Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཇི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས།
   


 
previousལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཇི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས།next

ལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཇི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས།

༄༅། །ལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཇི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས། །

༈ (འདི་ནས་ལྡེབ་གསུམ་ཆད)ལྗོངས་ཞེས་པ་འདིར་གདུལ་བྱ་འདུལ་དཀའ་བའི་དབང་གིས་འཕགས་མཆོག་སྙིང་རྗེ་ཆེན་པོ་ལག་ན་པད་དཀར་འཆང་བས་བདག་གིར་མཛད་པའི་མཐུ་ལས། མེས་དབོན་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ལ་བརྟེན་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པས་བོད་ཡུལ་ཉིན་མོ་ལྟ་བུར་གྱུར་ཅིང་། ངོ་མཚར་མཆོག་གྱུར་སྐྱེས་བུ་དམ་པ་བགྲང་གིས་མི་ལངས་བ་སྔ་ཕྱི་ཀུན་ཏུ་བྱོན་ནས་བཤད་སྒྲུབ་ཀྱི་སྡེ་བཟང་པོ་དར་ཞིང་རྒྱས་པ་ལས། །རྒྱུ་སྐར་གྱི་ཕྲེང་བའི་ཁྲོད་ནས་ཉི་ཟླ་ལྟ་བུ་ངེས་དོན་གྱི་བསྟན་པ་མཐའ་དག་གི་ཉིང་ཁུ་འགྲན་ཟླ་དང་བྲལ་བ་ནི་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་ཡིན་པར་གྲགས་ཤིང་གྲུབ་པ་ལས་འདིར་ནི་ཕྱག་རྒྱ་ཆེན་པོའི་ཆོས་རང་གིས་ཇི་ལྟར་ནོད་པའི་ཚུལ་བརྗོད་པར་བྱ་བ་སྟེ། དེ་ཡང་བོད་ཡུལ་འདིར་ཕྱག་རྒྱ་ཆེན་པོའི་བཀའ་སྲོལ་མང་དུ་བྱུང་མོད་ཀྱང་སྐབས་འདིར་བརྗོད་བྱ་ནི་བྲམ་ཟེ་ཡབ་སྲས་ལས་ཉེ་བར་བརྒྱུད་པ་སྟེ། སྤྱིར་ཡང་ཕྱག་རྒྱ་ཆེན་པོ་མཐའ་དག་གི་ཆུ་འགོ་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་ཐུག་ཞེས་རྒྱལ་བ་ཡང་དགོན་པས་གསུང་པ་ཡང་དོན་ལ་གནས་པར་སྣང་ལ། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་ཐུག་སྟེ། དེ་ཡི་མན་ངག་སྲོལ་འཛིན་གཙོ་བོ་གྲགས་ཆེ་བ་འཕགས་པ་ཀླུ་སྒྲུབ་དང་། དེ་ལ་སློབ་མ་ཤིན་ཏུ་མང་ཡང་ཕྱག་རྒྱ་ཆེན་པོ་དོ་ཧའི་སྒོ་ནས་གྲུབ་པ་ཐོབ་པ་དཔལ་ཆེན་པོ་ཤ་ཝ་རི་པ་སྟེ་རི་ཁྲོད་དབང་ཕྱུག་ཡིན་ལ། དེ་ཡི་སློབ་མ་ལཱུ་ཧི་པ་ནི་གྲུབ་པ་ཐོབ་པ་བྱེ་བ་ཕྲག་གྲངས་ལས་འདས་པའི་འབྱུང་ཁུངས་སུ་གྱུར་པ་དང་དུས་ཕྱིས་པཎྜི་ཏ་བི་བྷུ་ཏི་ཙནྟ་དང་། བཱ་ན་རཏྣས་ཀྱང་དངོས་སུ་མཇལ་ནས་གདམས་པ་བསྩལ་བ་སོགས་ཐོར་བུ་ཡང་མང་དུ་བྱུང་མོད། འོན་ཀྱང་ཕྱག་རྒྱ་ཆེན་པོ་བརྒྱུད་པའི་བཀའ་སྲོལ་གཙོ་བོར་འཛིན་པ་ནི་མཁས་པ་སྒོ་དྲུག་དང་རགས་རྩིས་སུ་དུས་མཚུངས་པ་མངའ་བདག་མཻ་ཏྲི་པ་ཆེན་པོ་ཡིན་ཏེ། དེ་ཡང་མཚན་དངོས་མཻ་ཏྲི་གུཔྟ་ཞེས་བྱམས་པ་སྦས་པ་དང་གསང་མཚན་རོ་མཉམ་རྡོ་རྗེ་སྟེ། དེ་ཡི་རྗེས་འབྲང་རྣམས་ཀྱིས་ཤ་ཝ་རི་པ་ཡབ་དང་རྒྱལ་བ་མཻ་ཏྲི་པ་སྲས་ཏེ་རི་ཁྲོད་དབང་ཕྱུག་ཡབ་སྲས་སུ་བསྒྲགས་སོ། །དེ་ཡི་བརྒྱུད་འཛིན་བོད་འདིར་བཤད་སྒྲུབ་གཉིས་སུ་བྱུང་བ་ལས། འདིར་ཕྱི་མ་གཙོ་བོར་གྱུར་པའི་གླེང་མོད། བཤད་པའི་བཀའ་ལ་ཡང་ཇོ་བོ་རྗེ་ལྷ་གཅིག་དང་། དེ་བཞིན་མར་པ་ཆོས་བློ། བཻ་རོ། ཀོཪྞི་རུ་པ། རྒྱ་གར་ཕྱག་ན། བལ་པོ་ཨ་སུ། རས་ཆུང་རྡོ་རྗེ་གྲགས། མངའ་རིས་ནག་པོ་བཅས་བརྒྱད་ཙམ་བྱུང་སྟེ་སྔོན་དར་རྒྱས་སུ་གྱུར་རུང་། དེང་སང་བཤད་བཀའ་དངོས་ཉག་ཕྲ་ཡང་། དོ་ཧའི་ལུང་དང་མན་ངག་ཟབ་མོ་ནི་རྙིང་མའི་ཕྱིས་ཀྱི་བསྟན་བཅོས་དུ་མ་དང་གསང་སྔགས་གསར་མ་མཐའ་དག་བར་མ་ཁྱབ་པ་མེད་པ་ལྟ་བུར་སྣང་ཞིང་། སྤྱིར་དོ་ཧའི་མན་ངག་གཙོ་བོ་ནི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཉིད་དུ་གྲུབ་མོད། བྱེ་བྲག་ཏུ་དོ་ཧ་རང་གི་མན་ངག་ཏུ་གྲགས་པའི་རྒྱུན་ས་བོན་ཙམ་དང་། དོ་ཧ་སྐོར་གསུམ་རྩ་བ་དང་ཊིཀ་བཤད་ལུང་ད་ལྟའི་བར་མ་ཆད་པ་རང་གིས་ཅི་ལྟར་ཐོབ་པ་ཡང་འོག་ཏུ་སྤྲོའོ། །ཕྱག་རྒྱ་ཆེན་པོའི་བཀའ་སྲོལ་དར་རྒྱས་སུ་བྱེད་པོ་གཙོ་བོ་ཕུལ་དུ་གྱུར་པ་ནི་མཉམ་མེད་སྒམ་པོ་པ་ཡིན་ལ། དེ་ལ་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་གཉིས་གཅིག་ཏུ་འདུས་པ་ཡི་གཉུག་མ་ལྷན་གཅིག་སྐྱེས་སྦྱོར་གྱི་འབྱུང་ཁུངས་གཅིག་ནི་མཁས་མཆོག་ཤཱནྟི་པ་དང་། མཻ་ཏྲི་པའི་སློབ་མ་ས་ཧོ་ར་ཡི་པཎྜི་ཏ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཡིན་ལ། གཅིག་ནི་དཔལ་ནཱ་རོ་ཏཱ་པ་དང་། མངའ་བདག་མཻ་ཏྲི་པ་ཡི་ཞབས་ལ་ཐུག་པ་དཔལ་ལྷོ་བྲག་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཡིན་ཏེ། དེ་ལས་ཉེ་བར་འོངས་པའི་གདམས་ནི་སྐབས་འདིར་བརྗོད་བྱའི་གཙོ་བོ་སྟེ།

གཞན་ཡང་དམ་པ་མི་ཕམ་དབང་པོའི་ཕྱག་ཆེན་དྲི་མེད་ཐིག་པ་དང་། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱི་རང་ཤར་ཕྱག་རྒྱ་ཆེན་པོ་ཡང་རི་ཁྲོད་ཡབ་སྲས་ཀྱི་རྗེས་སུ་འབྲངས་བ་ཡིན་ནོ། །དེར་མ་ཟད་སྔ་འགྱུར་གྱི་བོད་སྔགས་རྙིང་མའི་སྐབས་སུ་དོ་ཧ་འགྱུར་ཞིང་མན་ངག་ཉམས་ལེན་གྱི་རྒྱུན་བྱུང་བར་ཚད་ཐུབ་དམ་པ་ཁ་ཅིག་གིས་གསུང་བར་གྲགས་པ་དང་། དེ་མཐུན་རྫོགས་ཆེན་སེམས་ཕྱོགས་ཨ་རོའི་མན་ངག་འཇམ་དབྱངས་མགོན་པོའི་ཡི་གེར་ཡང་སྣང་བས། ཡིད་ཆེས་སུ་གྱུར་མོད་ཀྱང་ད་ལྟ་སྔ་འགྱུར་ནས་བརྒྱུད་པའི་མན་ངག་ཡོད་ཅེས་ཡོངས་ལ་མ་གྲགས་ཤིང་མི་སྣང་མོད། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་ཕྱག་རྒྱ་ཆེན་པོའི་བཀའ་སྲོལ་གཏེར་ནས་བྱུང་བ་ཇི་སྙེད་མཆིས་ལ། དེ་ནས་རང་གི་ཆ་ཤས་ཐོབ་པ་ནི་གཞན་དུ་བརྗོད་པར་བྱའོ། །དེ་ཡང་མཉམ་མེད་སྒོམ་པ་པོ་ནི། རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོས་ངེས་དོན་བསྟན་པའི་བདག་པོར་མདོ་སྡེ་རྣམས་ནས་ལུང་གིས་བསྟན་པར་མཛད་ཅིང་། རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་འོད་དཔག་ཏུ་མེད་པ་པདྨ་ཀ་ར་ཡི་ཐུགས་ཀྱི་རོལ་རྩེད་མཉམ་མེད་དྭགས་པོ་ལྷ་རྗེ་དར་མ་སྐྱབས་སམ། ཀུན་དགའ་སྙིང་པོའམ། སྙི་བསྒོམ་བསོད་ནམས་རིན་ཆེན་ཞེས་བྱང་ཆུབ་སེམས་དཔའ་ཆེན་པོ་མེ་ཏོག་ཟླ་ཚེས་ཟླ་འོད་གཞོན་ནུར་གྱུར་པ་དེ་ཡིས་ཐོག་མར་ཇོ་བོ་རྗེ་ཡབ་སྲས་ནས་བརྒྱུད་པའི་མན་ངག་གིས་བསམ་གཏན་བཟང་པོར་བརྙེས་པར་བྱས་ཤིང་། དེ་ནས་ལྷོ་བྲག་མར་པའི་ཐུགས་ཀྱི་སྲས་མི་ལ་བཞད་པ་རྡོ་རྗེ་ལས་ཐབས་ལམ་ཆོས་དྲུག་གི་མན་ངག་ལེགས་པས་གནས་ལུགས་ཡེ་ཤེས་ཀྱི་རང་ཞལ་ཇི་བཞིན་དུ་གཟིགས་པས་བཀའ་གདམས་མན་ངག་ཆུ་བོ་གཅིག་འདྲེས་སུ་དེ་ལྟར་གྲགས་སོ། །དེ་ཡང་སྔོན་མར་པ་དང་མི་ལ་ཞབས་ཀྱི་གདུལ་བྱ་རྣམས་ལ་ཆོས་དྲུག་གི་གདམས་པ་བྱིན་ནས་གཏུམ་མོའི་ནུས་པས་ཞུ་བདེ་ཡེ་ཤེས་བསྐྱེད་ཅིང་། འོད་གསལ་ལས་རང་བཞིན་འོད་གསལ་གྱི་སྐབས་སེམས་ཉིད་གནས་ལུགས་ཀྱི་ངོ་སྤྲོད་མཛད་ནས་དོ་ཧ་སོགས་ཟབ་མོའི་མན་ངག་ཁྱད་པར་ཅན་གཞན་གྱི་དེ་ལ་ངེས་པ་བསྐྱེད་པ་ཙམ་ལས་ཕྱག་ཆེན་ཞེས་ཁྲིད་སྲོལ་རྐང་ཚུགས་ཟུར་དུ་དབྱེ་བ་ཡང་མ་མཛད་མོད། །རྗེ་དྭགས་པོ་ནས་གདུལ་བྱ་དཀྲི་བ་ལ་མཁས་པས་ཇོ་བོ་རྗེ་ཡི་ལྷན་ཅིག་སྐྱེས་སྦྱོར་དང་མར་མྱི་ཡི་འོད་གསལ་ཕྱག་ཆེན་གྱི་དགོངས་པ་གཅིག་ཏུ་བསྡུར་ནས་སེམས་ཉིད་གཉུག་མའི་ཡེ་ཤེས་རྗེན་པར་ངོ་སྤྲད་ནས་ས་ལམ་གྱི་ཚད་རྣལ་འབྱོར་བཞི་ཡི་རིམ་པས་དབྱེ་བ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཞེས་ཁྲིད་ཚུལ་རང་རྐང་ཚུགས་པ་གུད་དུ་མཛད་ནས་གདུལ་བྱ་མཆོག་དམན་མཐའ་དག་གིས་འཇུག་པ་བདེ་ཞིང་། ལམ་བླ་ན་མེད་པར་བཀའ་དྲིན་ཆེན་པོས་ཁྱབ་པ་ཡིན་ནོ། །དེ་ཡང་ཕྱག་རྒྱ་ཆེན་པོ་དེ་ལྟ་བུའི་གཞུང་མདོ་ཏིང་ངེ་འཛིན་རྒྱལ་པོ་ཡང་ཡིན་པར་གྲགས་ལ། མགོན་པོ་བྱམས་པ་ཡི་རྒྱུད་བླ་མ་ཡང་ཡིན་པར་མཉམ་མེད་སྒོམ་པ་པས་ཞལ་གྱིས་བཞེས་ཤིང་གཙོ་བོར་བྲམ་ཟེ་ཆེན་པོའི་དོ་ཧ་རི་ཁྲོད་དབང་ཕྱུག་ཡབ་སྲས་ནས་བརྒྱུད་པ་དང་། ཏེ་ལོ་ནཱ་རོ་ཡི་གདམས་པ་འོད་གསལ་ཕྱག་རྒྱ་ཆེན་པོའི་དགོངས་དོན་ཟབ་མོའི་ཆ་གཙོར་བཏོན་བྱས་པའི་མན་ངག་ཆོས་ཉིད་ཀྱི་དོན་གཏན་ལ་ཕབ་པའི་རིམ་པ་སྟེ། དེ་ཉིད་སྔགས་རྒྱུད་ཐམས་ཅད་ཀྱི་དབང་བཞི་པའི་ཡེ་ཤེས་ཟབ་མོའི་ཆ་ཡང་རྨ་མེད་པར་འགྱུར་མོད། དབང་བཞིའི་ཡེ་ཤེས་དངོས་ནི་ཟབ་གསལ་བདེ་ཆེན་ཟུང་དུ་འཇུག་པ་ལ་བཞེད་ཀྱི། དེ་ལྟའི་དུས་སྐབས་འདིར་ཕལ་རྣམས་ཀྱི་ཞེ་འདོད་དུ་བཞག་པའི་ཕྱག་རྒྱ་ཆེན་པོ་འདི་ཙམ་ལ་སྔགས་ཀྱི་དབང་བཞིའི་ཕྱག་ཆེན་ཡོངས་རྫོགས་དེ་ཁོ་ན་ཉིད་དུ་སེམས་ན་དབུ་མ་ཆེན་པོའི་ལྟ་ཁྲིད་ལ་སྔོན་འགྲོ་བཞི་སྦྱོར་ཙམ་གཅིག་བསྣན་པས་ཀྱང་དེར་འགྱུར་རིག་སྟེ། ཟབ་མོའི་ལྟ་བ་རྣམ་དག་ནི་དབུ་མ་ཡང་ཡིན་ཕྱིར་རོ། །དེ་ཡིན་ན་སྔགས་ཀྱི་གྲུབ་མཐའི་མཐར་ཐུག་དང་ཕར་ཕྱིན་ལ་ཁྱད་མ་ཞུགས་པས་བསམ་པར་བྱའོ། །དེས་ན་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས་སྡོམ་གསུམ་དུ་ཡུལ་དུས་ལ་དགོངས་ནས་སྔགས་ཀྱི་ཕྱག་ཆེན་ལ་དཔྱད་པ་དེ་ནི་ཡང་དག་པ་ཡིན་ལ། ཕྱོགས་སྔ་མ་ལོང་བ་རྣམས་ཀྱིས་ལ་དྭགས་ལ་ངག་སྨྲས་སུ་སེམས་སྡིག་བསགས་པར་མི་བྱའོ། །

ཡང་བཀའ་བརྒྱུད་པའི་མཁས་པའི་ཁྱུ་མཆོག་ཆེན་པོ་ཡིད་བཟང་རྩེ་པས། མཉམ་མེད་དྭགས་པོའི་ཕྱག་ཆེན་ཐུན་མོང་ནི་རྒྱ་གར་གྱི་སློབ་དཔོན་ལྷན་སྐྱེས་རྡོ་རྗེའི་དེ་ཁོ་ན་ཉིད་བཅུ་ཡི་འགྲེལ་པར་ངོ་བོ་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་མིང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་ཁྱད་པར་གསུམ་དང་ལྡན་པའི་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་གསལ་བར་བཤད་པ་ལྟར་ཡིན་ཞེས་གསུངས་མོད་ཚུལ་དེ་ཞིབ་མོར་མ་དཔྱད་པའི་སྐབས་ཕར་ཕྱིན་དང་སྔགས་ཀྱི་ཕྱག་ཆེན་གཉིས་ཀྱི་ཁུངས་ལེགས་བཤད་ཆེ་བ་ལྟར་སྣང་ཡང་། ཞིབ་མོར་བྱས་ཚེ་སློབ་དཔོན་ལྷན་སྐྱེས་རྡོ་རྗེའི་དགོངས་པ་དེ་ནི་ལྟ་བ་ཕ་རོལ་ཕྱིན་པ་དང་མཐུན་པ་ཉིད་ལ་ལམ་སྔགས་ཀྱི་རིམ་པ་དབང་གིས་སྨིན་པར་བྱས་ཏེ་ལྟ་བ་གཏན་ལ་ཕབ་པ་དབང་དོན་གྱི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ཟབ་མོ་ལ་འཇུག་པ་ནི་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་ཡིན་པས་མིང་ཡང་དེ་ལྟར་གདགས་པར་གསུངས་པ་སྟེ། དེ་ནི་རྒྱ་བོད་དུ་རྡོ་རྗེ་སློབ་དཔོན་ཆེས་མང་པོ་ཡི་བཞེད་པ་ཡང་ཡིན་པས། ཚིག་དེ་ཕར་ཕྱིན་མདོ་ཡི་ཕྱག་ཆེན་ཡོད་ལུགས་དང་ཡིན་ཚུལ་གྱི་ཁུངས་སུ་འགྲོ་བར་དཀའོ། །སྤྱིར་དབང་གིས་མ་སྨིན་ཞིང་མདོ་ལུགས་ཁོ་ན་ལྟར་བྱས་པའི་བསམ་གཏན་འཇོག་བསྒོམ་ཙམ་ལ་ཕྱག་རྒྱ་ཆེན་པོར་འདོད་པ་ནི་འཕགས་ཡུལ་དུ་མ་གྲགས་པར་ངེས་ཤིང་། བོད་དུ་ཡང་སྔོན་བྱོན་དམ་པ་རྣམས་ཀྱིས་དེ་ལྟར་མ་བཞེད་པས་མདོ་ཡི་ཕྱག་ཆེན་དང་སྔགས་ཀྱི་ཕྱག་ཆེན་ཞེས་ཐ་དད་དུ་དབྱེ་བ་ནི་བོད་ཕྱི་རབས་པའི་རྣམ་རྟོག་ཉིད་དུ་གསལ་ལོ། །

གཞན་ནི་རྒྱ་བོད་གཉིས་ཀར་དབང་བཞི་པའི་ཡེ་ཤེས་ཟབ་མོའི་ཆ་གུད་དུ་ཕྱེས་ཏེ་རྩལ་དུ་འདོན་པ་ནི་ཆེས་མང་དུ་བྱུང་རུང་། དེ་ལ་ཕར་ཕྱིན་ལུགས་ཀྱི་ཕྱག་ཆེན་ཡིན་ཞེས་གཞུང་ཆེ་བ་གང་དུ་ཡང་མ་གསུངས་སོ། །ཞུ་བདེ་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་ནི་མཉམ་མེད་དྭགས་པོ་ལྷ་རྗེ་ལ་རྗེ་མི་ལས་ཁོ་བོའི་གཏུམ་མོ་ཨ་ཐུང་འདི་བསྒོམ་དང་ད་བཟོད་སེམས་ཀྱི་ངོ་བོ་མཐོང་བར་འགྱུར་ཞེས་གསུངས་པ་ས་སྐྱ་པཎྜི་ཏའི་རང་བཞེད་ཀྱི་ཕྱག་ཆེན་དེ་དང་གཅིག་ཏུ་འབབ་པ་ཡིན་ནོ། །དེ་ཡང་རྒྱུད་ནས་བརྡར་བཞག་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་དབང་བཞི་པའི་ཡེ་ཤེས་ལ་ཟེར་བ་ཡིན་གྱི་དེ་ནི་དེ་ཁོ་ན་ཉིད་དོན་གྱི་འོད་གསལ་ཟབ་མོ་བདེ་བ་ཆེན་པོའི་རང་བཞིན་ཅན་ཏེ་དངོས་གནས་ཟུང་འཇུག་འཕགས་པའི་བསྡུས་པའི་ཡེ་ཤེས་དང་ལམ་བྱེད་རྣལ་འབྱོར་རྣམས་ཀྱི་རྟོགས་པའི་ཡེ་ཤེས་ཏེ་གང་དེ་མིང་དང་ཚིག་གི་སྒྲོ་བསྐུར་ལས་འདས་མོད། དེ་ལྟ་ན་ཡང་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་ཞེས་སོགས་དོན་ལ་རྟོན་ཏེ་ཐབས་མཁས་ཀྱི་བརྡར་བཏགས་པར་མཛད་པ་སྟེ་མཐར་ཐུག་དོན་དམ་གྱི་དབྱིངས་དེ་ལྟར་ཕྱག་ཆེན་དང་རྫོགས་ཆེན་དང་རིམ་ལྔ་དང་ལམ་འབྲས་དང་སྦྱོར་དྲུག་སོགས་ལམ་ཚུལ་དང་པོའི་འཇུག་སྒོ་ཐ་དད་པ་ལས་འབྲས་བུ་གཅིག་ཏུ་གྱུར་པ་ཡིན་སྨྲ་ལ། འོན་ཀྱང་ལམ་གྱི་དུས་སུ་རྒྱལ་བས་གདམས་ཚུལ་དང་གྲུབ་པ་ཐོབ་པ་རྣམས་ཀྱི་ཕྱག་བཞེས་གང་ཟག་དབང་པོའི་རིམ་པ་དཀྲི་ཚུལ་ཐ་དད་པས་འཇུག་སྒོ་ཟབ་པ་དང་ཆེས་ཟབ་པ་དང་། ཆེས་ཆེར་ཟབ་པ་དང་། རྨད་དུ་བྱུང་བ་ཡི་ལམ་མྱུར་བུལ་གྱི་ཁྱད་པར་ནི་ཡོད་དོ། །ཚུལ་འདི་ཡང་གོ་བ་ལ་ཕན་པའི་སླད་དུ་འདིར་ཆ་ཤས་ཕྱོགས་ཙམ་སྨོས་པ་སྟེ་དེས་ཀྱང་བློ་ལྡན་རྣམས་ལ་ངེས་པ་སྦྱིན་པར་ནུས་ལ་སྤྲོས་པས་ཆོག་གོ །

གཞན་ཡང་དེང་དུས་ཕྱག་རྒྱ་ཆེན་པོ་ཡི་ས་ལམ་གྱི་ངེས་འབྱེད་རྣལ་འབྱོར་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཡི་རྩ་བའི་ཁུངས་ནི་རྗེ་བཙུན་དམ་པ་རྒྱ་གར་ལ་བཀའ་བབས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་དུ་ཏིང་ངེ་འཛིན་བཞི་དང་རྣལ་འབྱོར་བཞི་སྦྱོར་བ་དང་། དེ་ཡི་མན་ངག་ཨིནྡྲ་བྷོ་དྷིས་རྣལ་འབྱོར་བཞི་ཡི་ངོ་སྤྲད་རྣམས་དམ་པས་མྱི་ལར་གནང་མྱི་ལས་སྒམ་པ་པོར་བསྩལ་བར་གྲགས་པ་དང་། སློབ་དཔོན་ཆེན་པོ་ཤཱནྟི་པའི་རྣལ་འབྱོར་བཞི་ཡི་རིམ་པ་ཇོ་བོ་རྗེ་ལ་བསྩལ་ཞིང་། ཇོ་བོའི་ལྷན་སྐྱེས་ཀྱི་ཤེས་རབ་གོ་ཆའི་བསྒོམ་པའི་ལམ་རིམ་རྣལ་འབྱོར་བཞིར་མཛད་པ། རྒྱ་ལྕཊ་རི་གོང་ཀ་བར་མཉམ་མེད་སྒམ་པོ་པས་གསན་པས་དེ་དག་དོན་གཅིག་ཏུ་འབབ་པར་གཟིགས་ནས་རང་གི་མྱོང་བ་དང་བསྟུན། གཞན་ལ་རྒྱ་ཆེར་བསྒྲགས་ཏེ་ཕྱི་རབས་རྣལ་འབྱོར་རྣམས་ཀྱི་བསམ་གཏན་གྱི་མིག་གམ་སྒྲོན་མེར་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་སྟེ་རྣལ་འབྱོར་བཞི་ཡི་མཚན་ཉིད་སྔ་འགྱུར་རྙིང་མའི་གཞུང་རྣམས་ལ་ཡང་དོན་གསལ་པོར་འབྱུང་བར་མ་ཟད་མིང་གི་བརྡ་ཆད་མཐུན་པ་ཡང་ཅི་རིགས་སྣང་ཞིང་། ཁྱད་པར་དུ་རྫོགས་ཆེན་སེམས་ཕྱོགས་ཀྱི་རྣལ་འབྱོར་ཉམས་རིམ་པ་བཞི་དང་གནད་གཅིག་ཏུ་འབབ་པ་ཉིད་དོ། །

འདིར་སྨྲས་པ། ཕ་རོལ་ཕྱིན་པ་དབུ་མ་ཆེན་པོ་ལྟ་བའི་ནམ་མཁའ་ལ། །སྔགས་ལམ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཉི་མ་ཤར། །དབང་པོ་མཆོག་དམན་ཀུན་ཕན་མི་ཤེས་མུན་གསལ་མགོན། །གང་གི་འོད་ཀྱིས་ལམ་བཟང་མཐའ་དག་མ་ནོར་སྟོན་པར་བྱེད། །ས་ལམ་ངེས་འབྱེད་ལག་ཏུ་བླང་བདེ་བྱིན་རླབས་དོན་བརྒྱུད་ཀྱི། །ཆུ་བོ་མཐའ་དག་གཅིག་ཏུ་འདུས་གྱུར་ཤིན་ཏུ་གྲགས་ལྡན་པ། །ནོར་འཛིན་ལྷོ་རུ་ཉི་ཟླ་ལྟར་ཁྱབ་ངེས་དོན་སྒྲོན་མེ་ཆེ། །གྲུབ་ཐོབ་མང་པོ་འབྱོན་པའི་གཏེར་ཁུངས་ལྟ་བུ་ལམ་འདི་རྨད། །ཞེས་ཆེད་དུ་བརྗོད་པའོ། །

ད་ནི་ཕྱག་རྒྱ་ཆེན་པོའི་ཆོས་ཚུལ་དེ་ལྟ་རང་གི་སྐལ་བས་ཇི་ལྟར་ཐོབ་པ་བརྒྱུད་པའི་རྟོགས་པ་བརྗོད་པར་བྱ་བ་ལ་གཉིས་ཏེ། བྱིན་རླབས་ཀྱི་ཡང་སྙིང་ཉམས་མྱོང་རྟོགས་པ་གང་ལས་སྐྱེས་པ་རྩ་བའི་དོན་གྱི་ལུང་མཆོག་གྱུར་བརྒྱུད་པའི་རིམ་པ་དང་། མོས་གུས་མིག་ཡངས་པོས་བརྒྱུད་པའི་བཀའ་སྲོལ་གཞན་གྱི་ཞལ་ལུང་བྱིན་རླབས་ཀྱི་རྒྱུན་ཇི་ལྟར་བབས་པའི་ཚུལ་ལས། དང་པོ་ལ་ཡང་། རིག་པའི་མེ་ཏོག་ཐོག་མར་བབས་པའི་ཡུལ་ནི། དྲན་མཆོག་དྭངས་མ་འཁོར་ལོའི་མགོན་པོ་མཆོག་གྱུར་ཧེ་རུ་ཀ་དཔལ་རིག་འཛིན་གྲུབ་པའི་འཁོར་ལོས་བསྒྱུར་བ་པདྨ་བདེ་ཆེན་གླིང་པའི་ཞབས་ཀྱི་པདྨོ་ཚངས་པའི་གནས་སུ་བཀོད་པའི་ཐུགས་རྗེ་ཆེན་པོའི་མཐུ་ལས་གྲུབ་པ་སྟེ། དེ་ཡང་སྔོན་རྒྱལ་བའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའི་ངེས་དོན་བསྟན་པ་སྤེལ་བར་ཞལ་གྱིས་བཞེས་ཚེ་བཅོམ་ལྡན་འདས་རང་ཉིད་ཀྱང་དེ་ཡི་གྲོགས་སུ་འབྱོན་པར་ཞལ་བཞེས་ལྟར་དྭགས་པོ་ལྷ་རྗེའི་ཕྲིན་ལས་ཀྱི་གྲོགས་རྒྱལ་བའི་རྣམ་འཕྲུལ་འཇིག་རྟེན་གསུམ་གྱི་འདྲེན་པ་ཕག་མོ་གྲུ་པ་ཞེས་འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ་པོ་གང་གི་བཀའ་བརྒྱུད་ལས་བྱུང་བ་ཡིན་ལ། དེ་ཡི་བརྒྱུད་འཛིན་ཆེས་མང་བས་སྤྱིར་ཚོགས་པ་བརྒྱད་བརྒྱ་ལ་གདུགས་ཐོགས་པ་ལྔ་བརྒྱ་ཞེས་པ་ལྟ་བུ་ཡིན་ཞིང་། མཆོག་ཏུ་གྱུར་པའི་སློབ་མ་ཉི་ཤུ་རྩ་བཞི་སྟེ། དེ་ལས་འདིར་ནི་རྗེ་འགྲོ་བའི་མགོན་པོའི་ཉེ་བའི་སྲས་བཞིའི་ཡ་གྱལ་སྨར་པ་ཤེས་རབ་ཡེ་ཤེས་ལས་སྣང་བའི་སྨར་ཚངས་ཞེས་ཡོངས་སུ་གྲགས་པའི་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་པའི་བཀའ་བརྒྱུད་དེ་ཉིད་རྩ་བར་གྱུར་ཅིང་། དེ་ལ་ཕག་གྲུའི་མཐར་ཐུག་བུ་བཞིའི་མཆོག་གྱུར་གླིང་རས་པདྨ་རྡོ་རྗེའི་བཀའ་བརྒྱུད་ལས་བྱོན་སྟོད་འབྲུག་ཏུ་གྲགས་པ་ཡང་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་བཞུགས་པ་ཡིན་ལ། དེ་ལྟར་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས། བྱིན་རླབས་ཀྱི་རྒྱུན་བར་མ་ཆད་པ་བཀའ་བརྒྱུད་བླ་མ་བསླད་མེད་གསེར་གྱི་འཕྲེང་བ་ལྟ་བུར་བྱོན་པའི་མཚན་ཙམ་ཡང་བརྗོད་པར་དཀའ་རུང་ཅུང་ཟད་སྨོས་ན། དེ་ཡང་ཕྱག་ཆེན་འཕགས་ཡུལ་གྱི་བརྒྱུད་པའི་རྣམ་གྲངས་དེང་སང་ཏེ་ལོ་ནཱ་རོ་ནས་འདྲེན་པ་ཤས་ཆེ་ཞིང་། དེ་ནི་རྗེ་མར་པས་ནཱ་རོ་པ་ལ་ཀྱཻ་རྡོར་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དབང་དོན་ཡེ་ཤེས་ངོ་འཕྲོད་པས་ཞུ་བདེ་དང་འབྲེལ་བའི་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད་རང་རྐང་ཚུགས་པ་གུད་དུ་བཏབ་པ་འདི་ལྟ་ལ་ནི་རྗེ་རི་ཁྲོད་ཡབ་སྲས་ལ་བརྒྱུད་པ་འདོད་པ་ངེས་པར་འཐད་སྟེ། སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་པ་ཡིན་ལ། ཅིས་ཕྱིར་མར་པ་རང་གི་མགུར་ལས། རྗེ་མངའ་བདག་མཻ་ཏྲིའི་ཞབས་ལ་ཐུག །རྒྱུད་ཟབ་མོའི་བསྟོད་པ་གླུར་བླངས་ཐོབ། །ཆོས་ཕྱག་རྒྱ་ཆེ་ལ་རྟོགས་པ་བསྐྱངས། །སེམས་དངོས་པོའི་གནས་ལུགས་གཏན་ལ་ཕབ། །གཞི་ཆོས་ཉིད་དོན་གྱི་ངོ་བོ་མཐོང་། །ཞེས་དང་། རྗེ་མངའ་བདག་ཆེན་པོའི་བཀའ་དྲིན་གྱིས། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྤར་འཛིན་བྱས། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །ཞེས་གསུངས་པ་ལྟར་རོ། །

དེང་སང་རྣལ་འབྱོར་རྣམས་ཀྱིས་ནི་བླ་མར་སངས་རྒྱས་དངོས་སུ་མཐོང་བ་དང་ཆོས་ཐམས་ཅད་ཡིད་བྱེད་བྲལ་བའི་ཁས་བླངས་མཛད་དགོས་བྱུང་བའི་སྟབས་ཀྱིས་བརྒྱུད་ཁུངས་ལ་དཔྱད་པ་ཞིབ་མོ་མི་བྱེད་པ་ནི་དེ་ཀས་ཡིན་ཏེ་འོང་། གཞན་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་འོངས་པའི་བཀའ་གདམས་ཀྱི་ལམ་རིམ་འདི་ལ་བཀའ་བབ་གསུམ་འདུས་པར་དེང་སང་ཡོངས་སུ་གྲགས་བཞིན་པ་ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ། བྱིན་རླབས་རྟོགས་པའི་ཆུ་བོ་གསུམ་དྲིལ་བ་རྗེ་སྒམ་པོ་པ་ལ་འདུས་པར་འདོད་བཞིན་དང་། དེར་མ་ཟད་ལྷན་ཅིག་སྐྱེས་སྦྱོར་གྱི་གོ་ཆ་གཉིས་པ་ནི། སློབ་དཔོན་ཆེན་པོ་ཤཱནྟི་པའི་མན་ངག་གཙོ་བོར་གྱུར་པས་ན་བརྒྱུད་པའི་ཆུ་བོ་དེ་ཡང་འདུ་བ་ཡིན་ཏེ། གོང་མ་ཆུ་བོ་གསུམ་གྱི་བླ་བརྒྱུད་ཚུལ་ནི་ལམ་རིམ་གྱི་གཞུང་ཀུན་ཏུ་གྲགས་ཆེ་བས་འདིར་མ་སྨོས་ལ། ཤཱནྟི་པའི་མན་ངག་ལྷན་ཅིག་སྐྱེས་སྦྱོར་ནི་རྡོ་རྗེ་འཆང་ནས་རིམ་པར་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན། དེ་ནས་ཉི་ཟླ་འོད། ཉི་མའི་དངོས་གྲུབ། དགྱེས་པའི་རྡོ་རྗེ། ཉི་མ་སེང་གེ། ལྷ་ཡི་དབང་ཕྱུག དེ་ལ་སློབ་མ་ཕོ་གཉིས། སྨྲྀ་ཏི་པ་དང་ཤཱནྟི་པ། མོ་གཉིས་དགེ་བ་མ་དང་གྲགས་འཛིན་མ་དེ་ལས་སྨྲྀ་ཏི་བོད་དུ་བྱོན་ནས་སློབ་མ་རྟ་ནག་ཚུལ་ཁྲིམས་སྙིང་པོ། དེས་སྦ་སྒོམ་བསོད་ནམས་ཡེ་ཤེས། དེས་ཁ་རག་སྒོམ་ཆུང་ལ་བཤད་ཞེས་གྲགས་ཤིང་། སློབ་དཔོན་ཆེན་པོ་ཤཱནྟི་པའི་སློབ་མ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ དེས་ལྷན་གཅིག་སྐྱེས་སྦྱོར་གྱི་གདམས་པ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། དེས་བྱ་སོར་བ། དེས་རྒྱ་ལྕགས་རི་གོང་ཀ་བ། དེ་ལ་རྗེ་མཉམ་མེད་དྭགས་པོ་ལྷ་རྗེས་གསན་པ་ཡིན་ཞེས་སྔོན་གྱི་ཡི་གེ་ཆེས་རྙིང་པ་ནས་འབྱུང་བ་མཐོང་བས་ཡིད་ཆེས་པའི་གནས་སུ་དྲངས་པའོ། །

ཕྱག་རྒྱ་ཆེན་པོ་ཇི་བཞིན་མངོན་སུམ་རྟོགས་པའི་རིམ་པ་རྗེ་བཙུན་ཆེན་པོ་མར་པ་ལས་འོང་བའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ། བྲམ་ཟེ་ཆེན་པོ་ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། གླུ་མཁན་ཤ་ཝ་རི་པ་ཞེས་པ་སྤྱི་དང་། ཡང་ས་ར་ཧ་ཆེ་ཆུང་ཞེས་པ་ས་ར་ཧ་ནས་ཤ་ཝ་རི་པ་དང་། ཡང་རྡོ་རྗེ་འཆང་ནས་ཤ་ཝ་རི་པ་བགྲང་བ་ཡང་སྟེ། དེ་དག་གྲུབ་ཐོབ་རྣམས་ཀྱི་ལུགས་ཡིན་པས་རུང་མོད། དེ་ནས་མངའ་བདག་མཻ་ཏྲི་གུཔྟ། དེས་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། དེས་མི་ལ་བཞད་པ་རྡོ་རྗེ། དེས་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ་ལའོ། །དེ་ནས་སློབ་མ་རྣམས་ལ་རྒྱ་ཆེར་མཆེད་པ་ལས་འདིར་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ། དེས་སྨར་པ་ཤེས་རབ་ཡེ་ཤེས། ཤ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན། རྨོག་སྤྱན་སྔ་བ་བྱང་ཆུབ་གྲགས་པ། ཤ་དབུ་རྩེ་བསོད་ནམས་ཡེ་ཤེས་འདིས་ཉག་རས་སེ་བོ་ནས་བརྒྱུད་པའི་ཕྱག་ཆེན་ཡང་གསན་པས་དེ་ཡང་ཆུ་བོ་གཅིག་འདུས་སུ་བགྲངས། དེ་ལ་སྣལ་རིན་ཆེན་གླིང་པའམ་རིན་ཆེན་རྒྱལ་མཚན། དཔང་མཁན་ཆེན་འོད་ཟེར་བླ་མ། ཤིང་མགོ་དཀོན་མཆོག་རྒྱལ་མཚན། རྔུ་བན་ཆོས་ཀྱི་རྡོ་རྗེ། འདི་གྲུབ་ཐོབ་ཀུ་ཀུ་རི་བའི་སྤྲུལ་པར་གྲགས། དེ་ཡི་སློབ་ཚོགས་རྒྱ་ཆེར་འཕེལ་བ་ལས། མཁས་གྲུབ་ཛྙཱ་ན་ཀེ་ཏུ། བྱང་སེམས་རྒྱལ་བ་སེང་གེ །

འདིའི་གཏེར་སྟོན་རཏྣའི་ཞབས་ལ་ཐུག གོང་མ་དང་གཉིས་ཀ་རཏྣའི་ཆོས་བདག་རྩ་བའི་བུ་བརྒྱད་ཀྱི་ཡ་གྱལ་ཡིན། གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན། འདི་ཟབ་ཕུ་ལུང་དུ་རྒྱུན་རིང་བཞུགས། གུ་རུ་པདྨའི་ཞལ་དངོས་སུ་མཇལ། དབུས་གཙང་གི་མཁས་གྲུབ་མང་པོར་ཐུག སྟོད་འབྲུག་བཀའ་བརྒྱུད་ཀྱི་ཆུ་བོ་ཡང་འདིར་འདྲེས་པ་ཡིན། མཚན་ལྡན་དཀོན་མཆོག་རྡོ་རྗེ། ཡོངས་འཛིན་ཤཱཀྱ་རྒྱལ་མཚན། རྟོགས་ལྡན་བྷོ་དྷི་སིང་ཧ། རྗེ་བཙུན་བཀྲ་ཤིས་རྒྱ་མཚོ། འདི་གཏེར་སྟོན་ཞིག་པོའི་ཆོས་བདག་ཡིན། ཁོང་གི་ནང་དོན་ཡིག་ཆ་ཡང་མང་ཙམ་མཛད། འཁྲུལ་ཞིག་བསྟན་པ་སེང་གེ །འདི་ལ་སྟག་བུ་པ་ཀུན་མཁྱེན་པདྨ་བློ་གྲོས་ཀྱིས་ཀྱང་ཆོས་འབྲེལ་གསན། བ་ཁྱིམ་ཆོས་ཉིད་རྒྱ་མཚོ། འདི་ནི་བསྟན་པ་སེང་གེ་དང་དབང་དྲག་རྒྱ་མཚོ་གཉིས་ཀར་ཐུག འོན་ཀྱང་རྩ་བའི་བླ་མ་བསྟན་པ་སེང་གེར་མཛད། དམ་པ་ཤེས་རབ་རྒྱ་མཚོ། འདི་ལ་སློབ་མ་མང་ཡང་མཆོག་ཏུ་གྱུར་པ་གཏེར་སྟོན་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་ཡིན་ལ། གཞན་ཡང་རྣལ་འབྱོར་དབང་ཕྱུག་གསེར་པ་ཡེ་ཤེས་སེང་གེའམ། ཡེ་ཤེས་རྒྱལ་མཚན་དུ་གྲགས་པ་དང་། རྡོ་ཧྲེབ་རྟོགས་ལྡན་ཡེ་ཤེས་སྙིང་པོས་ཀྱང་དོན་བརྒྱུད་ཀྱི་ཆུ་བོ་དམ་པ་འདི་ཁོ་ནའི་དྲིན་ལས་རྙེད་པ་ཡིན་འདུག་ཅིང་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་དང་། རྣལ་འབྱོར་པ་ཡེ་ཤེས་སེང་གེ་གཉིས་ཀར། དཔལ་པདྨ་བདེ་ཆེན་གླིང་པས་ཐུག་སྟེ། བྱིན་རླབས་རྟོགས་པའི་བཀའ་ཡང་དག་པར་བརྙེས་པའོ། །འོན་ཀྱང་བརྒྱུད་པའི་གཙོ་བོ་རྩ་བའི་བླ་མ་མཆོག་ནི་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོར་མཛད་པར་འཁུམས། ཡང་སྨར་ཚང་བཀའ་བརྒྱུད་འཁྲུལ་ཞིག་རང་གྲོལ་དབང་དྲག་རྒྱ་མཚོ་ནས་བརྒྱུད་པ་ནི། བུ་འབོར་བ་མཁས་གྲུབ་ཛྙཱ་ན་ཀེ་ཏུ་ནས། མཚུངས་མེད་ཡོན་ཏན་དཔལ་བ། མཚན་ལྡན་ཤེས་རབ་དབང་ཕྱུག རིན་པོ་ཆེ་སངས་རྒྱས་རིན་ཆེན། རྟོགས་ལྡན་འཁོར་བ་དོང་དཀྲུག་༼དོང་སྤྲུགས༽ཞེས་མཚན་དངོས་སངས་རྒྱས་རྡོ་རྗེ། དཔལ་འབར་དྲུང་བ་ནམ་མཁའ་རྒྱལ་མཚན། འཁྲུལ་ཞིག་རང་གྲོལ་ཞེས་དབང་དྲག་རྒྱ་མཚོ། སྒར་རྗེ་བླ་མ་ཀུན་སྤངས་ཆོས་སྐྱོང་རྒྱ་མཚོ། ཀཿཐོག་རིག་འཛིན་ཀློང་གསལ་སྙིང་པོ། དེས་རིག་འཛིན་ཆེན་པོ་པདྨ་བདེ་ཆེན་གླིང་པ་དེའི་ཐུགས་རྗེ་བརྩེ་བ་ཆེན་པོས་རྣལ་འབྱོར་གཟུགས་འཛིན་སྙོམས་ལས་པ་བདག་ཚེ་དབང་ནོར་བུ་རྗེས་སུ་བཟུང་བའོ། །

དེ་ལྟར་སྨར་ཚང་བཀའ་བརྒྱུད་ལ་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་དཔལ་སྟོད་འབྲུག་བཀའ་བརྒྱུད་ནི། ཕག་གྲུ་རྡོ་རྗེ་རྒྱལ་པོ་ནས། རྟོགས་པའི་མཐར་ཐུག་གླིང་རས་པ་པདྨ་རྡོ་རྗེ། དེ་ལ་ཆོས་རྗེ་གཙང་པ་ཡེ་ཤེས་རྡོ་རྗེ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ། དེས་རང་ལས་ལྷག་པའི་བུ་ཡང་དགོན་ཆོས་རྗེ་ཐུགས་ཀྱི་རྡོ་རྗེ། རིམ་བཞིན་སྤྱན་སྔ་རིན་ཆེན་དཔལ་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང་། སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་། མཁས་གྲུབ་ནམ་མཁའ་སེང་གེ །དམ་པ་ཀུན་དགའ་ཆོས་རྒྱལ་༼དམ་པ་ཀུན་དགའ་དཔལ་ལྡན་གསུང་བ་འདུག ༽མོན་རྫོང་རས་པ་ཟླ་བ་རྒྱལ་མཚན། དེས་གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན་པ་སྟེ། དེ་མན་སྨར་ཚང་བརྒྱུད་པ་སྔ་མ་དང་འདྲའོ། །ཡང་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ནས་དཀའ་སྤྱད་རང་མཉམ་གྱི་སྲས་ཕུག་རི་བ་དབང་ཕྱུག་རྒྱལ་མཚན། སྤྲུལ་སྐུ་བདེ་ཆེན་ལྷུན་གྲུབ། མ་ཅིག་ཆོས་ཀྱི་སྒྲོན་མ། དཀའ་བཞི་ནམ་མཁའ་འོད་ཟེར། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་ཀུན་དགའ་ཉི་མ། གྲུབ་ཐོབ་དཀོན་མཆོག་རྒྱལ་མཚན། དེ་ནས་སྔར་བཞིན་བགྲང་སྟེ། བླ་མ་གོང་མ་རྣམས་ཀྱི་སྟོད་འབྲུག་གི་བརྒྱུད་པ་འདི་ལ་གཙོ་ཆེ་ཙམ་མཛད་འདུག འཁྲུལ་ཞིག་རང་གྲོལ་དབང་དྲག་རྒྱ་མཚོས་སྟོད་འབྲུག་གི་རྒྱུད་པར་གཙིགས་སུ་མཛད་ཀྱང་། བརྒྱུད་པའི་གྱེས་མཚམས་བརྒྱུད་རིམ་ནི། ཞལ་སློབ་ཚོས་སྨར་ཚང་བརྒྱུད་པ་གཅིག་པུས་ཆོག་ཤེས་ཀྱི་བརྟུལ་ཞུགས་ཀྱིས། སྟོད་འབྲུག་བླ་བརྒྱུད་བུམ་ནང་མར་མེ་ལྟར་གྱུར་ལ་དེང་སང་ཀཿཐོག་ནུབ་ཕྱོགས་པའི་བརྒྱུད་འདེབས་སྟོད་འབྲུག་སྨར་ཚང་བསྲེ་སླད་བྱས་པ་དེ་ནི་ཁྱབ་ཆེ་བར་འདུག་རུང་། མབརྟག་པར་ཉམས་དགའ་བ་ཙམ་ལས་སྙིང་པོས་དབེན་པ་ཉིད་དོ། །

དེ་ལྟར་རྩ་བའི་བཀའ་བརྒྱུད་སྨར་ཚང་ལུགས་སུ་གྲགས་པ་འདི་ལ། ཁོ་བོ་གཅིག་པུ་མ་གཏོགས་རྩ་བརྒྱུད་བླ་མ་དེ་དག་ཐམས་ཅད་མ་མཐའ་ཡང་སྐྱེ་མེད་སྤྲོས་བྲལ་གྱི་རྟོགས་པ་ཐུགས་ལ་མ་འཁྲུངས་པ་མེད་ཅིང་། ཤས་ཆེར་རོ་གཅིག་ནས་བསྒོམ་མེད་ཀྱི་བར་འཁྲུངས་པ་འབའ་ཞིག་ཡིན་ལ། དེ་བཞིན་བརྒྱུད་པ་འདི་ལ་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་དཔལ་སྟོད་འབྲུག་གི་བརྒྱུད་པའི་རྣམ་གྲངས་དག་ཀྱང་རྩོད་མེད་ཡོངས་གྲགས་ཀྱི་གྲུབ་ཐོབ་འབའ་ཞིག་ཏུ་བྱོན་པ་དེར་གདའ། དེ་ལྟར་བརྒྱུད་པའི་བླ་མ་རྣམས་ཉམས་མྱོང་རྟོགས་པའི་དྲོད་ཚད་རྒྱུད་ལ་རྫོགས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བར་མ་ཆད་པར་བྱོན་པའི་ཐུགས་རྗེ་ལ་བརྟེན། དེང་སང་སྐབས་སུ་ཡང་ཕྱག་རྒྱ་ཆེན་པོ་འདི་ལ་ཡོན་ཏན་བརྒྱད་ཀྱི་ཁྱད་པར་དང་ལྡན་ཏེ། ཡི་གེ་ནག་འདེད་ཀྱི་ཁྲིད་ལུང་དཔེ་བཤད་འོལ་སྤྱི་ཙམ་མ་ཡིན་པར་ཞལ་གདམས་ཡིད་བཞིན་གྱི་ནོར་བུ་རྡོ་རྗེའི་ཚིག་རེའི་དོན་རྒྱ་ཆེན་པོ་ཁྲོལ་ནུས་ཤིང་མྱོང་ཁྲིད་བཟང་པོས་གཏན་ལ་ཕབས་པ་དང་། ༡ རང་གི་བློ་ནུས་ཅུང་ཟད་ཀྱིས་དཔག་པའི་གོ་བ་རབ་རིབ་ཙམ་མ་ཡིན་པར་བླ་མའི་ཞལ་གདམས་གནད་ཏིག་ཅན་རྒྱུ་མཚན་མ་ཆད་པ་དང་། ༢ སྔོན་གྱི་ཚིག་སྒྲོས་བཟང་པོ་ཙམ་ལ་བརྟེན་ནས་མ་མཐོང་ཕྱོགས་ཀྱི་མཛུབ་ཚུགས་འལ་འོལ་མ་ཡིན་པར་ཉམས་རྟོགས་མངོན་སུམ་གྱི་སྲོལ་མ་ཉམས་པ་དང་། ༣ ཟླ་ཆོས་སུ་མིང་བཏགས་པའི་གོ་མྱོང་གང་ཡང་མ་སྐྱེས་རུང་ཁྲིད་རྫོགས་སོ་གྲུབ་བོ་ཐོབ་བོ་ཞེས་མིང་རྐྱང་གི་སྒྲོ་བཏགས་ཅན་མ་ཡིན་པར་ལོ་ཟླ་དུ་མའི་བར་དུ་དགེ་སྦྱོར་སྤྲོས་བཅས་ཀྱི་གཡེང་བ་མེད་པར་བླ་མའི་སྤྱན་སྔར་བསྒོམ་ནས་ཉམས་རྟོགས་ལ་རྡོ་རུས་གཏུགས་པ་དང་། ༤ ཁྲིད་ཚུལ་མཐའ་གཅིག་པ་དེ་ཀ་རྐྱང་ངེ་མ་ཡིན་པར་སློབ་མའི་མྱོང་བ་དང་མཐུན་པའི་ཁྲིད་ཚུལ་གང་ལ་གང་འཚམས་དམིགས་པའི་སྤོ་ལེན་ཐོགས་པ་མེད་པ་དང་། ༥ ཉམས་གནས་པ་བདེ་གསལ་གྱི་ཆ་སྲང་སྲིང་སྐྱེས་པའི་རོས་མི་ཁེངས་པར་ཡིན་ལུགས་ལྷག་མཐོང་གི་ངོ་བོར་སྐྱེས་པར་བྱེད་པ་དང་། ༦ སེམས་ཉིད་སྟོང་པའི་བཞུགས་ཚུལ་མི་རྟོག་པའི་དགེ་སྦྱོར་སྐྱེ་ལུགས་གོ་ཉམས་བཟང་པོ་ཙམ་རེ་བྱུང་བ་ལ་ཡང་ཆེར་ཆེར་པོར་མི་མཛད་པར་ཡིད་ལ་མི་བྱེད་བློ་འདས་ཕྱག་རྒྱ་ཆེན་པོ་ཇི་བཞིན་གྱི་མཐིལ་ལ་གཏུགས་པ་དང་། ༧ མདོར་ན་གོལ་ས་ཤོར་ས་འདྲ་མིན་ནོར་འཁྲུལ་གྱི་གནས་སུ་ནམ་ཡང་མ་ལྟུང་བར་མཉམ་མེད་དྭགས་པོ་ལྷ་རྗེ་ཡབ་སྲས་ཀྱི་བཞེད་པ་ཇི་བཞིན་པའི་ཕྱག་ཆེན་ལྟ་བསྒོམ་གཙང་སིང་ངེ་མཛུབ་ཁྲིད་དུ་བསྟན་པའི་རྒྱུན་མ་ཉམས་པ་དང་། ༨ བརྒྱད་སྟེ་དེ་ལྟར་བརྒྱུད་པའི་བཀའ་སྲོལ་འདི་ལ་འདྲེས་ཁྱེར་གྱི་མ་བསླད་ཅིང་དམ་སེལ་སྐྱོན་གྱིས་མ་གོས་པ། སྔོན་རབས་ཀྱི་བཀའ་བརྒྱུད་ཀྱི་བླ་མའི་ཕྱག་བཞེས་ཇི་བཞིན་དྲི་མ་མེད་པའི་ཁྲིད་ཚུལ་ཡོན་ཏན་ཆེན་པོ་བརྒྱད་ལྡན་འདི་ལྟ་བུ་དང་འཕྲད་པ་ནི་ཨུ་དུམ་ཝ་རའི་མེ་ཏོག་རྙེད་པ་ལྟར་བསྐལ་པ་ཆེས་བཟང་ཞིང་དགའ་བདེས་བློ་རྒྱུད་ཡོངས་སུ་སིམ་པར་འོས་པའི་གནས་སོ། །

ཡང་རིག་འཛིན་ཆེན་པོ་དཔལ་པདྨ་བདེ་ཆེན་གླིང་པ་ལ་དོན་བརྒྱུད་ཀྱི་ཆུ་བོའི་བཀའ་བབས་གཅིག་ནི། དཔའ་བོ་ཆེན་པོ་སྟག་ཤམ་ནུས་ལྡན་བསམ་གཏན་རྡོ་རྗེ་ལས་བརྙེས་པ་ཡིན་ཏེ། དེ་ཡང་རིང་བརྒྱུད་ནི། རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་ཐུགས་སྲས་བརྟུལ་ཞུགས་རང་དང་མཉམ་པ་ཨོ་རྒྱན་པ་རིན་ཆེན་དཔལ་ནས་བརྒྱུད་པའི་ཕྱག་ཆེན་གསོ་རིག་པ་རྣལ་འབྱོར་ངག་དབང་ཆོས་འཕེལ་ལ་གསན་པ་ཡིན་ལ། དེ་ཡི་བླ་མ་བརྒྱུད་པའི་མཚན་ནི་སླད་མར་མདོ་ཁམས་སུ་སླེབས་ཚེ་ཁུངས་བཅད་ནས་འདིར་བཀོད་པར་བྱ་ལ། ཉེ་བརྒྱུད་ཁྱད་པར་བ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་དོན་དམ་རྟོགས་པའི་ཆུ་རྒྱུན་ནི། རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྒྱལ་པོའི་མདོར་ལུང་བསྟན་པ་ངེས་དོན་བསྟན་པའི་བདག་པོ་རྒྱལ་སྲས་ས་བཅུ་མཉམ་མེད་ཟླ་འོད་གཞོན་ནུ་ལ། རྡོ་རྗེ་འཆང་གི་བྱིན་རླབས་དོན་གྱི་འཕོ་བ་ཆེན་པོས་ཇི་བཞིན་ཡེ་ཤེས་མཆོག་གཟིགས་པའི་དོན་བརྒྱུད་བརྙེས་པ་ཐུགས་ཀྱི་སྲས་དུས་གསུམ་སངས་རྒྱས་ཀྱི་ངོ་བོར་ཞལ་གྱིས་བཞེས་པ་ཕག་གྲུ་རྡོ་རྗེ་རྒྱལ་པོར་བབ་ཅིང་། དེ་ལ་རྟོགས་པ་ས་ར་ཧ་དང་མཉམ་པར་ཡོངས་སུ་གྲགས་པ་གླིང་རས་པདྨ་རྡོ་རྗེ་དང་། དེས་དེ་ཡི་བྱིན་རླབས་འཕོས་རྒྱ་སྟོན་དྲི་མེད་བཤེས་གཉེན། དེའི་བྱིན་གྱིས་བརླབས་པ་ཡེ་ཤེས་སྒྱུ་མའི་སྐུ་བརྙེས་མཆོག་ལྡན་རྡོ་རྗེ་གྲགས་འབུམ། དེའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་ཐུགས་རྒྱུད་གཉིས་སུ་མེད་པ་དཔའ་བོ་སྟག་ཤམ་ནུས་ལྡན་བསམ་གཏན་རྡོ་རྗེ། དེའི་སློབ་མ་རྟོགས་པའི་བཀའ་བབས་པ་དྲན་མཆོག་པདྨ་བདེ་ཆེན་གླིང་པ། དེའི་ཐུགས་རྗེ་ཆེན་པོས་བདག་རྗེས་སུ་བཟུང་བའོ། །བརྒྱུད་པ་འདི་ནི་མཆོག་གི་དངོས་གྲུབ་ཐོབ་པ་འཕགས་ཆེན་གྱི་སྐྱེས་མཆོག་འབའ་ཞིག་ཡིན་པས་ནན་ལྟར་བྱིན་རླབས་ཆེ་བར་མ་ཟད་དཔའ་བོ་སྟག་ཤམ་པ་ལས་ཕྱག་ཆེན་གྱི་རྟོགས་པའི་བཀའ་བབ་བརྙེས་པའི་སྲས་ཀྱི་མཐུ་བོ་ནི་བདག་གི་རྩ་བའི་བླ་མ་ཡིན་པས་བརྒྱུད་པ་འདི་ལ་གཙིགས་སུ་བྱའོ། །

དེ་ལྟར་རྣམ་འདྲེན་རྡོ་རྗེ་འཆང་དཔལ་པདྨ་བདེ་ཆེན་གླིང་པ་ལ་བདག་གིས་ཕྱག་རྒྱ་ཆེན་པོ་སྦྱོར་དངོས་རྗེས་ཚང་རྒྱབ་ཆོས་རྣལ་འབྱོར་བཞི་ཡི་རྣམ་བཞག་ཞལ་ལུང་ཁྱད་པར་ཅན་ཚིག་ཉུང་ལ་དོན་རྒྱ་ཆེ་བ་དུ་མ་ལེགས་པར་མནོས་ཤིང་། དེའི་མཐུས་ཆོས་ཕྱག་རྒྱ་ཆེན་པོ་གོ་བའི་སྒོ་ནས་ངེས་པ་ཡང་དག་པ་རྙེད་ཅིང་། ཉམས་སུ་མྱོང་བ་ཡང་གནས་འགྱུ་དྲན་པ་རྡོ་རུས་ཐུག་ཅིང་བསམ་གཏན་ཞི་གནས་ཤེས་རབ་རིག་པ་ལྷག་མཐོང་གི་ཉམས་མྱོང་གི་སྣ་ཁ་ཅུང་ཟད་ཟིན་པའི་མཐུ་ལས། ཕྱིས་ཀྱི་དགེ་སྦྱོར་ཐམས་ཅད་སྐྱེ་བའི་རྨང་གཞི་ལྟ་བུར་གྱུར་པས། དེས་ན་ཚེ་འདིའི་བླ་མར་གྱུར་པ་རྣམས་ཀྱི་མཆོག་བཀའ་དྲིན་རྨད་བྱུང་རྩ་བའི་བླ་མའི་གནས་སུ་འཛིན་པའི་རྒྱུ་མཚན་དེ་ཡིས་ཡིན་ནོ། །དེ་བས་གཞན་རྨོངས་ཞེན་ཙམ་གྱིས་ནི་དགོས་པ་མ་མཆིས་ཏེ། ཅིས་ཕྱིར་དེ་དགོས་པ་ཆེ་ན་རྟ་མི་ཡིས་བདག་ཏུ་བཟུང་བའི་བྱོལ་སོང་ཕལ་ཆེར་ཡང་འཚངས་ཚར་འདུག རྨོངས་ཞེན་དེ་ཚོས་ཡང་ཤེས། སྤྱིར་ཡང་གཉེན་བཤེས་བསམ་རང་ལ་སྙིང་ཉེ་བྱམས་པ་ཙམ་གྱིས་བླ་མར་འཛིན་མི་འོས་ཏེ་དེས་ཡོང་ན་བཀའ་དྲིན་ཕ་མས་ཆེ། མགོ་བཟའ་དཔོན་གྱིས་བཏོན། སྙིང་ཐག་ནག་མོས་ཉེ། མཛའ་ཁྲམ་གྲོགས་དང་ཆེ་སྟེ། དེ་དག་ལ་རྩ་བའི་བླ་མར་བཟུང་ནས་གསོལ་བ་བཏབ་པའི་ལུགས་སྲོལ་སྔར་ཡེ་ནས་བྱུང་ལུགས་མེད། ད་ནི་དུས་ཀྱི་དབང་གིས་ཡིན་ཡིན་མོར་རློམ་པ་འགའ་རེས་ཀྱང་དེ་འདྲ་ལ་གསོལ་བ་གདབ་རིགས་སུ་གདའ། ཅིའི་ཕྱིར་ཞེ་ན་དབང་བཤད་མན་ངག་ཟབ་མོ་ཐོས་ཤིང་གོ་མྱོང་བཟང་པོ་བསྐྱེད་མཁན་དེ་གནད་ཆུང་དུ་བཟུང་ཞིང་། དེ་བས་ཕ་ཁུ་བཟའ་དཔོན་སོགས་མཛའ་གྲོགས་གཉེན་བཤེས་སུ་རྟོགས་པའི་བླ་མར་ཆོས་ཀྱི་གོ་མྱོང་རྟོགས་གསུམ་གྱི་དྲ་དྲི་ཡེ་ནས་མ་བྱུང་ཡང་ཆོས་རབ་རིབ་ཐན་ཐུན་དང་། མན་ངག་དུམ་དུམ་ཅུང་ཟད་རེ་ཐོས་པ་ལ་རྨོངས་ཞེན་ཁོ་ནས་བསྐྱོད་དེ་རྩིས་ཆེ་ཆེས་སོ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ཡིན་ཡིན་མོ་བྱེད་པ་ཡང་མང་དུ་མཐོང་བས་སོ། །ལར་ཚིགས་བཅད་གཅིག་ཉན་པ་ལ་ཡང་དད་པ་མོས་གུས་ཡང་དག་པར་བྱ་རིགས་ན། ཆོས་རབ་རིབ་ཐན་ཐུན་དང་མན་ངག་དམ་དུམ་ཐོས་པའི་ཡུལ་ལ་དག་སྣང་མོས་གུས་བཀུར་སྟི་རིམ་གྲོ་མི་དགོས་ཟེར་བ་ནི་མ་ཡིན་ཏེ། ཆོས་འབྲེལ་ཡོད་ཕྱིན་གུས་པས་བསྙེན་དགོས་པ་ཡང་གཞིར་བཅས།

གཞན་ཡང་ཁ་ཅིག་ལུང་སུལ་དབེན་པོ་རེར་སྡོད་ཡུན་རིང་དུ་བྱས་ཤིང་ཆོས་ཀྱི་གོ་མྱོང་བློ་གྲོས་ཡེ་ནས་མེད་པ་ལ་དབང་བསྐུར་ཆོས་བཤད་བློ་གྲོས་ཀྱི་སྣང་བ་བསྐྱེད་ཆོ་ག་ཕྱག་ལེན་ཡང་ཅི་རིགས་བློར་ཚུད་ཚེ། དེ་དག་སྔར་ནས་ཤེས་གྱུ་གྱུ་ཡོད་གྱུ་གྱུ་ལས་ཕན་བཏགས་དྲིན་དུ་མི་གཟོ་ཞིང་བྱས་པ་མཉམ་མཉམ་འདྲ་འདྲའི་ཁུལ་གྱིས་ད་དུང་མཆེད་གྲོགས་ཙམ་ཡིན་གྱུའི་ཨོ་ཟོབ་ཅན་ཁྲེལ་ངོ་ཚ་ཆུང་བ་དེ་འདྲ་ཡང་དུས་དབང་གི་མང་རབ་མཐོང་ཡོངས་རིགས་འདུག་སྟེ། སྔར་མཆེད་གྲོགས་ཡིན་རུང་དབང་ལུང་ཁྲིད་བཀའ་ཞུ་ཟིན་ནས་མཆེད་གྲོགས་འཛིན་ག་ནས་རུང་བླ་མ་ཡིན་པར་ངེས། སེམས་ངོ་སྤྲད་ན་བླ་མ་ལས་ཀྱང་རྩ་བའི་བླ་མ་གཉན་ཤོས་དེར་གདའ། རང་གི་དབང་ལུང་མ་ནོད་ཀྱང་། བླ་མས་རྒྱལ་ཚབ་ཏུ་དབང་བསྐུར་བའམ། ཆོས་ཀྱི་འགྲོ་དོན་སྐྱོང་ནུས་པ་དེ་ནི་མཉམ་འགྲོགས་ཀྱི་གནས་མ་ཡིན་རང་གཞན་གཉིས་ཀས་ཆོས་ཀྱི་འགྲོ་དོན་སྤྱོད་ནུས་ན་ཡང་དག་སྣང་སྦྱངས་པ་གཅེས། དེ་མི་ཤེས་མཁན་ཚོ་ཡིན་པ་ལྟ་ཧམ་པ་མིག་ཆེ་བྱེད་རྒྱུ་ལ་བསགས་པ་ནི་རྡོ་རྗེ་དམྱལ་བའི་ལས་བསགས་པ་ཚོ་ཕོ་ཚ་རེ། ཕ་ཕ། ལར་ཆོས་ཀྱི་བཀའ་དྲིན་ཆེ་ས་ལ་མི་རྩི་ཆུང་ལ་རྩི། སེམས་ངོ་སྤྲད་པར་རྩ་བའི་བླ་མར་མི་འཛིན།

མ་སྤྲད་པ་ལ་འཛིན་པ་རྣམས་འགའ་ཞིག་ནི་མ་གོ་བའི་སྐྱོན་ཡང་ཡིན། ཕལ་ཆེར་ཞིག་ནི་རང་བསོད་ནམས་དམན་པས་འདི་ཕྱི་ཕུང་པའི་ཕུང་འགོང་དེ་སྙིང་ལ་ཞུགས་ནས་འདི་སྣང་ཁེ་གྲགས་ཡད་ཡུད་ཀྱི་བྱེད་མང་བདུད་ལས་སུ་བསྒྲུབ་པ་ཡིན་མོད། ངོ་ཤེས་མཁན་ནི་ཉུང་། ཟེར་མཁན་ཡང་དཀོན་རིགས་སྣང་སྟེ། སྨྲ་དགོས་ངེས་རང་གཞན་སྐྱོན་ལ་མཛུབ་ཚུགས་དམ་པའི་ཆོས་དང་མཐུན་པ་དེ་མི་བྱེད་པར། ཕྱི་ཞི་དུལ་གྱི་ཁ་གསག་རྩེད་རྩེད་མཁས་འཇུག་སྐྱེན་པོ་ལ་ནང་བྱང་སེམས་བརླན་གྱིས་མ་གོས་པར་ཆགས་སྡང་ཕྲག་དོག་ཆོས་བརྒྱད་ཀྱི་ཡོ་ལང་འཚུབ་པ་ཚོ་ཚིག་རྩུབ་འདི་འདྲ་སྨྲ་དགོས་མ་བབ་ཅིང་དེ་དགེ་བའི་བཤེས་གཉེན་དུ་ཡང་འགྱུར་རེ་སྐན། གཞན་ཡང་ཁྲིད་ཐོབ་སྔ་བ་ཙམ་ཞེན་ཡང་བྱ་རྒྱུ་མེད་དོ། །རྒྱུ་འབྲས་ལ་འཕྲིག་མ་ཚུད། དམ་ཚིག་གི་ཁེ་ཉེན་མ་ཤེས་ཤིང་། གོ་བ་ཉམས་མྱོང་གང་ཡང་མ་བྱུང་ན་མིང་ཁྲིད་དུ་བཏགས་ཀྱང་དོན་ལ་བཀླགས་ལུང་ཙམ་དང་ཁྱད་པར་མ་བྱུང་བས་དེ་ལ་རྩ་བའི་བླ་མ་མི་ཟེར། དེ་མ་ཟད་སྔོན་བསྐལ་པ་བཟང་དུས་སུ་སྔར་གོ་མྱོང་ཙམ་སྐྱེས་ཀྱང་ཕྱིས་རྟོགས་པའི་ཡེ་ཤེས་དངོས་གང་ལས་སྐྱེས་པ་དེ་ལ་རྩ་བའི་བླ་མར་མཛད་པ་ཡིན་ཀྱང་། དེང་སང་དེ་སྐད་ཙམ་ལས་དངོས་མཐུན་ཨེ་ཡོད་རང་མ་ཤེས། ཡོད་འགྲོ་ཉེན་ཡང་ཆེ། ཡོད་ན་དེ་ཀས་འཐུས་པས་འདིར་བརྗོད་མ་དགོས། དེ་དག་ནི་འཕྲོས་དོན་ཙམ་སྟེ་རྒྱས་པར་འདིར་བརྗོད་མ་ལངས་གཞན་དུ་ཅི་རིགས་སྤྲོ་བར་འགྱུར་རོ། །དེ་ལྟར་ཤེས་པས་ཆོས་ཀྱི་གོ་བ་ཉམས་མྱོང་མ་བྱུང་ཡང་ཆོས་ཐོབ་སྔ་བ་ཙམ་དང་། ཕྱོགས་འཛིན་རྨོངས་ཞེན་གྱི་བྱ་བས་མ་གོས་པར་ཚུལ་བཞིན་ཆོས་ཀྱི་རྗེས་སུ་འབྲང་བས་རྩ་བའི་བླ་མ་ངོས་བཟུང་བའི་ཡིན་ལུགས་ཅུང་ཟད་བརྗོད་པ་ཡིན་ནོ། །

མཉམ་མེད་རྒྱས་སྲས་ཟླ་འོད་གཞོན་དུ་འཆི་མེད་མེས་པོའི་རལ་པ་ལས། །ལེགས་འོངས་འོད་གསར་ཕར་ཕྱིན་ཕྱག་ཆེན་དག་བྱེད་ལྷ་མོ་བྱེ་བའི་གཙོ། །ཐུབ་ཆེན་བཤེས་གཉེན་ཚུལ་གྱུར་ཕག་གྲུ་སྐལ་ལྡན་ཤིང་རྟའི་སྙིང་སྟོབས་ཀྱིས། །ལེགས་དྲངས་ཡོན་ཏན་བརྒྱད་ལྡན་རྒྱུན་བཟང་བདེ་གླིང་ཛ་ཧུའི་མཆོད་བྱས་ཤིང་། །སླར་ཡང་གདུལ་བྱ་མཐའ་དག་གྱུར་པ་སྟོབས་ལྡན་ལས་སྐྱེས་བརྒྱད་ཁྲིས་གདུང་། །སེམས་ཀྱི་དྲི་མ་འཁྲུད་པར་མཛད་ཕྱིར་ས་གསུམ་ཀུན་ཏུ་འགྲོ་བ་པོ། །རྨད་བྱུང་མན་ངག་ལེགས་པར་བཤད་པའི་ཅ་ཅོ་སྒྲོགས་བྱེད་འཆོར་སྒེག་ལྷ་མོའི་ཚིག །བདག་གིས་ཅུང་ཟད་ཐོས་པས་ཉོན་མོངས་སྐོམས་ཚད་གདུང་སེལ་དབུགས་དབྱུང་བྱས། །ཞེས་པའང་སྨྲས་སོ། །དེ་ལྟར་དཔལ་པདྨ་བདེ་ཆེན་གླིང་པའི་ཐུགས་རྗེ་ལས་ཕྱག་རྒྱ་ཆེན་པོ་ལ་གོ་བ་མ་ནོར་ཇི་ལྟ་བ་དང་ཉམས་མྱོང་གི་སྣ་ཁ་ནས་ཀྱང་ཟིན་མོད། འོན་ཀྱང་ཕྱག་རྒྱ་ཆེན་པོའི་རྟོགས་པ་དངོས་ནི་རང་ཉིད་ཀྱི་སྒྲིབ་པས་དེ་སྐབས་སུ་མ་ཤར་བས། རྟོགས་པ་ནི། མཉམ་མེད་དྭགས་པོའི་ཐུགས་སྲས་རྣམས་ཀྱི་ནང་ནས་མཆོག་ཏུ་སྔོན་གྱུར་པ་མ་བྱོན་པའི་སངས་རྒྱས་བསྐལ་བཟང་འདྲེན་པ་དྲུག་པ་སེང་གེ་སྒྲ་ཡི་ངོ་བོ་ཀྲེ་བོ་ཀརྨ་པ་དུས་གསུམ་མཁྱེན་པའི་དཔལ་ཞེས་ཆོས་ཀྱི་གྲགས་པའི་ཞབས་ནས་བརྒྱུད་པ་ཀརྨ་ཀམ་ཚང་དུ་གྲགས་པའི་བཀའ་བརྒྱུད་བྱེ་བྲག་ཏུ་ཀམ་ཚང་སྙན་བརྒྱུད་འཛིན་པ་དཔལ་ཟུར་མང་པ་ཞེས་སྙན་པའི་བ་དན་སྲིད་རྩེར་གཡོ་བ་གང་གི་བཀའ་སྲོལ་འཛིན་པའི་ཁྱུ་མཆོག་དཔལ་ཆེན་པོ་ཤ་ཝ་རི་པའི་སྒྱུ་འཕྲུལ་མ་བྱོན་པའི་སངས་རྒྱས་ཚོགས་ཆེན་གཙོ་བོའི་ངོ་བོ་རྡོ་རྗེ་འཆང་ཆེ་ཚངས་མཆོག་གི་སྤྲུལ་པའི་སྐུ་དྲུག་པ་འཇམ་མགོན་གྲུབ་པའི་དཔའ་བོ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཧེ་རུ་ཀ་དཔལ་ཁོང་གི་བཀའ་དྲིན་ཆེན་པོས་ཁྱབ་པར་གྱུར་པ་དེ་ཉིད་ཀྱི་ཞབས་པད་དུ་དཀའ་བ་སྤྱད་དེ་ལན་གཉིས་ཀྱི་བར་བསྙེན་པར་བྱས་ཤིང་། ཕྱག་རྒྱ་ཆེན་པོ་སྤུང་ཁྲིད་ཚར་གསུམ། སྨིན་ཁྲིད་ལན་གཉིས་མནོས་ཤིང་། ཁྱད་པར་སེམས་ཉིད་ངོ་བོ་ཆོས་ཀྱི་སྐུ་རུ་ངོ་སྤྲད་པས་རྩ་བའི་བླ་མ་ཡོངས་ཀྱི་གཙོ་བོར་བཞུགས་ཤིང་སངས་རྒྱས་ཐམས་ཅད་ཀྱི་ངོ་བར་གྱུར་མོད། སྤྱིར་ཡང་སེམས་ཉིད་ཆོས་སྐུར་ངོ་སྤྲད་པའི་བླ་མ་དེ་ལ་དབང་བཀའ་ཀླགས་ལུང་ཚིགས་སུ་བཅད་པའི་གཅིག་ཙམ་ཡང་མ་ཐོབ་རུང་རྩ་བའི་བླ་མ་ཡིན་ལ། སེམས་ཉིད་ཆོས་སྐུར་ངོ་མ་འཕྲོད་ན་གླེགས་བམ་བརྒྱ་སྟོང་ཙམ་གྱི་བཀླགས་ལུང་ཐོབ་པའམ་དབང་བསྐུར་གྱི་བུམ་ཆུའི་ཤོ་རྒྱུག ཅོད་པཎ་གྱི་ཐིབ་འོག་ཏུ་ནོན་པ་ནོད་པའི་ཡུལ་ཀྱང་། ཡན་ལག་གི་བླ་མ་ཡིན་ལ། དབང་བསྐུར་གཉན་པོ་འགའ་རེས་རྩ་བའི་བླ་མའི་ཁོངས་སུ་གཏོགས་དགོས་པ་ནི་ཡོད། ཁྲིད་ཀྱི་རྒྱུན་ཙམ་ཞུས་པ་ཡང་དེ་དང་འདྲ། དཔེར་ན་མི་ལས་རོང་སྟོན་དང་རྔོག་སྟོན་ལ་ཁྲིད་ཆ་ཚང་བ་རེ་གསན་ཅིང་། དེ་བཞིན་དྭངས་པོས་བཀའ་གདམས་ཀྱི་མན་ངག་སྔར་གསན་པ་དང་། ཕག་གྲུའི་ས་ཆེན་ལོ་བཅུ་གཉིས་བསྟེན་ཅིང་གདམས་ཁྲིད་མཐའ་ཡས་པ་གསན་པས་དེ་རྣམས་ལ་གོ་མྱོང་བཟང་པོ་སྐྱེས་ཀྱང་རྟོགས་པ་གཤའ་མ་དེ་ཕྱིས་སྐྱེས་པས། དེ་དག་གིས་མར་པ་དང་མི་ལ། དྭགས་པོ་རྣམས་རྩ་བའི་བླ་མར་མཛད་པའི་རིག་པས་ཤེས་སོ། །

གཞན་ཡང་དེ་ལྟ་བུའི་ལོ་རྒྱུས་ཆེས་མང་ཡང་སྐབས་འདིར་རྒྱ་མི་བསྐྱེད་དོ། །དེ་ལྟར་བདག་གི་ཚེ་འདིར་ཕྱག་རྒྱ་ཆེན་པོ་ཡི་རྟོགས་པའི་སྣ་ཁ་ནས་ཅུང་ཟད་ཟིན་པར་གྱུར་ཅིང་རྡོ་རྗེའི་གསུང་གི་དབུགས་དབྱུང་བར་མཛད་པ་པོ་གང་རྡོ་རྗེ་འཆང་དུ་ཤེས་པས་རང་ངོ་ལ་བླ་མ་བརྒྱུད་རིམ་ལ་མི་ལྟོས་མོད། འོན་ཀྱང་གཞན་རྣམས་ཡིད་ཆེས་པར་བྱེད་པ་ལ་ནི། རྫོགས་པའི་སངས་རྒྱས་ནས་བཀའ་དྲིན་ཅན་རྩ་བའི་བླ་མའི་བར་ཆོས་རྒྱུན་མ་ཆད་ཅིང་བྱིན་རླབས་མ་ཉམས་པ་ཞིག་དགོས་པ་ནི་གཞིར་བཅས། གཞན་དུ་ནི་བྱིན་རླབས་མེད་ན་བརྒྱུད་ཁུངས་ཡོད་ཀྱང་ངོ་མཚར་མེད་ལ། བྱིན་རླབས་ཡོད་ན་བརྒྱུད་ཁུངས་མེད་ཀྱང་རུང་བའི་གོ་སྐབས་ནི་ཡོད་མོད། འདིར་ནི་བརྒྱུད་པར་ལྡན་ཅིང་བྱིན་རླབས་མ་ཉམས་པ་ལས་ཀྱང་ཆེ་བའི་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བླ་མ་རྣམས་ཀྱི་མཚན་ནས་བགྲང་བར་བྱ་སྟེ། དེ་ཡང་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི་སྔར་བཤད་པ་ཉིད་ཡིན་ཀྱང་སྐབས་འདིར་རང་གི་རྒྱུད་ལ་སྐྱེ་ཚུལ་སྔགས་ཀྱི་ཕྱག་ཆེན་གྱི་རྒྱས་ཐེབས་པ་དང་། ཆོས་བདེ་མཆོག་སྙན་བརྒྱུད་དྭགས་པོ་ལུགས་ནོར་བུ་སྐོར་གསུམ་གྱི་གནས་ལུགས་ཡིད་བཞིན་ནོར་བུ་ཡིན་པར་བཞེད་པས་ན། དེས་ན་སྐབས་འདིར་དཔལ་ཏིལ་བརྡུང་ཞབས་ནས་བརྒྱུད་པའི་ལུགས་སུ་བྱ་སྟེ། དེ་ལ། བྷ་ག་ཝན་བཛྲ་དྷ་ར། བཛྲ་ཡོ་གི་ནི། གུ་རུ་ཏི་ལློ་པྲཛྙཱ་བྷ་ཊ། ནཱ་རོ་ཏ་ཛྙཱ་ན་སིདྡྷི། ལོ་ཙཱ་ན་དྷརྨཱ་ཏི། ཡོ་ག་ཧ་སྱ་བཛྲ། དེ་ཝ་སཱ་མི་པུཎྱ་རཏྣ་ཀརྨ་ཀ་ཤྲཱི་དྷརྨ་ཀིརྟི། པུཎྱ་གིརྟི། པུཎྱ་བཛྲ། ཀརྨ་ག་དྷརྨ་གུ་རུ། ཨོ་རྒྱན་རཏྣ་ཤྲཱི། ཀརྨ་ཀ་སྭ་ཡམ་བྷུ་བཛྲ། བཛྲ་ཤྲཱི། ཀརྨ་ཀ་ལི་ལ་བཛྲ། ཁེ་ཙ་རེནྟྲ་བཛྲ། ཀརྨ་ཀ་དྷརྨ་ཤྲཱི། འདི་ནས་འཁོར་ལོ་བདེ་མཆོག་གི་སྒྱུ་འཕྲུལ་དཔལ་ཏེལློ་པ་ཡི་སྤྲུལ་པར་ཞལ་གྱིས་བཞེས་ཤིང་། དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ཀྱི་ངོ་བོར་གྱུར་པ་ཡ་སེ་རྟོགས་ལྡན་བློ་གྲོས་རིན་ཆེན། དེས་ཚབ་ཤིར་རྣལ་འབྱོར་ཆོས་སྐུ་འོད་ཟེར་སེང་གེ །དེས་ཇོ་གདན་བློ་གྲོས་གྲགས་པ། དེས་བྱ་བཏང་བློ་གྲོས་རྒྱ་མཚོ། འདི་གཏེར་སྟོན་རཏྣའི་རྩ་བའི་ཆོས་བདག་ཡིན། དེས་རྟོགས་ལྡན་དོན་གྲུབ་བཀྲ་ཤིས། དེས་སྔགས་འཆང་སངས་རྒྱས་རིན་ཆེན་དེས་ཚེར་ལུང་དྲུང་པ་ཀུན་དགའ་རྣམ་རྒྱལ། འདིས་ལོ་དྲུག་རྡོ་རྗེ་དཀྱིལ་ཀྲུང་ཅིག་མ་བཤིག་པར་བཞུགས་ཤིང་རོ་གཅིག་ཆེན་པོའི་རྟོགས་པ་ཐུགས་རྒྱུད་ལ་འཁྲུངས། ཀརྨ་པའི་སྤྲུལ་པར་ཡང་གྲགས་ཤིང་ཐུགས་རྒྱུད་གཅིག་པར་ཡང་མངོན་ཏེ།

ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་ཡོངས་འཛིན་དུ་ཡང་བརྟེན། དེས་གར་དབང་ཀརྨ་བསྟན་སྐྱོང་། དེས་ཆེ་ཚངས་བསོད་རྣམས་འགྱུར་མེད། འདིས་བསྒོམ་མེད་ཆེན་མོ་རྟོགས་པར་ཞལ་གྱིས་བཞེས་ཤིང་ལྟ་སྟངས་ཀྱིས་ཆུ་བོ་གྱེན་དུ་བཟློག་པར་ཡང་གྲགས། དེས་སྤྲུལ་པའི་སྐུ་དཀོན་མཆོག་བསྟན་འཛིན་ཞབས། དེས་དྲན་མཆོག་འཁོར་ལོའི་མགོན་པོ་ཧེ་རུ་ཀ་དཔལ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་སྟེ། དེས་བརྩེ་བ་ཆེན་པོས་བདག་ཀརྨ་བསྟན་པ་མཐའ་རྒྱས་སམ། དཔལ་རྣལ་འབྱོར་རབ་ཏུ་དགྱེས་པའི་རྡོ་རྗེ་རྩལ་རྗེས་སུ་བཟུང་ནས་དོན་བརྒྱུད་བརྙེས་པའོ། །ཡང་ཀརྨ་པ་དུས་གསུམ་མཁྱེན་པའི་དཔལ་ཆོས་ཀྱི་གྲགས་པ་ནས། ཀཿཐོག་དམ་པ་བདེ་གཤེགས་སུ་གྲགས་པ་མཚན་དངོས་སྤོབས་པ་མཐའ་ཡས། གཙང་སྟོན་རྡོ་རྗེ་རྒྱལ་མཚན། སྤྱན་སྔ་བྱམས་པ་འབུམ། དེས་གྲུབ་ཐོབ་ཆེན་པོ་ཀརྨ་པཀྵི་ཞེས་ཆོས་ཀྱི་བླ་མ་ནས་སྔར་ལྟར་བརྒྱུད་ཞེས། རྗེ་མི་བསྐྱོད་ཞབས་ཀྱི་གསུང་ཞེས་དྲུང་ཀུན་དགའ་རྣམ་རྒྱལ་བའི་སྙན་བརྒྱུད་ཆོས་འབྱུང་ལས་སོ། །ཡང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དོན་བརྒྱུད་གཅིག་ནི། དྭགས་པོ་ནས། ཕག་གྲུ། གླིང་རས། རྒྱ་རས་ཞབས། རྒོད་ཚང་པ། ཨོ་རྒྱན་རིན་ཆེན་དཔལ་ནས་རྒྱལ་བའི་སྲས་མཆོག་ཀརྨ་རང་བྱུང་ཞབས་ཏེ། དེ་ནས་སྔར་དང་འདྲ། ཡང་ཅིག་ཡ་སེ་རྟོགས་ལྡན་ནས། རག་ཤི་བསོད་ནམས་དཔལ་གྲུབ། ཚེར་དཀར་ཆོས་ཀྱི་གྲགས་པ། དགོངས་དུས་པ་ཆོས་ཀྱི་རྒྱལ་མཚན། ཨ་ཝ་དྷུ་ཏི་པ་བློ་གྲོས་རྒྱ་མཚོ་དེ་ནས་སྔར་དང་འདྲ། ཡང་ཨ་ཝ་དྷུ་ཏི་ནས། རྟོགས་ལྡན་དོན་གྲུབ་བཀྲ་ཤིས་དང་། དེ་ནས་རྗེ་བཙུན་སྤྲུལ་པའི་སྐུ་ཀརྨ་ལེགས་བཤད་སྒྲ་དབྱངས། རྒྱལ་བའི་སྲས་པོ་མ་དྷིའི་མཚན་ལྡན། སྔགས་འཆང་སངས་རྒྱས་རིན་ཆེན། དྲུང་ཀུན་དགའ་རྣམ་རྒྱལ། སྤྲུལ་པའི་སྐུ་ཀརྨ་བསྟན་སྐྱོང་། ཆེ་ཚང་ལྔ་པ་བསོད་ནམས་འགྱུར་མེད། རིན་པོ་ཆེ་དཀོན་མཆོག་བསྟན་འཛིན། ཚེར་ལུང་དྲུང་པ་ཀརྨ་བསྟན་པ་རྣམ་རྒྱལ། དེ་གཉིས་ཀར་དྲན་མཆོག་རྩ་བའི་བླ་མས་ཐུག་མོད། འོན་ཀྱང་ཕྱག་ཆེན་རྟོགས་པའི་དོན་བརྒྱུད་ནི་སྔར་བསྟན་པ་ཁོ་ནའོ། །ཡང་རྗེ་བཙུན་རྡོ་རྗེ་འཆང་འདི་ཡི་ཞབས་པད་དུ། ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་རྒྱས་བསྡུས་གཉིས་སྤུང་ཁྲིད་དུ་ཆོས་འབྲེལ་གྱི་ཐོག་མར་ཐོབ་པའི་བརྒྱུད་པ་གཅིག་ནི་འདི་ལྟ་སྟེ། ཕག་གྲུ་རྡོ་རྗེ་རྒྱལ་པོ་ནས་སྐྱོབ་པ་རིན་ཆེན་དཔལ། སྤྱན་སྔ་གྲགས་འབྱུང་བ། འབྲི་གུང་དཔོན་རིན་པོ་ཆེ། གཅུང་རྡོ་རྗེ་གྲགས། རྒྱལ་སྲས་ཐོག་ཁ་བ་རིན་ཆེན་སེང་གེ། མཚམས་བཅད་པ་གྲགས་པ་སེང་གེ། ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས། རིན་པོ་ཆེ་རྡོ་རྗེ་རིན་ཆེན། རིན་པོ་ཆེ་རྡོ་རྗེ་རྒྱལ་པོ། རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ། ཐུགས་སྲས་རིན་ཆེན་དཔལ་རྒྱལ་མཚན། ཆོས་རྒྱལ་རིན་ཆེན་དཔལ་བཟང་། ཀུན་དགའ་རིན་ཆེན་དཔལ་བཟང་། རིག་འཛིན་རིན་ཆེན་ཕུན་ཚོགས། དེ་སྲས་ཆོས་རྒྱལ་ཕུན་ཚོགས། རིག་འཛིན་དཀོན་མཆོག་ཆོས་ཀྱི་གྲགས་པ་སྟེ། དེ་ཡན་ཆད་འབྲི་གུང་བཀའ་བརྒྱུད་དོ། །

དེ་ནས་ཟུར་མང་སྤྲུལ་པའི་སྐུ་དཀོན་མཆོག་བསྟན་འཛིན་དཔལ་བཟང་པོ། དེས་རྩ་བའི་བླ་མ་ཀརྨ་རིག་འཛིན་ཞབས་ལ་སྟེ། བརྒྱུད་པ་འདི་རྣམས་ཕྱག་ཆེན་རྟོགས་པ་བསྐྱེད་བྱེད་མྱོང་ཁྲིད་དངོས་ཀྱི་བརྒྱུད་པའི་གོ་རིམ་རང་ནི་མིན་པར་སེམས་ལ་ཆོས་གསན་བཞེས་ཡོད་ཅིང་གདན་རབས་ཀྱི་གོ་རིམ་དང་མཐུན་ཕྱིར་མཛད་པར་རིགས་སོ། །ཕྱག་ཆེན་ལྔ་ལྡན་འདི་ལ་བརྒྱུད་པའི་རྣམ་གྲངས་གཞན་ཡང་ཡོད་པར་ངེས་ཀྱང་དེ་སྐབས་ཞུ་བ་མ་བྱུང་། །སླར་ཁུང་ཆོད་ཚེ་བྲི་བར་འདོད་དོ། །གཞན་ཡང་དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་པ་བྱེ་བྲག་པ་དུ་མ་དང་། བྱིན་རླབས་མན་ངག་གི་རྒྱུན་བཀའ་སྲོལ་ཅི་རིགས་ཞིག །སྨར་ཚང་ཀཿཐོག་ལུགས་དང་། ཀམ་ཚང་ཟུར་མང་ལུགས་ལ་འདུ་བ་སྟེ། དེ་བརྒྱུད་པའི་བླ་མ་སོ་སོའི་རྣམ་ཐར་གྱིས་ཤེས་ཤིང་། དེ་དག་ཁོ་བོས་ཅུང་ཟད་ཅིག་གཞན་དུ་སྤྲོ་བར་འདོད་ཀྱི་འདིར་ནི་ཡི་གེ་མང་བས་མི་བྲིའོ། །དཔལ་ལྡན་བཀའ་བརྒྱུད་དབྱིག་འཛིན་ཁྱོན་གྱི་རྒྱན་གཅིག་ཀམ་ཚང་དཔལ་བསམ་ཤིང་། ཕྲིན་ལས་རྣམ་པར་རྒྱལ་ལས་སྙན་བརྒྱུད་འབྲས་བུ་གཡུར་གྱུར་ཟུར་མང་བ། གང་གི་བྱིན་རླབས་རོ་བཅུད་མཛོད་འཛིན་འཆི་མེད་དབང་པོ་ཆེ་ཚང་ཞབས། གང་ཁྱོད་བདག་སྙིང་དབུས་སུ་ཞེན་ནོ་ཡོངས་འདུས་དགའ་སྟོན་ཅིས་མི་སྟེར། བསམ་བཞིན་དྲན་ནོ་དྲན་མཆོག་འཁོར་ལོའི་དབང་ཕྱུག་ཀརྨ་རིག་པ་འཛིན། རྒྱལ་བ་ཀུན་གཙོ་ཀུན་གྱི་ངོ་བོ་ཚེ་རབས་ཡོངས་འཛིན་བླ་མའི་ཞབས་ཡོངས་འདུས། མེ་ཏོག་བདག་མགོར་བཀོད་མཐུའི་ངེས་དོན་བདུད་རྩི་ཆ་ཤས་གཅིག། ཐོབ་པ་ཡིས་ཀྱང་བདག་ཚེ་འབྲས་ལྡན་སྐལ་བཟང་འདི་ནི་ཁྱོད་ཀྱི་དྲིན། །ཞེས་པ་ཡང་སྨྲས་སོ། །

དེ་ལྟར་རྩ་བའི་བླ་མ་དག་ལ་ཕྱག་རྒྱ་ཆེན་པོའི་མན་ངག་ཅི་ཙམ་ཐོབ་པའི་ཚུལ་དང་། རྩ་བའི་བླ་མ་ངོས་འཛིན་ཚུལ་བཀའ་བརྒྱུད་གོང་མའི་བཞེད་པ་ཡང་ཅུང་ཟད་བཅས་སྨྲས་པ་སྟེ། དེ་ཡང་བདག་ལྟ་བུ་སོ་སོའི་སྐྱེ་བོ་བག་ཆགས་སྒྲིབ་པ་འཐུག་པོས་གཡོག་པ་ལ་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་དངོས་ཅི་ཕྱིར་སྐྱེ། འོན་ཀྱང་ཉམས་དང་རྟོགས་པའི་གཟུགས་བརྙན་ཙམ་ཞིག་སྐྱེས་པ་འདི་ནི་རྗེ་བཙུན་བླ་མ་དེ་གཉིས་ཀྱི་ཐུགས་རྗེ་ཁོ་ནར་བརྟེན་པ་སྟེ། དཔལ་པདྨ་བདེ་ཆེན་གླིང་པའི་བཀའ་དྲིན་གྱིས་གོ་མྱོང་གི་རྨང་གཞི་ཐིང་ཞིང་། ཀརྨ་རིག་འཛིན་ཞབས་ཀྱི་བྱིན་རླབས་མཐུས་རྟོགས་པའི་སྣེ་ཆ་ཤས་ཅུང་ཟད་ཞིག་ཟིན་པར་གྱུར་པ་འདི་ཉིད་སྟེ། སླར་རིང་པོར་མི་ཐོགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཅི་ལྟ་བ་མཆོག་གི་དངོས་གྲུབ་དེ་ཉིད་མྱུར་དུ་ཐོབ་པར་སྨོན་གྱི་གེགས་མེད་དུ་འགྲུབ་པ་དང་། གང་ལྟར་ཡང་། བདེ་རུང་། མི་བདེ་རུང་། སྐྱིད་རུང་། སྡུག་རུང་། ན་རུང་། འཆི་རུང་། བསྒོམ་རུང་། ཡེངས་རུང་། རྟོགས་རུང་། མ་རྟོགས་རུང་། གྲོལ་རུང་། འཁྲུལ་རུང་།

མདོར་ན་རང་སེམས་ཀྱི་ཆོ་འཕྲུལ་ཅི་ལྟར་སྣང་ཡང་། དོན་དམ་པར་གནས་ལུགས་རང་བབ་ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་འགག་པ་མེད་གནས་པ་མེད་འགྲོ་འོང་མེད་བརྗོད་དུ་མེད་བསམ་དུ་མེད། རྩོལ་བྱེད་ཡིད་བྱེད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་ཉིད་ངོ་ཤེས་ཤིང་ཞེ་གདེངས་སུ་ཅུང་ཟད་དུ་གྱུར་པ་འདི་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་ཀ་ར་གསུང་གི་རྡོ་རྗེ་འཆང་འོད་དཔག་མེད་པ་དང་དབྱེར་མ་མཆིས་ཤིང་དེ་ཡི་ངོ་བོར་གྱུར་པ་རྩ་བའི་བླ་མ་ཟུང་གི་ཐུགས་རྗེའོ། །བྱིན་རླབས་སོ། །བཀའ་དྲིན་ནོ། །དུས་འདི་ནས་བདག་ཡིད་ཇི་སྲིད་དུ་རེ་ས་གཞན་ནི་མེད་ཀྱི་ཅི་མཛད་ཁྱེད་རང་ཤེས་སོ། །བདག་བྱང་ཆུབ་ཆེན་པོ་མ་ཐོབ་བར་དུ་བརྗེད་པའི་གོ་སྐབས་མེད། བྲལ་བའི་གོ་སྐབས་མེད། བྱང་ཆུབ་ཐོབ་ཀྱང་རྟག་བརྟན་གཡུང་དྲུང་རིགས་ཀྱི་བདག་པོར་བཞུགས་པར་བཞུགས་སུ་གསོལ་ཞིང་བཞུགས་པར་ངེས་པའོ། །མགོན་པོ་ཁྱོད་ཀྱི་འཕྲིན་ལས་བསྒྲུབ་པའི་ཕྱིར་དགྱེས་ན་བདག་བསྐལ་པའི་བསྐལ་པ་རྒྱ་མཚོའི་བར་དུ་འཁོར་བའི་གནས་སུ་མཆིས་ལ། གང་ལྟར་ནའང་མགོན་པོ་ཁྱོད་དགྱེས་པའི་ལས་རྣམས་ལ་བདག་འཇུག་ཤིང་མི་དགྱེས་པ་སྐད་ཅིག་ཙམ་ཡང་སྲོག་འདོར་ན་ཡང་མི་བགྱིད་པར་བསྙེན་པར་བྱ་ལགས་སོ། །བདག་སྲོག་འདི་ནི་རྙེད་པར་མི་དཀའ་ཡི། །ཇི་བཞིན་ཡེ་ཤེས་བསྐྱེད་མཛད་ཆེས་དཀོན་པས། །དམ་ཚིག་གཉན་ནི་ཚེ་རབས་གཏན་གྱི་གྲོགས། །མི་འབྲལ་སྙིང་ལ་བཅངས་འོས་ཡིད་བཞིན་ནོར། །ཕུན་ཚོགས་འདོད་དགུ་ཡོངས་སྟེར་དཔག་བསམ་ཤིང་། །ཡང་དག་ཐར་ལམ་ལ་འདྲེན་ལྕགས་ཀྱུ་མཆོག །འདི་གོ་དམ་ཚིག་སྙིང་པོ་མོས་གུས་ཏེ། །ལྟེམ་རྐྱང་མེད་དོ་རྩ་བའི་བླ་མ་རྗེ། །ཞེས་པ་ཡང་མོས་གུས་ལ་ཆེད་དུ་བརྗོད་དོ། །ཞེས་བྱིན་རླབས་ཀྱི་ཡང་སྙིང་ཉམས་མྱོང་རྟོགས་པ་གང་ལས་སྐྱེས་པ་རྩ་བའི་དོན་བརྒྱུད་ཞལ་ལུང་མཆོག་གི་བརྒྱུད་རིམ་ཆ་ཤས་ཙམ་བརྗོད་པའི་སྐབས་ཏེ་དང་པོའོ། ། ཚེ་རབས་དུ་མར་བསགས་པའི་བསོད་ནམས་མཐུས། །དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་སློབ་དཔོན་གྱིས། །རྗེས་བཟུང་མ་ནོར་ལྟ་བསྒོམ་སྤྱོད་པའི་གནད། །ཚུལ་བཞིན་ནོར་བུ་རྙེད་འདི་ངོ་མཚར་རྨད། །

ད་ནི་སྤྱི་དོན་གཉིས་པ་བརྒྱུད་པའི་བཀའ་སྲོལ་གཞན་གྱི་ཞལ་ལུང་བྱིན་བརླབས་ཀྱི་བརྒྱུད་ཇི་ལྟར་བབས་པའི་ཚུལ་བརྗོད་པ་ལ། དེ་ཡང་དཔལ་དྭགས་པོ་བཀའ་བརྒྱུད་ཀྱི་སྲོལ་འཛིན་ནམ་མཁའི་སྐར་མ་ལྟར་བཀྲ་བ་ལས། ཁྱད་པར་བ། ཀམ་ཚང་། སྒམ་པོ། ཚལ་པ། ཕག་གྲུ། འབྲི་གུང་། སྟག་ལུང་། འབྲུག་པ། སྨར་གཡམ། འབའ་རོམ་པ་སོགས། བརྒྱུད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཅིང་། སོ་སོའི་ཁྱད་པར་གྱི་བཀའ་བབས་བྱིན་རླབས་རེ་དང་འབྲེལ་ནས་གནས་པ་ལ། རང་གི་མོས་གུས་ཀྱི་མིག་ཡངས་པས་སོ། །

ཀུན་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་ངེས་པ་དོན་གྱི་རྡོ་རྗེ་སེམས་དཔའ་གང་གི་སྒྱུ་འཕྲུལ་དུ་ཤེས་པར་བྱས་ནས་བཀའ་བརྒྱུད་བྱེ་བྲག་གི་བྱིན་རླབས་དོན་ཁྲིད་ཀྱི་ཆུ་བོ་ཅི་སྙེད་ཅིག་ཐོས་པའི་ཚུལ་འདིར་བརྗོད་པ་ལ། དེ་དག་སྡེ་ཚན་སོ་སོར་བསྒྲིག་ན་མཛེས་མོད་ཀྱང་། འདི་ནི་རང་གི་ཅི་ལྟར་ཐོབ་རིམ་བཞིན་བརྗོད་བདེ་བས་དེ་ལྟར་བྱ་སྟེ།དེ་ལ། དང་པོ་ནི་རྟོགས་པའི་གར་མཁན་གྲུབ་མཆོག་འོད་གསལ་དབང་པོ་ལ་ཇི་ལྟར་ནོད་པའི་ཚུལ་ལས།དང་པོ། སྒམ་པོ་གདན་རབས་ཀྱི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་སྤུང་ཁྲིད་ཙམ་ནོད་པའི་བླ་མ་བརྒྱུད་པ་ནི། མཉམ་མེད་ཟླ་འོད་གཞོན་ནུ་ཡན་ཆད་སྔ་མ་དག་དང་འདྲ་ལ། དེ་ནས་བསྒོམ་པ་ཚུལ་ཁྲིམས་སྙིང་པོ།ལ་ཡག་པ་བྱང་ཆུབ་དངོས་གྲུབ། མཁན་ཆེན་བྱེ་དཀར་བ། སྙི་བསྒོམ་ཆེན་པོ། འབྲི་གུང་གླིང་པ་མཆེད། ལྷ་ལུང་པ། ལྷ་བཙུན་པ་ཇོ་སྲས་རྡོ་རྗེ་བློ་གྲོས། སྤྱན་སྔ་ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་སེང་གེ། ཆོས་ཀྱི་དབང་ཕྱུག མཁན་ཆེན་རྒྱལ་མཚན་བཟང་པོ། སྤྱན་སྔ་བསོད་ནམས་རྒྱ་མཚོ། བསོད་ནམས་ལྷུན་གྲུབ། སྒམ་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་མཚན་ཅན། སྤྲུལ་སྐུ་ནོར་བུ་རྒྱན་པ། སྤྱན་སྔ་རིན་ཆེན་རྡོ་རྗེ། སྤྲུལ་པའི་སྐུ་མཆོག་བཟང་པོ་རྡོ་རྗེ་དཔལ། གྲུབ་མཆོག་འོད་གསལ་དབང་པོ། དེས་བདག་ཚེ་དབང་ནོར་བུ་ལ་བསྩལ་བའོ། །བརྒྱུད་པ་འདི་ལས་བྱུང་བའི་འཁོར་ལོ་བདེ་མཆོག་གི་དབང་བཞི་ཞིབ་རྒྱས་ཞིག་ཀྱང་ནོད་ལ་སྒམ་པོ་པཎ་ཆེན་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་བསྡུས་ལུང་དང་པོད་དབང་ཡང་ནན་ཏན་ཅན་ཞུས་པ་ལགས། ཡང་ཕྱག་རྒྱ་ཆེན་པོ་ལྷན་སྐྱེས་ཀྱི་ཁྲིད་རྒྱུན་ལུགས་གཅིག་ནི། ཀུན་མཁྱེན་པདྨ་དཀར་པོ་ཡན་བར་འབྲུག་ལུགས་འོག་ནས་འབྱུང་བ་དང་འདྲ་ལ།

དེ་ནས་སེམས་དཔའ་རིན་ཆེན་དཔལ་བཟང་། དེས་སྤྲུལ་པའི་སྐུ་དཔག་བསམ་དབང་པོ་དང་། འགྲོ་སྨོན་ཆོས་རྗེ་འཇམ་དཔལ་བཟང་པོ། དེ་གཉིས་ཀས་ཅོག་གྲྭ་སྤྲུལ་སྐུ་སྙན་གྲགས་དཔལ་བཟང་། དེས་ཁྱབ་བདག་འོད་གསལ་དབང་པོ་ལ་བསྩལ་བའོ། །བརྒྱུད་པ་འདི་དམ་ཚིག་སེལ་མེད་ཁུངས་དག་ཡིན་ཞེས་གསུང་བརྒྱུད་པ་འདི་ལས་ཐོད་དབང་མེ་ཡི་འཁོར་ལོ་དང་། གཏུམ་མོ་རྩུབ་ཤིང་མའི་མྱོང་ཁྲིད་བཅས་ཐོབ་ཅིང་དེ་དང་འབྲེལ་མཚུངས་སུ། སྒམ་འབྲུག་གི་ལུས་སྦྱངས་འཁྲུལ་འཁོར་ཡོངས་རྫོགས་ལུང་ནོད་ཀྱང་བརྩོན་པ་དམན་པས་བློ་ལ་ནི་མ་འཇགས་སོ། །གཉིས་པ་ཕྱག་རྒྱ་ཆེན་པོའི་མན་ངག་མཆོག་ཏུ་གྱུར་པ་དཔལ་དྭགས་པོ་ལྷ་རྗེས་བྲག་སྒོམ་ཞྭ་འདྲ་བ་རུ་གཏེར་དུ་སྦས་པ་ཕྱིས་སྤྲུལ་སྐུ་འཇའ་ཚོན་སྙིང་པོས་གཏེར་ནས་བཏོན་པའི་གསེང་ལམ་བླ་བསྒྲུབ་ཏུ་གྲགས་པའི་ལུང་ཁྲིད་ནོས་པའི་བླ་མ་བརྒྱུད་པ་ནི། རིང་བརྒྱུད་མི་ལ་རས་པའི་བར་སྔར་བརྗོད་པ་དང་འདྲ་མོད། འདིར་ཉེ་བརྒྱུད་གཙོ་ཆེ་བར་མངོན་པས། ཉེ་བརྒྱུད་ནི། བཅོམ་ལྡན་འདས་ཡེ་ཤེས་ཀྱི་མཁའ་འགྲོ་མ། བྱང་ཆུབ་སེམས་དཔའ་ཆེན་པོ་ཟླ་འོད་གཞོན་ནུ། སྤྲུལ་སྐུ་འཇའ་ཚོན་སྙིང་པོ། མཆོག་སྤྲུལ་བཟང་པོ་རྡོ་རྗེ་དཔལ། ཁྱབ་བདག་འོད་གསལ་དབང་པོ།

དེས་བདག་ལའོ། །དེ་ཡི་སྨིན་བྱེད་དབང་སྙིང་ཁོང་མ་ཡང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཡེ་ཤེས་མཁའ་འགྲོ། བྱང་ཆུབ་སེམས་དཔའ་ནོར་བུ་བརྒྱན་པ། སྤྱན་སྔ་རིན་ཆེན་རྡོ་རྗེ། མཆོག་སྤྲུལ་བཟང་པོ་རྡོ་རྗེ་དཔལ། ཁྱབ་བདག་འོད་གསལ་དབང་པོ། དེས་བདག་ལ་ཆོས་དབྱིངས་དོན་གྲུབ་རྡོ་རྗེ་རྩལ་ཞེས་མིང་དང་བཅས་ཏེ་བསྩལ་བའོ། །མགོན་པོ་དེ་ཅོག་གྲྭ་སྤྲུལ་སྐུའི་ཆོས་སྲས་དམ་པར་གྱུར་ཅིང་། ལྷག་ཏུ་སྒམ་པོ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་བཟང་པོ་རྡོ་རྗེའི་ཞབས་པད་ཉེ་བར་བསྙེན་ཅིང་། དེ་སྲས་མཆོག་རྣམས་དང་བཅས་བསྟེན་ནས་དཀའ་སྤྱད་སྙིང་རུས་ཀྱི་གོ་ཆ་དྲག་པོས་མཐར་བཏོན་གྱིས་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས་པ་ལ་སོམ་ཉི་མེད་པ་ཡིན་འདུག་པས། དེས་ན་རང་གི་རྟོགས་པའི་ཆ་སྤྲོས་བྲལ་ལ་ཡང་ཉམས་རྟོགས་སྤུ་རིས་ཞིབ་མོར་དབྱེ་བ་ལ་ཉམས་བསྡུར་གྱི་སྒོ་ནས་དོགས་པ་བཅད་པས། མཉམ་བཞག་གི་ཁོང་བརྟན་པར་འདུག རྩལ་ནི་ངེད་རང་བཟང་བ་ཙམ་བྱུང་། ངོ་བོ་ངོས་བཟུང་ལ་ནི་ཁྱད་ཅུང་ཟད་ཀྱང་མ་བྱུང་བས་སྤྲོས་བྲལ་གྱི་རྣལ་འབྱོར་ལ་ཕྱོགས་གཅིག་གི་སྒྲོ་འདོགས་དེར་ཆོད་སོང་བས་ཁོང་ཡང་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན། གཞན་ཟླ་ཆོས་རེ་གྲུབ་ཚ་ན་སྤྲོས་བྲལ་ནས་བསྒོམ་མེད་བར་གྱི་ཁས་ལེན་བྱེད་པ་གྲུབ་ཐོབ་གླིང་རས་ཀྱི་རྟོགས་པ་སྐྱེ་ཚུལ་ལས་ཀྱང་བཟང་བ་ཅི་རིགས་ཡོང་གི་ནི་འདུག

སངས་རྒྱས་རྐུན་མ་གར་ཡོད་མི་ཤེས་པའི་དཔེ་དེ་འདྲ་ཡོད་ཤས་ཡང་ཆེ། འོན་ཀྱང་སྐྱེས་བུ་ཤེད་རྩལ་ཆེ་བས་རང་དང་ལང་ཚོ་མཉམ་པ་ལ་རྩེ་བ་བཞིན་རང་དང་ཉམས་རྟོགས་མཚུངས་ནས་ཉམས་བསྡུར་བའི་འོས་སུ་ནི་སྔར་ཕན་གྲུབ་ཆེན་དེ་ཙམ་ལས་སོམ་ཉི་མེད་པའི་རྟོགས་ལྡན་པ་ང་རང་སྐལ་དམན་པས་མཇལ་བ་དཀོན་པ་ཉིད་བྱུང་། སྤྱིར་ཡང་ཁོ་བོ་སྤྱི་བརྟོལ་ཆེ་བའི་རིགས་སུ་གྱུར་པས་ཡིན་ཏེ་འོང་། གཞན་གྱི་བསྒོམ་ཞེས་སླ་ཆོས་སུ་བྱེད་ཀྱང་། ངེད་ཀྱི་ནི་ཕྲལ་གྱི་ཉམས་བྲང་བྲེང་དང་། རྟོགས་པའི་ཆ་ཅུང་ཟད་རེ་བྱུང་བར་ཞེན་པ་དང་དགའ་ཚོར་ཡེད་ཡེད་པོ་དེ་གཏན་ནས་མ་བྱས། དེས་ན་ཉམས་རྟོགས་མ་སྐྱེས་པར་ཀུ་ཅོ་སྒྲོགས་པ་ནི་སྨོས་ཅི་འཚལ། ཅུང་ཟད་སྐྱེས་པ་ལ་ཡང་རྒྱལ་བའི་བཀའ་བླ་མའི་མན་ངག་གིས་རང་གི་ཉམས་མྱོང་གཏན་ལ་ཕབ་པ་ལས། ཕྱོགས་ཆ་ཞིག་ལ་ཡིན་གྱུ་གྱུ་ཡོད་གྱུ་གྱུ་བ་དེ་ཡེ་ནས་བྱེད་མི་འདོད་པ་གཅིག་ཡིན། ད་ལྟ་ཡང་ཉམས་ལེན་ལ་རང་སྐྱ་འཕེར་ངེས་ཙམ་ལས་ངེད་རྟོགས་ལྡན་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་སྙམ་ཡང་མེད་ཡིན་ཡང་མིན། རང་གི་ཉམས་རྟོགས་ལ་རང་ཉིད་མགུ་དཀའ་བས་གང་ཡིན་རྡོ་རུས་གཏུགས་འདོད་མཁན་ཅིག་ཡིན། ལར་མི་གཞན་ལྟར་ཉམས་རྟོགས་སྐྱེ་མྱུར་པོ་དེ་ངེད་མིན་པར་གདའ། དབང་དམན་རིམ་གྱིས་པ་ཟེར་བ་དེར་འདུག་པས་སྐྱག་རེ་ཡང་ཅི་ལ་ཡོད། འོན་ཀྱང་ཉམས་རྟོགས་མི་མཐོ་ཡང་གང་སྐྱེས་དེ་སྤུས་གཙང་མར་རློམས། དེ་ལྟར་གྲུབ་མཆོག་འོད་གསལ་དབང་པོ་དང་དགེ་སྦྱོར་ཉམས་བསྡུར་ལ་བརྟེན་རང་གི་ཡང་ལྷག་མཐོང་ལ་ངེས་ཤེས་ཅི་རིགས་པ་རྙེད། གྲུབ་མཆོག་བླ་མ་དམ་པས་ཀྱང་སྔར་གྱི་དགེ་སྦྱོར་ལ་ད་རེས་ཁྱོད་དང་ཉམས་རྟོགས་འབེལ་མཆིད་ཞིབ་མོར་བྱུང་བ་དེས་བོགས་ཅི་རིགས་ཐོན་རྒྱུ་བྱུང་ཞེས་དགྱེས་ཚོར་གནང་གྱི་འདུག གཞན་ཁ་ཅིག་ལྟར་ཕན་ཐོགས་ཀྱང་མ་ཐོག་ཁུལ་གྱིས་གཡོ་ཅན་དེ་མིན་པར་བཟང་པོའི་རྣམ་ཐར་དེར་གདབ། བསྟན་པའི་སྲོག་ཤིང་དཔལ་ལྡན་སྒམ་པོ་པ། མཆོག་གི་སྤྲུལ་སྐུ་བཟང་པོ་རྡོ་རྗེ་དཔལ། །གང་གི་ཞལ་སྐྱིན་འོད་གསལ་དབང་པོ་ཡི། །བདག་བློའི་ཐེ་ཚོམ་མུན་པ་སེལ་འདི་རྨད། །ཞེས་སོ། །

ད་ནི་བརྒྱུད་པའི་རྣམ་གྲངས་གསུམ་པ་ནི། ཀམ་ཚང་བསྟན་པའི་གཙོ་བོ་ས་ལ་གནས་པའི་འོག་མིན་དབུ་རུ་སྟོད་ལུང་མཚུར་ཕུ་རྒྱལ་བའི་བསྟི་གནས་སུ་རྒྱལ་བའི་སྲས་པོ་ཀརྨ་པ་སྐུ་བཅུ་གཉིས་པ་དང་། སྤྱན་སྔ་ཐམས་ཅད་མཁྱེན་པ་ཞྭ་དམར་བརྒྱད་པའི་ཞབས་ལ་རེག་སྟེ། ཀརྨ་པ་ལ་བྱིན་རླབས་ཀྱི་རྒྱུན་ཤིན་ཏུ་ཆེ་བའི་ཆོས་འབྲེལ་ཁ་ཤས་དང་། ཞྭ་དམར་བ་ལ་ཕྱག་ཆེན་ལྷན་སྐྱེས་ཀྱི་ཡིག་ཆ། རྗེ་རང་ཉིད་ཀྱིས་མཛད་པའི་ལུང་ཁྲིད་ནོས་པའི་རྒྱུད་རིམ་འོག་ཏུ་འབྱུང་བས་རྟོགས་ཀྱིས། འདིར་མ་བསྟན་ནོ། །

མཆོག་ཏུ་གྱུར་པ་རྩ་བའི་བླ་མ་གསུམ་པ་ཕ་ཏྲེ་བོ་ཆོས་ཀྱི་རྗེ། རྒྱལ་བ་ཀུན་གྱི་ཡབ་གྱུར་རྒྱལ་བའི་འཁོར་ལོས་བསྒྱུར་བ་ཆོས་ཀྱི་དབང་པོའི་ཞལ་སྔ་ནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྨིན་ཁྲིད་གདན་ཐོག་གཅིག་ཏུ་སྦྱོར་དངོས་རྗེས་ཚང་ཡང་ནས་ཡང་དུ་ཐོབ་སྟེ། དེ་ཡང་དམ་པ་འདི་ཉིད་སྤྲུལ་པའི་སྐུ་ཀརྨ་པ་ཡབ་སྲས་ཀྱི་ཡོངས་འཛིན་རྩ་བའི་བླ་མ་ཡིན་ལ། སློབ་མ་ཐམས་ཅད་ཀྱི་གཙོ་བོའི་ཚུལ་ཡང་མཛད་པས། འདིར་ནི་ཁྲིད་བཀའ་གནང་སྐབས་ཀྱི་གསུང་རྒྱུན་བཞིན་ཕྱི་མ་དང་མཐུན་པར་བཀོད་ན། ཀརྨ་པ་དྷརྨ་ཤྲཱི་སྟེ། ཀརྨ་པ་དེ་བཞིན་གཤེགས་པ་ཡན་ཆད་སྔར་ཟུར་མང་བཀའ་བརྒྱུད་སྐབས་སུ་བསྟན་པ་ལྟར་ཡིན་ལ། དེ་ནས་སོག་དབོན་རིག་པའི་རལ་གྲི། མཚན་དངོས་རཏྣ་བྷ་ཊ། ཀརྨ་དྲུག་པ་དར་ཨརྠ་པ་ཏི། བན་རྒར་བ་མཉྫུ་ཤྲཱི་བྷ་དྲ། རྒྱལ་ཚབ་པ་ཤྲཱི་བྷུ་ཏྱཱཪྠ་སིདྡྷི། ཀརྨ་པ་བདུན་པ་ས་རོ་རུ་ཧ་བཛྲ། སངས་རྒྱས་བཤེས་གཉེན་པ་མངྒ་ལ་ཤྲཱི་བྷུ་ཏི། ཀརྨ་རབ་བརྒྱད་པ་ཨཀྵོ་བྷྱ་བཛྲ། ཞྭ་དམར་རཏྣ་ག །ཀརྨ་དགུ་པ་ཨི་ཤྭ་ར་བཛྲ། ཞྭ་དམར་དྷརྨེ་ཤྭ་ར། ཀརྨ་པ་བཅུ་པ་བཛྲ་དྷརྨ་དྷ་ཏུ། ཞྭ་དམར་ཛྙཱ་ན་གརྦྷ། ཀརྨ་པ་བཅུ་གཅིག་པ་ཛྙཱ་ན་བཛྲ། འདི་ལ་ཕ་ཏྲེ་བོས་ཕྱག་རྒྱ་ཆེན་པོ་གསན་ཅིང་། ཀརྨ་པས་ཀྱང་རྒྱལ་ཚབ་ཏུ་དབང་བསྐུར་ཆོས་ཀྱི་ཁྲི་ལ་མངའ་གསོལ་བར་མཛད། མཚན་ཀརྨ་གུ་རུ་འཕྲུལ་ཅན་རྩལ་ཞེས་ཀྱང་འདོགས་པར་མཛད་ཅིང་། གང་ལྟར་ཆོས་སྲས་ཐུ་བོ་དམ་པར་གྱུར་པའོ། །ཀརྨ་པ་བཅུ་གཅིག་པ་དེ་ལ་ཞྭ་དམར་དཔལ་ཆེན་རཏྣ་དྷརྨ་སིདྡྷིརྠ་སྟེ། དཀོན་མཆོག་ཆོས་ཀྱི་དོན་གྲུབ་ཀྱིས་ཀྱང་ཐུག་ཙམ་བྱུང་ཡང་།

ཕྱག་རྒྱ་ཆེན་པོའི་གདམས་པ་ཇི་བཞིན་ནི་འདྲེན་མཆོག་ཆོས་རྗེ་ཀྲེ་བོ་ལ་གསན་པ་ཡིན་ལ་ཀརྨ་པ་བཅུ་གཉིས་པ་བྷོ་དྷེ་བཛྲ་གྱིས་ཞྭ་དམར་བ་ལ་གསན་པར་མཛད་མོད། དངོས་གནས་ཀྱི་བརྒྱུད་རིམ་ནི་དེ་ལྟར་སྟེ། འོན་ཀྱང་རྗེ་བཙུན་ཆོས་ཀྱི་རྗེས་ཐུགས་མོས་ཀྱིས་ཀརྨ་པ་བྱང་ཆུབ་རྡོ་རྗེ་ལ་ཕྱག་ཆེན་གྱི་ཁྲིད་བཀའ་སླར་ཡང་ཚུར་ལ་བཞེས་ནས་བརྒྱུད་རིམ་ནི་དེ་བཞིན་དུ་མཛད་སྣང་བས། དེས་ན། ཀརྨ་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀརྨ་པ་བྱང་ཆུབ་རྡོ་རྗེ། ཕ་ཆོས་ཀྱི་རྗེ་ཏྲེ་བོ་བྱང་ཆུབ་ཆོས་ཀྱི་སྙིང་པོ། དེས་བདག་ཚེ་དབང་ནོར་བུ། ཀརྨ་རིན་ཆེན་མཆོག་ཏུ་དགའ་བ་དགེ་བའི་དཔལ་ལ་དགྱེས་པས་སྩལ་བའོ། །དམ་པ་འདི་ལ་ཕྱག་རྒྱ་ཆེན་པོའི་ཞལ་ལུང་ཡང་དག་པར་ཐོབ་ཅིང་། ཀུན་མཁྱེན་ཇོ་ནང་པའི་བཞེད་པ་རྡོ་རྗེའི་ཚིག་ཅུང་ཟད་ཅིག་ཐོས་པ་ལ་བརྟེན་སྔར་ཕྲ་བའི་གནས་ལ་དཔྱད་པ་ཕྲ་མོ་ཞིག་ཡོད་པ་དེ་སྟོན་སྤྲིན་ལྟར་དེར་དྭངས་ནས། རྟོགས་པའི་ངོ་བོ་སྔར་གྱི་དེ་ལ་ཉམས་ཀྱི་ཆ་ནས་བརྒྱ་འགྱུར་དུ་འཕེལ་སོང་ཞིང་། ལམ་གང་ཤར་ལ་སྤངས་བླང་མེད་ཟེར་བ་དེ་ཚིག་ཏུ་མ་ལུས་དོན་ཐོག་ཏུ་ཕེབས་པས་ན་བཀའ་དྲིན་ཤིན་ཏུ་ཆེ་བས་རྩ་བའི་བླ་མའི་གནས་སོ། །དེ་ཕྱིན་དབུས་གཙང་རུ་བཞིའི་བླ་མ་མང་དུ་བརྟེན་ཁྲིད་བཀའ་ཡང་ཤིན་ཏུ་མང་བ་ཞུས་ཀྱང་། ཡོན་ཏན་ཆ་ཤས་ཙམ་རེ་ལས་དེ་དག་གིས་རྟོགས་པ་ལ་ཇི་བཞིན་གསར་དུ་བསྐྱེད་ཐོན་རྒྱུ་ཞིག་སྔར་ཕན་ནི་མ་བྱུང་། དེ་ཡང་བླ་མ་གཞན་བྱིན་རླབས་ཆུང་བ་ནི་མིན། རང་གི་མོས་གུས་མེད་པ་ཡང་མིན། དེས་ན་ཚེ་སྔོན་གྱི་ལས་འབྲས་ཆེ་ཆུང་དང་། རང་གི་དགེ་སྦྱོར་ཡང་སད་པའི་དུས་ལ་བབ་མི་བབ་ཀྱི་ཁྱད་ནི་ཡིན་པར་ངེས། གཞན་སྔོན་བྱོན་གྱི་སྐྱེས་མཆོག་དམ་པ་འགའ་ཡི་བྱིན་གྱིས་བརླབས་པའི་སྣང་བ་དང་གསུང་གི་མཐུས་ནི་རྟོགས་པའི་བོགས་མང་དུ་ཐོན་སོང་ཡང་སྐབས་འདིར་བརྗོད་མི་དགོས་པར་འདུག

ཕྱག་ཆེན་ཁྲིད་ཕ་ཏྲེ་བོ་རིན་པོ་ཆེར་རྒྱས་བསྡུས་མང་དུ་ཐོས་ལ། སླར་ཡང་ཀརྨ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་ཁྲིད་ཡིག་ཆེན་མོ་ཚང་དྲིལ་གྱི་རྒྱུན་རྩ་བ་ཚིགས་བཅད་ཀྱི་ལུང་བཅས་ཤིང་ཡོས་ལོར་ཤངས་ཟབ་ཕུ། མདོར་བླ་མ་བསྒྲུབ་ཆེན་མཚན་བླ་བཏགས་མངའ་རིས་བུ་ཆུང་དུ་གྲགས་པའི་དྲུང་དུ་ནན་ཏན་གྱིས་ཞུས་པ་ཡིན་ནོ། །དེས་ཞབས་དྲུང་ཏྲེ་བོ་རིན་པོ་ཆེའི་དྲུང་དུ་ལོ་ངོ་གཉིས་སུ་ཞུས་པ་ཡིན་གསུངས། ཏྲེ་བོ་རིན་པོ་ཆེ་ནས་ཀརྨ་པ་བཅུ་གཅིག་ཡེ་ཤེས་རྡོ་རྗེ་ལ་གསན་པ་ཡིན་འདུག་ལ། ཏྲེ་བོ་རིན་པོ་ཆེ་ནས་ཁྲིད་ཡིག་ཆེན་མོ་ཚངས་དྲིལ་ལན་གཅིག་ལས་གནང་བ་མ་བྱུང་ཞེས་བླ་མས་གསུང་ངོ་། །དེ་ལ་གཞན་ཡང་ནེ་གུ་ཆ་ཚང་སྒྲོལ་དཀར་གྱི་ཁྲིད་རྒྱུན་སོགས་མང་ཞིག་ནོད་པ་བཀའ་དྲིན་ཅན་ཡིན་ནོ། །དེ་ལྟར་ཕྱག་ཆེན་རྒྱལ་བ་ཡབ་སྲས་ནང་རྒྱུད་ལས་ཅི་ལྟར་ཐོས་པའི་ཚུལ་སྟེ། བཞི་པ་ཏྲེ་བོ་རང་ལུགས་ཀྱི་བརྒྱུད་པ་ནི་ཡོད་པར་གོར་མ་ཆག་ཀྱང་། བརྒྱུད་པ་ཅི་བཞིན་སྔར་མ་འཚལ་བས་སླར་དྲི་བར་འདོད། དེ་ཡང་བརྒྱུད་པའི་གྱེས་མཚམས་ནི། ཀརྨ་པ་བདུན་པའི་ཞབས་ནས་ཏྲེ་ཆུང་ཆོས་ཀྱི་རྒྱ་མཚོས་ཐུག། དེ་ལ་སྤྱོད་འཆང་ནག་པོའི་སྤྲུལ་པ་ཀུན་དགའ་གྲོལ་མཆོག་གིས་ཐུག དེ་ལ་ཏྲེ་བོ་གཉིས་པ་དཔག་བསམ་དབང་པོས་ཐུག་ཅིང་། རྩ་བའི་བླ་མ་ཡང་གྲོལ་མཆོག་ལ་མཛད། དེ་ཡི་སྤྲུལ་སྐུ་ཏྲེ་བོ་གསུམ་པ་ཀརྨ་བསྟན་པ་དར་རྒྱས་དང་དེའི་སྤྲུལ་སྐུ་རྡོ་རྗེ་འཆང་ཏྲེ་བོ་བྱང་ཆུབ་ཆོས་ཀྱི་དབང་པོ་ཞེས་བདག་ཅག་གི་འདྲེན་པ་མཚུངས་པ་མེད་པ་དེ་ཉིད་དོ། །དུས་གསུམ་རྒྱལ་བ་ཡོངས་ཀྱི་འཕྲིན་ལས་པ། །ཀརྨ་པ་ཞེས་སྙན་པའི་བ་དན་ཅན། །གང་གི་རྣམ་འཕྲུལ་བྱང་ཆུབ་རྡོ་རྗེ་སེམས། །ཆོས་ཀྱི་དོན་གྲུབ་མཆོག་གིས་བདག་སྐྱོང་རྨད། །དཔལ་ལྡན་ཀམ་ཚང་བསྟན་པའི་སྲོག་ཤིང་མཆོག །མཚུངས་མེད་བླ་མ་ཆོས་ཀྱི་དབང་པོ་ཞེས། །གང་དེ་བདག་སྙིང་དབུས་སུ་ཞེན་ལེགས་ཀྱི། །ཐུགས་རྗེས་གཟིགས་ཤིང་ཡོངས་འཛིན་ཆོས་ཀྱི་རྗེ། །ཁྱོད་ཀྱིས་ཅུང་ཟད་རྗེས་སུ་བཟུང་བས་ཀྱང་། །ཅིར་སྣང་ཕྱག་རྒྱ་ཆེན་པོའི་འཁོར་ལོ་འཁོར། །མངོན་མཐོ་ངེས་ལེགས་ཡོན་ཏན་ཅིར་ཡང་རྒྱས། །བཀའ་དྲིན་དྲན་ནོ་རྩ་བའི་བླ་མ་རྗེ། །ཚེ་དཔག་མེད་མགོན་སྤྱན་རས་གཟིགས་དབང་གི །ཐུགས་རྗེའི་ཆུ་གཏེར་བསྲུབ་ལས་ཡོངས་བྱུང་བའི། །འགྲོ་འདྲེན་བླ་མ་ཡིད་བཞིན་ནོར་བུ་ཁྱེད། །བྱང་ཆུབ་བར་དུ་བདག་གཙུག་རྒྱན་མཛོད་ཅིག །ཞེས་པ་སྨྲས་སོ། །དེ་ལྟར་ཕ་ཏྲེ་བོ་ཆོས་ཀྱི་དབང་པོའི་ཞལ་སྔ་ནས་ཕྱག་ཆེན་ཞུས་པ་ཡན་གྱི་སེམས་ཕྱོགས་གདམས་པ་ནོདཔ་ཀུན་མྱོང་ཁྲིད་དུ་དམིགས་ཤིང་ཉམས་རྟོགས་གི་ཆ་ལ་སྒྲོ་འདོགས་ཅི་ཆོད་དུ་བྱས། ཕལ་ཆེ་བ་ཞིག་ནི་ཆོད་ནས་ཡང་སོང་། ཉམས་ལེན་ངོ་ཐོག་ལ་ནི་ཡིད་གཉིས་དང་ཐེ་ཚོམ་གྱི་གནས་སྤུ་ཙམ་ཡང་མེད་པར་གདིངས་རྐང་ཚུགས་པའི་ལུགས་སུ་བྱས། །

དེ་ཡང་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་མ་མཐོང་ཉམས་རྟོགས་ཀྱི་ཆ་ནས་སྒྲོ་འདོགས་གཅོད་པ་ལས་གེགས་སེལ་བོགས་འདོན་དང་གོལ་ཤོར་དུ་མ་སོང་བའི་གནད་ཀྱི་གོ་བ་བཟང་པོ་ནི་བུ་ཆུང་གི་སྐབས་ནས་ཡོད། འོན་ཀྱང་བདེ་གསལ་མི་རྟོག་པའི་ཉམས་བན་བུན་གྱི་ཞེ་ཁ་འགྲང་ཞིང་ཆོག་ཤེས་མ་བྱས་པར་ཉམས་རྟོགས་ལྡན་པའི་དམ་པ་རྣམས་ཀྱི་སྤྱན་སྔར་རྡོ་རུས་གཏུགས་པ་ཡིན། དེ་ཀ་ཡང་རྩ་བའི་བླ་མ་གཅིག་ཆོག་རྒྱལ་པོ་གཅིག་གི་ངོ་སྤྲད་པས་ཆོག་མོད་ཀྱི། དེ་ལ་ཡིད་གཉིས་བྱུང་ནས་དོགས་གཅོད་བྱས་པ་ཡང་མིན། རྩ་བའི་བླ་མ་དག་དངོས་སུ་མཇལ་བའི་སྐལ་བ་དམན་པ་བྱུང་ཚེ་ཉམས་རྟོགས་ཀྱི་སྤུ་རིས་ཕྲ་མོ་གསར་དུ་སྤྱད་པ་ཞུགས་པ་ལ་ཞུན་མཐར་ཅི་ཆོད་དུ་བགྱིས་པ་ལགས། དེ་ལྟ་ན་ཡང་ངོ་བོ་ནི་སྔར་ཆེ་ཚང་སྤྲུལ་པའི་སྐུའི་སྤྱན་སྔར་སྐྱེས་པ་དེ་ཀར་གདའ། ཉམས་མྱོང་གི་སྒོ་ནི་མི་འདྲ་བ་དུ་མ་བྱུང་། སྤྱིར་ཡང་དེ་ལ་གེགས་སེལ་བོགས་འདོན་མི་དགོས་པ་དེ་ག་ནས་ཡིན། དེ་ཙམ་ནས་བཟུང་དེ་དག་གཞན་ལ་ལྟོས་ནས་བྱེད་མ་དགོས་པར་རང་སྐྱ་འཕེར་བ་ཡིན། བྱིན་རླབས་ཀྱི་འཕོ་བས་ཡེ་ཤེས་ཀྱི་སྣང་བ་གསར་དུ་བསྐྱེད་རྒྱུ་མེད་པ་ཡང་བཞིར་བཅས། སྤྱིར་ཡང་དེ་རྣལ་འབྱོར་ལམ་ཞུགས་གསར་བུ་པ་མི་དགོས། ཚོགས་སྦྱོར་གྱི་ལམ་མཐོན་པོར་ཞུགས་པ་ལ་ཡང་གེགས་སེལ་དགོས་པའི་སྐབས་ཡོད་ན་གཞན་ལྟ་ཅི་སྨོས། བོགས་ནི་འཕགས་པའི་ས་ལ་ཞུགས་པ་རྣམས་ཀྱང་རྫོགས་སངས་རྒྱས་ཀྱི་བར་བཏོན་དགོས་ན་གཞན་ལ་སྨྲ་མ་དགོས། དེང་སང་རྣལ་འབྱོར་ལ་བོགས་བཏོན་རྒྱུ་མེད་པའི་ཁས་ལེན་ཅན་ཚོ། དེ་སོམ་དང་བླུན་པོ་མགོ་བསྐོར་གྱི་ཤབ་ཤོབ་ལས་ཆུ་ཤིང་གི་སྙིང་པོ་ལྟ་བུའི་གཏམ་དེ་ལ་དཔྱོད་ལྡན་སུ་ཞིག་ཡིད་ཆེས། གཞན་ཁ་ཅིག་ནི་ས་ལམ་བགྲོད་པའི་ཚིག་འདི་འདྲ་ལམ་ཤོར་དུ་འཛིན་པ་ཡང་འདུག་སྟེ། དེ་ནི་སེམས་ཉིད་ངོ་བོ་བླ་མས་ངོ་སྤྲད་པ་ལ་ཡིད་མ་ཆེས་ཤིང་ད་ལྟའི་ཤེས་པ་འདི་གོ་མ་ཆོད་པའི་གོང་བགྲོད་ཀྱི་ལྟོས་གཞི་འཆའ་བ་ལ་ཟེར་གྱི། ས་ལམ་ཡེ་ནས་བགྲོད་རྒྱུ་མེད་པ་ག་ནས་ཡིན། དེ་མ་གོ་བར་ཟད་ཀྱི་མང་དུ་སྨྲ་མི་དགོས་མོད། དེ་དག་ནི་ཞོར་བྱུང་གི་འཕྲོས་ཏེ། གང་ལྟར་དུས་དེ་ཙམ་ནས་རྩ་བའི་བླ་མ་རྣམས་ཀྱི་ཐུགས་རྗེ་ལ་བརྟེན། རང་གི་དགེ་སྦྱོར་གྱི་ངོ་བོ་ལ་མ་བདེ་བའི་དོགས་གཅོད་བྱེད་རྒྱུ་ནི་མི་འདུག་པས་དེ་ཕྱིན་གྱི་བླ་མ་སུ་ལ་ཡང་མ་བྱས། ཚུར་ར་ཉམས་རྟོགས་ཚད་མཚུངས་ན་དོགས་གཅོད་ཉམས་བསྡུར་ལ་དགྱེས་སག་སག་གི་བསྔགས་པ་གནང་མཁན་ཡང་སྔར་ཕན་ནི་མ་བྱུང་།

དེས་ན་སྒྲོ་འདོགས་གཅོད་པའི་ཁྲིད་བཀའ་ཞུ་བ་ནི་དེ་ཙམ་ཡན་ལ་ཆོག་ཤེས་བྱས། བཀའ་བབས་བྱིན་རླབས་ཀྱི་རྒྱུན་ལ་དམིགས་ཤིང་བསྟན་པ་ལ་ལྷག་པའི་བསམ་པས། བླ་མ་རྣམས་ལ་དག་པའི་སྣང་བ་ལེགས་པར་སྦྱངས་ནས་ཁྲིད་རྒྱུན་ཞུས་པ་ནི་དེ་ཕྱིན་ནས་ཆེས་མང་བ་སྟེ། དེ་ཡང་མང་ཡུལ་སྐྱིད་གྲོང་གྲྭ་འཇམ་གླིང་བླ་མ་དམ་པ་མ་དྷི་དྷརྨ་ཝརྟ་ཞེས་རྒྱ་དཀར་གྱི་སློབ་དཔོན་ཀམྦྷ་ལ་ཆུང་བས་བྱིན་གྱིས་བརླབས་པ་སྦས་ཚུལ་ཁྱིམ་པའི་ཆ་བྱད་གྱིས་འགྲོ་བ་འདུལ་བ་གང་གི་ཞལ་སྔ་ནས་ལ་ཁྲིད་རྒྱུན་ལྔ་པ་སྟོད་འབྲུག་བཀའ་རྒྱུད་ཀྱི་སྡོང་པོ་ལྟ་བུ་འབར་ར་བ་སྐྱེ་མཆོག་རྒྱལ་མཚན་དཔལ་བཟང་པོ་ནས་བརྒྱུད་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཁྲིད་གཞུང་མན་ངག་ཟུར་འདེབས་དང་བཅས་པ་ཐོབ་པའི་བླ་མ་བརྒྱུད་པ་ནི། སྐྱེས་མཆོག་འབའ་ར་བ་ཡན་ཆད་ནི་རྩ་བའི་བླ་མ་བདེ་ཆེན་གླིང་པར་ནོད་པའི་སྟོད་འབྲུག་གི་རྒྱུད་པ་དང་འདྲ་བའམ། ཡང་ན། ཡང་དགོན་པ་ནས། ལྕར་སྟོན་གྲུབ་ཆེན། འཁྲུལ་ཞིག་སངས་རྒྱས། བྱང་ཆུབ་བཟང་པོ། དེས་སྐྱེས་མཆོག་འབའ་ར་བ་ལ། དེ་ནས་བྱ་བྲལ་པདྨ་བཟང་པོ། འཇམ་དབྱངས་སྤྲུལ་པའི་སྐུ་སངས་རྒྱས། ཟུར་ཁང་པ་བསོད་ནམས་བཟང་པོ། སྐྱེས་མཆོག་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན། གུང་ཐང་པ་ནམ་མཁའ་རྡོ་རྗེ། མཁས་མཆོག་ལྷུན་གྲུབ་རྒྱལ་མཚན། འཇམ་གླིང་པ་སངས་རྒྱས་ཆོས་འཕེལ། མང་ཡུལ་གྲྭ་པ་དཀོན་མཆོག་རྒྱལ་མཚན། སྤྲུལ་སྐུ་རིན་ཆེན་བསྟན་པའི་གསལ་བྱེད། འཇམ་གླིང་རིན་པོ་ཆེ་བློ་གྲོས་ཆོས་འཕེལ། དེས་བདག་ཚེ་དབང་ནོར་བུ་ལའོ། །ཡང་ན་ནམ་མཁའ་རྡོ་རྗེ་ནས། ནམ་མཁའ་དཔལ་འབྱོར། ནམ་མཁའ་མགོན་པོ་སངས་རྒྱས་ཆོས་འཕེལ་ནས་འདྲ། ཡང་ན། སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་ནས། རིན་ཆེན་ཆོས་དཔལ། ཆོས་ཀྱི་རྒྱལ་མཚན། ཀརྨ་གནས་མཆོག ཀརྨ་གསལ་བྱེད། དཀོན་མཆོག་རྒྱལ་མཚན་ནས་འདྲ་ཡང་། མོན་རྫོང་རས་ཆེན་ཟླ་བ་རྒྱལ་མཚན་ལ་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་གྱིས་འབར་ཆོས་ཡོངས་རྫོགས་གསན་པས་དེ་ལྟར་བརྒྱུད་ན་ཡང་རུང་བར་མངོན་བརྒྱུད་པ་འདི་ལ་འབར་རའི་གསང་ཁྲིད་སྐོར་ཡོངས་རྫོགས་དང་། དྲིལ་བུ་རིམ་ལྔ། བྱིན་རླབས་དང་བཅས་པ་ཡང་མནོས།

དྲུག་པ་སྐྱེས་མཆོག་འབའ་རའི་མན་ངག་ཁྱད་པར་འཕགས་པ་ཕྱག་ཆེན་ཆོས་དྲུག་བླ་སྒྲུབ་ཀྱི་ཡང་སྙིང་རྨད་དུ་བྱུང་བ་ཤངས་འབར་ར་བྲག་ཏུ་གཏེར་དུ་བཙས་བ། ༸རྗེ་བཙུན་རྡོ་རྗེ་འཛིན་པ་བློ་གྲོས་ཆོས་འཕེལ་ཞལ་སྔ་ནས་སྤྱན་དྲངས་པ་ཆ་ཚང་དྲིལ་དུ་དགྱེས་པ་ཆེན་པོས་རྩ་བའི་བླ་མ་བརྒྱུད་པ་ནི། སྐྱེས་མཆོག་འབར་ར་བ་རྒྱལ་མཚན་དཔལ་བཟང་། བླ་མ་དམ་པ་བློ་གྲོས་ཆོས་འཕེལ། དེས་རིག་པ་འཛིན་པ་ཚེ་དབང་ནོར་བུ་ལའོ། །དམ་པ་འདི་ལ་བདག་བློ་ཤིན་ཏུ་བཅུག་པ་ཞིག་བྱུང་བས་སྔོན་གྱི་ལས་འབྲེལ་བཟང་པོ་ཡོད་པར་ངེས་སོ། །སྐྱེ་བ་སྤྲུལ་སྐུ་དཔལ་ལྡན་ལྷ་གདོང་པ། །གང་གི་གསུང་གི་སྒྱུ་འཕྲུལ་འབའ་ར་བ། །དེ་ཡི་སྲོལ་འཛིན་སྙིང་པོ་འཇམ་གླིང་རྗེ། །བློ་གྲོས་ཆོས་འཕེལ་བདག་བློའི་དབུས་ན་མཛེས། །ཞེས་པའང་སྨྲས་སོ། །

ཡང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་བཀའ་བདུན་པ་ཚལ་པ་སྐྱེ་མེད་ཞང་རིན་པོ་ཆེ་ནས་བརྒྱུད་པ་མན་ལུང་འཁྲུལ་ཞིག་ནམ་མཁའ་བསྟན་འཛིན་ལ་ལེགས་པར་ཞང་གི་མཛད་པའི་ཡིག་ཆའི་སྟེང་ནས་སྨིན་སོར་ནོད་པའི་བླ་མ་བརྒྱུད་པ་ནི། དེ་ཡང་གུ་རུ་པདྨའི་སྤྲུལ་པར་ཞལ་གྱིས་བཞེས་ཤིང་གྲུབ་པ་ཞང་རིན་པོ་ཆེ་བརྩོན་འགྲུས་གྲགས་པ་ཡི་རྩ་བའི་བླ་མ་དཔལ་སྒ་ལོ་མལ་ཡེར་པ། དྭགས་པོ་བསྒོམ་ཚུལ། པཎྜི་ཏ་རྡོ་རྗེ་སྣང་མཛད་སྟེ། དེ་དག་བདེ་མཆོག ཕག་མོ། ཐུབ་པ། སྒྲོལ་མ་ཡིན་ངེས་པས་ཡིན་ངེས་བཞི་དང་། གཞན་ཡང་གཉིས་བཅས་ཀྱི་མན་ངག་བྱིན་རླབས་ཀྱི་རྒྱུན་མཐའ་དག་མངའ་བ་ལས། དེ་ཡན་གྱི་བརྒྱུད་པའི་རྣམ་གྲངས་སོ་སོ་བ་ཡི་གེ་མང་བས་མ་བྲིས་ལ། འདིར་ནི་ཕྱག་ཆེན་ལྷན་སྐྱེས་ཁོ་ན་ལ་ནི། རྡོ་རྗེ་འཆང་ནས་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུའི་བར་གཞན་ལྟར་ལས། དེ་ནས་དྭགས་པོ་བསྒོམ་པ་ཚུལ་ཁྲིམས་སྙིང་པོ། དེས་རྒྱལ་བ་ཞང་བདེ་བ་རྡོ་རྗེ། དེ་ནས་རིམ་བཞིན་མན་ལུང་གྲུབ་ཐོབ་བྱང་ཆུབ་༼མན་ལུང་བྱང་སེང་གེ་རྣམ་ཐར་གསེར་བྲིས་སྐྱ་པོད་གཉིས་ཀར་རྒྱལ་བ་ཞང་དངོས་ལ་ཐུག་པ་འདྲ་ཞིག་བྱུང་ཡང་ཞིབ་མོར་བྱས་ན་ཚལ་པ་ཉི་ཟླ་འོད་ཀྱི་སློབ་མ་ཡིན་པར་སྣང་སྟེ། ཚལ་པ་ཉི་ཟླ་འོད་ནི་མེ་སྟག་ལ་འཁྲུངས། གྱ་ལྔ་ལྕགས་སྟག་ལ་གཤེགས་པས་འགྲིག་གོ །འོན་ཀྱང་བྱང་སེང་བས་ལོ་བརྒྱ་ལྷག་ངེས་གཅིག་བཞུགས་ལ་འགྲིག་རུང་བའོ། །ལོ་རྒྱུས་གཞན་དུ་ཚལ་ཆེན་པ་ལྷ་ཕྱུག་ཉི་ཟླ་འོད་ཀྱི་སློབ་མར་གསུངས་ཤིང་། ཚལ་ཆེན་དང་མེན་ལུང་བྱང་སེང་མཆེད་གྲོགས་ཡིན་གསུང་བས་དེ་འཐད་པ་འདྲ་སེམས་སོ། །༽སེང་གེ །དེས་སྲས་ཆོས་རྗེ་སྤྲུལ་སྐུ་སྟོན་པ། འདི་ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་སྐུ་སྟེ་དེ་ཡི་སྐྱེ་བ་ཕྱི་མ་རིག་འཛིན་རྒོད་ལྡེམ་པ་ཡིན་པར་གྲགས། སྤྲུལ་སྐུ་སྟོན་པའི་སྲས་པོ་ཆོས་རྗེ་འཇམ་དབྱངས་གྲགས་པ། དེས་བྱང་སེམས་དཔལ་ལྡན་གཞོན་ནུ། རིམ་པས་རིག་འཛིན་དཀོན་མཆོག་དཔལ་ལྡན། སྔགས་འཆང་འཇམ་དབྱངས་བསོད་ནམས། མཁས་གྲུབ་ཡེ་ཤེས་དཔལ་ལྡན། རྒྱུད་འཛིན་ཆོས་སྐྱོང་འཕགས་པ། སྤྲུལ་སྐུ་འཇམ་དབྱངས་དཔལ་ལྡན། མཉམ་མེད་ཆོས་སྐྱོང་དཔལ་ལྡན། བྱང་སེམས་བསོད་ནམས་རྒྱལ་མཚན། སྔགས་འཆང་ཆོས་འབར་བཟང་པོ། ཀུན་མཁྱེན་ཉི་ཟླ་འོད་དཀར། མཁས་གྲུབ་ཆོས་སྐྱོང་སེང་གེ། སྔགས་འཆང་བསྟན་པའི་རྒྱལ་མཚན། སྔགས་འཆང་བསྟན་པའི་ཉི་མ། སྔགས་འཆང་བསྟན་འཛིན་སེང་གེ། སྤྲུལ་སྐུ་ནམ་མཁའ་དཔལ་ལྡན། འཁྲུག་ཞིག་ཆེན་པོ་ཆོས་རྗེ་ནམ་མཁའ་བསྟན་འཛིན་ཉི་མ། དེས་བདག་ཚེ་དབང་ནོར་བུ་འཇམ་དབྱངས་སེང་གེ་ལའོ། །ཚལ་ལུགས་ཀྱི་ཕྱག་ཆེན་ཁྲིད་རྒྱུན་འདི་ཤིན་ཏུ་དཀོན་པས་སྔོན་ལྷོ་བྲག་དཔའ་བོ་གཙུག་ལག་ཕྲེང་བའི་སྐབས་ཙམ་ནས་གྲགས་ཆེ་མེད་པར་དེས་མཛད་པའི་བཀའ་བརྒྱུད་ཆོས་འབྱུང་དུ་གསལ་ལ། དེས་ན་ད་ལྟ་ཁྲིད་རྒྱུན་ཡོད་པ་ཁོང་ཙམ་དུ་ཟད་པའི་སྟབས་ཀྱིས་ཁྲིད་ཡིག་རྒྱས་བསྡུས་གཉིས་ཀའི་སྟེང་ནས་སྨིན་ཁྲིད་གཉིས་སུ་ཞུས་པ་ཡིན་ལ་བྱིན་རླབས་དོན་བརྒྱུད་ཀྱི་ཆུ་བོ་ཡང་དག་པར་ཐོབ་པའོ། །བརྒྱུད་པ་འདི་ལས་བྱུང་བའི་ཞང་གི་གསུང་འབུམ་ཡོངས་རྫོགས་ཀླགས་ལུང་དང་མགོན་པོ་བྱ་རོག་གི་དབང་ལུང་ཚང་བ་ཐོབ་བོ། །ཨེ་མ་སྐྱེ་མེད་ཞང་སྟོན་ཆོས་ཀྱི་སྐུ།།གང་གི་གྲགས་པས་ས་གསུམ་ཁེངས་ན་ཡང་།།ཁྱོད་ཀྱི་དོན་རྒྱུད་འཛིན་པ་ཉིན་སྐར་བཞིན།།གྱུར་ལ་ཉེ་ཚེ་མན་ལུང་འཁྲུལ་ཞིག་གམ། །བཀའ་དྲིན་བཟང་པོའི་མཐུ་ལས་བདག་སྐལ་གྱི། །རྙེད་འདི་ངོ་མཚར་གནས་སུ་ཅིས་མི་འགྱུར། །དེས་ན་མགོན་པོ་དབྱིངས་ནས་དགྱེས་རིག་ཞིང་། །ཚུལ་འདི་དག་ཀྱང་སྔོན་སྨོན་ཉིད་དུ་ངེས། །ཞེས་པའང་སྨྲས་སོ། །

ཡང་བརྒྱད་པ་མཉམ་མེད་དྭགས་པོའི་མན་ངག་ཕྱག་རྒྱ་ཆེན་པོ་ལ་ཡི་གེ་བཞི་པར་མཚན་གསོལ་བ་དེ་ཉིད་ཟ་ཕུག་སྒྲུབ་ཆེན་སྦས་པའི་སངས་རྒྱས་བཀྲ་ཤིས་རྒྱ་མཚོའམ་ཤཱཀྱ་སེང་གེར་གྲགས་པ་གང་གི་ཞལ་སྔ་ནས་གཙང་སྨྱོན་ཧེ་རུ་ཀ་ཡི་བཞེད་པ་ཇི་བཞི་དུ་སྨིན་ཁྲིད་ལན་གྲངས་དུ་མའི་བར་དུ་ཞུས་ཤིང་མན་ངག་ཞལ་གདམས་སྦ་འཕྲི་མེད་པར་ནོས་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཏེ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ། ཕག་གྲུ། དེ་ཡི་ཉེ་བའི་སྲས་བཞིའི་ཡ་གྱལ་དགྱེར་སྒོམ་ཞིག་པོ་རྡོ་རྗེ། དེ་ནས་རིམ་བཞིན་གསེར་ལྡིང་པ་གཞོན་ནུ་འོད་ཟེར། དེ་སྲས་ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཇོ་ནང་ཀུན་སྤང་ཐུགས་རྗེ་བརྩོན་འགྲུས། ཇོ་ནང་བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་གྲུབ་བློ་གྲོས་བཟང་པོ། རྣལ་འབྱོར་འོད་ཟེར་སེང་གེ། ལ་ཕྱི་བ་ནམ་མཁའ་རྒྱལ་མཚན། ལ་ཕྱི་འདུལ་འཛིན་ངག་དབང་། སྟག་ལུང་ངག་དབང་གྲགས་པ། ཤ་ར་རབ་འབྱམས་སངས་རྒྱས་སེང་གེ། གཙང་སྨྱོན་པ་རུས་པའི་རྒྱན་ཅན་སངས་རྒྱས་རྒྱལ་མཚན། ཐུགས་སྲས་ལྷ་རྒོད་རྣམ་གཉིས། གནས་རབ་བློ་གྲོས་རབ་ཡངས། རས་ཆུང་སྤྲུལ་སྐུ་གྲུབ་མཆོག་དབང་པོ། རྔོག་སྟོན་ཀརྨ་བློ་བཟང་། གུར་ཕུག་པ་རྒྱལ་དབང་སེང་གེ། དེ་ཡི་ཆོས་སྲས་ཐུ་བོ་ཤཱཀྱ་སེང་གེ། དེས་བདག་ཚེ་དབང་ནོར་བུ་མཁའ་འགྲོའི་དབང་ཕྱུག་ལའོ། །ཡང་ལུགས་སྲོལ་གཅིག་ནི། གཙང་སྨྱོན་ཆེན་པོ་ནས། པཎ་ཆེན་དངོས་གྲུབ་དཔལ་འབར། བྱམས་པ་ལྷ་བཙུན་གྲགས་པ། ངག་དབང་གྲགས་པ། བྱམས་པ་རྣམ་རྒྱལ། བྱམས་པ་རྡོ་རྗེ། བྱམས་པ་རྣམ་རྒྱལ། ཡེ་ཤེས་དཔལ་འབྱོར། སངས་རྒྱས་ཤེས་རབ། བྱམས་པ་ཀུན་དགའ། སངས་རྒྱས་ཡར་འཕེལ། སངས་རྒྱས་བསོད་ནམས། དེ་ལ་སྤུང་ཁྲིད་ཚུལ་དུ་གདན་ཐོག་གཅིག་ཏུ་རྫོགས་པར་ཞུས་པ་ལགས་བརྒྱུད་ཡིག་འདི་བྲིས་པའི་ལོ་ཕྱི་མ་ཤིང་ཡོས་ལོར་ཞུས་པ་ཡིན། །སརྦ་མངྒ་ལཾ།

ཡང་དམ་པ་དེ་ལ་ཕྱག་རྒྱ་ཆེན་པོའི་མན་ངག་ཁྲིད་རྒྱུན་དགུ་པ་དཔལ་ཏེ་ལོ་པ་ཡི་ཐུགས་བཅུད་ཕྱག་ཆེན་གངྒཱ་མ་དང་ཆོས་ཉིད་གཉུག་མའི་དོ་ཧ་ཡི་བཤད་འགྲེལ་དང་། ཆོས་ཉིད་གཉུག་མའི་ཁྲིད་ཡིག་ཟིན་བྲིས་སྟེང་ནས་སྨིན་པར་ནོས་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ་པ། ནཱ་རོ་ཏ་པ། མར་ལོ། རི་ལ་རས་པ། རས་ཆུང་རྡོ་རྗེ་གྲགས་པ། ཁྱུང་ཚང་ཡེ་ཤེས་བླ་མ། དེ་ལ་མར་སྟོན་ཚུལ་ཁྲིམས་འབྱུང་གནས། ཏར་བསྒོམ་པ། མ་ཅིག་ཨང་ཇོ། དེ་གསུམ་ལ་ཞང་ལོ་བྱང་ཆུབ་འོད། དེ་ལ་འགྲོ་མགོན་དྷཱ་ར་ཤྲཱི། དེ་ནས་རིམ་བཞི་བྱང་སེམས་བསོད་ནམས་རྒྱལ་མཚན། མ་ཅིག་ཀུན་ལྡན་རས། མཁས་བཙུན་གཟི་བརྗིད་རྒྱལ་མཚན། མཁན་ཆེན་དབང་ཕྱུག་རྒྱལ་མཚན། རི་ཁྲོད་པ་གཞོན་ནུ་རྒྱལ་མཚན། རས་ཆེན་གདན་གཅིག་པ། ལྡོང་སྟོན་ནམ་མཁའ་རྒྱལ་མཚན། འདུལ་འཛིན་ངག་གི་དབང་པོ། ཤ་ར་རབ་འབྱམས་པ་སངས་རྒྱས་སེང་གེ། གཙང་སྨྱོན་ཕྱོགས་ལས་རྣམ་རྒྱལ་ཏེ། དེ་ནས་ཤཱཀྱ་སེང་གེའི་བར་ཡི་གེ་བཞི་པའི་བརྒྱུད་པ་དང་འདྲ། གཞན་ཡང་བརྒྱུད་པ་དེ་ཉིད་ལས་གཙང་སྨྱོན་ལུགས་ཀྱི་རས་ཆུང་པའི་བདེ་མཆོག་སྙན་རྒྱུད་དྲུག་ཅུ་པའི་དབང་ལན་བཅུ་གསུམ་གྱི་བར་དུ་ཞུས་ཤིང་ལུང་ཁྲིད་བཤད་བཀའ་ལེགས་པར་ནོད་ཅིང་ལུས་སྦྱོང་སོགས་གདམས་པའི་མཐའ་ཡང་ཅི་རིགས་པ་ཆོད་པས་བཀའ་དྲིན་ཆེའོ། །ཨེ་མ་ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་ནི། །དཔའ་བོ་ཆེན་པོ་ཏིལ་བརྡུང་ཧེ་རུ་ཀ །གང་གི་ཐུགས་བཅུད་ཡིད་བཞིན་ནོར་བུ་མཆོག །སྟེར་མཛད་ཤཱཀྱ་སེང་གེ་ཕྱག་གི་གནས། །ཞེས་པའང་སྨྲས་སོ། །

བཅུ་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་བཀའ་བརྒྱུད་སྲོལ་གཅིག་འཇིགས་མེད་དབྱངས་ཅན་དགའ་བའི་ཞལ་སྔ་ནས་བརྒྱུད་པ། ལྟས་སྒ་གྲུབ་ཆེན་ཟབ་གསལ་ཆོས་འཕེལ་ཞབས་ལས་རྩ་སྡོམ་(འདི་ནས་མ་དཔེ་ལྡེབ་ངོས་གཉིས་ཆད་འདུག)རྡོར་ནོར་བུ་དང་། དཔལ་འབར་གྲུབ་ཆེན་དཔག་བསམ་ཡེ་ཤེས། དེ་གཉིས་ཀ་ལ་རང་རིག་རས་པ་ཀུན་དགའ་རྒྱ་མཚོ། དེས་འཇམ་དབྱངས་འཕྲིན་ལས་རབ་བརྟན། དེས་བདག་ཚེ་དབང་ནོར་བུ་ལའོ། །ཡང་ན་སྤྲུལ་སྐུ་དཔག་བསམ་དབང་པོ་ནས། གྲུབ་དབང་ཅོག་གྲ་སྙན་གྲགས་དཔལ་བཟང་། གཉིས་ཀ་ལ་རང་རིག་རས་པ་ཡི་ཐུག་པར་མཛད་པས་དེ་དག་བརྒྱུད་པའི་རྣམ་གྲངས་སུ་བགྲངས་རུང་ཡང་། དོན་རྒྱུད་ཀྱི་ཆུ་བོ་ཡང་དག་པ་ནི་གོང་དུ་བཤད་པ་དེ་ཁོ་ན་ཡིན་ཞེས་གསུངས་སོ། །ཡང་རྒྱལ་དབང་རྗེ་གསུམ་པ་མི་ཕམ་པད་དཀར་ཞབས་ནས། སྤྲུལ་སྐུ་མི་ཕམ་ཆོས་ཀྱི་རྒྱལ་པོ། དེ་སྲས་མི་ཕམ་བསྟན་པའི་ཉི་མ། དེ་སྲས་མཐུ་སྟོབས་ཀྱི་དབང་ཕྱུག་ངག་དབང་རྣམ་རྒྱལ། དེ་ཡི་སློབ་མ་གྲུབ་མཆོག་དབང་གི་རྒྱལ་པོ། དེས་རྗེ་བཙུན་རང་རིག་དཔའ་བོ་སྟེ། དེ་ཡང་བྱིན་རླབས་ནུས་པར་ལྡན་པའི་བརྒྱུད་པའོ། །བརྒྱུད་པ་འདི་གཉིས་ཀ་སོ་སོ་བར་དམ་ཚིག་སེལ་མེད་བྱིན་རླབས་མ་ཉམས་པ་ཡིན་ཅིང་ཕྱིས་བྱུང་གི་སླད་དེ་མེད་པའོ། །རྒྱུད་པ་འདི་ཡི་རྗེས་འབྲེལ་མཻ་ཏྲི་ལུགས་ཀྱི་བདེ་མཆོག་བཅུ་གསུམ་གྱི་དབང་བཞི་ཞིབ་རྒྱས་དང་། བསྲེ་འཕོ་འགྲེལ་ཆེན་གྱི་ལུང་ཁྲིད་དུ་དམིགས་ནས་ཉན་ཡང་། ཁྲིད་ཡིག་དངོས་མ་ལོགས་སུ་བཞུགས་པས་ཁྲིད་ཐོབ་པའི་གོ་མ་ཆོད་དོ། །བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་རྣམས་ཀྱང་ལེགས་པར་ནོད་པ་ཡིན་ལ་བྱིན་རླབས་ཀྱི་ཆ་ཤས་ཀྱང་ཞུགས་པར་རློམ་མོ། །ཡང་བདག་གི་འདྲེན་པ་འཕྲིན་ལས་རབ་བརྟན་ཞལ་སྔ་ནས་དེའི་སྤྲུལ་པའི་སྐུ་མི་ཕམ་ཡོངས་འདུ་ལ། ཕྱག་ཆེན་མན་ངག་གི་སྙིང་པོ་མཚོན་པ་ཙམ་ཞིག་གསན་ཅིང་། དེ་དང་རྩ་བའི་བླ་མ་རང་རིག་ཞབས་ཐ་དད་མེད་པར་གསོལ་བ་བཏབ་པའི་ཡུལ་དུ་མཛད་པས་ན། དེས་ན་རྗེ་རང་རིག་པ། རྗེ་མི་ཕམ་ཡོངས་འདུས་རྗེ་འཇམ་དབྱངས་འཕྲིན་ལས་རབ་བརྟན། ཞེས་བགྲང་ན་ཡང་རུང་མོད། དམ་པ་འདི་ལ་བོ་དོང་ལུགས་ཀྱི་ཕྱག་ཆེན་ལྷན་སྐྱེས་ཡང་མནོས་པའི་བརྒྱུད་པ། རིན་པོ་ཆེ་ནམ་མཁའ་ནོར་བུ་ཡན་གོང་གི་སྐབས་སུ་བཤད་པ་ལྟར་ལས། དེ་ལ་དམ་པ་འདིའི་གསན་པའོ། །ཡང་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རྒྱུན་བཅུ་གཉིས་པ་ཡི་གེ་བཞི་པ་བོ་དོང་ལུགས་ནོད་པའི་བླ་མ་བརྒྱུད་པ་ནི། སྟག་ལུང་ངག་དབང་གྲགས་པ་ནས། སྤྲུལ་སྐུ་འཆི་མེད་དཔལ་བཟང་པོ། འཇམ་གླིང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། རྗེ་དབོན་གྱི་བླ་མ་ནམ་མཁའ་རིན་ཆེན། འདུལ་འཛིན་ནམ་མཁའ་རྒྱལ་པོ། མཁས་གྲུབ་ནམ་མཁའ་དཀར་པོ། རིན་པོ་ཆེ་ནམ་མཁའ་ནོར་བུ། རྗེ་འཇམ་དབང་འཕྲིན་ལས་རབ་བརྟན། དེས་བདག་ཚེ་དབང་ནོར་བུ་ལའོ། །དེ་ལྟར་ཡོངས་སུ་གྲགས་ཆེ་ཕྱག་རྒྱ་ཆེ། །འཛིན་མའི་ལྟོ་ཀུན་འགེངས་མཛད་པདྨ་དཀར། །གང་གི་རིང་ལུགས་སྙིགས་མེད་བར་འབྲུག་ཞེས། །གདམས་པས་བདག་བློ་ཚིམ་མཛད་རྫོང་ཕུ་མ། །ཞེས་པའང་སྨྲས་སོ། །

ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་རྒྱུན་བཅུ་གསུམ་པ་རྟོགས་པའི་གར་མཁན་དབུས་སྦྱོན་ཧེ་རུ་ཀ་དཔལ་ཀུན་བཟང་གྲུབ་པའི་དཔའ་བོ་ནས་བཀའ་སྲོལ་ནོད་པའི་བླ་མ་བརྒྱུད་པ་ནི། སྐྱེས་མཆོག་འབའ་ར་བ་རྒྱལ་མཚན་དཔལ་བཟང་ཡན་ཆད་སྟོད་འབྲུག་སྐབས་སྤྱི་དང་འདྲ་བ། དེ་ནས་རས་ཆེན་བརྩོན་འགྲུས་དར་པོ། ཆུ་བོ་རི་པ་ཀུན་དགའ་རྣམ་རྒྱལ། དབུས་སྨྱོན་ཧེ་རུ་ཀ་དཔལ་ཀུན་བཟང་གྲུབ་པའི་དཔའ་བོ། དེས་མངའ་རིས་དོལ་པོ་རྣམ་གྲོལ་བཟང་པོ། ཚར་ཁ་ཆོས་སྐྱོང་རྡོ་རྗེ། བར་ལུང་ཁྲི་གཉེར་བ་ཡོན་ཏན་རྒྱ་མཚོ། ཀུན་སྤང་ཤཱཀྱ་བཟང་པོ། བར་ལུང་ཁྲི་གཉེར་བ་ཡོན་ཏན་རྒྱལ་མཚན། བར་ལུང་ར་བྲང་བ་དཔལ་ལྡན་རྡོ་རྗེ། རྗེ་ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཚེ་དབང་ནོར་བུ་ལའོ། །ཡང་ན། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ་ནས། གྲུབ་ཆེན་རྒྱལ་མཚན་འབུམ། རྟོགས་ལྡན་ཤེས་རབ་མགོན། བླ་ཆེན་རིན་ཆེན་གཞོན་ནུ་དཔལ། སྤྱན་སྔ་བསོད་ནམས་རྒྱལ་མཚན། བྲག་ཅོག་རིན་ཆེན་བཟང་པོ། དབུས་སྨྱོན་ཀུན་དགའ་བཟང་པོ། རྣམ་གྲོལ་བཟང་པོ་ནས་སྔར་ལྟར་རམ། ཡང་ན། ག་མི་བསོད་ནམས་བློ་གྲོས། རྗེ་ཆོས་སྐྱབས་དཔལ་བཟང་། མཐར་སྐར་ཆོས་སྐྱོང་དཔལ་བཟང་། རྣལ་འབྱོར་ཀརྨ་རྡོ་རྗེ། རྗེ་ཨོ་རྒྱན་རྒྱལ་མཚན་དཔལ་བཟང་པོ། དེས་སོ། །

ཡང་དབུས་སྨྱོན་ནས་བརྒྱུད་པའི་ཁྲིད་རྒྱུན་འདི་ལ་དཔག་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཕག་གྲུ་གདན་ས་མཐིལ་གྱི་གདན་རབས་ནས་བརྒྱུད་པ་དེ་ཡང་ཆུ་བོ་གཅིག་འདྲེས་སུ་ཞུགས་པས། དེས་ན་བརྒྱུད་པའི་རྣམ་གྲངས་བཅུ་བཞི་པར་བགྲངས་ཏེ། དེ་ཡང་འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ་པོ་ནས། འབྲི་གུང་འཇིག་རྟེན་རིན་ཆེན་དཔལ། སྤྱན་སྔ་རླང་ལྷ་གཟིང་པ་གྲགས་པ་འབྱུང་གནས། རྒྱལ་བ་གྲགས་པ་བརྩོན་འགྲུས། བཅུ་གཉིས་རིན་ཆེན་རྡོ་རྗེ། སྤྱན་སྔ་གྲགས་པ་ཡེ་ཤེས། གཉིས་མཆོད་པ་གྲགས་པ་རིན་ཆེན། ཚེས་བཞི་གྲགས་པ་རྒྱལ་མཚན། བཅུ་གཉིས་གྲགས་པ་ཤེས་རབ། ཚེས་བཞི་གྲགས་པ་བྱང་ཆུབ། དེས་སྤྱན་སྔ་ཀུན་སྤང་བསོད་ནམས་གྲགས་པ་དང་། བླ་མ་རིན་ཆེན་གཞོན་ནུ་གཉིས་ཀ་ལ། སྤྱན་སྔ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་གསན་ཅིང་། བྲག་ཅོག་རཏྣ་བྷ་ཊ་ནས་དབུས་སྨྱོན་མན་འདྲ། ལུགས་སྲོལ་འདི་ལ་བརྒྱུད་པའི་རྣམ་གྲངས་མང་ཞིག་འདུག་ཀྱང་འདིར་བརྗོད་པ་ནི་སྙིང་པོ་ཙམ་མོ། །དབུས་སྨྱོན་ཧེ་རུ་ཀ་དཔལ་འདི་ཉིད་ཆེས་ཆེ་བའི་གྲུབ་ཐོབ་ཡིན་འདུག་ཀྱང་དེང་སང་ཆོས་རྒྱུན་འཛིན་པ་དཀོན་པར་འདུག་པས་དེ་ལ་བརྒྱུད་པའི་ཕྱག་ཆེན་ཞིབ་ཐོབ་འདོད་ཆེ་བར་བྱུང་བཞིན། དོལ་པོ་བླ་མ་ཨོ་རྒྱན་རྒྱལ་མཚན་ཞལ་སྔ་ནས་ལ་དམར་བསྒོམ་ཆོས་སྐྱབས་དཔལ་བཟང་གི་ཁྲིད་ཡིག་སྟེང་ནས་ཟླ་གཅིག་གི་བར་དུ་སྨིན་ཁྲིད་དུ་སྐྱོང་བར་བྱས་ཤིང་། དེ་སྐབས་ཤིག་ཏུ་ཡི་དམ་ལྷའི་སྣང་བ་བཅས་དགེ་སྦྱོར་བཟང་པོར་མངོན་པ་ཡང་བྱུང་བས་བྱིན་རླབས་དོན་གྱི་ཆུ་བོ་ཡང་ཐོབ་པར་ངེས་སོ། །མདའ་བསྣུན་རྟོགས་པར་ཅོ་འདྲི་མཁའ་འགྲོའི་དབང་ཕྱུག་ཆེ། །འོད་གསལ་སྒྱུ་མའི་སྐུ་བརྙེས་བདེ་ཆེན་དཔའ་བོ་མཆོག །ཀུན་དགའ་བཟང་པོ་ཕྱག་རྫོགས་དོན་གྱི་རྣལ་འབྱོར་པ། །གངས་རིའི་ཁྲོད་འཁྲུངས་གྲུབ་དེས་ལྗོངས་འདི་མཛེས་རྒྱན་བྱས། །གང་གི་རིང་ལུགས་བྱིན་རླབས་མ་ཉམས་བརྒྱུད་པ་ཡི། །སྲད་བུ་ལས་བྱུང་ཕྱག་རྒྱ་ཆེན་པོའི་མན་ངག་གི །རིན་ཆེན་འཕྲེང་བ་རྣམ་པར་མཛེས་དེ་བདག་གི་བརྒྱན། །བཅིངས་པོ་ཨོ་རྒྱན་རྒྱལ་མཚན་དཔལ་དེར་སྙིང་ནས་འདུད། །ཞེས་སོ། །

དེ་ནི་བཀའ་དྲིན་མཆུངས་མེད་རྩ་བའི་བླ་མ་བཞི་པ་འདྲེན་མཆོག་སྦས་པའི་སངས་རྒྱས་དཔལ་བརྩེ་བ་ཆེན་པོ་ས་མནྟ་བྷ་དྲེནྟྲ་གང་གི་ཞལ་སྔ་ནས། རྒྱ་དཀར་གྱི་སློབ་དཔོན་སྤྱོད་འཆང་ནག་པོའམ་སྒྱུ་འཕྲུལ་རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་ཞབས་ཀྱིས་མཛད་པའི་ཁྲིད་ཆེན་བརྒྱ་དང་བརྒྱད་ཀྱི་གནད་སྡོམ་ས་བོན་ལྟ་བུ་མཛད་པ་དེ་ཡི་བཀླགས་ལུང་ཡོངས་འཛིན་ངག་དབང་འཕྲིན་ལས་ལ་གསན་མོད། ཁྲིད་ཀྱི་རྒྱུན་ནི་དགེ་སློང་སྙིང་པོ་མཐའ་ཡས་ལ་གསན་པར་མཛད་པ་ཡིན་ཞེས་གསུང་ཞིང་། དགེ་སློང་དེ་རྗེ་བཙུན་དམ་པའི་སྤྲུལ་སྐུ་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང་པོའི་ཞབས་ལ་ཟིན་ཅིང་། ཕྱིས་སུ་ཡང་དེའི་རྒྱལ་ཚབ་འཇམ་དབྱངས་རིན་ཆེན་རྒྱ་མཚོ་དང་། ཇོ་ནང་རྗེ་བཙུན་མ་འཕྲིན་ལས་དབང་མོའི་ཞབས་ལ་ཡུན་རིང་དུ་ཐུག་པས། ཁྲིད་རྒྱུན་བཞུགས་པར་སོམ་ཉི་མ་དགོས་ཤིང་། དེ་ལ་བདག་གི་ཡོངས་འཛིན་སྦས་པའི་སངས་རྒྱས་བརྩེ་བ་ཆེན་པོས་ཁྲིད་རྒྱུན་གྱི་ཚུལ་དུ་གསན་པ་ཡིན་འདུག་ལ། དེ་ཡང་བླ་མས་བཤད། སློབ་མས་གོ་བ་ལ་ཁྲིད་ཟེར་གྱི། གཞན་བླ་མས་མ་བཤད་སློབ་མ་ལ་གོ་མྱོང་མ་བྱུང་ན། ཁྲིད་རྒྱུན་དུ་འགྲོ་དཀའ་མོད་ཀྱང་། འདིར་ནི་བླ་སློབ་གཉིས་ཀས་ཁྲིད་རྒྱུན་དུ་དམིགས་ན་གསན་བཞེས་མཛད་པས་མོས་པའི་སྟོབས་དང་། དགེ་སློང་དེ་ཡང་རྡོ་རྗེའི་རྣལ་འབྱོར་བ་བཟང་པོ་ཡིན་འདུག་ལ། བདག་གི་འདྲེན་པ་ནི་སྔོན་སྦྱངས་མཐུ་ཆེན་པོས་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་སྔ་མའི་ས་ལ་ངེས་པར་བཞུགས་པས། ཡེ་ཤེས་ཀྱི་མཐུ་ཡིས་དེས་ན་ཁྲིད་རྒྱུན་རྣམ་དག་ཏུ་འགྲུབ་པར་འདུག་པས། བདག་གིས་ཀྱང་འབད་པ་ཆེན་པོས་ཞུས་ཤིང་། རྗེ་བླ་མ་རིན་པོ་ཆེས་རྩ་སྡོམ་དག་གསལ་ལྷག་ཆད་ནོར་འཁྲུལ་གྱི་སྐྱོན་མེད་གསུང་རིམ་བཞིན་དེ་རྣམས་ཀྱི་གོ་དོན་སྤུ་རིས་མ་འདྲེས་པར་བློ་ལ་ལམ་ལམ་པར་འཆར་ངེས་སུ་བྱས་པས་ན་ངེད་རང་ནས་ཀྱང་ཁྲིད་རྒྱུན་ཐོབ་པའི་གྲངས་སུ་འགྲོ་ངེས་བྱས་ལ། དེ་ལྟར་མ་བྱུང་ན་བླ་མ་ལ་ཁྲིད་རྒྱུན་ཙམ་ཡོད་རུང་གོ་བཤད་དང་མ་འབྲེལ་ན་བཀླགས་ལུང་ཉིད་ལས་གཞན་མ་ཡིན་ཏེ། དེང་སང་དུས་ངན་དབང་གིས་ལུང་ཁྲིད་ཤན་མི་དབྱེ་བར་གང་ཡིན་མེད་པའི་ཆལ་ཆོལ་བྱེད་མཁན་མང་དུ་ཡོད་ཀྱི་འདུག་པ་ནི་རྒྱལ་བསྟན་གྱི་སྲོག་རྩ་བཅད་པའི་དམར་ལས་མཁན་ལས་གཞན་མ་ཡིན་ནོ། །དེས་ན་ལུང་རྒྱུན་དང་བཤད་རྒྱུན་དང་། ཁྲིད་རྒྱུན་རྣམས་སོ་སོར་ཕྱེས་པ་ཤིན་ཏུ་གཅེས་སོ། །

ལུང་རྒྱུན་ཐོབ་པས་ཁྲིད་ཐོབ་པའི་གོ་ཆོད་ན། དབང་དཔེའི་བཀླགས་ལུང་ཐོབ་པ་ཙམ་གྱིས་དབང་དེ་ཐོབ་པའི་གོ་ཆོད་དགོས་པར་ཐལ། དེ་ལྟའི་གོ་སྐབས་ནི་ཡེ་ཤེས་ཐོབ་ན་མ་གཏོགས་མེད་པའི་ཕྱིར་རོ། །དེ་བས་ན། ཡེ་ཤེས་གཅིག་པུའི་ལས་ཀུན་བྱེད། །ཅེས་གྲུབ་པ་ཐོབ་ངེས་པ་དང་། སྨོན་ལམ་གྱི་དབང་བསྐུར་ཅན་རྣམས་མ་གཏོགས། བཀླགས་ལུང་ཁྲིད་དུ་འཛིན་ནས་བཤད་ན་བདུད་ལས་རླབས་པོ་ཆེ་སྟེ། བསྐལ་པ་རྒྱ་མཚོར་དམྱལ་བའི་བུད་ཤིང་དུ་འགྱུར་བས་གོ་བར་གཅེས་སོ། །དེས་ན་དེང་སང་སྙིགས་མའི་དབང་གི་རྡོ་རྗེ་འཆང་གི་གསུང་གཙང་མ་རྒྱུད་སྡེའི་ཁུང་དང་འབྲེལ་བའི་ཁྲིད་བཀའ་ཁྱད་པར་རྣམས་སྐྱེ་བོ་དོན་གཉེར་ཆུང་བས་ཆེད་དུ་ཉེ་བ་འགའ་རྒྱལ་བསྟན་ལ་ལྷག་བསམ་དག་པས་རང་གཞན་གྱི་དོན་ཆེ་བཞག་ཆུང་བཤོལ་ཞིང་དཀའ་བ་ཁྱད་དུ་བསད་ནས་འབད་པ་དྲག་པོས་རི་སུལ་ལུང་སྐྱོགས་ཀྱི་དགོན་ཆུང་རེ་རེ་བཞིན་འགྲིམ་ཀྱིན། ཡ་ཀི་ཡོངས་གྲགས་ཀྱི་བླ་ཆེན་ནས་མ་ཀི་གྲོང་པའི་ཁྱིམ་བཙུན་ཡན་ཆད་བརྟེན་ཅིང་། རང་གི་མངོན་རློམ་ལྟག་ཚུགས་ཁེ་གྲགས་ཁེངས་པ་མཐའ་དག་བཏང་ནས་སྒོ་གསུམ་དམན་པ་བཟུང་བཞིན་གུས་པའི་བསྙེན་ཚུལ་དང་མི་བྲལ་བར་བྱེད་ཅིང་ཤེས་རབ་བསྒྲུབ་པའི་མཎྜལ་དང་ཟང་ཟིང་གི་བསྙེན་བསྐུར་འཕང་མེད་ལྟོས་མེད་ཀྱི་སྒོ་ནས་མཉེས་པར་བྱེད་པ་འདི་རྒྱལ་བའི་གསུང་དྲི་མ་མེད་པ་མི་ནས་མི་རུ་བརྒྱུད་པ་ཟམ་མ་ཆད་པ་ལ་རྩིས་སུ་བྱེད་པའི་དོན་ཡིན་གྱི་དེ་བས་དཀའ་ཚེགས་ཆེན་པོ་དེ་ཁུར་དགོས་དོན་ཅི་ཞིག་ཡོད་དེ། ཡང་རང་གི་ལམ་སྣ་མ་ཟིན་པ་ཞིག་ཡིན་ན་ད་ཆོས་བྱེད་ཕྱིན་བླ་མ་མི་བསྟེན་ནས་སྡོད་རྒྱུ་ག་ལ་ཡོད་ཀྱང་། ངེད་ནི་སྐྱེ་བ་སྔ་མ་ནས་འདྲེན་པ་བཟང་བ་ལ་དམིགས་ནས་པདྨ་བདེ་ཆེན་གླིང་པའི་ཞབས་དྲུང་དུ་སྐྱེས། བསམ་བཞིན་ཡོངས་འཛིན་དུ་དེ་བརྟེན་ནས་སྨིན་གྲོལ་གྱི་གདམས་པ་ཡང་རང་སྐལ་དང་མཐུན་པར་ཐོབ། གདམས་པའི་སྲོག་གྱུར་དམ་ཚིག་ལ་སྐྱོན་གྱུར་འགལ་བ་སྤུ་ཙམ་ཡང་མེད་པར། དེ་ནས་ཡོངས་འཛིན་ཞིག་བརྟེན་པ་དེ་སློབ་དཔོན་པདྨས་གཏེར་ལུང་དུ་མ་ནས་ཟིན་ཅིང་མཁས་བཙུན་བཟང་པོའི་མཐར་ཐུག་པ་ཀརྨ་རིག་འཛིན་ཞེས་རྒྱ་དཀར་གྲུབ་ཐོབ་ཤཱ་ཝ་རི་པའི་སྤྲུལ་སྐུ་དེ་ཡི་ཞབས་པད་བསྙེན་ནས་བླ་མ་བརྟེན་ཚུལ་ཡང་རྒྱུད་སྡེ་ནས་བཤད་བཞིན་པ་བྱས། སེམས་ཉིད་ཀྱི་ངོ་བ་མཐོང་བ་ཡང་རྡོ་རྗེ་འཆང་དེས་དབུགས་དབྱུང་བར་མཛད། དེ་འཕྲོར་རང་དོན་འབའ་ཞིག་དོན་དུ་གཉེར་འདུན་གྱི་ཙཱ་རི་ཊ་ལྟ་བུ་མི་མེད་དབེན་པའི་གངས་ཁྲོད་གཅིག་ཏུ་ཚེ་དང་བསྒྲུབ་པ་སྙོམས་པ་ཞིག་ཡོང་ཨེ་ཐུབ་བསམ་ཡང་།

སྔོན་ལས་ཀྱི་དེ་མ་གྲུབ་ཅིང་དབུས་གཙང་ཕྱོགས་འདིར་སླེབས་ནས་རྗེ་ཀརྨ་པ་དང་སྤྱན་སྔ་ཞྭ་དམར་བ་དང་ཕ་ཏྲེ་བོ་ཆོས་ཀྱི་དབང་པོ་སོགས་དམ་པ་མང་དུ་མཇལ། བསྟན་པ་ལ་སེམས་ཁུར་ཡིན་ཁུལ་གྱི་ཆོས་ལ་ཐོས་བསམ་དང་། འཆད་སྤེལ་ཅི་རིགས་པ་བྱས་མོད། དེ་ཡང་ཕྱོགས་གཅིག་ནས་རང་འདོད་འདི་སྣང་གི་ཁེ་གྲགས་མིན་པས་འགྲོ་དོན་གྱི་གཟུགས་བརྙན་ཙམ་གྲུབ་པར་ཡང་རློམ། འོན་ཀྱང་རང་དོན་ཇི་བཞིན་པ་ཞིག་འགྲུབ་ན་གཞན་དོན་ཤུགས་ཀྱིས་འགྲུབ་རྒྱུར་གདའ་བ་ལ། ཆོས་རྒྱུན་དཀོན་པོ་ལ་གཅེས་འཛིན་གྱི་མི་ཚེ་འདི་ཡད་ཡུད་ཀྱི་ངང་ལ་རྫོགས་ནས་བསྒོམ་སྒྲུབ་བྱས་པའི་རྗེས་མེད་པ་འདི་ཡང་སྐྱོ་བ་འཕེལ་རབ་ཏུ་གདའ། ཨ་ཀྱང་འགའ་ཞིག་ཆོས་འཇིག་རྟེན་གྱི་བྱ་བ་གང་ཡང་མ་གྲུབ་པར་འཆི་བ་དེ་ཚོ་ལས་ངེད་རང་གི་ཐོས་བསམ་གྱི་གཡེང་བ་འདི་ལོས་གྲགས། ད་འགྱོད་རྒྱུ་མེད་ཕཊ་ཊཿ འོན་ཀྱང་ཕྱིན་ཆད་བསྒྲུབ་པ་ལ་གཞོལ་ནས། འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་ཞིག་དང་། དེ་ལྟ་མིན་ཀྱང་ཚེ་དང་བསྒྲུབ་པ་མཉམ་པ་ཞིག་སྨོན་པ་ལགས། དེ་ལྟར་བསྟན་པ་ལ་ལྷག་བསམ་ཁོ་ན་ལས་དེ་མིན་ངེད་རང་བསྒྲུབ་པ་བརྒྱབ་ནུས་ན་ཉམས་ལེན་གྱི་རྐང་ནི་རྩ་བའི་བླ་མ་གཉིས་ཀྱི་ཐུགས་རྗེ་ཁམས་ནས་གདེང་ཅུང་ཚུད་པ་དེ་ཀ་ལྟར་ལགས། དེ་འདྲ་ཆ་རྒྱུས་མེད་པའི་མཆེད་གྲོགས་འདྲ་དང་བླ་མ་རྣམས་ཀྱི་གྲྭ་འཁོར་ཚོས་བསྐྱེད་རྫོགས་ཡེ་ནས་གོ་མྱོང་མེད་པའི་རྣལ་འབྱོར་གསར་ཞུགས་ཁམས་གང་ཡང་མེད་པ་ཞིག་ཏུ་བརྩི་བ་དང་། ལ་ལས་ནི་དེ་ཡོད་པར་ཤེས་ཀྱང་མི་གཞན་གྱི་སྣང་ངོར་རང་རང་ཆེ་འདོད་ཀྱི་སྒོ་ནས་ཁྱད་གསོད་མིག་བརྙས་ཅི་རིགས་པ་བྱེད་མཁན་ཡོངས་ཀྱི་འདུག་ཀྱང་། ཕལ་ཆེར་ནི་ངེད་རང་གི་སྡིག་སྒྲིབ་ཀྱི་རང་གཟུགས་སུ་ངེས་པས་བཟོད་པ་བསྒོམ་ནུས་ན་སྡིག་སྒྲིབ་ཀྱི་ཕྱག་མ་རུ་དེ་འདྲ་བཟང་བ་ཡིན་པས་ཨེ་མ་ཧོཿ ལར་རང་གི་གནས་ཚུལ་ཇི་བཞིན་པར་བརྗོད་ན་ང་རྒྱལ་དུ་འགྲོ། མ་བརྗོད་ན་གཞན་གྱི་མིག་བརྙས་ཡུལ་དུ་བཟུང་ནས་རང་གཞན་ལས་ངན་གྱི་གནས་སུ་བསག གང་བྱས་ཀྱང་སྟབས་མི་བདེ་བ་འདི་ཡང་རང་སེམས་སླད་མེད་ཆོས་རྒྱུན་རྣམ་དག་གི་ཆེད་དུ་ཡིན་པས་བྱ་བ་དོན་ལྡན་ཏེ་དགའ་བ་བསྒོམ་པའི་གནས་སུ་ཤེས་པར་བྱའོ། །བསྟན་ལ་ལྷག་བསམ་གྲོགས་ལ་ཕན་པའི་ལས། །ཅི་ལྟར་སྤྱད་ཀྱང་གཞན་དག་མི་མགུ་ཞིང་། །ཁྱད་གསོད་བརྙས་བཅོས་ཧམ་པས་མནར་ན་ཡང་། །བྱམས་པའི་མ་ལྟར་བདག་གིས་བལྟ་ནུས་ཤོག །བཟང་བྱས་ཕར་ལ་དྲིན་ཡུས་ཚུར་ར་རྩི། །སྒོ་གསུམ་འབད་པའི་ལས་ལ་གནོང་ཆུང་བཞག །མཆེད་གྲོགས་དུས་ངན་རང་གཟུགས་བསྟན་ན་ཡང་། །བདག་སེམས་མི་འཁྲུག་དེ་ལ་བཟོད་པར་ཤོག །བདག་ནི་སྐྱེ་བ་འདི་ནས་བྱང་ཆེན་བར། །དུས་ཀུན་རྒྱལ་བསྟན་སྲོག་ལས་ལྷག་བལྟ་ལས། །གཞན་གྱི་ངན་སྨྲས་བརྙས་པ་ཁྱད་གསོད་སོགས། །ཅིས་ཀྱང་མི་བྱེད་བྱང་ཆུབ་གྲོགས་གྱུར་ཤོག །དེ་བཞིན་ཀུན་ཏུ་རྫོགས་སངས་རྒྱས་དང་སྲས། །མཚན་ལྡན་བླ་མ་དགྱེས་པའི་བྱ་བ་ལ། །ལུས་སྲོག་ཕྱེ་མར་གྱུར་ཀྱང་སྲན་བཟོད་ཅིང་། །དེ་ཉིད་འབའ་ཞིག་བདག་གིས་དང་ལེན་ཤོག །བདག་གི་ཚེ་རབས་སྔ་མར་ཉོན་མོངས་དབང་། །ཆོས་སྤུན་མཚན་ལྡན་རིག་མར་མ་གུས་བརྙས། །ལས་དེས་ཚེ་འདིར་ཉེ་བའི་སྤུན་རྣམས་ཀྱི། །སེམསལ་ཟུག་རྔུ་འབྱིན་པ་དེས་དག་ཤོག །ཕྱིན་ཆད་བདག་གི་མཆེད་ལ་མི་སྡང་ཞིང་། །རྡོ་རྗེ་སྤུན་གྱིས་བདག་ལ་མི་སྡང་བར། །གསང་སྔགས་རྒྱུད་ནས་གསུང་བཞིན་ཕན་ཚུན་བྱམས། །ཚོམ་བུ་གཅིག་ཏུ་བྱང་ཆུབ་འགྲུབ་པར་ཤོག །ཅེས་པ་ཡང་བར་སྐབས་ཀྱི་འཕྲོས་སུ་སྨྲས་པ་སྟེ། ད་ནི་དཀྱུས་སུ་འཇུག་པར་བྱ་ལ། དེ་ཡང་ཕྱག་རྒྱ་ཆེན་པོའི་མན་ངག་ཁྲིད་རྒྱུན་བཅོ་ལྔ་པ་ཐུན་མོང་མ་ཡིན་པའི་མན་ངག་ཀརྨ་ཀམ་ཚང་གི་ཁྱད་ཆོས། བསྐྱེད་རིམ་ལྷན་ཅིག་སྐྱེས་མ། རྫོགས་རིམ་རླུང་སེམས་དབྱེར་མེད་དུ་གྲགས་པ་ལས། བསྐྱེད་རིམ་ལྷན་སྐྱེས་སྨིན་བྱེད་རྒྱས་པ་ཕ་ཏྲེ་བོ་ཆོས་ཀྱི་དབང་པོའི་ཞབས་པད་དུ་ལེགས་པར་ནོད་ལ། རྫོགས་རིམ་རླུང་སེམས་དབྱེར་མེད་ཀྱི་མན་ངག་གནད་ཅི་རིགས་པ་རྩ་བའི་བླ་མ་ཀརྨ་རིག་འཛིན་ལས་ཐོས་ཤིང་། ཁྲིད་རྒྱུན་དངོས་ནི་ཁྲིད་བརྒྱ་ལས་བྱུང་བ་ལྟར་བགྲང་སྟེ་བླ་མ་བརྒྱུད་པ་ནི། རྡོར་འཆང་ཕག་མོ་ཏེ་ན་མར་མི་སྒམ། །དུས་མཁྱེན་རས་ཆེན་སོམ་བྲག་པགྴི་གཉག །རང་བྱུང་མགོན་རྒྱལ་རོང་རྡོར་གུ་ཤྲི་པ། །ཡེ་ཤེས་འཇམ་དབྱངས་སྐྱོབ་ལྕེ་ཏྲེ་བོ་ཆུང་། །གྲོལ་མཆོག་ལྷ་དབང་ཀུན་དགའ་སྙིང་པོའི་ཞབས། །རིན་ཆེན་རྒྱ་མཚོའི་འཕྲིན་ལས་དབང་མོ་ཆེ། །སྙིང་པོ་མཐའ་ཡས་ཀུན་བཟང་དབང་པོའི་སྡེ། །དེས་བདག་ལའོ། །

ཡང་ཕྱག་ཆེན་ཁྲིད་རྒྱུན་བཅུ་དྲུག་པ་ཀརྨ་པའི་དགོངས་བཅུད་སྐུ་གསུམ་ངོ་སྤྲོད་དུ་གྲགས་པའི་ཁྲིད་ཀྱི་བླ་མ་བརྒྱུད་པ་ནི་རྡོར་འཆང་པགྴི་ཨོ་རྒྱན་རང་བྱུང་གཡུང་། རོལ་རྡོར་མཁའ་སྤྱོད་དེ་གཤེགས་མཐོང་དོན་ལྡན། །བན་སྒར་ཆོས་ཀྱི་གྲགས་པ་འཕྲིན་ལས་པ། །དེ་ནས་ཀུན་དགའ་གྲོལ་ཏེ་དེ་ལྟར་རོ། །སྐུ་གསུམ་ངོ་སྤྲོད་འདི་ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་། །ཕ་ཏྲེ་བོ་རྩ་བའི་བླ་མ་ཀརྨ་རིག་འཛིན་གསུམ་གྱི་ཕྱག་ཆེན་ཁྲིད་རྒྱུན་ལ་ཆུ་བོ་ཆིག་འདྲེས་སུ་བཞུགས་པས་དེ་འདོད་ཀྱང་རུང་ངམ་སེམས་ཤིང་། ལྷག་ཏུ་དབང་ཕྱུག་རྡོ་རྗེ་ཡན་ཀམ་ཚང་སྤྱི་བརྒྱུད་ལྟར་ལ་དེ་ནས་ཏཱ་ར་ན་ཐ་སྟེ། དེ་མན་ཆད་སྔར་བཤད་པ་ལྟར་རོ། །

ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱུན་གྱི་རྣམ་གྲངས་བཅུ་བདུན་པ་ཕག་གྲུ་ཐེལ་སྐོར་གྱི་ཁྱད་ཆོས་ནོད་པའི་བླ་མ་བརྒྱུད་པ་ནི། རྡོར་འཆང་ཏེ་ནཱ་མར་མི་དྭགས་ཕག་འབྲི། །སྤྱན་སྔ་རིན་རྡོར་གྲགས་པ་རིན་རྒྱལ་བ། །གྲགས་གཞོན་བསོད་རྒྱལ་སྤྱན་ལུང་པཎ་ཆེན་གཞོན། །དེ་ནས་ཀུན་དགའ་གྲོལ་མཆོག་མན་སྔར་ལྟར་རོ། །

ཡང་ཕྱག་ཆེན་ཁྲིད་རྒྱུན་བཅོ་བརྒྱད་འབྲི་གུང་པའི་ཁྱད་ཆོས་དགོངས་ཟབ་དང་འབྲེལ་བའི་བརྒྱུད་པ་ནི། རྡོར་འཆང་ཏེ་ནཱ་མར་མི་དྭགས་ཕག་འབྲི། །བསོད་གྲགས་རྡོར་གྲགས་ཐོག་ཁ་མཚམས་བཅུ་གཉིས། །ཉེར་བརྒྱད་ཆོས་རྒྱལ་སྨན་སྒོམ་ལ་ཕྱི་པ། །འདུལ་འཛིན་ངག་དབང་འབྲུག་དབོན་སྟག་ལུང་དབོན། །དེ་ནས་ཀུན་དགའ་གྲོལ་མཆོག་ཏེ་འདྲ། །

ཡང་ཕྱག་ཆེན་ཁྲིད་རྒྱུན་བཅུ་དགུ་པ་སྟག་ལུང་ཐང་པ་ནས་བརྒྱུད་པའི་རིམ་པ་ནི། རྡོར་འཆང་སྟེ་ནཱ་མ་མི་དྭགས་ཕག་སྟག །སྐུ་ཡས་ཡར་བྱོན་བཀྲས་བླ་སངས་རྒྱས་དཔལ། །ཀ་ར་གུ་རུ་ཀུན་སྤང་བཀྲ་ཤིས་དཔལ། །བྱང་རྒྱལ་ངག་དབང་རྣམ་གྲགས་སྟག་ལུང་དབོན། །དེ་ནས་གོང་ལྟར་རོ། །སྐབས་འདིར་སྟོད་འབྲུག་བརྒྱུད་པའི་མན་ངག་གི་རྒྱུན་ཡོད་ཀྱང་སྔར་བཤད་པས་འདིར་མི་བགྲང་། ཕྱག་ཆེན་ཁྲིད་རྒྱུན་ཉི་ཤུ་པ་སྨད་འབྲུག་གི་ཐུབ་པ་ལྔ་ལྡན་དུ་གྲགས་པ་ལ། རྡོར་འཆང་སྟེ་ནཱ་མར་མི་དྭགས་ཕག་གླིང་། །རྒྱ་རས་ལོ་རས་དགའ་ལྡན་བསོད་དར་བ། །འགིར་ཕུ་འོད་རྒྱམ་སངས་རས་སྐྱེས་མཆོག་པ། །གཡམ་སྤྱིལ་འབྲུག་དབོན་སྟག་ལུང་སྤྲུལ་པའི་སྐུ། །དེ་ནས་གྲོལ་མཆོག་སྟེ་སྔར་ལྟར་རོ། །

ཡང་ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱུན་ཉེར་གཅིག་པ་ཕྱག་ཆེན་མན་ངག་མཐའ་དག་གི་གཞི་མ་སྡོང་པོ་ལྟ་བུ་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་ས་ར་ཧ་ཡི་དོ་ཧའི་ཁྲིད་བཀའ་ཟབ་མོ་ལེགས་པར་ནོས་པའི་བརྒྱུད་པ་ནི། རྡོར་འཆང་བདེ་མགོན་ས་ར་ཧ་ཀླུ་སྒྲུབ། །ཤཱ་མཻ་ཏྲི་ཕྱག་ན་མངའ་རིས་པ། །གྲོ་ཤུལ་སར་བུ་དགྱེར་བསྒོམ་སངས་རྒྱས་དབོན། །བྲག་འབུར་གཞོན་རིན་དཀོན་རྡོར་ཆོས་སྒོ་བ། །རྫ་ཁོལ་སྨོན་ལམ་ངག་དབང་གྲགས་པ་དང་། །པཎ་ཆེན་ཡབ་སྲས་དེ་ནས་སྔར་ལྟར་རོ། །དེང་སང་དོ་ཧའི་བཀླགས་ལུང་ཙམ་ལས་ཁྲིད་ཀྱི་རྒྱུན་ནི་དཀོན་པར་སྣང་བས། དེས་ན་འདི་ལ་གཙིགས་སུ་བྱ་བའི་གནས་སོ། །

ཡང་ཕྱག་རྒྱ་ཆེན་པོའི་མན་ངག་མཉམ་མེད་སྒམ་པོའི་དགོངས་བཅུད་མཚོ་མཎྜལ་ནག་པོར་སྦས་པ་གཏེར་སྟོན་དུང་མཚོ་རས་པས་སྟོན་པ་སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད་རྒྱུན་ནི། རྡོར་འཆང་སྟེ་ནཱ་མར་མི་སྒམ་ཡེ་རྡོར། །དུང་མཚོ་སྣེ་རས་ཆོས་དབྱིངས་མགར་རྫོངས་མགོན། །ཚུལ་རྒྱལ་མཁྱེན་རབ་གཞོན་ནུ་ཆོས་གྲུབ་པ། །དེ་ནས་གྲོལ་མཆོག་སྟེ་སྔར་ལྟར་རོ། །གཞན་ཡང་རྗེ་བཙུན་བླ་མ་འདི་ལ་ཁྲིད་ཆེན་བརྒྱ་དང་བརྒྱད་ཀྱི་རྒྱུན་ཡོངས་སུ་རྫོགས་པ་དང་། སྦྱོར་བ་ཡན་ལག་དྲུག་གི་མྱོང་ཁྲིད་ལན་དྲུག་གི་བར་དུ་ཞུས་ཤིང་རང་གི་ཚེ་སྔ་མའི་ལས་འབྲེལ་གྱི་བག་ཆགས་མཐུག་པའི་སྟབས་ཀྱིས་ཚེ་འདིར་སངས་རྒྱས་ཀྱི་ཡེ་ཤེས་བཞུགས་ཚུལ་གྱི་གོ་བ་བཟང་པོ་དེ། ཇོ་ནང་པའི་གྲུབ་མཐའ་ལས་སྐྱེས་པ་ཡིན་པས། དེས་ན་ཇོ་ནང་པའི་ཆོས་རྒྱུན་ཕལ་ཆེ་བ་དམ་པ་འདི་ལས་ཐོས་པས་བཀའ་དྲིན་མཆོག་ཏུ་ཆེ་བ་ཞིག་ཡིན་ནོ། །དཔལ་ལྡན་བདེ་འབྱུང་བདག་པོ་ས་བཅུ་རྒྱལ་བའི་སྲས་པོ་མཆོག །ཤི་ཏའི་ལྷོ་འདིར་གང་གི་རིང་ལུགས་རྒྱ་ཆེར་སྤེལ་བའི་ཕྱིར། །ཇོ་ནང་པར་གྲགས་རྒྱལ་བསྟན་ཡོངས་རྫོགས་འདྲེན་པའི་ཤིང་རྟ་ཆེ། །མཚུངས་མེད་འཇིག་རྟེན་མགོན་དེ་བདག་གི་སྙིང་དབུས་རྒྱན་དུ་གྱུར། །དེ་ཡི་བསྟན་པའི་སྲོལ་འཛིན་གཅིག་པུ་ས་འོག་གཏེར་བཞིན་དུ། །གནས་ཤིང་མི་སྣང་ཉེ་བར་གྱུར་ཚེ་བདག་གི་འབད་པ་ཆེས། །ལེགས་རྙེད་ཆོས་ཀྱི་ནོར་བུ་ལེགས་ཐོན་བདག་བློའི་རྒྱལ་མཚན་རྩེར། །བཅིངས་མཛད་ཀུན་བཟང་དབང་པོ་བདག་བློའི་མཛེས་རྒྱན་རྨད་དུ་བྱུང་། །ཞེས་པ་ཡང་སྨྲས་སོ། །

དེ་ལྟར་བདག་གི་འབད་པས་བཙལ་བའི་ཕྱག་རྒྱ་ཆེན་པོ་ཡི་ཁྲིད་ཀྱི་རྒྱུན། རྩ་བའི་བླ་མ་ཟུང་ལས་བྱུང་བ་དྲུག་དང་། བཀའ་དྲིན་ཅན་རྡོ་རྗེ་སློབ་དཔོན་གཞན་ལས་ནོད་པའི་ཁྲིད་རྒྱུན་ཉི་ཤུ་རྩ་གཉིས་ཏེ། ཁྱོན་དྲིལ་རགས་རྩིས་ཀྱི་ཉི་ཤུ་རྩ་བརྒྱད་ནོད་ལ། འབྲི་སྟག་ནས་བརྒྱུད་པ་གོང་དུ་ཡང་ཡོད་མོད་ལ། སླད་མར་འབྲི་སྟག་གི་བརྒྱུད་པ་བསྐྱར་མ་ཞིག་དང་། སྐྱེས་མཆོག་འབའ་རོམ་ནས་བརྒྱུད་པ་ཞིག་ཅེས་ཀྱང་ཞུ་འདུན་ཡིན་ལ། གཞན་ད་ལྟ་ཁྲིད་རྒྱུན་མ་ནུབ་ཡོངས་གྲགས་སུ་གནས་པ་ནི་དེ་ཙམ་དུ་འཁུམ་མོད། །གོང་གི་རགས་རྩིས་དེ་དག་ལ་ནང་གསེས་ཞིབ་མོར་བརྗོད་ན་དུ་མ་ཡོད་དོ། །ཞེས་བརྒྱུད་པའི་བཀའ་སྲོལ་དུ་མའི་བྱིན་རླབས་ཀྱི་རྒྱུན་རྣམ་པར་དག་པ་རང་གིས་ཅི་ཙམ་ནོས་པའི་ཚུལ་བརྗོད་པའི་སྐབས་ཏེ་གཉིས་པའོ། །བསོད་ནམས་མཐུ་ཡིས་དམ་པ་རྣམས་དང་མཇལ། །ཐེག་མཆོག་གྲུབ་མཐའ་ལ་ཞུགས་ངེས་དོན་རྙེད། །བསྟན་འཛིན་མོས་པའི་སྙིང་སྟོབས་ཅི་ཡང་འཆང་། །འདི་ཀོ་ཚེ་དབང་ནོར་བུའི་ངང་ཚུལ་ཡིན། །ཞེས་སོ། །

བདག་གིས་ཚེ་འདིར་འབད་པའི་སྙིང་པོ་ཁྲིད་རྒྱུན་འབའ་ཞིག་པ་དོན་དུ་གཉེར། དེ་ཡང་རྒྱུན་ཡོད་མེད་བརྒྱུད་ཁུངས་དག་མི་དག་ལ་གསེར་ལྟར་བརྟག །ཞལ་གཟིགས་ལུང་བསྟན་རྨི་ལམ་ཡད་ཡུད་ལ་སྐྱབས་མ་བཅོས་བརྒྱུད་པའི་ཁུངས་ནས་བརྩམ་སྟེ་མི་ཡི་རྟེན་ཅན་གྱི་སྐྱེས་བུ་དམ་པ་ཟམ་མ་ཆད་པའི་བརྒྱུད་པ་གང་རྙེད་བྱས་པ་སྟེ། སྤྱིར་ཆོས་ཁུངས་ཅན་གྱི་དཔེ་རྒྱུན་ཙམ་ལ་དབང་ཁྲིད་བཤད་རྒྱུན་ཡེ་ནས་མེད་ན། ཡེ་ཤེས་མཆོག་ཐོབ་པའི་སྐྱེས་བུ་དམ་པ་རྣམས་ལ་ཡི་དམ་ལྷ་དང་བླ་མ་རྣམས་ཀྱི་བྱིན་གྱིས་བརླབ་ཅིང་བཀའ་ཡི་གནང་བ་ཐོབ་པས་རྒྱུན་གསོ་བ་ལས་འོས་མེད་མོད། མི་ནས་བརྒྱུད་པ་ཡོད་ཕྱིན་དེ་ཁོ་ན་གཙོ་བོར་འདོན་པ་ལས་ཞལ་གཟིགས་བརྟན་པོ་མོད་ན་གོ་མི་ཆོད་པ་ཙམ་ཡིན་ཡང་། གདེངས་དེ་ལ་མི་འགལ་བ་ཆོས་རྒྱུན་ལ་འབད་རྩོལ་གལ་ཆེའོ། །གལ་ཆེའོ། །བདག་ནི་སྔར་ཕན་གྱི་ཁྲིད་གྱུན་སོ་སོ་བ་དང་ཁྲིད་རྒྱུན་ངོ་བོ་གཅིག་ཀྱང་བརྒྱུད་ཁུངས་ཐ་དད་པ་རྣམས་ཁྱོན་བསྡོམས་ཁྲིད་བཀའི་རྒྱུན་བརྒྱ་དང་བརྒྱད་ཅུ་ལ་ཉེ་བ་ནོས་པས། ཆོས་ཀྱི་བསྐལ་པ་ནི་ཧ་ཅང་རང་མི་དམན་པར་རློམ་མོ། །དེ་ཡང་ངེད་ཀྱི་སྙིང་པོར་བསྡུ་ན་བདག་གི་སྐྲ་བཅད་སྐྱབས་སྡོམ་ཞུས་པ་ནི་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ཡིན། སེམས་ངོ་ནི་པདྨ་བདེ་ཆེན་དང་། ཀརྨ་རིག་འཛིན་གྱིས་སྤྲད། ཆོས་འབྲེལ་ཞུས་པའི་བླ་མ་ནི་ལྔ་བཅུ་ལྷག་ཙམ་ཡོད། སྤྱིར་མདོ་ཡི་ལྟ་བ་ནི་ཇོ་ནང་པའི་བཞེད་པ་སྐྱོང་། ཁྱད་པར་བ་ནི་ཀློང་ཆེན་རབ་འབྱམས་པའི་རྗེས་སུ་འབྲང་། གྲུབ་མཐའ་ནི་པད་འབྱུང་བི་མ་ལ་ཞི་བ་སྦས་པའི་གསུང་བཞིན་འཛིན།

བཀའ་བརྒྱུད་ཀྱི་གྲུབ་མཐའ་ནི་ཀརྨ་ཀམ་ཚང་དང་སྨར་ས་སྟོད་འབྲུག་གི་གདམས་པས་སེམས་ངོ་འཕྲོད་པ་ལགས་ཀྱིས་དེ་ཁོ་ནར་ཁྱབ་པ་འཆའ་། སྤྱིར་དག་སྣང་ལ་ཕྱོགས་རིས་མེད་ཅིང་གྲུབ་མཐའ་དག་ལ་མི་མོས་པ་ཡེ་ནས་མེད་ངེས་ཡིན། ཚེ་རབས་གཏན་གྱི་བླ་མ་ནི་ཨོ་རྒྱན་པདྨ་ཡིན། དཀོན་མཆོག་གི་ཐུགས་རྗེར་བརྟེན་རང་མགོ་ནི་རང་གི་བཏོན་པ་ལགས། ཚུལ་འདི་དག་ནི་ཁོ་བོའི་ཡིན་ལུགས་ཏེ། དེང་སང་ཁ་ཅིག་གིས་ངེད་ལ་གྲུབ་མཐའ་འཆུག་འདུག་ཅེས་སྨྲ་མཁན་ཡང་འདུག་མོད། ངེད་ཀྱི་གྲུབ་མཐའ་སུ་ཡིན་དང་མགོ་སུས་སྟོན་དེས་ཤེས་པར་མི་གདའ་འམ། ཞེས་པ་ཡང་ཀུ་རེ་ཞུ་བ་ལགས། ཕྱག་རྒྱ་ཆེན་པོ་ཆོས་ཀྱི་རྒྱུན་བྱིན་རླབས་དང་ལྡན་པ་གཅིག་གིས་ཆོག་མི་ཤེས་པ་མ་ཡིན་ཀྱང་།

རང་རང་མོས་པའི་དབང་དང་། དེ་དང་དེ་ཡི་བསྟན་པ་རིན་པོ་ཆེ་མི་ཉམས་ཡུན་དུ་གནས་པའི་ཕྱིར་ལྷག་པའི་བསམ་པས་ཕྱག་ཆེན་གྱི་རིམ་པ་དུ་མ་ལ་ཐོས་བསམ་བགྱིས་པའི་ངང་ཚུལ་དེ་ལྟར་ལགས། དེང་སང་རྒྱུད་ཁུངས་ལ་དོན་གཉེར་ཆུང་བ་འདུག་ཀྱང་ཆོས་བརྒྱུད་ཁུངས་དང་མི་བྲལ་བ་གལ་ཆེ་ཤོས་སུ་སྣང་བས་བརྒྱུད་འདི་རྣམས་ཀྱང་ཁུངས་ཆོད་པར་བྱས་ཤིང་། རང་གི་དྲན་པའི་གསོས་དང་གཞན་དོན་དུ་གཉེར་བ་ཡོད་ན་ཕན་འདོད་ཀྱི་བློའམ། ཡི་གེར་ཕྱོགས་གཅིག་ཏུ་རྫོགས་བརྗོད་ཅི་རིགས་པ་བཅས་བཀོད་པའོ། །དཔལ་མཆོག་དང་ལྡན་དྭགས་པོའི་རིང་ལུགས་ངོ་མཚར་དགའ་བའི་ཏོག །རྨད་བྱུང་མཆོག་དེ་བདག་བློའི་ཀོ་མོག་དབུས་ན་མངོན་གནས་མཐུས། །འཁྲུལ་པའི་རྙོག་པ་ཀུན་སེལ་འགྲོ་བའི་གདུང་སྐྱོབས་བརྒྱད་ལྡན་ཆབ། །དྲི་མེད་འདི་ཡི་བསྐལ་བཟང་སྐྱེ་བོ་རྒྱུན་ཆད་མེད་རྒྱས་ཤོག །ཞེས་ལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཅི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས་ཞེས་བྱ་བ་འདི་ཡང་བཀའ་བརྒྱུད་ཀྱི་རྟོགས་ལྡན་རྣལ་འབྱོར་གྱི། ཐ་ཤལ་པ་རིག་འཛིན་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའམ་ཀརྨ་རིན་ཆེན་མཆོག་དགའ་དགེ་བའི་དཔལ་བཟང་པོས་བོད་ཡུལ་གཙང་ལ་སྟོད་ལྷོ་བྲང་མཚོ་བསམ་རྫོང་གི་བླ་བྲང་བསམ་འགྲུབ་ཏུ་རང་ལོ་སུམ་ཅུའི་གོང་དུ་སླེབས་པ་ཀུན་དགའ་ཤིང་སྟག་གྲོ་བཞིན་ཟླ་བའི་ཡར་ཚེས་ཀྱི་ཐུན་སྐབས་ཅུང་ཟད་རེ་བྲིས་པའི་འཕྲོ་ཚེས་བཅུ་གསུམ་ཉིན་གུང་དུ་གྲུབ་པར་བྱས་པའི་ཡིག་རིས། ལྷ་ལྡིང་དང་རྔུ་ཡི་རིགས་གྱུར་རྣལ་འབྱོར་ཀུན་བཟང་བློ་དབང་ངོ་། །འདིས་ཀྱང་མཐའ་དག་འགྲོ་བས་ཕྱག་རྒྱ་ཆེན་པོ་མྱུར་དུ་རྟོགས་ཤིང་དེ་ཡི་གཞི་རྩ་བརྒྱུད་ལྡན་བླ་མའི་བྱིན་རླབས་འཇུག་པར་གྱུར་ཅིག །སརྦ་མངྒ་ལཾ།

རྒྱུད་ཡིག་འདི་བྲིས་ཟིན་ནས་ལོ་གཉིས་འདས་པ་མེ་འབྲུག་ལོར་འབྲི་གུང་སྤྲུལ་པའི་སྐུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོའི་སྐུ་ཞབས་སུ་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་རྒྱུན་ལེགས་པར་བླངས་པའི་རྒྱུད་རིམ་སྔར་རྩ་བའི་བླ་མ་ཀརྨ་རིག་འཛིན་ལས་ཐོབ་པ་དང་རིག་འཛིན་ཆོས་ཀྱི་གྲགས་པའི་བར་མཐུད་དགོས་མོད། འོན་ཀྱང་འདིར་མཚན་འདྲ་མིན་དུ་བྱུང་བས་འབྲི་གུང་འཇིག་རྟེན་གསུམ་མགོན་ནས། མཁན་པོ་ཚུལ་ཁྲིམས་རྡོ་རྗེ། གྲགས་པ་འབྱུང་གནས། རྡོ་རྗེ་གྲགས་པ། རིན་ཆེན་སེང་གེ། གྲགས་པ་བསོད་ནམས། རྡོ་རྗེ་རིན་ཆེན། འཛམ་གླིང་ཆོས་ཀྱི་རྒྱལ་པོ། དོན་གྲུབ་རྒྱལ་པོ། རིན་ཆེན་དཔལ་གྱི་རྒྱལ་མཚན། ཆོས་རྒྱལ་རིན་ཆེན་དཔལ་བཟང་པོ། རིན་ཆེན་ཆོས་ཀྱི་རྒྱལ་མཚན། རིན་ཆེན་ཆོས་ཀྱི་རྒྱལ་པོ། ཐམས་ཅད་མཁྱེན་པ་ཀུན་དགའ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ། རྒྱལ་དབང་རིན་ཆེན་ཕུན་ཚོགས། བསོད་ནམས་དཔལ་གྱི་རྒྱ་མཚོ། ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས་དཔལ་བཟང་པོ། རྗེ་བཙུན་དཀོན་མཆོག་རིན་ཆེན། ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་པར་རྒྱལ་བའི་སྡེ། དཀོན་མཆོག་འཕྲིན་ལས་རྣམ་རྒྱལ། དཀོན་མཆོག་འཕྲིན་ལས་བཟང་པོ། སྤྲུལ་པའི་སྐུ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ། དེས་བདག་ལའོ། །

དོ་ཧ་སྐོར་གསུམ་གྱི་རྩ་འགྲེལ་ཡང་དེའི་སྐབས་ཐོས། རྒྱུད་ཡིག་འདི་བྲིས་པའི་ཤིང་སྟག་ནས་ལོ་བཅོ་ལྔའི་སྟེང་དུ་སླེབས་པ་ས་འབྲུག་ལོར་མདོ་ཆེན་སྔགས་འཆང་རྒྱལ་སྲས་སེང་གེ་ལ་དཀར་པོ་དྲུག་གི་ཁྲིད་མ་བདུན་པའི་ཕྱག་ཆེན་དོན་བརྒྱད་ཆུ་བོ་འདྲེས་པ་ཐོབ་པའི་བླ་མ་བརྒྱུད་པ་ནི། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ནས། སྐྱེས་མཆོག་ལོ་རྒོད་རྣམ་གཉིས། དེ་གཉིས་ཀས་མ་བདུན་རས་ཆེན། དེ་ནས་རིམ་པར་གདན་ས་རིན་ཆེན། བྱིན་རླབས་རྡོ་རྗེ། སངས་རྒྱས་དབོན། བསོད་ནམས་དབང་ཕྱུག བསོད་ནམས་སྙིང་པོ། ལྷུན་གྲུབ་བཀྲ་ཤིས། མགོན་པོ་དཔལ། ཀུན་དགའ་གཟི་བརྗིད། དཀོན་མཆོག་རྡོ་རྗེ། ནམ་མཁའ་ལྷུན་གྲུབ། ནམ་མཁའ་སེང་གེ། ནོར་བུ་བདེ་ཆེན། བསྟན་པའི་ནོར་བུ། སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ། དེས་བདག་རིག་པ་འཛིན་པ་ཚེ་དབང་ནོར་བུ་ལའོ། །

བྲམ་ཟེ་ཆེན་པོའི་དོ་ཧ་སྐོར་གསུམ་རྩ་བ་དང་། འགྲེལ་བཤད་རྗེ་བཙུན་ཀརྨ་འཕྲིན་ལས་པས་མཛད་པའི་སྟེང་ནས་ཐོས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། ཤཱ་ཝ་རི་དབང་ཕྱུག མངའ་བདག་མཻ་ཏྲི་པ། རྒྱ་གར་ཕྱག་ན། བལ་པོ་ཨ་སུ། མངའ་རིས་ཞང་ཇོ་སྟོན། གྲོ་ཤུལ་བས་ཆོས་རབ་གྲགས་པ། སར་བུ་བློ་གྲོས་སེང་གེ། སྙེ་ཕུ་ཤུག་གསེབ་ཀྱི་སྒྱེར་བསྒོམ། ཞིག་པོ་ཚུལ་ཁྲིམས་སེང་གེ། དེའི་དབོན་པོ་རིན་ཆེན་ཕུན་ཚོགས། རི་པ་མགོན་རིན། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། རྫ་ཁོལ་ཇོ་སྟོན། བླ་མ་སྨོན་ལམ་པ། སྟག་ལུང་ངག་གི་དབང་པོ། ཤ་ར་རབ་འབྱམས་བསོད་ནམས་ཡེ་ཤེས། ཆོས་རྗེ་སངས་རྒྱས་བསམ་འགྲུབ། ཀརྨ་འཕྲིན་ལས་པ། སྤྱན་སྔ་བཀྲ་ཤིས་རྒྱལ། ཡོངས་འཛིན་བུདྡྷའི་མཚན་ཅན། སངས་རྒྱས་དཀོན་མཆོག་རིན་ཆེན། བླ་མ་རིན་པོ་ཆེ་རཏྣ་ཀརྨ་བི་ཛ་ཡ། དེས་འབྲི་གུང་དཀོན་མཆོག་འཕྲིན་ལས་བཟང་པོ། དེས་འབྲི་གུང་སྤྲུལ་པའི་སྐུ་དཀོན་མཆོག་ཆོས་ཀྱི་རྒྱལ་པོ། དེས་བདག་ཚེ་དབང་ནོར་བུ་ལའོ། །


previousལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཇི་ཙམ་ནོད་པའི་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས།next