Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསང་ལམ་ཌཱཀྐིའི་སྙིང་ཁྲག་ལས་གུ་རུ་ཞི་བ་མཚོ་སྐྱེས་བླ་མའི་སྒྲུབ་པ་སྐུ་གསུམ་དགོངས་འདུས་བྱིན་རླབས་རྒྱ་མཚོ།
   
   
   


 
previousགསང་ལམ་ཌཱཀྐིའི་སྙིང་ཁྲག་ལས་གུ་རུ་ཞི་བ་མཚོ་སྐྱེས་བླ་མའི་སྒྲུབ་པ་སྐུ་གསུམ་དགོངས་འདུས་བྱིན་རླབས་རྒྱ་མཚོ།next

གསང་ལམ་ཌཱཀྐིའི་སྙིང་ཁྲག་ལས་གུ་རུ་ཞི་བ་མཚོ་སྐྱེས་བླ་མའི་སྒྲུབ་པ་སྐུ་གསུམ་དགོངས་འདུས་བྱིན་རླབས་རྒྱ་མཚོ།

༄༅། །གསང་ལམ་ཌཱཀྐིའི་སྙིང་ཁྲག་ལས༔ གུ་རུ་ཞི་བ་མཚོ་སྐྱེས་བླ་མའི་སྒྲུབ་པ་སྐུ་གསུམ་དགོངས་འདུས་བྱིན་རླབས་རྒྱ་མཚོ༔ ཨྠྀི༔

ན་མོ་གུ་རུ་པདྨ་དྷེ་ཝ་ཌཱཀྐི་ནི་ཡེ༔ བླ་མ་པདྨ་འབྱུང་གནས་ཀྱིས༔ གདུལ་བྱ་སྨིན་ཅིང་གྲོལ་བའི་ཕྱིར༔ གསང་སྔགས་ཆོ་ག་གྲངས་མང་པོ༔ བོད་ཡུལ་མཐའ་དབུས་ཀུན་ཏུ་སྦས༔ ཁྱད་པར་ཟབ་མོ་དགོངས་པའི་གཏེར༔ ལས་ཅན་བུ་ལ་འཕྲོད་པར་ཤོག༔ ཅེས་པའི་གཏད་རྒྱ་སད་པ་ན༔ ཀུན་གྱི་དཔལ་དུ་འབྱུང་བ་ཡིན༔ འདིར་ནི་སྒྲུབ་པ་ཐམས་ཅད་ཀྱི༔ སྙིང་པོ་བྱིན་རླབས་བླ་མའི་སྒོ༔ སྐུ་གསུམ་རིགས་འདུས་ཆིག་སྒྲིལ་བསྟན༔ ས་མ་ཡ༔ མ་སྨིན་གསང་སྔགས་ཁྱུར་མི་ཚུད༔ མཆོག་ཐུན་དངོས་གྲུབ་ལྟ་ཅི་སྟེ༔ ཆོས་ལ་དབང་ཟ་དམྱལ་བའི་རྒྱུ༔ ཚེ་འདིར་མི་འདོད་སྣ་ཚོགས་འབྱུང༔ དེ་ཕྱིར་དང་པོ་དབང་ལ་རྟེན༔ བར་ཏུ་ཁྲིད་དང་མཐའ་མ་ནི༔ གནད་ཅིག་བཟུང་སྟེ་སྒྲུབ་པར་འབད༔ འབྲས་བུ་ལོ་ཟླས་སངས་རྒྱས་སོ༔ དང་པོ་སྨིན་བྱེད་དབང་བསྐུར་ནི༔ གཏོར་མ་སྐུ་འབག་དཀྱིལ་འཁོར་དང༔ བྷནྡྷ་རིག་མ་ཤེལ་གྱི་རྡོ༔ བཀྲ་ཤིས་རྫས་རྣམས་འདུ་བར་བྱ༔ ཁྲུས་བྱས་བགེག་བསྐྲད་མཚམས་བཅད་ཅིང༔ ལོ་རྒྱུས་བརྗོད་དེ་མཎྜལ་ཕུལ༔ བླ་མར་གསོལ་བ་འདེབས་པ་ནི༔ བླ་མ་སངས་རྒྱས་ཀུན་བདག་ཉིད༔ སྐུ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཆེར༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ བླ་མས༔ ཨེ་མ་བུ་ཁྱོད་བསྐལ་བ་བཟང༔ འབྱུང་བར་དཀའ་བ་སྔགས་ཀྱི་ཆོས༔ འཇུག་པར་དཀའ་བ་བསྐྱེད་རྫོགས་ལམ༔ འཕྲད་པར་དཀའ་བ་བླ་མ་ཡིས༔ ཐོབ་པར་དཀའ་བའི་བདུད་རྩི་བཞིན༔ བཤགས་སྡོམ་རིམ་པ་གཞུང་ལྟར་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྡོམ་བཟུང་ནི༔ ཧོ༔ རྒྱལ་བ་ཀུན་འདུས་བླ་མ་དང༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ རིག་འཛིན་མཁའ་འགྲོ་ཆོས་སྐྱོང་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཁྱོད་རྣམས་དམ་བཅའི་དབང་པོར་བཞག༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ གསང་བ་སྔགས་ཀྱི་སྡོམ་པ་རྣམས༔ སྔོན་གྱི་དགྲ་བཅོམ་བྱང་ཆུབ་སེམས༔ རིག་འཛིན་རྒྱལ་བ་རྒྱ་མཚོ་ཡི༔ སེམས་ཅན་དོན་དུ་བླང་བ་ལྟར༔ བདག་གིས་ཚུལ་བཞིན་བླང་བར་བགྱི༔ མིག་རས་མེ་ཏོག་ལ་སོགས་གཏད༔ དམ་ཚིག་གཉན་པོས་བཀའ་བགོ་ཕྱིར༔ ཧོ༔ དམ་ཚིག་བདུད་རྩིའི་ཆུ་འདི་ནི༔ དམ་ཚིག་བསྲུང་ན་བདུད་རྩི་སྟེ༔ མ་བསྲུང་དམྱལ་བར་ལྟུང་བའི་རྒྱུ༔ དེ་བས་གསང་ཆེན་གཉེར་ཁ་ཟུངས༔ སློབ་དཔོན་བཀའ་ལས་མི་འདའ་བར༔ དམ་ཚིག་སྲོག་ལྟར་གཅེས་པར་གྱིས༔ ས་མ་ཡ་ཨི་ཏན་དེ་ན་ར་ཀན༔ སླར་ཡང་གསང་བར་གདམས་པ་ནི༔ གསང་ཆེན་དམ་པའི་མན་ངག་འདི༔ བློ་ཆུང་ཐེག་པ་དམན་ལ་མིན༔ མ་སྨིན་ཉམས་པའི་སེམས་ཅན་ལ༔ མ་སྨྲ་གུ་ཧྱ་ས་མ་ཡ༔ ཕྱི་ལྟར་འཇུག་པའི་རིམ་པའོ༔ དེ་ནས་ནང་དུ་འཇུག་པ་ནི༔ ཨེ་བ་བླ་མ་འགྲོ་བའི་མགོན༔ སྒོ་སྐྱོང་གིང་དང་དཔའ་བོར་བཅས༔ དཀྱིལ་འཁོར་ཆེན་པོའི་སྒོ་ཕྱེས་ལ༔ ཡི་དམ་ཞལ་བཟང་བསྟན་ཏུ་གསོལ༔ བླ་མས་དབྱེ་བའི་ཕྱག་རྒྱ་བཅས༔ བྷྲཱུྂ་ཛྙཱ་ན་མཎྜ་ལ་པྲ་བེ་ཤ་ཡ་ཕཊ༔ སྒོ་གསུམ་ཕྱག་འཚལ་སྔགས་འདི་བརྗོད༔ གུ་རུ་མཎྜ་ལ་ས་པ་རི་ཝཱ་ར་ཀཱ་ཡ་ཝཙིཏྟ་ན་མཱ་མི༔ སློབ་མ་ཤར་སྒོར་འཁོད་དེ༔ ཕུང་ཁམས་སྐྱེ་མེད་སྟོང་པ་ཉིད༔ གུ་རུ་པདྨ་འབྱུང་གནས་ཀྱི༔ སྐུ་ཡི་རྣམ་པར་གསལ་བ་ཡི༔ ཐུགས་ཀར་སྙིང་པོ་ཧཱུྂ་གིས་མཚན༔ དམ་ཚིག་འདུད་རྩི་འཐོར་བ་དེ༔ སྙིང་དབུས་ཧཱུྂ༔་ལ་ཐིམ་པ་དང༔ དེ་ལས་འོད་འཕྲོས་བླ་མ་བསྐུལ༔ བླ་མ་མདུན་བསྐྱེད་ཐམས་ཅད་ཀྱི༔ ཐུགས་ཀའི་ཧཱུྂ༔ལསའོད་འཕྲོས་པས༔ རྒྱལ་བ་སྲས་དང་བཅས་པ་ཀུན༔ ནམ་མཁའ་གང་བར་སྤྱན་འདྲེན་ནི༔ གཞུང་ལས་བྱུང་བའི་སྤྱན་འདྲེན་ལ༔ རཱ་རཱ་རཱ་རཱཿ ཙ་ལ་ཡ་ཙ་ལ་ཡ༔ དོ་ཤ་ཡ་དོ་ཤ་ཡ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ དབྱེར་མེད་བརྟན་པར་མོས་བྱས་ལ༔ ཛྙཱ་ན་ཏིཥྛ་ས་མ་ཡ་སྟྭཾ༔ དཀྱིལ་འཁོར་དྲུང་དུ་མེ་ཏོག་ཕུལ༔ ཛྙཱ་ན་པུཥྤེ་པྲ་ཏི་ཙྪ་ཧོ༔ མིག་རས་སྒྲིབ་པ་བཅས་པ་བསལ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཕྱག་ཤིང་བརྡ་ཡིས་ལྷ་ཞལ་བསྟན༔ ཧོ༔ རང་སྣང་དག་པའི་མཁའ་ལ་ལྟོས༔ བླ་མའི་ཡེ་ཤེས་རོལ་བ་ཡི༔ ཆོས་ལོངས་སྤྲུལ་སྐུའི་དཀྱིལ་འཁོར་ནི༔ བརྟེན་དང་བརྟེན་པར་བཅས་པ་གསལ༔ དོན་དུ་རང་གི་སེམས་ཉིད་ཀྱི༔ འགྱུ་དང་གསལ་དང་སྟོང་བ་ཡི༔ ཡེ་ཤེས་རང་རྩལ་ཉིད་ལས་བྱུང༔ ཨ་ལ་ལ་ལ་ཧོ༔ ནང་གི་འཇུག་པ་རྫོགས་པའོ༔ དངོས་གཞིའི་དབང་ལ་རྣམ་པ་བཞི༔ བུམ་གསང་ཤེས་རབ་ཚིག་དབང་ངོ༔ དང་པོ་དེ་ལ་རིམ་པ་གསུམ༔ ཕན་དང་ནུས་དང་ནུས་པ་མཆོག༔ ཕན་བྱེད་རིགས་ལྔའི་དབང་སྐུར་ནི༔ བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས༔ རིགས་ལྔར་དབང་བསྐུར་བསྩལ་བ་བཞིན༔ དུག་ལྔ་གནས་འགྱུར་རིགས་ལྔའི་དབང༔ དེ་རིང་བདག་ལ་བསྩལ་དུ་གསོལ༔ གསོལ་བཏབ་སློབ་དཔོན་ཐུགས་ཀ་ནས༔ འོད་འཕྲོས་རིགས་ལྔ་སྤྱན་དྲངས་ཤིང༔ རོལ་མོའི་སྒྲ་དང་སྔགས་དབྱངས་བཅས༔ སློབ་མར་བུམ་པའི་དབང་སྐུར་བྱ༔ ཧཱུྂ༔ བུམ་པ་ཆོས་དབྱིངས་གཞལ་མེད་ཁང༔ དལ་དབུས་ཆོས་དབྱིངས་དཀྱིལ་འཁོར་ནས༔ སངས་རྒྱས་རིགས་ཀྱི་ལྷ་ཚོགས་ཀྱིས༔ དབང་བསྐུར་གཏི་མུག་གནས་དག་ཤོག༔ ཨོཾ༔བུདྡྷ་ཨ་བྷི་ཥིཉྩ་ཧཱུྂ༔ ཨོཾ༔ བུམ་པ་ཆོས་དབྱིངས་གཞལ་མེད་ཁང༔ ཤར་ཕྱོགས་མེ་ལོང་དཀྱིལ་འཁོར་ནས༔ རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་ཀྱིས༔ དབང་བསྐུར་ཞེ་སྡང་གནས་དག་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཏྲཱྂ༔ བུམ་པ་ཆོས་དབྱིངས་གཞལ་མེད་ཁང༔ ལྷོ་ཕྱོགས་མཉམ་ཉིད་དཀྱིལ་འཁོར་ནས༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀྱིས༔ དབང་བསྐུར་ང་རྒྱལ་གནས་དག་ཤོག༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱྂ༔ཧྲཱི༔ བུམ་པ་ཆོས་དབྱིངས་གཞལ་མེད་ཁང༔ ནུབ་ཕྱོགས་སོར་རྟོག་དཀྱིལ་འཁོར་ནས༔ པདྨ་རིགས་ཀྱི་ལྷ་ཚོགས་ཀྱིས༔ དབང་བསྐུར་འདོད་ཆགས་གནས་དག་ཤོག༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཨཱཿ བུམ་པ་ཆོས་དབྱིངས་གཞལ་མེད་ཁང༔ བྱང་ཕྱོགས་བྱ་གྲུབ་དཀྱིལ་འཁོར་ནས༔ ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཀྱིས༔ དབང་བསྐུར་ཕྲག་དོག་གནས་དག་ཤོག༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་དབང་ལྔ་བསྐུར་བ་ཡིས༔ དུག་ལྔ་ཡེ་ཤེས་ལྔ་རུ་གྱུར༔ ཕུང་ལྔ་རིགས་ལྔའི་སྐུ་རུ་སྨིན༔ དབང་ཆུ་རིགས་བདག་ཅོད་པཎ་གྱུར༔ ཕན་པ་སློབ་མའི་དབང་སྐུར་རྫོགས༔ ནུས་པ་སློབ་དཔོན་དབང་སྐུར་ནི༔ བྷནྡྷའི་དཀྱིལ་འཁོར་གནས་གསུམ་བཞག༔ དཀར་དམར་མཐིང་ཀའི་ཧེ་རུ་ཀཿ གསུམ་འཕྲོས་སློབ་མའི་གནས་གསུམ་ཐིམ༔ རྡོ་རྗེ་གསུམ་དུབྱིན་གྱིས་བརླབས༔ ཧཱུྂ༔ གནས་ལས་བྱུང་བའི་བདུད་རྩི་ནི༔ བླ་མ་དཔལ་ཆེན་ཧེ་རུ་ཀཿ ཁྱོད་ཀྱི་གསང་གསུམ་དཀྱིལ་འཁོར་དང༔ དབྱེར་མེད་སློབ་དཔོན་དབང་ཐོབ་ཤོག༔ ཨོཾ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔

ནུས་པ་མཆོག་གི་དབང་བསྐུར་ནི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ སྐུ་ལས་རང་འདྲ་གཉིས་པ་རེ༔ འཕྲོས་ཏེ་སློབ་མར་ཐིམ་པ་ཡིས༔ ཡེ་ཤེས་ཉིད་དང་དབྱེར་མེད་བསམ༔ ཆོས་སྐུ་ཡབ་ཡུམ་དབང་སྐུར་ནི༔ ཀུན་བཟང་ཡབ་ཡུམ་སྐུ་ཐོགས་ལ༔ ཨཿ གདོད་མའི་མགོན་པོ་ཀུན་ཏུ་བཟང༔ གཅེར་བུ་མཐིང་གསལ་མཉམ་བཞག་མཛད༔ ཡུམ་ཆེན་ཀུན་བཟང་སྐུ་མདོག་ལྗང༔ རྡོ་རྗེ་དྲིལ་འཛིན་གཅེར་མོས་འཁྱུད༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ རིག་པ་རང་སོ་ཟིན་གྱུར་ཅིག༔ ཨོཾ་དྷརྨ་དྷ་ཏུ་ཨ་བྷི་ཥིཉྩ་ཧཱུྂ༔ རྒྱལ་བ་བཞི་ཡི་དབང་སྐུར་ནི༔ ཨཿ གཟུགས་ཀྱི་རྒྱལ་པོ་སྐུ་མདོག་དཀར༔ ཆོས་འཆད་ཕྱག་རྒྱ་ཐུགས་ཀར་སྟོན༔ ཚོར་བའི་རྒྱལ་པོ་སྐུ་མདོག་སེར༔ གཅེར་བུ་ཕྱག་གཡས་མཆོག་སྦྱིན་རྒྱ༔ འདུ་ཤེས་རྒྱལ་པོ་སྐུ་མདོག་དམར༔ གཅེར་བུ་ཕྱག་གཉིས་མཉམ་བཞག་རྒྱ༔ འདུ་བྱེད་རྒྱལ་པོ་སྐུ་མདོང་ལྗང༔ ཕྱག་གཡས་ཐུགས་ཀར་སྐྱབས་སྦྱིན་མཛད༔ ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ༔ གཡོན་པ་ཐམས་ཅད་མཉམ་བཞག་ལ༔ རང་སྣང་རིག་ཀྱི་རྒྱལ་མོས་འཁྱུད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕུང་ལྔ་རང་སར་གྲོལ་བར་ཤོག༔ ཨོཾ་ཧཱུྂ་སྭཱ་ཨཾ་ཧཱཿ མཱུྂ་ལཱྂ་མཱྂ་པཱྂ་ཏཱྂ་ཨ་བྷི་ཥིཉྩ་མི༔ རྡོ་རྗེ་སེམས་དཔའི་དབང་སྐུར་ནི༔ ཧཱུྂ༔ རྡོ་རྗེ་སེམས་དཔའ་གངས་རིའི་མདོག༔ ཕྱག་གཡས་རྡོ་རྗེ་ཐུགས་གར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ སྙེམས་མ་དམར་སྐྱ་གྲི་ཐོད་ཅན༔ ཆགས་པ་ཆེན་པོས་སྐུ་ལ་འཁྲིལ༔ གཉིས་ཀ་ལོངས་སྤྱོད་རྫོགས་པའི་ཆས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སེམས་ཉིད་རང་ངོ་མཐོང་པར་ཤོག༔ ཨོཾ་གུ་རུ་བཛྲ་ས་ཏྭ་རུ་ལུ་རུ་ལུ་ཧཱུྂ་བྷྱོ་ཧཱུྂ་ཨ་བྷི་ཥིཉྩ་མི༔ སེམས་དཔའ་ཡབ་ཡུམ་དབང་སྐུར་ནི༔ ཧཱུྂ༔ མིག་དབང་གནས་དག་ནམ་མཁའི་སྙིང༔ དཀར་པོ་མྱུ་གུ་དྲིལ་བུ་འཛིན༔ རྡོ་རྗེ་སྒེག་མོ་སྐུ་མདོག་དཀར༔ རྡོར་དྲིལ་འཛིན་དང་མཉམ་པར་རོལ༔ རྣ་དབང་གནས་དག་བྱམས་པ་མགོན༔ དཀར་པོ་ཀླུ་ཤིང་དྲིལ་བུ་འཛིན༔ རྡོ་རྗེ་མེ་ཏོག་ལྷ་མོ་དཀར༔ མེ་ཏོག་འཛིན་དང་མཉམ་པར་རོལ༔ སྣ་དབང་གནས་དག་ཀུན་ཏུ་བཟང༔ སེར་པོ་སྙེ་མ་དྲིལ་བུ་འཛིན༔ རྡོ་རྗེ་ཕྲེང་མ་སྐུ་མདོག་སེར༔ རིན་ཆེན་ཕྲེང་འཛིན་མཉམ་པར་རོལ༔ ལྕེ་དབང་གནས་དག་ནམ་མཁའི་སྙིང༔ སེར་པོ་རལ་གྲི་དྲིལ་བུ་འཛིན༔ རྡོ་རྗེ་སྤོས་མ་སྐུ་མདོག་སེར༔ སྤོས་པོར་འཛིན་དང་མཉམ་པར་རོལ༔ ལུས་དབང་གནས་དག་སྤྱན་རས་གཟིགས༔ དམར་པོ་པདྨ་དྲིལ་བུ་འཛིན༔ རྡོ་རྗེ་སྒྲ་མ་སྐུ་མདོག་དམར༔ པུ་ཝཾ་འཛིན་དང་མཉམ་པར་རོལ༔ ཡིད་དབང་གནས་དང་འཇམ་དཔལ་དབྱངས༔ དམར་སེར་ཨུཏྤལ་དྲིལ་བུ་འཛིན༔ རྡོ་རྗེ་མར་མེ་སྐུ་མདོག་དམར༔ སྒྲོན་མེ་འཛིན་དང་མཉམ་པར་རོལ༔ ཀུན་གཞི་གནས་དག་སྒྲིབ་རྣམ་སེལ༔ ལྗང་ཁུ་པུ་སྟི་དྲིལ་བུ་འཛིན༔ རྡོ་རྗེ་དྲི་མ་སྐུ་མདོག་ལྗང༔ དྲི་ཆབ་འཛིན་དང་མཉམ་པར་རོལ༔ ཉོན་ཡིད་གནས་དག་ཕྱག་རྡོ་རྗེ༔ སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན༔ རྡོ་རྗེ་རོ་མ་སྐུ་མདོག་ལྗང༔ ཞལ་ཟས་འཛིན་དང་མཉམ་པར་རོལ༔ ཐམས་ཅད་ཕྱེད་སྐྱིལ་སེམས་དཔའི་ཆས༔ གཡས་པ་རྣམས་ནི་རང་རྟགས་ལ༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞི་ཚུལ་དགུ་དང་ལྡན་པ་ཡི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཚོགས་བརྒྱད་ཡུལ་བརྒྱད་གྲོལ་བར་ཤོག༔ ཨོཾ་ཨཱཿཀྵི་མཻ་ཧཱུྂ་ཏྲཱཾ་ཧྲཱི་མཱུྂ་ཐིལྷཾ་ཛྷིཾ༔ ཧཱུྂ་ཧཱུྂ་ཏྲཾ་ཛ༔ཧྲཱི་བཾ་ཧོ་ཨཱཿཨ་བྷི་ཥིཉྩ་མི༔ པདྨ་འབྱུང་གནས་དབང་སྐུར་ནི༔ ཧཱུྂ༔ རིགས་ཀུན་བདག་པོ་བླ་མ་ཆེ༔ གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པ་བྷནྡྷ་ཚེ་བུམ་བསྣམས༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ སྐུ་ལ་གསང་ཆོས་མདུང་མ་དང༔ ཕོད་ཆེན་ཆོས་རྣམ་ཟབ་བེར་གསོལ༔ དབུ་ལ་པདྨ་མཐོང་གྲོལ་གསོལ༔ ཞི་མ་ཁྲོ་བའི་སྤྱན་གྱིས་གཟིགས༔ རྒྱལ་བའི་དཀྱིལ་འཁོར་སྐུ་ལ་རྫོགས༔ དྲན་པ་ཙམ་གྱིས་བྱིན་རླབས་འཇུག༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཟབ་ལམ་མཐའ་རུ་ཕྱིན་པར་ཤོག༔ ཨོཾ་ཨཱཿ་ཧཱུྂ་བཛྲ་གུ་རུ་པདྨ་ཨ་བྷི་ཥིཉྩ་མི༔

མཁའ་འགྲོ་ལྔ་ཡི་དབང་སྐུར་ནི༔ ཧཱུྂ༔ ལྷ་ལྕམ་ཡིད་འཛིན་ཞེས་གྲགས་པའི༔ ཟ་ཧོར་མནྡཱ་ར་ནི༔ དཀར་མོ་གཡས་ན་ཤེལ་རྡོ་ཐོགས༔ ཉེས་ཚོགས་སེལ་བྱེད་ཞི་བའི་ཡུམ༔ དོན་ཀུན་གྲུབ་མ་ཞེས་གྲགས་པའི༔ བལ་མོ་ཤཱཀྱ་དེ་ཝི་ནི༔ སེར་མོ་གཡས་ན་གསེར་ཕྲེང་འཛིན༔ ལེགས་ཚོགས་སྤེལ་བྱེད་རྒྱས་པའི་ཡུམ༔ གསེར་གྱི་རྣ་ཆ་ཅན་ཞེས་པའི༔ མོན་མོ་བཀྲ་ཤིས་ཁྱུ་འདྲེན་ནི༔ དམར་མོ་གཡས་ན་གྲི་གུག་འཛིན༔ ལྷ་སྲིན་བྲན་ཁོལ་དབང་གི་ཡུམ༔ གར་བྱེད་ཆེན་མོ་ཞེས་གྲགས་པ༔ བལ་མོ་ཀཱ་ལ་སིདྡྷི་ནི༔ ནག་མོ་གཡས་ན་རྩེ་གསུམ་འཛིན༔ དྲག་མོ་བར་ཆད་བཟློག་པའི་ཡུམ༔ ཐམས་ཅད་གཡོན་ན་ཐོད་ཁྲག་ལ༔ ཞི་བའི་རྒྱན་གྱིས་རྣམ་པར་བརྒྱན༔ གནས་གསུམ་མཁའ་འགྲོ་འབུམ་སྡེའི་ཚོགས༔ སྐུ་ལ་རང་ཆགས་ཉིད་དུ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཐབས་ལམ་མཐའ་རུ་ཕྱིན་པར་ཤོག༔ ཨོཾ་ཨཱཿ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔སིདྡྷི་ཕ་ལ་ཧཱུྂ་ཨཱཿ ཧྲཱི༔་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔སརྦ་ཨ་བྷི་ཥིཉྩ་མི༔ གྲུབ་ཆེན་དགུ་ཡི་དབང་སྐུར་ནི༔ ཧཱུྂ༔ དབུས་སུ་རིན་ཆེན་གསེར་གྱི་ཁྲིར༔ ཆེ་མཆོག་རིག་འཛིན་ཁྲི་སྲོང་རྗེ༔ ཞལ་གཅིག་ཕྱག་གཉིས་རྒྱལ་པོའི་ཆས༔ ས་གནོན་གཡས་ལ་གསེར་འཁོར་གཡོན༔ ཤར་ཕྱོགས་རིན་ཆེན་ཁྲི་སྟེང་དུ༔ ཡང་དག་གྲུབ་པ་ནམ་མཁའི་སྙིང༔ ཞལ་གཅིག་ཕྱག་གཉིས་པཎ་ཆེན་ཆས༔ མཉམ་བཞག་སྐྱིལ་ཀྲུང་ཉི་ཟེར་བཅིབས༔ ལྷོ་ཕྱོགས་རིན་ཆེན་ཁྲི་སྟེང་དུ༔ གཤིན་རྗེ་སངས་རྒྱས་ཡེ་ཤེས་མཚན༔ ཞལ་གཅིག་ཕྱག་གཉིས་སྔགས་པའི་ཆས༔ ཕྱག་གཡས་ཕུར་བུ་གཡོན་མེ་ཧོཾ༔ ནུབ་ཕྱོགས་རིན་ཆེན་ཁྲི་སྟེང་དུ༔ རྟ་མཆོག་རིག་འཛིན་རྒྱལ་མཆོག་དབྱངས༔ སྤྱི་བོར་རྟ་དབུ་པཎ་གྲུབ་ཆས༔ ཕྱག་གཡས་ཕུར་བ་གཡོན་ཐོད་ཁྲག༔ བྱང་ཕྱོགས་རིན་ཆེན་ཁྲི་སྟེང་དུ༔ ཕུར་བ་གྲུབ་པ་མཚོ་རྒྱལ་ཡུམ༔ ཞལ་གཅིག་ཕྱག་གཉིས་མཁའ་འགྲོའི་ཆས༔ གཡས་པ་ཕུར་བ་གཡོན་གསང་ཐོད༔ ཤར་ལྷོ་རིན་ཆེན་ཁྲི་སྟེང་དུ༔ བླ་མེད་མངོན་གྲུབ་དཔལ་ཡེ་ཤེས༔ དམར་ནག་གཏུམ་པ་སྔགས་ཀྱི་ཆས༔ ཕྱག་གཡས་ཐོད་དབྱུག་གཡོན་ཕུར་བུ༔ ལྷོ་ནུབ་རིན་ཆེན་ཁྲི་སྟེང་དུ༔ དཔལ་ཆེན་ཛྙཱ་ན་ཀུ་མ་ར༔ བརྟུལ་ཞུགས་དཔའ་བོ་སྔགས་ཀྱི་ཆས༔ ཕྱག་གཡས་སྒྲོམ་བུ་གཡོན་ཕུར་བུ༔ ནུབ་བྱང་རིན་ཆེན་ཁྲི་སྟེང་དུ༔ དྲེགས་འདུལ་རིག་འཛིན་དཔལ་གྱི་སེང༔ སྔགས་ཆས་རལ་བ་རྒྱབ་ཏུ་འཕྱོ༔ ཕྱག་གཡས་ཕྱག་ཤིང་གཡོན་ཕུར་བུ༔ བྱང་ཤར་རིན་ཆེན་ཁྲི་སྟེང་དུ༔ སྟོབས་ལྡན་གྲུབ་པ་རྣམ་སྣང་མཛད༔ ཡེ་ཤེས་སྤྱན་ལྡན་རབ་བྱུང་ཆས༔ ཕྱག་གཡས་ཕུར་བུ་གཡོན་གླེགས་བམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག༔ ཨོཾ་ཨཱཿ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔སིདྡྷི་ཕ་ལ་ཧཱུྂ་ཨཱཿ ཧྲཱི༔་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔སརྦ་ཨ་བྷི་ཥིཉྩ་མི༔ གིང་ཆེན་བཞི་ཡི་དབང་སྐུར་ནི༔ ཧཱུྂ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་ཀྱི་རིགས་ཀྱི་གིང་ཆེན་བཞིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ས་ལམ་བར་ཆད་སེལ་བར་ཤོག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་གིང་ཀ་རཨ་བྷི་ཥིཉྩ་མི༔ རྒྱལ་ཆེན་བཞི་ཡི་དབང་སྐུར་ནི༔ ཧཱུྂ༔ དུས་གསུམ་སངས་རྒྱས་ལས་བྱེད་པ༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ རྒྱལ་ཆེན་བཞི་ཡིས་དབང་བསྐུར་བས༔ བསྟན་པ་འཛིན་སྐྱོང་སྤེལ་བ་ཡི༔ འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག༔ ཨོཾ་དྷྲྀ་ཏ་རཱཥྚ་ཡ༔ བི་རཱུ་ཌྷ་ཀཱ་ཡ༔ བི་རུ་པཱཀྵཱ་ཡ༔ བཻ་ཤྲ་མ་ཎཱ་ཡ་ཙ་ཏུརྨ་ཧཱ་རཱ་ཛ་ཨ་བྷི་ཥིཉྩ་མི༔

མཐའ་རྟེན་བཀྲ་ཤིས་རྟགས་བརྒྱད་ནི༔ ཧཱུྂ༔ ཐུབ་པའི་དབང་བོའི་གསང་གསུམ་གྱི༔ ཡོན་ཏན་མ་ལུས་མཚོན་བྱེད་པའི༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་རོ༔ བཀྲ་ཤིས་དོན་ཀུན་འགྲུབ་པར་ཤོག༔ ཨོཾ་མངྒ་ལམ་ཨ་བྷི་ཥིཉྩ་མི༔ གཙོ་བོས་ཇི་ལྟར་བསྩལ་བ་བཞིན༔ དམ་ཚིག་སྡོམ་པས་ཁས་ལེན་ཞིང༔ ལུས་ཞིང་རྡུལ་སྙེད་དུ་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་མཎྜལ་ཕུལ༔ དེང་ནས་བརྩམ་ཏེ་མགོན་ཁྱོད་ཀྱི༔ བྲན་དུ་བདག་ཉིད་འབུལ་ལོ་ཞེས༔ དྲུག་ཆ་བཞེས་པའི་ལུས་མཆོད་ཕུལ༔ བསོད་ནམས་དགེ་ཚོགས་ཅི་མཆིས་པ༔ བླ་མེད་བྱང་ཆུབ་རྒྱུར་བསྔོས་ནས༔ ཕྱི་ནས་སྒྲུབ་པའི་མཆོད་པ་ཡིས༔ བླ་དགྱེས་ཤིང་ཕ་མ་ཡི༔ དྲིན་ལན་འཇལ་བའི་དམ་བཅའ་བཟུང༔ དབང་བཞི་ཡོངས་སུ་གྲུབ་པའོ༔ དེ་ལྟར་ཐོབ་པའི་གང་ཟག་གིས༔ གདམས་ངག་ཡལ་བར་མི་དོར་བར༔ བསྐྱེད་རྫོགས་རྫོགས་ཆེན་དོན་ལ་གཞོལ༔

༄། །དང་པོ་སྒྲུབ་པའི་རིམ་པ་ནི༔ སྐྱབས་འགྲོ༔ ན་མོ༔ བདག་དང་འགྲོ་ཀུན་འདི་ནས་བྱང་ཆུབ་བར༔ སྐུ་གསུམ་དགོངས་པ་གཅིག་བསྡུས་ཡེ་ཤེས་འཕྲུལ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོ་ལ༔ སྙིང་ནས་གུས་པས་གསོལ་འདེབས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧོ༔ སྡུག་བསྔལ་རྒྱ་མཚོར་བྱིང་བའི་འགྲོ་ཀུན་ལ༔ བཟོད་མེད་གདུང་བས་བྱང་ཆུབ་སེམས་བསྐྱེད་དེ༔ མི་གནས་མྱང་འདས་ཆེན་པོར་གཞུག་པའི་ཕྱིར༔ མི་ལྡོག་རྣལ་འབྱོར་སྒོམ་པར་དམ་བཅའ་འོ༔ ཚོགས་བསག་པ་ནི༔ ཡེ་ཤེས་ལྷ་ཚོགས་འདིར་གཤེགས་གདན་ལ་བཞུགས༔ སྒོ་གསུམ་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ༔ སྡིག་ལྟུང་འགྱོད་པས་བཤགས་སོ་མི་བགྱིད་སྡོམ༔ འདུས་དང་འདུས་མ་བྱས་དགེར་རྗེས་ཡི་རང༔ མདོ་རྒྱུད་མན་ངག་ཆོས་འཁོར་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་པར་སྙིང་ནས་བསྐུལ༔ དུས་གསུམ་བྱས་བསག་ཟག་བཅས་ཟག་མེད་དགེ༔ འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ་བར་བགྱི༔ བགེགས་ལ་བཀའ་བགོ་བ་ནི༔ ཧཱུྂ༔ ང་ནི་པདྨ་ཁྲག་འཐུང་ཧེ་རུ་ཀཿ བཀའ་ལས་མ་འདའ་སྣང་སྲིད་ལྷ་འདྲེའི་ཚོགས༔ འདོད་ཡོན་རྒྱ་མཚོའི་གཏོར་མ་འདི་ལོངས་ལ༔ རང་གི་གནས་སུ་ད་ལྟ་ཉིད་དུ་ལྡོག༔ དམ་ལ་འགལ་ན་ཁྲག་འཐུང་འཁྲོས་པའི་མེས༔ བསྲེག་ཅིང་མནར་མེད་གནས་སུ་ལྟུང་བར་བྱེད༔ ཀུན་རྫོབ་ལྷ་འདྲེའི་སྣང་བ་རྣམ་རྟོག་ཀུན༔ མཉམ་བརྡལ་ཆོས་ཉིད་སྐྱེད་མེད་ཀློང་དུ་ཕཊ༔ སྲུང་འཁོར་ནི༔ ཁྲག་འཐུང་ཐུགས་ལས་འཕྲོས་པའི་མེ་རླུང་ཆུའི༔ སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར༔ ཕྱི་སྣོད་གཞལ་ཡས་ནང་བཅུད་པདྨ་འབྱུང༔ གཞོམ་མེད་སྲུང་བའི་གུར་ཁང་ཆེན་པོར་གྱུར༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རྂ་ཧཱུྂ་ཕཊ༔ མཆོད་པ་བྱིན་རླབས་ནི༔ རང་ཉིད་ལྷར་གསལ་ཐུགས་ཀའི་རཾ་ཡཾ་ཁཾ༔ འཕྲོས་པས་མཆོད་རྫས་དངོས་འཛིན་བསྲེག་གཏོར་སྦྱང༔ སླར་ཡང་ཨོཾ་ཨཱཿ་ཧཱུྂ་གི་ཆོ་འཕྲུལ་ལས༔ ཕྱི་ནང་གསང་བའི་མཆོད་རྫས་མཁའ་ཁམས་གང༔ སྣང་སྲིད་ཐམས་ཅད་ཕྱག་རྒྱའི་མཆོད་པར་ཤར༔ ཨོཾ་ཨཱཿཧཱུཾ༔མ་ཧཱ་པཱུ་ཛ་མཎྜ་ལ་ཨརྒཾ་སོགས། མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྂ་ཧྲཱི་ཋ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྂ་ཧྲཱི་ཋ༔ མ་ཧཱ་བྷ་ལིངྟ་དེ་ཛྭ་བྷ་ལ་བྷ་ཏ་གུ་ཧྱ་ས་མ་ཡ་ཧཱུྂ་ཧྲཱི་ཋ༔ ལྷ་བསྐྱེད་ནི༔ ཨཿ སྐྱེ་མེད་དེ་བཞིན་ཉིད་ཀྱི་དབྱིངས༔ དམིགས་མེད་སྒྱུ་མའི་ཏིང་འཛིན་གྱིས༔ འགགས་མེད་རིག་པ་ཧཱུཾ༔མཐིང་ནག༔ ཐོགས་མེད་འོད་ཀྱི་སྤྲོ་བསྡུར་རོལ༔ ཨེ་ཡྂ་རྂ་བྂ་ལྂ་སུྂ་བྷྲཱུྂ༔ ཡི་གེའི་སྤྲིན་གྱི་འཁོར་ལོ་ཡིས༔ འབྱུང་ལྔའི་གཟུངས་འཛིན་ཞེན་རྟོག་སྦྱང༔ སྲུང་འཁོར་གཞལ་ཡས་ཁང་ལྷུན་གྲུབ༔ རང་སྣང་བདེ་ཆེན་དཔལ་གྱི་རི༔ པདྨ་དྲྭ་བའི་ཁམས་ཆེ༔ ཕོ་བྲང་སུམ་བརྩེགས་མཁའ་དབྱིངས་ཁེངས༔ བརྡ་དང་མཚན་ཉིད་ཡོངས་སུ་རྫོགས༔ སྟེང་ཁང་ཆོས་སྐུའི་ཕོ་བྲང་དུ༔ གདོད་མའི་མགོན་པོ་ཀུན་ཏུ་བཟང༔ གཅེར་བུ་མཐིང་གསལ་མཉམ་བཞག་མཛད༔ ཡུམ་ཆེན་ཀུན་བཟང་སྐུ་མདོག་ལྗང༔ རྡོ་རྗེ་དྲིལ་འཛིན་གཅེར་མོས་འཁྱུད༔ གཟུགས་ཀྱི་རྒྱལ་པོ་སྐུ་མདོག་དཀར༔ ཆོས་འཆད་ཕྱག་རྒྱ་ཐུགས་ཀར་སྟོན༔ ཚོར་བའི་རྒྱལ་པོ་སྐུ་མདོག་སེར༔ གཅེར་བུ་ཕྱག་གཡས་མཆོག་སྦྱིན་རྒྱ༔ འདུ་ཤེས་རྒྱལ་པོ་སྐུ་མདོག་དམར༔ གཅེར་བུ་ཕྱག་གཉིས་མཉམ་བཞག་རྒྱ༔ འདུ་བྱེད་རྒྱལ་པོ་སྐུ་མདོང་ལྗང༔ ཕྱག་གཡས་ཐུགས་ཀར་སྐྱབས་སྦྱིན་མཛད༔ ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ༔ གཡོན་པ་ཐམས་ཅད་མཉམ་བཞག་ལ༔ རང་སྣང་རིག་ཀྱི་རྒྱལ་མོས་འཁྱུད༔ སྐྱིལ་ཀྲུང་པད་ཉིའི་གདན་ལ་རོལ༔ བར་ཁང་ལོངས་སྤྱོད་རྫོགས་པའི་དལ༔ པདྨ་འདབ་བརྒྱད་དབུས་མ་ལ༔ རྡོ་རྗེ་སེམས་དཔའ་གངས་རིའི་མདོག༔ ཕྱག་གཡས་རྡོ་རྗེ་ཐུགས་གར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ སྙེམས་མ་དམར་སྐྱ་གྲི་ཐོད་ཅན༔ ཆགས་པ་ཆེན་པོས་སྐུ་ལ་འཁྲིལ༔ གཉིས་ཀ་ལོངས་སྤྱོད་རྫོགས་པའི་ཆས༔ མདུན་ནས་གཡས་སྐོར་རིམ་པ་བཞིན༔ མིག་དབང་གནས་དག་ནམ་མཁའི་སྙིང༔ དཀར་པོ་མྱུ་གུ་དྲིལ་བུ་འཛིན༔ རྡོ་རྗེ་སྒེག་མོ་སྐུ་མདོག་དཀར༔ རྡོར་དྲིལ་འཛིན་དང་མཉམ་པར་རོལ༔ རྣ་དབང་གནས་དག་བྱམས་པ་མགོན༔ དཀར་པོ་ཀླུ་ཤིང་དྲིལ་བུ་འཛིན༔ རྡོ་རྗེ་མེ་ཏོག་ལྷ་མོ་དཀར༔ མེ་ཏོག་འཛིན་དང་མཉམ་པར་རོལ༔ སྣ་དབང་གནས་དག་ཀུན་ཏུ་བཟང༔ སེར་པོ་སྙེམ་མ་དྲིལ་བུ་འཛིན༔ རྡོ་རྗེ་ཕྲེང་མ་སྐུ་མདོག་སེར༔ རིན་ཆེན་ཕྲེང་འཛིན་མཉམ་པར་རོལ༔ ལྕེ་དབང་གནས་དག་ནམ་མཁའི་སྙིང༔ སེར་པོ་རལ་གྲི་དྲིལ་བུ་འཛིན༔ རྡོ་རྗེ་སྤོས་མ་སྐུ་མདོག་སེར༔ སྤོས་པོར་འཛིན་དང་མཉམ་པར་རོལ༔ ལུས་དབང་གནས་དག་སྤྱན་རས་གཟིགས༔ དམར་པོ་པདྨ་དྲིལ་བུ་འཛིན༔ རྡོ་རྗེ་སྒྲ་མ་སྐུ་མདོག་དམར༔ པུ་ཝཾ་འཛིན་དང་མཉམ་པར་རོལ༔ ཡིད་དབང་གནས་དང་འཇམ་དཔལ་དབྱངས༔ དམར་སེར་ཨུཏྤལ་དྲིལ་བུ་འཛིན༔ རྡོ་རྗེ་མར་མེ་སྐུ་མདོག་དམར༔ སྒྲོན་མེ་འཛིན་དང་མཉམ་པར་རོལ༔ ཀུན་གཞི་གནས་དག་སྒྲིབ་རྣམ་སེལ༔ ལྗང་ཁུ་པུ་སྟི་དྲིལ་བུ་འཛིན༔ རྡོ་རྗེ་དྲི་མ་སྐུ་མདོག་ལྗང༔ དྲི་ཆབ་འཛིན་དང་མཉམ་པར་རོལ༔ ཉོན་ཡིད་གནས་དག་ཕྱག་རྡོ་རྗེ༔ སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན༔ རྡོ་རྗེ་རོ་མ་སྐུ་མདོག་ལྗང༔ ཞལ་ཟས་འཛིན་དང་མཉམ་པར་རོལ༔ ཐམས་ཅད་ཕྱེད་སྐྱིལ་སེམས་དཔའི་ཆས༔ གཡས་པ་རྣམས་ནི་རང་རྟགས་ལ༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞི་ཚུལ་དགུ་དང་ལྡན་པར་བསྐྱེད༔ གཙོ་བོ་དེ་དག་རང་རྩལ་ལས༔ ཞི་ཁྲོ་རོལ་བའི་ལྷ་ཚོགས་ཀུན༔ ཉི་མ་དང་ནི་ཟེར་ཀྱི་ཚུལ༔ མ་འདྲེས་དཀྱིལ་འཁོར་གཅིག་ཏུ་རྫོགས༔ འོག་ཁང་སྤྲུལ་བའི་གཞལ་མེད་ཁང༔ དབུས་སུ་པདྨ་འདབ་བཞི་ཡི༔ ལྟེ་བར་རིན་ཆེན་ཁྲི་བཟང་ལ༔ རིགས་ཀུན་བདག་པོ་བླ་མ་ཆེ༔ གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པ་བྷནྡྷ་ཚེ་བུམ་བསྣམས༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ སྐུ་ལ་གསང་ཆོས་མདུང་མ་དང༔ ཕོད་ཆེན་ཆོས་རྣམ་ཟབ་བེར་གསོལ༔ དབུ་ལ་པདྨ་མཐོང་གྲོལ་གསོལ༔ ཞི་མ་ཁྲོ་བའི་སྤྱན་གྱིས་གཟིགས༔ རྒྱལ་བའི་དཀྱིལ་འཁོར་སྐུ་ལ་རྫོགས༔ དྲན་པས་བྱིན་རླབས་འཇུག་པར་བསྐྱེད༔ ཕྱོགས་བཞི་པདྨ་རིན་ཆེན་ཁྲིར༔ ཐུགས་ཀྱི་དགྱེས་སྐོང་གཞན་དོན་གྱི༔ ལས་བཞི་སྒྲུབ་པའི་ཕྱག་རྒྱ་བཞི༔ ཤར་ནས་གཡས་སྐོར་རིམ་པ་བཞིན༔ ༡ལྷ་ལྕམ་ཡིད་འཛིན་ཞེས་གྲགས་པའི༔ ཟ་ཧོར་མནྡཱ་ར་ནི༔ དཀར་མོ་གཡས་ན་ཤེལ་རྡོ་ཐོགས༔ ཉེས་ཚོགས་སེལ་བྱེད་ཞི་བའི་ཡུམ༔ ༢ དོན་ཀུན་གྲུབ་མ་ཞེས་གྲགས་པའི༔ བལ་མོ་ཤཱཀྱ་དེ་ཝི་ནི༔ སེར་མོ་གཡས་ན་གསེར་ཕྲེང་འཛིན༔ ལེགས་ཚོགས་སྤེལ་བྱེད་རྒྱས་པའི་ཡུམ༔ ༣གསེར་གྱི་རྣ་ཆ་ཅན་ཞེས་པའི༔ མོན་མོ་བཀྲ་ཤིས་ཁྱུ་འདྲེན་ནི༔ དམར་མོ་གཡས་ན་གྲི་གུག་འཛིན༔ ལྷ་སྲིན་བྲན་ཁོལ་དབང་གི་ཡུམ༔ ༤གར་བྱེད་ཆེན་མོ་ཞེས་གྲགས་པ༔ བལ་མོ་ཀཱ་ལ་སིདྡྷི་ནི༔ ནག་མོ་གཡས་ན་རྩེ་གསུམ་འཛིན༔ དྲག་མོ་བར་ཆད་བཟློག་པའི་ཡུམ༔ ཐམས་ཅད་གཡོན་ན་ཐོད་ཁྲག་ལ༔ ཞི་བའི་རྒྱན་གྱིས་རྣམ་པར་བརྒྱན༔ གནས་གསུམ་མཁའ་འགྲོ་འབུམ་སྡེའི་ཚོགས༔ སྐུ་ལ་རང་ཆགས་ཉིད་དུ་རྫོགས༔ དེ་ཡི་གཡས་སྐོར་རིམ་པ་བཞིན༔ ཐུགས་སྲས་དཔལ་ཆེན་རིག་འཛིན་དགུ༔ ༡མདུན་དུ་རིན་ཆེན་གསེར་གྱི་ཁྲིར༔ ཆེ་མཆོག་རིག་འཛིན་ཁྲི་སྲོང་རྗེ༔ ཞལ་གཅིག་ཕྱག་གཉིས་རྒྱལ་པོའི་ཆས༔ ས་གནོན་གཡས་ལ་གསེར་འཁོར་གཡོན༔ ༢ཤར་ཕྱོགས་རིན་ཆེན་ཁྲི་སྟེང་དུ༔ ཡང་དག་གྲུབ་པ་ནམ་མཁའི་སྙིང༔ ཞལ་གཅིག་ཕྱག་གཉིས་པཎ་ཆེན་ཆས༔ མཉམ་བཞག་སྐྱིལ་ཀྲུང་ཉི་ཟེར་བཅིབས༔ ༣་ལྷོ་ཕྱོགས་རིན་ཆེན་ཁྲི་སྟེང་དུ༔ གཤིན་རྗེ་སངས་རྒྱས་ཡེ་ཤེས་མཚན༔ ཞལ་གཅིག་ཕྱག་གཉིས་སྔགས་པའི་ཆས༔ ཕྱག་གཡས་ཕུར་བུ་གཡོན་མེ་ཧོཾ༔ ༤ནུབ་ཕྱོགས་རིན་ཆེན་ཁྲི་སྟེང་དུ༔ རྟ་མཆོག་རིག་འཛིན་རྒྱལ་མཆོག་དབྱངས༔ སྤྱི་བོར་རྟ་དབུ་པཎ་གྲུབ་ཆས༔ ཕྱག་གཡས་ཕུར་བ་གཡོན་ཐོད་ཁྲག༔ ༥བྱང་ཕྱོགས་རིན་ཆེན་ཁྲི་སྟེང་དུ༔ ཕུར་བ་གྲུབ་པ་མཚོ་རྒྱལ་ཡུམ༔ ཞལ་གཅིག་ཕྱག་གཉིས་མཁའ་འགྲོའི་ཆས༔ གཡས་པ་ཕུར་བ་གཡོན་གསང་ཐོད༔ ༦ཤར་ལྷོ་རིན་ཆེན་ཁྲི་སྟེང་དུ༔ བླ་མེད་མངོན་གྲུབ་དཔལ་ཡེ་ཤེས༔ དམར་ནག་གཏུམ་པ་སྔགས་ཀྱི་ཆས༔ ཕྱག་གཡས་ཐོད་དབྱུག་གཡོན་ཕུར་བུ༔ ༧ལྷོ་ནུབ་རིན་ཆེན་ཁྲི་སྟེང་དུ༔ དཔལ་ཆེན་ཛྙཱ་ན་ཀུ་མ་ར༔ བརྟུལ་ཞུགས་དཔའ་བོ་སྔགས་ཀྱི་ཆས༔ ཕྱག་གཡས་སྒྲོམ་བུ་གཡོན་ཕུར་བུ༔ ༨ནུབ་བྱང་རིན་ཆེན་ཁྲི་སྟེང་དུ༔ དྲེགས་འདུལ་རིག་འཛིན་དཔལ་གྱི་སེང༔ སྔགས་ཆས་རལ་བ་རྒྱབ་ཏུ་འཕྱོ༔ ཕྱག་གཡས་ཕྱག་ཤིང་གཡོན་ཕུར་བུ༔ ༩བྱང་ཤར་རིན་ཆེན་ཁྲི་སྟེང་དུ༔ སྟོབས་ལྡན་གྲུབ་པ་རྣམ་སྣང་མཛད༔ ཡེ་ཤེས་སྤྱན་ལྡན་རབ་བྱུང་ཆས༔ ཕྱག་གཡས་ཕུར་བུ་གཡོན་གླེགས་བམ༔ དེ་དག་གསང་གསུམ་ཡེ་ཤེས་རྩལ༔ རྒྱ་བོད་སྤྲུལ་བའི་རིག་འཛིན་དང༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ མཁའ་ལ་སྤྲིན་ཆེན་འཁྲིགས་བཞིན་གསལ༔ འདོད་སྣམ་མཆོད་པའི་ལྷ་མོ་དང༔ སྒོ་བཞི་རྒྱལ་པོ་ཆེན་པོ་བཞི༔ ཕྱོགས་བཞིར་ལས་བྱེད་གིང་ཆེན་བཞི༔ རང་གསལ་རྟགས་ཀྱི་ཕྱག་རྒྱར་བཞེངས༔ དབང་སྐུར་བ་ནི༔ ཧཱུྂ༔ རང་བྱུང་དཀྱིལ་འཁོར་ལྷ་ཚོགས་ལ༔ མཐུ་རྩལ་འཕྲིན་ལས་རྫོགས་པའི་ཕྱིར༔ གསང་བ་གསུམ་གྱིས་རྒྱས་བཏབ་ཅིང༔ ཡེ་ཤེས་རྣམ་ལྔས་དབང་ཆེན་སྐུར༔ ཨོཾ་ཨཱཿཧཱུྂ༔ ཨོཾ་ཧཱུྂ་སྭཱ་ཨཾ་ཧཱཿ སྤྱན་འདྲེན་པ་ནི༔ རང་གི་གནས་གསུམ་གྱི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་དེ་རང་བཞིན་ཆོས་ཀྱི་དབྱིངས་ནས་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་པར་མོས་ལ༔ སྤོས་རོལ་བཅས༔ ཧཱུྂ༔ མི་འགྱུར་འོག་མིན་ཆོས་དབྱིངས་ཞིང༔ མཚན་མའི་མ་བཅིང་འོད་ཀྱི་སྐུ༔ ཀུན་ཏུ་བཟང་པོ་རྒྱལ་ཀུན་ཡབ༔ ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ མཉམ་རྫོགས་ལྷུན་གྲུབ་ཞིང་ཁམས་ནས༔ རྡོ་རྗེ་སེམས་དཔའ་རིགས་ཀུན་བདག༔ མཁྱེན་བརྩེ་ནུས་པ་བྲི་གང་བྲལ༔ ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ གང་འདུལ་སྤྲུལ་བའི་ཞིང་ཁམས་ནས༔ གཞན་དོན་འཕྲིན་ལས་རྨད་དུ་བྱུང༔ གྲུབ་བརྒྱའི་གཙུག་རྒྱན་པདྨ་འབྱུང༔ སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོ་དང༔ རིག་འཛིན་བསྟན་སྲུང་ནོར་ལྷས་བསྐོར༔ ཁྱོད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ཧྲཱི༔་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ བཞུགས་གསོལ་ནི༔ ཧཱུྂ༔ བླ་མ་སྐུ་གསུམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ རིན་ཆེན་ཁྲི་རྐང་ཐབས་ཤེས་ཉི་ཟླའི་ཁྲིར༔ བརྟན་པར་བཞུགས་ལ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་འབད་མེད་སྩོལ་བར་མཛོད༔ ས་མ་ཡ་སྟྭ༔ ཕྱག་འཚལ་བ་ནི༔ ཧོ༔ སྒོ་གསུམ་དད་པས་ལུས་འདི་ཞིང་རྡུལ་དུ༔ སྤྲུལ་ཏེ་ཕྱག་འཚལ་སྒྲིབ་པ་དག་པ་དང༔ དམ་ཚིག་ཉམས་ཆགས་མ་ལུས་བྱང་དུ་གསོལ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ ཕྱི་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྂ༔ འདོད་ཡོན་བརྒྱད་དང་རྒྱལ་སྲིད་ཆེན་བདུན༔ བཀྲ་ཤིས་རྫས་མཆོག་བརྒྱད་དང་རྟགས་མཆོག་བརྒྱད༔ འཁོར་བསྒྱུར་མངའ་ཐང་ལོངས་སྤྱོད་རྫོགས་པའི་དཔལ༔ ཏིང་འཛིན་སྔགས་དང་རྒྱའི་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྂ༔ བཛྲ་གུ་རུ་ས་པ་རི་ཝཱ་ར་ཨརྒཾ་སོགས་ཀྱིས་མཆོད༔ ནང་མཆོད་འབུལ་བ་ནི༔ ཧོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྣོད་བཅུད་རྣམ་དག་ཡེ་ཤེས་ཕྱག་རྒྱའི་འཕྲུལ༔ འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ༔ འབུལ་ལོ་ཚོགས་དྲུག་རང་སར་གྲོལ་བར་ཤོག༔ ཨོཾ་ཨཱཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤཪྴེ་པཱུ་ཛ་ཧོ༔ གསང་མཆོད་འབུལ་བ་ནི༔ ཧོ༔ ཡབ་ཡུམ་མཉམ་སྤྱོར་བདེ་བ་ལས་བྱུང་བའི༔ ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ༔ མཐོང་དང་དྲན་པའི་ཡིད་བདེས་སིམ་བྱེད་པ༔ སྣང་སྲིད་རང་གྲོལ་རིག་མའི་མཆོད་པ་འབུལ༔ ཨོཾ་ཨཱཿ་པཉྩ་མུ་དྲ་མ་ཧཱ་པཱུ་ཛ་ཧོ༔ སྨན་མཆོད་པ་ནི༔ དཔའ་བོ་རིགས་ཡབ་ཡུམ་སྦྱོར་བ་ལས༔ རང་བྱུང་རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་རྒྱུན༔ འཐེབ་སྲིན་རྩེ་སྦྱར་ཉི་ཟླའི་གའུ་ཡིས༔ བླང་དོར་མེད་པར་རྟོགས་པས་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རཀྟ་མཆོད་པ་ནི༔ ཧོ༔ ཁམས་གསུམ་ཁྲག་ཏུ་རོལ་བའི་རྒྱ་མཚོ་རུ༔ རྟེན་འབྲེལ་གིརྟི་དམར་མོའི་གསང་བའི་བཅུད༔ རྒྱུ་དྲུག་དབྱིངས་སྒྲོལ་སྡུག་བསྔལ་སེལ་བའི་རྫས༔ ཆགས་བྲལ་གསང་བའི་ཁྲག་ཆེན་བཞེས་སུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧོ༔ ཕྱི་སྣོད་གཏོར་གཞུང་ནང་བཅུད་གཏོར་མ་སྟེ༔ གསང་བ་བདག་འཛིན་རཱུ་ཏྲ་བསྒྲལ་བའི་ཤ༔ འདོད་ཡོན་སྣ་ཚོགས་ཅིར་ཡང་འཆར་བ་འདི༔ འབུལ་ལོ་ཞེན་འཛིན་རི་བོ་གཏོར་བར་ཤོག༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྂ༔ སྐུ་ནི་ཟང་ཐལ་ཕྱོགས་ཆའི་སྤྲོས་ལས་འདས༔ གསུང་ནི་བརྗོད་བྲལ་ནཱ་ད་སྲིད་ཞིར་ཁྱབ༔ ཐུགས་ནི་དམིགས་མེད་མཁྱེན་བརྩེའི་ཡེ་ཤེས་ངང༔ ཆོས་སྐུ་ཀ་དག་ཆེན་པོར་ཕྱག་འཚལ་བསྟོད༔ ལྷུན་གྲུབ་ཡེ་ཤེས་སྐུ་དང་རྒྱན་འཁོར་རྫོགས༔ ཟུང་འཇུག་ཁ་སྦྱོར་བདེ་ཆེན་རང་བཞིན་མེད༔ སྙིང་རྗེས་གང་དང་རྒྱུན་མི་ཆད་འགོག་མེད༔ ལོངས་སྐུ་རང་གསལ་ཆེན་པོར་ཕྱག་འཚལ་བསྟོད༔ ཐུགས་རྗེ་རོལ་བ་རྟག་ཁྱབ་ལུ་གུ་རྒྱུད༔ དག་དང་མ་དག་སྐྱེ་བ་སྤྲུལ་བའི་སྐུ༔ ཆོས་ཉིད་གཅིག་ལས་འཆར་ཆ་དུ་མར་འཕྲུལ༔ སྤྲུལ་སྐུ་རང་ཤར་ཆེན་པོར་ཕྱག་འཚལ་བསྟོད༔ ཐུགས་རྗེའི་ཡེ་ཤེས་རང་རྩལ་ཤུགས་འབྱུང་དུ༔ ཉིད་ལས་མི་གཞན་ཞི་དང་ཁྲོ་བོའི་སྐུ༔ སྣ་ཚོགས་ཐབས་ཀྱིས་གདུལ་བྱ་འདུལ་མཛད་པ༔ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཚོགས་ལ་བསྟོད༔ དེ་ལྟར་མཆོད་ཅིང་བསྟོད་པའི་བྱིན་རླབས་ཀྱིས༔ ཐོག་མེད་བསག་པའི་སྡིག་ལྟུང་ཉམས་ཆགས་བཤགས༔ སྐྱེ་གནས་བཞི་ཡི་སྒྲིབ་དང་ལྷ་སྐུར་ཤར༔ སྣང་གསུམ་འཕོ་བའི་བག་ཆགས་དག་པར་ཤོག༔ ཛཔ྄་ནི༔ གུ་རུའི་ཐུགས་གར་རྡོ་རྗེ་རྩེ་ལྔའི་ལྟེར༔ རིགས་འདུས་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔ དེ་ཡི་ཐུགས་ཀར་ཉི་ཟླའི་གའུ་ནང༔ ཀུན་བཟང་ཡབ་ཡུམ་གཅེར་བུ་མཉམ་བཞག་ཅན༔ ཐུགས་གསང་མི་ཤིག་ཐུགས་ལེ་ལྔ་ལྡན་ཀློང༔ གཞོམ་མེད་རྡོ་རྗེའི་སྙིང་པོ་འབྲུ་བཅུ་གཉིས༔ གསེར་མདོག་སྒྲ་བཅས་གཡས་སུ་འཁོར་བ་ཡིས༔ སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ༔ འདི་ནི་དུས་གསུམ་རྒྱལ་བའི་སྲོག༔ བླ་མ་ཀུན་གྱི་སྙིང་པོ་སྟེ༔ བཟླས་པ་ཙམ་གྱིས་བྱིན་རླབས་འཇུག༔ སྒྲུབ་པས་དངོས་གྲུབ་ཐོགས་མེད་ཐོབ༔ གྲངས་ཀྱི་བསྙེན་པ་འབྲུ་འབུམ་ལ༔ དུས་བསྙེན་བཞིན་འགྱུར་མཚན་མ་ནི༔ གྲུབ་པའི་རྟགས་དང་སྟུན་དེ་སྒྲུབ༔ གཅིག་སྒྲུབ་རྒྱལ་པ་ཐམས་ཅད་འགྲུབ༔ སླར་ཡང་དཀྱིལ་འཁོར་ཡོངས་རྫོགས་ཀྱི༔ རང་རང་སྲོག་གི་སྙིང་པོ་ནི༔ ཡབ་རྣམས་གཡས་དང་ཡུམ་རྣམས་གཡོན༔ འཁོར་ཞིང་ཞལ་ནས་སྔགས་སྒྲ་སྒྲོག༔ ཐམས་ཅད་གནས་གསུམ་འོད་ཟེར་ཕྲེང༔ སྤྲོས་པས་ཞིང་ཁམས་རྒྱ་མཚོ་མཆོད༔ འདུས་པས་རྒྱལ་ཀུན་བྱིན་རླབས་བསྟིམ༔ སྣང་གྲགས་ལྷ་ཡི་འཁོར་ལོར་གྱུར༔ ཨོཾ་ཨཱཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔སིདྡྷི་ཕ་ལ་ཧཱུྂ་ཨཱཿ ཧྲཱི༔་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད༔ དཔའ་བོ་མཁའ་འགྲོའི་སྲོག་གི་སྔགས༔ འདི་བཟླས་དཔའ་བོ་མཁའ་འགྲོའི་ཚོགས༔ དབང་མེད་བྱོན་ཞིང་དངོས་གྲུབ་སྟེར༔ དེ་ལྟར་སྒྲུབ་པའི་མཚན་མ་ནི༔ ཕྱི་རྟགས་ཉམས་དང་རྨི་ལམ་དུ༔ ནམ་མཁར་འཕུར་དང་ཁྲི་ལ་བཞུགས༔ དབང་བསྐུར་ཆོས་བཤད་རྒྱལ་མཚན་འཛུག༔ ཞི་ཁྲོའི་ཕྱག་མཚན་རྙེད་པའོ༔ ནང་རྟག་ངེས་འབྱུང་བློ་སྣ་ཐུང༔ བྱང་ཆུབ་སེམས་དང་དག་སྣང་རྒྱས༔ བླ་མར་དད་གུས་ལྷག་པར་སྐྱེ༔ ཉིན་སྣང་འོད་འཕྲོ་ཕྱག་མཚན་རྙེད༔ གསང་རྟགས་བྱང་སེམས་བཅོས་མེད་སྐྱེ༔ བླ་མ་རང་གི་སེམས་སུ་རྟོགས༔ སྣང་སྲིད་དཀྱིལ་འཁོར་ཉིད་དུ་ཤར༔ རྒྱལ་བ་ཀུན་དང་གཉིས་མེད་འགྱུར༔ ས་མ་ཡ༔ འདི་ལྟར་ཉམས་སུ་ལེན་པ་ཡི༔ དང་པོ་འཁོར་བའི་སྡུག་བསྔལ་བསམ༔ ཉིན་མཚན་མི་རྟག་སྙིང་ནས་དྲན༔ དལ་འབྱོར་སྙིང་པོ་ལེན་པའི་ཕྱིར༔ དཀར་ནག་ལས་འབྲས་བླང་དོར་བྱ༔ ཆོས་ཀྱི་འཇུག་སྒོ་སྐྱབས་འགྲོ་དང༔ ཐེག་ཆེན་ལམ་མཆོག་བྱང་ཆུབ་སེམས༔ ལོ་དང་ཟླ་བར་ནན་ཏན་དུ༔ བློ་སྦྱང་རྒྱུད་ལ་འབྱོར་བ་གནད༔ རྒྱལ་བའི་སྤྱོད་པ་མཐའ་ཡས་ཀྱང༔ བསྡུ་ན་བསག་དང་སྦྱོང་བ་སྟེ༔ འདུས་དང་འདུས་མ་བྱས་པ་ཡི༔ ཚོགས་བསག་སྟོང་ཉིད་རྟོགས་ཀྱང་རུང༔ སྒྱུ་མ་ལྟ་བུར་ཉམས་སུ་ལེན༔ བར་ཆད་ཀུན་གྱི་གཙོ་བོ་ནི༔ དམ་ཚིག་ཉམས་པ་འདི་སྐྱོན་ཆེ༔ ཉམས་ཆགས་བཤགས་ཤིང་གསོ་བ་ཡི༔ ཐབས་ཟབ་དོན་ཆེ་འབད་པར་བྱ༔ སྨིན་བྱེད་དབང་ལ་མ་བརྟེན་པར༔ རིམ་གཉིས་མཐའ་རུ་ཕྱིན་མི་འགྱུར༔ དེ་ཕྱིར་མཚན་ལྡན་བླ་མ་ཡིས༔ དབང་སྐུར་སྐུ་བཞིའི་ས་བོན་འདེབས༔ སྒྲུབ་པའི་གནས་དུས་གྲོགས་དང་རྫས༔ གསང་ཞིང་ལེགས་པར་ཚོགས་བྱས་ཏེ༔ སྨིན་དང་མོས་པའི་ཁྲིད་ཞུས་ཏེ༔ མཆོད་སྦྱིན་ལྷ་ཡི་ལས་བྱང་དང༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་ཏུ༔ གྲངས་དང་དུས་ཀྱི་བསྙེན་པར་འབད༔ ཏིང་འཛིན་གསུམ་གྱིས་གཞི་བཟུང་སྟེ༔ གཟེར་བཞིའི་མན་ངག་ལྡན་པ་ཡི༔ རྫོང་འཕྲང་སྲོག་ལ་དབང་འབྱོར་བྱ༔ ས་མ་ཡ༔

གནས་པ་རྩ་དང་གཡོ་བ་རླུང༔ ཀུན་རྫོབ་བྱང་སེམས་དཀྱིལ་འཁོར་གསུམ༔ ཕྱི་ནང་གཞན་གསུམ་སྦྱོར་བ་དང༔ དག་བྱ་དག་བྱེད་ཤེས་པར་བྱ༔ བྱིན་རླབས་ལྡན་པའི་བླ་མ་ཡིས༔ རྡོ་རྗེའི་ལུས་ཀྱི་འཁྲུལ་འཁོར་ལ༔ བརྟེན་ནས་རྩ་མདུད་གྲོལ་བའི་ཐབས༔ ཨ་ཧྂ་འབར་འཛགས་གསང་ལམ་བཤད༔ ས་མ་ཡ༔ རང་ལུས་ཐབས་ཀྱི་རྣལ་འབྱོར་གྱི༔ སྦྱང་བ་རྣལ་དུ་འབྱོར་བ་ན༔ གཞན་ལུས་ཕོ་ཉའི་ལམ་མཆོག་ཏེ༔ རིག་མ་བརྟགས་ཅིང་འགུགས་པ་དང༔ སྦྱང་དང་དགའ་བཞིའི་ཉམས་རྩལ་ལ༔ བརྟེན་ནས་མི་འགྱུར་བདེ་བ་ཆེ༔ རྩོལ་མེད་སྐྱེ་ཞིང་རྟེན་འབྲེལ་དང༔ དུས་སྦྱོར་བཅུ་གཉིས་དབྱིངས་སུ་དག༔ སྟོང་ཉིད་བཙུན་མོའི་མཁའ་གསང་ནས༔ ཕྱག་ཆེན་པོའི་ལམ་རྙེད་དེ༔ གཙུག་ཏོར་རྩེ་མོར་གྲོལ་བ་འདི༔ སྙིང་གི་བཅུད་དུ་ཨེ་མ་ཧོ༔ ས་མ་ཡ༔ སྔོན་འགྲོ་འབྱུང་བཞིའི་སྒྲ་ལ་བསླབ༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་བརྟགས༔ རིགས་དྲུག་ས་བོན་དབྱིངས་སུ་བསྲེགས༔ རྒྱས་འདེབས་མཉེན་བཙལ་ལམ་གཞུག༔ ངོ་བོ་ཀ་དག་ཟང་ཐལ་ལེ༔ རང་བཞིན་ལྷུན་གྲུབ་འོད་གསལ་བ༔ ཐུགས་རྗེ་ཀུན་ཁྱབ་མཐའ་ལས་གྲོལ༔ སྐུ་གསུམ་རང་ངོ་འཕྲོད་པར་བྱ༔ མི་གཡོ་གསུམ་གྱི་ལྟ་བ་དང༔ ཅོག་བཞག་བཞི་ཡི་སྒོམ་པ་ཡིས༔ གནས་ལུགས་ཀུན་ཏུ་བཟང་པོའི་སར༔ ཚེ་འདིར་སྐྱེལ་བའི་དམ་བཅའ་ཟུངས༔ སྣང་བ་བཞི་ཡི་ལམ་མཆོག་ནས༔ རིག་འཛིན་བཞི་ཡི་ལམ་བསྒྲོད་ནས༔ འཕོ་ཆེན་འཇའ་ལུས་འོད་སྐུ་འམ༔ ལྷུན་གྲུབ་རིག་འཛིན་ས་ལ་སྦྱོར༔ ས་མ་ཡ༔

གཞན་ཡང་ཚོགས་དང་གཏོར་མ་ཡིས༔ རང་རྒྱུད་ཚོགས་གཉིས་རྫོགས་པ་དང༔ གཞན་རྒྱུད་དགེ་ལ་བསྐུལ་བ་ཡི༔ ལས་ཀྱི་རིམ་པར་འབད་པར་བྱ༔ ཆོས་སྒོ་རྒྱ་ཆེ་གྲངས་མང་ཡང༔ གསང་ཆེན་སྔགས་ལས་ཟབ་པ་མེད༔ སྒྲུབ་ཐམས་རྣམ་གྲངས་ཀུན་གྱི་བཅུད༔ བླ་སྒྲུབ་ཁོ་ན་ཡིན་པའོ༔ དེ་ཕྱིར་སྤྲོས་པ་སྤང་བྱས་ཏེ༔ ཟབ་མོ་བླ་མའི་སྒྲུབ་པ་ལ༔ བློ་ཐག་བཅད་ནས་འབད་བྱས་ན༔ རྒྱལ་བའི་དཀྱིལ་འཁོར་བསམ་ཡས་པ༔ བླ་མ་ཉིད་ལས་གཞན་མེད་པས༔ གཅིག་སྒྲུབ་རྒྱལ་བ་ཐམས་ཅད་འགྲུབ༔ གཅིག་ཤེས་མན་ངག་ཐམས་ཅད་ཤེས༔ གཅིག་ཤེས་ཀུན་གྲོལ་འདི་ལ་བྱ༔ ཨྀ་ཐི༔ དེ་ལྟར་བླ་མའི་རིམ་པ་འདི༔ ཡེ་ཤེས་མཁའ་འགྲོའི་བརྡས་བསྐུལ་དེ༔ སྔགས་སྨྱོན་ཚེ་དབང་ནོར་བུ་ཡི༔ གསང་བ་ཐུགས་ཀྱི་གཏད་རྒྱ་བཀྲོལ༔ མེ་བྱ་རང་ལོ་ཉི་ཤུ་ལ༔ མཁའ་འགྲོའི་རྣལ་འབྱོར་ལ་ཞུགས་ཚེ༔ གུ་རུའི་ཐུགས་ཀྱི་བྱིན་རླབས་རྒྱུན༔ དཀར་ཤོག་དངོས་ལ་གསལ་བར་བྱས༔ འདི་ཉིད་དངོས་དང་གཞན་བརྒྱུད་ནས༔ འགྲོ་བ་མང་པོ་གྲུབ་པའི་སར༔ འཁྲིད་པར་འགྱུར་བ་པདྨའི་བཀའ༔ ཐེ་ཚོམ་མ་བྱེད་ཉམས་སུ་ལོངས༔ མ་མོ་གཟའ་དང་རྡོར་རྗེ་ལེགས༔ ཆོས་འདི་དམ་པོར་གཉེར་མཛོད་ལ༔ ལས་ཅན་བུ་ལ་གཏད་རྒྱ་ཀྱིས༔ བཀའ་རྐུན་མཁན་གྱི་སྙིང་ཁྲག་འཐུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེ་རིག་འཛིན་ཆེན་པོའི་ཞབས་ཀྱིས་བཀའ་མ་དང་གཏེར་རྙིང་གི་བསྟན་པ་སྤེལ་བར་ཐུགས་གཏད་པས་རང་གཏེར་འགའ་ཞིག་བཏང་སྙོམས་སུ་བཞག་ནའང་། འདི་ལྟ་བུའི་ཆོས་སྡེ་ཁ་ཤས་དཀར་ཤོག་ཏུ་ཕབ་པ་ཙམ་གྱིས་འགྲོ་དོན་དཔག་མེད་འབྱུང་བ་དང་། རེ་ཞིག་སྐུ་འཁོར་ནང་གྲས་ལས་སྤེལ་བར་མ་གནང་ཡང་། མ་འོངས་པར་བསྟན་འགྲོའི་བཙས་སུ་འགྱུར་བར་དགོངས། ཕྲན་དང་དཔའ་བོའི་ཞབས་སོགས་ལ་གསང་རྒྱ་དམ་པར་གནང་བ་ལགས་སོ། །མཆན་འདི་ཞབས་གྲས་པ་བསྟན་འཛིན་རྡོ་རྗེས་བྲིས་པ་དགེའོ། མངྒ་ལཾ།


previousགསང་ལམ་ཌཱཀྐིའི་སྙིང་ཁྲག་ལས་གུ་རུ་ཞི་བ་མཚོ་སྐྱེས་བླ་མའི་སྒྲུབ་པ་སྐུ་གསུམ་དགོངས་འདུས་བྱིན་རླབས་རྒྱ་མཚོ།next