Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
གུ་རུ་པདྨའི་གསོལ་འདེབས་བསམ་པ་ལྷུན་གྲུབ་ལས་ཚེ་དབང་རྡོ་རྗེའི་སྲོག་རྫོང་ཆོག་ཁྲིགས་སུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་པདྨའི་གསོལ་འདེབས་བསམ་པ་ལྷུན་གྲུབ་ལས་ཚེ་དབང་རྡོ་རྗེའི་སྲོག་རྫོང་ཆོག་ཁྲིགས་སུ་བཀོད་པ།next

གུ་རུ་པདྨའི་གསོལ་འདེབས་བསམ་པ་ལྷུན་གྲུབ་ལས་ཚེ་དབང་རྡོ་རྗེའི་སྲོག་རྫོང་ཆོག་ཁྲིགས་སུ་བཀོད་པ།

༄༅། །གུ་རུ་པདྨའི་གསོལ་འདེབས་བསམ་པ་ལྷུན་གྲུབ་ལས། །ཚེ་དབང་རྡོ་རྗེའི་སྲོག་རྫོང་ཆོག་ཁྲིགས་སུ་བཀོད་པ་བཞུགས་སོ། །

ན་མོ་གུ་ར་ཝེ། །གང་མཚན་གཡུལ་ལས་རྒྱལ་བ་ལྷ་ཡི་རྔ། །རྣ་བར་སོན་པས་བདུད་དང་ལྷ་མིན་ཚོགས། །འཇིགས་པའི་ཀླད་རྒྱ་འཐོར་བའི་གྲགས་པ་ཅན། །བླ་མ་སྣང་སྲིད་ཟིལ་གནོན་དགེ་ལེགས་སྩོལ། །མི་རྟག་འགྱུར་བ་ཆུ་བུར་ལྟ་བུའི་ཚེ། །ཐུགས་བསྐྱེད་བདེན་པ་འཆི་མེད་བདུད་རྩི་ཡིས། །རྡོ་རྗེའི་སྲོག་གི་རྫོང་དུ་གཞུག་པའི་ཐབས། །གསལ་ལ་ཁྱེར་བདེའི་གདམས་པ་འདི་ཏུ་འགོད།

དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་བསྙེན་སོང་རྡོ་རྗེ་སློབ་དོན་མཚན་ཉིད་དང་ལྡན་པས་དབང་འདི་ཉིད་སྐུར་བར་བྱ་བ་ལ། ཐོག་མར་དཀྱིལ་འཁོར་བཀོད་པ་ལ། རྡུལ་ཚོན་བསམ་པ་ལྷུན་གྲུབ་མ་སྤྱི་ལྟར་རམ། ཚེ་ཡི་ལས་སྒྲུབ་པའི་དཀྱིལ་འཁོར་ནི། གཞུང་ལས། ཚེ་ཡི་དཀྱིལ་འཁོར་བཀོད་པ་ནི༔ ཡི་དམ་བཅུ་གསུམ་སྤྱི་ལྟར་ལ༔ ཁྱད་པར་ཚེ་ཡི་ལས་སྦྱོར་སྐབས༔ ཚེ་བཅུད་འདུས་པའི་དགའ་བ་འཁྱིལ༔ འགྱུར་མེད་རྡོ་རྗེའི་རྒྱ་གྲམ་མཐིང་༔ གཞལ་ཡས་ཁང་བཟང་སྒོ་རྫོགས་པ༔ རྡོ་རྗེ་ལ་སོགས་སྲུང་འཁོར་དྲུག༔ སོ་སོར་རྟོག་པའི་ཡེ་ཤེས་འཕྲུལ༔ རྡུལ་ཚོན་དམར་ཤས་ཆེ་བ་བྱ༔ ཞེས་པ་མན་ངག་ལྟར་རྡུལ་ཚོན་ནམ་རས་བྲིས་གང་རུང་། མ་འབྱོར་ན་ཚོམ་བུ་ཕྱི་ན་བཅུ། ནང་དུ་གསུམ་བཀོད་པས་བཅུ་གསུམ་བྱའོ། །

དབང་རྫས་ནི། གཞུང་ལས། གཏོར་མ་འབྲང་རྒྱས་ཞལ་དཀར་དབུས༔ ཚེ་རིལ་གཡས་ལ་ཚེ་ཆང་གཡོན༔ ཚེ་མདའ་མི་འགྱུར་བྱང་ཏུ་གདབས༔ སྐུ་ཚབས་ཕྲེང་བ་མེ་ལོང་དང་༔ ཚེ་ཡི་བུམ་པ་མདུན་དུ་བཀོད༔ ལས་བུམ་རྟ་མགྲིན་སྐུ་བརྙན་བཞུགས༔ ཞེས་དབུས་དུ་སྒྲུབ་གཏོར་བང་རིམ་གསུམ་པ། པདྨ་ཁ་སྤྲོད་སྟེང་དུ་བླ་གཏོར་དམར་པོ། རྒྱན་ཉི་ཟླ་ནོར་བུ་འཇའ་གུར་བཅས་པའོ། ། དེའི་གཡས་སུ་ལས་བུམ། གཡོན་དུ་རྣམ་བུམ། མདུན་དུ་ཚེ་བུམ། དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། སྒྲུབ་གཏོར་རྒྱབ་ཏུ་ཚེ་མདའ། དེ་དང་ལྷན་དུ་སྔགས་ཕྲེང་། མེ་ལོང་། མདུན་གྱི་ཉེ་ལོགས་སུ་དཀར་གཏོར། དམར་གཏོར། དམ་ཅན་སྤྱི་གཏོར། ཚོགས་གཏོང་ན་ཚོགས་གཏོར་བཟའ་བཏུང་། ཆད་མདོ། བརྟན་མ། ཚེ་དབང་ལ་ཚེ་ཀླུད། ཀྲུས་གཞོང་། སྤོས་ཕོར། བགེགས་སྐྲད་དང་བྱིན་འབེབ་ཀྱི་རྫས། བླ་མའི་མདུན་དུ་བཟེད་ཞལ་དུ་འཐོར་ནས། ཡུང་དཀར། ཌཱ་དྲིལ། ནང་མཆོད་སོགས་བཤམ། ཤིན་ཏུ་བསྡུ་ན། ཚེ་བུམ་དང་རྣམ་རྒྱལ་བུམ་པ་གཅིག་ཆོག ཚེ་རིལ་ལ་མར་དཀར་རམ་བག་བྱེའི་རིལ་བུ། ཚེ་ཆང་ལ་ཇའམ་འོ་མ། ཚེ་མདའ་ཙམ་ལ་བརྟེན་པས་ཀྱང་འགྲུབ་པོ། ཆོ་ག་བསམ་པ་ལྷུན་གྲུབ་ཀྱི་སྒྲུབ་ཐབས་ཀྱི་གཞུང་སྲོང་། ཁོལ་སྒྲུབ། དྲིལ་སྒྲུབ། ལུས་དཀྱིལ་གང་ཡིན་ཀྱང་རུང་། མདུན་བསྐྱེད་ཀུན་བཟང་པདྨ་ཞི་ཁྲོ་མན་ངག་བཅུ་གསུམ་ཀྲོང་བསྐྱེད་བྱ། བསྙེན་སྐབས་སུ་གཙོ་བོ་རྡོ་རྗེའི་འབྲུ་བཅུ་གཉིས་པ་དང་ཐོད་ཕྲེང་རྩལ་གྱི་ཛཔྲ་གཙོ་བོར་བཟླ།

ཡི་དམ་བཅུ་གསུམ་སྤྱི་ཡི་སྔགས་ཇི་རིགས་པ་བཟླས་པ་དང་། བུམ་པ་བསང་སྦྱང་བྱས་ལ། ཧྲཱི༔ བདག་བདུན་དབྱེར་མེད་གཟུངས་སྔགས་འོད་ཟེར་ཀྱིས༔ ཚེ་འཛིན་བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་ཏེ༔ སྐུ་ལས་འོད་དང་གསུང་གི་སྔགས་ཀྱི་སྒྲ༔ ཐུགས་དམ་འགྱུར་མེད་བདེན་པས་ཚེ་བཅུད་བསྡུས༔ ལྷ་ཚོགས་བདེ་ཆེན་དགའ་བའི་མྱོས་པ་ལས༔ བདུད་རྩིས་རྒྱུན་བབ་བུམ་པ་ཡོངས་སུ་ཁེངས༔ ཟེར་རླངས་འོད་ཟེར་སྒྲུབ་རྫས་རྣམས་ལ་ཐིམ༔ འཆི་མེད་ཚེ་ལྷའི་བྱིན་རླབས་རྫས་མཆོག་གྱུར༔ རྩ་སྔགས་ལྷ་ཚོགས་སྔགས་རྣམས་དང་༔ ཚེ་ཡི་ཛྲབ་དབྱངས་འདི་བཞིན་སྒྲོགས༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཚེ་ཛཔྲ་བརྒྱ་རྩ་དང་ཚེ་གཟུངས་ཅི་མང་འདོན། འོག་ནས་བྱུང་བའི་ཚེ་འགུགས་བྱ། ཏིང་ངེ་འཛིན་གྱིས་དབང་བླངས། གཞན་དོན་དུ་ཐུགས་དམིགས་བྱའོ །

༈ ཚེ་དབང་བསྐུར་བ་ལ། དང་པོ་ཚེ་ཁྲུས་ནི། སློབ་མ་གནས་ཁང་གི་ཕྱི་རོལ་ལམ་སྟབས་བདེ་བའི་སར་ཚེ་ཀེགས་སེལ་བའི་ཁྲུས་བྱ་བར། ལས་བུམ་ཐོགས་ལ།

ཧྲཱི༔ འཆི་མེད་དཔལ་སྟེར་མགོན་པོ་ཚེ་དཔག་མེད༔ ཚེ་ཡི་རིག་འཛིན་གྲུབ་པ་པདྨ་འབྱུང་༔ ཚེ་ལྷ་རབ་འབྱམས་གསང་གསུམ་བདུད་རྩི་ཡིས༔ ཚེ་གེགས་ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ དམ་ཉམ་རོ་ཡུག་དམེ་གྲིབ་ཞི་གྱུར་ཅིག༔ བདུད་བཙན་རྒྱལ་པོའི་གནོད་པ་ཞི་གྱུར་ཅིག༔ དམུ་དང་ཐེའུ་རང་གནོད་པ་ཞི་གྱུར་ཅིག༔ ལྷ་ཀླུ་སྡེ་བརྒྱད་འཁོན་གྲིབ་ཞི་གྱུར་ཅིག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ལས་བྱུང་བའི༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཚེ་ཡི་གེག༔ ཚེ་ལྷ་རྩ་གསུམ་བདེན་པས་ཞི་བ་དང་༔ འཆི་མེད་རྟག་བརྟན་ཚེ་ལ་དབང་གྱུར་ཅིག༔

ཚེ་གཟུངས་དང་ཀྲུས་སྔགས་འདོན་བཞིན་ཁྲུས་བྱ། ཁྲུས་ཆུ་ལན་གསུམ་བཏུང་ཞིང་ཁ་བཤལ་དུ་གཞུག ཁྲུས་ཆུ་ཁར་བཏུང་བའི་ཚེ་བྱིན་རླབས་ཞུགས་པར་མོས། ཁ་བཤལ་ཚེ་བྱིན་རླབས་ཀྱི་སྟོབས་ཀྱིས་སྒོ་གསུམ་གྱིས་སྲོག་གཅོད་སོགས་ལས་ངན་པའི་བག་ཆགས་སྦྱང་ཞིང་དག་པར་བསམ། ལན་གསུམ་བཀྲུས་པས་ཚེ་ལ་གནོད་པའི་ལས་ངན་སྡིག་སྒྲིབ་མ་ལུས་པ་པ་མཁའ་ལ་སྤྲིན་དེངས་ལྟར་གྱུར་བར་མོས། འཆི་སླུ་ཚེ་གླུད་གཏོང་བ་ནི། གཞུང་ལས། དགོད་དང་ན་དང་འཇིགས་པའི་ཚུལ༔ སྐྱེ་མཆེད་ཚང་བའི་གླུད་གཟུགས་གསུམ༔ རང་གི་གོས་རྙིང་སྐྲ་སེན་བཅུག༔ ནམ་མཁའ་ལན་ཆགས་སྒྲོན་མེ་དང་༔ འདོད་པའི་གཟུགས་རིས་སྣ་ཚོགས་བྱ༔ ཤ་དུམ་ཟས་སྣ་གོས་སྣ་སོགས༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་རླབས༔ འབྲུ་གསུམ་བརྒྱ་རྩས་སྦྱང་སྤེལ་བསྒྱུར༔ བདེ་གཤེགས་རིན་ཆེན་མང་གཟུགས་མཛེས༔ འཇམ་ཀླས་འཇིགས་ཀུན་བྲལ་བ་བཞིས༔ བདེན་པ་བརྗོད་ཅིང་འདི་ལྟར་བསྔོ༔ ཞེས་གསུངས་པ་ལྟར། ཀླུད་གཟུགས་རྒོད་པ་དང་། ན་བ་དང་། འཇིགས་པས་ནོན་པ་གསུམ་གྱི་རྒྱབ་ཏུ་ནམ་མཁའ་ཁ་དོག་ལྔ་བ། མཐར་ལན་ཆགས། ཤ་དུམ། གོས་རྙིང་། ནད་པའི་སྐྲ་སེན། ཕོ་མདོང་། མོ་མདོང་། ཟས་སྣ་སོགས་འདོད་ཡོན་ཅི་འབྱོར་བ་བཤམ། ནམམཁའ་མཛོད་སྔགས། ཁ་འབར་མའི་སྔགས། འབྲུ་གསུམ་སོགས་བཟླས་དེ་བྱིན་གྱིས་བརླབས། དེ་བཞིན་གཤེགས་པ་བཞིའི་མཚན་ཀྱི་བདེན་པ་བརྗོད།

ཀྱེ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དང་མཁའ་འགྲོ་དང་༔ བསྟན་སྲུང་བདེན་ཚིག་འགྲུབ་རྣམས་ཀྱིས༔ བགེགས་རིགས་མགྲོན་རྣམས་ཐུགས་རྗེས་ཟུངས༔ ཚེ་སྲོག་ནོར་ཀྱི་ལན་ཆགས་པའི༔ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས༔ འབྱུང་བ་ལྔ་ལ་དབང་བྱེད་ཅིང་༔ ཚོགས་བརྒྱད་རང་གཟུགས་སྡེ་བརྒྱད་རྣམས༔ ཉོན་ཅིག་རྒྱལ་བའི་བཀའ་ལ་ཉོན༔ དེ་རིང་ཡོན་གྱི་བདག་པོ་ཡི༔ ཚེ་སྲོག་སླུ་བའི་གླུད་འདི་གཏོང་༔ མི་ལས་ལྷག་པའི་གླུད་གཟུགས་འདིས༔ ལན་ཆགས་བདག་པོ་ཚིམ་པར་མཛོད༔ བཟུང་བ་ཐོང་ལ་བཅིང་བ་ཁྲོལ༔ བསྡམ་ལ་ཀློད་ལ་མནན་པ་འཁྱོག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ སྐྱེ་བ་མི་ལ་འབྱུང་བ་གླུད༔ ཁྱེར་ཅིག་ཁྱེར་ཅིག་གླུད་བདག་རྣམས༔ ལོ་བདག་སྲོག་བདག་ཞེན་པ་རྣམས༔ དྲན་དང་གཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་མཛོད༔ ཨ་ཨ་ཨ༔

ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དག་། རིག་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོང་ཀྱང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་ཏུ་ཀུན་བཟང་པདྨ་ཞི་ཁྲོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་རྣམས། དཀྱིལ་འཁོར་དུ་འཇུག་ཅིང་། དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་ཕྱིར་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བ་འདིས། ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། །

ཅེས་དང་། གུ་གུལ་གྱི་དུད་པས་བདུག ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང་།

ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊཿ ཧ་ལ་ཧ་ལ་ཧཱུྃ། ཞེས་དང་། ཧཱུྃ་བཞིའི་སྔགས་ནི། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ། བྷ་ག་ཝན། བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ་ཅེས་སོགས་དྲག་སྔགས་བཟླས་པས་བགེགས་རྣམས་བསྐྲད། གཞུང་རྩ་བ་ལས། དེ་ལྟར་ལན་གཅིག་བྱ་ནུས་ན༔ འཆི་བ་སླུ་ལ་ཚེ་གེགས་སེལ༔ མཐའ་མ་དྲག་པོའི་ཐུན་གྱིས་གདབ༔ གསོན་བདུད་བར་ལག་འགྱེལ་བར་བྱ༔ ཞེས་པའི་བྱ་བའོ། །དབང་སྐུར་སྐབས་མིན་པར་ཚེ་གླུད་རྐྱང་པ་བསྔོ་བ་ལ། རྡོ་རྗེའི་སློབ་མ་འདི་ཉིད་ཀྱི་ཚེ་ནོར་ཆོས་གསུམ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཞེས་ཞལ་བསྒྱུར་ཤེས་པར་བྱའོ། ། གསུམ་པ་སྲུང་འཁོར་་སྒོམ་པ་ནི། ཨ༔ ལྷ་འདྲེར་འཛིན་པ་རང་སར་དེང་༔ རྟོག་མེད་ངང་ལས་ཡེ་ཤེས་རྩལ༔ འབྱུང་ལྔ་རྡོ་རྗེ་ཡེ་ཤེས་གུར༔ ཕྱོགས་མཚམས་མེད་པར་ཀུན་ཏུ་གཏམ༔ བཛྲ་ཙཀྲ་རཀྵ་བྷྲཱུྃ༔ སྣང་སྲིད་ལྷ་དང་གཞལ་ཡས་ཁང་༔ རང་ཉིད་དྲག་པོའི་ང་རྒྱལ་བསྐྱེད༔ སྲུང་བྱ་གནམ་ལྕགས་རྡོ་རྗེ་སྒོམ༔ ཐམས་ཅད་ཆོས་སྐུའི་ཀློང་དུ་སྦ༔ ཞེས་སོ། །

བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རང་སྣང་ལས་གྲུབ་པའི་སྟེང་ཐམས་ཅད་རྡོ་རྗེའི་བླ་བྲེ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྗེའི་ར་བ་དྲ་བ། སྲུང་བའི་གུར་ཆེན་པོར་གྱུར་བའི་ནང་དུ་ཚུད་པར་མཛོད། ། སྤྲོ་ན་རྟེན་སྙིང་བརྗོད་ཅིང་བརྟན་པར་བྱའོ། །

༈ བཞི་བ་ཀུན་སློང་གསལ་འདེབས་དང་དབང་གི་ལོ་རྒྱུས་ནི།

འོ་ན་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྒྱལ་བ་ཁྱབ་བདག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་པདྨ་ཚེ་དཔག་མེད་ཀྱི་མན་ངག་ཚེ་དབང་རྡོ་རྗེའི་སྲོག་རྫོང་གི་དཀྱིལ་འཁོར་ཆེན་པོ་ལ་ཞུགས་ཏེ། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྒྱ་ཆེན་པོ་དང་བཅས་པའི་སྒོ་ནས་གསན་པར་ཞུ། དེའང་དལ་བ་བརྒྱད་འབྱོར་བ་བཅུ་དྲུག་དང་ལྡན་པ་འདི་རྙེད་པར་དཀའ་ལ་དོན་ཆེན་པོ་དང་ལྡན་པས། རིན་ཆེན་ལུས་རྟེན་འདི་ལ་བརྟེན་ནས་སངས་རྒྱས་ཐོབ་པར་མ་བྱས་ན། ཚེ་ལ་ནི་ངེས་པ་མེད། བར་ཆད་ཀྱི་རྐྱེན་ནི་འཇུག་སླ། མི་རྟག་འཆི་བ་གློ་བུར་ནམ་འོང་ཆ་མེད་པས་བློ་སྣ་བསྟུང་ལ་དགེ་བློ་དྲོད་མ་ཡལ་བར་དྲན་མ་ཐག་ཏུ་ཐོས་བསམ་བྱེད་པ་གལ་ཆེ་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙན་ནས་རྒྱལ་པོ་འགྲོ་གྱུར་ཏེ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲངས། །སྐྱེས་བུ་དེ་ནི་གང་དང་གར་འགྲོ་བ། །ལས་ནི་གྲིབ་མ་བཞིན་དུ་ཕྱི་བཞིན་འབྲང་། །ཞེས་གསུངས་པ་ལྟར་འདི་ཕྱི་བདེ་སྡུག་མ་ལུས་པ་ལས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས། དལ་འབྱོར་གྱི་མི་ལུས་རྙེད་དཀའ། མཚན་ལྡན་གྱི་བླ་མ་མཇལ་དཀའ། ཟབ་མོའི་གདམས་ངག་ཐོབ་དཀའ་བའི་ཚུལ་ལ་བསམ་ནས་ཐོས་བསམ་སྒོམ་པ་གང་བྱེད་ཀྱང་ཤིན་ཏུ་གཅེས་ཤིང་དཀོན་པའི་འདུ་ཤེས་ཀྱིས་བྱེད་དགོས། དེའང་ལེ་ལོ་དང་རྣམ་གཡེངས་ཀྱི་དབང་དུ་སོང་བས་ཆོས་ཟབ་མོ་ཐོབ་པ་སྙམ་པ་ཙམ་ཀྱིས་མི་འོང་སྟེ། རྒྱུད་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབས། །ཅེས་གསུངས་པས་བློ་སྣ་ཆོས་ལ་གཏད་ནས་གསན་དགོས། ཁྱད་པར་ཏུ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་རྣམས་ཕུན་སུམ་ཚོགས་པ་ལྔ་ལྡན། སྣང་བ་དག་པ་རབ་འབྱམས་ཀྱི་ངང་ནས་ཞུ་དགོས་སྟེ། སྐབས་འདིར་སློབ་དཔོན་ཕུན་སུམ་ཚོགས་པ་འཆི་མེད་པདྨ་འབྱུང་གནས། འཁོར་ཕུན་སུམ་ཚོགས་པ་འཆི་མེད་རིག་འཛིན་རྒྱ་མཚོ། ཆོས་ཕུན་སུམ་ཚོགས་པ་འཆི་མེད་རྡོ་རྗེའི་སྲོག་རྫོང་། གནས་ཕུན་སུམ་ཚོགས་པ་འཆི་མེད་པདྨ་འོད་གླིང་། དུས་ཕུན་སུམ་ཚོགས་པ་འཆི་མེད་འཕོ་འགྱུར་མེད་པ་ཡིན་པ་ལ་ངེས་ཤེས་ཟབ་མོ་བསྐྱེད་ནས་གསན་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ལ། ཟབ་ཆོས་འདི་ཉིད་གཏེར་ནས་སྤྱན་འདྲེན་པ་པོ་ནི་འགྲོ་འདུལ་གཏེར་ཆེན་བརྒྱ་རྩའི་ཡ་གྱལ། ཀཿཐོག་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུ་ཞེས་མཁས་དང་གྲུབ་པའི་དབང་ཕྱུག་དེ་ཉིད་ཡིན་ཏེ། དམ་པ་དེ་ནི། གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ལུང་ལས། ནམ་སྙིང་ཐུགས་སྤྲུལ་པདྨའི་གསུང་གི་འཕྲུལཿ ནག་པོ་སྤྱོད་པའི་སྐུ་ཡི་སྤྲུལ་བ་ཞིགཿ ཨིནྡྲའི་མཚན་འཆང་སྟག་ལོར་སྤྲུལ་གར་སྒྱུརཿ དུས་འཁྲུགས་བཟློག་ཅིང་བསྟན་པ་ཐབས་ཀྱིས་གསོཿ འབྲེལ་ཚད་བདེ་བ་ཅན་དུ་ཨེ་མ་ཧོཿ ཞེས་དང་རོལ་བའི་རྡོ་རྗེས་གཏེར་ལུང་ལསཿ ནམ་སྙིང་སྤྲུལ་བ་འཕོ་བའི་བག་ཆགས་བཅོམཿ སྟག་ལོ་བརྟུལ་ཞུགས་སྤྱོད་པ་དབང་པོའི་མིངཿ རྟེན་འབྲེལ་ཚོགས་ན་མཆོག་གི་གཏེར་ལྔ་འདྲེནཿ མཐའ་དམག་བཟློག་ཅིང་རྒྱལ་བསྟན་ཉམས་པ་གསོཿ ཞེས་དང་པདྨ་བདེ་ཆེན་གླིང་པའི་གསང་བ་ཡེ་ཤེས་ཀྱི་མཆོག་གི་ཆོས་བདག་ལུང་དུ་བསྟན་པ་ལས། རྒྱལ་སྲས་ཤནྟ་དེ་བ་དངཿ ནག་པོ་སྤྱོད་པའི་སྐུ་ཡི་གརཿ ཙནྡྲ་གོ་མའི་གསུང་གི་བྱིནཿ འཕགས་ཡུལ་གྲུབ་པའི་རིག་འཛིན་བརྒྱདཿ གཅིག་འདུས་པདྨ་ཐོད་ཕྲེང་དངཿ ནམ་མཁའི་སྙིང་པོའི་ཐུགས་ལས་སྤྲུལཿ བཻ་རོ་ཙཱ་ནའི་ཡོན་ཏན་དངཿ ཆོས་རྒྱལ་ཆེན་པོའི་འཕྲིན་ལས་ཉིདཿ ཨ་ཡི་ཐབས་ལ་བཛྲ་ཡུམཿ ཚེ་དབང་མཚན་ཅན་སྟག་གི་ལོཿ གྲུབ་པའི་རྟགས་ནི་ཐོགས་མེད་སྟོནཿ ལུས་ལ་སྨེ་བའི་དོ་ཤལ་ཅནཿ དཔྲལ་བར་དབང་གི་ཆོས་འབྱུང་བཀྲཿ རང་བྱུང་མཁྱེན་རབ་ཁོངས་ནས་རྡོལཿ གསང་ཆེན་བསྟན་པ་ཕྱོགས་བརྒྱར་སྤེལཿ འཕྲིན་ལས་ཉི་ལྟར་གསལ་བ་འབྱུངཿ ཞེས་གསུངས་པའི་གསང་བདག་རིག་འཛིན་ཆེན་པོའི་གཏེར་ཆོས་སྐོར་ལ།

ས་གཏེར་ཀོང་པོ་བུ་ཆུའི་གདམས་ཕྲན་སྐོར་བཏོན་པ་དང་། འགྱུར་མེད་གཏན་འཁྱིལ་གྱི་མཚོའི་རོལ་བའི་རྡོ་རྗེའི་གཏེར་མཇུག་བསྐྱངས་པ་དང་། དགོངས་གཏེར་ལ་ཟབ་ལམ་ཨུ་པ་དེ་ཤ་དང་། སྙན་བརྒྱུད་ཌཱཀྐིའི་གན་མཛོད། གསང་ལམ་ཌཱཀྐིའི་སྙིང་ཁྲག་དེ་སྐོར་སོ་གསུམ་བཞུགས་པ་ལས། འདི་ནི་ཡིག་མེད་ཨུ་པ་དེ་ཤའི་རྩ་བར་གྱུར་པ་བསམ་པ་ལྷུན་གྲུབ་དངོས་གྲུབ་མ་ལུས་པ་འབྱུང་བའི་གཏེར་ཁྱིམ་སྟེ། གཏེར་ཆེན་དམ་པ་མཆོག་ལ་ཨོ་རྒྱན་ཆེན་པོས་ཡང་ཡང་གསུངས་པའི་གདམས་པ་རྒྱ་མཚོ་ལྟ་བུའི་སྙིང་པོར་གྱུར་པ་སྟེ། གུ་རུ་མཆོག་གིས་ལན་གྲངས་བདུན་དུ་ཞལ་གཟིགས་བཀའ་གཏད་པས་དགོངས་པའི་གཏེར་མཛོད་ཆེན་པོ་ནས་སྤྱན་དྲངས་པའོ། ། ཟབ་ཁྱད་ཀྱང་། རང་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། རིགས་དང་དཀྱིལ་འཁོར་ཀུན་གཙོ་ཆེ་བའི་མཆོག༔ བླ་མེད་བླ་མའི་སྒྲུབ་ཐབས་བྱེ་བ་འབུམ༔ ཡང་སྙིང་ཞུན་ཏིག་མོས་གུས་གསོལ་འདེབས་ཉིད༔ དེ་ཡི་མཐར་ཐུག་དགོས་འདོད་ཀུན་འབྱུང་གཏེར༔ གངས་ཅན་ལྷ་གཅིག་སངས་རྒྱས་པད་འབྱུང་གིས༔ བོད་ཡུལ་ཐུན་མོང་སྐུ་དངོས་གདུལ་བྱ་རྣམས༔ བཏུལ་བྱས་རྔ་ཡབ་གཤེགས་སྐབས་གུང་ཐང་ལར༔ རྗེ་འབངས་རྣམས་ལ་ཞལ་ཆེམས་ཚུལ་གསུངས་པའི༔ གསོལ་འདེབས་རྒྱལ་པོ་བསམ་པ་ལྷུན་གྲུབ་ཅེས༔ མན་ངག་བཅུ་གསུམ་བསམ་འཕེལ་དངོས་གྲུབ་མཛོད༔ ཅེས་པའི་གདམས་པ་འདི་ཉིད་ལ་ཀུན་བཟང་པདྨ་ཞི་ཁོ་སྤྱི་དྲིལ། ཁོལ་སྒྲུབ། འཕྲིན་ལས་སྒོས་སྒྲུབ་བཅས་བཞུགས་པ་ལས། འདི་ནི་སྤྱི་སྒྲུབ་མཐའ་རྟེན་ཟབ་མོ་རྡོ་རྗེ་སྲོག་རྫོང་གི་ཚེ་ཡི་དབང་བསྐུར་ཉིད་ཡིན་ཏེ། རང་གཞུང་ལས། ཚེ་དབང་ཟབ་མོ་འདི་ཐོབ་པས༔ དུས་མིན་འཆི་བའི་འཇིགས་པ་ཞི༔ ཚེ་འདིར་རྡོ་རྗེའི་སྐུ་མཆོག་བརྙེས༔ མཐའ་ཡས་འགྲོ་དོན་ལྷུན་གྲུབ་འགྱུར༔ ཅེས་གསུང་པའི་གདམས་པ་འདི་ཉིད་སྣང་སྲིད་ཟིལ་གནོད་པདྨ་འབྱུང་གནས་ནས། སྤྲུལ་བའི་གཏེར་ཆེན་ཚེ་དབང་ནོར་བུ། སྲས་སློབ་རིག་འཛིན་གསེར་རིའི་ཕྲེང་བ་ལྟ་བུ་གཅིག་ནས་གཅིག་ཏུ་ཞལ་ནས་སྙན་དུ་བརྒྱུད་དེ། བདག་ཅག་གི་འདྲེན་པ་རྩ་བའི་བླ་མ་བཀའ་དྲིན་མཚུངས་མེད། རྡོ་རྗེ་འཆང་ཆེན་པོའི་བར་ཏུ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག ས་ལ་དཀྱིལ་འཁོར་བཀོད་པའི་བྱིན་མ་ཉམས། དམ་རྫས་སྨན་རཀ་བདུད་རྩིའི་མཚོ་མ་སྐམ། མ་དང་མཁའ་འགྲོའི་ཞལ་རླངས་དྲོད་མ་ཡལ་བར། བྲེང་ཆགས་སུ་བྱོན་པའི་གདམས་པ་ཟབ་མོ་ལ་སྨིན་གྲོལ་གཉིས་སུ་བཞུགས་པའི་སྔ་མ། རྩ་བ་དང་ཡན་ལག་གཉིས་སུ་བཞུགས་པའི་ཆ་ལག་བཀྲ་ཤིས་ཚེ་དབང་རྡོ་རྗེའི་སྲོག་རྫོང་སྐུར་བ་ལ་སློབ་དཔོན་གྱི་བགྱི་བ་རྣམས་སྔོན་དུ་སོང་བས་ཁྱོད་རང་རྣམས་ཀྱི་དངོས་སྐལ་དུ་གྱུར་བའི་མཎྜལ་ཞིག་འབུལ་བར་ཞུ།

ལྔ་བ་དབང་སྐུར་བར་གསོལ་འདེབས་ནི། བཀྲ་ཤིས་ཚེ་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིས་རྗེས་ཟློས་མཛོད། ཨེ་མ་ཧོ༔ སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་བླ་མ་རྗེ༔ ཚེ་དཔག་མེད་མགོན་ཨོ་རྒྱན་པདྨ་འབྱུང་༔ དུས་མིན་འཆི་བྲལ་རྡོ་རྗེའི་སྐུ་སྒྲུབ་ཕྱིར༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་སྐུར་སྩོལ༔ ལན་གསུམ། དྲུག་པ་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། ཧོ༔ མཁའ་ཁྱབ་འགྲོ་ཀུན་སྲིད་ལས་སྒྲོལ་བའི་ཕྱིར༔ མྱང་འདས་རྡོ་རྗེའི་སྐུ་མཆོག་སྒྲུབ་པ་ལེགས༔ དུས་མིན་འཆི་བའི་བདུད་ལས་རྒྱལ་བའི་ཐབས༔ རྡོ་རྗེ་ཚེ་ཡི་དབང་མཆོག་ཁྱོད་ལ་སྦྱིན༔ ཞེས་རྡོ་རྗེའི་གསུང་གིས་དབྱུགས་དབྱུང་བར་མོས་མཛོད། བདུན་པ་ཡན་ལག་བདུན་པ་འབུལ་བ་ནི། དེ་ནས་དབང་གནང་བར་ཞལ་ཀྱིས་བཞེས་པ་ལ་དད་མོས་དགའ་བ་ཆེན་པོའི་ངང་ནས། ཀུན་བཟང་པདྨ་ཞི་ཁྲོའི་ལྷ་ཚོགས་སྤྲིན་གཏིབ་པ་ལྟར་བཞུགས་པའི་སྤྱན་སྔར། བསག་སྦྱོང་སྤེལ་གསུམ་གྱི་སྙིང་པོ་བསྡུས་པ། ཡན་ལག་བདུན་པ་ཚུལ་བཞིན་བྱ་བའི་འདུན་པས། སོ་སོའི་དམིགས་པ་ཚིག་དང་རྗེས་སུ་མཐུན་པར་གསལ་ཐོབ་ལ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་དཔག་མེད་འབུལ༔ ཕྱག་འཚལ་ཐོག་མེད་བསགས་པའི་ཉེས་ལྟུང་བཤགས༔ དགེ་ལ་ཡི་རང་མྱ་ངན་མི་འདའ་བར༔ ཆོས་གསུང་བསྐུལ་བའི་དགེ་ཚོགས་འགྲོ་ལ་བསྔོ༔ ལན་གསུམ་སོགས་དུས་དང་བསྟུན། བརྒྱད་པ་སྡོམ་པ་ཁས་ལེན་པ་ནི། བླ་མ་པདྨ་ཞི་ཁྲོ་ཡེ་ཤེས་རིགས་ལྔའི་དཀྱིལ་འཁོར་སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་དམ་ཅན་རྒྱ་མཚོའི་སྤྱན་སྔར་རང་རང་གིས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་། སངས་རྒྱས་ཀྱི་འབྲས་བུ་ལ་སྨོན་པ་དང་། དེའི་ལམ་དུ་འཇུག་པ་དང་། དོན་དམ་སྤྲོས་བྲལ་འོད་གསལ་ཆེན་པོའི་རང་བཞིན་ཏུ་སེམས་བསྐྱེད་ཅིང་། ཐུན་མོང་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ལ་གནས་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བླ་མེད་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་ལ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་གསལ་སྟོང་བསྒོམ༔ ཞེས་ལན་གསུམ་གྱིས་སྡོམ་པ་འབོགས་པར་བྱའོ། ། དགུ་བ་ཡེ་ཤེས་ཚེ་ལྷའི་བྱིན་དབབ་ནི། ༀ་ཨཱཿཧཱུྃ་གིས་མེ་ཏོག་དང་མིག་རས་སྦྱིན། སྤོས་ཀྱིས་བདུག རོལ་མོ་དཀྲོལ། དར་གྱིས་གཡབ། རིག་པ་ཧུར་ཕྱུངས་ལ། ཨ༔ སློབ་མའི་ཕུང་ཁམས་སྐྱེ་མཆེད་ཀུན༔ ཡེ་སྟོང་སྤྲོས་པ་བྲལ་བའི་ངང་༔ སྙིང་པོ་ཧྲཱི༔ཡིག་དམར་པོ་ལས༔ འོད་འཕྲོས་བྱིན་བསྡུས་འོད་ཕུང་གྱུར༔ སྐད་ཅིག་མཁའ་ལ་འཇའ་ཤར་བཞིན༔ སློབ་མ་པདྨ་བདེ་བ་ཆེ༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཅན༔ མཚན་དཔེའི་དཔལ་འབར་གཞོན་ནུའི་ཚུལ༔ ཚེ་ཡུམ་ལྷ་ལྕམ་དཀར་མོས་འཁྲིལ༔ ཡབ་ཀྱིས་བྷནྡྷ་ཚེ་བུམ་དང་༔ ཡུམ་ཀྱིས་མདའ་དར་ཚེ་བུམ་བསྣམས༔ ཡབ་ཡུམ་གཉིས་མེད་ལོངས་སྐུའི་ཆས༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རང་བཞིན་དག་པའི་ཞིང་མཆོག་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་ཏུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ མ་གཡེལ་མ་གཡེལ་ཐུགས་རྗེ་ཅན༔ བསྐུལ་ལོ་བསྐུལ་ལོ་གནས་འདིར་བྱོན༔ མཛོད་ཅིག་མཛོད་ཅིག་བར་ཆད་སོལ༔ སྩོལ་ཅིག་སྩོལ་ཅིག་བྱིན་ཆེན་ཕོབས༔ འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས༔ ལུས་ལ་རྡོ་རྗེའི་ཚེ་དབང་སྐུར༔ ངག་ལ་གཞོམ་མེད་སྔགས་རྒྱས་ཐོབ༔ ཡིད་ལ་བདེ་སྟོང་ཡེ་ཤེས་བསྐྱེད༔ དུས་མིན་འཆི་བའི་བར་ཆད་ཟློག༔ འབྱུང་ཁམས་དབང་དུ་བསྒྱུར་བ་དང་༔ འཕོ་མེད་འོད་གསལ་མངོན་ཏུ་གྱུར༔ ཚེ་དང་སྨོན་ལམ་དབང་བཅུ་ཐོབ༔ རྟག་བརྟན་རྡོ་རྗེའི་སྐུ་ཐོབ་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ལྟར་གདུང་བའི་དབྱངས་ཀྱིས་བསྐུལ༔ སྐུ་དང་ཡིག་འབྲུ་ཕྱག་མཚན་དང་༔ ཐིག་ལེ་བདུད་རྩི་ཆར་བཞིན་བབས༔ གསང་གསུམ་ཕྱག་རྒྱ་སློབ་མར་བསྟིམ༔ མེ་ཏོག་ཕྱག་ཏུ་ཕུལ་བར་མོས་མཛོད། ༀ་པཥྤེ་པྲ་ཏཱི་ཙྪ་ཧོ༔ སྔར་ཕུལ་བའི་མེ་ཏོག་དེ་ཉིད་བྱིན་གྱིས་རླབས་ཅིང་སྤྱི་བོར་བཞག་པས་དབང་ཀུན་ཀྱི་ཐོག་མ་བཀྲ་ཤིས་པདྨའི་ཅོད་པཎ་དབང་རྟགས་སུ་ཐོབ་པའི་མོས་པ་མཛོད། ༀ་པུཥྤེ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་རྣོ་ལ་མྱུར་བ་གསེར་གྱི་ཐུར་མ་ལྟ་བུ་བྱུང་། མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་ཞིང་ཡེ་ཤེས་ཀྱི་སྤྱན་ཐོབ་པའི་མོས་པ་མཛོད། ཨོཾ་བཛྲ་པ་ཤྱ་ཧོ༔ ཙུཀྵ༔པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ་ལ། བརྟེན་དང་རྟེན་པའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། ༀ་སརྦ་ཛྙཱ་ན་མཎྜ་ལ་བྷྲཱུྃ་ཕཊ༔ དབྱིངས་ཀྱི་དཀྱིལ་འཁོར་བསྟན། བཅུ་བ་དངོས་གཞི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ།

ཀྱེ༔ འཆི་མེད་སྐུ་རྙེས་ཚེ་ཡི་ལྷ༔ མི་ཤིག་གཞོམ་བྲལ་ཚེ་ཡི་དཔལ༔ འཆི་མེད་ཡེ་ཤེས་ཚེ་ཡི་དབང་༔ ཚེ་ལྡན་བདག་ལ་སྩལ་དུ་གསོལ༔ ཅེས་ལན་གསུམ་གསོལ་བ་བཏབ་པས་བླ་མ་ཚེ་དཔག་མེད་པ་རྗེས་སུ་ཆགས་པས་ཐུགས་རྗེས་གཡོས་ཏེ། སྨིན་མཚམས་མཛོད་སྤུའི་དཀྱིལ་འཁོར་ནས་འོད་ཟེར་འཕོས། གདན་གསུམ་ཚངས་པའི་དབང་ལྷ་སྤྱན་དྲངས། དབང་བསྐུར་བར་གསོལ་བ་བཏབ་པས། ཡབ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་དབང་སྐུར་བའི་དགོངས་པར་བཞུགས། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཐོགས་ཏེ་དབང་བསྐུར་བའི་བྱ་བ་མཛད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་སྦྱོར་བ་བྱས། སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་བརྗོད། གནས་ཡུལ་ཞིང་སྐྱོང་ལྷ་སྲུང་རྣམས་ཀྱིས་མེ་ཏོག་གི་སིལ་མ་ཆར་དུ་སྙིལ་བར་མོས་མཛོད། བཅུ་གཅིག་པ་བུམ་དབང་སྐུར་བ་ནི། བུམ་པ་ཐོགས་ལ། ༀ༔ དབྱིངས་ཀྱི་བུམ་པ་ཟླུམ་པོ་རུ༔ འོད་གསལ་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་སོགས་བགྱིས་པའི་ཚེ་ཀེགས་སུ་གྱུར་པ་བྱང་། ལུས་རྩ་ཡི་སྒྲིབ་པ་དག ལམ་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་པར་རིག་སྨིན་པའི་རིག་འཛིན་གྱི་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག འབྲས་བུ་རྡོ་རྗེ་སྤྲུལ་བའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །བཅུ་གཉིས་པ་གསང་དབང་སྐུར་བ་ནི། ཕྲེང་བའམ་སྔགས་བྱང་ཐོག་ལ། ཨཱཿ གྲགས་སྟོང་སྔགས་ཀྱི་ཕྲེང་བ་ལ༔ བརྗོད་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ བླ་མ་དང་མདུན་བསྐྱེད་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་བ་ཞལ་ནས་ཐོན་ཁྱོད་རང་རྣམས་ཀྱི་སྙིང་ཀའི་སྲོག་ཡིག་གི་མཐར་འཁོད་དེ་དབྱེར་མེད་དུ་འདྲེས་ཤིང་བརྟན་པར་བྱས་པའི་མོས་པ་མཛོད། སྔགས་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ་བརྗོད། དེས་གསང་བ་སྔགས་ཀྱི་དཀྱིལ་འཁོར་དུ་གསུང་གི་དབང་ཐོབ། ངག་གི་སྒོ་ནས་སྲོག་གཅོད་པ་སོགས་བགྱིས་པའི་ཚེ་ཡི་ཀེགས་སུ་གྱུར་བ་བྱང་། རླུང་ཐ་མལ་དུ་འཛིན་པའི་ཞེན་རྟོག་དག ལམ་རྫོགས་རིམ་སྒོམ་པ་དབང་། རྒྱས་པའི་ལས་དང་ཚེ་དབང་འཛིན་གྲུབ་པའི་སྐལ་བ་རྒྱུད་ལ་བཞག འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་ཐེབས་པ་ཡིན་ནོ། །བཅུ་གསུམ་པ་ཤེར་དབང་སྐུར་བ་ནི། མེ་ལོང་ཐོགས་ལ།

ཧཱུྃ༔ སྐྱེ་མེད་ཡེ་ཤེས་མེ་ལོང་ལ༔ སྤྲོས་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཤེར་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྂ༔ དེས་ཤེས་རབ་ཡེ་ཤེས་དཀྱིལ་འཁོར་དུ་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་་སྒོ་ནས་སྲོག་གཅོད་པ་སོགས་བགྱིས་པའི་ཚེ་ཡི་ཀེགས་སུ་གྱུར་བ་བྱང་། རྟོག་ཚོགས་ཐ་མལ་དུ་འཛིན་པའི་ཞེན་རྟོག་དག ཐབས་ལམ་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲུབ་པའི་བསྐལ་བ་རྒྱུད་ལ་བཞག འབྲས་བུ་ཆོས་སྐུ་མངོན་དུ་གྱུར་པའི་ས་བོན་ཐེབ་པ་ཡིན་ནོ། ། བཅུ་བཞི་པ་ཚིག་དབང་སྐུར་བ་ནི། མཉམ་པར་བཞག་ཅིང་འདི་ལྟར་བརྗོད། ཧོ༔ མཚོན་དུ་མེད་པའི་ཆོས་དབྱིངས་ལ༔ བསལ་བཞག་བྲལ་བའི་ངང་ནས་ལྟོས༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ནི༔ བསམ་དུ་མེད་དོ་ཨ་ལ་ལ༔ དེས་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་ཐམས་ཅད་ཀྱི་མཐར་ཐུག་པ། བསྐུར་བྱ་ལས་འདས་པའི་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཆ་མཉམ་ཤེས་བྱའི་སྒྲིབ་པ་དག ལམ་དབྱིངས་རིག་དབྱེར་མེད་སྐུ་གསུམ་ལྷུན་གྲུབ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འཁྲུལ་བའི་གྲོང་ཁྱེར་བཅོམ་པའི་དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་གྲུབ་པའི་སྐལ་བ་རྒྱུད་ལ་བཞག རིག་པ་གྲོལ་གཞིར་ཐིམ་སྟེ། འབྲས་བུ་ངོ་བོ་ཉིད་སྐུ་གདོད་མའི་མགོན་པོ་འོད་མི་འགྱུར་བ་མངོན་དུ་བྱེད་པའི་ས་བོན་ཐེབ་པ་ཡིན་ནོ། །

བཅོ་ལྔ་པ་ཚེ་འགུགས་བྱ་བ་ནི། མདའ་དར་ཐོགས་ཏེ། དེ་ནས་དབང་གི་ཡེ་ཤེས་བརྟན་ཅིང་འཕེལ་བར་བྱེད་པ་བཀྲ་ཤིས་ཚེ་ཡི་དབང་མཆོག་སྐུར་བ་ལ། ཐོག་མར་དངོས་གྲུབ་འགུགས་པའི་སླད་དུ་ཐུགས་དམིགས་འདི་ལྟར་མཛད་པར་ཞུ། གཞུང་རྩ་བ་ལས། མདའ་དར་ཕྱོགས་བཞི་དབུས་ལྔར་གཡབ༔ ཚེ་དཔལ་སྦུབས་ཆུ་དྲངས་པ་ལྟར༔ འཇའ་དང་འོད་དུ་ཀྱི་ལི་ལི༔ བསྟིམ་པས་གཟི་བྱིན་ཆེར་འབར་བསམ༔ ཞེས་པའི་དོན་བཞིན། སློབ་དཔོན་དང་མདུན་བསྐྱེད་པདྨ་ཚེ་དཔག་ཏུ་མེད་པ་གསལ་བའི་གནས་ལྔ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ལྷ་མོ་མགྱོགས་མའི་སྤྲུལ་བ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། ཁྱོད་རང་རྣམས་ཀྱིས་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་ཟངས་སྦུག་ཏུ་ཆུ་འདྲེན་པ་ལྟར་འཆི་མེད་ཚེ་ཡི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། སློབ་མ་ཁྱོད་རང་རྣམས་ཀྱིས་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས། རྡོ་རྗེ་ཚེ་ཡི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད་ཅིག ། ཚེ་བཅུད་དངོས་གྲུབ་འགུགས་པ་ནི།

ཧཱུྃ་ཧྲཱི༔ སྤྲོས་པའི་སྒྲིབ་བྲལ་ཆོས་ཉིད་རྡོ་རྗེའི་ཐུགས༔ བདེ་ཆེན་འགྱུར་བ་མེད་པ་རྡོ་རྗེའི་གསུང་༔ འོད་གསལ་མཚན་དཔེར་ཤར་བ་རྡོ་རྗེའི་སྐུ༔ རྡོ་རྗེ་གསུམ་གྱིས་ཚེ་དཔལ་བྱིན་ཆེན་ཕོབས༔ རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང་༔ བསྟན་སྲུང་ནོར་ལྷ་རྒྱ་མཚོའི་ངོ་བོ་ཉིད༔ ཚེ་དབང་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ གསང་གསུམ་ཚེ་དང་ཡེ་ཤེས་བྱིན་ཕོབས་ཅིག༔ རྒྱལ་བ་སྲས་བཅས་དྲང་སྲོང་བྱིན་རླབས་ཁུག༔ ཚངས་དང་བརྒྱ་བྱིན་ཕྱོགས་སྐྱོངས་གཟི་དཔལ་ཁུག༔ འབྱུང་བའི་བཅུད་དང་རིན་ཆེན་ནུས་པ་ཁུག༔ རྡོ་རྗེའི་ཚེ་དབང་བྱིན་རླབས་དངོས་གྲུབ་སྩོལ༔ ཚེ་དཀྱིལ་གནས་ཁང་འདི་ལ་བྱིན་ཆེན་ཕོབས༔ ཚེ་རྫས་དམ་རྫས་འདི་ལ་བཅུད་གཅིག་སྐྱེད༔ ཚེ་རྟེན་མདའ་དར་འདི་ལ་ཚད་གཅིག་སྟོན༔ ཚེ་ལྡན་བདག་ལ་ཚེ་དབང་བྱིན་ཆེན་ཕོབས༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ སྤྲོ་ན་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱི༔ ཚེ་དགྲའི་གཡུལ་བཟློག་དམར་ནག་མེ་ཕྲེང་རྩལ༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་ལྷ་ཚོགས་ཀྱིས༔ ཕྱོགས་སྐྱོང་སྡེ་བརྒྱད་ལག་ནས་ཚེ་གཡང་ཁུག༔ ཞེ་སྡང་འཁྲུགས་པའི་རྐྱེན་ལས་གྱུར་བ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ དུག་གསུམ་ཚེ་ནད་ཀུན་སེལ་མཛད་སྨན་གྱི་ལྷ༔ ཨོ་རྒྱན་སྨན་གྱི་བླ་མའི་ལྷ་ཚོགས་གྱིས༔ དྲང་སྲོང་རིག་འཛིན་ལག་ནས་ཚེ་གཡང་ཁུག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ལས་བྱུང་བའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བསོད་རྒྱས་མཛད་ཆུ་དབང་དྲྭ་བ་སྡོམ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ལྷ་ཚོགས་ཀྱིས༔ གནོད་སྦྱིན་ནོར་བདག་ལག་ནས་ཚེ་གཡང་ཁུག༔ སེར་སྣ་འགྱུར་གེགས་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་སྲི་འདུལ་མཛད་དཔལ་ཆེན་སྒྲུབ་སྡེ་བརྒྱད༔ ཨོ་རྒྱན་ཡི་དམ་ལྷ་ཚོགས་འཁོར་བཅས་ཀྱིས༔ ཚོགས་བརྒྱད་གཟུང་འཛིན་གཞན་དབང་ལས་གྱུར་པའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བདུད་འཇོམས་མཛད་ཟིལ་གནོན་དྲག་པོ་རྩལ༔ ཨོ་རྒྱན་གཞི་བདག་གཉན་པོའི་ལྷ་ཚོགས་ཀྱིས༔ སྣང་སྲིད་ལྷ་འདྲེའི་ལག་ནས་ཚེ་གཡང་ཁུག༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་གདོན་དཔུང་འཇོམས་གསང་བདག་སེངྒེའི་སྒྲ༔ ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མའི་ཚོགས༔ འདོད་ཁམས་འཁོར་བའི་གནས་ནས་ཚེ་གཡང་ཁུག༔ རྣམ་གཡེངས་འཕོ་བཅས་རྟོག་པའི་དབང་གྱུར་པའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བཅུད་སྤེལ་མཛད་པདྨ་བཛྲ་རྩལ༔ ཨོ་རྒྱན་འབྱུང་བ་བཞི་བདག་ལྷ་ཚོགས་ཀྱིས༔ སྣོད་བཅུད་འབྱུང་བའི་ཁམས་ཀྱི་ཚེ་ཁུག་ཅིག༔ བྱིང་རྨུག་འཕྲོ་རྒོད་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་རྐུན་སྟོབས་འཕྲོག་ཁྲོ་མཆོག་རྟ་མགྲིན་ནག༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་ལྷ་ཚོགས་ཀྱིས༔ ས་བདག་ཤ་ཟའི་ལག་ནས་ཚེ་ཁུག་ཅིག༔ ཐེ་ཚོམ་རྣམ་པར་རྟོག་པའི་གཞན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བསེན་མཐར་བྱེད་རྡོ་རྗེ་ཁྲོ་བོ་ལོད༔ ཨོ་རྒྱན་རྡོ་རྗེ་གུར་གྱི་ལྷ་ཚོགས་ཀྱིས༔ མི་དང་མི་མིན་ལག་ནས་ཚེ་གཡང་ཁུག༔ བསམ་སྦྱོར་ངན་པའི་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ ཚེ་བྱུར་སེལ་མཛད་ཐུགས་ཆེན་པདྨ་རྒྱལ༔ ཨོ་རྒྱན་སྣང་མཐའི་སྤྲུལ་བའི་ལྷ་ཚོགས་ཀྱིས༔ འཇིག་རྟེན་ཆེ་རྒུའི་ལག་ནས་ཚེ་ཁུག་ཅིག༔ རེ་དོགས་རྣམ་རྟོག་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་ཟད་བསྲིང་མཛད་སངས་ཚེ་དཔག་མེད༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ལྷ་ཚོགས་ཀྱིས༔ འཕགས་པ་བྱང་སེམས་ཕྱག་ནས་ཚེ་ཁུག་ཅིག༔ རྨི་ལམ་འཁྲུལ་བའི་རྐྱེན་དུ་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བརྟན་འགྱུར་མེད་ཆོས་སྐུ་ཀུན་ཏུ་བཟང་༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ལྷ་ཚོགས་ཀྱིས༔ ཕྱོགས་བཅུའི་སངས་རྒྱས་ཞིང་ནས་ཚེ་ཁུག་ཅིག༔ དངོས་ཞེན་འཛིན་པ་དམ་པོའི་རྐྱེན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་འཕེལ་ཡིད་བཞིན་ནོར་བུ་བདེ་བ་ཆེ༔ ཨོ་རྒྱན་ཐུགས་རྗེ་འགྱུར་མེད་ལྷ་ཚོགས་ཀྱིས༔ བརྒྱུད་གསུམ་རིག་འཛིན་ཕྱག་ནས་ཚེ་ཁུག་ཅིག༔ ༔ སྙེམས་འཕྲིག་དམ་སེལ་ངན་པའི་རྐྱེན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ ཚེ་འགུག་རྒྱས་བསྡུས་གང་བྱེད་ཀྱང་མཐར་མགྱོགས་མ་རྣམ་བཞི་བསྐུལ་བ་ནི།

ཧཱུྃ་ཧྲཱི༔ ཛ༔ རང་སྣང་དཀྱིལ་འཁོར་ཤར་སྒོ་ནས༔ མགྱོགས་མ་དཀར་མོ་ལྕགས་ཀྱུ་མ༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ ཁྲག་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ཧཱུྃ༔ རང་སྣང་དཀྱིལ་འཁོར་ལྷོ་སྒོ་ནས༔ མགྱོགས་མ་སེར་མོ་ཞགས་པ་མ༔ གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཤ་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ བྃ༔ རང་སྣང་དཀྱིལ་འཁོར་ནུབ་སྒོ་ནས༔ མགྱོགས་མ་དམར་མོ་ལྕགས་སྒྲོག་མ༔ ཀླུ་དབང་ལག་ནས་ཚེ་ཁུག་ལ༔ དྲོད་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ཧོ༔ རང་སྣང་དཀྱིལ་འཁོར་བྱང་སྒོ་ནས༔ མགྱོགས་མ་ལྗང་མོ་དྲིལ་བུ་མ༔ གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ དབུགས་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ སློབ་དཔོན་ལྟ་དགོངས་ལྡན་པས་སློབ་མ་དམ་ཚིག་ལྡན་པ་ལ་ཚེ་འགུགས་འདི་ཉིད་མཛད་པའི་ཕན་ཡོན་ཀྱང་། གཞུང་རྩ་བ་ལས། མཆིལ་མ་མིད་ཅིང་བུམ་ཅན་འཛིན༔ ལྟེ་འོག་རིག་པ་ཕུར་ཚུགས་གཏད༔ འཆི་བདག་གཤིན་རྗེའི་ཁར་ཚུད་ཀྱང་༔ ཞག་བདུན་ཚེ་ནི་བསྲིང་བར་འགྱུར༔ ཚེ་འགུགས་འདི་ཉིད་བརྒྱ་རྩ་བརྒྱད༔ ཉིན་གཅིག་བཏོན་པས་ཚེ་གེགས་སེལ༔ ཞག་རེར་ཚར་གསུམ་མ་ཆད་ན༔ ཚེ་ལོ་བརྒྱ་ལ་ཐེ་ཚོམ་མེད༔ ཅེས་པའི་དོན་ལ་དད་མོས་རྩེ་གཅིག་པས་རླུང་བུམ་པ་ཅན་ཟུངས་ལ་མཉམ་པར་ཞོག་ཅིག བཅུ་དྲུག་པ་ཚེ་དབང་སྐུར་བ་ནི། ཚེ་འབྲང་བུམ་པ་མགོ་ལ་བཞག་ཏེ། ཚེ་འབྲངས་འདི་ཉིད་ཀུན་བཟང་པདྨ་ཞི་ཁྲོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་མངོན་སུམ་དུ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས། ཁྱོད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཞུགས། ཁོལ་ཞིང་ལུད་པས་འཆི་བ་མེད་པའི་བདུད་རྩི་རྩ་བ་གསུམ་གྱི་མཁྱེན་རྩེ་ནུས་པའི་ཡོན་ཏན་གྱི་འོད་ཟེར་དང་བཅས་པ་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། རྡོ་རྗེ་ཚེ་དབང་ཐོབ། དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་བྱང་ཞིང་དག འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་མཛོད། ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་པདྨ་ཐོད་ཕྲེང་རྩལ༔ འཆི་མེད་ཚེ་ལྷ་རྒྱ་མཚོའི་ཡེ་ཤེས་བྱིན༔ ཚེ་ཡི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་བས༔ ཚེ་ལྷའི་གསང་གསུམ་ཡོན་ཏན་རྫོགས་པར་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུར་ཛྙཱ་ན་གུ་ཡ་སིདྡྷི་ཧཱུྃ༔

བཅུ་བདུན་པ་ཚེ་རིལ་གཏད་པ་ནི། འཆི་མེད་ཚེ་རིལ་གཡས་སུ་གཏད་ལ། སྲིད་ཞིའི་དྭངས་མ་འདུས་པའི་ཚེ་རིལ་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་སྐུ་ཆུང་ལ་ཡན་ལག་རྫོགས་པའི་གཟུགས་སམ། སྙིང་པོ་ཧྲཱི༔་ཡིག་འོད་འབར་བའི་རྣམ་པར་ཁྱོད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་དབུས་ཉི་ཟླའི་གའུར་མི་ཤིག་པའི་དཔྱིད་དུ་ཞུགས་པས་འཆི་མེད་ཚེ་ཡི་དགོས་གྲུབ་ཐོབ་པར་མོས་མཛོད། ཧཱུྃ་ཧྲཱི༔ སྣང་བའི་ཆོས་ཀུན་འཛིན་ཞེན་བྲལ་བ་ལས༔ འཁོར་འདས་བཅུད་བསྡུས་འཆི་མེད་ཚེ་རིལ་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ འཆི་མེད་རྡོ་རྗེའི་ཚེ་ལ་མངའ་བརྙེས་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫྙཱ་ན་གུ་ཡ་སིདྡྷི་ཧཱུྃ༔ བཅོ་བརྒྱད་པ་ཚེ་ཆང་གཏད་པ་ནི། ཚེ་ཆང་བདུད་རྩི་གཡོན་ཏུ་གཏད་ལ། འཁོར་འདས་བརྟན་གཡོའི་དྭངས་བཅུད་གཅིག་ཏུ་འདུས་པའི་འཆི་མེད་བདུད་རྩིས་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་ནད་མེད་བདེ་བའི་ལང་ཚོ་རྒྱས། ཤེས་རབ་སྟོང་པ་ཉིད་མཆོག་ཏུ་མི་འགྱུར་པའི་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་མཛོད། ཧཱུྃ་ཧྲཱི༔ སྟོང་པའི་ཆོས་ཀུན་དབྱིངས་སུ་ཞུགས་པ་ལས༔ འཕོ་བཅས་རྣམ་རྟོག་གཅོད་པའི་ཚེ་ཆང་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ བདེ་སྟོང་རྡོ་རྗེའི་ཚེ་ལ་མངའ་བརྙེས་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ བཅུ་དགུ་པ་བླ་ཚེ་ཆོས་ཀྱི་དབྱིངས་སུ་སྦ་བ་ནི། མདའ་དར་རྒྱ་གྲམ་གནས་ལྔར་བཞག་ལ། ཚེ་མདའ་འདི་ཉིད་སྤྱི་བོར་བཞག་པས་རྐྱེན་ལས་སྣ་ཚོགས་རྡོ་རྗེའི་རྡུལ་གྲངས་མེད་པ་འཕྲོས། ཁྱོད་རང་རྣམས་ཀྱི་ལུས་རྡོ་རྐེའི་གོ་ཁྲབ་ཀྱིས་གཡོགས། རྐྱེན་གང་གིས་ཀྱང་མི་ཚུགས་པའི་རྒྱལ་བ་ཚེ་དཔག་མེད་པའི་ང་རྒྱལ་གྱི་ངང་ནས། ཚེ་ཡི་སྙིང་པོ་ཡི་གེ་ཨ་དཀར་པོའི་རྣམ་པར་གྱུར་བ་དེ་ཉིད་སྙིང་དབུས་ཉི་ཟླ་ཁ་སྦྱོར་གྱི་གའུ་ནང་དུ་ཞུགས། ཡེ་ཤེས་ལྔ་ཡི་འོད་ཀྱིས་རྒྱ་གྲམ་གྱི་ཚུལ་དུ་བསྡམ། མདུད་པའི་སྟེང་ༀ་ཨཱཿཧཱུྃ་སྟེ་རྡོ་རྗེ་གསུམ་གྱི་རྒྱ་ཡིས་བཏབ་པས་ཚེ་སྲོག་ལ་འགྱུར་བ་མེད་པ་ཆོས་དབྱིངས་ཆེན་པོར་སྦས་པས་སྲིད་གསུམ་དགྲ་རུ་ལངས་ཀྱང་འཇིག་པ་མེད་པའི་རྡོ་རྗེའི་སྲོག་འགྲུབ་པའི་མོས་པ་མཛོད།

ཧཱུྃ་ཧྲཱི༔ གཅིག་འཛིན་བདག་ལྟའི་ཚེ་ཡི་ཀེགས༔ ཀུན་ཁྱབ་ཡེ་ཤེས་སྟོབས་ཀྱིས་བཅོམ༔ ཆོས་སྐུ་གཅིག་གི་བྱིན་གྱིས་བརླབས༔ ཐིག་ལེ་གཅིག་གི་ཀློང་དུ་སྦ༔ གཉིས་འཛིན་མཚན་མའི་ཚེ་ཡི་ཀེགས༔ གཉིས་མེད་ཡེ་ཤེས་སྟོབས་བཅོམ༔ སྐུ་གཉིས་དག་པས་བྱིན་གྱིས་བརླབས༔ གཉིས་སྣང་བྲལ་བའི་ཀློང་དུ་སྦ༔ དུག་གསུམ་ཆགས་སྡང་ཚེ་ཡི་ཀེགས༔ ཡེ་ཤེས་གསུམ་ལྡན་སྟོབས་ཀྱིས་བཅོམ༔ སྐུ་གསུམ་བདེན་པས་བྱིན་གྱིས་བརླབས༔ ཁམས་གསུམ་ཀློང་གྲོལ་དབྱིངས་སུ་སྦ༔ སྐྱེ་བཞིར་ཨ་འཐས་ཚེ་ཡི་ཀེགས༔ ཡེ་ཤེས་བཞི་སྦྱོར་སྟོབས་ཀྱིས་བཅོམ༔ སྐུ་བཞིའི་བདེན་པས་བྱིན་གྱིས་བརླབས༔ འབྱུང་བཞི་རང་དག་ཀློང་དུ་སྦ༔ དུག་ལྔ་འཁྲུགས་པའི་ཚེ་ཡི་ཀེགས༔ རྒྱལ་བ་རིགས་ལྔས་སྟོབས་ཀྱིས་བཅོམ༔ དབྱིངས་ལྔ་དག་པའི་ཀློང་དུ་སྦ༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫྙཱ་ན་ཏིཥྛ་བྷྲཱུྃ༔ ཉི་ཤུ་པ་དམ་ཚིག་ཁས་ལེན་པ་ནི། དེ་ལྟར་ཚེ་དབང་རྡོ་རྗེའི་སྲོག་རྫོང་གི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས། དམ་ཚིག་གི་རིམས་པ་རྣམས་སྤྱི་དང་། བྱེ་བྲག འཆི་ངེས་ཀྱི་སྲོག་སྐྱབས་ཅིང་། འཆི་འགྱུར་གྱི་སྲོག་སླུ་བ། མཆོད་སྦྱིན་རྒྱ་ཆེར་སྤེལ་བ། ཚེ་ཡིག་གཟུངས་བཟླ་བ་སོགས་ལ་འབད་དགོས་ཏེ། གཞུང་རྩ་བ་ལས། མཚན་བཅས་རྟེན་བཞེངས་དགེ་འདུན་མཆོད༔ སྲོག་སླུ་སཱཙྪཱ་གདབ༔ ལམ་འཕྲང་བཅོས་དང་ཟམ་པ་འཛུག༔ ཚེ་གཟུངས་དར་ལྕོག་འཛུག་པ་དང་༔ ཉིན་བཞིན་ཚེ་འགུག་ཚེ་དབང་ལེན༔ མཚན་མེད་བདེ་སྟོང་ཡེ་ཤེས་སྒོམ༔ ཞེས་པའི་སྤང་བླང་གི་དམིགས་ཕྱེད་པ་སློབ་ཅིང་། ཚུལ་བཞིན་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། ཀྱེ༔ ཚེ་ལྷ་རྒྱལ་བ་སྲས་བཅས་དགོངས༔ གསང་བ་སྤྱི་དང་ཁྱད་པར་ཏུ༔ རྡོ་རྗེ་ཚིག་གི་དམ་ཚིག་ནི༔ ཞེ་སྡང་སྲོག་གཅོད་མི་བྱ་ཞིང་༔ སྲོག་སླུ་སྦྱིན་པ་གཏོང་བ་དང་༔ རྡོ་རྗེའི་བཟླས་པ་བུམ་ཅན་འཛིན༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ གཙོ་བོའི་བཀའ་བཞིན་བདག་གིས་སྲུང་༔ ལན་གསུམ་བརྗོད། ཉེར་གཅིག་པ་གཏང་རག་གི་མཎྜལ་འབུལ་བ་ནི། དབང་ཡོངས་རྫོགས་ཐོབ་པའི་བཀའ་དྲིན་གསབ་པའི་ཕྱིར་དུ་འཁོར་འདས་ཀྱི་དངོས་པོ་མ་ལུས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོ་སྤྲུལ་ཏེ་གཏང་རག་གི་མཎྜལ་ཕུལ་མཛོད། ཉེར་གཉིས་པ་བྲན་དུ་འབུལ་བ་ནི། ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བསྟན་དང་འགྲོ་བའི་སླད་དུ་རིགས་ཀྱི་བདག་པོ་དཀྱིལ་འཁོར་བའི་ལྷ་ཚོགས་ལ་འབུལ་ན། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་ཏེ་བདག་བྲན། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་པར་བཟུང་པ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། ལན་གསུམ། ཉེར་གསུམ་པ་བསྔོ་བ་སྨོན་ལམ་གདབ་པ་ནི། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བ་དང་། རང་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པའི་དུས་གསུམ་དགེ་བ་གཅིག་ཏུ་བསྡམ་ནས། མི་གནས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང་། ཟབ་ཆོས་རྣམས་ཀྱི་སྒོ་ནས་རང་གཞན་གྱི་དོན་ནམ་མཁའ་དང་མཉམ་པ་སྒྲུབ་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ནམ་མཁའི་ཁྱོན་ཀུན་གང་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི། བདེན་པའི་ཚིག་དབྱངས་སུ་ལྡིར་བ་དང་ལྷན་ཅིག ཚེ་དབང་ཡེ་ཤེས་ཀྱི་མེ་ཏོག་རྡོ་རྗེའི་དབྱིབས་ཅན་ཆར་དུ་སྙིལ་བ་ལུས་ལ་ཐིམ་པས། ཁྱོད་རྣམས་ཀྱི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་གཡོགས། ཅིང་ཀྱང་གཞོམ་གཞིག་དང་བྲལ་བར་མོས་མཛོད། །ཧོ༔ རབ་འབྱམས་འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ གསོལ་བཏབ་དབང་བླང་བསྙེན་པའི་དགེ་ཚོགས་ཀྱི༔ མཐའ་ཡས་འགྲོ་ཀུན་དུས་མིན་འཆི་ལས་གྲོལ༔ ཚེ་དཔག་མེད་པའི་གོ་འཕང་མངོན་གྱུར་ཤོག༔ ལན་གཅིག

ཉེར་བཞི་པ་བཀྲ་ཤིས་བརྗོད་པ་ནི། ཧོ༔ བཀྲ་ཤིས་ཚེ་ཡི་དཔལ་སྟེར་ཚེ་དཔག་མེད༔ བདེ་ཆེན་ཚེ་ལ་དབང་བསྒྱུར་པདྨ་རྒྱལ༔ འཆི་མེད་རིག་པ་འཛིན་པ་པདྨ་འབྱུང་༔ སྐུ་གསུམ་ཚེ་ལྷས་བཀྲ་ཤིས་ཚེ་གཡང་སྩོལ༔ བདེ་བ་ཆེན་པོ་པདྨ་བཛྲ་རྩལ༔ སྟོབས་ཀྱི་དབང་ཕྱུག་ཚེ་ལྷ་རྟ་མཆོག་དཔལ༔ ཚེ་ཡི་ཕྱག་རྒྱ་ལྷ་ལྕམ་ཡིད་འཛིན་མ༔ རྩ་གསུམ་ཚེ་ལྷས་བཀྲ་ཤིས་ཚེ་གཡང་སྩོལ༔ སེམས་མཆོག་བསྐྱེད་ཚེ་ལ་བར་ཆད་མེད༔ སྒྲུབ་པའི་དུས་སུ་ཚེ་ལྷས་དངོས་གྲུབ་སྩལ༔ མཐར་ཐུག་འཆི་མེད་རྡོ་རྗེའི་སྐུ་མཆོག་བརྙེས༔ དུས་གསུམ་དགེ་བའི་བཀྲ་ཤིས་ཚེ་གཡང་སྩོལ༔ འགྲོ་རྣམས་མཐོང་ཐོས་ཡིད་ལ་སྨོན་ཙམ་གྱིས༔ ཚེ་ལྷའི་བྱིན་རླབས་འབད་མེད་ཆར་བཞིན་སྙིལ༔ ཚེ་ཡི་ཀེགས་སེལ་དགེ་བའི་དཔལ་གྱིས་འཚོ༔ འཁོར་གསུམ་བཀྲ་ཤིས་ཚེ་གཡང་དཔལ་འབར་ཤོག༔ ཛ་ཡ་ཛ་ཡ་བི་ཛ་ཡ༔ ཛ་ཡནྟུ༔

ཚེ་དབང་ཟབ་མོ་འདི་ཐོབ་པས༔ དུས་མིན་འཆི་བའི་འཇིགས་པ་ཞི༔ ཚེ་འདིར་རྡོ་རྗེའི་སྐུ་མཆོག་བརྙེས༔ མཐའ་ཡས་འགྲོ་དོན་ལྷུན་གྲུབ་འགྱུར༔ ཅེས་གསུངས་སོ། །

སྨྲས་པ། པདྨའི་ཐུགས་བསྐྱེད་ཉི་མའི་འོད་ཟེར་གྱིས། །ལྔ་བདོའི་རྒུད་པའི་རྨག་རུམ་མཐར་བྱས་ཏེ། །སྐལ་བཟང་སྙིང་གི་ཆུ་སྐྱེས་ཕྱེས་པ་ལས། །ཟབ་གཏེར་བསུང་ཞིམ་ཟེ་འབྲུའི་རྡུལ་དམར་ངོམ། །བཀའ་དང་ཟབ་གཏེར་མ་དྲོས་མཚོ་ཆེན་ལས། །སྨིན་གྲོལ་འདོད་འབྱུང་ཡིད་བཞིན་ནོར་བུའི་གཟིངས། །ཉམས་མེད་འདྲེན་པའི་ཐུགས་བསྐྱེད་རླུང་ཤུགས་ཅན། །གསང་བདག་དཔའ་བོ་ཚེ་དབང་ནོར་བུ་ཡིན། །ཉེས་པའི་ཡོངས་གང་ཐ་མལ་ལྕགས་ཀྱི་ཁམས། །མན་ངག་རིན་ཆེན་གསེར་འགྱུར་རྩི་མཆོག་གིས། །འཆི་མེད་རྡོ་རྗེའི་སྐུ་རུ་སྒྲུབ་པའི་ཐབས། །ཟབ་གཏེར་རྒྱ་མཚོའི་བཀྲ་ཤིས་མེ་ཏོག་ཡིན། །ལྷག་བསམ་དྲི་མེད་མེ་ལོང་གཙང་མ་ལ། །རྩ་གསུམ་བྱིན་རླབས་སྣང་བརྙན་འབུམ་བཀྲ་བ། །སྐལ་བཟང་ཐར་འདོད་རྣམས་ལ་གཟིགས་མོ་རུ། །ཕུལ་བས་འཆི་མེད་མགོན་པོ་མྱུར་འགྲུབ་ཤོག །

ཅེས་པའང་གཏེར་གཞུང་ལ་མཚམས་སྦྱོར་ཕྲན་བུ་བརྒྱན་ཏེ་ནག་འགྲོས་སུ་བཀོད་པ་པོ་ནི་ཆོས་རྗེ་ཀཿཐོག་པ་རིག་འཛིན་ཆེན་པོའི་མཚན་གྱི་ཅོད་པཎ་ལ་སྐྱབས་སུ་འགྲོ་བའི་རིག་འཛིན་པདྨ་དབང་ཆེན་དགྱེས་པ་རྩལ་ཏེ། རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོ་ས་ཟླའི་ཚེས་བཟང་ལ་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ། །


previousགུ་རུ་པདྨའི་གསོལ་འདེབས་བསམ་པ་ལྷུན་གྲུབ་ལས་ཚེ་དབང་རྡོ་རྗེའི་སྲོག་རྫོང་ཆོག་ཁྲིགས་སུ་བཀོད་པ།next