Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
བསམ་པ་ལྷུན་གྲུབ་མའི་གསང་བ་ལུས་དཀྱིལ་ཉམས་ལེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསམ་པ་ལྷུན་གྲུབ་མའི་གསང་བ་ལུས་དཀྱིལ་ཉམས་ལེན།next

བསམ་པ་ལྷུན་གྲུབ་མའི་གསང་བ་ལུས་དཀྱིལ་ཉམས་ལེན།

༄༅། །བླ་མ་ལ་ཕྱག་འཚལ་ལོ། །བསམ་པ་ལྷུན་གྲུབ་མའི་གསང་བ་ལུས་དཀྱིལ་ཉམས་སུ་ལེན་པ་ལ། ཐོག་མར་ཚིག་བདུན་གསོལ་འདེབས་ཀྱིས་ཐུགས་དམ་བསྐུལ།

སྐྱབས་སེམས་ནི། མཆོག་གསུམ་ཀུན་འདུས་བླ་མར་སྐྱབས་སུ་མཆི༔ འགྲོ་ཀུན་སྲིད་ལས་སྒྲོལ་ཕྱིར་བྱང་སེམས་བསྐྱེད༔ ལན་གསུམ། ཡན་ལག་བདུན་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་དཔག་མེད་འབུལ༔ ཕྱག་འཚལ་ཐོག་མེད་བསགས་པའི་ཉེས་ལྟུང་བཤགས༔ དགེ་ལ་ཡི་རང་མྱ་ངན་མི་འདའ་བར༔ ཆོས་གསུང་བསྐུལ་བའི་དགེ་ཚོགས་འགྲོ་ལ་བསྔོ༔ ལན་གསུམ། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་དྲན་བཞིན་བསམ་པ་ལྷུན་རྒྱས་བསྡུས་གང་རུང་ཅི་ནུས་འདོན། དེ་ནས་ལུས་དཀྱིལ་བསྙེན་པའི་བར་བཏོན་ཞིང་མཉམ་བཞག་ལ་གཅིག་ཏུ་བརྩོན། ཐུན་མཐར་གསོལ་བ་འདེབས་པ་ནི།

ཧྲཱི༔ དུས་གསུམ་གྱི་སངས་རྒྱས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་པ་དང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་བརྗོད་ལ།

སྤྲོ་ན་བསམ་པ་ལྷུན་གྲུབ་རྒྱས་བསྡུས་ཀྱིས་སླར་ཡང་གསོལ་བ་ནན་ཏན་དུ་འདེབས། བླ་མ་ལྷ་དང་རང་སེམས་དབྱེར་མེད་པའི་གཤིས་ལུགས་མ་བཅོས་པར་བསྐྱངས། རང་གཞུང་མཆོད་བསྟོད་མཐར་བསྔོ་བ་བྱ། དུས་ཀུན་དུ་རྟོག་ཚོགས་དག་པ་ཡེ་ཤེས་ཀྱི་འཁོར་ལོར་ལ་བཟླ་ཞིང་ཚོགས་དྲུག་རང་གྲོལ་གྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཅེས་པའང་གསང་བདག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་བཀའ་འབངས་སྟག་བླ་བསྟན་འཛིན་རྡོ་རྗེས་སྦྱར་བས། སྐྱེ་བ་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མས་དགྱེས་བཞིན་རྗེས་སུ་བཟུང་སྟེ་འཕྲིན་ལས་ཀྱི་ཁ་ལོར་བར་འགྱུར་བའི་རྒྱུར་གྱུར་ཅིག །


previousབསམ་པ་ལྷུན་གྲུབ་མའི་གསང་བ་ལུས་དཀྱིལ་ཉམས་ལེན།next