Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་གསུམ་རབ་འབྱམས་ཀྱི་སྐོང་བསྡུས་རིན་ཆེན་འབར་བའི་ཕྲེང་བ།
   
   
   
   
   
   
   
   


 
previousརྩ་གསུམ་རབ་འབྱམས་ཀྱི་སྐོང་བསྡུས་རིན་ཆེན་འབར་བའི་ཕྲེང་བ།next

རྩ་གསུམ་རབ་འབྱམས་ཀྱི་སྐོང་བསྡུས་རིན་ཆེན་འབར་བའི་ཕྲེང་བ།

༄༅། །རྩ་གསུམ་རབ་འབྱམས་ཀྱི་སྐོང་བསྡུས་རིན་ཆེན་འབར་བའི་ཕྲེང་བ་བཞུགས་སོ། །

ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ གུ་རུ་པདྨ་འོད་འབར་སྐུ་ལ་འདུད། རྩ་བ་གསུམ་གྱི་སྐོང་གསོ་བྱ་བ་ནི། ཚོགས་གཏོར་མཆོད་པ་ཅི་འབྱོར་བཤམས་ལ། སྔགས་འཆང་རྣམས་ཏིང་ངེ་འཛིན་གསལ་གདབ་ཅིང་། སྨན་རཀ་སྦྲེང་། ཤ་ཆེན་བསྲེག་ཅིང་མར་མེ་སྦར། རོལ་མོ་བསྒྲགས་ལ་འདི་སྐད་དོ།། ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་བའི། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ། །རིག་འཛིན་རིག་བརྒྱུད་བླ་མའི་ཐུགས་དམ་བསྐང་། །བཀའ་ལུང་ལྷག་ཆད་མེད་པར་སྟོན་མཛད་པའི། །སྙན་ཁུངས་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །ཐུགས་རྗེའི་བརྩེ་བས་འགྲོ་ཀུན་འདྲེན་མཛད་པ། །ཐུགས་རྗེ་བྱིན་རླབས་བརྒྱུད་པའི་ཐུགས་དམ་བསྐང་། །བཀའ་ལུང་མན་ངག་གཏེར་སྦས་བྱ་ར་མཛད། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང་། །མ་འོངས་ལས་ཅན་ལུང་བསྟན་དགོངས་པ་གཏད། །སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས་དམ་བསྐང་། །བཀའ་བབ་ལུང་བརྒྱུད་འགྲོ་ཀུན་སྨིན་གྲོལ་མཛད། །ཤོག་སེར་ཚིག་བརྒྱུད་བླ་མའི་ཐུགས་དམ་བསྐང་། །རྒྱལ་བའི་བྱིན་རླབས་མཐུ་ཡིས་ཕྲིན་ལས་མཛད། །དམ་རྫས་མྱོང་གྲོལ་བརྒྱུད་པའི་ཐུགས་དམ་བསྐང་། །ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །སྟོང་གསལ་འགག་མེད་ཡེ་ནས་མངོན་རྫོགས་པའི། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་། །ཆོས་ཀུན་ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི། །སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས་དམ་བསྐང་། །རང་བྱུང་གདོད་ནས་སངས་རྒྱས་རྒྱལ་ཀུན་ཡབ། །ཀུན་བཟང་པདྨ་འབྱུང་གནས་ཐུགས་དམ་བསྐང་། །དུག་ལྔ་མ་སྤངས་གནས་སུ་དག་པ་ཡི། །གུ་རུ་ཐོད་ཕྲེང་སྡེ་ལྔའི་ཐུགས་དམ་བསྐང་། །ཚོགས་དྲུག་མ་སྤངས་རང་སར་གྲོལ་བ་ཡི། །འགྲོ་འདུལ་གུ་རུ་དྲུག་གི་ཐུགས་དམ་བསྐང་། །ཡུལ་བརྒྱད་མ་སྤངས་གནས་སུ་དག་པ་ཡི། །སྤྲུལ་པའི་གུ་རུ་མཚན་བརྒྱད་ཐུགས་དམ་བསྐང་། །གསང་བ་དབང་སྡུད་དངོས་གྲུབ་སྟེར་མཛད་པའི། །ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །གུ་རུའི་རྒྱན་འཁོར་ལྔ་ལྔའི་ཡེ་ཤེས་འཕྲུལ། །རྗེ་འབངས་ཉེར་ལྔའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཡེ་ཤེས་ཆེ་བརྙེས་ནུས་མཐུ་དཔག་ཏུ་མེད། །རྒྱ་བོད་གྲུབ་ཆེན་ཡོངས་ཀྱི་ཐུགས་དམ་བསྐང་། །འཕོ་བྲལ་བདེ་ཆེན་འོད་གསལ་རྡོ་རྗེའི་སྐུ། །པཎ་ཆེན་བྱེ་མ་མུ་དྲའི་ཐུགས་དམ་བསྐང་། །རྒྱུད་ལུང་མན་ངག་བཀའ་བརྒྱུད་སྲོལ་འཛིན་མགོན། །གནུབས་སོ་རོང་ཟུར་ཡབ་སྲས་ཐུགས་དམ་བསྐང་། །སྙན་བརྒྱུད་གསང་སྐོར་དོན་གྱི་བསྟན་པ་སྤེལ། །ཉང་བན་སྦས་འབྲོ་སོགས་ཀྱི་ཐུགས་དམ་བསྐང་། །ཨ་ཏི་བླ་མེད་ཆོས་ཀྱི་གཏེར་ཆེན་འབྱིན། །ལྡང་ལྕེ་ཞང་མེ་བརྒྱུད་བཅས་ཐུགས་དམ་བསྐང་། །བོད་ཆེན་ཕྱོགས་སུ་ངེས་དོན་བསྟན་པའི་མཛོད། །དམ་གཙང་བྱམས་སོགས་བླ་རབས་ཐུགས་དམ་བསྐང་། །ཟབ་གཏེར་མངའ་བདག་ཡོངས་ཀྱི་གཙོ་མཆོག་དཔལ། །ཉང་རལ་ཉི་མ་འོད་ཟེར་ཐུགས་དམ་བསྐང་། །སྤྱན་རས་གཟིགས་དབང་འགྲོ་འདུལ་གཏེར་སྟོན་སྤྲུལ། །གུ་རུ་ཆོས་ཀྱི་དབང་ཕྱུག་ཐུགས་དམ་བསྐང་། །ཡང་ཟབ་མཁའ་འགྲོ་སྙིང་གི་ཐིག་ལེ་འཆང་། །པདྨ་ལས་འབྲེལ་རྩལ་གྱི་ཐུགས་དམ་བསྐང་། །སྙིང་པོའི་གཏམ་སྤེལ་སྙིང་ཐིག་བསྟན་པའི་བདག །དཔལ་ཆེན་རང་བྱུང་རྡོ་རྗེའི་ཐུགས་དམ་བསྐང་། །བི་མའི་རྣམ་འཕྲུལ་ཀུན་བཟང་དགོངས་པའི་གཏེར། །ཀུན་མཁྱེན་དྲི་མེད་འོད་ཟེར་ཐུགས་དམ་བསྐང་། །རྨད་བྱུང་སྤྲུལ་སྐུ་ཟབ་གཏེར་རྒྱ་མཚོའི་བདག །རྡོ་རྗེ་ཀུན་སྐྱོང་པད་གླིང་ཐུགས་དམ་བསྐང་། །ཨོ་རྒྱན་གསང་བཅུད་དགོངས་འདུས་གཏེར་ཆོས་ཀྱི། །མཛོད་འཆང་སངས་རྒྱས་གླིང་པའི་ཐུགས་དམ་བསྐང་། །བོད་ཁམས་སྐྱོབས་བྱེད་གསང་མཛོད་ལྔ་ཡི་བདག །རིག་འཛིན་རྒོད་ལྡེམ་ཅན་གྱི་ཐུགས་དམ་བསྐང་། །བརྟུལ་ཞུགས་རྩལ་ལྡན་གསང་སྔགས་ཐེག་མཆོག་དཔལ། །རྟོགས་ལྡན་མཁའ་སྤྱོད་དབང་པོའི་ཐུགས་དམ་བསྐང་། །སྔ་འགྱུར་བཀའ་གཏེར་བསྟན་པའི་སྲོག་ཤིང་འཛིན། །རཏྣ་ཞིག་པོ་གླིང་པའི་ཐུགས་དམ་བསྐང་། །གུ་རུའི་ལྟ་སྒོམ་ཤིང་རྟའི་སྒྲོན་མེ་མཆོག །གསང་བདག་ཏཱ་ར་ན་ཐའི་ཐུགས་དམ་བསྐང་། །འགྲན་མེད་ནུས་མཐུ་མི་འཇིགས་སྦྱིན་པའི་གཏེར། །ལྷ་རྗེ་བླ་གྲོས་རྒྱལ་མཚན་ཐུགས་དམ་བསྐང་། །ཟབ་གཏེར་བཀའ་བབས་སྣང་བཞིའི་ཡོན་ཏན་རྫོགས། །ཨོ་རྒྱན་འཇའ་ཚོན་སྙིང་པོའི་ཐུགས་དམ་བསྐང་། །གནས་གཏེར་བརྒྱ་རྩའི་སྒོ་འབྱེད་ས་བཅུའི་མགོན། །བདུད་འདུལ་ནུས་ལྡན་རྡོ་རྗེའི་ཐུགས་དམ་བསྐང་། །འཕགས་པའི་སྒྱུ་འཕྲུལ་སངས་རྒྱས་ཞིང་སྦྱོང་གར། །རིག་འཛིན་ཀློང་གསལ་སྙིང་པོའི་ཐུགས་དམ་བསྐང་། །རྟ་མགྲིན་ཆོས་འཕེལ་རྟ་མགྲིན་སྤྲུལ་པ་ཉིད། །སྟག་ཤམ་ནུས་ལྡན་རྡོ་རྗེའི་ཐུགས་དམ་བསྐང་། །བློ་གྲོས་མཐུ་ཡིས་བཀའ་གཏེར་གསལ་བྱེད་མགོན། །པདྨ་འགྱུར་མེད་རྡོ་རྗེའི་ཐུགས་དམ་བསྐང་། །ཡེ་ཤེས་ཆེ་བརྙེས་ཡེ་ཤེས་མཁའ་འགྲོའི་གཙོ། །པདྨ་བདེ་ཆེན་གླིང་པའི་ཐུགས་དམ་བསྐང་། །ཧཱུྃ་མཛད་སྤྲུལ་པ་ཐུགས་ཀྱི་གཏེར་ཁ་འཛིན། །རོལ་པ་རྡོ་རྗེ་གྲགས་པའི་ཐུགས་དམ་བསྐང་། །དུས་གསུམ་འགྲན་ཟླ་བྲལ་བའི་རིག་འཛིན་ཆེ། །རྡོ་རྗེ་ཚེ་དབང་ནོར་བུའི་ཐུགས་དམ་བསྐང་། །ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་མཆོག །འཇམ་མགོན་བསྟན་པའི་ཉིན་བྱེད་ཐུགས་དམ་བསྐང་། །པདྨའི་ཕོ་ཉ་རིག་འཛིན་ཡོངས་ཀྱི་མགོན། །མཆོག་གྱུར་བདེ་ཆེན་གླིང་པའི་ཐུགས་དམ་བསྐང་། །ཀློང་དགུའི་ཡེ་ཤེས་སྐུ་བརྙེས་དཀྱིལ་འཁོར་གཙོ། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཐུགས་དམ་བསྐང་། །ཐུབ་པའི་རྒྱལ་ཚབ་གསང་ཆེན་བསྟན་པའི་སྲོག །འཇམ་མགོན་པདྨ་གར་དབང་ཐུགས་དམ་བསྐང་། །གཞན་ཕན་སྙིང་རྗེས་ལམ་གྱི་འགྲོ་བ་འདྲེན། །མཁའ་ཁྱབ་བདེ་བའི་རྡོ་རྗེའི་ཐུགས་དམ་བསྐང་། །རང་རིག་ཡེ་ཤེས་ཇི་བཞིན་སྟོན་མཛད་པ། །མཆོག་གྱུར་རྩ་བའི་བླ་མའི་ཐུགས་དམ་བསྐང་། །དཔག་མེད་ངོ་མཚར་གྱིས་བརྒྱན་སྤྲུལ་པའི་སྐུ། །གཏེར་ཆེན་བརྒྱ་དང་རྩ་བརྒྱད་ཐུགས་དམ་བསྐང་། །འབྲེལ་ཚད་དོན་ལྡན་ཐར་པའི་ལམ་མཁན་མཆོག །གཏེར་ཕྲན་སྟོང་དང་རྩ་གཉིས་ཐུགས་དམ་བསྐང་། །འགྲོ་ཀུན་སྨིན་གྲོལ་ལམ་ལ་བཀོད་མཛད་པའི། །དྲིན་ཅན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཤེས་དང་ཤེས་བྱ་རྣམ་ཀུན་མཁྱེན་གྱུར་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་། །འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི། །གསུང་རབ་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་། །ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང་། །འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང་།། ཧཱུྃ་ཧྲཱི༔ བླ་མེད་སྙིང་གི་དགོངས་པའི་ད་ལ་རུ། །ཨ་ཏི་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །སངས་རྒྱས་དགོངས་པ་འདུས་པའི་དཀྱིལ་འཁོར་ནས། །ཚོགས་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །བཅོམ་ལྡན་གསང་བ་སྙིང་པོའི་ཕོ་བྲང་ནས། །སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་།། ཧཱུྃ་ཧྲཱི༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང་། ཁྲག་འཐུང་རོལ་བའི་དུར་ཁྲོད་ཆེན་པོ་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང་། །བདེ་གཤེགས་འདུས་པ་རྩ་བའི་དཀྱིལ་འཁོར་ནས། །སྒྲུབ་ཆེན་བཀའ་བརྒྱད་ཡོངས་ཀྱི་ཐུགས་དམ་བསྐང་། །སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས། །པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང་། །ཐུགས་མཆོག་འཁྲུལ་བ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བདུད་རྩི་སྨན་གྱི་ལྷ་ཚོགས་ཐུགས་དམ་བསྐང་། །ཕྲིན་ལས་དྲག་པོས་སྒྲོལ་བའི་དཀྱིལ་འཁོར་ནས། །སྒྲོལ་བྱེད་ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐང་། །ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས། །མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐང་། །ཐུགས་རྗེའི་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང་། །དམ་རྫས་རྫ་ལྟར་སྤུངས་པའི་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང་། །དྲག་སྔགས་རོལ་བའི་དུར་ཁྲོད་ཆེན་པོ་ནས། །དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང་། །དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ། །དཔལ་གྱི་བཀའ་སྡོད་ལྷ་ཚོགས་ཐུགས་དམ་བསྐང་།། ཧཱུྃ་ཧྲཱི༔ མི་འགྱུར་བདེ་བ་ཆེན་པོའི་ཕོ་བྲང་ནས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །ཐུགས་རྗེ་རྒྱུན་ཆད་མེད་པའི་ཕོ་བྲང་ནས། །ནམ་མཁའ་རྒྱལ་པོའི་ལྷ་ཚོགས་ཐུགས་དམ་བསྐང་། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྒྱལ་དབང་པདྨ་འོད་འབར་ཐུགས་དམ་བསྐང་། །མ་རུངས་དྲེགས་པ་ཚར་གཅོད་དཀྱིལ་འཁོར་ནས། །རྡོ་རྗེ་དྲག་རྩལ་ལྷ་ཚོགས་ཐུགས་དམ་བསྐང་། །བདེ་གཤེགས་སྤྱི་འདུས་རྨད་བྱུང་ལྷ་ཡི་ལྷ། །གུ་རུ་རྡོ་རྗེ་ཐོད་ཕྲེང་ཐུགས་དམ་བསྐང་། །རྩ་གསུམ་དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་མཆོག །བླ་མ་དགོངས་འདུས་ལྷ་ཚོགས་ཐུགས་དམ་བསྐང་། །དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་ནས། །ཡི་དམ་དགོངས་འདུས་ལྷ་ཚོགས་ཐུགས་དམ་བསྐང་། །ཟླ་གམ་དམར་པོ་དབང་གི་ཕོ་བྲང་ནས། །མཁའ་འགྲོ་དགོངས་འདུས་ལྷ་ཚོགས་ཐུགས་དམ་བསྐང་། །གནམ་ལྕགས་མེ་རླུང་འཚུབས་མའི་དཀྱིལ་འཁོར་ནས། །ཆོས་སྐྱོང་དགོངས་འདུས་འཁོར་བཅས་ཐུགས་དམ་བསྐང་། །དཔལ་མཆོག་དང་པོ་ཆོས་དབྱིངས་དཀྱིལ་འཁོར་ནས། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཐུགས་དམ་བསྐང་། །རྣམ་དག་བདེ་བ་ཆེན་པོའི་ཕོ་བྲང་ནས། །བདེ་དགྱེས་མ་ཧཱ་མཱ་ཡའི་ཐུགས་དམ་བསྐང་། །ཟབ་གསལ་སྒྱུ་འཕྲུལ་ཆེན་པོའི་ད་ལ་ནས། །མི་བསྐྱོད་འཇམ་དཔལ་གསང་འདུས་ཐུགས་དམ་བསྐང་། །ཞེས་སྡང་ཚར་གཅོད་བླ་མེད་དཀྱིལ་འཁོར་ནས། །འཇམ་དཔལ་དམར་ནག་ལྷ་ཚོགས་ཐུགས་དམ་བསྐང་། ཁམས་གསུམ་དབང་སྡུད་དྲག་པོའི་ད་ལ་ནས། །རྟ་མགྲིན་དམར་ནག་འཁོར་བཅས་ཐུགས་དམ་བསྐང་། །རྡོ་རྗེ་ཅན་གནས་མེ་རི་འབར་བ་ནས། །ཕྱག་རྡོར་ཁྲོ་བཅུ་ཁྱུང་བཅས་ཐུགས་དམ་བསྐང་། །དུར་ཁྲོད་རྩུབ་འགྱུར་ཚལ་གྱི་ཕོ་བྲང་ནས། །རྡོ་རྗེ་ཕག་མོའི་ལྷ་ཚོགས་ཐུགས་དམ་བསྐང་། །ཨོ་རྒྱན་མཁའ་སྤྱོད་དག་པའི་གྲོང་ཁྱེར་ནས། །གསང་བ་ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐང་། །གསང་ཆེན་རོལ་པའི་ཞིང་ཁམས་ཆེན་པོ་ནས། །བདུད་འདུལ་སེང་གདོང་འཁོར་བཅས་ཐུགས་དམ་བསྐང་། །སྒྲུབ་པ་པོ་ལ་མ་ཡིས་བུ་ལྟར་བརྩེ། །གནས་གསུམ་མཁའ་འགྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །སྐུ་གསུམ་འབྲས་བུ་མྱུར་དུ་སྟེར་མཛད་པ། །གསང་སྔགས་རྒྱུད་སྡེ་བཞི་ཡི་ཐུགས་དམ་བསྐང་། །རྒྱལ་བའི་སྒྱུ་འཕྲུལ་འགྲོ་ལ་གང་འདུལ་སྟོན། །ཐེག་པ་རིམ་དགུའི་ལྷ་ཚོགས་ཐུགས་དམ་བསྐང་།། ཧཱུྃ་བྷྱོ༔ འོག་མིན་དུར་ཁྲོད་མེ་རི་འབར་བ་ནས། །དཔལ་མགོན་མ་ནིང་འཁོར་བཅས་ཐུགས་དམ་བསྐང་། །ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །དཔལ་མགོན་མ་དཔལ་འཁོར་བཅས་ཐུགས་དམ་བསྐང་། །རྒྱུད་ལུང་མན་ངག་བསྲུང་བར་མངའ་གསོལ་བའི། །རྒྱུད་མགོན་ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་རོ་མྱགས་ཚལ་གྱི་ཕོ་བྲང་ནས། །དཔལ་མགོན་ཕྱག་བཞི་འཁོར་བཅས་ཐུགས་དམ་བསྐང་། །དུར་ཁྲོད་ཚང་ཚིང་ཁྲིགས་པའི་ཕོ་བྲང་ནས། །དཔལ་མགོན་ཕྱག་དྲུག་འཁོར་བཅས་ཐུགས་དམ་བསྐང་། །རྒྱལ་བའི་བསྟན་སྲུང་ཕྲིན་ལས་ཡོངས་ཀྱི་བདག །གུར་མགོན་བེང་མ་སྟག་ཞོན་ཐུགས་དམ་བསྐང་། །ནག་པོ་ཡོངས་གཙོ་དྲག་པོ་རྨད་བྱུང་བ། །བེར་ནག་ཚོགས་བདག་འཁོར་བཅས་ཐུགས་དམ་བསྐང་། །ཀ་ལིང་ག་རུ་དྲེགས་ཆེན་སྟོང་སྡེའི་གཙོ། །མགོན་པོ་ཨ་གྷོ་ར་ཡི་ཐུགས་དམ་བསྐང་། །ཡེ་ཤེས་མགོན་པོ་ཀུན་གྱི་ཕྲིན་ལས་བདག །ཏྲཀྴད་ཤྭ་ན་མུ་ཁའི་ཐུགས་དམ་བསྐང་། །ཨ་ཏི་ཡང་གསང་བསྟན་སྲུང་མཐུ་མོ་ཆེ། །སྔགས་སྲུང་སྨུག་ནག་རལ་གཅིག་ཐུགས་དམ་བསྐང་། །ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས། །རིག་རྒྱལ་ནཱ་ག་རཀྵའི་ཐུགས་དམ་བསྐང་། །ཞིང་སྐྱོང་མ་མོ་འབྱུང་པོའི་དབང་ཕྱུག་ཆེ། །སྲིན་མགོན་གདོང་བཞི་འཁོར་བཅས་ཐུགས་དམ་བསྐང་། །བཀྲ་ཤིས་སྙིང་ཉེ་མཐུ་རྩལ་ཆེས་ཆེ་བ། །ཞིང་སྐྱོང་གཟི་ལྡན་འཁོར་བཅས་ཐུགས་དམ་བསྐང་། །སྲིད་གསུམ་དབང་བསྒྱུར་ལེགས་ལྡན་ལྷ་ཡི་ལྷ། །དབང་ཕྱུག་ལྷ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །རྒྱལ་བསྟན་དེ་འཛིན་ཡུལ་ཁམས་ཀུན་སྲུང་མཛད། །རྒྱལ་པོ་ཆེན་པོ་སྡེ་བཞིའི་ཐུགས་དམ་བསྐང་། །སྒྲོལ་གིང་སྲོག་བདག་དྲེགས་པའི་གཙོ་བོ་ཆེ། །དམར་པོ་གྱད་ཆེན་འཁོར་བཅས་ཐུགས་དམ་བསྐང་། །འདོད་པའི་ཁམས་ལ་དབང་བསྒྱུར་མངའ་བདག་མ། །ལྷ་མོ་ནག་མོ་དཔོན་གཡོག་ཐུགས་དམ་བསྐང་། །རྫོགས་ཆེན་ཀློང་སྡེའི་སྲུང་མ་ཛོ་ཀིའི་གྲོགས། །འབར་མ་མེ་གདོང་འཁོར་བཅས་ཐུགས་དམ་བསྐང་། །རྫོགས་ཆེན་སྙིང་ཐིག་བཀའ་ཡི་གཉེར་འཛིན་མ། །ཤན་པ་སྲོག་སྒྲུབ་འཁོར་བཅས་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱད་འདུས་པའི་དཀྱིལ་འཁོར་ནས། །གཟའ་བདུད་སྒྲ་གཅན་འཁོར་བཅས་ཐུགས་དམ་བསྐང་། །གུ་རུའི་བརྒྱུད་འཛིན་སྐྱོང་མཛད་སྐྱེས་གཅིག་པུ། །གནོད་སྦྱིན་ཤན་པ་དམར་ནག་ཐུགས་དམ་བསྐང་། །སྙིང་ཐིག་གཏེར་སྲུང་བོད་ཀྱི་གཞི་བདག་མཆོག །དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་། །དུར་ཁྲོད་ཀུན་ཉུལ་གསང་བའི་མ་མོ་ཆེ། །སྔགས་སྲུང་སྤྱང་ཞོན་འཁོར་བཅས་ཐུགས་དམ་བསྐང་། །གུ་རུའི་དགོངས་འདུས་རྗེས་འབྲང་རྣལ་འབྱོར་སྐྱོང་། །དུར་ཁྲོད་ཤ་ཟ་ཁ་ཆེན་ཐུགས་དམ་བསྐང་།། བཻ༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་ཐུགས་དམ་བསྐང་། །དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབས་མཛད་པ། །ནོར་བདག་ཛམ་ལ་འཁོར་བཅས་ཐུགས་དམ་བསྐང་། །ཕས་རྒོལ་འཇོམས་ཤིང་སྒྲུབ་མཆོག་ཡུལ་འཁོར་སྲུང་། །དྲི་ཟའི་རྒྱལ་པོ་འཁོར་བཅས་ཐུགས་དམ་བསྐང་། །གཙུག་ལག་ཆོས་འཁོར་སྐྱོང་ཞིང་དཀོར་ནོར་སྲུང་། །རྒྱལ་པོ་པེ་ཧར་འཁོར་བཅས་ཐུགས་དམ་བསྐང་། །གུ་རུའི་གསང་མཛོད་གཏེར་བདག་ཆེན་པོར་བསྐོས། །བཙན་རྒོད་འབར་བ་སྤུན་བདུན་ཐུགས་དམ་བསྐང་། །གནས་གཏེར་སྲུང་ཞིང་དགྲ་ལ་ནད་རིམས་འགྱེད། །ཡུམ་ཆེན་སྲིན་མོ་གདོང་དམར་ཐུགས་དམ་བསྐང་། །བོད་ཡུལ་སྒོ་འཕྲང་བསྲུང་བར་མངའ་གསོལ་བའི། །མཐུ་ཆེན་སྡེ་བཞི་འཁོར་བཅས་ཐུགས་དམ་བསྐང་། །པདྨའི་དགེ་བསྙེན་མཐུ་སྟོབས་རྫུ་འཕྲུལ་ཅན། །དགེ་བསྙེན་ཉི་ཤུ་རྩ་གཅིག་ཐུགས་དམ་བསྐང་། །གཏོར་ལེན་རྣལ་འབྱོར་སྐྱོང་བའི་ཞལ་བཞེས་པའི། །བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་།། ཧཱུྃ་བྷྱོ༔ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །གཙང་རིགས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །རྒྱལ་བས་དྲེགས་པའི་གཙོ་བོར་དབང་བསྐུར་བ། །འཇིག་རྟེན་སྡེ་དཔོན་རྣམས་ཀྱི་ཐུགས་དམ་བསྐང་། །རང་སྔགས་དམོད་པས་དམ་ཉམས་ཕྱེ་མར་འཇོམས། །དམོད་པའི་མཐུ་ལྡན་རྣམས་ཀྱི་ཐུགས་དམ་བསྐང་། །གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་བྱ་ར་མཛད། །སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །ཨོ་རྒྱན་ཆེན་པོས་བཀའ་ཡི་གཉེར་དུ་བསྐོས། །གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །པདྨས་གཉེར་གཏད་རྣལ་འབྱོར་སྐྱོང་མཛད་པའི། །སྦས་ཡུལ་གནས་བདག་རྣམས་ཀྱི་ཐུགས་དམ་བསྐང་། །གཞི་ལམ་སྒྲུབ་གནས་བར་ཆད་ཀུན་སེལ་བའི། །གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །གོང་མས་བསྙེན་ཅིང་སྒྲུབ་པའི་གྲོགས་མཛད་པ། །རིགས་ཆོས་བརྒྱུད་སྲུང་གཉན་པོའི་ཐུགས་དམ་བསྐང་།། ཧཱུྃ་ཧྲཱི༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །རྨད་བྱུང་བརྗིད་ལྡན་གཏོར་མས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །ཨརྒྷཾ་རཀྟ་དམར་གྱིས་ཐུགས་དམ་བསྐང་། །མ་ཉམས་ཆང་ཕུད་སྨན་གྱིས་ཐུགས་དམ་བསྐང་། །དྲི་མེད་ཞུན་མར་མདངས་ཀྱིས་ཐུགས་དམ་བསྐང་། །རྣལ་འབྱོར་ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་། །བཀྲག་གསལ་དཀྱིལ་འཁོར་ཞལ་ཕྱེས་ཐུགས་དམ་བསྐང་། །མཚན་ལྡན་དམ་རྫས་མདངས་ཀྱིས་ཐུགས་དམ་བསྐང་། །བསྐང་ངོ་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བསྐང་ངོ་རྩ་གསུམ་གསང་བའི་ལྷ་ཚོགས་རྣམས། །དངོས་པོ་ཆོས་ཉིད་ཀློང་དུ་ཐུགས་དམ་བསྐང་། །སྣང་བ་ཤེས་རབ་ཀློང་དུ་ཐུགས་དམ་བསྐང་། །གཟུང་འཛིན་རང་གྲོལ་ཀློང་དུ་ཐུགས་དམ་བསྐང་། །སྡུག་བསྔལ་བདེ་ཆེན་ཀློང་དུ་ཐུགས་དམ་བསྐང་། །གཉིས་མེད་དོན་རྟོགས་སྤང་བླང་མེད་པ་ཡི། །སྣང་སྲིད་གཞིར་བཞེངས་ཆེན་པོར་མཆོད་པ་འབུལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོཾ་ཨཱཿཧཱུྃ། བླ་མ་རྒྱ་མཚོ་ཚོགས་ལ་རོལ། །ཡི་དམ་རྒྱ་མཚོ་ཚོགས་ལ་རོལ། །མཁའ་འགྲོ་རྒྱ་མཚོ་ཚོགས་ལ་རོལ། །ཞིང་སྐྱོང་རྒྱ་མཚོ་ཚོགས་ལ་རོལ། །ཆོས་སྐྱོང་ཕོ་རྒྱུད་ཚོགས་ལ་རོལ། །སྲུང་མ་མོ་རྒྱུད་ཚོགས་ལ་རོལ། །དམ་ཅན་རྒྱ་མཚོ་ཚོགས་ལ་རོལ། །གནས་སྲུང་གཏེར་བདག་ཚོགས་ལ་རོལ། །ནོར་ལྷ་རྒྱ་མཚོ་ཚོགས་ལ་རོལ། །སྣང་སྲིད་ལྷ་འདྲེ་ཚོགས་ལ་རོལ། །ཡུལ་ལྷ་གཞི་བདག་ཚོགས་ལ་རོལ། །དབེན་གནས་སྲུང་མ་ཚོགས་ལ་རོལ། །རིགས་དྲུག་ཕ་མ་ཚོགས་ལ་རོལ། །ལན་ཆགས་བགེགས་རིགས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །དེ་ཁོ་ན་ཉིད་ཀྱི་ཚོགས་མཆོད་བདེ་བ་ཆེན་པོ་ལ་རོལ་ཅིག །སརྦ་གྷ་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི།

ཞེས་ཚོགས་མཆོད་སྤྲོའོ། །དེ་ལྟར་རྩ་གསུམ་གྱི་སྤྱི་སྐོང་འདི་ནི་བོད་ཆེན་ཀཿ ཐོག་ལྷོ་རྒྱུད་དུ་སྐུ་འཁྲུངས་པ་ཀུན་མཁྱེན་ཆོས་རྗེ་པདྨ་བློ་གྲོས་ཀྱི་རིགས་ཆོས་ཀྱི་བརྒྱུད་པ་འཛིན་ཅིང་སེང་གེའི་ཁྲི་སྲུང་མཛད། རྗེ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་བསྐལ་བཟང་ཨོ་རྒྱན་བསྟན་འཛིན་ཞལ་སྔ་ནས་བགྱིད་པར་ཡང་ཡང་བསྐུལ་བར་བརྟེན། གཞི་སྔར་གྱི་སྐོང་རྙིང་དེ་ལ་ཚིག་ཚོགས་མང་ཙམ་ཞིག་བགྱིས་ཀྱང་དཔེ་ཕྱག་ཏུ་འབུལ་མ་ཐུབ་པར་ཟག་པས། དེ་ཕྱིར་བླ་མ་དམ་པ་བདེ་བར་གཤེགས་པ་དེའི་དགོངས་པ་བསྐང་བའི་སླད་དང་། སྒྲུབ་མཆོད་ཚོགས་འཁོར་ཐ་དག་ལ་འཇུག་ཅིང་ཁྱེར་བདེ་ཕྱིར། སྤྱི་སྐོང་འདི་འདྲ་མིན་ཙམ་གྱི་ལུགས་སྲོལ་བདུན་མཐོང་བ་ལས། འདི་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེའི་གསུང་ལ་གཞི་བླངས་ཏེ། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུས་བོད་ཡུལ་དབུ་རུའི་ས་ཡི་ཆ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་བསྟི་གནས་ས་ལ་སྤྱོད་པའི་འོག་མིན་ཀུན་ཏུ་བཟང་པོའི་ཕོ་བྲང་གངས་རི་ཐོད་དཀར་དུ་སྦྱར་བ་སྟེ། དེ་ཡིས་བླ་མའི་ཐུགས་དགོངས་ཡང་དག་པར་བསྐངས་ཏེ་དགེ་ལེགས་ཀྱི་ཚོགས་རབ་ཏུ་འཕེལ་བར་གྱུར་ཅིག །རྩ་གསུམ་རབ་འབྱམས་སྤྱི་སྐོང་སྙིང་པོ་འདི། །སུས་ཀྱང་འཕྲི་བསྣན་བསྲེ་སླད་མ་བྱེད་པར། །ཉ་སྟོང་དུས་དྲུག་ཚོགས་གཏོར་སྐབས་ལ་སོགས། །འབད་ན་རྐྱེན་སེལ་དངོས་གྲུབ་གཉིས་ཐོབ་འགྱུར། །ཞེས་པའང་སྨྲས་སོ།། ༈ དེ་ལྟར་རྗེ་འབངས་ཉེར་ལྔ། བི་མ་མུ་དྲ། ཉང་བན་སྦས་འབྲོམ། ལྡང་ལྕེ་ཞང་མེ། ལས་འབྲེལ་རྩལ། མཁའ་སྤྱོད་པ། རིག་འཛིན་ཆེན་པོ། རྩ་བའི་བླ་མ་སྟེ། བརྒྱད་པོ་ནི་རྫོགས་ཆེན་བརྒྱུད་པ་ལ་དགོངས་པ་ལྟར་འདུག་ཅེས་རིག་འཛིན་རྗེར་ཞུས་པས་འདི་རྣམས་དགོས་ངེས་རེད་ཀྱང་ཁོ་བོས་བྲི་རྒྱུ་མ་བྱུང་འདུག་པ། ད་སྟེ་ཅི་ནས་བྲིའོ་ཞེས་བཀའ་ཕེབས་ཀྱང་གནང་རྒྱུ་ལུས་སོང་འདུག་པ། རྗེ་དེའི་དགོངས་པ་བསྐང་ཆེད་འགལ་བ་མེད་དམ་སྙམ་རིག་འཛིན་རྗེའི་བཀའ་འབངས་པ་དཔལ་ལྡན་དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བས་བརྗོད་པའོ། །རིག་འཛིན་ཆེན་པོ་ནས་འཇམ་དབྱངས་མཁྱེན་བརྩེའི་བར་འཇམ་མགོན་ཀོང་སྤྲུལ་གྱིས་ཁ་བསྐངས་ཤིང་དེ་ནས་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ཁ་བསྐང་བ་ཡིན་ནོ།།


previousརྩ་གསུམ་རབ་འབྱམས་ཀྱི་སྐོང་བསྡུས་རིན་ཆེན་འབར་བའི་ཕྲེང་བ།next