད་དེ། དེ་ལས་བཀའ་བརྒྱད་ཀྱི་རྒྱུད་ལུས་མན་ངག་རྣམས་གཏེར་དུ། ཡོངས་སུ་གྲགས་ཆེ་བའི་ཐུགས་གཏེར་ལྔར་གསུངས་ཏེ་སྙིང་དང་འདྲ་བ་ཕྲིན་ལས་ཀྱི་གཏེར་བདེ་གཤེགས་འདུས་པ་རྒྱལ་པོའི་བླ་དཔེ་དེ་ཉིད་ཐོག་མར་ལོ་རྒྱུས་ལ་ལར་དབུ་རྩེར་སྦས་ཡང་ཟེར་ལ་ཕལ་ཆེར་བྲག་དམར་མགྲིན་བཟང་དུ་སྦས་པར་གསུང་སྟེ། གང་ལྟར་ཆོས་ཁྲིམས་འཇིག་དུས་སུ་ཁོ་མཐིང་ལྷ་ཁང་རྣམས་སྣང་གི་སྐུ་ལ་སྦས། སྙིང་ཁྲག་དང་འདྲ་བ་ཡོན་ཏན་གྱི་གཏེར་གསང་རྫོགས་སྐོར་ལྷོ་བྲག་གནམ་སྐས་ཅན་དུ་སྦས་སྙིང་ཁྲག་དྭངས་མ་འདྲ་བ་གསུང་གཏེར་རང་བྱུང་རང་ཤར་ལ་སྟོད་བྱང་ཟང་ཟང་ལྷ་བྲག་ལ་སྦས། ཐུགས་ཀྱི་ཐིག་ལེ་བཀའ་བརྒྱད་ཐུགས་མེ་མོན་བུམ་ཐང་དུ་སྦས།

སྐུ་གཏེར་ཡང་གསང་དྲེགས་འདུལ་ཡར་ཡུལ་འཆིང་ང་བང་སོ་དམར་པོར་སྦས་ཞེས་ཡང་གསང་དྲེགས་འདུལ་གྱི་དཀར་ཆག་ཏུ་གསུང་བ་དང་། གཞན་ཡང་གུ་རུ་རིན་པོ་ཆེ་ལྷོ་ནུབ་གཤེགས་ཁར་ཁྲ་འབྲུག་ཏུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མངའ་བདག་མུ་ཏིག་བཙན་པོ་ཡབ་སྲས་རྗེ་འབངས་རྣམས་སྨིན་གྲོལ་མཛད་དེ་བླ་དཔེ་གླེགས་བམ་སུམ་ཅུ་སོ་བདུན་རྒྱལ་སྲས་ལྷ་རྗེའི་རང་སྐལ་གནང་ནས་ཡར་ལུང་ཤེལ་བྲག་ཏུ་སྦས། དེ་བཞིན་རྗེ་འབངས་རང་རང་གི་དབང་བསྐལ་བཀའ་བརྒྱད་ཇི་སྙེད་གཏེར་དུ་སྦས་ལ། དེ་ལྟར་གཙོ་བོ་བླ་གཏེར་ལྔ་དང་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་བཅས་པའི་གཞན་ཡང་གཏེར་ཆེན་ཕྲན་དུ་བཙས་པ་ཀུན་གུ་རུ་ཡབ་ཡུམ་གྱི་མི་འཇིགས་པའི་རྫས་དང་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཉེར་གཏད་བསྲུང་མར་བསྒོས། སྐལ་ལྡན་རྗེ་འབངས་རང་རང་ལ་སྨོན་ལམ་བདེན་ཚིག་གིས་དབང་བསྐུར་ལུང་བསྟན་པར་མཛད་ནས་ཕྱག་བྱས་བཏབ་སྟེ། ཆོས་དེ་དག་ནམ་ཞིག་སྙིགས་དུས་རང་རང་གདུལ་སྐལ་ལ་སོན་ཚེ། སྔོན་གྱི་སྨོན་ལམ་བསླུ་བ་མེད་པར་སྤྲུལ་པའི་རྗེ་འབངས་རང་རང་གི་ཐུགས་རྗེའི་སྐྱེ་རྒྱུད་གུ་རུའི་བྱིན་གྱིས་བརླབས་པ་རྣམས་བྱོན་ནས། དེ་ལ་རྩ་བ་གསུམ་གྱི་ལུང་བསྟན་རྗེས་སུ་གནང་ཞིང་། མཁའ་འགྲོ་གཏེར་བསྲུང་ཚོགས་ཀྱིས་བཀའ་རྒྱ་བཀྲོལ་ནས་གཏེར་སྟོན་དམ་པའི་ཕྱག་ཏུ་བབ་སྟེ་གདུལ་བྱ་ཐམས་ཅད་སྨིན་གྲོལ་བླ་མེད་ལ་སྦྱོར་བར་མཛད་པ་དེ་ལ། སྨོན་ལམ་གཏེར་ཆོས་ཀྱི་བརྒྱུད་པ་ཞེས་སུ་བརྗོད་ཅིང་། དེ་ཡང་བཀའ་བརྒྱ། བླ་གཏེར་ལྔ་ཡི་ཐོག་མར་བདེ་གཤེགས་འདུས་པའི་ཆོས་སྐོར་རྣམས་མངའ་བདག་རྒྱལ་པོའི་སྐྱེ་བ་བཅུ་གཉིས་པར་མྱང་རལ་པ་ཅན་གྱིས་ཁོ་མཐིང་ནས་སྤྱན་དྲངས། དེ་ནས་གསང་བ་ཡོངས་རྫོགས་རྣམས། མྱང་རལ་སྐྱེ་བ་ཕྱི་མར་གྲགས་ཤིང་། སྤྱན་རས་གཟིགས་སྤྲུལ་སྐུ་གུ་རུ་ཆོས་དབང་གིས་གནམ་སྐས་སྤྱན་ནས་སྤྱན་དྲངས།

དེ་ནས་དྲེག་པོ་རང་བྱུང་རང་ཤར་སྐོར་རྣམས། སྣ་བསྣམ་རྡོ་རྗེ་བདུད་འཇོམས་སྐྱེ་བ་རིག་འཛིན་རྒོད་ལྡེམ་ཅན་ཞེས་དངོས་གྲུབ་རྒྱལ་མཚན་དེས་བྱང་ཟང་ཟང་དཔལ་འབར་རི་བོ་ཆེ་ནས་སྤྱན་དྲངས། དེ་ནས་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་སྐོར་རྣམས་ལྷ་ལྕམ་པདྨ་གསལ་གྱི་དག་པའི་བརྒྱུད་བདུན་གྱི་ཐ་མ་པདྨ་གླིང་པས་མོན་བུམ་ཐང་ནས་སྤྱན་དྲངས། དེ་ནས་བཀའ་བརྒྱད་དྲེགས་པ་ཀུན་འདུལ་སྐོར་རྣམས་འབྲོག་མི་དཔལ་ཡེའི་སྐྱེ་བ་བཅུ་དགུ་པ་ཁ་རག་ཕུག་གི་གཏེར་སྟོན་ཨོ་རྒྱན་བསམ་གཏན་བདེ་ཆེན་གླིང་པས་མཆིང་ང་བང་སོ་ནས་སྤྱན་དྲངས་ཤིང་དེ་རྣམས་རང་རང་ལུང་བསྟན་ཆོས་ཀྱི་བདག་པོས་སྐལ་ལྡན་གདུལ་བྱའི་ཚོགས་ཀུན་སྨིན་གྲོལ་དུ་མཛད་དོ། །དེ་ལྔ་ལས་གཏེར་ཁ་གོང་འོག་ཞེས་བདེ་འདུས་གསང་རྫོགས་ཡོངས་སུ་གྲགས་ཆེ་ཞིང་། རང་ཤར་ཐུགས་མེ་ཡང་འགྲོ་དོན་དར་རྒྱས་སུ་བྱུང་ལ། དྲེགས་འདུལ་སྐོར་ནི་རྟེན་འབྲེལ་དབང་གིས་ཆེར་འཕེལ་བར་མ་གྱུར་ཏོ། །རྒྱལ་སྲས་རྗེ་ཡི་ཆོས་སྐལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྐོར་ཡང་ལུང་ཤེལ་བྲག་ཏུ་སྦས་པ་ཡར་རྗེ་ཨོ་རྒྱན་གླིང་པས་སྤྱན་དྲངས་ཤིང་རྟེན་འབྲེལ་གྱིས་སླར་ཡང་གཏེར་སྦས་སོ། །དེ་བཞིན་མྱང་བན་ཏིང་འཛིན་བཟང་པོ་ཡི་རང་སྐལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་དཔལ་མགོན་བདུན་ཅུའི་རྒྱུད་སྒྲུབ་ཐབས། མ་ནིང་དྲེགས་པའི་གཙོ་བོ་ཡི་རྒྱུད་སྒྲུབ་ཐབས་བཅས་དབུ་རུ་ཞྭ་ཡི་ལྷ་ཁང་ཕ་འོང་བྱ་རོག་འདྲ་བར་སྦས་པ་གཏེར་སྟོན་འཇའ་ཚོན་སྙིང་པོས་སྤྱན་དྲངས་ནས་མ་ནིང་གི་ཆོས་སྐོར་ལས་གཞན་ཤོག་སེར་འབེབས་པ་མ་གནང་བར་ཡང་གཏེར་དུ་བཞུགས་སོ། །

གཞན་ཡང་མཚོ་རྒྱལ་ཕྱག་དཔེ་ཨ་ཙར་ས་ལེར་བཀའ་བབ་གནང་བ་གླེགས་བམ་ཉེར་བདུན་མ་ཀུང་ལུང་དུ་བཞུགས་པ་དང་། ཁྱེའུ་ཆུང་ལོ་ཙཱ་བའི་སྐལ་བར་མཛད་པ་ཞི་ཁྲོ་བཀའ་བརྒྱད་འདུས་པ་བདུད་རི་རྔ་སྒྲ་ཅན་དུ་སྦས་པ་དང་། དེ་བཞིན་ལང་གྲོ་དཀོན་འབྱུང་གི་བླ་དཔེ་བཀའ་བརྒྱད་ཁ་ཆེ་བདུད་རྩིའི་ཕུག་ཏུ་སྦས་པ་དང་། བཻ་རོའི་ཕྱག་དཔེ་བཀའ་བརྒྱད་བཙན་རི་རྡོ་རྗེའི་བྲག་ལ་སྦས་པ་དང་། འཁོན་ཀླུ་དབང་གི་དབང་བསྐལ་རྒྱ་མཚོ་ནག་ཏུ་སྦ་བར་མཛད་པ་དེ་རྣམས་ནི་སྤྲུལ་པའི་གཏེར་སྟོན་པ་བྱུང་ཡང་རྟེན་འབྲེལ་དབང་གིས་མ་བཏོན་པ་དང་ལ་ལ་བཏོན་ཀྱང་ཡང་གཏེར་དུ་སྣང་བ་དང་། འགའ་ཞིག་ཆོས་རྣམས་ལ་རྫོགས་ཤིང་ཡང་གཏེར་དུ་སྦས་པ་བྱུང་ཞིང་། སླར་སྤྲུལ་པའི་སྐྱེ་བས་རིམ་གྱིས་འདོན་པར་གྱུར་ཞེས་ཐོས་ལ། སྤྱིར་གུ་རུ་པདྨའི་གཏེར་རྣམས་བྱམས་པ་བྱོན་གྱི་བར་དུ་རྒྱུན་མི་ཆད་པར་སྣང་ནས་འགྲོ་བའི་དོན་བླ་མེད་དུ་མཛད་པ་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །བཀའ་བརྒྱད་ཀྱི་ཆོས་ས་སྟེང་དུ་སྣང་བ་གཏེར་ཁ་གོང་འོག་སོགས་ཀྱི་སྨིན་གྲོལ་བསྐྱེད་རྫོགས་གདམས་ངག་སྐལ་ལྡན་སོ་སོར་རིམ་པར་བརྒྱུད་ཚུལ་ནི་དུ་མར་མངོན་ཞིང་ལྡན། ལྔ་ལྡན་རྣམས་ཡོངས་སུ་ཚངས་པ་ཁྱད་པར་དུ་འཕགས་པའོ། །འདི་ལྟར་བཀའ་བརྒྱད་ཀྱི་རྒྱུད་ཚུལ་དྲུག་ལྡན་ལོ་རྒྱུས་ས་བོན་ཙམ་དུ་འདིར་སྨྲས་ཤིང་རྒྱས་པ་ནི་རང་རང་གི་གཞུང་དུ་རྟོགས་པར་བྱ་ལ། ལོ་རྒྱུས་ལ་འདྲ་མིན་ཅུང་ཟད་རེ་མངོན་ཡང་དོན་དམ་སྤྲུལ་པའི་རྣམ་ཐར་དབང་དུ་ཤར་ཞིང་།

འདིར་ནི་ཡོངས་སུ་གྲགས་ཚུལ་གཙོར་བཏོན་ཏེ་བྱས་པའོ། །དེ་ལྟར་བདེ་གཤེགས་རྒྱལ་བ་ཡོངས་གསང་ལམ། །རྫོགས་པ་ཆེན་པོ་བླ་མེད་སྙིང་པོ་གང་། །བབས་ཚུལ་མཐའ་ཡས་རྒྱལ་བའི་རྣམ་ཐར་ཉིད། །བསམ་གྱིས་མི་ཁྱབ་ཚད་བཟུང་མཐའ་ཀླས་ཤིང་། །གདུལ་བྱའི་ཡུལ་གྱི་དབང་ཁམས་དུ་མ་ཡི། །ཐེག་པའི་སྒོ་མང་རབ་ཏུ་དབྱེ་གྱུར་པ། །བྱུང་ཚུལ་འགག་མེད་སྒྱུ་མའི་འཕྲུལ་འཁོར་བཞིན། །མཐའ་གཅིག་མ་ངེས་ཅིར་ཡང་སྣང་བའི་ཁམས། །མཉམ་ཉིད་དང་ལ་མ་འདྲེས་ལེགས་བཤད་གཟུགས། །གར་མཁན་ལུས་བསྒྱུར་འཇའ་ཡི་རིས་མཚུངས་བཀྲ། །བླ་མེད་ལོ་རྒྱུས་ངོ་བོ་ཆོས་ཉིད་གཞིར། །གནས་ལུགས་གཤིས་གྱུར་བློ་རར་ཡོངས་འདས་ཀྱང་། །འདུལ་བྱའི་འཇུག་ངོགས་རྣལ་འབྱོར་ལམ་སྣང་ཚུལ། །རྡོ་རྗེ་ཐེག་མཆོག་བསྒྲུབ་ཆེན་སྡེ་བརྒྱད་ཀྱི། །བརྒྱུད་པ་དྲུག་ལྡན་རྣམ་ཐར་རྒྱ་མཚོའི་ཁྱོན། །ཞིང་འདིར་གྲགས་པ་ལམ་གསུམ་ཆུ་རྒྱུན་ལས། །བདག་བློའི་བུམ་པར་འཇོས་པ་སྐྲ་རྩེ་ཡི། །ཆུ་ཐིགས་ཙམ་དུ་སྣང་གང་འཁྲུལ་མེད་ཀྱི། །བབས་གཞུང་མཐོང་དང་བླ་མའི་གསུང་དག་ལས། །རྙེད་གང་རང་བཟོའི་རྙོག་མས་མ་བསླད་པར། །རྩ་བའི་བླ་མ་རྡོ་རྗེ་འཆང་དབང་གི །བཀའ་ལུང་ཅོད་པཎ་སྤྱི་བོར་བཅིངས་བྱས་ནས། །བཀའ་བརྒྱད་སྤྱི་ཁྱབ་ལོ་རྒྱུས་ས་བོན་ཙམ། །འདིར་བཀོད་ཉེས་མཆིས་མཁྱེན་ལྡན་ལ་བཤགས་ཤིང་། །དགེ་བས་གསང་ཆེན་སྙིང་པོའི་བསྟན་པ་ཉིད། །ནུབ་མེད་བསྐལ་པ་སྲིད་པར་རབ་རྒྱས་ནས། །བསྟན་འཛིན་སྐུ་ཚེ་མཛད་འཕྲིན་ཉམས་མེད་བརྟན། །མཐའ་ཡས་འགྲོ་ཀུན་བདེ་ཆེན་མྱུར་ཐོབ་ཤོག །

ཞེས་པ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡབ་གཅིག་མགོན་པོ་ཚེ་དཔག་མེད་ཀྱི་སྤྲུལ་པའི་ཟློས་གར་མཁན་ཆེན་ཞི་བ་འཚོ་ཡི་སྐྱེ་བའི་ཐ་མ་པ་རྒྱལ་བསྟན་མཐའ་དག་གི་སྒྲོན་མེ་ཆེན་པོ་གངས་ཅན་སྐྱེས་བུ་མཆོག་རྣམས་ཀྱི་གཙུག་གི་ནོར་བུར་མཛེས་པ་རྗེ་བཙུན་ཆེན་པོ་ཏྲཻ་བོ་ཆོས་ཀྱི་དབང་པོ་གང་གི་བཀའ་ལུང་གི་ཅོང་པཎ་སྤྱི་བོར་ཕེབས་པ་ལ་བརྟེན་ནས། བཀའ་བརྒྱད་ཀྱི་ལོ་རྒྱུས་ས་བོན་ཙམ་དུ་ལེགས་བཤད་བུམ་བཟང་ཞེས་བྱ་བ་མདོ་ཁམས་ཀཿཐོག་ལྷོ་ཕྱོགས་ལྷ་རིགས་སུ་སྐྱེས་ཤིང་གསང་སྔགས་ནང་གི་དགེ་སློང་ཆེན་པོའི་རྗེས་འབྲང་གོས་དཀར་འཆང་བ་ཚེ་དབང་ནོར་བུ་ཡིས་རང་བྱུང་བདེ་མཆོག་ཕོ་བྲང་དམ་ཚིག་འཁོར་ལོ་རྣམ་པར་བཀོད་པ་སྟག་སྣའི་གཙུག་ལག་ཁང་གི་བསྟི་གནས་ག་ལ་བ་དེར་མེ་རྟ་དབྱུག་ཟླའི་ཚེས་བཟང་པོ་ལྷ་བབ་དུས་ཆེན་ལ་དབུ་ཚུགས་ཤིང་ཐུན་བར་དུ་བཀོད་དེ་དམར་ཕྱོགས་ཀྱི་ཚེས་བཅུ་ལ་གྲུབ་པར་སྦྱར་བའི་ཡིག་རིས་པ་རང་གི་སློབ་མ་ཨོ་རྒྱན་བློ་གྲོས་སོ། །དགེའོ། །དགེའོ། །དགེའོ། །


previousགསང་ཆེན་རྡོ་རྗེ་ཐེག་མཆོག་བསྒྲུབ་པ་བཀའ་བརྒྱད་ཀྱི་ལོ་རྒྱུས་རབ་བསྡུས་ས་བོན་ཙམ་དུ་སྨོས་པ་ལེགས་བཤད་བུམ་བཟང་།next