Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་འགྱུར་ཕན་ཁང་བཅས་ཀྱི་དཀར་ཆག་མཐོང་བ་དོན་ལྡན།
   
   
   
   


 
previousབཀའ་འགྱུར་ཕན་ཁང་བཅས་ཀྱི་དཀར་ཆག་མཐོང་བ་དོན་ལྡན།next

བཀའ་འགྱུར་ཕན་ཁང་བཅས་ཀྱི་དཀར་ཆག་མཐོང་བ་དོན་ལྡན།

༄༅། །བཀའ་འགྱུར་ཕན་ཁང་བཅས་ཀྱི་དཀར་ཆག་མཐོང་བ་དོན་ལྡན་བཞུགས་སོ། །

༈ ཨོཾ་སྭཱསྟི་སིདྡྷི་རསྟུ། མཁའ་ཁྱབ་ཡེ་ཤེས་གཉིས་ལྡན་བྲལ་སྨིན་མཐར་ཐུག་ཡང་དག་རྫོགས་སངས་རྒྱས། །འགོག་བདེན་ངོ་བོ་ཉིད་ལས་ཞི་བ་མྱང་འདས་མངོན་ལམ་གྱུར་དམ་པའི་ཆོས། །རྒྱལ་བའི་ས་བོན་སྲས་གྱུར་ལྷ་མིའི་ཚོགས་ཞིང་མཆོག་གྱུར་དགེ་འདུན་སྡེ། །བསླུ་མེད་སྐྱབས་གྱུར་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་དགེ་ལེགས་སྩོལ། །གང་ཞིག་བསོད་ནམས་དཔལ་ལྡན་མི་ཡི་རྗེ། །གང་གི་རྒྱལ་གསུང་བཅུ་གཉིས་ཡན་ལག་ཅན། །གངས་ལྗོངས་བརྡས་འདྲེན་ཆོས་ཀྱི་རིང་སྲོལ་མཆོག །གངས་ཅན་མགོན་པོའི་རིག་སྔགས་འཁོར་ལོ་བཅས། །བྱང་ཆུབ་ཆེན་པོ་འགྲུབ་ཕྱིར་རྣམ་དཀར་ལས། །ལེགས་པར་བསྒྲུབ་པའི་ངང་ཚུལ་ཚིག་ཆགས་སུ། །སྡེབས་ཤིང་དགེ་འབྲས་ཉམས་མེད་གོང་འཕེལ་དུ། །འགྱུར་བསྔོ་སྨོན་བཅས་ཆ་ཙམ་འདི་ན་སྤེལ། །དེ་ཡང་རྒྱལ་བ་སྐུ་གསུམ་ཆོ་འཕྲུལ་གྱི། །ཞིང་ཁམས་ནམ་མཁའི་མཐའ་ལ་ཡོངས་སུ་གཏུག །ཆོས་སྐུའི་ཞིང་ནི་བརྗོད་པའི་ཡུལ་ལས་འདས། །ལོངས་སྤྱོད་རྫོགས་ཤིང་ལྷུན་གྲུབ་མུ་མཐའ་བྲལ། །སྤྲུལ་པ་སྐུ་ཞིང་རྡུལ་སྙེད་རྡུལ་གྲངས་ཆགས། །དེ་ལས་མི་མཇེད་འཇིག་རྟེན་ཁམས་ཞེས་པ། །བྱེ་བ་ཕྲག་བརྒྱ་སྟོང་གསུམ་སྟོང་ཆེན་པོ། །མཆོག་གི་སྤྲུལ་པ་གཅིག་གི་གདུལ་བྱར་ཤར། །མཆོག་ཏུ་བཟོད་ལྡན་བཟང་པོའི་བསྐལ་པ་ཞེས། །སྒྲོན་མ་བརྒྱ་ཕྲག་བཅུ་ཡི་ཞིང་ཁམས་ནི། །རྣམ་པར་སྣང་མཛད་ཕྱག་གི་པདྨོ་ཡི། །ཟེའུ་འབྲུ་ཉེར་ལྔ་བརྩེགས་པའི་དབུས་སུ་སྤྲུལ། །འདི་རུ་རྣམ་འདྲེན་བརྒྱད་ཅུ་ཕྲག་དང་པོའི། །བཞི་པ་རྒྱལ་བ་གཞན་ལས་ཐུགས་བསྐྱེད་མཐུ། །རྨད་བྱུང་ལྷ་ཡི་ལྷར་གྱུར་རིགས་མཆོག་སྐྱེས། །ཡང་དག་རྫོགས་སངས་རྒྱས་པ་ཤཱཀྱ་ཐུབ། །དེ་ཉིད་གདུལ་བྱ་དམན་ངོར་དྲང་དོན་དུ། །གྲངས་མེད་བསྐལ་པ་དུ་མའི་སྔོན་རོལ་ན། །དམྱལ་བསྲུང་ཤིང་རྟ་འདྲེན་པ་བྱང་ཆུབ་རིགས། །སད་ནས་རྫ་མཁན་ཁྱེའུ་ཡངས་པའི་མིག །སྐྱེས་པས་ཐུབ་པ་ཆེ་ལ་གུས་པའི་བློས། །སྨོན་པ་བྱང་ཆུབ་མཆོག་ཏུ་ཐུགས་རབ་བསྐྱེད། །དེ་ནས་བསྐལ་པ་གྲངས་མེད་ཆིག་མཐར་ཚེ། །རྒྱལ་པོའི་མདུན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ། །ཞེས་གྱུར་རྫོགས་སངས་རྒྱས་ལ་རིན་ཆེན་སྙིང་། །གང་གི་སྤྱན་སྔར་འཇུག་པའི་སེམས་བསྐྱེད་ནས། །རྒྱལ་སྲས་སྙིང་རྗེ་ཆེ་སྟེ་གྲངས་མེད་པའི། །བསྐལ་པ་གཉིས་ནས་རྫོགས་སངས་རྒྱས་ལུང་ཐོབ། །འཇུག་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་གཅིག །རྫོགས་ཚེ་བྲམ་ཟེ་ཁྱེའུ་སྤྲིན་ཞེས་པར། །གྱུར་ནས་དེ་བཞིན་གཤེགས་པ་མར་མེ་མཛད། །དགྱེས་པར་བྱེད་པའི་བྱ་བ་ལ་བརྩོན་ནས། །བླ་མེད་དོན་དམ་བྱང་ཆུབ་སེམས་མཆོག་བསྐྱེད། །རྒྱལ་བས་གྲངས་མེད་བསྐལ་པ་གཅིག་གི་མཐར། །མི་མཇེད་འཛམ་བུའི་གླིང་དུ་རྩོད་ལྡན་དུས། །ཤཱཀྱ་ཐུབ་པར་སངས་རྒྱས་ལུང་བསྟན་ཏེ། །དེ་བཞིན་ཞིང་འདིར་རྫོགས་སངས་རྒྱས་གསུམ་པ། །འོད་སྲུང་བསྟན་ལ་ཁྱེའུ་བླ་མར་གྲགས། །དེ་འཕོས་དགའ་ལྡན་གནས་སུ་དམ་པ་ཏོག །དཀར་པོ་ཞེས་པས་ལྷ་རྣམས་དོན་མཛད་ནས། །མི་ཡི་གདུལ་བྱར་གཟིགས་པ་ལྔ་ཡི་ནི། །གཟིགས་ཏེ་ཟས་གཙང་སྲས་གྱུར་རྡོ་རྗེ་ཡིས། །ས་གཞིར་ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མཆོག་དེ་གསར་དུ་བརྙེས་པར་འདོད། །ཐེག་ཆེན་པས་ནི་གྲངས་མེད་སྔོན་བསྐལ་དུ། །རིན་ཆེན་ཏོག་ཏུ་ཡང་དག་སྔར་སངས་རྒྱས། །སླར་ཡང་འཛམ་གླིང་གདུལ་བྱར་ཤཱཀྱ་ཐུབ། །མངོན་སངས་རྒྱས་པའི་ཚུལ་དུ་བསྟན་པར་བཞེད། །སྔགས་རྒྱུད་ཐུན་མོང་བས་ནི་གཙང་མའི་གནས། །སྤང་བའི་འོག་མིན་དེ་ན་གསང་བ་འདུས། །ཡང་དག་རྫོགས་སངས་རྒྱས་ནས་ཞིང་ཁམས་འདིར། །བྱང་ཆུབ་སྤྱོད་པས་སངས་རྒྱས་ཚུལ་བསྟན་འདོད། །བླ་མེད་སྔགས་ཀྱི་མཐར་ཐུག་ཨ་ཏི་ཡི། །གཟོད་མ་ཉིད་ནས་དག་པ་ཆོས་ཀྱི་སྐུ། །ཤཱཀ་ཐུབ་རང་བྱུང་ཡེ་སངས་པ་རྒྱས་ཏེ། །སྐུ་གསུམ་ལྷན་གྲུབ་ཀུན་ཏུ་བཟང་པོར་བཞེད། །དེ་ལྟར་རྒྱལ་མཆོག་ཤཱཀྱ་ཐུབ་པ་དེས། །འཛམ་གླིང་གདུལ་བྱའི་སྣང་ངོར་ཆོས་འཁོར་ལོ། །རིམ་པ་གསུམ་བསྐོར་དང་པོ་བདེན་པ་བཞི། །བར་པ་མཚན་ཉིད་མེད་པ་ཕ་རོལ་ཕྱིན། །ཐ་མ་ཕྱིར་མི་ལྡོག་པ་སྙིང་པོ་གཏམ། །ངེས་དོན་མཐར་ཐུག་ཆོས་ཀྱི་འཁོར་ལོ་བསྐོར། །ལྐོག་གྱུར་དབང་པོ་མཆོག་ངོར་གསང་བ་སྔགས། །ཕྱི་ནང་རྒྱུད་སྡེ་བསམ་གྱིས་མི་ཁྱབ་གསུངས། །དེ་ལྟར་རྒྱལ་བའི་བཀའ་ལུང་ཆོས་ཀྱི་སྒོ། །དེ་དག་ཉིད་ལས་མི་ཞན་སྲས་ཀྱི་ཚུལ། །རྣམས་ཀྱིས་བསྡུས་ནས་གདུལ་བྱའི་སྐལ་བ་དང་། །མཚམས་པར་ཆོས་ཀྱི་བདུད་རྩི་འགྱེད་པར་མཛད། །སྤྱིར་ནི་བཟང་པོའི་བསྐལ་པར་རྫོགས་སངས་རྒྱས། །ཀུན་གྱི་བསྟན་པ་བསྡུད་བསྲུང་སྐྱོང་བ་པོ། །གནོད་སྦྱིན་ཆེན་པོ་ལག་ན་རྡོ་རྗེར་གྲགས། །ཁྱད་པར་ཐུབ་བསྟན་ཐེག་ཆེན་རིགས་གསུམ་མགོན། །ཉན་ཐོས་བསྟན་ནི་འཕགས་པ་གནས་བརྟན་པ། །བཅུ་དྲུག་འཁོར་དུ་དགྲ་བཅོམ་མང་པོས་བསྐོར། །འཛམ་གླིང་ཚེ་ལོ་མཐར་ཐུག་བཅུ་པ་ནས། །བརྒྱ་ཕྲག་འཕེལ་བར་བཞུགས་ནས་བསྟན་པ་སྤེལ། །དེ་ཡང་རྒྱལ་བ་ཐུབ་དབང་བསྟན་པ་མཆོག །ཏིང་འཛིན་རྒྱལ་པོའི་རྗེས་འབྲང་པཎྜི་ཏ། །དབྱངས་ཅན་དགའ་བའི་བཞེད་པ་ལོ་ཡི་གྲངས། །སྟོང་ཕྲག་ལྔ་ཡི་བར་དུ་གནས་གྲགས་ཏེ། །གང་ཞིག་རྩྭ་ཅན་གྲོང་དུ་རྒྱལ་བ་མཆོག །ཞི་བར་གཟིམ་ནས་བརྒྱ་དང་བཅུ་ཕྲག་ལོ། །ཡིན་ཏེ་ཕྱེད་ལོ་ཉིས་བརྒྱ་ཉི་ཤུར་གྲགས། །དེ་སྲིད་རྒྱལ་བསྟན་གཏད་རབས་བདུན་གྱིས་བཟུང་། །བཀའ་ཡི་བསྡུ་བ་རིམ་པ་གསུམ་པོ་ཡང་། །འདས་ལོར་ཆིག་དང་བརྒྱད་ཅུ་དེ་བཞིན་དུ། །སུམ་བརྒྱ་ལོན་པའི་སྐབས་སུ་རིམ་བྱུང་ཞིང་། །དེ་ཡི་ཐེག་ཆེན་བཀའ་ཡང་ཅི་རིགས་བྱོན། །དེ་ནས་རིམ་བཞིན་ཐེག་ཆེན་བསྟན་པ་ཡང་། །ཐོབ་བཙུན་གྲུབ་རྗེ་མཆེད་ཀྱི་མ་ག་དྷར། །དབུ་གཙུག་སྒྲ་གཅན་བཟང་པོས་འཕེལ་བར་མཛད། །ལྷག་པར་རྒྱས་མཛད་ཀླུ་སྒྲུབ་སྙིང་པོ་སྟེ། །འདས་ལོ་བཞི་བརྒྱ་ལོན་སྐབས་ལྷོ་ཡི་ཕྱོགས། །བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། །འཁོར་ལོ་གསུམ་གྱི་དགོངས་དོན་གཏམ་གྱི་ཚོགས། །རིག་ཚོགས་བསྟོད་པའི་ཚོགས་ཀྱིས་བསྟན་པ་སྤེལ། །ཐེག་ཆེན་གྲུབ་མཐའ་འཆང་བའི་ཤིང་རྟ་ཆེ། །འཛམ་གླིང་རྒྱན་ཞེས་སྟོན་པ་གཉིས་པར་གྱུར། །ཁྱད་པར་འཁོར་ལོ་གསུམ་པའི་དགོངས་དོན་མཆོག །མི་ཕམ་རྒྱལ་བས་ཆོས་ལྔ་མཛད་པ་གང་། །རྒྱལ་བ་འདས་ནས་དགུ་བརྒྱའི་ལོ་ལོན་ཚེ། །ཐོགས་མེད་ས་གཞིའི་དབང་ཕྱུག་འཁྲུངས་ནས་སྤེལ། །ཤིང་རྟ་ཆེ་གཉིས་དེ་ཡི་རྗེས་འབྲང་བ། །ཐེག་ཆེན་སྤྱོད་པས་འཛམ་གླིང་ཡོངས་སུ་ཁེངས། །ཁྱད་པར་བླ་མེད་སྔགས་ཀྱི་ཐེག་པ་ཡང་། །འདས་ལོ་བཅུ་གཉིས་ལོ་སྐོར་གཉིས་སོང་ཚེ། །གསང་བའི་བདག་པོའི་རིགས་ཅན་དྲ་མ་ལྔར། །སིངྒ་ལ་རི་དྲག་ཤུལ་ཅན་རྩེ་མོར། །རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ཡི་མི་ཡི་རིགས་ཅན་རྒྱལ་པོ་ཛཿ །ཨིནྡྲ་བྷུ་ཏིར་དགེ་བའི་རྟ་བདུན་བཅས། །བཀའ་གཏད་པུསྟི་དབང་བསྐུར་གསང་སྔགས་བརྙེས། །དེ་ནས་ཀླུ་སྒྲུབ་སྙིང་པོ་བྱོན་གྱི་བར། །ཆེས་ཆེར་གསང་བ་ཆེན་པོའི་སྒོ་ནས་ནི། །སྐལ་ལྡན་འབའ་ཞིག་བདག་གིར་སྤྱོད་པས་ན། །ཚོམ་བུ་འབུམ་ཕྲག་དུ་མ་སྔོན་སངས་རྒྱས། །ཀླུ་སྒྲུབ་བྱོན་པ་ནས་བཟུང་གསང་སྔགས་ཆོས། །རིམ་བཞིན་འགྲོ་བ་ཡོངས་ཀྱི་སྤྱོད་ཡུལ་གྱུར། །རྒྱལ་བ་འདས་ནས་སུམ་སྟོང་ཟིན་གྱི་བར། །སྔགས་ཀྱི་མཆོག་བརྙེས་གྲངས་ཀྱིས་མི་ལངས་བྱོན། །དེ་ལྟར་རྒྱལ་བའི་འབྱུང་གནས་འཕགས་ཡུལ་བྱང་། །ཕྱག་ན་པདྨོའི་གདུལ་བྱ་གངས་རིའི་ལྗོངས། །འདི་རུ་རྒྱལ་བའི་འབྱུང་གནས་འཕགས་ཡུལ་བྱང་། །ཕྱག་ན་པདྨོའི་གདུལ་བྱ་གངས་རིའི་ལྗོངས། །འདི་རུ་རྒྱལ་བ་འདས་ནས་ལོ་ཉིས་སྟོང་། །ལྔ་བརྒྱ་སོ་དགུ་འདས་ནས་བཞི་བཅུའི་བར། །བྱང་སེམས་ཀུན་བཟང་རྣམ་འཕྲུལ་ཐོ་ཐོ་རི། །ཕོ་བྲང་རྩེ་ལ་སྤང་རྐོང་ཟ་ཏོག་བབས། །ཆོས་ཀྱི་དབུ་བརྙེས་དེ་ནས་མི་རབས་ལྔ། །སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོ་བྱོན། །ར་ས་འཁྲུལ་སྣང་གཙུག་ལག་ཁང་བཞེངས་ཤིང་། །དམ་པ་ཆོས་ཀྱི་སྲོལ་བཀའ་ལེགས་པར་བསྟོད། །དེ་ཡི་གདུང་རབས་ལྔ་བར་ཁྲི་སྲོང་ལྡེ། །བྱོན་ནས་བསྟན་པ་སྤེལ་ཕྱིར་འཕགས་ཡུལ་ནས། །མཚན་ཉིད་སྡེ་སྣོད་འཛིན་པ་ཞི་བ་འཚོ། །སྔགས་ཀྱི་རིག་འཛི་བི་མ་ལ་མུ་ཏྲ། །ཁྱད་པར་འོད་དཔག་མེད་པ་སངས་རྒྱས་ཏེ། །ཞིང་འདིར་བླ་མར་གྱུར་པ་འཕུར་འགྲོ་ཡི། །རྒྱལ་སྲས་ཐོར་ཅོག་ཅན་ཞེས་བདེ་བ་ཆེ། །ཟླ་བྲལ་སངས་རྒྱས་གཉིས་པ་དེ་སྤྱན་དྲངས། །བོད་ཡུལ་མི་དང་མི་མིན་འགྲོ་བ་རྣམས། །འདུལ་མཛད་རྨད་དུ་མགོན་དེ་ཁོ་ནར་བྱུང་། །དེ་ཡི་སློབ་མ་ཚེ་གཅིག་ཕྱག་ཆེན་གྱི། །སྐུར་གཤེགས་ལྔ་ཕྲག་ལྔ་དང་བརྒྱ་རྩ་བརྒྱད། །ལ་སོགས་གྲུབ་པའི་སྐྱེས་བུ་གྲངས་མེད་པར། །བྱོན་ནས་བསྟན་པ་འཕགས་ཡུལ་ལས་ལྷག་གྱུར། །དེ་ཚེ་འཕགས་པའི་ཡུལ་ནས་རྒྱལ་པོ་དེ་གདུང་འཇམ་དཔལ་རྩ་རྒྱུད་ནས། །ལུང་བསྟན་གཉིས་འདས་གསུམ་པ་ཁྲི་རལ་བྱོན། །དེ་འདས་འོག་ཏུ་འགྲོ་བ་བསོད་ནམས་ཀྱི། །སྡེ་སྣོད་འཛིན་པའི་བསྟན་པ་ཉམས་དམས་གྱུར། །དེ་ཚེ་འཕགས་པའི་ཡུལ་ནས་སྨྲྀ་ཏི་ཞེས། །བྱོན་པ་དེ་ཚུན་གསར་མ་ཞེས་གྲགས་ཏེ། །རྒྱལ་བའི་སྲས་པོ་མི་ཡི་སེང་གེ་ནི། །ལྔ་རིག་གཉིས་སྨྲ་དུ་མས་བསྟན་པ་སྤེལ། །མཆོག་གྱུར་རྒྱུད་ལུང་མན་ངག་བདག་པོ་ནི། །བླ་ཆེན་འབྲོག་མིའི་བརྒྱུད་འཛིན་མཁོན་སྟོན་ཆེ། །ས་སྐྱ་པ་ཞེས་མཁས་ཤིང་གྲུབ་པའི་གཙོ། །གོང་མ་ལྔ་དང་དེ་ཡི་ཐུགས་ཀྱི་སྲས། །སྨྲ་བའི་ཁྱུ་མཆོག་འབུམ་ཕྲག་དུ་མ་ཡི། །ལུང་རྟོགས་བསྟན་པ་ཀུན་ཏུ་གསར་བར་མཛད། །མཆོག་ཏུ་གསུང་གི་རྡོ་རྗེ་ཇོ་ནང་པ། །གསང་བ་འདུས་འཕྲུལ་བུ་སྟོན་རིན་ཆེན་གྲུབ། །ཤིང་རྟ་གཉིས་ཀྱི་ཤཱཀྱའི་བསྟན་པ་ལ། །བྱ་བ་བླ་ལྷག་མཚུངས་པ་མེད་པར་གྱུར། །སང་ཞེས་གྲགས་པའི་པཎྜི་ཏ་དེ་ཡང་། །གངས་ཅན་མུན་སེལ་ཤེས་རབ་མིག་ཏུ་མཛད། །ཁྱད་པར་འཕགས་ཡུལ་སློབ་དཔོན་ཟླ་བ་གྲགས། །བོད་དུ་སྐྱེ་བཞེས་ལོ་ཙཱ་བཻ་རོ་སྟེ། །འབྱུང་འགྱུར་རྒྱལ་བ་སྣང་མཛད་མོས་པ་ཞེས། །རྫོགས་སངས་རྒྱས་པར་ཞལ་བཞེས་གང་དེ་ཉིད། །དག་པའི་སྒྱུ་འཕྲུལ་ཆུ་ནང་ཟླ་གཟུགས་བཞིན། །བསམ་གྱིས་མི་ཁྱབ་ནམ་མཁའི་མཐའ་མཉམ་ཡང་། །གངས་རིའི་ཁྲོད་འདིར་རྒྱལ་བསྟན་ཡོངས་རྫོགས་སུ། །སྤེལ་བར་བཞེད་པས་ལྔ་བརྒྱ་སྙིགས་མའི་དུས། །རྒྱལ་བ་ཞི་བར་གཟིམས་ནས་ལོ་སྟོང་ཕྲག །གསུམ་དང་ལྔ་བརྒྱ་འདས་ཤིང་ཉག་མ་དགུའི། །སྟེང་དུ་སླེབ་ཚེ་གངས་ཅན་བོད་ཡུལ་སྟོད། །ལ་སྟོད་ཤྲཱི་སཪྤ་ཏ་ཡི་ཡུལ། །ལུམྦིའི་ཚལ་མཚུངས་དེ་རུ་རྒྱལ་བ་ཉིད། །རྒྱལ་སྲས་ཚུལ་བཟང་པཎ་ཆེན་འཇིགས་མེད་གྲགས། །གང་དེ་འཕགས་ཡུལ་པ་རྣམས་མེར་འབོད་པའི། །མེ་འབྲུག་ལོ་ལ་སྐུ་ཡི་དཀྱིལ་འཁོར་ཤར། །ངེས་པའི་དོན་ལ་འཕགས་པའི་སྤྱོད་ཡུལ་ཉིད། །ཚུར་མཐོང་སྐྱེ་བོས་བློས་བརྟགས་ནུས་མིན་ཡང་། །གདུལ་བྱ་འདི་ཡི་སྣང་ཚུལ་དག་ཏུ་ནི། །ཆེས་ཆེར་མཁས་ཤིང་བཙུན་པའི་ངང་ཚུལ་ཅན། །ཁྱད་པར་སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །བྱིན་རླབས་ཆོས་ཀྱི་སྣང་བ་བསམ་ཡས་ནས། །སྡེ་སྣོད་རབ་འབྱམས་ཐུགས་ཀྱི་ཀློང་དུ་ཆུད། །ཡེ་ཤེས་ཆེན་པོའི་གནས་ལུགས་མངོན་གྱུར་ཅིང་། །རིག་གནས་མདོ་རྒྱུད་བཀའ་དང་བསྟན་བཅོས་ཀུན། །དགོངས་པ་རྫོགས་པར་འབྲེལ་བའི་བསྟན་བཅོས་ནི། །དེ་ཉིད་འདུས་པ་སེང་གེའི་ང་རོ་སྒྲོག །ཐུབ་པའི་བསྟན་ལ་སྟོན་པ་གཉིས་པར་གྱུར། །བརྒྱུད་འཛིན་སློབ་མ་བཀའ་བབས་ཉི་ཤུ་གསུམ། །འཇམ་དབྱངས་འཁོན་གྱི་གདུང་རིགས་རྣམ་པ་གསུམ། །ཉི་ལྟར་གྲགས་པའི་མཁས་གཉིས་སྔགས་འཆང་གཅིག །ལོ་ཙཱ་མཆོག་གསུམ་དགེ་བཤེས་ཆེན་པོ་དྲུག །ཡོངས་རྫོགས་མཁས་པ་བཅུ་གསུམ་རྟོག་གེ་གསུམ། །ཡོངས་ཀྱི་བཤེས་གཉེན་བཅུ་དྲུག་སྔགས་མཁན་གསུམ། །དྲག་སྔགས་འཛིན་པ་གཉིས་དང་རྣལ་འབྱོར་བཞི། །ཤཱཀྱ་ཐུབ་པའི་གདན་ས་མཁན་པོ་གཉིས། །ལེགས་བཤད་སྨྲ་བའི་མཁས་པ་སྟོང་ཕྲག་གཅིག །བཀའ་བཅུ་སྨྲ་བར་ནུས་པ་སྟོང་ཕྲག་གཉིས། །ཕར་ཚད་སྨྲ་བ་ཁྲི་ཕྲག་ལྷག་པ་དང་། །མཆོག་གི་གྲུབ་བརྙེས་བཅུ་ཕྲག་ལྔ་བཅས་ཏེ། །གང་གི་དངོས་རྒྱུད་སློབ་མར་བཅས་པ་ཡིས། །རྒྱལ་བསྟན་ལུང་རྟོགས་དྲི་མེད་སྲོག་མཐུད་པ། །འཛམ་གླིང་རྒྱན་གྱུར་ཨེ་ཝཾ་བོ་དོང་གིས། །སྙན་པ་ཚངས་ཆེན་འཇིག་རྟེན་བར་དུ་སྐྱོངས། །

དེ་ལྟར་བསྐལ་བཟང་རྣམ་འདྲེན་བཞི་པ་ཡི། །བསྟན་པ་འཛམ་གླིང་འཕགས་པའི་ཡུལ་མཆོག་དང་། །བྱང་ཕྱོགས་གདོང་དམར་བྷོ་ཊའི་ལྗོངས་འདི་རུ། །རྒྱལ་བ་རྒྱལ་སྲས་ཚུལ་བཟུང་འཕགས་རྣམས་ཀྱི། །མཚན་ཉིད་རྒྱུད་དང་འབྲས་བུ་གསང་སྔགས་ཀྱི། །བསྟན་པའི་བྱུང་ཚུལ་ས་བོན་ཙམ་སྨོས་ནས། །ད་ལམ་འདི་རུ་བརྗོད་བྱ་དངོས་པོའི་དོན། །ཇི་ལྟ་བུ་ཞིག་གླེང་བར་བྱ་ཞེས་ན། །དེ་ཡང་འཛམ་གླིང་རི་དབུས་ཀཻ་ལ་ཤ །ཆུ་བཞིའི་མགོ་བོ་ས་གཙང་ཉམས་དགའ་བ། །རྒྱལ་བས་ལུང་བསྟན་པད་དཀར་འཆང་བའི་ཞིང་། །གངས་རིའི་ལྗོངས་ཞེས་མི་ཀུན་བྱང་ཆུབ་སེམས། །སྤྱན་རས་གཟིགས་དང་འཕགས་མ་སྒྲོལ་མ་ཡི། །སྤྲུལ་པའི་སྤྲེའུ་བྲག་སྲིན་རིགས་རྒྱུད་ལས།།བྱུང་བས་མི་རྣམས་ཐེག་ཆེན་རིགས་ལྡན་པའི། །ཡུལ་གླིང་དུམ་བུ་གསུམ་དུ་བཅད་པ་ཡི། །ཡུལ་དབུས་གཙང་རུ་བཞི་གཙང་གི་ཆ། །ལ་སྟོད་ལྷོ་ཞེས་གྲུབ་པ་མཆོག་གི་གནས། །གནམ་ས་འཁོར་ལོ་པདྨའི་དབྱིངས་སུ་ཆགས། །རི་ཀུན་བཀྲ་ཤིས་རྟགས་ཀྱིས་ཡོངས་སུ་བརྒྱན། །འབྲོག་ཁྱིམ་ཡུལ་ལྗོངས་དཀར་དམར་འབྲུ་སྣ་ཚོགས། །རྩྭ་ཆུ་ཤིང་སོགས་མཐུན་རྐྱེན་འདོད་དགུ་འཛོམ། །འཕགས་པའི་སྐྱེས་མཆོག་དུ་མ་སྐུ་འཁྲུངས་ཤིང་། །ཞབས་བཅགས་བྱིན་རླབས་གྲུབ་པའི་བསྟི་གནས་མཛད། །ཁྱད་པར་ཤྲཱི་སཪྤ་ཏ་ཞེས་པ། །གང་དེ་འཛམ་གླིང་འདི་ན་དཔལ་གྱི་རི། །བཅུ་གསུམ་ཡོད་པའི་སྙིང་པོ་ལྟ་བུ་སྟེ། །བཀྲ་ཤིས་བྱིན་ཆགས་མཆོག་མཐུན་གྲུབ་པའི་རི། །རི་རྒྱུད་ཤེལ་གྱི་མཆོད་རྟེན་ཕྲེང་བ་འདྲ། །དཔལ་གྱི་རི་བོ་དེ་ཡི་བྱང་ཤར་མཚམས། །མཁའ་ལ་སྤྱོད་པའི་གྲུབ་གནས་ཕ་དྲུག་བྱང་། །མྱང་འདས་རྒྱལ་བའི་ཕོ་བྲང་ལྷ་གདོང་ཤར། །བོད་ཀྱི་གངས་བཞི་ཡ་གྱལ་བུ་ལེའི་ལྷོ། །པདྨའི་སྒྲུབ་ཕུག་རྒྱང་གི་ལྷོ་ནུབ་མཚམས། །ལོ་ཆེན་གྲགས་པའི་བསྟི་གནས་ཤེལ་དཀར་རི། །ལུང་རིགས་དབྱར་རྔ་སྒྲོག་དེའི་ནུབ་ཀྱི་ཆ། །མངོན་པར་དགའ་ཞེས་ཀུན་དགའ་ར་བ་བཞིན། །འཇིགས་མེད་དབྱངས་ཅན་དགའ་བའི་སྙིང་པོའི་གཏམ། །མི་ཞུམ་སྨྲ་བའི་སྤོབས་ལྡན་མཁས་པ་ཆེ། །བརྒྱ་ཕྲག་དུ་མ་ཚོགས་པའི་མདུན་ས་དེར། །འཇིགས་མེད་གྲགས་པའི་དབོན་རྒྱུད་སྟོབས་ལྡན་རིགས། །མི་རབས་ཀུན་ཏུ་མངོན་མཐོ་ངེས་ལེགས་ཀྱི། །དཔལ་ལ་སྤྱོད་པའི་འཕྲིན་ལས་བ་དན་ཅན། །སྤོམ་རོམ་རྗེ་དབོན་ཞེས་པའི་གདུང་རྒྱུད་ལས། །བློ་གྲོས་དུ་མའི་ལང་ཚོ་དཔལ་འབར་ཞིང་། །བླ་མེད་སྔགས་ལ་སྤྱོད་པའི་རྣལ་འབྱོར་པ། །དགེ་བཅུའི་ཁྲིམས་ཀྱི་མངའ་བདག་ཆོས་ཀྱི་རྗེ། །ནམ་མཁའ་དཔལ་བཟང་པོ་ཞེས་སྙན་གྲགས་ཅན། །གང་གི་བཀའ་བློན་འབངས་བཅས་ལྷག་བསམ་གྱིས། །བསམ་གྱིས་མི་ཁྱབ་དགེ་འབྲས་བསྐྱེད་པའི་རྒྱུར། །རྒྱལ་བའི་གསུང་རབ་གངས་ཅན་བརྡས་འདྲེན་པའི། །བཀའ་འགྱུར་ཞེས་གྲགས་གླེགས་བམ་རིན་པོ་ཆེ། །གངས་ཅན་འཛིན་མའི་བདག་པོ་སྟོབས་ཀྱི་རྒྱལ། །མི་ཡི་དབང་ཕྱུག་ཆེན་པོས་ཤེལ་དཀར་དུ། །སྤར་དུ་སྒྲུབ་པའི་དག་ཐེར་སྔ་འགྱུར་གྱི། །བསྟན་པའི་གསལ་བྱེད་གང་གི་མཛད་པ་ལས། །འཆར་བའི་པུསྟི་བརྒྱ་ཕྲག་ཆིག་གི་གྲངས། །སྒྲུབ་པའི་དཀར་ཤོག་ཡོན་དུ་རྡོ་བཅུད་ཀྱི། །དོང་ཙེ་བལ་ཊཾ་གྲགས་པ་བརྒྱ་ཕྲག་བདུན། །གདོང་ཚོན་གསེར་ཤོག་ཆེ་གྲས་སྟོང་བམ་གཉིས། །ཚལ་རྩིའི་ཡོན་དུ་བལ་ཊཾ་ཞེ་གཅིག་དང་། །དགབ་ཤིང་གླེགས་ཆབ་རྒྱུན་བཅས་ཕུན་ཚོགས་དང་། །འཕགས་པའི་རིགས་སྔགས་ཡི་གེ་དྲུག་མ་ཡིས། །ཙཀྲ་མཐོང་ཐོས་རེག་པས་གྲོལ་བ་འདི། །དཀར་ཤོག་བལ་ཊཾ་སུམ་བརྒྱ་ལྔ་བཅུའི་རིན། །ཕྱི་ཡི་ལཱཉྪར་གསེར་ཤོག་སྟོང་བམ་བདུན། །ས་སྙིང་བཏུལ་མ་ཞོ་གསུམ་སེ་བ་བརྒྱད། །ཚོན་རྩིའི་ཡོན་ཏུ་བལ་ཊཾ་ཞེ་དགུ་ལྷག །དེ་ལྟར་བཀའ་འགྱུར་ཡིག་དྲུག་ཙཀྲ་ལ། །གཞན་གྱི་མཐུན་རྐྱེན་གསོས་སུ་ཕུལ་བ་ནི། །མངོན་དགའ་སྟོན་འཁོར་ཚང་མས་ཐུན་མོང་དུ། །བལ་ཊཾ་བརྒྱ་ཕྲག་གཡས་གསུམ་འཁོར་དྲུག་གཅིག །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཀོང་པོ་ཡི། །ཤོག་ལྡེབ་ཉིས་བརྒྱ་བཞི་བཅུ་རྩ་གསུམ་ཕུལ། །མངོན་དགའ་འཆད་ཉན་བླ་མས་གཡག་གྲུས་བཞི། །བླ་མ་མགོན་རིན་གསེར་ཤོག་ཞོ་གསུམ་རིན། །སྤོམ་རོམ་བློན་ཆེན་ཚོགས་བདག་ཡར་འཕེལ་ནས། །གསེར་ཤོག་ཆེ་གྲས་སྟོང་བམ་བལ་ཊཾ་བརྒྱད། །བཀའ་བཅུ་ངག་ཚུལ་བམ་ཊཾ་སུམ་ཅུ་བརྒྱད། །བཀའ་བཅུ་ནམ་དཔལ་བཟང་ཇ་ཆུ་ཤོག་སྦབ། །རིན་དབང་ནས་ཁལ་བརྒྱ་དང་བམ་ཊཾ་བཅུ། །གསེར་གཉེར་དྲུང་པ་ངག་དབང་དགེ་ལེགས་དང་། །བཀའ་བཅུ་བསོད་གྲགས་བལ་ཊཾ་བཅུ་གཉིས་དང་། །མཁས་པ་ཆོས་མཛད་གསེར་ཤོག་བརྒྱ་བམ་གཅིག །བཅུ་མགོན་གཡག་གཅིག་བཅུ་བཀྲས་བལ་ཊཾ་དྲུག །དེ་སོགས་དད་ཤུགས་ཅན་གྱི་འབྱོར་ཡོན་དང་། །གཞན་ཡང་བཅུ་ཚིགས་སྐབས་ཆང་ཅི་རིགས་པ། །དད་ལྡན་དགེ་སེམས་རྒྱས་པ་མང་པོས་སྒྲུབ། །མ་ཎི་བཞུགས་པའི་ཕྱི་ཡི་གནྡྷོ་ལ། །སྦུབས་སུ་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །གཡས་གཡོན་རྡོ་རྗེ་སེམས་དཔའ་སྤྱན་རས་གཟིགས། །འཁོར་དུ་རང་འདྲའི་ལྷ་ཚོགས་རྣམས་ཀྱིས་བསྐོར། །གཡས་གཡོན་གཙོ་བོའི་མདུན་དུ་དོལ་པོ་པ། །དབྱངས་ཅན་དགའ་བའི་སྐུ་བརྙན་སྒོ་ཡི་གོང་། །གངས་ཅན་འགྲོ་བའི་བླ་མ་ཡབ་སྲས་གསུམ། །སྒོ་འདེབས་གཡས་གཡོན་དམག་ཟོར་ཆོས་བདག་པ། །ཕྱི་ལྡེབ་ལོག་ལ་རྒྱལ་ཆེན་སྡེ་བཞི་བཅས། །བཀོད་ལེགས་ངོ་མཚར་ཤིན་ཏུ་ལེགས་སྒྲུབ་སྟེ། །དེ་ལྟར་དགེ་ལས་བསྐྱེད་པའི་གཉེར་འཛིན་པ། །སྤོམ་རོམ་བློན་ཆེན་ཚོགས་བདག་ཡར་འཕེལ་ཞེས། །དཔའ་མཛངས་བློ་གྲོས་འཕྲུལ་ལྡན་དགེ་བློ་ཅན། །དེ་ཡི་ལྷག་བསམ་བཟང་པོའི་ཁུར་བླང་འབད། །དོ་དམ་འགོ་མི་ཞལ་ངོ་ནོར་བསྟན་དང་། །བློ་བཟང་དར་རྒྱས་ཆོས་འཕེལ་གསུམ་གྱིས་བགྱིས། །འདུ་བྱེད་མཁས་པ་བདུན་དང་སྤར་འདེབས་པ། །དགེའ་འདུན་བཅུ་ཕྲག་ཤིང་བཟོ་ལྕགས་བཟོ་སོགས། །ཁྱོན་དུ་བཅུ་ཕྲག་བརྒྱད་ལྷག་གྲངས་ལྡན་གྱིས། །སྒོ་གསུམ་ལེ་ལོར་མེད་པར་བརྩོན་པས་སྒྲུབ། །བྱིན་རླབས་མཐུ་ལྡན་རྡོ་རྗེ་སློབ་དཔོན་གྱིས། །རབ་ཏུ་གནས་པ་བཀྲ་ཤིས་མེ་ཏོག་བྱབ། །ཀུན་ཀྱང་འཕངས་མེད་དངོས་པོ་དཔང་མཐོ་བའི། །ཡོན་གྱི་བློ་ཡི་ར་བ་ཁེངས་པར་བྱས། །དེ་ལྟར་དགེ་བའི་བྱ་བ་རླབས་ཆེན་པོ། །འཛམ་གླིང་རིང་བསྲེལ་ཅན་གྱི་བིམ་པ་ཀུན། །གསེར་གྱིས་གཡོགས་ཏེ་མཆོད་པ་བགྱིས་པ་ལས། །ཆོས་ཀྱི་རང་བསྲེལ་གསུང་རབ་གླེགས་བམ་མཆོད། །བསོད་ནམས་ཆེས་ཆེ་ཕ་མཐའ་ཡས་གསུངས་པས། །དེ་ན་རྒྱལ་བཀའ་བོད་དུ་འགྱུར་རོ་ཅོག །གླེགས་བམ་ཡིག་དྲུག་འཁོར་ལོ་གནྡྷོ་ལ། །ལེགས་པར་སྒྲུབ་པ་འདི་ལས་གང་ཐོབ་པ། །དགེ་ཚོགས་མ་ལུས་ཡོངས་སུ་བསྡོམས་ནས་ནི། །བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །དེ་མཐུས་དུས་འདི་ནས་བཟུང་བྱང་ཆེན་བར། །སྐྱེ་ཀུན་མི་ཁོམ་གནས་སྤང་དལ་འབྱོར་རྟེན། །མ་ཉམས་རིགས་བཙུན་མཚན་དཔེ་མཚར་སྡུག་ལུས། །མཐོ་རིས་ཡོན་ཏན་བདུན་དང་ལྡན་པར་ཤོག །ཕུན་ཚོགས་རྣམ་པར་སྨིན་པའི་ཡོན་ཏན་བརྒྱད། །མཐུན་པའི་ཡུལ་དང་སྐྱེས་བུ་དམ་པ་རྟེན། །བདག་གི་ལེགས་སྨོན་སྔོན་གྱི་བསོད་ནམས་པ། །ཆོས་མཐུན་མཐུན་རྐྱེན་མ་ཚང་མེད་ཐོབ་ཤོག །གྲོགས་མཆོག་དགེ་བའི་བཤེས་དང་གཞོན་ནུ་ནས། །མཇལ་ཞིང་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་། །བཤེས་གཉེན་བླ་མའི་ཐུགས་ཀྱི་དགྱེས་དགུ་སྒྲུབ། །མི་མཉེས་སྐད་ཅིག་ཙམ་ཡང་མི་སྤྱོད་ཤོག །ཆོས་ཀྱི་གཞི་མ་ཚུལ་ཁྲིམས་བསླབ་པ་བརྟན། །ཉེས་ལྟུང་མ་གོས་ཚུལ་ཁྲིམས་ཕུང་པོ་རྒྱས། །ཟབ་དང་རྒྱ་ཆེའི་གསུང་རབ་རྒྱ་མཚོ་ལ། །ཡེངས་མེད་བློ་གྲོས་ཐོས་བསམ་ལ་སྤྱོད་ཤོག །ཐོས་བསམ་མཐར་སོན་སྒོམ་པའི་ཆོས་ལ་ཞུགས། །རྙེད་དཀའ་ཤེས་ནས་དལ་འབྱོར་སྙང་པོ་བླང་། །འཆི་བས་འཇིགས་ནས་ཆོས་ལ་བརྩོན་པ་བསྐྱེད། །རྒྱུ་འབྲས་ལས་ལ་ཡིད་ཆེས་སྐྱེ་བར་ཤོག །སྐྱེས་བུ་ཆུང་འབྲིང་ཆེན་པོའི་བློ་གྲོས་རྣམས། །མ་ཉམས་ཐོབ་སྟེ་མཐར་ཐུག་གཞན་གྱི་དོན། །ཡང་དག་རྫོགས་པའི་སངས་རྒྱས་གོ་འཕང་མཆོག །ཐོབ་འདོད་བསམ་པ་ཐུན་མིན་མཉེས་པར་ཤོག །བླ་མ་སངས་རྒྱས་བྱང་སེམས་སྤྱན་སྔ་རུ། །སྦྱོར་དངོས་རྗེས་ཚང་ཆོ་ག་ལེགས་བླངས་ཏེ། །སྨོན་པ་འཇུག་སེམས་ཡང་དག་བསྐྱེད་བྱས་ནས། །དེ་ཡི་བསླབ་ལས་ནམ་ཡང་མི་འདའ་ཤོག །ཁྱད་པར་ཐེག་ཆེན་སྔགས་ཀྱི་སྒོར་ཞུགས་ཏེ། །སྨིན་བྱེད་དབང་གི་རིམ་པས་ཡོངས་སྨིན་བྱེད། །མཆོག་ཏུ་བླ་མེད་དབང་བཞིའི་སྒོ་གསུམ་སྙིགས། །རྡོ་རྗེ་བཞི་ཡི་རྒྱུ་རུ་སྨིན་པར་ཤོག །དབང་སྲོག་དམ་ཚིག་ཐུན་མོང་རིགས་ལྔ་དང་། །ཁྱད་པར་བཅུ་བཞིའི་རྣལ་འབྱོར་གསང་མཐའི་བརྒྱད། །ཡན་ལག་སྦོམ་པོ་བརྒྱད་བྱས་ཉམས་མེད་པར། །སྲོག་ལས་ལྷག་པ་གཅེས་པ་བསྲུང་བར་ཤོག །སྔགས་ཀྱི་ལྟ་བསྒོམ་སྤྱོད་པ་རྣལ་འབྱོར་རྣམས། །ཉམས་སུ་ལེན་པའི་ནུས་པ་མཆོག་ཏུ་ཐོབ། །སྟོང་ཉིད་མཉམ་ཉིད་བརྗོད་མེད་མི་རྟོག་པས། །ཆོས་ཉིད་འཁོར་འདས་དབྱེར་མེད་རྟོགས་པར་ཤོག །གསང་སྔགས་ཐུན་མོང་མ་ཡིན་ལྟ་བ་ཡི། །ཆོས་ཅན་འཁོར་འདས་དབྱེར་མེད་གཏན་ཕེབས་ནས། །བསྒོམ་པ་བསྐྱེད་རིམ་ལུས་དབོན་སྐུ་རྡོ་རྗེ། །ངག་དབེན་གསུང་གི་རྡོ་རྗེའི་ལམ་བསྒོམ་ཤོག །སེམས་དབེན་ཐུགས་ཀྱི་རྡོ་རྗེའི་ལམ་ཟིན་ནས། །ཚོགས་ལམ་རྒྱུ་ཡི་ས་བཅུ་མངོན་དུ་བྱས། །ཡེ་ཤེས་རྡོ་རྗེ་རྫོགས་པའི་རིམ་པ་ནི། །སྒྱུ་ལུས་འོད་གསལ་ཟུང་འཇུག་ཉམས་ལེན་ཤོག །སྒྱུ་ལུས་ཐུན་མོང་རྒྱུ་ཡི་ས་བཅུ་གཅིག །ཐུན་མིན་སྦྱོར་བའི་ལམ་གྱི་ངེས་བྱེད་བཞི། །དབང་པོ་ལྔ་དང་སྟོབས་ལྔའི་ཡོན་ཏན་རྫོགས། །ལམ་གྱི་ས་བཅུ་ཡོངས་སུ་བགྲོད་པར་ཤོག །འོད་གསལ་ལམ་གྱི་སྙིང་པོ་ཉམས་བླངས་པས། །འབྲས་བུ་ས་བཅུའི་མཐོང་ལམ་རབ་དགའ་ཐོབ། །བྱང་ཆུབ་ལམ་གྱི་ཡན་ལག་བདུན་བརྙེས་ཤིང་། །བརྒྱ་ཕྲག་བཅུ་གཉིས་ཡོན་ཏན་རྫོགས་པར་ཤོག །ཟུང་འཇུག་སློབ་ལམ་འཕགས་པའི་ས་དགུ་རྫོགས། །ཡན་ལག་བརྒྱད་ཀྱི་ཡོན་ཏན་ཡོངས་སུ་སྨིན། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །ལམ་གྱི་ཁྱད་པར་ཡོངས་སུ་རྫོགས་པར་ཤོག །མི་སློབ་རྗེས་མཐུན་ཀུན་ཏུ་འོད་ལ་སོགས། །བཅུ་གཉིས་ས་ཡི་ཡོན་ཏན་ཕལ་ཆེ་རྫོགས། །སྐུ་གསུང་ཐུགས་མཆོག་ཡེ་ཤེས་རྡོ་རྗེའི་ལམ། །ལམ་མཆོག་ཆེས་ཆེར་འཕགས་རྣམས་རྫོགས་པར་ཤོག །མི་སློབ་ལམ་གྱི་མཐར་ཐུག་རྫོགས་སངས་རྒྱས། །ཡན་ལག་བདུན་ལྡན་དབང་ཕྱུག་རྡོ་རྗེ་འཆང་། །རྣམ་པ་ཐམས་ཅད་སྐུ་གསུང་ཐུགས་ཡེ་ཤེས། །མངོན་བྱང་ཆུབ་པས་འགྲོ་ཀུན་དོན་སྤྱོད་ཤོག །མདོར་ན་ཐེག་ཆེན་རྒྱུ་ཡི་གཞི་ཐིངས་ཤིང་། །བླ་མེད་སྔགས་ཀྱི་ལམ་ལ་ཡང་དག་ཞུགས། །རྒྱུད་མཆོག་ནས་གསུང་མཆོག་གི་འབྲས་བུ་བརྙེས། །གནས་སྐབས་མཐར་ཐུག་དོན་གཉིས་ཡོངས་འགྲུབ་ཤོག །གཞན་ཡང་ཐུན་མོང་ལས་ཆེན་བཅུ་གཉིས་འགྲུབ། །གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་བརྙེས། །ཡོན་ཏན་བརྒྱད་ལྡན་རིག་འཛིན་ལུས་ཐོབ་ནས། །འཆི་མེད་ལུས་རྟེན་དེ་ཡི་བྱང་ཆུབ་ཤོག །གལ་ཏེ་འཆི་སྲིད་བརྟན་ཡང་རང་བཞིན་གྱིས། །འོད་གསལ་ཆོས་ཀྱི་སྐུ་རུ་ཡོངས་སུ་ཞུགས། །བར་དོ་ལོངས་སྤྱོད་རྫོགས་པ་མཆོག་གི་སྐུར། །བཞེངས་ནས་དཔག་མེད་འགྲོ་དོན་བྱེད་པར་ཤོག །གལ་ཏེ་འོད་གསལ་མངོན་དུ་མ་གྱུར་པས། །སྲིད་པར་འཁྱམས་ན་ལྷ་དང་བླ་མ་ཡི། །ལུང་བསྟན་ལ་བརྟེན་བར་དོ་རང་ངོ་ཤེས། །བསམ་བཞིན་དག་པ་སྤྲུལ་སྐུའི་ཞིང་འཇུག་ཤོག །དུས་འདི་ལ་ཡང་གངས་ཅན་རྒྱལ་ཁམས་འདིར། །སངས་རྒྱས་བསྟན་པ་རིས་མེད་རབ་རྒྱས་འཕེལ། །དབྱངས་ཅན་དགའ་བའི་དགོངས་དོན་བཞེད་དགུ་འགྲུབ། །དཔལ་ལྡན་ཨེ་དོང་རིང་ལུགས་ཉམས་མེད་ཤོག །བོད་ཡུལ་བསྟན་པའི་བདག་པོ་རྒྱལ་བའི་དབང་། །ཞབས་པད་བརྟན་ཞིང་ས་སྐྱོང་མི་ཡི་བདག །ཕྲིན་ལས་ཉམས་མེད་ཆོས་རྣམས་གོང་དུ་འཕེལ། །སྐྱེ་རྒུ་ཐམས་ཅད་བདེ་བའི་དཔལ་སྤྱོད་ཤོག །དེ་ལྟར་སྨོན་ལམ་བཏབ་དོན་བསླུ་བ་མེད་པར་འགྲུབ་པའི་རྒྱུ་མཆོག་ཏུ། །བདེ་ལེགས་ཀུན་འབྱུང་ཞིང་དང་དམ་ཆོས་བརྟན་གཡོའི་བཅུད་གྱུར་ཆོས་ཀྱི་སྐུ། །རྫོགས་པའི་སངས་རྒྱས་དེ་སྲས་སློབ་མར་བཅས་ཤིང་བདེན་གཉིས་རྟེན་འབྲེལ་མཐུས། །གེགས་མེད་དེང་ནས་རྒྱུད་ལྡན་འདི་འགྲུབ་མྱུར་དུ་རྡོ་རྗེ་སེམས་ཐོབ་ཤོག །

ཞེས་གངས་རིའི་ལྗོངས་སུ་སྐུ་འཁྲུངས་པའི་དབོན་པཎྜི་ཏ་འཇིགས་མེད་དབྱངས་ཅན་དགའ་བའི་དབོན་རྒྱུད་མི་རྗེ་ཆོས་སྐྱོང་བ་རྗེ་དབོན་ནམ་མཁའ་དཔལ་གྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་། རིག་སྔགས་ཡི་གེ་དྲུག་པའི་འཁོར་ལོ་གྷནྡྷོ་ལ་བཅས་སྒྲུབ་པའི་དཀར་ཆག་སྨོན་ལམ་དང་སྡེབས་ཏེ་སྤེལ་བ་འདི་ནི་གང་གི་བློན་པོ་བློ་གྲོས་དད་པའི་ནོར་ལྡན་བྷ་རོ་ཚོགས་བདག་ཡར་འཕེལ་གྱིས་ནན་དུ་བསྐུལ་བ་ལ་བརྟེན་ཏེ། རྒྱལ་བ་ཤཱཀྱ་སེང་གེ་སྐུ་འཁྲུངས་ནས་ལོ་སུམ་སྟོང་དགུ་བརྒྱ་རྩ་བདུན་པའི་སྟེང་དུ་སླེབས་ཤིང་། དཔལ་དབྱངས་ཅན་དགའ་བའི་ཞབས་འཁྲུངས་ནས་ལོ་སུམ་བརྒྱ་ལྔ་བཅུ་རྩ་ལྔ་འདས་པ། བདེ་འབྱུང་ཆ་བསགས་ཀྱི་ཕོ་བྲང་སེང་གེའི་ཁྲིར་རིགས་ལྡན་རྣམ་གནོན་གྱིས་ཆོས་གསུངས་ནས་ལོ་ལྔར་སླེབས་པ། རྗེ་དབོན་ནམ་མཁའ་རིན་ཆེན་གྱིས་མངོན་དགའ་བཏབ་ནས་མི་རབས་བདུན་ལ་འཁོད་པའི་ལོ་འཕགས་ཡུལ་ལས་སྟོད་འབྲེལ་བ་འགལ་བྱེད་ལྕགས་ཕག་དབྱུག་གུ་ཟླ་བའི་ལྷ་བབས་ཚེས་དམར་ཕྱོགས་བདུན་གྱི་སྐབས་སུ་ལ་སྟོད་ལྷ་གདོང་གི་དགོན་པར་མདོ་ཁམས་དབུས་འགྱུར་ཀཿཐོག་གི་ལྷོ་རྒྱུད་དུ་སྐྱེས་ཤིང་སྐྱེ་བ་ཀུན་ཏུ་འཕུར་འགྲོའི་རྒྱལ་བ་པདྨ་སྐྱེས་ཀྱི་རྗེས་སུ་བཟུང་མཐུས་མདོ་སྔགས་ཀྱི་དོན་ཇི་བཞིན་སྨྲ་བར་མི་འཇིགས་པའི་སྤོབས་པ་ཅན་རིག་འཛིན་ཚེ་དབང་ནོར་བུས་སྦྱར་བའི་ཡི་གེ་པ་ནི་ཤར་སྟག་བུའི་བཙུན་པ་བསོད་ནམས་རབ་བརྟན་ནོ། །དགེའོ། །


previousབཀའ་འགྱུར་ཕན་ཁང་བཅས་ཀྱི་དཀར་ཆག་མཐོང་བ་དོན་ལྡན།next