Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཇོ་ནང་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་དུ་དགེ་རྒྱུན་སྦྱར་བའི་དཀར་ཆག
   
   
   
   
   
   


 
previousཇོ་ནང་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་དུ་དགེ་རྒྱུན་སྦྱར་བའི་དཀར་ཆགnext

ཇོ་ནང་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་དུ་དགེ་རྒྱུན་སྦྱར་བའི་དཀར་ཆག

༄༅། །ཇོ་ནང་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་དུ་དགེ་རྒྱུན་སྦྱར་བའི་དཀར་ཆག་བཞུགས་སོ། །

༈ ཨོཾ་སྭཱསྟི། མི་འགྱུར་གཡུང་དྲུང་རྫོགས་སངས་རྒྱས། །མི་བསླུ་བདེན་པ་དམ་པའི་ཆོས། །ཇི་བཞིན་བསྒྲུབ་པ་དགེ་འདུན་ཚོགས། །རིན་ཆེན་གསུམ་ལ་གུས་ཕྱག་འཚལ། ། ༡ གདོད་ནས་ཡོན་ཏན་མཆོག་ལྡན་དྲི་མ་ཀུན་སྤངས་བདེར་གཤེགས་ཐུགས། །སྐྱེ་འགག་གནས་བྲལ་སྨྲ་བསམ་བརྗོད་མེད་བསམ་གྱིས་མི་ཁྱབ་གསུང་། །གཟུགས་མེད་གཟུགས་བཟང་མཚན་དཔེས་བརྒྱན་པ་མི་ཤིག་རྡོ་རྗེའི་སྐུ། །མུ་བྲལ་མཐའ་དབུས་ལས་འདས་ཤཱཀྱ་ཐུབ་པར་ཕྱག་འཚལ་འདུད། ། ༢ རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཕྱག་རྒྱ་ཆེན་པོ་ཡི་གེ་དྲུག །མི་འགྱུར་བདེ་བའི་རང་བཞིན་ཐིག་ལེ་ཆེན་པོ་ཡི་གེ་ལྔ། །གཡོ་མེད་ཟུང་འཇུག་ཨེ་ཝཾ་མཉམ་ཉིད་བླ་མེད་རྡོ་རྗེ་སེམས། །དུས་ཀྱི་འཁོར་ལོ་དེ་ལ་རྟག་ཏུ་ཕྱག་འཚལ་དགེ་ལེགས་སྩོལ། ། ༣ བདེ་འབྱུང་གནས་སུ་ས་བདག་དགུ་བཅུ་རྩ་དྲུག་གཙུག་ནོར་བུས། །ལེགས་མཆོད་འཕྲོག་བྱེད་ཡན་ལག་བརྒྱད་ལྡན་ལྷ་མིའི་བླ་མ་ཆེ། །མི་མཆོག་ཚུལ་གྱུར་ཆོས་རྒྱལ་རིགས་ལྡན་རྩ་ལྔ་བཅུ་ཕྲག་གསུམ། །རྒྱལ་བའི་རྒྱལ་ཚབ་རྡོ་རྗེ་ཐེག་པའི་སྟོན་པར་གུས་ཕྱག་འཚལ། ། ༤ སི་ཏའི་ལྷོ་ཕྱོགས་ཐེག་ཆེན་བསྟན་པའི་འབྱུང་གནས་འཛམ་གླིང་རྒྱན། །རྣམ་དག་ལྟ་སྤྱོད་ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་མཆེད། །རྒོལ་ངན་ཚར་གཅོད་ཕྱོགས་གླང་ཆོས་གྲགས་རྨད་བྱུང་སློབ་དཔོན་ནི། །ཞི་ལྷ་ཟླ་གྲགས་ཙནྡྲ་གོ་མཱིར་རབ་ཏུ་དང་བས་འདུད། ། ༥ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་མགོན་ཕྱོགས་འོད་དཔག་མེད། །ཞིང་འདིར་རིགས་མཆོག་ཉི་མའི་རྒྱལ་ཚབ་ཚུལ་བཟུང་འཕུར་འགྲོའི་རྒྱལ། །སྐུ་གསུམ་རྩལ་འཆང་སངས་རྒྱས་ཀུན་གྱི་གསང་གསུམ་རྫོགས་པའི་བདག །འདྲེན་པ་ཟླ་མེད་པདྨ་ཀ་རར་ཕྱག་འཚལ་འདུད། ། ༦ སྤྱན་རས་གཟིགས་དབང་གདུལ་བྱའི་ཉེར་འཚོ་ཡོངས་བྱོན་གངས་ཅན་མགོན། །མི་བདག་མཚན་དཔེས་བརྒྱན་པ་འོད་དཔག་མེད་ཞལ་དོ་གེར་ཅན། །སྒྱུ་འཕྲུལ་རྡོ་རྗེའི་མངའ་བདག་ལྷ་ཡི་ལྷར་གྱུར་འགྲོ་འདུལ་མཆོག །ནོར་བུ་པདྨ་སྲོང་བཙན་སྒམ་པོར་དད་པའི་སྤུ་ལོང་རྒྱུན་པར་གཡོ། ། ༧ ཐུབ་དབང་བསྟན་པའི་སྙིང་པོ་འཁོར་གསུམ་སོ་སོའི་དགོངས་པའི་དོན། །མ་ནོར་སྨྲ་བའི་དབང་ཕྱུག་བསྟན་པའི་ཤིང་རྟ་དོལ་པོ་ཞེས། །ཆོས་ཀྱི་སྤྲིན་འཕྲོ་ས་ཡི་དབང་ཕྱུག་ཕྱག་ན་པད་དཀར་འཆང་། །ཤེས་རབ་རྒྱལ་མཚན་གང་དེར་འདུད་དོ་བདག་རྒྱུད་བྱིན་གྱིས་རློབས། ། ༨ རྣམ་རིག་ལྟ་བའི་སྲོལ་ཆགས་ཇི་བཞིན་འཛིན་མཁས་ལེགས་བཤད་གཏམ། །གསར་དུ་སྤེལ་མཁས་འགྲོ་ཀུན་སྒྲོལ་བའི་སྤྱོད་འཆང་རྣམ་རོལ་མགོན། །ཚད་མེད་མཁྱེན་པའི་མཐུ་ཡིས་མངའ་བདག་ཀུན་གྱི་བཞེད་དགོངས་མཆེད། །ཀུན་ནས་དགའ་དཔལ་སྙིང་རྗེ་ཆེན་པོར་གྲགས་དེར་འདུད། ། ༩ རྣམ་འདྲེན་བཞི་པའི་བསྟན་གཞི་འཛིན་ལ་སྟོན་པ་གཉིས་པ་ལྟར། །བསྟན་པའི་བདག་པོར་སྲིད་འདིར་མཚུངས་མེད་འཇམ་དཔལ་དཔའ་བོ་གང་། །ངུར་སྨྲིག་གོས་ཀྱི་གཡིབ་ཏེ་མི་ཡི་ཟོལ་འཛིན་བློ་བཟང་པོ། །གྲགས་པའི་དཔལ་དེར་སྙིང་ནས་ཡི་རང་གུས་པ་ཆེན་པོས་འདུད། ། ༡༠ གྲུ་འཛིན་བདག་པོའི་འོད་ཟེར་རབ་སྤྲོས་མི་ཡི་སྲིད་པར་སྣང་། །འཛམ་གླིང་སྐྱེ་དགུའི་གཙུག་རྒྱན་སྤྱི་ཡི་འདྲེན་མཆོག་བླ་མ་ཆེ། །ཐམས་ཅད་མཁྱེན་གཟིགས་རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །སྐལ་བཟང་བདེ་བའི་འབྱུང་གནས་གང་དེར་འདུད་དོ་བདག་བློ་འཆོས། ། ༡༡ ཨུ་རྒྱན་རྒྱལ་པོ་ཐོར་ཅོག་ཅན་ཞེས་མཚོ་སྐྱེས་བླ་མ་ནི། །རྒྱལ་བ་ཀུན་དངོས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་དག་ཏུ་རང་གི་དམ་བཅའ་མཛད་པའི་པཎྜི་ཏ། །བློ་བཟང་ཡེ་ཤེས་རྒྱལ་བ་གཉིས་པའི་ཞབས་ལ་མཆོད་པར་བགྱི། ། ༡༢ སྐྱེ་དགུ་དགེ་ལེགས་མ་ལུས་འབྱུང་གནས་གཅིག་པུ་ཉིད་གྱུར་པ། །རྒྱལ་བསྟན་རིན་ཆེན་ཁོ་ན་ཉིད་སྟེ་དེ་ལ་སྨན་པ་ཡི། །བྱ་བ་བྱེད་པོ་ས་སྐྱོང་མི་ཡི་བདག་པོ་ཆོས་སྐྱོང་བ། །གང་དེ་ལ་ཡང་རྗེས་སུ་ཡི་རང་གུས་པའི་བསྔགས་འོས་ཡིན། ། ༡༣ འགྲོ་ཀུན་བདེ་བའི་ལམ་མཆོག་དམ་པའི་ཆོས། །བསམ་མི་ཁྱབ་པའི་གཙོ་བོ་འཁོར་ལོ་གསུམ། །ངེས་དང་ངེས་དོན་མཐར་ཐུག་སྟོན་པ་ཡི། །མཚན་ཉིད་མེད་དང་ཕྱིར་མི་ལྡོག་པའི་གཏམ། ། ༡༤ མཐའ་དག་སྨྲ་བའི་འདུས་སྡེ་ངོ་མཚར་ཕུལ། །མངོན་མཐོ་དགའ་ལྡན་ངེས་ལེགས་ཕུན་ཚོགས་ཀྱི། །གླིང་དེར་ཚོགས་གཉིས་མཆོད་སྤྲིན་འཕྲོ་བ་ཡི། །ངང་ཚུལ་ཆ་ཙམ་དེབ་ཀྱི་ཚུལ་འདིར་གླེང་། ། ༡༥

ཞེས་ཚིགས་སུ་བཅད་པས་མདུན་བསུས་ནས། །གང་འདིར་རྒྱལ་བ་ཧཱ་ལའི་ཉི་མ་དོན་ཀུན་གྲུབ་པ་ཐུབ་པ་ཆེན་པོ་འགྲོ་ཀུན་འདྲེན་མཛད་ལྷ་ཡི་བླ་མའི་བླ་མ་གང་གི་བསྟན་པ་རིན་པོ་ཆེ་དེང་དུས་རབ་ཏུ་རྒྱས་པའི་ཡུལ་བྱང་ཕྱོགས་རི་ཁ་བ་ཅན་གྱི་ཁོངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་གིར་མཛད་པའི་ཞིང་ཁམས་བོད་ཡུལ་རུ་བཞི་ལས་གཙང་རུ་ལག་གི་ཆ་སྲིད་པའི་མ་མོ་ནག་སྨན་རྒྱལ་མོའི་ཕོ་བྲང་གི་ངོགས་ན། རྒྱལ་བས་རྔོ་བོ་ཆེ་ཡི་མདོར་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་རྨད་དུ་བྱུང་བའི་མཁས་པ་རྡོ་རྗེ་འཆང་ཨ་ནནྡ་གརྦྷ་མངྒ་ལཾ་ཀེ་རུ་ཤྲཱི་བྷ་ཊ་གང་གི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་གནས་མཆོག་རྟག་བརྟན་ངེས་དོན་དགའ་བའི་ཚལ་ལམ་དགའ་ལྡན་ཕུན་ཚོགས་གླིང་ཞེས་སྙན་པའི་བ་དན་དཀར་པོ་སྲིད་རྩེར་འཕྱོ་བ་བསླབ་གསུམ་དག་པའི་དགེ་སྦྱོང་བརྒྱ་ཕྲག་དུ་མས་དམ་པ་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་ཀུན་དགའ་ར་བ་གང་གི་རྨང་བཏིང་ནས་ལོ་བརྒྱ་ཕྲག་གཅིག་དང་བདུན་ཅུ་རྩ་བདུན་འདས་ཤིང་། གངས་རིའི་ཁྲོད་སྤྱི་ཡི་འདྲེན་པ་རྒྱལ་མཆོག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ལག་ན་པད་དཀར་འཆང་བའི་སྒྱུ་འཕྲལ་བདུན་པ་ངག་དབང་བསྐལ་བཟང་རྒྱ་མཚོའི་སྡེ་དང་། འདུལ་བ་འཛིན་པ་མཐའ་དག་གི་གཙུག་གི་ནོར་བུ་མ་ཧཱ་པཎྜི་ཏ་བློ་བཟང་ཡེ་ཤེས་ཞལ་སྔ་ནས་ཀྱི་རྒྱལ་བསྟན་ཡོངས་རྫོགས་འཛིན་པར་མཛད་ཅིང་། གནམ་བསྐོས་བསོད་ནམས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་མི་ཡི་རྗེ་ཆོས་སྐྱོང་ས་ཆེན་པོ་གང་གི་རྣམ་པར་དཀར་བའི་རྒྱལ་ཁྲིམས་ཀྱིས་ཁ་བ་ཅན་གྱི་ལྗོངས་མཛེས་པར་བྱེད་པའི་དུས་སྐབས་རབ་བྱུང་བཅུ་གཉིས་པའི་དགུང་ཡོངས་འཛིན་ཆུ་བྱིའི་ལོ་གསར་དུ་འཆར་བའི་སྐབས་སུ་ཕྲན་མདོ་ཁམས་ཀཿཐོག་ལྷོ་རྒྱུད་དུ་ལྷ་ལས་བབས་པ་རྔུ་ཡི་རིགས་སུ་སྐྱེས་ཤིང་། ཨོ་ཌོ་ཡ་ན་ཨ་ཙརྱ་མ་ཧཱ་པུ་ཥཾ་པདྨ་ཀ་པཱ་ལ་མ་ལེ་པ་ཀྲ་མས་ཚེ་རབས་དུ་མར་རྗེས་སུ་བཟུང་བ། ཤཱཀྱའི་དགེ་བསྙེན་འོད་གསལ་རྡོ་རྗེ་སྙིང་པོའི་རིག་པ་འཛིན་གྱུར་རྒྱལ་ཁམས་ཕྱོགས་མེད་དུ་རྒྱུ་བ་ཚེ་དབང་ནོར་བུར་གྲགས་པ་བདག་གིས། སྤྱིར་རྒྱལ་བསྟན་རིས་སུ་མ་ཆད་པ་མཐའ་དག་ལ་དག་སྣང་གི་བློ་མིག་སྙིང་དབུས་ནས་རྒྱས་ཤིང་།

ཁྱད་པར་སྔོན་གནས་རྗེས་སུ་འོལ་ཅིར་དྲན་པའི་བག་ཆགས་མཐུག་པོའི་དབང་གིས་གདན་ས་དམ་པ་འདིར་དད་གུས་དུང་ཆེན་པོས་དྲང་བས་ཕན་ཡོན་ཆེ་བར་རྟོགས་ཏེ། སྤྱིར་སྐྱེ་དགུ་ཐམས་ཅད་བདེ་བའི་དཔལ་ལ་སྤྱོད་པ་དང་། བྱེ་བྲག་དེ་ཡི་རྩ་ལག་རྒྱལ་མཆོག་གོ་ཏམ་ཉི་མའི་བསྟན་པ་མཐའ་དག་ཡུལ་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་པའི་ཆེད་དང་། ཁྱད་པར་གངས་ཅན་གྱི་བསྟན་པའི་བདག་པོ་ཐམས་ཅད་མཁྱེན་གཟིགས་བླ་མ་ཆེན་པོ་ཡབ་སྲས་ཀྱི་ཞབས་པད་རྡོ་རྗེའི་རི་བོ་ལྟར་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། དེ་བཞིན་བོད་ཡུལ་གྱི་མངའ་བདག་དགེ་བཅུའི་ཁྲིམས་ཀྱིས་སྐྱོང་བ་ཆོས་ཀྱི་རྒྱལ་པོ་ཆེན་པོ་གང་གི་ཆབ་སྲིད་བརྟན་ཅིང་བདེ་ལེགས་འཕེལ་པའི་ཕྱིར་དང་། གཞན་ཡང་བདག་དང་འབྲེལ་བཅས་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པ་ཀུན་གྱི་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པ་མྱུར་དུ་བརྙེས་ཤིང་བྱང་ཆེན་མཆོག་གི་གོ་འཕང་ལ་སྦྱོར་བའི་ཆེད་དུ་དམིགས། ཆུ་ཟླ་ཆོ་འཕྲུལ་དུས་ཆེན་གྱི་ཡར་ཚེས་བརྒྱད་ལ་མང་ཇ་བརྒྱད་སྦྱར་བའི་མུ་མཐུད་ནས་ལོ་འཁོར་ཟླ་བ་བཅུ་གཉིས་ཀྱི་ཉེར་གཉིས་ནམ་བྱུང་བར་དགའ་ལྡན་ཕུན་ཚོགས་གླིང་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་བཟང་བ་རེ་ཡོང་བའི་རྩ་བར་དངུལ་སྲང་ལྔ་བཅུ་རྩ་བཞི་ལ་ནེམྤལ་གྱི་དི་ནར་སུམ་བརྒྱ་དྲུག་ཅུ་ཡུལ་ལུགས་ཀྱི་བདེ་ཡང་བར་གསུམ་མ་བཞི་སྐྱེད་དུ་སྦྱར་བ་དང་། ཡང་གཙུག་ལག་ཁང་གི་རྟེན་གཙོ་བོ་ཇོ་བོ་ཕྱོགས་ལས་རྣམ་པར་རྒྱལ་པ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ཚེས་ ༡༨ ཚེས་ ༢༠ ཚེས་ ༢༢ རྣམས་ལ། མར་དཀར་རྟགས་ཉག་སྤོར་གང་གི་མཆོད་མེ་ཀོང་བཀང་རེ་དང་། ཐོབ་གཞི་གོང་མཐུན་གྱི་གཞལ་ཡས་ཁང་དུས་འཁོར་བློས་བླང་གི་མདུན་དུ། ཚེས་ ༡༥ ཚེས་ ༣ དང་དེ་བཞིན་བདེ་བ་ཅན་གྱི་ཡེ་ཤེས་མཆོད་རྟེན་དྲུང་དུ། ཚེས་༡༠ ཚེས་ ༢༥ རྣམས་ནམ་འཆར་དུ་མར་མེ་ཆགས་མེད་རྟེན་རྩ་བ་ནེམ་པཱ་ལ་ཡི་དི་ནར་དྲུག་ཅུ་རྩ་གསུམ། ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དུ་ཉམས་པ་མེད་པའི་བཙས་སུ་སྦྱར་བ་སྟེ་དགེ་ལེགས་ཡོན་ཏན་འཕེལ་བའི་རྒྱུ་ཕུན་སུམ་ཚོགས་པར་གྱུར་ཅིག

ཨ་ཐཱ། ཁྱད་པར་འཕགས་པའི་ཆོས་རྡོ་རྗེ་ཐེག་པའི་རྒྱུད་རྒྱལ་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་ས་བཅུ་པའི་དགོངས་འགྲེལ་ཅན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་འདི་ཉིད་རྒྱ་བོད་འཕགས་གྲུབ་ཆེན་པོ་ཐམས་ཅད་ཀྱིས་གཅེས་པའི་ཟབ་ཆོས་བླ་ན་མ་མཆིས་པ་ཡིན་པར་མ་ཟད། འཇམ་མགོན་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ་གྱི་རྒྱུད་རྒྱལ་འདི་ཉིད་ལ་དགྱེས་ཤིང་ཉམས་བཞེས་མཛད་པ་ལས་ཀྱང་། གསན་པའི་གནས་ཡུལ་ཇོ་ནང་དུ་ཕྱོགས་རྣམ་པའི་སྤྱན་སྔར་ཡིན་ལ་དེ་སྐབས་དུས་འཁོར་ལྷན་སྐྱེས་གསེར་གྱི་མདོག་ཅན་ཀྱང་ཞལ་གཟིགས་ལ་བྱིན་རླབས་དོན་བརྒྱུད་ཀྱི་ཆུ་བོ་འདིར་ཤིན་ཏུ་འབྲེལ་ཆགས་པ་ཡིན་ཞིང་། གཞན་ཡང་རྗེ་རིན་པོ་ཆེའི་རྗེས་སུ་འབྲང་བའི་སྐྱེས་མཆོག་དམ་པ་མཚར་དུ་དངར་བ་རྣམས་ཀྱིས་བཅོམ་ལྡན་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ལམ་སྲོལ་གཙོར་མཛད་པ་འབའ་ཞིག་སྟེ། རང་རང་གི་རྣམ་པར་ཐར་པས་ཤེས་ཤིང་འདིར་ཡི་གེ་འབྲིར་ག་ལ་ལང་། གཙོ་བོར་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས་དང་། རྒྱལ་མཆོག་ཐམས་ཅད་མཁྱེན་གཟིགས་ལག་ན་པད་དཀར་འཆང་ལྔ་པ་ཆེན་པོ་ཡི་ངོ་མཚར་རྨད་དུ་གྱུར་པའི་ཆོས་དམ་པར་ཆེས་ཆེར་བསྔགས་པར་མཛད་པའི་རྒྱུད་སྡེ་ཆེན་པོ་གང་འདི་ཡི་ཆོ་ག་དགོན་སྡེ་ཆེན་པོ་འདིར་ཚུགས་ན་གངས་ཅན་གྱི་བདེ་སྐྱིད་རྩ་བ་རྒྱལ་བསྟན་རིན་པོ་ཆེ་ཡོངས་སུ་སྐྱོངས་བ་བསྟན་པའི་བདག་པོ་མཆོད་ཡོན་གྱི་ཆབ་སྲིད་མངའ་ཐང་འཕེལ་བའི་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ནས་ས་དབང་ཆོས་ཀྱི་རྒྱལ་པོའི་སྲས་བྱང་ཆུབ་སེམས་དཔའ་ཐོ་པ་ལ་ཆི་གུང་སྐུ་ཞབས་ནས་དངུལ་སྲང་ལྔ་བཅུ་ཐམ་པ་སྟེ་དངུལ་བྲེ་ཆེན་དུ་གྲགས་པ་གཅིག་གནང་ཞིང་།

དེ་ཡི་མུ་མཐུད་དུ་བདག་གི་དངུལ་སྲང་བརྒྱ་ཐམ་པ་སྟེ་བྲེ་ཆེན་གཉིས། དེ་བཞིན་བླ་མ་དམ་པ་ཀུན་བཟང་དབང་པོའི་ཞལ་སྔ་ནས་ཀྱི་སྐུ་ཞབས་སུ་བདག་གི་སྦྱོར་དྲུག་ཁྲིད་བཀའ་ལན་དྲུག་དང་བདག་པོ་དང་བདག་པོ་ཆེན་པོའི་དབང་ལན་དྲུག་ཏུ་ནོད་པའི་བཀའ་དྲིན་ནི་གླིང་བཞི་བྱེ་བ་ཕྲག་བརྒྱ་ཙིནྟ་མ་ཎིའི་བཀང་སྟེ་བསྐལ་པའི་བར་ཉིན་རེ་བཞིན་ཕུལ་ཡང་ཚིགས་སུ་བཅད་པ་གཅིག་གི་ཡོན་དུ་ཡང་དཀའ་མོད། འོན་ཏེ་རང་གི་སྒོ་གསུམ་གུས་པས་ཟང་ཟིང་ཅི་ཡོད་ཀྱི་སྤོང་ཐག་ལན་དུ་མར་བགྱིས་པ་ལས་དེ་དག་ཕལ་ཆེ་བ་མཆོད་སྦྱིན་དུ་སྤེལ་བའི་ཆ་ཤས་དང་། དད་ལྡན་འགའ་ཡིས་ཕུལ་བ་རྣམས་ཚོགས་གོང་འཕེལ་དུ་དགོངས་ནས་དངུལ་སྲང་བརྒྱ་དང་ལྔ་བཅུ་དངུལ་བྲེ་ཆེན་གསུམ་ཕུལ་བར་མཛད་དེ། ཁྱོན་དྲིལ་དངུལ་བྲེ་ཆེན་དྲུག་ནེམྤལ་དི་ནར་སྟོང་ཕྲག་གཉིས་ཀྱི་རྩིས་ལྡན་འབྲི་བ་མེད་ངེས་པ་དང་། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཆོ་ག་བཏང་བའི་ཆ་རྐྱེན་དུ་དགའ་ལྡན་ཕུན་ཚོགས་གླིང་བཟང་པོར་སྦྱར་བ་སྟེ། དེ་ཡང་དུས་ཀྱི་འཁོར་ལོ་ཆོ་ག་རྒྱས་པར་རྗེ་བདག་ཉིད་ཆེན་པོའི་གསུང་ཐུགས་སྐུ་ཡོངས་སུ་རྫོགས་པའི་སྒྲུབ་དཀྱིལ་སྦྲེལ་བ་ཞིག་འཛུག་ཐུབ་ན་ཤིན་ཏུ་ལེགས་པར་གྱུར་རུང་། ཆོས་སྡེ་འདི་བཤད་པའི་གྲར་སོང་བ་དང་། སྙིགས་མ་དུས་དབང་གི་ཤེར་བརྩོན་ཞེན་པ་རྣམས་ཆོ་ག་ཚོགས་ཆེ་ན་དཀའ་ཚེགས་ཆེན་པོས་དུབ་པར་དོགས། ཆོ་ག་ཟོར་ཡང་ན་ཆགས་འགྲིབ་མི་འབྱུང་བའི་ཆེད་དུ་དམིགས། ཀླག་དཔེ་ཡང་འགྲུབ་སླ་བ་བཅས་ཀྱི་རྭ་ལོ་གསུམ་པའི་གསུང་ངག་དུས་འཁོར་ལྷ་དགུའི་བསྒྲུབ་ཐབས་དང་། རྣལ་འབྱོར་མ་རིགས་བརྒྱའི་ཆོ་ག་ཡོངས་སུ་རྫོགས་པ། ཚོགས་མཆོད་བདུད་རྩི་འཁྱིལ་པ་བཅས་ཕྱག་བཞེས་སྔར་རྒྱུན་མ་ཉམས་པ་གཟབ་རྒྱས་སུ་དགེ་འདུན་བརྒྱ་དང་སུམ་ཅུ་རྩ་དྲུག་ལས་མི་ལྷག་མི་ཆད་པས་ལོ་གཅིག་ཟླ་བ་བཅུ་གཉིས་ཀྱི་ཚེས་བཅོ་ལྔ་ནམ་ཤར་བར་གཞལ་ཡས་ཁང་དུ་གྲགས་པར་རིགས་ལྡན་སྤྲུལ་པས་བསྒྲུབ་པའི་དུས་འཁོར་དཀྱིལ་འཁོར་བློས་བླང་མདུན་དུ་གནང་རྒྱུ་ཡིན་ལ། དེ་ཡང་དགེ་རྒྱུན་འདི་སྦྱར་དུས་འབྲུ་མར་ཤ་སོགས་སྤྲུལ་དཀོན་པའི་ལོ་སྐབས་སུ་གྱུར་ཡང་། ཆོ་ག་གྲྭ་པ་རྣམས་ལ་གསོལ་ཇ་བཞེས་འཇམ་ཚོགས་འཁོར་གྱི་ཡོ་བྱད་བཟང་པོའི་ཐོབ་ལྡན་དུ་བགྱིས་པ་ཡིན་གྱི། སླད་མར་འབྲུ་ཤ་སོགས་སྤུས་འབོལ་པོ་བྱུང་ཚེ་འཕར་གང་ཡིན་དུས་འཁོར་ཚོགས་རྫས་སུ་སྤར་ཏེ་ལས་པ་འདི་ཐོག་ཏུ་འཕར་འདི་བཏང་ཞེས་སྤྱན་ལྟོས་བཟང་པོར་ཕན་པའི་ཕྱག་བཞེས་དང་། གང་ལྟར་གོང་གསལ་གྱི་དགེ་རྒྱུན་དངུལ་རྩ་བར་ཉམས་ཆགས་མེད་པར་དུས་ཇི་སྲིད་སྒྱུ་འཕྲུལ་སྲས་པོའི་བསྟན་པ་ས་ཕྱོགས་འདིར་གནས་ཤིང་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་རིང་ལུགས་འཛིན་པ་ཡོད་པ་དེ་སྲིད་དུ་དགེ་ལེགས་དུ་མ་འབྱུང་བའི་རྟེན་འབྲེལ་བཟང་པོའི་གཞི་རྟེན་དུ་དུས་འཁོར་ལྷ་དགུ་རྣལ་འབྱོར་མ་རིགས་བརྒྱའི་ཆོ་ག་ཚོགས་ཀྱི་འཁོར་ལོ་དང་བཅས་པ་འདི་ངེས་པར་གནས་པའི་བྱེད་པོ་དགའ་ལྡན་ཕུན་ཚོགས་གླིང་གི་བསྟན་འཛིན་སྐྱེས་བུ་མཁན་སློབ་སྤྱི་ཡི་གཟིགས་པས་བཙའ་བ་དང་། ལས་བྱེད་པས་ཀྱང་དོ་དམ་ལྷག་བསམ་རྣམ་པར་དག་གཙང་དགེ་བས་གནང་ངོས། དགེ་འདུན་སྐུ་དྲག་རྣམས་ཀྱང་གལ་ཆུང་མ་ཡིན་པར་རྒྱལ་བསྟན་རིན་པོ་ཆེར་དམིགས་པའི་འགན་ཁུར་ཆེ་བཞེས་བཀའ་དྲིན་ཆེན་པོས་ཆོ་ག་མཉམ་པ་མེད་པའི་མཛད་པ་སྐྱོང་བར་གསོལ་བ་འདེབས་ཤིང་། དེ་བཞིན་རྒྱལ་བའི་བསྟན་བསྲུང་མཐུ་རྩལ་ནུས་པ་རྨད་དུ་བྱུང་བ་མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཡབ་ཡུམ་འཁོར་བཅས་དང་། ཁྱད་པར་ལེགས་ལྡན་ནག་པོ་ཏྲཀྴད་ལྕམ་དྲལ། གཟའ་མཆོག་ར་ཧུ་ལ་འཆི་བདག་གཤིན་རྗེའི་ཚོགས་དང་བཅས་པ། གནས་བདག་ནགས་སྨན་རྒྱལ་མོ་ལ་སོགས་མཐུ་ལྡན་དམ་ཅན་དྲེགས་པ་ཅན་རྣམས་ཀྱིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་དགའ་ལྡན་ཕུན་ཚོགས་གླིང་བཤད་སྒྲུབ་ཀྱི་སྡེ་ཉམས་པ་མེད་པའི་འཕྲིན་ལས་དང་། དེ་བཞིན་དུ་འགྲོ་བ་མཐའ་དག་གི་དགེ་ལེགས་འབྱུང་གནས་རྒྱལ་བ་མཆོད་ཡོན་གྱི་ཆབ་སྲིད་ཡུན་དུ་གནས་ཤིང་བོད་ཁམས་བདེ་བའི་རྟེན་འབྲེལ་དུ་དམིགས་པ་ཡིས་དུས་ཀྱི་འཁོར་ལོའི་ཆོ་གའི་རྒྱུན་འདི་ཉམས་པ་མེད་པའི་བསྲུང་མ་མཛད་ནས་བར་དུ་གཅོད་པ་མཐའ་དག་ཐལ་བའི་རྡུལ་བཞིན་བརླགས་ཤིང་མཐུན་རྐྱེན་འདོད་དགུ་ཡིད་བཞིན་དུ་རྒྱས་པར་མཛོད་ཅིག ཞེས་དངོས་དོན་སྨོས་ཟིན་ནས་སླར་སྨྲས་པ།

དེ་ལྟར་མི་འགྱུར་བདེ་ཆེན་ལ་དགའ་བས། །རྣམ་ཀུན་མཆོག་ལྡན་དུས་གསུམ་རྒྱལ་བའི་ལམ། །མངོན་མཐོ་ངེས་ལེགས་ཕུན་སུམ་ཚོགས་པའི་གླིང་། །བདག་སྐལ་བཟང་པོས་སྤྱོད་འདི་ངོ་མཚར་ཡིན། ། ༡ རྟག་བརྟན་འགྱུར་བ་མེད་པའི་བདེ་གཤེགས་ཁམས། །ཡིན་ལུགས་ཚུལ་བཞིན་འཆད་པ་དམ་པའི་ཆོས། །ངེས་དོན་ཙམ་མིན་ངེས་དོན་མཐར་ཐུག་གི །ཆོས་འཁོར་གནས་འདིར་བདག་སྙིང་དགའ་ཚལ་འགྱུར། ། ༢ ཚུལ་འདིས་ཉེ་བར་དྲངས་ནས་ཐེག་ཆེན་མཆོག་གྱུར་སྔགས་ཀྱི་རྒྱུད། །རྡོ་རྗེ་ཐེག་པའི་མཐར་ཐུག་དུས་བཞི་འཁོར་ལོ་ཕྱི་ནང་གཞན། །དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་བདེ་བ་ཆེ། །གང་གི་དཀྱིལ་འཁོར་འཁོར་ལོ་མཆོད་པའི་སྤྲིན་དཔུང་བཟང་པོ་ནི། ། ༣ སྔོན་བྱོན་སྐྱེས་མཆོག་རྨད་བྱུང་རྗེ་བཙུན་དམ་པར་གྱུར་རྣམས་ཀྱི། །དགོངས་ཀློང་རྒྱ་མཚོ་བསྐང་ཞིང་བདག་གཞན་འགྲོ་བའི་ཚོགས་གཉིས་གང་། །རབ་སྤེལ་ཆེད་དུ་འབད་པ་དུ་མ་དང་བཅས་ལྷག་བསམ་གྱིས། །རྫོགས་ལྡན་དཔལ་བཟང་གསར་དུ་བསྐྱེད་འདི་སྔོན་ལམ་ལས་སུ་ངེས། ། ༤ སྤྱིར་ཡང་གཞན་གྱི་འདག་དཀའི་སྡིག་ཚོགས་མ་ལུས་བསྲེགས་པའི་མེ། །བྱང་ཆུབ་ཆེན་པོའི་འབྲས་བུ་དུས་འདིར་སྩོལ་བྱེད་རྨད་བྱུང་ཐབས། །དེ་ཕྱིར་དཔྱོད་ལྡན་བླ་མེད་རྒྱུད་ཀྱི་དཀྱིལ་འཁོར་ཚོགས་འཁོར་གྱིས་མཆོད་པ། །མཚུངས་པ་ཡོད་མིན་མཐའ་དག་རྒྱུད་སྡེ་ནས་བསྔགས་སྙིང་ལ་བཟུང་། ། ༥ དོན་དེས་གཞུང་དོན་མཁྱེན་པ་ཀུན་གྱི་འབད་པས་ཚུལ་འདི་བསྒྲུབ། །དེ་ཕྱིར་ཕྱོད་ལྡན་རྣམས་ཀྱིས་མགྲིན་གཅིག་བསྔགས་པར་འོས་ལགས་ཤིང་། །བདག་ཀྱང་ཚུལ་འདིར་འབད་པའི་དགེ་བས་སྐྱེ་ཀུན་ཡང་འདིར་འབད། །དེ་ལྟས་རིང་མིན་རྣམ་མཁྱེན་རྫོགས་སངས་རྒྱས་འབྲས་ཐོབ་པར་ཤོག ། ༦ གཞན་ཡང་བདག་གི་དུས་གསུམ་བསགས་ཡོད་དགེ་བའི་ཚོགས་མ་ལུས། །གཅིག་སྡོམ་བྱང་ཆེན་རྒྱུར་བསྔོ་ཐེག་ཆེན་སྨོན་ལམ་བཏབ་པ་ཀུན། །བསླུ་མེད་དུས་འདི་ཉིད་ནས་ཡོངས་གྲུབ་རྒྱལ་བ་མཆོག་གོ་འཕང་། །མ་ཐོབ་བར་དུ་མངོན་མཐོའི་དགེ་ལེགས་ཡོངས་ལ་སྤྱོད་པར་ཤོག ། ༧ སྐྱེ་ཀུན་རིགས་བཟང་མཚན་དཔེ་བཟང་བརྒྱན་ལུས་ཐོབ་ཀུན་ཡིད་འོང་། །འཇིག་རྟེན་འཇིག་རྟེན་འདས་པའི་ལམ་ཀུན་ཡོངས་ཤེས་བློ་གྲོས་རྒྱས། །སངས་རྒྱས་བསྟན་ལ་མི་ཕྱེད་དད་གུས་མཆོག་ཏུ་རྟག་ཏུ་བརྟན། །བསྟན་པའི་སྒོར་ཞུགས་ཚུལ་ཁྲིམས་བསླབ་པ་དག་གཙང་སྤྱོད་པར་ཤོག ། ༨ འགྲོ་ཕན་གྱུར་ན་མ་གཏོགས་སྐྱེ་ཀུན་ཆགས་ཁྲོ་རྨོངས་ཕྲག་དོག །རྣམ་རྟོག་ངན་པ་སྐད་ཅིག་ཙམ་ཡང་མི་སྐྱེ་བྱམས་པ་དང་། །སྙིང་རྗེ་དགའ་བ་བཏང་སྙོམས་ལ་སྤྱོད་འགྲོ་བའི་དོན་རྒྱ་ཆེར། །ནམ་ཡང་གཡེལ་མེད་སྤྱོད་ནས་འབྲེལ་ཚོགས་མ་ལུས་འདྲེན་པར་ཤོག ། ༩ ཏིང་ངེ་འཛིན་དང་ཤེས་རབ་བསླབ་སྤྱོད་ཡོན་ཏན་རྩལ་མྱུར་རྫོགས། །གཟུང་དང་སྤོབས་པ་མཐའ་ཡས་ཡོངས་གྲུབ་རྒྱལ་གསུང་ཆོས་ཀྱི་སྒོ། །མ་ལུས་གཅིག་ཆར་བློ་ཡིས་འཛིན་ཞིང་ཇི་བཞིན་དོན་འཆད་ནུས། །རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་དགོངས་པ་མ་ལུས་བསྐང་བར་ཤོག ། ༡༠ ཁྱད་པར་ཚེ་རབས་ཚེ་རྒྱུད་རྟག་ཏུ་རྡོ་རྗེ་ཐེག་ལམ་འཕྲད། །རྨད་བྱུང་ཟབ་གསལ་བདེ་ལམ་མཆོག་གྱུར་བཅོམ་ལྡན་དུས་འཁོར་ལོ། །སྟོན་མཛད་མཁྱེན་བརྩེ་ནུས་ལྡན་བླ་མ་དམ་པས་རྗེས་བཟུང་ནས། །སྨིན་དབང་ཡོངས་རྫོགས་བསྐྱེད་རིམ་ཡེ་ཤེས་ཆེས་དབང་མྱུར་བརྙེས་ཤོག ། ༡༡ རྫོགས་རིམ་བྱེད་ཅིང་ཅུང་ཟད་ཙམ་གྱིས་རླུང་དབུར་ཞུགས་ནས་ཐིམ། །ཟབ་གསལ་རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་མཉམ། །ས་གསུམ་ཕོ་ཉ་མའི་ཚོགས་མ་ལུས་བདག་དྲུང་རབ་འདུས་ནས། །མི་འགྱུར་བདེ་ཆེན་གྲོགས་སྤྱོད་ཁུ་རྡུལ་རླུང་དག་རྡོ་རྗེ་གསུམ་འགྲུབ་ཤོག ། ༡༢ གཞན་ཡང་ལས་བཞི་ལྟ་སྟངས་བཅུ་གཉིས་གྲུབ་པ་ཆེན་པོ་བརྒྱད། །ཡོངས་རྫོགས་ཅིག་ཆར་བརྙེས་ནས་འགྲོ་ཕན་རྒྱ་ཆེན་པོ་བསྒྲུབ་ཅིང་། ། ༡༣ དེ་བཞིན་བདག་མཐོང་ཐོས་རེག་གྱུར་འགྲོ་ཀུན་སྡིག་ཟད་ནས། །བདེ་ལྡན་འོད་དཔག་མེད་པའི་ཞིང་དུ་བཙན་ཐབས་འདྲེན་པར་ཤོག །ཡང་ཅིག་བདག་གི་ཐེག་ཆེན་སྨོན་ལམ་རྒྱ་མཚོ་ཆེ་གང་བཏབ། །བདག་ལ་གུས་ལྡན་སློབ་ཚོགས་ཀུན་གྱི་ལེགས་འགྲུབ་ཚོམ་བུར་འཚོགས། །གལ་ཏེ་བདག་སྨོད་བདག་ལ་གནོད་པའི་སེམས་ལྡན་གྱུར་རྣམས་ཡང་། །སྡིག་པ་མྱུར་དག་བདག་གི་བྱང་ཆེན་སྤྱོད་པའི་འབངས་བྱེད་ཤོག ། ༡༤ མདོར་ན་ཚེ་རབས་ཀུན་ཏུ་བྱང་ལམ་སྤྱོད། །རང་དབང་ཉིད་ཀྱི་རྒྱལ་བསྟན་ཅི་བདེར་སྤེལ། །མ་ནོར་ངེས་དོན་མཐར་ཐུག་ལྷག་པར་འཆང་། །དོན་གཉིས་ལྷུན་གྲུབ་ནོར་བུའི་གནས་ཐོབ་ཤོག །ཅེས་ཆོས་གྲྭ་ཆེན་པོ་དགའ་ལྡན་ཕུན་ཚོགས་གླིང་དུ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཆོ་ག་གང་དང་སྐུ་བརྙན་རྣམས་ལ་སྣང་སལ་དང་འདུས་སྡེར་མང་ཇ་སྦྱར་བའི་དོད་དུ་རིག་འཛིན་ཚེ་དབང་ནོར་བུས་བོད་ཡུལ་ས་ཡི་ཐིག་ལེ་ལྷ་ལྡན་འཕྲུལ་སྣང་གི་བྱ་འདབས་སུ་མེ་འབྲུག་ཁྲུམས་ཟླའི་དམར་ཕྱོགས་བརྒྱད་ལ་གྲུབ་པར་བྲིས་པ་དགེའོ། །དགེའོ། །


previousཇོ་ནང་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་དུ་དགེ་རྒྱུན་སྦྱར་བའི་དཀར་ཆགnext