Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོད་མངའ་རིས་མར་ཡུལ་ལ་དྭགས་ཧེ་མི་གྲྭ་ཚང་རྗེས་འབྲངས་བཅས་ཀྱི་བཅའ་ཡིག
   
   


 
previousསྟོད་མངའ་རིས་མར་ཡུལ་ལ་དྭགས་ཧེ་མི་གྲྭ་ཚང་རྗེས་འབྲངས་བཅས་ཀྱི་བཅའ་ཡིག next

སྟོད་མངའ་རིས་མར་ཡུལ་ལ་དྭགས་ཧེ་མི་གྲྭ་ཚང་རྗེས་འབྲངས་བཅས་ཀྱི་བཅའ་ཡིག

༄༅། །སྟོད་མངའ་རིས་མར་ཡུལ་ལ་དྭགས་ཧེ་མི་གྲྭ་ཚང་རྗེས་འབྲངས་བཅས་ཀྱི་བཅའ་ཡིག །

༈ ཨོཾ་སྭཱསྟི། རྩ་བའི་བླ་མ་དང་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀུན་གྱི་རང་བཞིན་བདེ་བ་ཆེན་པོའི་ཁམས། །ཀུན་ལ་ཁྱབ་པ་མཁའ་ལྟར་བརྡལ་བའི་སྐུ། །ཀུན་གྱི་མགོན་པོ་ཕན་བདེ་དགེ་ལེགས་ཆོས། །ཀུན་གྱི་འབྱུང་གནས་བླ་མར་དང་པོ་འདུད། །སྲིད་དང་ཞི་བའི་མཐའ་སྤངས་མ་རིག་སྦུབས་ལས་ཡོངས་གྲོལ་ཞིང་། །རང་བྱུང་ཡེ་ཤེས་རིག་པའི་དཀྱིལ་འཁོར་ལྷག་མེད་རབ་རྒྱས་པ། །དམིགས་མེད་སྙིང་རྗེས་མཁའ་ཁྱབ་སེམས་ཅན་ཀུན་དོན་རྒྱུན་མི་ཆད། །དམ་པ་སྐུ་གཉིས་སྤྱི་དཔལ་རྫོགས་སངས་རྒྱས་དེར་ཕྱག་འཚལ་འདུད། །བསྐལ་བཟང་སངས་རྒྱས་ཀུན་ལས་ཆེས་རྨད་བྱུང་། །རྩོད་ལྡན་སྙིགས་མའི་འགྲོ་བ་འདུལ་མཛད་པ། །ཤཱཀྱ་ཐུབ་པ་དོན་གྲུབ་ལྷ་ཡི་ལྷར། །སྙིང་ནས་གུས་པས་རྟག་ཏུ་ཕྱག་འཚལ་འདུད། །དགེ་ལེགས་ཡོན་ཏན་ཕུང་པོའི་དོན་སྣང་འབུམ། །སྲིད་ཞིའི་བླ་ན་བྲེས་པའི་མིའི་ཉི་མ། །བདུད་བཞིའི་མུན་པའི་གཡུལ་ལས་རྣམ་རྒྱལ་བའི། །སྟོན་མཆོག་ཟས་གཙང་སྲས་དེས་ཤིས་པ་སྩོལ། །མ་ལུས་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཟུགས། །གཅིག་གྱུར་འཕགས་པའི་འཕགས་པ་མིག་མི་འཛུམ། །རྒྱལ་ཀུན་བསྐྱེད་ཡབ་ཀུན་གྱི་སྲས་ཀྱི་ཚུལ། །ལག་ན་པདྨོ་ཅན་དེས་རྟག་བསྲུང་མཛོད། །འཛམ་གླིང་གངས་ཅན་འདི་ན་སྒྲུབ་བརྒྱུད་འཛིན་པ་གདོང་ལྔ་པ། །དུ་མའི་དབུས་ན་ཉམས་དང་རྟོགས་པའི་ཡོན་ཏན་ཆེས་རྨད་བྱུང་། །སྒྲོ་གཤོག་རབ་རྒྱས་རྐང་རྒྱན་ལྡན་པ་ངེས་དོན་ང་རོས་སྙེམས། །འགྲོ་བའི་མགོན་པོ་འཁོར་གྱི་དགྲར་གྱུར་བཀའ་བརྒྱུད་པས་སྐྱོངས་ཤིག །མངོན་པར་མཐོ་བའི་འབྲས་བཟང་ཀུན་བསྐྱེད་ཅིང་། །ངེས་ལེགས་རིན་ཆེན་མ་ལུས་འབྱུང་བའི་གནས། །འཇིག་རྟེན་ཀུན་གྱི་རྟེན་དང་གནས་གྱུར་པའི། །ཚུལ་ཁྲིམས་གསེར་ལྡན་འཛིན་མ་རྒྱལ་གྱུར་ཅིག །

ཅེས་དང་དེ་ཡང་། རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུའི་ཞིང་ཐུན་མོང་དང་། མཆོག་ཏུ་གྱུར་པ་ལས། མཆོག་གི་གནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཞིང་། གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་སངས་རྒྱས་རྣམ་པར་སྣང་མཛད་གངས་ཅན་མཚོ་ཡི་ཕྱག་གི་ལྷུང་བཟེད་དྲི་མ་མེད་པ་སྤོས་ཆུའི་རྒྱ་མཚོ་ཆེན་པོ་ལས་ལེགས་པར་སྐྱེས་པ་རབ་ཏུ་རྒྱས་པ་པདྨའི་སྡོང་པོ་དབུས་མ་ཐུགས་ཀྱི་དཔལ་བེའུའི་གནས་སུ་ཁ་གྱེས་པའི་ཟེའུ་འབྲུ་ཉི་ཤུ་རྩ་ལྔ་སྟེང་ནས་སྟེང་དུ་བརྩེགས་པའི་ཡས་མས་བཅུ་གཉིས་ཀྱི་ཚིག་དབུས་སུ་ཐུན་མོང་མཆོག་གི་སྤྲུལ་པའི་སྐུ་ཆེན་པོའི་གདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཁྱོན་ལྡན་དེ་ལས་རི་རབ་ལྷུན་པོའི་ལྷོ་ཕྱོགས་གསེར་གྱི་འབྲས་བུ་ཅན་གྱི་ལྗོན་ཤིང་གི་ཉེ་བར་སྤྲས་པ་དབུས་འགྱུར་ཚལ་སྐལ་བཟང་འདྲེན་པ་རྣམས་མངོན་པར་སངས་རྒྱ་བ་རྡོ་རྗེའི་ས་གཞི་བྱང་ཆུབ་ཤིང་གི་ཉེ་བར་སྤྲས་པ་ཁྱད་པར་འཕགས་པ་འཛམ་བུ་གླིང་ཞེས་ཡོངས་སུ་གྲགས་གྱུར་བསྐལ་པ་བཟང་པོ་ས་འདིར་རྫོགས་པའི་སངས་རྒྱས་བཅུ་ཕྲག་བརྒྱ་དང་རྩ་གསུམ་རིམ་པར་བྱོན་པར་འགྱུར་པ་ལས་རྣམ་འདྲེན་དཔའ་བོ་བདུན་ནམ་བཞི་པར་གྱུར་པ་འཇིག་རྟེན་གསུམ་གྱི་མགོན་པོ་ཐུབ་པ་ལྷ་ཡི་ལྷ་ཤཱཀྱ་ཏོག་ཤཱཀྱ་ཐུབ་པ་ཆེན་པོ་གང་དགའ་ལྡན་གྱི་གནས་སུ་ས་བཅུ་རྒྱུན་གྱི་མཐའ་མ་ལ་གནས་པའི་སྐྱེས་བུ་འཛམ་གླིང་མི་ཡི་འགྲོ་བ་ཚེ་ལོ་བརྒྱ་པའི་དུས་སུ་འཇམ་དཔལ་ཟས་གཙང་མ་དང་འཇིག་རྟེན་མགོན་པོའི་སྒྱུ་འཕྲུལ་སྲས་སུ་བལྟམས་ནས་སེར་སྐྱའི་གྲོང་བཙུན་མོ་དམ་པ་བརྒྱད་ཁྲིའི་དབུས་སུ་སྤྲོས་བཅས་ཀྱི་སྤྱོད་པ་དང་། རབ་ཏུ་བྱུང་ནས་ལྗོངས་རྒྱུ་བ་སྤྲོས་མེད་དང་། ནཻ་ར་ཛ་རིའི་འགྲམ་དུ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་བསྐྱངས་ནས་ཐུན་མོང་དུ་རྡོ་རྗེ་ཅན་གྱི་ས་གཞི་བྱང་ཆུབ་ཤིང་དབང་གི་དྲུང་ཐུན་མོང་མ་ཡིན་པ་ལྷ་ཡི་བུ་དབང་ཕྱུག་ཆེན་པོའི་གནས་དང་།

དོན་དམ་པར་ཕྱོགས་མེད་ཕྱོགས་དང་བྲལ་བ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་དོན་དམ་པ་ས་གསུམ་པའི་ངོར་གཞོམ་དུ་མེད་པའི་སྒྲ་བརྟག་པར་རྒྱུན་མི་ཆད་པ་ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། འཛམ་གླིང་འདི་ན་ཐུན་མོང་གི་ངོར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ། དང་པོ་ནི། གང་ཟག་བདག་བཟློག་པའི་ཆེད། གཉིས་པ་ཆོས་ཀྱི་བདག་བཟློག་པར་མཛད་ཅིང་། གསུམ་པ། བདག་མེད་པ་བདག་གི་ཕ་རོལ་དུ་ཕྱིན་པ་དོན་དམ་པ་ཆོས་ཀྱི་དབྱིངས་བདག་པོའི་བདག་ཕྱིར་མི་བཟློག་པ་ངེས་དོན་སྙིང་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་ནས་ཐུན་མོང་གི་སྡེ་སྣོད་རྣམས་གནས་བརྟན་བཅུ་དྲུག་ལ་དང་། ཐུན་མོང་མ་ཡིན་པ་འཕགས་པ་རིགས་གསུམ་མགོན་པོ་ལ་གཏད་དེ། དགའ་ལྡན་གྱི་གནས་སུ་རྒྱལ་ཚབ་མི་ཕམ་མགོན་པོ་མངའ་གསོལ་ཞིང་། མི་ཡི་གནས་འཛམ་གླིང་དུ་སློབ་དཔོན་པདྨ་འབྱུང་བར་བྱིན་གྱིས་རླབས་ཏེ་རྟག་འཛིན་ཅན་རྣམས་ཞེན་པ་བཟློག་ཕྱིར་དུ་རྩྭ་ཆེན་དྲུང་དུ་གཟུགས་སྐུའི་བཀོད་པ་བཏུལ་བའི་ཚུལ་བསྟན་ཅིང་། མེད་པར་ལྟ་བ་བཟློག་པའི་ཆེད་དུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ནས་ཐུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་གསང་བའི་བདག་པོ་ལ་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོར་གསུང་ཞིང་། དེ་ནི་མྱ་ངན་འདས་ནས་ལོ་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་པ་ན།

རྡོ་རྗེ་སེམས་དཔའི་སྐུར་བསྟན་ནས་སྤྲུལ་པའི་སྐུ་རིག་པ་འཛིན་པ་དགའ་རབ་རྡོ་རྗེ་ལ་རྫོགས་པ་ཆེན་པོའི་རྒྱུད་ལེའུ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལེགས་པར་གསུངས་ཏེ་ཁྱད་པར་མྱ་ངན་ལས་འདས་ནས་ལོ་བརྒྱད་དམ་བཅུ་གཉིས་ལོན་པ་ན་དྷཱ་ན་ཀོ་ཤའི་མཚོ་གླིང་མེ་ཏོག་པདྨའི་སྡོང་པོར་བརྫུས་སྐྱེས་སྤྲུལ་པའི་སྐུ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་པདྨ་འབྱུང་གནས་སུ་སྣང་ལ། སྡེ་སྣོད་སྤྱི་དང་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་པ་སོགས་སངས་རྒྱས་ཀྱི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་སྟོན་པར་མཛད་པ་ལས། དེ་དོན་སྙིང་པོའི་བསྟན་པ་མཆོག་ཏུ་གསལ་བར་བྱེད་པ་གཅིག་ནི་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དངོས་སློབ་བྲམ་ཟེའི་བུ་བཞི་པའི་བརྡ་ལ་བརྟེན་གཅིག་ཆར་ཉིད་དུ་རྡོ་རྗེ་འཆང་གི་གོ་འཕང་ཉིད་ལ་གཤེགས་ཏེ་ཞིང་ཁམས་གཞན་དུ་མཆོག་གི་སྤྲུལ་པའི་སྐུར་ཡང་བསྟན་པ་དཔལ་ཆེན་པོ་ས་ར་ཧ་སྟེ་མདའ་བསྣུན་ཞབས་ཡིན་ལ། དེ་ནས་རིམ་པར་སངས་རྒྱས་པའི་གྲུབ་མཐར་མཆོག་གི་དངོས་གྲུབ་བརྙེས་པ་གྲགས་ཆེ་བ་བཅུ་ཕྲག་བརྒྱད་བྱོན་པའི་ནང་ནས་བཀའ་བཞི་ཆུ་བོ་གཅིག་ཏུ་འདུས་པ་ཉི་ལྟར་ཀུན་ཏུ་གསལ་བ་གྲུབ་པ་བྱེ་བའི་འབྱུང་ཁུངས་དཔལ་ལྡན་ཏི་ལོ་པ་དང་དེ་སྲས་ཐུ་བོ་ནཱ་རོ་ཏ་པ་ཏེ་གང་གི་རིང་ལུགས་བྱང་ཕྱོགས་འདི་རུ་འདྲེན་པའི་ཤིང་རྟ་ཆེན་པོ་དཔལ་ལྡན་ཧེ་རུ་ཀ་མར་སྟོན་ཆོས་ཀྱི་བློ་གྲོས་ཞབས་ཏེ།

དེ་ཡང་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདི་འཕགས་མཆོག་ལག་ན་པདྨོ་ཅན་གྱིས་བདག་གིར་བཟུང་བའི་མཐུ་ལ་བརྟེན་མང་བཀུར་ཉི་མའི་གདུང་རིགས་དྲི་མ་མེད་པ་ཤཱཀྱ་ལི་ཙ་ཝིའི་རྒྱུད་ལས་འཕགས་པའི་རྣམ་འཕྲུལ་གནམ་གྱི་དམུ་ཐག་བརྒྱུད་ལྷ་རི་རོལ་པའི་རྩེ་མོར་བབས་པར་གྲགས་པ་གཉའ་ཁྲི་བཙན་པོ་ནས་སྤུ་རྒྱལ་བོད་ལ་སྨན་པའི་རྗེ་བཙད་པོ་བྱུང་ཞིང་། དེ་ཡི་གདུང་ལས་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་འཕགས་པ་སྤྱན་རས་གཟིགས་མིའི་གཟུགས་སུ་གནང་བ་ཆོས་ཀྱི་རྒྱལ་པོ་ལྷ་སྲོང་བཙན་སྒམ་པོའི་སྐབས་སུ་དམ་པའི་ཆོས་ཀྱི་སྲོལ་ཇི་བཞིན་པ་བཙུགས། དབོན་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་བཏང་བར་འཕགས་ཡུལ་གྱི་པཎྜི་ཏ་ཆེས་ཆེན་པོར་གྱུར་པ་ནས་ཀྱང་བསྔགས་པའི་ཡུལ་དུ་གྱུར་པར་མཛད། དེ་རྗེས་ཁྲི་རལ་པ་ཅན་གྱིས་ཀྱང་དེ་བཞིན་ལ་ཆོས་ཀྱི་ཁྲིམས་བཙན་པར་བྱས་ཤིང་། དེ་ཡི་དབོན་རྒྱུད་མངའ་རི་སྟོད་ཀྱི་རྒྱལ་པོ་རྣམས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་བོད་དུ་སྤྱན་དྲངས། རགས་རྩིས་སུ་དེ་དང་དུས་མཚུངས་ཉིད་དུ་དཔལ་དགྱེས་པ་རྡོ་རྗེ་ཨུ་པ་སི་ཀའི་ཚུལ་གྱིས་གདུལ་བྱའི་དོན་མཛད་པར་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས་བལ་པོ་ཕམ་ཐིང་དང་། འཕགས་ཡུལ་གྱི་རྗེ་མཻ་ཏི་པ་ལ་སོགས་པཎ་གྲུབ་དུ་མའི་ཞབས་ལ་ཐུག་ཅིང་།

ཁྱད་པར་དུ་དཔལ་རྡོ་རྗེ་སེམས་དཔའ་དང་ལག་ན་པདྨོའི་སྲས་ཀྱི་ཐུ་བོ་ནོར་བུ་འཛིན་པ་དང་གཉིས་སུ་མེད་པའི་སྒྱུ་འཕྲུལ་ནཱ་རོ་ཏ་པའི་བྱིན་རླབས་དོན་གྱི་འཕོ་བ་ཡང་དག་པར་ཐོབ་སྟེ་གངས་རིའི་ཁྲོད་དུ་སྙིང་པོ་དོན་གྱི་བཤད་སྒྲུབ་རྒྱས་པར་མཛད་པས་མི་ལ་ཐོས་པ་དགའ་ཡི་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པ་ཡི་གྲུབ་པའི་ཆུ་ཀླུང་ཆེན་པོ་རྒྱས་པའི་དབུ་བཙུགས། གསུང་གི་རྡོ་རྗེ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་དཔལ་སྒམ་པོ་པ་ཆེན་པོའི་དོན་བསྒོམས་སྙིང་པོས་འཛིན་པའི་ཁྱོན་ཀུན་གྱི་རྒྱན་དུ་བཀོད་ཅིང་། དེ་ཡི་སློབ་མའི་མཆོག་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོར་ཞལ་གྱི་བཞེས་པ་དཔལ་ལྡན་ཕག་མོ་གྲུབ་པ་ཞེས་སུ་གྲགས་ཤིང་། དེ་ལས་སློབ་མ་གདུགས་ཐོགས་རྣམས་ཀྱི་ནང་ནས་ཅིག་ཆར་རྟོགས་པའི་གར་མཁན་གཅིག་པུ་གཉིས་སུ་མེད་པ་འཕགས་ཡུལ་དཔལ་མདའ་བསྣུན་ཞབས་ཀྱི་གཉེན་གྱུར་སྣང་ཕུ་པ་གང་གི་སློབ་མ་ན་རོ་ཏ་པ་བསམ་བཞིན་དུ་སྒྲུབ་བརྒྱུད་བསྟན་པ་སྤེལ་པའི་སླད་དུ་སྐྱེ་བའི་སྲིད་པ་བཟུང་བ་འགྲོ་བའི་མགོན་པོ་ཡེ་ཤེས་རྡོ་རྗེའམ་གཙང་པ་རྒྱ་རས་པ་དང་བསྒྲུབ་གནས་ལ་མཚན་གསོལ་ཏེ་དཔལ་ལྡན་སྤྲིན་གྱི་རྔ་སྒྲ་ཅན་ཞེས་སྙན་པ་འོག་མིན་ཚངས་ཆེན་གྱི་འཇིག་རྟེན་བར་དུ་ཁྱབ་པར་གྱུར་པ་གང་གི་རིང་ལུགས་འཛིན་པ་ནམ་མཁའི་སྐར་ཚོགས་དང་ས་ཡི་རྩི་ཐོག་བཞིན་གནས་ཡུལ་ཁྲོད་ཀུན་ཏུ་ཁྱབ་པར་གྱུར་པ་ཉིད་ལས་ཕྱི་མའི་དུས་སུ་འགྲོ་བའི་མགོན་པོ་རང་ཉིད་བསྟན་པའི་རྒུད་པ་སེལ་བའི་སླད་དུ་སྐྱེ་བའི་ཕྲེང་བར་བྱིན་གྱིས་བརླབས་པ་ལས་རྒྱལ་བསྟན་ཡོངས་རྫོགས་ཀྱི་འཁོར་ལོས་བསྒྱུར་བ་ཀུན་མཁྱེན་པུཎྜ་རི་ཀ །

ཞེས་རྒྱུ་སྐར་གྱི་ཁྲོད་དུ་ཟླ་བ་ལྟར་གཅིག་ཏུ་དཀར་ཞིང་མངོན་པར་མཐོ་བ་གང་གི་ཡང་སྲིད་རྒྱལ་བ་དམ་པ་དཔག་བསམ་དབང་པོའི་ཞལ་ནས་མངའ་རི་སྟོད་དུ་ཕྲིན་ལས་ཀྱི་བྱེད་པོར་ཆོས་ཀྱི་རྒྱལ་ཐབས་ཆེན་པོར་དབང་བསྐུར་ཞིང་ཐར་པའི་ལམ་མཁན་ཆོས་ཀྱི་རྗེ་བོ་ངག་དབང་བཟང་པོས་སེམས་ཉིད་ཆོས་ཀྱི་སྐུ་རུ་ངོ་སྤྲད་པ་རྣལ་འབྱོར་གྱི་དབང་ཕྱུག་ཨོ་རྒྱན་པ་སྟག་ཚང་རས་པ་ཞེས་གང་གི་ཕྲིན་ལས་ཀྱི་བགྱི་བས་འདུས་བྱས་ཤིང་སྨོན་ལམ་གྱི་སྟོབས་རླབས་པོ་ཆེ་དང་ལྡན་ཞིང་བསོད་ནམས་ཀྱི་དཔུང་པ་ནམ་ཡང་མ་སྨད་པས་མངོན་པར་མཐོ་བའི་ལང་ཚོ་མཆོག་ཏུ་བརྟས་པ་ལྷ་བཙད་པོ་སེང་གེ་རྣམ་པར་རྒྱལ་བ་གང་གི་ཐུགས་བསྐྱེད་བཟང་པོའི་འཕྲུལ་ལས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་ལྡན་འབྲུག་པའི་འཁོར་ལོ་གསུམ་གྱི་རྒྱུན་མངའ་རི་སྟོད་སྤྱི་དང་བྱེ་བྲག་མར་ཡུལ་ཕྱོགས་སུ་རྒྱ་ཆེར་རྒྱས་པར་བྱེད་པ་ལས། སྙིང་པོར་གྱུར་པ་རྡོ་རྗེའི་སྤོ་ལྟ་བུ་ཧེ་མི་བྱང་ཆུབ་གླིང་དུ་ཐེག་མཆོག་བདེ་ཆེན་གྱི་གཙོ་གྱུར་དགོན་མ་ལག་བསྒྲུབ་སྡེའི་རིགས་གྱུར་ཀུན་གྱི་བླ་མ་མཁན་སློབ་མཛོད་འཛིན་ལས་ཚན་ཆེ་ཕྲ་ལྷ་འབངས་བཅས་ཀུན་གྱི་རྒྱལ་བའི་བསྟན་པ་སྙིང་པོའི་དོན་སྒྲུབ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ལ་ཉེ་བར་སེམས་ཏེ་བླང་དོར་བགྱིད་འོས་ཀྱི་ཡི་གེ །དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་དམ་པར་གྱུར་པ་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་རྟོགས་ཀྱི་བདག་ཉིད་ཅན་འདི་ཁོ་ན་ཡིན་ལ་དེ་ཡང་བསྟན་རྩ་དགེ་འདུན་གྱི་སྡེ་ལ་རག་ལས་ཤིང་།

དེ་ཉིད་ཀྱང་བསྟན་པ་རིན་པོ་ཆེའི་སྲིད་ཞུ་ཚུལ་བཞིན་དུ་བགྱིས་པའི་སྦྱིན་བདག་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་ལྟོས་པ་ལས་སྔར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་གོང་བུ་རྗེ་བཙུན་འབྲུག་པ་རྒྱལ་དབང་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས་ནས་ཕྱོགས་འདིར་ཆོས་ཀྱི་འཕྲིན་ལས་ཀྱི་བྱེད་པོར་རྒྱལ་སྲས་སྤྲུལ་པའི་སྐུ་རིན་པོ་ཆེར་དགོངས་པ་ཡོངས་སུ་གཏད་པ་དེ་བཞིན་ལ་དེང་དུས་རྟེན་འབྲེལ་ལས་ཀྱི་རྒྱུ་བས་མར་ཡུལ་གྱི་རྒྱལ་སྲིད་ཆོས་བཞིན་དུ་སྐྱོངས་བའི་གོ་འཕང་ལ་བཞུགས་དགོས་བྱུང་སྟབས་རྒྱལ་པོའི་ཕོ་བྲང་དངོས་གཞི་སླེབས་མཁར་དུ་གདན་འཇགས་པར་གྱུར་ཀྱང་ཆོས་སྡེ་ཕན་ཚུན་དགོན་མ་ལག་ཆོས་གཞིས་མི་སེར་ཁྲལ་ཡོངས་འབབ་ས་ཡུལ་དབང་རིས་སོགས་ལ་རྒྱའི་འཛིན་སྐྱོངས་ཚང་མར་མགོ་འདྲེན་གནང་ཁྱབ་སྔར་ལས་ལྷག་ཏུ་གནང་བའི་ཞལ་བཞེས་གཏན་ཚིགས་བཟང་པོ་བཀའ་དྲིན་ཆེ་ཞིང་དེ་དང་མཐུན་པར་འདུས་སྡེ་རྣམས་ནས་ཀྱང་དད་ལྡན་དང་བ་འདྲེན་པའི་མིག་རྐྱེན་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་སར་གྱུར་གཤིས་རང་གཞན་དོན་གཉིས་བརླབ་པོ་ཆེ་བསྒྲུབ་པའི་ཐུགས་བསྐྱེད་རྣམ་པར་དག་པས་གཞི་བཟུང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟ་བུ་གཅེས་སྤྲས་སུ་འཛིན་ཅིང་། ཐོས་བསམ་བསྒོམ་པའི་མཛད་བཟང་ཉམས་པ་མེད་པས་རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་དཔལ་ལྡན་འབྲུག་པའི་བཤད་སྒྲུབ་ཀྱི་བསྟན་པ་བླ་ནས་བླར་འདེགས་པ་མིག་རྒྱན་ལ་ཕན་པའི་སྒྲིགས་ལམ་ཕུན་སུམ་ཚོགས་པ་ཞིག་ཤིན་ཏུ་གལ་པོ་ཆེར་འདུག་པས་སོ་སོར་ཐར་པའི་བསླབ་གཞི་དང་པོ་ཚངས་སྤྱོད་ལ་སྒྲོ་བསྐུར་དང་བྲལ་བ་ཞིག་མེད་ཐབས་མེད་པས། ནག་སྐྱོན་གྱི་གླེང་ངན་ཙམ་ཡོད་རིགས་ལའང་རྩད་གཅོད་ཐར་ཕྱིན་ངོས་བཤགས་བསྒྲུབ་ཚུལ་བཞིན་བགྱིད་རྗེས་བསླབ་གཞི་ཡང་དག་བསྐྱར་བ་དང་དེ་བཞིན་མ་བྱུང་བ་རྣམས་གནས་དབྱུང་ཉེས་ཚབས་ཆེ་ཆུང་བསྟུན་པའི་རྒྱང་ཕུད་ཤོག་ཐོད་ཁྱི་ཁྲམ་སོགས་གང་འོས་སྟོང་། དེ་མཚུངས་སྐུ་རྫུན་སོགས་བྱུང་རིགས་ཀྱང་ཉེས་བབས་དང་བསྟུན་པའི་ཆད་སྒྲུབ་འགེལ་ཞིང་མགོ་རེངས་ལངས་ཤོར་དུ་མ་སོང་བ་དང་། གྲྭ་ཤག་ཏུ་བུད་མེད་རིགས་གཏན་ནས་ཞག་སྡོད་བྱ་ས་མེད་ཅིང་། དེར་མ་ཟད་གནང་བ་མ་ཞུས་པར་རྒྱུ་འགྲུལ་ཀྱང་མི་ཆོག ཡུལ་བབ་དང་བསྟུན་གཏན་ནས་བཀག་ཆ་མ་ཐུབ་རུང་། ཆང་འདི་ཉེས་པའི་རྩ་བར་སོང་གཤིས་བག་མེད་དུ་མ་སོང་བའི་ཚོད་ཟིན་བྱ། གཞན་ཡང་ཐ་མ་ཁ་འཐུང་བ། དགོན་གསེབ་དུ་ལོང་འབོད་རྒྱག་པ། ལུས་ཆས་ཡ་མ་ཟུང་བྱེད་པ་སོགས་མིག་རྒྱན་ལ་གནོད་རིགས་མངོན་བཙན་ཅན་གྱི་སྤྱོད་པ་རྣམས་བྱས་མི་ཆོག གཙོ་བོར་འདོན་ཆོས་སྤྱོད། རྒྱུད་གཞུང་། བློ་འཛིན་སོགས་སྔར་རྒྱུན་བཟང་པོ་གང་ཡིན་ཉམས་ཆགས་མེད་པ་དང་།

དབྱངས་རོལ་མོ་དཀྱིལ་འཁོར་བྲི་ཐིག དུང་རྒྱ་གླིང་། གར་འཆམས་གཏོར་བཟོ་སོགས་ཤེས་ཡོངས་དང་བསྟུན་ལས་ཚན་མགོ་ཡོད་པས་བཏིང་བསྐུལ་ངོས་སོ་སོས་ཀྱང་ཐེག་པ་ཁུར་བླང་གི་སྦྱང་བརྡར་ལ་བརྩོན་པ་ཆེ་བསྐྱེད་དང་། བློ་གསལ་ཁྱད་པར་བ་དག་ནས་ལེགས་པར་སྦྱར་བ་སྒྲ་ཡི་བརྡ་སྤྲོད་དང་། སྙན་ངག་སྐར་རྩིས་སོགས་བཅུ་ཕྲག་རིག་པའི་གནས་ལ་བསླབ་སྦྱང་ངོས། བར་མ་རབ་བྱུང་། དགེ་ཚུལ། བསྙེན་པར་རྫོགས་པ་སོགས་སྡོམ་པ་གསུམ་རིམ་ཅན་དུ་རྒྱུད་ལ་བླངས་ནས་ཕྱི་འདུལ་བའི་བསླབ་གཞི་གཙོ་བོར་སྟོན་པའི་ཆོས་གོས་རྣམ་གསུམ་དང་མི་འབྲལ་བ་སོགས་བསྟན་པའི་མིག་རྒྱན་ལ་ཕན་པ་ནང་བྱང་ཆུབ་སེམས་ཀྱི་བསླབ་བྱས་རྒྱུད་སྦྱངས་ནས་ཞི་དུལ་བག་ཡོད་དང་ལྡན་པས་གཞན་གྱི་འདྲེན་པར་འོས་པ། གསང་བ་རང་བཞིན་ཡོངས་སུ་ཤེས་པ་ལྟར་ཤེས་རབ་ཀྱི་བསླབ་པས་རང་གཞན་གྱི་དོན་གཉིས་འགྲུབ་པ་ཞིག་ཅིས་ཀྱང་མཛད་དགོས་ཤིང་། ལས་ཚན་འགོ་ཡོད་རྣམས་ནས་ཀྱང་ཉེ་ཁ་ཕྱོགས་སྐྱོར་དང་རང་འདོད་འཁོན་འཛིན་གྱི་དགྲ་ཕྱོགས་ནག་འདེད་རིགས་མེད་པའི་བཅའ་ཁྲིམས་ཀྱི་གཞུང་ཤིང་དྲངས་པོར་བསྲངས་ནས་ལར་རྒྱའི་འཛིན་གྲས་ལེ་ཤོར་མེད་པ་སོགས་ཚང་མས་འདོད་གཅིག་ཏུ་དྲིལ་ནས་སྐྱབས་མགོན་འབྲུག་པ་རིན་པོ་ཆེ་ངེས་པ་དོན་གྱི་སྐྱེས་བུ་ཆེན་པོ་དེང་དུས་སྒྲུབ་བརྒྱུད་འཛིན་པ་ཀུན་གྱི་གཙུག་གི་ནོར་བུ་གཅིག་པུ་པ་གཉིས་སུ་མེད་པ་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ཆེན་པོ་གང་གི་བསྟན་པའི་ཞབས་འདེགས་སུ་གྱུར་ངེས། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ལུང་དོན་དང་མཐུན་པ་ཞིག་མཛད་དགོས་རང་གཞན་མཐའ་དག་འདི་ཕྱི་ཀུན་ཏུ་ཕན་བདེ་དགེ་ལེགས་ཀྱི་བཙས་དམ་པར་བགྱི་འོས་སྙིང་པོ་ལས་ཀྱང་སྙིང་པོ་ཐམས་ཅད་ཀྱི་ཐུགས་ཀྱི་དབུས་སུ་གཞར་ཡང་གཡེལ་བ་མེད་པར་བསྟི་འོས་དང་།

དེ་ལྟར་དགེ་འདུན་འདུས་པ་རྒྱ་མཚོ་རྣམས་ཀྱི་དམ་པ་ཆོས་བཞིན་གྱི་བཅའ་ཁྲིམས་གོང་གསལ་གྱི་དོན་ལྟར་འདའ་བ་མེད་པར་མཛད་པ་ལ་དགེ་འདུན་པའི་སྒོ་ལྷ་འབངས་དབང་རིས་བདག་ཐོབ་རྣལ་འབྱོར་དབང་ཕྱུག་སྟག་ཚང་རས་པ་ནས་ད་ལྟ་ལ་ཐུག་གི་བར་དུ་དགེ་བའི་རྒྱུན་ཆོས་སྐྱོངས་བའི་རྒྱལ་པོ་ཆེན་པོས་ལེགས་པར་སྦྱར་བའི་མཐུ་དཔལ་ལ་བསྟན་སྣང་ཆེན་པོ་དང་། བློན་པོ་དང་། དམག་དཔོན། ཁྱིམ་བདག་དད་པ་ཅན་རྣམས་ཀྱི་རིམ་པར་སྦྱར་བའི་ཞིང་ཁང་རི་ཀླུང་གི་ས་ཡུལ། དགོན་གྱི་རྒྱ་ཁོངས་སོགས་མཐའ་དག་ཞིབ་མར་དེབ་གསལ་རྒྱལ་པོ་རིམ་ཅན་གྱིས་བཀའ་ཐམ་ལྷག་ཏུ་དཔལ་གདོང་ཆུ་མོ་བྱ་ལོར་མར་ཡུལ་ལྗོངས་ཀྱི་འཛིན་མ་ཆོས་བཞིན་སྐྱོངས་བའི་རྒྱལ་སྲས་རིན་པོ་ཆེའི་ཞལ་སྔ་ནས། སྐྱེས་མཆོག་གོང་མ་རྣམས་ཀྱི་ཞབས་འདེགས། རང་ཉིད་བགྱིད་འོས་བཟང་པོས་ཕྲིན་ལས་དགོངས་ཏེ་སླད་ནས་རྒྱལ་པོ་རིམ་བྱོན་གྱིས་རྣམ་དཀར་བསྔགས་པའི་ཕྱག་སེངྒེའི་རྣམ་པར་འགྱིང་བ་ཞེས་པའི་རེ་ཁ་གསར་འགོད་ཀྱི་ཐམས་ཕུད་མི་བདག་གི་གྲངས་སུ་སྤེལ་ཟིན་ནས་ཚིག་གི་ཐོག་མར་བསྒྲུབ་བརྒྱུད་བསྟན་པའི་སྲིད་ཞུ་ཉིད་དུ་རྒྱས་བཏབ་པའི་དོན་ལ་ཕྱི་ནང་ཀུན་ནས་བླང་དོར་འཛོལ་མེད་དང་། དེ་བཞིན་རྒྱལ་སྲས་རིན་པོ་ཆེའི་རིགས་ཀྱི་གདུང་འཚོབ་པ་གཞོན་ནུ་ཚེ་དབང་འཕྲིན་ལས་བསྟན་འཛིན་མི་འགྱུར་རྡོ་རྗེ་གང་དཔལ་ལྡན་འབྲུག་པས་ཕྲིན་ལས་ཀྱི་བྱེད་པོར་རྡོ་རྗེ་གསུང་གི་དབང་བསྐུར་མཛད་པ་དེ་བཞིན་གང་དེ་མར་ཡུལ་ཕྱོགས་འབྲུག་བསྟན་འཛིན་པ་རྣམས་ཀྱི་སྐྱབས་རྗེ་ཐམས་ཅད་མཁྱེན་པའི་ཞལ་སྐྱིན་དུ་བཟུང་ནས་གུས་པའི་སྲིད་ཞུ་མི་ལྷོད་ཅིང་ནར་སོན་གྱི་ལ་རྒྱ་ཕྱི་ནང་ཀུན་ལ་མཛོད་པས་གཙོས་ལས་བྱེད་པ་པོས་ལེ་ཤོར་དུ་མ་སོང་བ་དང་། སྐུ་ཡི་བསྐྱེད་རྫོགས་ནས་ཀྱང་རྒྱལ་བའི་རིང་ལུགས་སྤྱི་དང་བྱེ་བྲག་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་སྨན་པའི་ཆེད་དུ་བསླབ་པ་གསུམ་ངུར་སྨྲིག་རྒྱལ་མཚན་གོས་ཀྱིས་མཛེས་པ་ཞིག་ཀྱང་སྙིང་ནས་འདུན་ཅིང་སྨོན་ལམ་གྱི་ཡུལ་དུ་བྱས་པ་ཡིན་ལ།

མདོར་ན་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཡབ་སྲས་ཀྱི་རྣམ་ཐར་ཅི་ནུས་སློབ་པ་ཡི་ཞན་ལྷོག་ཆོས་ཀྱི་རྐང་པ་མོས་གུས་ཆོས་ཀྱི་མགོ་བོ་དམ་ཚིག་ཆོས་ཀྱི་སྲོག་རྩ་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དོན་སྙིང་སྙིང་རྗེ་ཆོས་ཀྱི་མིག་འབྲས་སུ་གྲགས་ལྟར་དམ་པ་ཆོས་སྙིང་ནས་དྲན་པ་ལ་མེད་ཐབས་མེད་པ་ཉིད་དང་། གཞན་ཡང་ཆོས་བསྡུས་པའི་ཚུལ་ཁྲིམས་ཀྱི་སྒོ་ནས་དགེ་བའི་ལས་ཆེ་ཕྲ་ལ་འབད་པ་ཉིད་དང་། ཆོས་ཚུལ་དེ་རྣམས་མི་ཉམས་པའི་ཆེད་དུ་དམ་པའི་ཆོས་ལ་ཆོས་བཞིན་དུ་འདུ་ཤེས་ཏེ་རྒྱལ་བསྟན་དབུ་རྨོག་བཙན་པའི་བྱ་བ་དགོས་པ་ནི་གཞིར་བཅས་གཞན་འཇིག་རྟེན་སྣང་ཤས་དང་ཧ་ཅང་གི་འབྲེལ་བ་ཡང་མི་བྱ་ཞིང་། ལས་རྒྱུ་འབྲས་དཔང་དུ་གཙུགས་ཏེ་ཕན་དང་བདེ་བ་དང་དགེ་བའི་བྱ་བས་དགོན་གྲོང་བཙུན་སྐྱེ་མཐའ་དག་ལ་སྨན་པའི་ཐབས་རང་འཁོས་ལ་དཔག་པའི་གང་འགྲུབ་ཅི་ནས་ཀྱང་གལ་ཆེན་སྙིང་ལ་བཞག་འོས་སུ་གསོལ་བ་སྟེ། དེ་ལ་ཚུལ་བཞིན་ཉན་པར་མི་སྤྱོད་པ་དང་། ལས་འབྲས་བླང་དོར་ལ་མི་བརྩོན་ཞིང་དེ་ཁྱད་དུ་གསོད་པ་རྣམས་ལ་ནི་བདག་གི་གསར་དུ་སྨྲེངས་མ་དགོས་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་བསྟན་པ་བསྲུང་བར་མངའ་གསོལ་བའི་དཔལ་ལྡན་ལྷ་མོ་ནག་མོ་དང་། རྡོ་རྗེ་ནག་པོ་ཆེན་པོ་སོགས་འཇིག་རྟེན་སྐྱོངས་བ་མཐུ་ལྡན་བསྒྲངས་ཀྱིས་མི་སྤྱོད་པ་ཉིད་དང་བྱེ་བྲག་དང་བཀའ་བརྒྱུད་བླ་མ་གོང་མ་རྣམས་ཀྱི་བཀའ་དང་། དམ་ལ་བཏགས་ནས་བསྟན་པ་བསྲུང་བར་མངའ་གསོལ་བའི་དམ་ཅན་དྲེགས་པ་བསམ་གྱིས་མི་ཁྱབ་པ་དང་། ཡུལ་ཕྱོགས་འདི་ཡི་དགེ་བསྙེན་བསྟན་མ་མཐུ་བོ་ཆེ་རྣམས་ཀྱིས་མི་དགེ་སྤྱོད་པ་རྣམས་ལ་བཀའ་ཡི་ཆད་པ་དྲག་པོས་ཚེ་འདིར་མི་རུང་སྣ་དགུ་དང་ཕྱི་མ་མནར་མེད་དམྱལ་མེད་བསྐལ་པ་རྒྱ་མཚོའི་བར་དུ་སྙིང་བསྲེགས་པར་གདོན་མི་ཟ་ལ། གོང་གསལ་གྱི་དོན་ལས་འབྲས་འདོར་ལེན་ཚུལ་བཞིན་བྱས་རྣམས་ལ་སངས་རྒྱས་བྱང་སེམས་རྣམས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང་དམ་ཅན་དྲེགས་པ་ཅན་རྣམས་ཀྱི་སྡོང་གྲོགས་ཡིད་བཞིན་དུ་མཛད་པས་ཚེ་འདིར་སྐྱིད་ལ་ཕྱི་མིར་བདེ་ཞིང་མཐར་ཐུགས་རྫོགས་སངས་རྒྱས་ཀྱི་གོ་འཕང་རིང་པོ་མ་ཡིན་པར་ཐོབ་པར་ངེས་པས་དེས་ན་དེ་དོན་ཚང་མ་ཀུན་ནས་ཐུགས་ཀྱི་དཔེའུར་བསྟི་བ་འཚལ་ལ། དེ་ལ་བདག་ལྟ་འཁོས་ནུས་དམན་ཡང་དགེ་བའི་ཡིད་ཀྱི་སྨོན་ལམ་བཟང་པོ་ཅི་ནུས་སུ་རྒྱས་བཏབ་པ་ཡང་ཀུན་གྱིས་ཡིད་ལ་འཇུག་པར་བགྱིས།

སངས་རྒྱས་བསྟན་པ་ཨུ་དུམ་ཙ་ཝ་ར་བཞིན། མཚན་ཙམ་ཐོས་དཀའ་དེ་བས་འཕྲད་པ་ཅི། །བརྒྱ་ལམ་འཕྲད་པས་དོན་ཆེ་ཞུགས་པ་རྣམས། །གཏན་བདེ་ཐོབ་བྱེད་འདི་ལ་སུ་མི་ནུས། །རྒྱལ་བསྟན་སྡེ་སྣོད་གསུམ་གྱི་སྙིང་པོ་ཡང་། །བསླབ་གསུམ་ཡིན་དེ་ཡང་ཚུལ་ཁྲིམས་ལ། །མ་བརྟེན་ཏིང་འཛིན་ཤེས་རབ་ཐོབ་པར་དཀའ། །དེ་ཕྱིར་ཚུལ་ཁྲིམས་བསླབ་པར་ཅིས་མི་འབད། །འདུལ་འཛིན་རེ་ཟུང་ལས་གཞན་ལས་ཕལ་ཆེར་ཆོས་གོས་བགོས། །ཇི་བཞིན་རྔོ་མ་ཐོག་ཀྱང་འདུལ་པོད་ཀློག་བྱས་ནས། །སྔོན་གྱི་རྟོགས་བརྗོད་ལ་དམིགས་ཅུང་ཟད་བག་ཡོད་བྱེད། །དེས་ན་དེ་བརྟེན་ད་དུང་ཅུང་ཟད་གཟུགས་བརྙན་ཡོད། །སྔོན་རབས་ནཱ་རོ་མར་རྔོག་བླ་མ་བསྙེན་པའི་ངང་ཚུལ་གང་། །རྗེ་བཙུན་མི་ལ་རྒྱ་རས་ལོ་རྒོད་རྣམས་ཀྱིས་ཞེན་ལྡོག་དང་། །བསྒྲུབ་ཚུགས་མོས་གུས་རྣམ་ཐར་ཉིད་ལ་ཅུང་ཟད་མ་སེམས་ན། །ངེས་དོན་སྒྲུབ་སྲོལ་འཛིན་ཡིན་ཞེས་ངོས་གཟུགས་ཇི་ལྟར་འགྱུར། །ཀྱེ་མ་ད་ནི་སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པས་ཅི་ཞིག་རུང་། །ཇི་ཙམ་འབད་ཀྱང་ཆོས་བཞིན་སྤྱོད་པའི་དགེ་འདུན་ཉིད་ནི་ཉུང་ངུར་གནས། །སྟོན་མཇུག་གྲང་རེག་ཇི་བཞིན་ཆོས་མིན་སྤྱོད་པ་བཀག་པས་མི་ཁེགས་རྒྱས། །ད་ནི་ཐུབ་བསྟན་ཉི་མ་ནུབ་རིར་ཡོལ་སྙམ་བདག་ནི་མཆི་མ་བཀུ། །འཇིག་རྟེན་མགོན་པོ་ཐུབ་མཆོག་ཁོང་ནི་ཞི་ལ་གནས་མིན་འོག་མིན་སྟུག་བཀོད་དུ། །བཞུགས་མོད་ཁྱེད་བསྟན་མཐའ་ལ་ཐུག་པའི་ངང་ཚུལ་འདི་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱོགས་དུས་སངས་རྒྱས་སྲས་བཅས་ཀུན་དང་བཀའ་ཡི་བསྒོ་ནས་དུས་འདིར་སྙིང་པོའི་བསྟན། །རྒྱ་ཆེར་རྒྱས་པར་མཛོད་ཅེས་ཐུགས་དམ་བསྐུལ་ལོ་ཡོལ་མེད་དུས་འདིར་འཕྲིན་ལས་མཛོད། །ཀྱེ་མ་བདག་ལྟ་ཉོན་མོངས་ཚང་ཚིང་དབུས་གནས་གཞན་ལ་དེ་ལྟ་སྨྲ། །དེ་ཡང་དམ་པའི་རྣམ་ཐར་མིན་མོད་ལྷག་བསམ་དག་པས་སྐྱོན་ཡང་མེད། །ཏིང་འཛིན་མངོན་ཤེས་ཇི་བཞིན་མ་ཐོབ་བསྟན་ལ་སེམས་ཀྱང་གཞན་ཕན་དཀའ། །ད་ནི་ལང་ཚོ་ཡོལ་ཉེ་དབེན་པའི་རི་ལ་རྩེ་གཅིག་བསྒོམ་རེ་རན། །འོན་ཀྱང་ཐེག་ཆེན་སྨོན་པ་ཙམ་ལའང་རྒྱལ་བས་ཆེས་ཆེར་བསྔགས་མཛད་ན། །བདག་གི་སྨོན་པ་འདིའོ་དེ་ཡང་གེགས་མེད་ཉིད་དུ་འགྲུབ་བྱིན་བརླབས། །ས་ཡི་ཕྱོགས་འདིར་ཐུབ་བསྟན་སྙིང་པོ་འཛིན་པའི་སྡེ་དཔུང་འཐུག་པོར་བཀོད། །རྡོ་རྗེ་སློབ་དཔོན་བསྙེན་པར་བྱེད་པ་ན་རོ་པ་དང་ཞི་སྦས་བཞིན། །ཀུན་ཀྱང་ངུར་སྨྲིག་གོས་འཛིན་ཉེ་བར་འཁོར་ཞིང་ཚུལ་ཁྲིམས་བསླབ་ལ་སྤྱོད། །གང་གི་སེམས་ཀྱི་རྒྱུད་ཀྱང་ཞི་དུལ་ལྕང་ཤེས་བྱམས་དང་སྙིང་རྗེས་ཁེངས། །རྟག་ཏུ་ངུ་དང་ནོར་བཟང་ཇི་བཞིན་དམ་པའི་ཆོས་ལ་མཆོག་ཏུ་དུང་། །རྡོ་རྗེ་སློབ་དཔོན་བསྙེན་པར་བྱེད་ལ་ནཱ་རོ་པ་དང་ཞི་སྦས་བཞིན། །གསུམ་ལྡན་རྡོ་རྗེ་འཛིན་པ་འབའ་ཞིག་དག་གིས་ཀུན་ཏུ་ཁེངས་བར་ཤོག །མི་དང་མི་མིན་གདུག་པའི་སེམས་ལྡན་ཀུན་ཀྱང་བདག་མིང་ཐོས་པས་ཞི། །ལོག་སྲེད་ཅན་ཡང་བདག་མིང་ཐོས་པའི་མོད་ལ་བྱང་ཆུབ་སེམས་སྐྱེ་ཞིང་། །ཕན་ཚུན་ཀུན་ཀྱང་མཛའ་བར་བལྟ་ནས་དགའ་བདེའི་དཔལ་ལ་ལོངས་སུ་སྤྱོད། །ནད་མཚོན་མུ་གེ་ཀུན་ཉམས་རྫོགས་ལྡན་བཟང་པོའི་དུས་བཞིན་ལེགས་སྤྱོད་ཤོག །གང་ཞིག་མི་དགེ་མཚམས་མེད་སྡོམ་གསུམ་ཉམས་ཆགས་ཞིག་རལ་སྤྱོད་པ་ཀུན། །སྡིག་གྱུར་ཕམ་ལྟུང་ཉེས་པའི་སྐྱོན་ཀུན་སྐད་ཅིག་དེར་ཟད་བདག་ཚངས་གང་། །བདག་མིང་ཐོས་ཙམ་གྱིས་སྟེ་འགྲོ་ཀུན་ཕྱིར་མི་ལྡོག་པའི་ས་མཆོག་ཐོབ། །ཀུན་ནས་ཀུན་ཏུ་བཟང་པོ་ཇི་བཞིན་འབྲས་བུ་མཆོག་ལ་མྱུར་འཁོད་ཤོག །མདོར་ན་བདག་གི་སྔོན་གྱི་ཚེ་རབས་ནས་བརྩམས་ད་ལྟའི་བར་དག་ཏུ། །བྱང་ཆུབ་སེམས་ཀྱིས་ཡོངས་བཟུང་ཐེག་པ་ཆེན་པོའི་སྨོན་ལམ་ཇི་ཙམ་པ། །དེ་ཀུན་ཡོངས་ཟླུམ་མཁའ་ཁྱབ་སེམས་ཅན་རྣམས་ལ་བསྔོ་བར་བགྱིད་བཞིན་པ། །ཐུན་མོང་ཉིད་གྱུར་ཕྱམ་གཅིག་ཚོམ་བུ་གཅིག་གྱུར་རྡོ་རྗེ་སེམས་ཐོབ་ཤོག །

ཅེས་རྗེ་བཙུན་འབྲུག་པ་ཐམས་ཅད་མཁྱེན་པ་ངེས་པ་དོན་གྱི་འགྲོ་བའི་མགོན་པོ་པ་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞབས་གང་གི་བསྟན་པ་རིན་པོ་ཆེར་ལྷག་པའི་བསམ་པ་ཟླ་བ་ནོར་བུ་ཆུ་ཤེལ་གྱི་སྙིང་པོ་ལྟར་མཆོག་ཏུ་དཀར་བས་མར་ཡུལ་ལྗོངས་ཀྱི་སྒྲུབ་བརྒྱུད་འཛིན་པ་རྣམས་ལ་སྨན་པར་བྱེད་པའི་བཀོད་གདམས་ཀྱི་ཡི་གེ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་གྱི་ལོ་མགོ་ཆེན་གྱི་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་གསུམ་པར་ཤར་ཕྱོགས་བོད་ཆེན་དུ་སྐྱེས་པ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཆོས་སྨྲ་བའི་ཁུར་ལྡན་དཔལ་རིག་པ་འཛིན་པས་མར་ཡུལ་སྟོད་ཝཾ་ལེ་བདེ་ཆེན་རྣམ་རྒྱལ་ནས་བྲིས་པ་སརྦ་མངྒ་ལཾ། ཛ་ཡ་ཛ་ཡནྟུ།


previousསྟོད་མངའ་རིས་མར་ཡུལ་ལ་དྭགས་ཧེ་མི་གྲྭ་ཚང་རྗེས་འབྲངས་བཅས་ཀྱི་བཅའ་ཡིག next