Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུའི་མན་ངག་དངོས་གྲུབ་གཏེར་ཁྱིམ་ལས་བླ་མ་ཡི་དམ་བཅུ་གསུམ་ཁོལ་སྒྲུབ་དངོས་གཞི་མན་ངག་དང་བཅས་པ་བསམ་འཕེལ་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་མན་ངག་དངོས་གྲུབ་གཏེར་ཁྱིམ་ལས་བླ་མ་ཡི་དམ་བཅུ་གསུམ་ཁོལ་སྒྲུབ་དངོས་གཞི་མན་ངག་དང་བཅས་པ་བསམ་འཕེལ་ནོར་བུ།next

གུ་རུའི་མན་ངག་དངོས་གྲུབ་གཏེར་ཁྱིམ་ལས་བླ་མ་ཡི་དམ་བཅུ་གསུམ་ཁོལ་སྒྲུབ་དངོས་གཞི་མན་ངག་དང་བཅས་པ་བསམ་འཕེལ་ནོར་བུ།

༄༅། །གུ་རུའི་མན་ངག་དངོས་གྲུབ་གཏེར་ཁྱིམ་ལས༔ བླ་མ་ཡི་དམ་བཅུ་གསུམ་ཁོལ་སྒྲུབ་དངོས་གཞི་མན་ངག་དང་བཅས་པ་བསམ་འཕེལ་ནོར་བུ་བཞུགས་སོ༔

ན་མོ་གུ་རུ་པདྨ་བཛྲ་དྷེ་ཝ་ཌཱཀི་ནཱི༔ བླ་མ་ཡི་དམ་བཅུ་གསུམ་རེ་རེ་ནས་སྒྲུབ་པར་འདོད་པས་སྔོན་འགྲོ་སྤྱི་ལྟར་ལ༔ དངོས་གཞི་རྒྱས་པ་ཉམས་སུ་ལེན་པ་ལ་རྩ་བ་རྡོ་རྗེའི་ཚིག་རྐང་ལས༔ བཅུ་གསུམ་སྒྲུབ་པའི་མན་ངག་ཟབ་མོ་ལ༔ རེ་རེར་མདུན་བསྐྱེད་གསོལ་བཏབ་དབང་བཞི་བླང༔ བདག་བསྲེ་རྗེས་སྡུད་རྫོགས་རིམ་དྲུག་གིས་བསྡམ༔ མདུན་གྱི་ནམ་མཁར་གུ་རུ་ཅི་འདོད་སྐུ༔ གསལ་བཏབ་སྤྱན་འདྲེན་བཞུགས་དབང་རྒྱས་བཏབ་མཆོད༔ འདོད་དོན་གསོལ་འདེབས་གཞུག་བཅས་རྩེ་གཅིག་བསམ༔ གསོལ་འདེབས་རྒྱུན་ཆགས་དག་གིས་དབང་བཞི་བླང༔ ཞེས་དང་༔ མཐར་ནི་གུས་པའི་གདུང་ཤུགས་ཆེན་པོ་ཡིས༔ བླ་མ་རང་ཐིམ་བདག་ཉིད་དེའི་སྐུར་གྱུར༔ སེམས་དཔའ་སུམ་བརྩེགས་འཕྲོ་འདུ་རང་སྔགས་བཟླ༔ ཐུན་མཐར་རྗེས་གཞུག་སྟོང་གཞིལ་ལྷ་སྐུར་ལྡང༔ ཞེས་གསུངས་པ་ལྟར་ལ༔ ཤིན་ཏུ་བསྡུས་པ་ཉམས་སུ་ལེན་ཚུལ་ནི༔ ཆོ་ག་རྒྱས་བསྡུས་གང་ཟག་བློ་སྒོར་དཔག༔ རྫོགས་རིམ་མན་ངག་གནད་ལ་ཐེབ་པར་བཏབ༔ ཅེས་པ་ལྟར༔ དངོས་གཞི་ལ་མདུན་བསྐྱེད༔ གསོལ་འདེབས༔ བདག་བསྲེ༔ བསྙེན་པ༔ རྫོགས་རིམ་བཞི་དང༔ མཐར་རྒྱས་རྗེས་ཆོག་བཅས་བྱ་བའོ༔

༄། ། ༡༽ མན་ངག་དང་པོ༔ གུ་རུ་མེ་ཕྲེང་རྩལ་གྱི་སྒྲུབ་ཐབས༔

ཧཱུྃ༔ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་དབུས༔ གུ་རུ་དྲག་པོ་དམར་ནག་མེ་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྒྱལ་བསེན་གནོན༔ ཞལ་གཅིག་ཕྱག་གཉིས་ཞལ་གསུམ་ཕྱག་དྲུག་པ༔ དབུ་དགུ་བཅོ་བརྒྱད་ཕྱག་ལྡན་གང་མོས་སྐུ༔ ཁྲོ་གར་དུར་ཁྲོད་དཔལ་ཆས་ཡུམ་དང་བཅས༔ འཁོར་དུ་འཇིག་རྟེན་དྲེགས་པ་ཡོངས་ཀྱི་གཙོ༔ ཡ་མ་རྐོས་རྗེ་གློག་ཕྲེང་མེ་དབལ་གཟའ༔ ཀླུ་བདུད་ལྷ་ཆེན་མ་ཧཱ་ཀཱ་ལ་བརྒྱད༔ ཟ་བྱེད་རེ་ཏི་ཁྲག་མིག་མི་སྲུན་མ༔ གནམ་སྨན་ལྕམ་གཅིག་ཨུ་མ་དུང་སྐྱོང་མ༔ སྔགས་བདག་མ་མོ་བརྒྱད་དང་ལྷན་དུ་རོལ༔ གཞན་ཡང་སྔགས་བདག་སྡེ་དཔོན་དཔལ་མགོན་པོ༔ སྡེ་བརྒྱད་སྡེ་རིགས་གྲངས་ལས་འདས་པས་བསྐོར༔ གསོལ་འདེབས་ནི༔ ནག་ཕྱོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་མེ་འཕྲེང་ཐུགས་ཀ་ནས༔ ཁྲོ་བོ་གྲངས་མེད་སྡེ་བརྒྱད་འཁོར་དང་བཅས༔ མེ་རླུང་མཚོན་ཆས་སྤྱི་ལ་མཐའ་དམག་དང༔ བྱེ་བྲག་རྒྱལ་པོའི་ཚེ་བ་ཚར་བཅད་ནས༔ ཚུར་འདུས་སྲུང་བའི་འཁོར་ལོ་རྡོ་རྗེ་མེ༔ ཁྲོ་བོ་དྲེགས་པའི་གུར་ཁང་རབ་ཏུ་གཏམས༔ མཐར་ནི་རང་ཉིད་གུ་རུ་དྲག་པོའི་སྐུ༔ ཐུགས་ཀར་ཧཱུྃ་དམར་སྔགས་ཕྲེང་འོད་འཕྲོ་འདུའི༔ དྲེགས་པའི་སྲོག་སྙིང་གཏའ་བླང་གདན་དུ་གཟིར༔ རྩེ་བསྣོལ་འཁོར་ལོས་དགྲ་བགེགས་ཕྲེ་མར་བཏང༔ མདོར་ན་མཆོག་ཐུན་དངོས་གྲུབ་གང་འདོད་པ༔ རྩེ་གཅིག་ཡེངས་མེད་བསྐྱེད་བཟླས་འདི་ལ་བརྩོན༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅི་ནུས་བཟླ༔ རྒྱལ་བ་ཡོངས་ཀྱི་བྱིན་རླབས་དྲག་པོའི་སྔགས༔ གནས་སྐབས་བརྒྱ་སྟོང་བཟླས་ཀྱང་བགེགས་ཞི་ཞིང༔ ཉམས་ཆགས་དག་བྱེད་བར་དོར་ལམ་སྣ་ཟིན༔ མང་དུ་བཟླས་པས་དེ་ཕྱིར་སྨོས་ཅི་དགོས༔ ལས་སྦྱོར་སྡེ་བརྒྱད་དྲེགས་པའི་སྲོག་སྙིང་ལ༔ འགུགས་གཟིར་གཅོད་བྱེད་མནན་བསད་གང་འདོད་སྦྱོར༔ ཚུལ་དེའི་ཁ་བསྒྱུར་མདེའུ་ཕུང་རིག་པའི་མདའ༔ སྤྱོད་པས་བསམ་འཕེལ་ཡིད་བཞིན་ནོར་བུ་ཡིན༔ རྫོགས་པའི་རིམ་པ་ཉམས་སུ་ལེན་པ་ནི༔ ཕྱི་ཡི་དམག་འཁྲུག་ནང་གི་སྡང་སེམས་སླང༔ གཉེན་པོ་བྱམས་པ་སྙིང་རྗེ་བྱང་ཆུབ་སེམས༔ རང་མདངས་སྒྱུ་མ་ལྟ་བུའི་ལམ་ཁྱེར་བསྒོམ༔ དེ་ཡང་མ་དག་སྒྱུ་ལུས་ལ་དམིགས་ནས༔ སྣང་སྲིད་བདེན་མེད་ཞེན་མེད་གཏན་ལ་དབབ༔ དག་པ་སྒྱུ་ལུས་ལྷ་སྐུ་ལ་དམིགས་ནས༔ བསྐྱེད་རིམ་ལྷ་ཁྲིད་ཟབ་གསལ་བསྒོམ་ལ་འབད༔ དགེའོ༔

༄། ། ༢༽ མན་ངག་གཉིས༔ གུ་རུ་སྨན་བླ་སྒྲུབ་ཐབས༔

ཨོཾ་ཆོས་དབྱིངས་མཁའ་ལ་གུ་རུ་སྨན་གྱི་བླ༔ བདེ་གཤེགས་བརྒྱད་ཀྱི་ཐུགས་སྨོན་གཅིག་བསྡུས་དཔལ༔ བཻཌཱུཪྻ་འོད་མཆོག་སྦྱིན་མཉམ་བཞག་མཛད༔ ཨ་རུ་རིགས་ལྔ་བདུད་རྩིའི་ལྷུང་བཟེད་འཛིན༔ འཁོར་དུ་བདེ་གཤེགས་མཆེད་བརྒྱད་ཤར་ནས་རིམ༔ སྒྲ་དབྱངས་རྒྱལ་པོ་སྐུ་མདོག་གསེར་འོད་འབར༔ མཛེས་པའི་ཕྱག་གཉིས་མཆོག་སྦྱིན་ཕྱག་རྒྱ་མཛད༔ མྱ་ངན་མེད་མཆོག་སྐུ་མདོག་དམར་འོད་འབར༔ ཕྱག་གཉིས་ཏིང་འཛིན་གཡོ་མེད་མཉམ་བཞག་རྒྱ༔ མཚན་ལེགས་ཡོངས་གྲགས་སྐུ་མདོག་སེར་འོད་འབར༔ ཕྱག་གཡས་སྐྱབས་སྦྱིན་གཡོན་པ་མཉམ་བཞག་མཛད༔ གསེར་བཟང་དྲི་མེད་སྐུ་མདོག་ཟེར་འོད་འབར༔ ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་ཐུགས་གར་བརྒྱན༔ ཆོས་བསྒྲགས་རྒྱ་མཚོ་སྐུ་མདོག་དཀར་འོད་འབར༔ ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་ཐུགས་གར་བརྒྱན༔ མངོན་མཁྱེན་རྒྱལ་པོ་སྐུ་མདོག་དམར་འོད་འབར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་མཉམ་བཞག་མཛད༔ ཤཱཀྱ་ཐུབ་པ་གསེར་མདོག་འོད་ཟེར་འབར༔ ཕྱག་གཡས་བདུད་འདུལ་གཡོན་པ་མཉམ་བཞག་རྒྱ༔ ཀུན་ཀྱང་མཚན་དཔེ་ཡོངས་རྫོགས་གཡོན་མཉམ་གཞག༔ བདེ་གཤེགས་ཚངས་སྤྱོད་ཆོས་གོས་རྣམ་གསུམ་གསོལ༔ གཞན་ཡང་སངས་རྒྱས་སྟོང་དང་བདུད་རྩི་སྨན༔ རིགས་དྲུག་དྲང་སྲོང་ལྷ་དང་ལྷ་མོས་བསྐོར༔ གསོལ་འདེབས་ནི༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ནས༔ མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་བདེ་གཤེགས་སྨན་བླ་བརྒྱད༔ ཐུགས་ཀ་མཛོད་སྤུ་ཕྱག་གི་ཟ་ཏོག་ནས༔ ནད་འཇོམས་འཆི་མེད་བདུད་རྩི་སྤྲོ་བསྡུའི་རྒྱུན༔ འོད་ཟེར་བཅས་འབབ་སེམས་ཅན་མཐའ་དག་གི༔ སྤྱི་བོ་ནས་ཞུགས་ལུས་ནང་ཀུན་ཁེངས་ནས༔ ནད་ཀྱི་གཞི་རྩ་དུག་གསུམ་མ་རིག་པ༔ ནད་ཀྱི་དངོས་པོ་རླུང་མཁྲིས་བད་འདུས་པ༔ ནད་ཀྱི་བྱེད་ལས་ཚོར་བ་སྡུག་བསྔལ་བ༔ མཐའ་དག་བསངས་སྦྱངས་དྲི་མེད་ཤེལ་སྒོང་ལྟར༔ དྭངས་ཤིང་རྙོག་བྲལ་འཆི་མེད་སྐུ་རུ་གྱུར༔ འོད་ཟེར་ཚུར་བསྡུས་སྣང་སྲིད་འབྱུང་ཁམས་བཅུད༔ བདག་ཐིམ་འཆི་མེད་ཚེ་ཡི་རིག་འཛིན་བསམ༔ བྱེ་བྲག་རང་གཞན་ན་བའི་ལུས་གནས་དེར༔ གུ་རུ་སྨན་བླ་གཙོ་འཁོར་གསལ་དྭངས་སྐུ༔ ཆེ་ཆུང་རན་ལས་བདུད་རྩིའི་ཆུ་རྒྱུན་བབས༔ ནད་རྣམས་སེལ་བསྒོམ་རྩེ་གཅིག་གསོལ་བ་གདབ༔ དེ་ཡང་རླུང་ལ་བདུད་རྩི་མར་ཁུའི་མདོག༔ མཁྲིས་པར་དཀར་པོ་བད་ཀན་ལ་དམར་པོ༔ འདུས་པར་སྔོ་སྐྱ་གདོན་ལ་ཁྲོ་ཆུ་བཞིན༔ མེ་འོད་དང་བཅས་སྒྲིབ་སྦྱངས་ཤེལ་མདོག་བསྒོམ༔ རང་ཉིད་སྨན་བླའི་ཐུགས་ཀར་ཟླ་བའི་སྟེང༔ ཨོཾ་མཐིང་ཆ་ལྔ་མཐའ་ལ་གཟུངས་སྔགས་བཀོད༔ དེ་ལས་འོད་བྱུང་རྒྱལ་བར་དགྱེས་མཆོད་འབུལ༔ སེམས་ཅན་རྣམས་ལ་ཕོག་པས་དེ་དག་ཀུན༔ སངས་རྒྱས་གུ་རུ་པདྨ་འོད་དཔག་མེད༔ བདེ་གཤེགས་དགུ་ཡི་ཐུགས་བསྐྱེད་སྨོན་ལམ་གྱི༔ མཐུ་ཡིས་སྡིག་སྒྲིབ་སྡུག་བསྔལ་མཐའ་དག་སྦྱངས༔ མཐར་ནི་སྨན་བླའི་སྐུར་གྱུར་གཟུངས་སྔགས་ལྡིར༔ གཟུངས་རིང་ནི༔ ན་མོ་བྷ་ག་ཝཱ་ཏེ༔ བྷཻ་ཥ་ཛྱེགུ་རུ་བཻ་ཌཱུཪྻཔྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྟ་ཏེསམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཧཱུྃ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ༔ རཱ་ཛ་ས་མུཏྒ་ཏེ་སྭཱཧཱ༔ གཟུངས་ཐུང་ནི༔ ཅི་ནུས་བཟླ༔ སངས་རྒྱས་རྣམས་ཀྱི་ཡོན་ཏན་བསམ་མི་ཁྱབ༔ དེ་ཡི་གཟུངས་སྔགས་ཕན་ཡོན་བསམ་མི་ཁྱབ༔ ཤེས་ནས་དད་གུས་སྤྲོ་བས་གཟུངས་སྔགས་བཟླ༔ སྐབས་སུ་སྨན་བླ་བདེ་ཆེན་ཞིང་མདོ་བཀླག༔ འོད་དཔག་མེད་དང་བདེ་གཤེགས་བརྒྱད་མཚན་རྫོགས༔ བརྗོད་ནས་ཕྱག་སོགས་ཡན་ལག་བདུན་པ་འབུལ༔ ཐུན་མཚམས་ཆོས་སྤྱོད་བཅུ་ལ་བརྩོན་པར་བྱ༔ ངེས་ནི་ཚེ་རབས་གྲངས་མེད་སྡིག་སྒྲིབ་འདག༔ འདི་དང་ཕྱི་མའི་ནད་གདོན་མ་ལུས་ཞི༔ བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་བྱེད༔ དེ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཐོབ༔ འོན་ཀྱང་ལས་འབྲས་སྨིན་འོས་དུས་བབ་ནི༔ འཕགས་པའི་གོ་འཕང་བརྙེས་ཀྱང་མི་ལྡོག་ན༔ གཞན་ལ་ཅི་སྨོས་སྒྲིབ་སྦྱང་ཚོགས་རྫོགས་ལམ༔ འབད་རུང་ལས་འབྲས་སྨིན་ལ་ལོག་རྟོག་སྤང༔ དགེ་འབྲས་སྨིན་ཚབ་ཆེ་ཆུང་སྟོབས་ཀྱི་དུས༔ འདི་ཕྱི་བར་དོ་གང་རིགས་བདེ་གོང་འཕེལ༔ ཐོབ་ངེས་སངས་རྒྱས་གསུང་ནི་མི་བསླུབས༔ ཡིད་ཆེས་སྤྲོ་བས་དགེ་ལ་འབད་གཅེས་སོ༔ རྫོགས་རིམ་ཕྱི་ལུས་ཚོར་བ་དྲག་པོའི་ནད༔ གཞི་རྟེན་ནང་ན་རྨོངས་པའི་བདག་འཛིན་བློ༔ བདག་གཅེས་བཟུང་པ་འཛིན་པའི་དམིགས་ཡིན་ལ༔ དེ་ནི་འཁྲུལ་པ་གློ་བུར་དྲི་མ་ཡིན༔ གཉེན་པོ་བདག་མེད་སྟོང་ཉིད་ཡེ་ཤེས་ཏེ༔ སྒོམ་ཐབས་མི་གཡོ་བཞི་ལྡན་སྒོ་གསུམ་མིག༔ མཁའ་ལ་རང་བབ་དུས་གསུམ་བློས་བྱས་ཀྱི༔ རྣམ་རྟོག་ལས་འདས་རང་རིག་རྗེན་པར་བཞག༔ དེ་ལས་རིམ་གྱིས་གོམས་པས་ཉམས་རིམ་བཞི༔ གནས་དང་མི་གཡོ་མཉམ་ཉིད་ལྷུན་གྲུབ་པ༔ རེ་རེར་གཡོ་གོམས་བརྟན་པ་ཐོབ་པར་སྦྱོར༔ ས་ལམ་ངེས་འབྱེད་བླ་མའི་མན་ངག་ཡིན༔ དགེའོ༔

༄། ། ༣༽ མན་ངག་གསུམ་པ༔ ཨོ་རྒྱན་ནོར་ལྷ་སྒྲུབ་ཐབས༔

ཛྃ༔ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་དབུས༔ པད་ཟླ་གཏེར་བུམ་ཞབས་སྤྲོད་ཉི་མའི་སྟེང༔ ཛྃ་བྃ་རྨུགས་འཛིན་མཁའ་འགྲོའི་དྲྭ་བ་བསྡོམས༔ དམར་པོ་བརྗིད་ལྡན་ཆགས་རྒྱས་ཡིད་ཙམ་ཁྲོ༔ གཡས་གཡོན་ནོར་བུ་ནེའུ་ལེ་ཐུགས་ཀར་དགུར༔ འཛིན་ཅིང་རིན་ཆེན་རྒྱན་སྤྲས་གཡས་བརྐྱང་སྟབས༔ ཡུམ་མཆོག་བདེ་རྒྱས་ནོར་བུ་ཐོད་ཁྲག་འཁྱུད༔ གཞན་ཡང་ངོ་བོ་གུ་རུ་རྣམ་པར་ནི༔ རྨུགས་འཛིན་དཀར་སེར་དམར་ནག་ལྗང་གང་མོས༔ སྒོམ་རུང་འཁོར་དུ་ནོར་བདག་གཙོ་བོ་ཆེ༔ ཤར་ནས་ཕྱོགས་བཞི་མཚམས་བཞི་གཡས་རིམ་དུ༔ ནོར་བུ་བཟང་པོ་ཟླ་ཤེལ་མ་དང་འཁྲིལ༔ གང་བ་བཟང་པོ་བཟང་སྦྱིན་མ་དང་འཁྲིལ༔ ནོར་སྦྱིན་བདག་པོ་སྦྱིན་བཟང་མ་དང་འཁྲིལ༔ རྣམ་མང་ཐོས་སྲས་ནོར་རྒྱུན་འཕགས་མར་འཁྲིལ༔ ལ་ལི་མཆོག་ནི་རབ་བཟང་མ་དང་འཁྲིལ༔ ནོར་བདག་འཇམ་འཁྱིལ་རབ་སྦས་མ་དང་འཁྲིལ༔ ཞལ་གྱི་དབང་ཕྱུག་ལྷ་མོ་མཆོག་མར་འཁྲིལ༔ སྤྱོད་པའི་དབང་པོ་དབྱངས་ཅན་མ་དང་འཁྲིལ༔ ཡབ་ཡུམ་ཁ་སྦྱོར་ཕྱོགས་མཚམས་རྒྱད་དུ་གནས༔ གཞན་ཡང་ནོར་ལྷའི་རིགས་གྱུར་བྱེ་བ་བརྒྱ༔ གྲངས་ལས་འདས་པས་རིན་ཆེན་ཆར་འབེབས་ཤིང༔ དགོས་འདོད་དངོས་གྲུབ་ཆེན་པོ་སྤྲིན་དུ་གཏིབས༔ གསོལ་འདེབས་ནི༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་གཟིར་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་གཙོ་འཁོར་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱོགས་དུས་ཀྱི༔ རྒྱལ་བ་སྲས་བཅས་སློབ་མར་བཅས་པ་ཡི༔ སྨིན་མཚམས་ཐུགས་ཀ་ཞལ་སྒོ་ཕྱག་མཐིལ་ནས༔ ཡོ་བྱད་དབང་ཕྱུག་ནམ་མཁའ་མཛོད་ཆེན་གཏེར༔ རིན་ཆེན་རྣམ་པར་སྤྱན་དྲངས་དེ་ལས་གཞན༔ འཇིག་རྟེན་དཔལ་འབྱོར་འབྱུང་པའི་དྭངས་བཅུད་ཀུན༔ བསྡུས་བྱས་དེ་དང་ལྷན་ཅིག་གུ་རུ་ཡི༔ སྦྱོར་མཚམས་ལྟེ་བ་ཞལ་སྒོ་ནེའུ་ལེའི་ཁ༔ གཏེར་བུམ་རྣམས་ནས་རིན་ཆེན་ཆར་རྒྱུན་བབས༔ བདག་དང་དབུལ་ཕོངས་བཀྲེས་སྐོམ་ཉམ་ཐག་འགྲོའི༔ ལུས་དང་གནས་ཁང་ཐམས་ཅད་ཕྱུར་ཁེངས་པས༔ བསོད་ནམས་དཔལ་འབྱོར་ལོངས་སྤྱོང་མངའ་ཐང་རྒྱས༔ མཐར་ནི་ཀུན་ཀྱང་འཁོར་ལོས་སྒྱུར་རྒྱལ་གྱུར༔ དེ་དག་ཞིང་མཆོག་སངས་རྒྱས་མཆོད་བཀུར་ལ༔ བརྩོན་པས་ཀུན་ནས་བྱང་ཆུབ་མཆོག་ཐོབ་བསམ༔ རང་ཉིད་ཛམ་དམར་སྙིང་དབུས་རང་འདྲའི་སྐུ༔ ཁ་སྦྱོར་མཐའ་མར་གུ་རུའི་སྙིང་པོས་བསྐོར༔ ཡེ་ཤེས་ཐུགས་ཀར་ས་བོན་ཛམྦྷ་ལའི༔ སྔགས་ཕྲེང་འོད་ཟེར་སྤྲོ་བསྡུའི་བྱིན་རླབས་ཀྱིས༔ སྐྱབས་ཡུལ་བྱིན་རླབས་སྣང་སྲིད་དྭངས་བཅུད་བསྡུས༔ ས་བོན་ལ་ཐིམ་བདག་ལུས་རིན་ཆེན་ཁེངས༔ བསོད་ནམས་ཚད་མེད་དཔག་ཏུ་མེད་པ་རྒྱས༔ ཁམས་གསུམ་འགྲོ་ཀུན་བདག་གི་དབང་གྱུར་བསམ༔ རྩ་སྔགས༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱི༔ཌཱ་ཀི་ནཱི་ཛ་ལ་སམྦྷ་རཾ་སྭཱ་ཧཱ༔ སྙིང་པོ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སྭཱཧཱ༔ ཅི་མང་བཟླ༔ མཐར་འགྲོ་འཁོར་སྒྱུར་རྨུགས་འཛིན་ཀུན་བདག་ཐིམ༔ རང་ཉིད་མཐུ་དཔལ་གཟི་བྱིན་ཆེར་རྒྱས་བསམ༔ ཐུན་མཚམས་ཆུ་སྦྱི་འབྱུང་པོ་སྤྱིན་གཏོར་བཏང༔ གསེར་འོད་ནོར་རྒྱུན་མདོ་བཀླག་མཆོད་སྦྱིན་འབད༔ ཁྱད་པར་བླ་མ་མཁན་སློབ་ཕ་མ་དང༔ དགེ་བའི་བཤེས་གཉེན་སྐུ་གསུང་ཐུགས་རྟེན་མཆོད༔ བརྩོན་པས་ཚེ་རབས་སྒྲིབ་སྦྱངས་བསོད་ནམས་རྒྱས༔ དབུལ་བྲལ་རྟག་ཏུ་འབྱོར་ལྡན་ལུས་ཐོབ་འགྱུར༔ འདི་ཡི་རྫོགས་རིམ་ཕྱི་ཡི་མུ་གེའི་རྟེན༔ ནང་ན་ཆགས་ཞེན་སེར་སྣས་བཅིངས་པས་ལན༔ གཉེན་པོ་བདེན་མེད་ཆགས་མེད་ཆོས་ཐམས་ཅད༔ ཞེན་མེད་ངང་ལ་མཆོད་སྦྱིན་བརྩོན་པ་ཡིན༔ དེ་ཡང་བདག་གི་དྲོད་དབུགས་ཤ་རུས་ཁྲག༔ ཀུན་གྱིས་དཀོན་མཆོག་མཆོད་ཅིང་དམ་ཅན་བསྐང༔ རིགས་དྲུག་ཚིམ་ཞིང་ལན་ཆགས་ཁྱེར་བ་སྦྱིན༔ འཁོར་གསུམ་དམིགས་མེད་ངང་བཞག་སྙན་སྨྲ་སྤྱོད༔ མ་ཡེངས་བསྒོམ་པའི་ངང་བཞག་དོན་སྤྱོད་ཅིང༔ སྒོམ་བྲལ་ལྟ་བར་ལ་ཟླ་དོན་མཐུན་པར༔ དེ་ལྟར་བསྡུ་དངོས་བཞི་ཡི་ངེས་དོན་ལ༔ སྒྱུ་མ་ལྟ་བུར་མཉམ་རྗེས་མེད་པར་འབད༔ དགེའོ༔

༄། ། ༤༽ མན་ངག་བཞི་པ༔ གུ་རུ་ཡི་དམ་སྒྲུབ་ཐབས༔

ཧཱུྃ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་དབུས༔ པདྨ་ཉི་མ་བདུད་བཞི་བསྣོལ་པའི་སྟེང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་ཞལ་མཐིང་འོད་འབར༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་བའི་མེ་དཔུང་འཛིན༔ མཐའ་གཉིས་ཕུར་བུས་དགྲ་བགེགས་སྙིང་ལ་གཟིར༔ འཁོར་ལོ་རྒྱས་འདེབས་ཁ་ཊྭཱྃ་ཐོད་ཁྲག་འཛིན༔ སྔོ་སྐྱ་ཆགས་པའི་ཉམས་ལྡན་ཡབ་ལ་འཁྲིལ༔ དེ་ལ་ངོ་བོ་བླ་མ་རྣམ་པ་སྐུ༔ ཡི་དམ་རང་གི་ཡིད་ལ་གང་མོས་ལས༔ མཐའ་བཟུང་གཅིག་མིན་གང་ཟག་བློ་རིགས་དང༔ མཐུན་མོད་འོན་ཀྱང་རྒྱུད་ལུང་མན་ངག་གིས༔ ཟིན་ངེས་ཡི་དམ་གསལ་བཏབ་དེའི་ངོ་བོ༔ བླ་མར་ཤེས་ལས་རྒྱུད་དང་མན་ངག་གི༔ མ་ཟིན་བློ་བཅོས་ལྷ་སྒོམ་བྱིན་རླབས་མེད༔ དེ་བས་བྱིན་རླབས་མ་ཉམས་གཞུང་མན་ངག༔ ལྡན་ལ་ཉམས་ལེན་བྱེད་པ་གལ་འགག་ཡིན༔ འདིར་ནི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལམ༔ ཐུགས་སྒྲུབ་གསེར་ཞུན་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡང་ན་ཆེ་མཆོག་རྡོ་རྗེ་གཞོན་ནུའི་སྐུ༔ གང་མོས་ཡུམ་བཅས་མདུན་གྱི་མཁའ་ལ་བསྒོམ༔ བདེ་གཤེགས་ཡོངས་སུ་འདུས་པ་སྒྲུབ་སྡེ་བརྒྱད༔ གཙོ་བོའི་མདུན་ནས་གཡས་སྐོར་རིམ་པ་བཞིན༔ འཇམ་དཔལ་རྟ་མགྲིན་ཡང་དག་ཆེ་མཆོག་དང༔ བླ་མེད་རིག་འཛིན་དྲེགས་འདུལ་སྟོབས་ལྡན་ལ༔ ཡུམ་མཆོག་རོ་ལངས་གཟི་ལྡན་རྡོར་དབྱིངས་མ༔ གནམ་ཞལ་དབྱིངས་ཕྱུག་ཉིད་བཞི་མུ་ཁ་ལེ༔ རྣལ་འབྱོར་སྤྱི་འདུལ་འབྱུང་ལྔའི་བདག་མོ་རྣམས༔ འཁྲིལ་སྦྱོར་ཁྲོ་གར་དུར་ཁྲོད་དཔལ་ཆས་རྫོགས༔ གཞན་ཡང་ཡི་དམ་ཐེག་དགུ་རྒྱུད་སྡེ་དྲུག༔ ཞི་བ་ཁྲོ་བོ་ཞི་མ་ཁྲོ་ལ་སོགས༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཚོམ་བུ་འབུམ༔ གྲངས་མེད་སྤྲིན་ཕུང་འཐིབས་ལྟར་བསྐོར་བར་བསྒོམ༔ གསོལ་འདེབས་ནི༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་ཡི་ཚོགས་དང་བཅས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་ཕྱོགས་དུས་རྒྱལ་བ་ཀུན༔ འདུས་ནས་སྐུ་ནི་ཆེ་ཆུང་མ་ངེས་པར༔ ཆར་བཞིན་བབས་པས་བདག་གི་ལུས་བྱིན་བརླབས༔ དེ་བཞིན་གསུང་ལ་ཡིག་འབྲུ་སྒྲ་དང་བཅས༔ ཐུགས་ལ་ཐིག་ལེ་ཕྱག་མཚན་སྣ་ཚོགས་ལ༔ ཡོན་ཏན་འོད་ལྔ་ཕྲིན་ལས་མེ་རླུང་ཆུ༔ འབར་བའི་ཚུལ་གྱིས་བདག་ལ་ཐིམ་པ་ཡིས༔ སྒོ་གསུམ་དབང་པོ་རླུང་རྣམས་བྱིན་གྱིས་བརླབས༔ གཏེར་བདག་དྲེགས་པ་མཐུ་ཆེན་ཀུན་འདུས་ནས༔ བདག་ལ་དངོས་གྲུབ་ཆེ་མཆོག་རྣམས་སྩོལ་དམིགས༔ མཐར་ནི་རང་ཉིད་ཡི་དམ་ཀུན་འདུས་དཔལ༔ ཆེ་མཆོག་རྡོ་རྗེ་ཐོད་ཕྲེང་སྐུ་རུ་བསམ༔ ཆོས་སྐྱོང་དམ་ཅན་ཀུན་གྱི་སྲོག་སྙིང་པོ༔ དབང་མེད་བདག་ལ་ཕུལ་ནས་ཕྲིན་ལས་བསྒྲུབས༔ སྣང་སྲིད་ཀུན་ཀྱང་གཞལ་ཡས་ལྷ་ཡི་སྐུ༔ གཉིས་མེད་ཡེ་ཤེས་རང་སྔགས་སྒྲོག་པར་དམིགས༔ རྩ་སྔགས་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ གཙོ་བོར་བཟླ༔ གསལ་བ་གསུམ་ལྡན་དགོངས་པའི་ཡི་གེ་ཧཱུྃ༔ ཞི་བར་རྐྱང་སྟེ་དྲག་པོར་ཉིས་བརྩེགས་དང༔ དབང་ལ་ལྔ་སྒྲིལ་རྒྱས་པར་བདུན་སྒྲིལ་བཟླ༔ མཐར་ཐུག་དབུགས་ཉིད་ཧཱུྃ་སྟེ་རྒྱུན་ཆང་མེད༔ གཞན་ནི་རང་གི་ཡི་དམ་ལྷག་པའི་ལྷ༔ གསང་སྔགས་བཟླ་ཞིང་དམིགས་པའི་གཟེར་གདབ་བྱ༔ སྐབས་སུ་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་མཆོག༔ སྙིང་པོ་གསེར་གྱི་ཡང་ཞུན་ཛཔྲ་ཀྱང་བཟླ༔ དེ་བཞིན་བླ་མ་དགོངས་འདུས་རྒྱུད་ཀྱི་སྙིང༔ རྩ་གསུམ་སྤྱི་དྲིལ་སྙིང་པོ་འདི་ཡང་བཟླ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་ཝཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཅི་མང་བཟླ༔ དེ་ལྟར་བསྒྲུབས་པའི་གང་ཟག་དེ་ཉིད་ཀྱིས༔ ཡི་དམ་རྩ་བ་གསུམ་ཞལ་དངོས་ཉམས་རྨིར༔ མཇལ་ཞིང་ལུང་སྟོན་བྱིན་བརླབས་གནས་ལུགས་དོན༔ རྗེན་མཐོང་མཆོག་ཐུན་དངོས་གྲུབ་མཛོད་ལ་དབང༔ གཏེར་དབང་གང་ཟག་ཡིན་ན་ཚུལ་འདི་ཉིད༔ གཏེར་སྒྲུབ་མཆོག་དེ་དངོས་གྲུབ་མྱུར་ཐོབ་འགྱུར༔ རྫོགས་རིམ་དོན་ལ་སྤྱིར་ནི་རྒྱ་ཆེའི་དོན༔ འཁོར་འདས་སྣང་སྲིད་ཀུན་ཀྱང་གཏེར་ཡིན་ལ༔ འདོན་ཚུལ་བསམ་གྱིས་མི་ཁྱབ་བརྗོད་མི་ལང༔ འོན་ཀྱང་མཁྱེན་གཉིས་བསྒྲུབ་ལ་ཡོངས་སུ་འདུ༔ གཏེར་གྱི་མདོ་དོན་སྙིང་པོ་ཟབ་པ་ནི༔ དྲི་མེད་རིག་པ་ཆོས་ཀྱི་སྐུ་ཡིན་ཏེ༔ དེ་ནི་གཏེར་དུ་ཇི་ལྟར་བཞུགས་ཞེ་ན༔ འཁྲུལ་སྣང་བྲག་རིའི་དབུས་ན་ཚོགས་བདུན་གྱི༔ རྒྱས་བཏབ་ཀུན་གཞིའི་རིན་ཆེན་གཏེར་སྒྲོམ་ན༔ འབྲི་གང་མེད་པའི་ཟབ་གཏེར་མཆོག་དེ་བཞུགས༔ དེ་ཉིད་རྒྱལ་བའི་བཀའ་ལུང་ཁ་བྱང་ལ༔ བླ་མའི་མན་ངག་བྱིན་རླབས་སྙིང་བྱང་སྟེ༔ དད་མོས་གུས་པ་དམ་ཚིག་བརྩོན་འགྲུས་ཅན༔ སྐལ་ལྡན་བུ་ཡིན་དེས་ཀྱང་ཚུལ་བཞིན་དུ༔ བླ་མ་དགྱེས་བྱས་སྒོམ་སྒྲུབ་ལ་བརྩོན་པས༔ གཏེར་རྣམས་ཀུན་གྱི་རྒྱལ་པོ་དེ་རྙེད་འགྱུར༔ དེ་སྐད་སྤྱི་དོན་གླེང་གཞི་བསྟན་བྱས་ནས༔ སྙིང་པོ་ཉམས་ལེན་གཏན་ལ་ཕབ་པ་ནི༔ དུས་གསུམ་སངས་རྒྱས་ཀུན་གྱི་བགྲོད་གཅིག་ལམ༔ ཡི་དམ་དཀྱིལ་འཁོར་ཀུན་གྱི་སྲོག་སྙིང་མཆོག༔ སངས་རྒྱས་ཡེ་ཤེས་དྲང་ཐད་ངོ་སྤྲོད་པ༔ རིག་པ་ཅེར་མཐོང་ཁྲེགས་གཅོད་གདམས་པ་མཆོག༔ སྔོན་དུ་ཐེ་ཚོམ་སེམས་ཀྱི་དྲི་མ་བསལ༔ དངོས་གཞི་ངོ་སྤྲོད་ཐག་ཆོད་གདིང་འཆའ་འོ༔ དེ་ཉིད་ཉམས་ལེན་བརྩོན་པ་མ་བྲལ་ན༔ ཚེ་གཅིག་སངས་རྒྱས་རྫོགས་རིམ་རྒྱལ་པོ་ཡིན༔ རང་གཞན་དོན་གཉིས་ལྷུན་གྲུབ་ཟབ་གཏེར་འདི༔ སུས་ཐོན་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིན༔ དགེའོ༔

༄། ། ༥༽ མན་ངག་ལྔ་པ༔པདྨ་ ཟིལ་གནོན་སྒྲུབ་ཐབས༔

ཧཱུྃ༔ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་ཀློང༔ པདྨ་ཟིལ་གནོན་དྲག་རྩལདཀར་དམར་མདངས༔ ཁྲོ་འཛུམ་བེར་ཕོད་ཆོས་གོས་སྐུ་ལགསོལ༔ པད་ཞུ་ཁྱུང་ལྡེམ་ཕྱག་གཡས་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུ་མེ་འབར་ཁ་གདེངས་འཕྱར༔ གཡོན་པས་དྲེགས་པ་སྡེ་བཅུའི་སྙིང་ཕྲེང་འདྲེན༔ དཔྲལ་མགྲིན་སྙིང་ལྟེ་གསང་བར་འཇམ་དཔལ་ནག༔ རྟ་ཕྱག་མགོན་པོ་སྒྲ་གཅན་དཀྱིལ་འཁོར་རྫོགས༔ འཁོར་དུ་ཞིང་སྐྱོང་བསྭེ་ལྕགས་དུང་སྐྱེས་ཕྱོགས༔ རྡོར་ལེགས་རྨ་ཐང་དྲེལ་ཞོན་ལྷ་མོ་མཚམས༔ གཞན་ཡང་དགེ་བསྙེན་བརྟན་མ་སྲིད་པའི་ལྷ༔ ཚེ་གཉན་བྲག་བཙན་རི་དབང་མགུལ་ལྷ་སོགས༔ ཀུན་ཀྱང་བཀའ་ཉན་གསུང་སྡོད་བྲན་གྱི་ཚུལ༔ རིན་ཆེན་རང་རྟགས་སྲོག་གིས་དྲག་རྩལ་མཆོད༔ གསོལ་འདེབས་ནི༔ སྦས་ཡུལ་ནགས་རོང་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་དྲག་རྩལ་ཐུགས་ཀ་ནས༔ འོད་ཟེར་འབར་བས་འཁོར་རྣམས་གནད་དབབ་པས༔ ཀུན་ཀྱང་སྔོན་གྱི་གཡར་དམ་རྗེས་དྲན་ནས༔ སྙིགས་མ་ལྔས་དབེན་བདེ་ལྡན་སྦས་པའི་ཡུལ༔ བདག་ལ་སྟེར་ཞིང་རང་ཉིད་གང་གནས་ཕྱོགས༔ དེ་རུ་དཔལ་གཡང་ཐམས་ཅད་བསྐྱེད་པར་བསམ༔ མཐར་ནི་རང་ཉིད་པདྨ་ཟིལ་གནོན་སྐུ༔ གནས་ལྔའི་ལྷ་བཅས་ཐུགས་ཀའི་འོད་ཟེར་ལས༔ འཁོར་འདས་ལྷ་ཚོགས་བསྡུས་ནས་གནས་ལྔར་ཐིམ༔ གང་འདོད་དངོས་གྲུབ་ཡིད་བཞིན་ཐོབ་པར་བསམ༔ རྩ་སྔགས་ནི༔ ཧཱུྃ་ཨ་ཀཱ་ཡ་ཧ་ཨ་མ་ར༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཏྲིག་ནན༔ སྦུར་ཐུཾ་ཛ་ཛ༔ དྷ་ལོ་ཤ་བུ་ཝ་མ༔ ཨ་རྣྀ་ཏྲི་སིདྡྷི་ཕ་ལ་ཛ་ཛ་ཛ༔ ཅི་ནུས་བཟླ༔ གསང་སྔགས་འདི་ལ་འཁོར་འདས་འབྱུང་པོའི་སྲོག༔ ཀུན་ཚང་ཕོ་མོ་མ་ནིང་གཉིས་སུ་མེད༔ བཟླས་ན་མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཅིང༔ འཕོ་ཚེ་བདེ་བཅན་དུ་སྐྱེ་བར་གསུངས༔ ཁྱད་པར་སྦས་པའི་ཡུལ་གྱི་སྒོ་འབྱེད་པར༔ མཆོག་སྔགས་གུ་རུའི་སྒྲུབ་ཐབས་མཆོག་ཡིན་པས༔ སྦས་ཡུལ་འཇུག་དང་སྒོ་འབྱེད་འདོད་རྣམས་ཀྱིས༔ གུ་རུའི་གསོལ་འདེབས་སྒྲུབ་ཐབས་འདི་ཉིད་ལ༔ འབད་པས་དངོས་ཉམས་རྨི་ལམ་སྣང་བ་རུ༔ སྦས་ཡུལ་འབྱེད་དང་མི་འབྱེད་ལུང་སྟོན་འབྱུང༔ འབྱེད་པའི་ལུང་བསྟན་བྱུང་ན་ལམ་ཡིག་ལྟར༔ སྟ་གོན་བྱས་ནས་དལ་ལ་བརྩོན་བསྐྱེད་འཇུག༔ ལུང་སྟོན་མེད་པར་སྦས་ཡུལ་འཇུག་འདོད་ཀྱི༔ བརྐམ་ཆགས་དྲག་པོས་རང་ཉིད་ངལ་བྱེད་ཡིན༔ དེ་བས་ཐོག་མར་གུ་རུའི་སྒྲུབ་པ་ལ༔ ནན་ཏན་རྨི་ལམ་མཚན་མ་ཐོབ་པ་གཅེས༔ སྤྱིར་ཡང་དམ་ཚིག་ཤེས་རབ་བརྩོན་འགྲུས་ཅན༔ རྟེན་འབྲེལ་ཐབས་ལ་མཁས་པས་བརྩམ་བྱ་ཡིན༔ བབ་ཆོལ་བྱས་ན་མི་རུང་ཆོ་འཕྲུལ་འབྱུང༔ དེས་ན་ཚུལ་བཞིན་སྤྱོད་པ་ཞིབ་ཏུ་གྱིས༔ སྦས་ཡུལ་འབྱེད་སོགས་མིན་ཡང་འདི་བསྒྲུབས་པས༔ གོང་དུ་བཤད་པའི་ཡོན་ཏན་ཀུན་ཐོབ་ཅིང༔ སྡེ་བརྒྱད་དྲེགས་བས་བཀའ་ཉན་ཕྲིན་ལས་སྒྲུབ༔ གུ་རུའི་བྱིན་རླབས་ཞུགས་ནས་མཆོག་ཐོབ་འགྱུར༔ ༔རྫོགས་རིམ་ཕྱི་ལྟར་སྙིགས་མ་ལྔ་སྐྱོབ་ཕྱིར༔ སྦས་བའི་ཡུལ་ཏེ་ནང་ན་འཁྲུལ་སྣང་གིས༔ དབེན་ས་མི་འགྱུར་བདེ་ཆེན་སྦས་ཡུལ་ཏེ༔ དེ་ཉིད་ལམ་བྱེད་ཐབས་གྲོལ་སྟེང་འོག་སྒོ༔ འདིར་ནི་སྟེང་སྒོ་ཕྱི་ནང་སྟོང་རའི་མཐར༔ རླུང་སྦྱོར་བཞི་ལྔན་གཏུམ་མོའི་མེ་སྦར་ཞིང༔ ཨ་ཧཾ་འདུ་འཕྲོད་བདེ་དྲོད་ཡེ་ཤེས་བསྐྱེད༔ བརྟན་པ་ཐོབ་ནས་བདེ་བོགས་འོག་སྒོས་འདོན༔ དེ་ཡང་རོ་འབར་རྐྱང་འཛག་དབུ་མར་ཞུགས༔ འཁོར་ལོ་བཞི་བསྲེག་རི་བོང་ཅན་འཛག་འཁྱིལ༔ ཡས་མས་དགའ་བ་རྗེས་དྲན་ཏིང་འཛིན་པ༔ ལམ་རིམ་མ་འདྲེས་ངེས་འབྱེད་ཤེས་པར་བྱ༔ དགེའོ༔

༄། ། ༦༽ མན་ངག་དྲུག་པ༔ གསང་བདག་སེང་སྒྲ་བསྒྲུབ་ཐབས༔

ཧཱུྃ༔ ཆོས་དབྱིངས་མཁའ་ལ་རང་འོད་མེད་དཔུང་དབུས༔ དཔལ་ཆེན་ཁྲོ་རྒྱལ་གསང་བདག་སེང་གེའི་སྒྲ༔ ཁྲོ་གཏུམ་རྡོ་རྗེ་སྡིགས་མཛུབ་དྲག་མོས་འཁྱུད༔ སྐྲ་གསེབ་སེང་ཞལ་དུར་ཁྲོད་དཔལ་ཆས་རྫོགས༔ འཁོར་དུ་དཔའ་བོ་རིགས་བཞི་ཡུམ་བཅས་ཕྱོགས༔ འགུགས་འཛིན་སྟོབ་རྒྱུག་གིང་བཞི་ཡུམ་བཅས་མཚམས༔ གཞན་ཡང་དཔའ་བོ་མཁའ་འགྲོ་གིང་ཕོ་མོ༔ བྱེ་བ་གྲངས་མེད་འཁོར་དུ་བསྐོར་བར་བསམ༔ གསོལ་འདེབས་ནི༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་གསང་བདག་ཐུགས་ཀ་ནས༔ འོད་འཕྲོས་ཕྱོགས་དུས་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ ཚུར་འདུས་བདག་གི་འཇིགས་པ་མཐའ་དག་ཞི༔ འགྲོ་ཀུན་གདུག་བའི་སེམས་ཅན་གནོད་ལས་གྲོལ༔ མཐར་ནི་རང་ཉིད་གསང་བདག་གསལ་བཏབ་ཅིང༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་རྩེ་དགུའི་ལྟེར༔ ཧཱུྃ་མཐར་སྔགས་ཕྲེང་འོད་ཟེར་འགལ་མེ་ལྟར༔ འཁོར་ཞིང་མེ་འབར་སྲུང་བའི་གུར་ཁང་བརྟས༔ ཕྱི་ཡི་བར་ཆད་གདུག་པའི་གཅན་གཟན་དང༔ ནང་གི་མ་རུངས་ཕྲ་མེན་གནོད་པའི་ཚོགས༔ གསང་བ་བྱད་ཁ་རྦོད་གཏོང་ངན་པ་རྣམས༔ རང་གཤེད་རང་དབབ་ཐལ་བའི་རྡུལ་བརླག་བསམ༔ རྩ་སྔགས༔ ཨོཾ་བཛྲ་གུ་རུ་སིཧཾ་གཎྜེ་དྷརྨཱདྷ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཡུམ་སྔགས༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ མང་དུ་བཟླ༔ དེ་ལྟར་རྩ་སྔགས་སྤྱི་དྲིལ་མཚན་བརྒྱ་པ༔ བདུད་འདུལ་དྲག་མོའི་གསང་སྔགས་ཡང་སྙིང་སྟེ༔ གང་མོས་གཙོ་བོར་བཟླ་ཞིང་རྟགས་རྫོགས་ཚེ༔ ལས་ཚོགས་གང་བརྩམ་ཐོགས་མེད་འགྲུབ་པར་འགྱུར༔ རྫོགས་རིམ་ཕྱི་ནང་འབྲོག་ཆེན་འཇིགས་པའི་འཕྲང༔ ནང་ན་རྣམ་རྟོག་འཕོ་བཅས་བང་གིས་ནི༔ སྐྱེ་འཆི་བར་དོར་འཁྱམས་པའི་འབྲོག་ཆེན་ཏེ༔ འཇིགས་སྐྱོབ་མན་ངག་བར་དོའི་གདམས་སྒོམ་བཅས༔ དེ་ཡང་བར་དོ་དྲུག་ལ་རྣམ་པ་གསུམ༔ རང་བཞིན་བར་དོར་འདུལ་དེར་ལམ་བསྒོམ༔ འདིར་ནི་འཆི་ཁ་ཆོས་ཉིད་སྲིད་པ་སྟེ༔ མེ་ལོང་མ་པང་ཝ་འཛུགས་ཚུལ་དུ་གདམས༔ དགེའོ༔

༄། ། ༧༽ མན་ངག་བདུན་པ༔ པདྨ་བཛྲ་སྒྲུབ་ཐབས༔

ཧྲཱི༔ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་ཀློང༔ ཐེག་པ་རིམདགུ་རྫོགས་པའི་གདན་སྟེང་དུ༔ འོད་དཔག་མེད་མགོན་བདེ་བ་ཆེན་པོའི་སྐུ༔ པདྨ་བཛྲ་ཞལ་གསུམ་ཕྱག་དྲུག་དམར༔ ཁྲོ་འཛུམ་རྫོགས་པའི་སངས་རྒྱས་འགྱིང་བའི་སྐུ༔ གཡས་དཀར་གཡོན་མཐིང་ཐོར་ཚུགས་རལ་བའི་རྩེར༔ འོད་དཔག་མེད་བརྒྱན་ལྷ་ལྕམ་གསང་ཡེས་ཁྱུད༔ གཡས་གསུམ་རྡོ་རྗེ་རལ་གྲི་ཚེ་ཡི་བུམ༔ གཡོན་གསུམ་དྲིལ་བུ་བྷཉྫ་ནམ་མཁའི་དབྱུག༔ གཟི་བརྗིད་འོད་དཔག་མེད་མགོན་ཐུགས་རྗེའི་སྐུ༔ དཀྱིལ་འཁོར་ཡོངས་ཀྱི་འཁོར་ལོ་སྒྱུར་མཛད་དཔལ༔གཙོ་བའི་བདུན་ནས་གཡས་སྐོར་རིམ་པ་བཞིན༔ བླ་མ་དགོངས་འདུས་དཀྱིལ་འཁོར་གཙོ་མཆོག་ཡིན༔ འཁོར་དུ་འབྱུང་བཞིའི་ལྷ་ནི་རིགས་ལྔ་སྟེ༔ དེ་ཕྱིར་མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་ཡིན༔ འདིར་ནི་དཀྱིལ་འཁོར་གཙོ་འབྲེལ་རྒྱུད་བཞིན་བསྟན༔ རིགས་ལྔ་ཧེ་རུ་ཀར་བསྟན་རྡོ་རྗེ་བརྒྱད༔ ཞེ་སྡང་རྡོ་རྗེ་ང་རྒྱལ་རྡོ་རྗེ་དང༔ འདོད་ཆགས་རྡོ་རྗེ་ཕྲག་དོག་རྡོ་རྗེ་སེམས༔ གཏི་མུག་རྡོ་རྗེ་བདེ་བ་རྡོ་རྗེ་སེམས༔ མཚོ་སྐྱེས་རྡོ་རྗེ་ཁྲག་འཐུང་རྡོ་རྗེ་འཆང༔ ཡུམ་བརྒྱད་སྐྱེད་བྱེད་གཤིན་རྗེ་འཇོམས་མ་དང༔ སྲེགས་བྱེད་ཙན་ཏི་ཀ་དང་རྨོངས་བྱེད་མ༔ ལཱ་མ་མནྡཱ་ར་བ་གསོད་བྱེད་མ༔ འཁྲིལ་སྦྱོར་དེ་ལྟར་དེ་བཞིན་གཤེགས་པ་བརྒྱད༔ ཡེ་ཤེས་རང་འོད་མེ་རི་ཁ་དོག་ལྔ༔ འཁྲིགས་དབུས་ཞི་མ་ཁྲོ་ཚུལ་རང་འོད་འབར༔ གཞན་ཡང་འབྱུང་ལྔའི་མཁའ་འགྲོ་བྱེ་བ་འབུམ༔ གྲངས་མེད་ཀུན་ཀྱང་བདག་ལ་བརྩེ་བས་བཞུགས༔ གསོལ་འདེབས་ནི༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གྱད་དང་ལྡན་པ་ཡིས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་ལས་འོད་འཕྲོས་ཕྱི་ལྟར་འབྱུང་བའི་དགྲ༔ ནང་ལྟར་འདུ་འཁྲུགས་འབྱུང་བ་ཚ་གྲང་གེགས༔ གསང་བ་ཉོན་མོངས་དུག་ལྔའི་རྣམ་རྟོག་ཞི༔ མཐར་ནི་རང་ཉིད་པདྨ་བཛྲ་རྩལ༔ ཐུགས་ཀར་ཉི་ཟླའི་སྟེང་དུ་རྡོ་རྗེའི་ལྟེར༔ འདབ་བརྒྱད་དབུས་སུ་སངས་རྒྱས་འོད་དཔག་མེད༔ མཉམ་གཞག་ཚེ་བུམ་ནང་དུ་རྡོ་རྗེ་གསུམ༔ ཐུགས་ཀར་ཧྲཱི༔བཅས་སྐུ་མཐར་སྔགས་ཕྲེང་འཁོར༔ འོད་ཟེར་སྤྲོ་བསྡུས་རྒྱལ་ཀུན་ཐུགས་རྗེ་བསྡུས༔ སངས་རྒྱས་ཀུན་འདུས་བདག་གྱུར་ཞིང་འདི་ཡང༔ འབྱུང་བཞིའི་གནོད་བྲལ་བདེ་བ་ཅན་དུ་བསམ༔ རྩ་སྔགས༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱི༔ དྷུ་མ་གྷ་ཡེཌཱ་ཀི་ནཱི་ནམ༔སྭཱཧཱ༔ མཁའ་འགྲོ་ཡབ་ཡུམ་སྔགས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔མ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཛ༔ཧཱུྃ༔ རྩ་གསུམ་སྤྱི་དྲིལ་སྔགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སྭཱ་ཧཱ༔ ལས་སྔགས༔ ཧྲཱི༔མ་ཧ་རི་ནི་ས་ར་ས་ཧྲི་ཡ་ཨ་རྣི་ཏྲི་ཛ༔ སརྦ་ཨཾ་གུ་ཤ་ཛ༔ ཙིཏྟ་ཧྲཱིང་ཧྲཱིང་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ ཅི་ནུས་བཟླ༔ དེ་ལྟར་པདྨ་བཛྲ་རྩ་སྔགས་དང༔ མཁའ་འགྲོ་ཡབ་ཡུམ་སྲོག་སྔགས་རྩ་གསུམ་གྱི༔ སྤྱི་དྲིལ་སྔགས་ཏེ་རང་གི་གང་མོས་བཟླ༔ ཡང་སྙིང་བཛྲ་གུ་རུ་དག་ཀྱང་ངོ༔ ལས་སྦྱོར་འབྱུང་བཞིའི་གནོད་པ་ལས་སྐྱོབ་བྱེད༔ དམིགས་པ་རྟེན་འབྲེལ་རྫས་སྔགས་ཁ་ཡང་བསྒྱུར༔ ནང་ལྟར་འབྱུང་འཁྲུག་རྩ་རླུང་ཐིག་ལེའི་གེགས༔ བསལ་ལ་གང་འོས་མན་ངག་བཞིན་དུ་བྱ༔ རྫོགས་རིམ་གསང་བ་ཏིང་འཛིན་སེམས་ཀྱི་གེགས༔ བསལ་མཁས་ཟབ་གསལ་མན་ངག་བསྒོམ་པ་སྟེ༔ བྱིང་རྨུགས་འཐིབས་པ་གཏི་མུག་ས་ཡི་གེགས༔ འཕྲོ་བ་འདོད་ཆགས་ཆུ་སྟེ་རྒོད་སྡང་མེ༔ འཐོར་བ་ཕྲག་དོག་རླུང་ཡིན་གེགས་དེ་དག༔ སེལ་ཐབས་སྒྲིམ་ཀློད་རང་བབ་རང་གྲོལ་བཞག༔ དེ་བཞིན་བསམ་གཏན་དང་པོ་གཉིས་གསུམ་བཞིར༔ འདོད་པ་དགའ་གཡོ་བརྟན་པའི་ཉམས་བསལ་ནས༔ མུ་བཞིར་མ་ལྷུང་ལྷག་མཐོང་ཡེ་ཤེས་ཀྱི༔ རང་ཞལ་ལྟ་བ་སྒོམ་མེད་ཡེངས་མེད་བྱ༔ དེ་ཡི་གནད་ནི་མཉམ་གཞག་མཚན་ཉིད་བཞི༔ ཕྲ་དང་གསལ་བའི་མི་རྟོག་ངང་དུ་བཞག༔ སྟོང་ཕྱོགས་རྫོགས་རིམ་གེགས་སེལ་བོགས་འདོན་པ༔ ཕལ་ཆེར་འདི་ལ་ཚང་ཞིང་གནད་འདུས་པས༔ ཟབ་མོའི་རྫོགས་རིམ་འདི་ལ་གོམས་འདྲིས་གཅེས༔ དེས་ནི་འདྲ་མིན་གེགས་གོལ་བྲལ་བར་བྱེད༔ གསལ་བ་འབྱུང་ཁམས་རྩ་རླུང་ཐིག་ལེ་རྣམས༔ དག་བྱེད་སྟོང་པའི་གཟུགས་སྒྲ་བདེ་བ་ཆེ༔ གཡོ་མེད་ལམ་གྱི་བསྙེན་སྒྲུབ་ལ་འབད་ནས༔ མི་ཤིགས་རྡོ་རྗེ་གསུམ་འབྲས་མངོན་སྦྱོར་བྱེད༔ དགེའོ༔

༄། ། ༨༽ མན་ངག་བརྒྱད་པ༔ རྟ་མགྲིན་ནག་པོའི་སྒྲུབ་ཐབས༔

ཧྲཱི༔ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་ཀློང༔ ཁྲག་མཚོ་མེ་དཔུང་ཀེང་རུས་སྟག་གདན་དང༔ རཱུ་དྲ་ཉི་སྟེང་ཁྲོ་མཆོག་རྟ་མགྲིན་ནག༔ མི་ཐུང་གེལ་ཚུལ་ཕྱག་གཉིས་སེང་རྔ་བརྡུང༔ རྡོ་རྗེ་ཁྲོས་མ་གྲི་ཐོད་འཛིན་པས་འཁྱུད༔ ཕྱོགས་བཞིར་ཕྱག་རྒྱ་བཞི་འཛིན་མཁའ་འགྲོ་བཞི༔ སྤྱི་བོར་པདྨ་ཐོད་ཕྲེང་ཐོད་རྔ་དྲིལ༔ རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་དང་རོལ༔ གསང་ཡེ་སྡེ་བཞི་ཅང་ཏེའུ་དྲིལ་བུ་ཐོགས༔ གཞན་ཡང་ཁྲོ་བོ་ཁྲོ་མོ་གྲངས་མེད་པ༔ བུ་ཡུག་ལྟར་འཚུབས་མེ་ལྕེ་རྡོ་རྗེ་རཾ༔ ཀུན་ཏུ་འཕྲོ་དབུས་འཇིགས་སུ་རུང་བར་བསྐྱེད༔ གསོལ་འདེབས་ནི༔ ལམ་འཕྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་མེ་དཔུང་འཕྲོ་ཞིང་འདུ༔ རབ་འབར་འཁོར་ལོས་དགྲ་ཇག་ཆོམ་རྐུན་དང༔ བྱུར་གེགས་ལྟས་ངན་སྲི་ཁ་ཀེག་ཆགས་བྱད༔ ཉམ་ང་མཐའ་དག་ཕྱེར་བརླག་སྲུང་གུར་གྱུར༔ མཐར་ནི་རང་ཉིད་གུ་རུ་རྟ་མགྲིན་སྐུ༔ ཞལ་ནས་མེ་འཕྲོས་ཕྱི་གདོན་བར་ཆད་བསྲེག༔ ནང་དུ་བཀུག་པས་ནད་གདོན་སྡིག་སྒྲིབ་བསྲེག༔ བར་གྱི་གཉིས་སྣང་མཐའ་དག་སྟོང་པར་སྦྱངས༔ རྩ་སྔགས༔ ཨོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀྲོ་དྷ་རི་ནི་ས་ས་མ་ཡ་ཛ༔ ཀཱ་ལེ་ཤྭ་ར་སིདྡྷི་ཕ་ལ་ཧཱུྃ༔ ལས་སྦྱོར་ཕྱི་ལྟར་དགྲ་ཇག་ཆོམ་རྐུན་འཆིང༔ ནང་ལྟར་གཟའ་ཀླུ་གདུག་པའི་གནོད་པ་འཆིང༔ དེ་དག་ཡེངས་མེད་བསྐྱེད་རིམ་སྔགས་ནུས་པ༔ རྙེད་པས་ལས་རྣམས་ཐོགས་མེད་འགྲུབ་པར་ངེས༔ རྫོགས་རིམ་གསང་བ་རྣམ་རྟོག་ལམ་དུ་ཁྱེར༔ དེ་ཡང་ཕྲ་སྦོམ་རགས་པ་ཚོགས་དྲུག་གི༔ ཡུལ་ལ་ཞེན་པས་འཁོར་བའི་རྒྱུ་སྐྱེད་བྱེད༔ ཞེན་མེད་སྤང་གཉེན་བྲལ་བའི་གཤིས་ལ་བཞག༔ དགེའོ༔

༄། ། ༩༽མན་ངག་དགུ་པ༔ རྡོ་རྗེ་གྲོ་ལོད་སྒྲུབ་ཐབས༔

ཧཱུྃ༔ཆོས་དབྱིངས་མཁའ་ལ་རང་འོད་འཇའ་ཟེར་དང༔ རྡོ་རྗེའི་གུར་ཁང་མེ་དཔུང་འབར་བའི་ཀློང༔ རྡོ་རྗེ་གྲོ་ལོད་དམར་སྨུག་འཆོལ་བའི་སྐུ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཟིར༔ དབུ་སྐྲ་དམར་སེར་གྱེན་བརྗེས་ཐོད་སྐམ་བརྒྱན༔ ཞབས་གཉིས་གར་སྟབས་ལིང་ལིང་འགྱིང་བག་རོལ༔ ཟ་འོག་བེར་ཕོད་ཆོས་གོས་རུས་རྒྱན་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གཡོན་ཕུར་བུ༔ འཁོར་དུ་བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ༔ ཧཱུྃ་ཀར་རྣམ་རྒྱལ་གཤེད་ཆེན་རྟ་སྐད་ཅན༔ བདུད་རྩི་དབྱུག་སྔོན་མི་གཡོ་གཞན་མི་ཐུབ༔ ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ༔ ཀུན་ཀྱང་མཐིང་ནག་གནམ་ལྕགས་ཕུར་བུ་འདྲིལ༔ སྒྲ་འབྱིན་མདའ་སྙེམས་དུར་བདག་ཙཎྚ་ལཱི༔ རླུང་འབྱིན་སྡེར་མོ་གཏུན་ཁུང་སྐུལ་བྱེད་མ༔ གསོད་བྱེད་མ་སྟེ་ཡབ་ཡུམ་ལྷན་ཅིག་རོལ༔ གཞན་ཡང་ཁྲོ་ཆུང་རྡོ་རྗེའི་བུ་ཡུག་འཚུབས༔ གསོལ་འདེབས་ནི༔ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་དྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་ཐུགས་ཀའི་ས་བོན་དང༔ བ་སྤུའི་བུ་ག་དབུ་སྐྲ་ཕྱག་མཚན་ལས༔ ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པ་ཡིས༔ བདག་ལ་སྡང་སེམས་ལྡན་པའི་དགྲ་བགེགས་ཀུན༔ ཕྱེ་མར་བརླག་ཅིང་ཤ་ཁྲག་རུས་པ་ལ༔ ཁྲོ་ཆུང་ལྕགས་སྡིག་རྣམས་ཀྱིས་ཧབ་ཧབ་རོལ༔ ཚུར་འདུས་སྟེང་འོག་ཕྱོགས་མཚམས་རྡོ་རྗེ་ཡི༔ གུར་ཁང་མི་ཕྱེད་གོང་བུ་གཅིག་ཏུ་གྱུར༔ མཐར་ནི་རང་ཉིད་རྡོ་རྗེ་གྲོ་བོ་ལོད༔ ཡེ་ཤེས་ཐུགས་ཀར་རྡོ་རྗེ་ནས་འབྲས་ཙམ༔ ཉི་སྟེང་ཧཱུྃ་དམར་མཐའ་ལ་སྔགས་ཕྲེང་འཁོར༔ འོད་འཕྲོས་རྒྱལ་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ མི་དང་མི་མིན་གདུག་པའི་བསམ་སྦྱོར་ཞི༔ སྔོན་ལས་འཕྲལ་རྐྱེན་བར་ཆད་ཀུན་སེལ་བསམ༔ རྩ་སྔགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བི་རུ་ཀྲོ་དྷ་ལོ་ཀོཏྟ་ར་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ དྲག་པོ་སྤྱི་དྲིལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ སྤྱི་སྔགས༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ འདི་གསུམ་རང་གི་བློ་ལ་གང་མོས་བཟླ༔ སྐབས་སུ་རྩ་སྔགས་ཤམ་བུར་ཧཱུྃ་ཕཊ་ཅེས༔ ངར་ལྡན་མང་བཟླས་སྣང་བའི་ཡུལ་རྣམས་ལ༔ དམིགས་པའི་ཁ་བསྒྱུར་ཏིང་འཛིན་ངར་དང་བཅས༔ ཐོགས་རྡུགས་མེད་པར་རིག་པའི་རྩལ་ཡང་སྦྱང༔ ཨོཾ་རྣོར་སོད་ཟློག་ཆུཾ་དྲིལ་སྭཱཧཱ༔ བཟླ་ཞིང་རྟེན་འབྲེལ་རྫས་འཁོར་སྲུང་བ་ཡང༔ བྱས་པས་མཚོན་གྱི་གནོད་པ་ཟློག་པར་བྱེད༔ དེ་ཡང་སྔོན་ལས་ཅི་རིགས་ཕྱིར་ནུར་བྱེད༔ འཕྲལ་རྐྱེན་ཡིན་ན་ངེས་པར་བཟློག་འགྱུར་རོ༔ ཕྱི་ལྟར་མཚོན་ཆའི་གནོད་པ་དེ་ཉིད་ཀྱང༔ ནང་ན་ཉོན་མོངས་ཧྲག་པ་ཉིད་ལས་བྱུང༔ དེས་ན་ཉོན་མོངས་ལམ་ཁྱེར་རྫོགས་རིམ་བསྒོམ༔ དེ་ཡང་ཞེ་སྡང་ཀམ་གྱིས་སྐྱེས་པ་ན༔ འཕྲོ་རྗེས་མི་མཐུད་ཁོ་ཡི་རང་ངོར་བལྟ༔ བལྟས་པས་རང་ཡལ་སྤང་གཉེན་ཡུལ་ལས་འདས༔ རིག་པ་གསལ་སྟོང་རྗེན་པ་ཅེར་གྱིས་འཆར༔ དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན༔ དེ་བཞིན་འདོད་ཆགས་ང་རྒྱལ་ཕྲག་དོག་དང༔ གཏི་མུག་ལ་ཡང་དེ་ལྟར་ཉམས་མྱོང་བའི༔ ཉོན་མོངས་རང་དག་ཡེ་ཤེས་ཆེན་པོར་འཆར༔ ཉོན་མོངས་བྲལ་ལ་ཡེ་ཤེས་སྐྱེ་བར་བྱ༔ སྨྲས་པ། རྙིང་མ་འགའ་དང་གསར་མ་རེ་ཟུང་ན། །ཟུར་ཆག་སྔགས་འགྱུར་འདི་འདྲ་བྱུང་བ་ལ། །རྟོག་གེ་པ་འགའ་རྒྱ་མིན་བོད་མིན་ཞེས། །དགག་པ་རང་ཉིད་ཆོས་སྤངས་སྒྲིབ་བསགས་ལས། །ཇི་བཞིན་དོན་ལ་འབྱོར་པ་མ་ཡིན་ཏེ། །འབྱོར་ཞེས་སྨྲ་ན་ཨོ་རྒྱན་ཤམྦྷ་ལ། །འགྲོ་སྡིང་སྲིན་པོ་ཀླུ་ཡི་སྐད་ལ་སོགས། །ཚུལ་བཞིན་ཤེས་པ་ཕྱོགས་འདིར་སྨོས་ཅི་དགོས། །ལེགས་སྦྱར་སྐད་ལ་དཔྱད་པར་རློམ་ན་ཡང་།།ལེགས་སྦྱར་མཐའ་དག་དབང་པོས་མི་ཤེས་ན། །ཕལ་པ་གཞན་གྱིས་སྤྱོད་ཡུལ་ག་ལ་ཞིག །འཕགས་ཡུལ་ལེགས་སྦྱར་མདོ་གཞུང་ཡོངས་རྫོགས་པ། །བོད་འདིར་མེད་ཅིང་ཡོད་པ་ཅུང་ཟད་ཀྱང་། །བྲམ་ཟེའི་གསང་ཚིག་ཚིག་སྡུད་གྱུར་པ་རྣམས། །བོདཀྱི་ལོ་ཙཱས་རང་གར་རྟོགས་ནུས་མེད། །རྟག་ཏུ་གསང་ཆེན་རྙིང་མའི་མན་ངག་རྣམས། །ལེགས་སྦྱར་ཁོ་ནས་སྟོན་པ་མ་ཡིན་གྱི། །ཚུལ་འདིར་བསམ་གྱིས་མི་ཁྱབ་ཁོ་ནར་དྲན། །དེ་ལྟ་ན་ཡང་གང་ཟག་བློ་སྐྱོན་གྱིས། །བར་སྐབས་བཅོས་བསླད་རྫུན་ཟོག་ཡིག་ནོར་སོགས། །ཡིན་མིན་བསྲེག་བཅད་བརྡར་བའི་གསེར་བཞིན་བརྟག །ཚད་ལྡན་ཡི་དམ་བསྒྲུབ་ན་རྟགས་ལྡན་ཞིང་། །བཟླས་ན་ནུས་འབྱུང་བསྒོམ་ན་ཉམས་རྟོགས་འཆར། །འདི་ཕྱིར་བར་དོར་བདེ་སྐྱིད་ཐོབ་ན་ཡིན། །དེ་སྐང་ཟབ་མོའི་སྔགས་ལ་ལོག་རྟོག་བློ། །དག་བྱེད་ཚེ་དབང་ནོར་བུས་ཞར་བྱུང་སྨྲས། དགེའོ།

༄། ། ༡༠༽ མན་ངག་བཅུ་པ༔ ཐུགས་ཆེན་པདྨ་རྒྱལ་པོའི་སྒྲུབ་ཐབས༔

ཨ༔ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་དབུས༔ པདྨ་རྒྱལ་པོ་སྐུ་དམར་ཞལ་གཅིག་པ༔ ཕྱག་གཉིས་ཐལ་སྦྱོར་གསང་ཡེ་ཡུམ་ལ་འཁྱུད༔ ཞི་ཚུལ་ལོངས་སྐུའི་ཆས་རྫོགས་རྡོར་སྐྱིལ་བཞུགས༔ ཐུགས་ཀར་རྡོར་སེམས་སྤྱི་བོར་སྣང་མཐའ་ཡས༔ ཕྱི་རིམ་འདབ་བརྒྱད་ཉེ་སྲས་སེམས་དཔའ་བརྒྱད༔ གཞན་ཡང་སངས་རྒྱས་བྱང་སེམས་གྲངས་མེད་བསྐོར༔ གསོལ་འདེབས་ནི༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་བ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་ཚེ་གཙོ་འཁོར་འོད་ཟེར་གྱིས༔ འགྲོ་དྲུག་སྒྲིབ་སྦྱངས་འོད་ཟེར་ལྕགས་ཀྱུ་ཡིས༔ བདེ་བ་ཅན་གྱི་ཞིང་དུ་ཀུན་དྲངས་ནས༔ པདྨ་ལས་འཁྲུངས་སྣང་མཐའི་ཞལ་མཇལ་བསམ༔ མཐར་ནི་རང་ཉིད་ལྷར་གྱུར་ཐུགས་དབུས་སུ༔ པད་ཉི་ཟླ་སྟེང་འབྲུ་བཞི་བརྩེགས་མའི་མཐར༔ རྒྱལ་བ་ཀུན་གྱི་ཡང་སྙིང་ཡི་གེ་དྲུག༔ འཁོར་བས་སྣོད་བཅུད་དག་པའི་རང་བཞིན་གྱུར༔ རྩ་སྔགས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མཎི་པདྨེ་ཧཱུྃ༔ སྐབས་སུ་སངས་རྒྱས་བྱང་སེམས་མཚན་བརྒྱ་དང༔ ཟ་མ་ཏོག་བཀླག་ཉིན་མཚན་ཐུན་དྲུག་ཏུ༔ འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང༔ བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གདབ༔ རྫོགས་རིམ་འཆི་བ་ལམ་ཁྱེར་བསྒོམ་པ་སྟེ༔ འཆི་བའི་རྒྱུ་ནི་འཕོ་བཅས་རྟོག་པ་ཡིན༔ ལམ་ཁྱེར་རྟོག་མེད་འཐུག་པོའི་འོད་གསལ་བསྒོམ༔ དེ་ལ་གོམས་ན་འཆི་ཁ་གྲོལ་བ་ཐོབ༔ དགེའོ༔

༄། ། ༡༡༽ མན་ངག་བཅུ་གཅིག་པ༔ སྣང་བ་མཐའ་སྒྲུབ་ཐབས༔

ཧྲཱི༔ ཆོས་བྱིངས་མཁའ་ལ་རང་འོད་ཡེ་ཤེས་ཀློང༔ རྨད་བྱུང་སངས་རྒྱས་ཞིང་ཁམས་བདེ་བ་ཅན༔ དབུས་སུ་སངས་རྒྱས་འོད་དཔག་མེད་མགོན་ནི༔ དམར་པོ་མཉམ་གཞག་ཆོས་གོས་རྣམ་གསུམ་གསོལ༔ བྱང་ཆུབ་ཤིང་མཆོག་རིན་ཆེན་པདྨོ་ནི༔ རྣམ་པར་སྣང་ལ་སྐུ་རྒྱབ་བརྟེན་ནས་བཞུགས༔ ཕྱི་རིམ་ཤར་དུ་སངས་རྒྱས་མི་འཁྲུགས་པ༔ དེ་ནས་གཡས་བསྐོར་སངས་རྒྱས་དཔའ་བོ་བདུན༔ སངས་རྒྱས་རྣམ་གཟིགས་ས་གནོན་མཉམ་གཞག་མཛད༔ གཙུག་ཏོར་ཅན་ནི་མཆོག་སྦྱིན་མཉམ་གཞག་བྱེད༔ ཐམས་ཅད་སྐྱོབ་ནི་སྐྱབས་སྦྱིན་མཉམ་པར་གཞག༔ འཁོར་བ་འཇིག་ནི་ཏིང་ངེ་འཛིན་གྱི་རྒྱ༔ གསེར་གྱི་ཐུབ་པ་ཆོས་འཆད་མཉམ་གཞག་མཛད༔ འོད་སྲུངས་མཆོག་སྦྱིན་ཆོས་གོས་རི་དྭགས་རྣ༔ ཤཱཀྱ་ཐུབ་པ་ཆོས་འཆད་ཕྱག་རྒྱ་མཛད༔ བདུན་ཀ་གསེར་མདོག་ཆོས་གོས་རྣམ་གསུམ་གསོལ༔ ཀུན་ཀྱང་མཚན་དཔེ་ཡོངས་རྫོགས་རྡོར་སྐྱིལ་བཞུགས༔ རང་རང་བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན༔ གཞན་ཡང་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང༔ བྱེ་མའི་གྲངས་དང་མཉམ་པས་མཐའ་བསྐོར་བསམ༔ གསོལ་འདེབས་ནི༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་ཆེན་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་གྲོལ་སྟོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་པ་བཏབ་ཚེ་གཙུག་གཏོར་མཛོད་སྤུ་ནས༔ འོད་ཀྱིས་འགྲོ་བའི་སྒྲིབ་པ་ཡོངས་སུ་སྦྱངས༔ ཀུན་ཀྱང་འཕགས་པའི་ས་ལ་ཡོངས་བཀོད་དེ༔ བདེ་ཆེན་པདྨོའི་གདན་ལ་འཁོད་པར་བསམ༔ མཐར་ནི་རང་ཉིད་འོད་དག་མེད་དུ་བསྒོམ༔ ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧྲཱི༔ མཐའ་མར་གཟུངས་སྔགས་འཁོར་ལས་འོད་འཕྲོས་པས༔ དོན་གཉིས་ཡོངས་རྫོགས་སྣོད་བཅུད་སངས་རྒྱས་ཞིང༔ རྩ་སྔགས༔ ཨོཾ་ཨ་མི་ཏ་བྷཱ་ཧྲཱི༔ མང་དུ་བཟླ༔ རབ་བདུན་གྱི་སྔགས༔ ན་མ༔སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ཨ་ནུ་ག་ཏེ༔ ཨོཾ་ཀུ་རུཾ་གི་ནི་སྭཱཧཱ༔ མི་འཁྲུགས་པའི་སྔགས༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲཱ་ས་ནི་ཏྲཱ་ས་ནི༔ པྲ་ཏི་ཧ་ན༔ པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཱཧཱ༔ ཞེས་དང་འོད་དཔག་མེད་ཀྱི་མཚན་བརྒྱའི་སྔགས༔ དཔའ་བོ་བདུན་དང་མི་འཁྲུགས་གཟུངས་སྔགས་བཟླ༔ ཐུན་མཚམས་དཀོན་བརྩེགས་འོད་དཔག་མེད་མདོ་བཀླག༔ སེམས་བསྐྱེད་འགྱུར་བ་བཅུ་ཡང་ཅི་ནུས་འབད༔ རྫོགས་རིམ་བར་དོའི་སྣང་བའི་གཞི་རྩ་ནི༔ ཀུན་གཞི་རྣམ་རྟོག་ལས་རླུང་བསྐྱོད་ལས་ཤར༔ བར་དོ་ལམ་ཁྱེར་ཉམས་ལེན་སྙིང་པོ་ནི༔ རྨི་ལམ་ངོས་བཟུང་སྒྱུར་སྤེལ་སྦྱངས་བཅས་བྱ༔ དགེའོ༔

༄། ། ༡༢༽ མན་ངག་བཅུ་གཉིས་པ༔ བླ་མ་ཀུན་བཟང་སྒྲུབ་ཐབས༔

ཨ༔ མཁའ་ཉིད་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང༔ དབུས་སུ་འོད་ལྔའི་ཐིག་ལེ་བཀྲག་འཚེར་བ༔ སྙིང་པོ་ཀུན་བཟང་ཡབ་ཡུམ་གཅེར་བུའི་སྐུ༔ མཉམ་གཞག་ཡུམ་གྱི་རྡོར་དྲིལ་མཐིང་དྭངས་གསལ༔ མདུན་དུ་རིགས་འདུས་དཔལ་ལྡན་རྡོ་རྗེ་སེམས༔ ཕྱོགས་བཞིར་རྣམ་སྣང་རིན་འབྱུང་འོད་དཔག་མེད༔ དོན་གྲུབ་རང་རྟགས་ཕྱག་མཚན་ཡུམ་ལ་འཁྱུད༔ མཚམས་བཞི་བདུད་བཞི་འདུལ་མཛད་ཁྲོ་བོའི་རྒྱལ༔ རྡོ་རྗེ་གཞོན་ནུ་བཛྲ་ཧེ་རུ་ཀ༔ རྟ་མགྲིན་རྒྱལ་པོ་འཆི་མེད་བདུད་རྩི་འཁྱིལ༔ ཡེ་ཤེས་མེ་འོད་ལྔ་ལྡན་དབུས་ན་བཞུགས༔ གཞན་ཡང་ཞི་ཁྲོ་དམ་པ་རིགས་བརྒྱ་དང༔ རིགས་ལྔ་རིགས་གཅིག་རང་བཞིན་གྲངས་མེད་པ༔ སྒྱུ་འཕྲུལ་དྲྭ་བ་བསམ་གྱིས་མི་ཁྱབ་སྐུ༔ དཔག་གིས་མི་ལང་མཁའ་ཁམས་ཁེངས་པས་བསྐོར༔ གསོལ་འདེབས་ནི༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ འཁྲུལ་སྣང་སྡུག་བསྔལ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བཏབ་ཡེ་ཤེས་རང་འོད་མེ་དཔུང་གིས༔ ཁམས་གསུམ་འཁོར་བའི་རྒྱུ་རྩ་དྲུང་ནས་ཕྱུང༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་བྱིན་བརླབས་ནས༔ མི་འགྱུར་བདེ་ཆེན་མཆོག་ལ་སྤྱོད་པར་དམིགསམཐར་ནི་རང་ཉིད་ཀུན་བཟང་ཡབ་ཡུམ་གྱུར༔ ཐུགས་ཀར་ཡེ་ཤེས་ཐིག་ལེ་ལྔ་ལྡན་དབུས༔ འབྲུ་དགུ་བརྩེགས་པས་འགྲོ་ཀུན་སྒྲིབ་པ་སྤྱངས༔ ཀུན་བཟང་སྐུར་གྱུར་སྔགས་ཀྱི་རང་སྒྲ་སྒྲོགས༔ ཨོཾ་ཨཱཿཧཱུྃ་འ་ཨ་ཤ་ས་མ་ཧ༔ དང་ཡིག་དྲུག་གང་མང་བསྙེན་པར་བྱ༔ འདི་ནི་ཀུན་བཟང་དགོངས་པའི་ཡང་སྙིང་སྟེ༔ རྫོགས་ཆེན་འབུམ་ཕྲག་དྲུག་ཅུའི་སྙིང་པོ་ཡིན༔ བཟླས་པས་རིགས་དྲུག་སྡུག་བསྔལ་དྲུངས་ནས་འདོན༔ མངོན་སུམ་སྣང་བ་ཚད་ལ་མྱུར་ཕེབས་འགྱུར༔ ཐུན་སྐབས་སངས་རྒྱས་སྲས་གཅིག་ས་བོན་རྒྱུད༔ བཏགས་གྲོལ་རྒྱུད་དྲུག་གསེར་གྱི་ཞུན་མའི་རྒྱུད༔ ཀུན་ཏུ་བཟང་པོའི་སྨོན་ལམ་མཆོག་ལ་སོགས༔ གང་མང་བཀླག་ཅིང་དོན་ལ་སེམས་པར་བྱ༔ རྒྱལ་བ་ཐབས་མཁས་ཆོས་ཀྱི་སྒོ་མང་ཡང༔ འཁྲུལ་སྣང་བཙན་ཐབས་བཟློག་ཅིང་སངས་རྒྱས་ཀྱི༔ གོ་འཕང་མྱུར་སྒྲུབ་སངས་རྒྱས་ཡེ་ཤེས་དངོས༔ སྟོན་བྱེད་རྫོགས་ཆེན་རྒྱུད་ཀློག་ཆོས་སྤྱོད་མཆོག༔ སྡུག་བསྔལ་དྲག་པོའི་རྒྱུ་ནི་དངོས་ཞེན་གྱི༔ འཛིན་པ་དམ་པོས་བྱས་ཏེ་དེ་ཟློག་བྱེད༔ འཁྲུལ་སྣང་རང་གྲོལ་ཆོས་ཉིད་མངོན་སུམ་བལྟ༔ ཐུན་མིན་འཕོ་བའི་གདམས་པ་ཉམས་སུ་ལེན༔ དགེའོ༔

༄། ། ༡༣༽ མན་ངག་བཅུ་གསུམ་པ༔ བླ་མ་བདེ་བ་ཆེན་པོའི་སྒྲུབ་ཐབས༔

རང་གི་དྲིན་ཆེན་རྩ་བའི་བླ་མ་ནི༔ སྤྱིར་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཁྱད་པར་པད་འབྱུང་སྒྱུ་འཕྲུལ་ཉིད་དུངེས༔ དེ་ཉིད་གུ་རུ་རྩ་སྒྲུབ་སྐབས་ལྟར་རུང་ངོ༔ ཨཱ༔ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་དབུས༔ གུ་རུ་བདེ་ཆེན་མཉམ་གཞག་ཕྱག་མཐིལ་དུ༔ ནོར་བུ་བསམ་འཕེལ་མཚོ་རྒྱལ་ཡུམ་དང་བཅས༔ དྲན་པས་སྡུག་བསྔལ་གཏན་ནས་འཇོམས་པར་བསམ༔ ཕྱོགས་བཞིར་རིག་འཛིན་བཞི་སྟེ་སྐུའི་ཆ་ལུགས༔ གཙོ་བོ་ཇི་བཞིན་འཁོར་ལོ་རྡོ་རྗེ་དང༔ པདྨ་རྒྱ་གྲམ་མཉམ་གཞག་ཕྱག་རྒྱས་འཛིན༔ མཚམས་བཞིར་སློབ་དཔོན་བཞི་སྟེ་ཐོད་བུམ་འཛིན༔ གཞན་ཡང་རིག་འཛིན་བྱེ་འབུམ་གཟི་བརྗིད་འབར༔ རྩ་བར་བརྒྱུད་པའི་བླ་མ་སྤྲིན་བཞིན་འཁྲིགས༔ གསོལ་འདེབས་ནི༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ དད་གུས་མོས་པས་གདུང་བས་གསོལ་འདེབས་ན༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ༔ གསོལ་བ་བཏབ་པས་དད་པའི་མཐུ་ནུས་ཀྱིས༔ གནམ་ས་འཐབ་པ་ལྟ་བུའི་དགའ་བདེ་བཅས༔ བྱིན་རླབས་དངོས་གྲུབ་རྟེན་འབྲེལ་རབ་འབྱམས་ཀུན༔ རང་བབས་རང་ཐིམ་ཆར་བཞིན་རབ་ཏུ་འབབ༔ རྒྱལ་བ་ཡོངས་འདུས་གུ་རུ་པདྨ་ཡི༔ སྐུ་གསུང་ཐུགས་ཀྱི་ནུས་བྱིན་བདག་ལ་ཞུགས༔ མཐར་ནི་རང་ཉིད་བླ་མའི་སྐུ་རུ་གྱུར༔ སྙིང་གར་རྒྱལ་བ་ཀུན་གྱི་ཡེ་ཤེས་མཆོག༔ གཅིག་བསྡུས་བླ་མའི་སྐུ་གཟིགས་ཚོན་གང་པ༔ ཐུགས་ཀའི་དབུས་སུ་རིག་པ་རྩེ་གཅིག་གི༔ རྡོ་རྗེ་ཐིག་ལེ་མངོན་སུམ་སྣང་བ་བཅས༔ བསམ་གྱིས་མི་ཁྱབ་སྐུ་དང་ཞིང་ཁམས་རྫོགས༔ ས་བོན་སྔགས་ཀྱི་ཕྲེང་བས་རྒྱལ་ཀུན་གྱི༔ ཡེ་ཤེས་བདག་གི་རྒྱུད་ལ་སྐྱེས་པར་བསམ༔ ཨོཾ་གུ་རུ་དྷཱ་ཀི་ནཱི་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་པ་ཅི་ནུས་ཉིད་དང་ཐུན་མཚམས་སུ༔ ཚིག་བདུན་གསོལ་འདེབས་གདུང་ཤུགས་དྲག་པོས་བྱ༔ མདོར་ན་མན་ངག་བཅུ་གསུམ་ཐམས་ཅད་ཀྱི༔ ཡང་སྙིང་བླ་མར་མོས་གུས་ཁྲིད་འདིར་འདུ༔ དེ་ཡང་རྒྱལ་བའི་གསུང་རབ་མཐའ་དག་གི༔ འཇུག་སྒོ་མེད་ཐབས་མེད་པ་འདི་ཁོ་ན༔ ལམ་གྱི་གཞུང་ཤིང་འབྲས་བུའི་སྐྱེལ་སོ་ཆེ༔ བླ་མ་སངས་རྒྱས་རྗེས་སུ་དྲན་པ་ལས༔ ལྷག་པའི་ཆོས་གཞན་ནམ་ཡང་ཡོད་མ་ཡིན༔ ཚེ་གཅིག་སངས་རྒྱས་ཉེ་མྱུར་ཟབ་མོའི་ལམ༔ བླ་མེད་སྔགས་ཆོས་ཀུན་ཀྱང་འདི་རག་ལུས༔ འདི་མེད་སྔགས་ལམ་སྙིང་མེད་ལུས་ཁོག་འདྲ༔ དེས་ན་བླ་མར་དད་གུས་མོས་པའི་ཁྲིད༔ འདི་ནི་དུས་གསུམ་རྒྱལ་བ་ཀུན་གྱི་ལམ༔ ཟབ་མྱུར་ཁྱད་འཕགས་ཆོས་ཀྱི་རྒྱལ་པོ་མཆོག༔ འཁོར་ལོས་སྒྱུར་རྒྱལ་མཚུངས་པ་མེད་པ་ཡིན༔ ཟབ་ཟབ་ལེགས་ལེགས་ཆོས་ཚུལ་ཅི་འདྲ་བ༔ བསྒོམ་ཡང་དད་པ་མོས་གུས་དང་བྲལ་ན༔ བྱིན་རླབས་འཇུག་པའི་གོ་དང་བྲལ་བ་ཡིན༔ མོས་གུས་ཅན་ལ་བླ་མའི་བྱིན་རླབས་འཇུག༔ བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ན༔ བྱང་ཆུབ་ལམ་ལ་རང་དབང་མེད་པར་འགྲོ༔ ས་ལམ་ཡོན་ཏན་མི་འདོད་ན་ཡང་འཆར༔ ཡི་དམ་མཁའ་འགྲོ་ཞར་བྱུང་ཉིད་ལ་འགྲུབ༔ ཅི་ཕྱིར་ཡི་དམ་བསྒྲུབས་ཀྱང་བྱིན་རླབས་སྒོ༔ བླ་མ་ལས་གཞན་མ་ཡིན་ཆོས་ཐམས་ཅད༔ བླ་མའི་མོས་གུས་ལྟེམ་རྐྱང་མེད་ལ་འདུ༔ ཁྱད་པར་རྡོ་རྗེ་ཐེག་པའི་སྲོག་སྙིང་སྟེ༔ འདི་ཡོད་སྲོག་ཡོད་འདི་མེད་སྲོག་མེད་འགྱུར༔ དེས་ན་དཀའ་སླ་སྐྱིད་སྡུག་ཅི་བྱུང་ཡང༔ བླ་མའི་མོས་གུས་དམ་ཚིག་འབྲལ་མི་རུང༔ རང་ལ་བཀའ་དྲིན་ཆེ་བའི་བླ་མ་དེ༔ སངས་རྒྱས་ཀུན་འདུས་པད་འབྱུང་ངོ་བོར་བསམ༔ པདྨ་འབྱུང་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་ཐུགས་རྗེ་སྨོན་ལམ་གཅིག་བསྡུས་པ༔ རྒྱལ་བ་གཞན་ལས་སྙིགས་དུས་ཐུགས་རྗེ་མྱུར༔ དོན་དེས་སྙིགས་དུས་སྐྱེས་པའི་འགྲོ་བ་རྣམས༔ བློ་གཏད་ཕུར་ཚུགས་བྱས་པདྨ་འབྱུང༔ ལྷག་པར་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས༔ བླ་མའི་སྐལ་བ་པདྨ་འབྱུང་གནས་ཡིན༔ ཨེ་མ་ངོ་མཚར་སངས་རྒྱས་འོད་དཔག་མེད༔ དངོས་གྱུར་མགོན་འདིའི་གདུལ་བྱར་སྐྱེས་བ་ཡི༔ བསོད་ནམས་འདི་འདྲ་རང་སེམས་དགའ་བདེ་ཆེས༔ ཉིན་མཚན་ཁོར་ཡུག་དེ་ཉིད་ཁོ་ནས་ཁྱབ༔ དེས་ན་ཐུན་དྲུག་ཀུན་ཏུ་གུ་རུ་ཡི༔ གསོལ་འདེབས་དུང་དུང་བཀླགས་ལ་ཤིན་ཏུ་འབད༔ དེ་ནི་ཚེ་འདི་འམ་ནི་བར་དོ་དང༔ ཕྱི་མ་གང་རིགས་བྱང་ཆུབ་ལམ་རྫོགས་འགྱུར༔ རྫོགས་རིམ་དག་ནི་བླ་མ་རང་སེམས་དང༔ རོ་མཉམ་ཟབ་གསལ་བདེ་བ་ཆེན་པོས་ཁྱབ༔ རང་མདངས་བླ་མར་མོས་གུས་ཚད་བཟུང་བྲལ༔ དེ་ནི་བླ་མ་ཆོས་སྐུར་མཇལ་ཞེས་བྱ༔ རྫོགས་རིམ་ཀུན་གྱི་མཐར་ཐུག་སྙིང་པོ་སྟེ༔ དོན་འདི་རྟོགས་ལ་གཅིག་ཤེས་ཀུན་གྲོལ་ཞེས༔ མདོ་རྒྱུད་དགོངས་དོན་མ་ནོར་བྱན་ཚུད་ཅིང༔ བྱང་ཆེན་འབྲས་བུ་མཆོག་ལ་འཁོད་པར་འགྱུར༔ དགེའོ༔


previousགུ་རུའི་མན་ངག་དངོས་གྲུབ་གཏེར་ཁྱིམ་ལས་བླ་མ་ཡི་དམ་བཅུ་གསུམ་ཁོལ་སྒྲུབ་དངོས་གཞི་མན་ངག་དང་བཅས་པ་བསམ་འཕེལ་ནོར་བུ།next